Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ངང་པར་སྐྱེས་པའི་རབས་ཏེ་ཉི་ཤུ་གཉིས་པ།
   
   
   
   
   
   
   
   
   
   
   
   


 
previousངང་པར་སྐྱེས་པའི་རབས་ཏེ་ཉི་ཤུ་གཉིས་པ།next

ངང་པར་སྐྱེས་པའི་རབས་ཏེ་ཉི་ཤུ་གཉིས་པ།

བམ་པོ་བདུན་པ། དམ་པ་རྣམས་དུད་འགྲོར་ལྷུང་བའི་སྤྱོད་པ་ལའང་སྐྱེས་བུ་དམ་པ་མ་ཡིན་པ་རྣམས་ཀྱིས་རྗེས་སུ་མཐུན་པར་བྱ་བ་ཙམ་ཡང་མི་ནུས་སོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ཡིད་བཞིན་གྱི་མཚོ་ཆེན་པོའི་ནང་ན་ངང་པའི་ཁྱུ་ཆེན་པོ་བརྒྱ་སྟོང་ཕྲག་དུ་མ་གྲངས་མང་པོའི་བདག་པོ་ངང་པའི་རྒྱལ་པོ་ཡུལ་འཁོར་བསྲུང་ཞེས་བྱ་བར་གྱུར་ཏོ་ཞེས་གྲག་གོ །དེའི་བློན་པོ་ངང་པའི་སྡེ་དཔོན་རིགས་པ་དང་མི་རིགས་པ་ཡོངས་སུ་ཤེས་པར་བྱ་བ་ལ་མཁས་པ། ཡུན་རིང་པོར་ཡང་དྲན་པའི་མཐུ་དང་ལྡན་པ། རིགས་མཐོན་པོའི་ནང་ནས་གཙོ་བོར་གྱུར་པ། མཁས་པ་དང་། དེས་པ་དང་། དུལ་བས་བརྒྱན་པ། བརྟན་པ་དང་། གཙང་བ་དང་། ཚུལ་ཁྲིམས་དང་། སྤྱོད་ཚུལ་དང་། སྤྱོད་ལམ་ཕུན་སུམ་ཚོགས་པ་དཔལ་ལ་སྡུག་བསྔལ་བཟོད་ཅིང་བག་ཡོད་པ། གཡུལ་ངོར་འགྱེད་པའི་དགྲ་ཐབས་ལ་མཁས་ཤིང་མི་འཇིགས་པ། རྗེ་བོ་ལ་སྙིང་ཉེ་ཞིང་ལེགས་པར་ལྟ་བ། བཞིན་བཟང་ཞེས་བྱ་བ་ཞིག་ཀྱང་ཡོད་པར་གྱུར་ཏེ། དེའི་ཚེ་དེ་ལྟར་གྱུར་པ་དེ་ཡང་གནས་བརྟན་འཕགས་པ་ཀུན་དགའ་བོ་ཡིན་ནོ། །དེ་གཉིས་ཅིག་ལ་ཅིག་བྱམས་ཤིང་མཛའ་བའི་ཡོན་ཏན་གྱི་གཞིས་ཡོན་ཏན་གྱི་མཐུ་རབ་ཏུ་ཆེ་བར་གྱུར་ཏེ། འཇིག་རྟེན་གཉིས་ཀ་ལ་ཕན་པ་འབྱུང་བར་བྱ་བའི་དོན་དུ་ལེགས་པར་འཇོག་པ་ནི། སློབ་དཔོན་དང་སློབ་མའི་གཙོ་བོ་བཞིན། །གཞན་ནི་སློབ་མ་ཕལ་པ་བཞིན། རྣམ་པ་གཅིག་ཏུ་ནི། ཕ་དང་བུ་རབ་ཏུ་ཐུ་བོ་བཞིན། གཞན་ནི་བུ་ཕལ་པ་བཞིན་ནོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་གྲུབ་པ་དང་རིག་སྔགས་འཆང་བ་དཀའ་ཐུབ་ཅན་དེ་མངོན་སུམ་དུ་མཐོང་བ་རྣམས་རབ་ཏུ་ངོ་མཚར་ཆེ་བར་གྱུར་ཏོ། །དེ་གཉིས་ངང་པའི་ཚོགས་རྣམས་འཁོད་བ་དེའི། བདེ་བའི་ལུས་ལྡེག་སྤྱོད་པ་གཅིག་ཏུ་གྱུར། མཁའ་ལ་རྒྱུ་བའི་བྱའི་འདབ་མ་གཉིས་ལུས་ལྡེག་ཕྱིར་ནི་སྤྱོད་པ་གཅིག་པ་བཞིན། དེ་ལྟར་དེ་གཉིས་ཀྱིས་ངང་པའི་ཚོགས་དེ་དག་རྗེས་སུ་བསྐྱངས་བ་ནི། ཆོས་དང་སྲིད་དར་བ་གཉིས་ཀྱིས་མི་རྣམས་རྗེས་སུ་བསྐྱངས་པ་བཞིན་དུ་རབ་ཏུ་དར་བར་གྱུར་ཏོ། །དེས་མཚོ་དེ་ཡང་རབ་ཏུ་མཛེས་པར་གྱུར་ཏོ། །མཚོ་ནང་འདུག་ཅིང་ཚོགས་པ་ཡི། །སྒྲ་སྙན་ཡིད་དུ་འོང་བ་དེ། པདྨ་དཀར་པོ་རྒྱུ་བ་བཞིན། །མཚོ་དེ་རབ་ཏུ་མཛེས་པར་བྱས། །ལ་ལར་ངང་པ་སོ་སོར་གྱེས། །ཁ་ཅིག་ཏུ་ནི་ཕང་ཕུང་ཆས། མཁའ་ལ་སྤྲིན་རྣམས་གྱེས་འཕུངས་པའི། །མཛེས་པའི་དཔལ་ཡང་ཟིལ་གྱིས་ནོན། །དེ་ན་ངང་པའི་བདག་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་དགའ་བ་དེ་དང་། བློན་པོ་ངང་པའི་སྡེ་དཔོན་བཞིན་བཟང་དེའི་ཡོན་ཏན་ཁྱད་པར་ཅན་གྱི་མཐུ་ཆེན་པོས་ཡིད་ལ་ཡ་མཚན་ཆེན་པོར་གྱུར་པའི་གྲུབ་པ་དང་། དྲང་སྲོང་དང་རིག་སྔགས་འཆང་དང་ལྷ་མང་པོ་རྣམས་དེ་གཉིས་ཀྱི་གྲགས་པའི་གཞི་ལས་གྱུར་པའི་གཏམ་འབའ་ཞིག་འཛེར་ཞིང་དེ་དང་དེ་དག་ན་འཁོད་དོ། །གསེར་མཆོག་བཙོ་མའི་ཁ་དོག་འདྲ་བའི་མདོག །དཔལ་ལྡན་ལུས་ཅན་ཚིག་འབྲུ་གསལ་བར་སྨྲ། །དུལ་ཞིང་རིགས་པའི་ཆོས་ཀྱི་ཚུལ་ལ་མཁས། །ངང་པའི་ཚུལ་ཅན་འདི་གཉིས་ངེས་པར་གཞན། །ཕྲག་དོག་མེད་པས་ཡོན་ཏན་བསྒྲགས་པ་དང་། །དེ་གཉིས་གྲགས་པ་ཕྱོགས་སུ་རྒྱས་པར་གྱུར། །རྒྱལ་པོ་རྣམས་ཀྱང་དེ་ལ་དད་པ་སྐྱེས། །དམ་པ་ཚོགས་པས་སྐྱེས་དང་འདྲ་བར་འགྱུར། །དེའི་ཚེ་ཡུལ་བཱ་ར་ཎཱ་སིའི་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཞིག་ཡོད་དེ། དེས་ངང་པའི་རྒྱལ་པོ་དེ་དང་། ངང་པའི་སྡེ་དཔོན་དེའི་ཡོན་ཏན་ཁྱད་པར་ཅན་གྱི་གཏམ་བློན་པོ་ཡིད་ཆེས་པ་དང་བྲམ་ཟེ་རྒན་པོ་རྣམས་ཀྱི་ཚོགས་པའི་ནང་དུ་གླེང་བསླངས་པ་ལན་དུ་མ་ཞིག་ཐོས་ནས། དེ་གཉིས་ལྟ་འདོད་པར་གྱུར་ཏེ། བློན་པོ་བཀའ་ལ་གཏོགས་པ། གཙུག་ལག་དུ་མ་ལ་གོམས་ཤིང་མཁས་པའི་བློ་དང་ལྡན་པ་རྣམས་ལ་སྨྲས་པ། ཀྱེ་ངང་པ་མཆོག་དེ་གཉིས་ཅི་ནས་ཀྱང་ངའི་སྤྱན་སྔར་བྲིམ་དུ་རུང་བའི་ཐབས་བཟང་པོ་འགའ་ཞིག་ཚོལ་ཅིག །དེ་ནས་བློན་པོ་དེ་དག་རང་རང་གི་བློ་ལ་ཅི་དྲན་པ་དང་། གཞུང་ལུགས་དག་དང་ཡང་སྦྱར་ཏེ། རྒྱལ་པོ་ལ་གསོལ་པ། སེམས་ཅན་རྣམས་ནི་བདེ་བ་འཚལ། བདེ་བར་འགྱུར་བའི་ཡོན་ཏན་མཆོག །དེ་དང་དེ་ནས་འགུགས་པར་བགྱིད། །དེ་བས་དེ་ཐོས་དེ་གཉིས་མཆི། དེ་བས་ན་མཚོ་གང་ན་དེ་གཉིས་མངོན་པར་དགའ་བར་གྱུར་པའི་བཀའ་མཆིད་གདའ་བ་དེ་བས་ཀྱང་ཡོན་ཏན་ཁྱད་པར་དུ་འཕགས་ཤིང་བཟང་པོའི་མཚོ་ཞིག །ཡུལ་འདིར་ཡང་དགོན་པའི་ས་ཕྱོགས་ཞིག་ཏུ་བགྱིད་དུ་རྩལ་ལ། གདུགས་རེ་ཞིང་ཡང་བྱ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་སྒྲ་བསྒྲགས་ཤིང་། ཅི་ནས་ཀྱང་ངོ་མཚར་ཆེར་གྱུར་པའི་བདེ་བའི་ཡོ་བྱད་ཀྱི་ཡོན་ཏན་ཁྱད་པར་ཅན་ཐོས་ནས། དེ་གཉིས་འདིར་མཆི་བར་འགྱུར་བ་དེ་ལྟར་བགྱི་བའི་རིགས་སོ། །ལྷ་གཟིགས་སུ་གསོལ། ལྷ་ཅིག་སེམས་ཅན་ཕལ་ཆེར་ནི། བདེ་བ་རྙེད་པ་ཁྱད་དུ་གསོལ། །ཐོས་ན་དགའ་བའི་བདེ་བ་དག །གུང་ན་འདུག་ཀྱང་ཡིད་འཕྲོག་འགྱུར། །དེ་ནས་རྒྱལ་པོ་དེས་བསམས་པ་དེ་བདེན་ནོ་སྙམ་ནས། རིང་པོ་མ་ལོན་པར་གྲོང་ཁྱེར་གྱི་སྐྱེད་མོས་ཚལ་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ། ཡིད་བཞིན་གྱི་མཚོའི་ལོངས་སྤྱོད་ཀྱི་ཡོན་ཏན་ལ་འགྲན་དུ་རུང་བ། མེ་ཏོག་པདྨ་དང་། ཨུཏྤ་ལ་དང་། ཀུ་མུད་དང་། པདྨ་དཀར་པོ་དང་། སོའུ་གན་དྷི་ཀ་དང་། པདྨ་དམར་པོ་དང་། ཀུ་མུ་ད་དམར་པོས་ཁེབས་ཤིང་ཆུ་གཙང་མ་མང་པོས་གང་བ། རབ་ཏུ་ཡིད་དུ་འོང་བའི་མཚོ་ཆེན་པོ་ཞིག་བྱེད་དུ་བཅུག་གོ །ལྗོན་ཤིང་མེ་ཏོག་བཟང་ལྡན་ཞིང་། །ལོ་མ་བཟང་པོ་འོད་གསལ་རྣམས། །དེ་ལ་ལྟད་མོ་ལྟར་ལྷགས་བཞིན། །མཚོ་ཡི་མཐའ་མ་ཡོངས་སུ་བསྐོར། །པདྨ་རྣམས་ནི་དགོད་པ་བཞིན། ཆུ་རླབས་འཁྲུགས་པས་གཡོ་བར་འགྱུར། དེ་ལ་ཆགས་པའི་བུང་བ་རྣམས། །གཡོ་ཞིང་འཕུར་བ་མང་པོས་གང་། །ཁ་ཅིག་ན་ནི་ཟླ་འོད་ཀྱིས། །ཁ་བྱེ་ཀུ་མུ་ད་དག་མཛེས། །ཤིང་གི་གྲིབ་མས་རབ་བཅད་ནས། །ཁ་ཅིག་ཟླ་བའི་དུམ་བུ་འདྲ། །པདྨ་ཨུཏྤལ་ཕྱེ་མ་རྣམས། །རླབས་ཀྱི་སོར་མོས་བྲིས་པ་བཞིན། མཚོ་ཡི་འགྲམ་དག་རབ་ཏུ་བརྒྱན། །ཁ་ཅིག་གསེར་ཕྱེའི་རི་མོ་བཞིན། །པདྨ་ཨུཏྤལ་འདབ་མ་དག །གེ་སར་བཅས་པས་དེ་དང་དེར། །མེ་ཏོག་སིལ་མ་བཀྲམ་པ་བཞིན། །རབ་ཏུ་ཉམས་དགའ་རྣམ་པར་མཛེས། །ཆུ་ནི་རབ་གསལ་མི་གཡོ་བས། །ལུས་ཀྱི་ཡོན་ཏན་གསལ་མཛེས་པའི། །ཉ་ཡི་ཚོགས་ནི་མང་པོ་དག །མཁའ་ལ་རྒྱུ་བ་འདྲ་བས་བརྒྱན། །ལ་ལར་མུ་ཏིག་ཕྲེང་ཆང་བཞིན། །གླང་ཆེན་སྣ་ནས་བུས་པ་དང་། །བྲག་ལ་ཕོག་པའི་ཆུ་འཕྲོག་པའི། རླབས་ཀྱི་ཕྲེང་བ་རབ་ཏུ་འཕྲོ། །རིག་འཛིན་ན་ཆུང་ཁྲུས་བྱས་ཤིང་། །གླང་ཆེན་རྒྱལ་བའི་བསུང་དག་དང་། །མེ་ཏོག་རྣམས་ཀྱི་ཕྱེ་མ་ཡིས། །ཁ་ཅིག་ཏུ་ནི་བསུང་བསྒོས་བཞིན། །ཟླ་བའི་ཆུང་མ་སྐར་མ་རྣམས། །སྤྱི་ཡི་གདོང་ལྟ་མེ་ལོང་བཞིན། །བྱ་རྣམས་དགའ་བ་མང་པོས་གང་། །དེ་ཡི་སྒྲ་སྙན་རབ་ཏུ་གྲག །མཚོ་དེ་ལྟ་བུ་བྱ་མང་པོ་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་དགག་པ་མེད་པ་དེ་ལྟ་བུ་བྱེད་དུ་བཅུག་ནས་དེ་དག་ལ་བྱིན་ཏེ། བྱ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་ཉིན་རེ་ཞིང་ཡང་མི་འཇིགས་པ་སྦྱིན་པའི་སྒྲ་སྒྲོག་ཏུ་བཅུག་གོ །མཚོ་འདི་མེ་ཏོག་པདྨ་དང་། ཨུཏྤལ་འདབ་མས་གང་བའི་ཆུ། །རྒྱ་པོས་བྱ་རྣམས་ཀུན་ལ་བྱིན། །དགའ་ཞིང་མི་འཇིགས་ཡོན་དང་བཅས། དེ་ནས་རེ་ཤིག་ཅིག་སྟོན་གྱི་དུས་ལ་བབ་པའི་ཚེ། སྤྲིན་གྱི་མུན་པ་ཡོལ་བ་ལྟར་སྒྲིབ་པ་ནི་མེད། །སྟོན་གྱི་དུས་ཀྱི་ཡོན་ཏན་བཟང་པོ་ནི་བྱུང་། །ཕྱོགས་ནི་གསལ་བ་ལྟར་སྣང་། མེ་ཏོག་པདྨ་མང་པོ་ཁ་བྱེ་བས་ནི་མཛེས་པར་གྱུར། མཚོའི་ཆུ་རྣམས་ནི་རབ་ཏུ་དྭངས་ཞིང་ཡིད་དུ་འོང་བར་གྱུར། ཟླ་བ་ནི་གཟི་མདངས་ཀྱི་མཆོག་དང་ལྡན་ཞིང་འོད་ཟེར་རབ་ཏུ་འཕེལ་བ་བཞིན་དུ་གྱུར། ས་གཞི་ནི་མེ་ཏོག་རྣམ་པ་མང་པོ་ཕུན་གསུམ་ཚོགས་པས་བརྒྱན་པ་དང་ལྡན་པར་གྱུར། བྱ་ངང་པ་གཞོན་ནུ་མང་པོ་ནི་རྒྱུ་བར་གྱུར་པའི་ཚེ། ཡིན་བཞིན་གྱི་མཚོའི་ནང་ན་ངང་པ་མང་པོ་འཁོད་པ་དེའི་ནང་ནས་ངང་པ་ཤུག་གཉིས་ཤིག་སྟོན་གྱི་དུས་ཉམ་དགའ་བའི་ཚེ། ཡུལ་རྒྱུ་ཞིང་མཐར་གྱིས་དོང་དོང་ལས། རྒྱལ་པོ་དེའི་ཡུལ་དུ་ཕྱིན་ཏོ། དེ་ནའང་བྱ་མང་པོའི་སྒྲ་ནི་འབྱིན། བུང་བ་མང་པོ་ནི་སྒྲ་དི་རི་རི་ཟེར། བསེར་བུ་བསིལ་བ་ལངས་པས། རླབས་ཀྱི་ཕྲེང་བ་འཕྲིགས་པར་བྱས་ཤིང་ཁོ་ར་ཁོར་ཡུག་ཏུ་མེ་ཏོག་པདྨ་དང་ཨུཏྤ་ལའི་དྲི་ཞིམ་པོའི་ངད་ནི་ལྡང་། པདྨ་ཁ་བྱེ་བ་རྣམས་ནི་འབར་བ་བཞིན། མེ་ཏོག་ཀུ་མུ་ད་དཀར་པོ་རྣམས་ནི་དགོད་པ་བཞིན་དུ་འདུག་པའི་མཚོ་དེ་མཐོང་བར་གྱུར་ཏོ། །ངང་པ་ཤུག་གཉིས་པོ་དེ་གཉིས་ཡིད་བཞིན་གྱི་མཚོ་ན་འཁོད་འཁོད་ཀྱང་མཚོ་དེའི་དཔལ་རབ་ཏུ་ཡིད་དུ་འོང་བ་དེ་མཐོང་ནས་ཡ་མཚན་ཆེ་ཞིང་རང་གི་ངང་པའི་ཚོགས་རྣམས་ཀྱང་རྗེས་སུ་དྲན་པར་གྱུར་ཏེ། ཨེ་མའོ་ངང་པའི་ཚོགས་དེ་དག་ཀྱང་འདིར་ལྷགས་ཀྱང་ཅི་མ་རུང་སྙམ་དུ་སེམས་པར་གྱུར་ཏོ། །འཇིག་རྟེན་པ་ནི་ཕལ་ཆེ་རུ་ཕྱི་ཡི་བདེ་བ་མྱོང་ནས་ནི། བྱམས་ཤིང་རྗེས་སུ་ཆགས་པ་ཡིས་མཛའ་བཤེས་ཐོག་མར་དྲན་པར་འགྱུར། དེ་ནས་ངང་པ་ཤུག་གཉིས་པོ་དེ་ན་ཇི་སྲིད་འདོད་པར་འཁོད་འཁོད་ནས། དབྱར་གྱི་དུས་ལ་བབ་པ་དང་། གློག་འགྱུ་བ་ནི་མཚོན་ཆ་འདེབས་པ་འདྲ། སྤྲིན་གྱིས་ཁེབས་པའི་མུན་པ་ནི་ཧ་ཅང་ཡང་མི་གནག །སྤྲིན་གྱི་ཚོགས་མང་པོ་འདུ་བ་ནི། ལྷ་མ་ཡིན་གྱི་དམག་གི་ཚོགས་འདུ་བ་བཞིན། རྨ་བྱའི་མདོང་ཡོངས་སུ་རྒྱས་པ་ནི་མཛེས་པར་གྱུར། རྨ་བྱའི་སྒྲ་ཅོང་ཅོང་བུ་འབྱིན་པ་ནི་དབྱར་གྱི་སྤྲིན་རྣམས་རྒྱལ་བར་གྱུར་པ་བཞིན་དུ་མགུ་བར་བྱེད། རྨ་བྱ་མང་པོ་ནི་གར་སྣ་ཚོགས་བྱེད། བྱ་ཕྲན་མང་པོ་ནི་སྒྲ་སྣ་ཚོགས་འབྱིན་ཅིང་རྣམ་པར་རྒྱུ། མེ་ཏོག་ཀ་དམ་བ་དང་སརྫ་དང་། ཨརྫུ་ན་དང་། ཀེ་ཏ་ཀའི་དྲི་ཞིམ་པོས་བགོས་པའི་བསེར་བུ་བསིལ་བའི་ངད་ལྡང་བ་ནི། ནགས་ཚལ་དབུགས་འབྱིན་པ་བཞིན། བྱ་དཀར་མོའི་ཕྲེང་བ་རྒྱུ་བ་ནི། །སྤྲིན་གྱི་སོའི་ཕྲེང་བ་གཏམས་པ་བཞིན། ངང་པའི་ཚོགས་རྣམས་གུང་དུ་འདོང་འདོང་པས་སྒྲ་ཆེར་འབྱིན་ཅིང་། །འགྲོ་ཆས་བྱེད་པ་བཞིན་དུ་ངང་པ་ཤུགས་གཉིས་པོ་དེ་ཡང་ཡིད་བཞིན་གྱི་མཚོ་དེ་ཉིད་དུ་སླར་དོང་ངོ་། །ངང་པའི་བདག་པོའི་དྲུང་དུ་ལྷགས་ནས་ཀྱང་ཡུལ་དང་ཕྱོགས་རྣམས་ཀྱི་གཏམ་གླེང་བསླང་བའི་ཚེ། མཚོ་དེའི་ཡོན་ཏན་ཁྱད་པར་ཅན་དེ་གླེངས་སོ། །ལྷ་གངས་རིའི་ལྷོ་ཕྱོགས་ན་ཡུལ་བཱ་ར་ཎཱ་སི་ཞེས་བགྱི་བ་ན། རྒྱལ་པོ་ཚངས་སྦྱིན་ཞེས་བགྱི་བ་ཞིག་མཆིས་ཏེ། དེས་མཚོ་ཆེན་པོ་རྨད་དུ་བྱུང་བ་བཟང་བ། ཡོན་ཏན་ཆེ་བ་བརྗོད་ཀྱིས་མི་ལང་བ་ཞིག་བྱ་རྣམས་ལ་རང་དགར་སྤྱོད་ཅིང་བདེ་བའི་ལོངས་སྤྱོད་དུ་བསྩལ་ཏེ། ཉིན་རེ་ཞིང་ཡང་མི་འཇིགས་པ་སྦྱིན་པའི་སྒྲ་ཡང་སྒྲོགས། བྱ་རྣམས་ཀྱང་དེ་ན་རང་གི་ཁྱིམ་ན་མཆིས་པ་བཞིན་དུ། འཇིགས་ཤིང་བག་ཚ་བ་མ་མཆིས་པར་སྤྱོད་ཅིང་མཆིས་སོ། །དེ་བས་ན་ལྷ་ཡང་དགུང་ལོ་སླད་མ་ལ་དེར་གཤེགས་བའི་རིགས་སོ། །དེ་སྐད་ཅེས་ཟེར་བ་ཐོས་ནས། ངང་པ་དེ་དག་ཐམས་ཅད་ཀྱང་དེ་ལྟ་བར་འདོད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ངང་པའི་སྡེ་དཔོན་བཞིན་བཟང་ལ། གྲོས་འདི་པའི་ཚིག་དང་ཡི་གེ་གསལ་བར་རྒྱ་ཆེར་བསྟན་ནས། ཇི་ལྟར་བྱ་བའི་རིགས་ཞེས་སྨྲས་སོ། །དེ་ནས་བཞིན་བཟང་གིས་དེ་ལ་ཕྱག་འཚལ་ནས་སྨྲས་པ། ལྷ་དེར་གཤེགས་པ་མི་རིགས་སོ། །དེ་ཅིའི་སླད་དུ་ཞེ་ན། འོ་སྐོལ་གྱི་ལུས་འདི་ནི་ཤ་བཟར་རུང་སྟེ ཆགས་པའི་གནས་ལགས་ཤིང་ཡིད་དུ་འོང་བ་ཤ་སྟག་ལགས་ལ། བདག་ཅག་འདི་ན་ཅིས་ཀྱང་ཕོངས་པ་མ་མཆིས་སོ། །མི་རྣམས་ཀྱི་སྙིང་ཡང་ཚིག་འཇམ་པོ་བཅོས་མ་ཕྱིར་བཞག་ཅན་དུ་སྨྲ་ལ །གནོད་པར་སེམས་པའི་རང་བཞིན་ངན་པ་ནི་མི་མངོན་པར་བགྱིད་ཅིང་ཕལ་ཆེར་སྙིང་རྗེ་ཆུང་ལ་གཡོ་ངན་ལགས་སོ། །རྗེ་ཅིག་གཟིགས་སུ་གསོལ། །ཕལ་ཆེར་བྱ་དང་རི་དྭགས་རྣམས། །སྨྲ་དང་སེམས་པ་མཐུན་པར་བགྱིད། །མི་ཡི་ནང་ན་ཁ་ཅིག་ནི། དེ་ལས་བཟློག་བའི་ཚུལ་ལ་མཁས། །འཇམ་ཞིག་སྙན་པར་ཚིག་སྨྲ་ཡང་། དོན་དང་མཐུན་པ་མ་མཆིས་སོ། །ཚོང་པ་རྣམས་ཀྱང་ཁེ་འཚོལ་ཕྱིར། །བདག་གི་ནོར་ཡང་འགོད་པར་བགྱིད། །སྐྱོན་དང་བཅས་ཤིང་མི་རིགས་པ། །དགོས་པ་མཆིས་ཀྱང་མི་སྨྲ་སྟེ། །དེ་བས་ལྷ་ཅིག་དེ་ཙམ་གྱིས། །ཐུགས་ཆེས་མཛད་པ་མི་རིགས་སོ། །གལ་ཏེ་དེར་མི་གཤེགས་སུ་མི་རུང་ནའང་དེར་གཤེགས་ལ་མཚོ་དེའི་ལོངས་སྤྱོད་བལྟས་ལ་སླར་མྱུར་དུ་གཤེགས་པར་རིགས་ཀྱིས། དེ་ན་ཡུན་རིང་དུ་བཞུགས་པའང་མི་རིགས་ལ། གཏན་དུ་བཞུགས་པར་ཡང་དགོངས་པར་མི་རིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྟོན་གྱི་དུས་ལ་བབ་ཅིང་ཟླ་བ་དང་སྐར་མ། རྒྱུ་སྐར་དྲི་མ་མེད་པས་བརྒྱན་པའི་ཚེ་ངང་པའི་ཚོགས་མང་པོ་ཡུལ་བཱ་ར་ཎཱ་སིའི་མཚོ་ལྟ་བར་འདོད་པའི་རྣམས་ཀྱིས་དེར་འདོང་བའི་ཕྱིར་ཡང་དང་ཡང་དུ་གསོལ་བ་བཏབ་པ་དང་། ངང་པ་དེ་དག་གིས་ངོ་བཟློག་མ་ཕོད་ནས། བཞིན་བཟང་ལ་སོགས་པའི་ངང་པ་མང་པོས་ཡོངས་སུ་བསྐོར་ཏེ། ཟླ་བ་སྟོན་གྱི་དུས་སྤྲིན་གྱིས་བསྐོར་བ་བཞིན་དུ་དེར་སོང་ངོ་། །མཚོ་ཆེན་དེའི་ཉམས་དགའ་དཔལ་མཐོང་ནས། ཡིད་དུ་འོང་དགུ་བཀོད་པ་སྣ་ཚོགས་རྣམས། རབ་ཏུ་དགའ་བར་སེམས་དཔའ་དེ་རྣམས་ཀྱི། །གནས་སུ་རུང་བར་ཡོན་ཏན་མཚུངས་གྱུར་ནས། །མཚོ་དེ་གནས་སྐབས་དེ་དང་དེ་དག་གིས། །ཡིད་བཞིན་མཚོ་བས་གང་དག་ལྷག་གྱུར་པ། དེ་ཕྱིར་དེ་ན་རིང་དུ་གནས་པར་སེམས། ཡིད་བཞིན་མཚོ་ལ་དེ་དག་མི་སེམས་སོ། །དེ་དག་གང་གིས་མི་འཇིགས་པ་སྦྱིན་པའི་སྒྲ་དེ་ཡང་ཐོས་ལ། དེ་ན་བྱ་མང་པོ་རྣམས་ཀྱང་བདེ་བར་འཁོད། མཚོ་དེའི་ལོངས་སྤྱོད་ཀྱིས་སེམས་རབ་ཏུ་དགའ་ཞིང་དེ་ན་སྐྱེད་མོས་ཚལ་དུ་རྩེར་དོང་དོང་བ་བཞིན་དུ་ལོངས་སྤྱོད་རྗེས་སུ་མྱོང་ཞིང་རབ་ཏུ་དགའ་བར་གྱུར་ཏོ། །དེ་ནས་མཚོ་དེ་བསྲུང་བར་བསྐོས་པའི་མི་རྣམས་ཀྱིས་ཀྱང་། ངང་པ་དེ་དག་དེར་ལྷགས་པ་རྒྱལ་པོ་ལ་གདས་པར་གསོལ་བ། ལྷ་སྔོན་ངང་པ་མཆོག་གཉིས་ཤིག་ཡོན་ཏན་དང་གཟུགས་བཀའ་མཆིད་དུ་གདའ་བ། དེ་ཁོ་ན་འདྲ་བའི་ངང་པ་མཆོག་གཉིས་ཤིག་འདབ་མ་གསེར་གྱི་འདབ་མ་ལྟར་མཛེས། གདོང་དང་རྐང་བ་གཉིས་ནི་གསེར་བཙོ་མ་བས་ཀྱང་ལྷག་པར་མདོག་བཟང་ཞིང་མཛེས། ལུས་ཀྱི་ཚད་ནི་ལྷག་པར་ཆེ་ཞིང་ལེགས་པ་དག་ཅིག་ངང་པའི་གཡོག་འཁོར་བརྒྱ་ཕྲག་དུ་མས་བསྐོར་ཏེ། ལྷའི་མཚོ་བརྒྱན་པའི་ཕྱིར་མཆིས་པ་བཞིན་དུ་འདིར་མཆིས་སོ་ཞེས་གསོལ་ཏོ། དེ་ནས་རྒྱལ་པོ་དེས་བྱ་གཤོར་བའི་མི་བྱ་གཤོར་བའི་ལས་ལ་མཁས་པར་གྲགས་ཤིང་གྲུབ་པ་ཞིག་བཙལ་ནས། བྱ་དེ་གཟུང་བའི་ཕྱིར་རིམ་གྲོ་བསྐྱེད་དེ་བཀའ་སྩལ་ཏོ། དེས་ཀྱང་དེ་བཞིན་དུ་བགྱིའོ་ཞེས་རྒྱལ་པོའི་བཀའ་མཉན་ནས། ངང་པ་དེ་གཉིས་གྱི་གནས་དང་སྤྱོད་ཡུལ་ལེགས་པར་བརྟགས་ཏེ། དེ་དང་དེ་དག་ཏུ་རྙི་དམ་པོ་རྣམས་མི་མངོན་པར་བྱས་ཏེ་བཙུགས་སོ། །དེ་ནས་ངང་པ་དེ་དག་ཡིད་བརྟན་ཞིང་མི་རུང་དུ་དོགས་པ་མེད་པས་རབ་ཏུ་དགའ་ནས་ཡིད་གཡེངས་བཞིན་དུ་རྒྱུ་ཞིང་འཁོད་འཁོད་པ་ལས། ངང་པའི་བདག་པོའི་རྐང་པ་གཉིས་རྙིས་ཟིན་པར་གྱུར་ཏོ། །བྲིད་པའི་ཐབས་ནི་མཁས་པ་ཡིས། །ཉེས་སུ་དོགས་པ་མེད་པ་རྣམས། །བག་ཕབ་པ་ནི་ལོག་པར་གྱུར། །བག་མེད་བརླག་པའི་འབྱུང་ཁུངས་ཡིན། དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། །གཞན་དག་ལས་ཀྱང་ཁ་ཅིག་འདི་ལྟ་བུའི་ཉམ་ཉེས་པར་གྱུར་ན་མི་རུང་ངོ་སྙམ་ནས། སྒྲ་འབྱིན་པའི་བྱེ་བྲག་གིས། མཚོ་འདི་འཇིགས་པ་དང་བཅས་པ་ཡིན་ནོ་ཞེས་བསྒྲགས་སོ། །དེ་ནས་ངང་པ་དེ་དང་ངང་པའི་བདག་པོ་རྙིས་ཟིན་པས་སྙིང་སྔངས་ནས་འཇིགས་ཤིང་སྐྲག་ལ། བརྟབས་པའི་སྐད་མི་སྙན་པ་ཕྱུང་སྟེ། ཅིག་ལ་ཅིག་མི་ལྟ་བར། དམག་མི་གཡུལ་ངོར་ཕམ་པ་བཞིན་དུ་ཕྱོགས་ཕྱོགས་སུ་འཕུར་ནས་བྱེར་རོ། །ངང་པའི་སྡེ་དཔོན་བཞིན་བཟངས་ནི་ངང་པའི་བདག་པོའི་དྲུང་ནས་མ་གཡོས་སོ། །བྱམས་པའི་བཅིང་པས་ཡིད་ནི་བཅིངས་པ་རྣམས། །རང་གི་སྲོག་དང་བྲལ་བར་མི་སེམས་སོ། །མཛའ་བཤེས་ཉམ་ཉེས་གྱུར་པའི་མྱ་ངན་ནི། །སྲོག་དང་བྲལ་བ་བས་ཀྱང་སྡུག་བསྔལ་ཆེ། དེ་ནས་བྱང་ཆུབ་སེམས་དཔས་བཞིན་བཟང་ལ་སྨྲས་པ། སོང་ཞིག་སོང་ཞིག་བཞིན་བཟང་ཁྱོད། །འདི་ན་འདུག་པ་མི་རིགས་སོ། །ང་ནི་འདི་ལྟར་གྱུར་པ་ལས། །ཁྱོད་ཀྱིས་གྲོགས་བྱར་ག་ལ་ཡོད། །བཞིན་བཟང་གིས་སྨྲས་པ། འདི་ན་མཆིས་པ་འགུམ་པར་ངེས་མ་མཆིས། གུད་དུ་མཆིས་ཀྱང་རྒ་ཤི་མེད་མི་འགྱུར། །བདེ་བའི་ཚེ་ན་རྟག་ཏུ་ཁྱོད་བཀུར་ལ། །ཉམ་ཉེས་ཚེ་ན་འདོར་དུ་ག་ལ་རུང་། །བདག་གི་སྲོག་བཟུང་ཙམ་གྱི་ཕྱིར། །བྱ་ལི་རྒྱལ་པོ་ཁྱོད་བོར་ན། །གཏམ་ངན་ཆར་བཞིན་འབབ་པ་ཡི། །སྐྱབས་ནི་བདག་ལ་ཅི་ཞིག་མཆིས། །རྒྱལ་པོ་ཆེན་པོ་ཉམ་ཉེས་པ། །བོར་ཏེ་མཆིས་ན་ཆོས་མཆིས་སམ། །བྱ་རྒྱལ་ཁྱོད་ནི་ཅིར་གྱུར་བ། །དེ་ལྟར་བདག་ཉིད་གྱུར་ཀྱང་རུང་། །བྱང་ཆུབ་སེམས་དཔས་སྨྲས་པ། །རྙིས་ནི་ཟིན་པར་གྱུར་པ་ལྟ། ཚང་མང་མིན་པ་གང་དུ་འགྲོ། །ཁྱོད་ནི་མ་ཟིན་བདེ་བར་གནས། །ཅི་ཕྱིར་དེ་ལྟར་འགྱུར་བར་འདོད། །དེ་ལྟར་བྱས་ན་ཅིར་འགྱུར་ལྟོས། །གཉིས་ཀ་སྲོག་དང་བྲལ་གྱུར་ན། །གཉེན་བཤེས་ཕྱིན་ན་འཁོད་པ་དང་། །ཁྱོད་དང་ང་ལ་ཅི་ཞིག་ཕན། བདེ་དང་མི་བདེ་མུན་ཁུང་བཞིན། །ཕན་པའི་དོན་ནི་མི་མངོན་པ། །དེ་ལྟར་བུ་ལ་སྲོག་བོར་ན། །ཁྱོད་ཀྱི་དོན་ནི་ཅི་ཞིག་བསྟན། །བཞིན་བཟང་གིས་སྨྲས་པ། །འདབ་ཆགས་རྣམས་ཀྱི་གཙོ་བོ་ཁྱོད། ཆོས་ཀྱི་དོན་ཡང་མི་སེམས་སམ། །ཆོས་དོན་ལེགས་པར་བགྱིས་ན་ནི། །སྲིད་ཀྱི་དོན་མཆོག་ཐོབ་པར་འགྱུར། །བདག་ནི་ཆོས་ཀྱི་དོན་ལ་ལྟས། །ཆོས་ལས་སྲིད་ཀྱང་ཐོབ་པར་འགྱུར། །ཁྱོད་ལ་གློ་བ་ཉེ་བའི་ཕྱིར། །བདག་ནི་གསོན་པར་མི་འཚལ་ལོ། །བྱང་ཆུབ་སེམས་དཔས་སྨྲས་པ། མཛའ་བོ་ཉམ་ཉེས་གྱུར་པ་ལ། །གྲོགས་པོ་གང་དག་ཆོས་དྲན་ཞིང་། །སྲོག་གི་ཕྱིར་ཡང་མི་གཏོང་པ། །དམ་པ་རྣམས་ཀྱི་ཆོས་ཡིན་བདེན། །དེ་བས་ཁྱོད་ཀྱིས་ཆོས་བཞིན་བྱས། །ང་ལ་གུས་པའང་བསྟན་ཟིན་གྱིས། །ངས་ནི་གསོལ་བ་བཏབ་པ་བཞིན། །ང་བདག་འདོད་པ་བཞིན་དུ་སོང་། །དེ་ལྟར་བྱས་ན་རུང་བ་ནི། མཛའ་བཤེས་ང་དང་བྲལ་བ་རྣམས། །བློ་གྲོས་ཕུན་སུམ་ཚོགས་པ་ཁྱེད། །སོང་ན་འབྱོར་པ་མཆོག་ཏུ་འགྱུར། །དེ་ལྟར་དེ་གཉིས་ཅིག་ལ་ཅིག་བྱམས་པའི་ཡོན་ཏན་སྨྲས་པ་ལས། འཆི་བདག་མངོན་དུ་འོངས་པ་བཞིན། །རྔོན་པ་དེ་ཡང་འོངས་པ་མཐོང་། །དེ་ནས་ངང་པའི་མཆོག་དེ་གཉིས་ཀྱིས་རྔོན་པ་དེ་འོངས་བ་མཐོང་བ་དང་ཅང་མི་སྨྲ་བར་འཁོད་དེ། དེས་ཀྱང་ངང་པ་མང་པོ་དེ་དག་བྱེར་ཏེ་མེད་པར་གྱུར་པ་མཐོང་ནས། འདིར་འགའ་ཞིག་ནི་རྙིས་ཟིན་ཡང་དག་གོ་སྙམ་ནས་བློ་ལ་ངེས་པ་བསྐྱེད་དེ་རྙི་བཙུགས་པའི་གནས་རྣམས་སུ་ཉུལ་དུ་སོང་བ་དང་། ངང་པའི་མཆོག་དེ་གཉིས་མཐོང་ངོ་། །དེ་དེའི་གཟུགས་བཟང་པོ་དེས་ཡིད་ལ་ཡ་མཚན་ཆེར་གྱུར་ཏེ། གཉིས་ཀ་རྙིས་ཟིན་ཏོ་སྙམ་ནས། དེར་བཙུགས་པའི་རྙི་གཉིས་སྦུལ་བ་དང་། དེ་ནས་གཅིག་ནི་རྙིས་ཟིན་གཅིག་ནི་རྙིས་མ་ཟིན་བར་བདེ་བར་འདུག་བཞིན་དུ་རིམ་གྲོ་བྱེད་ཅིང་འདུག་པ་མཐོང་ནས། སྙིང་ལ་ཡ་མཚན་ཆེ་བར་གྱུར་ཏེ། བཞིན་བཟང་ལ་ཆེད་དུ་སྨྲས་པ། བྱ་འདི་རྙི་ཡིས་ཟིན་པས་ན། །འཕུར་ཏེ་འགྲོ་བའི་མཐུ་རྩལ་མེད། །ང་ཡང་དྲུང་དུ་འོངས་བཞིན་དུ། །མཁའ་ལ་འཕུར་ཏེ་མི་འགྲོ་འམ། ཁྱོད་ནི་མ་ཟིན་བདེ་བར་འདུག །འདབ་གཤོག་རྫོགས་ཤིང་མཐུ་དང་ལྡན། །ང་ནི་འདི་ལྟར་འོངས་གྱུར་ཀྱང་། །ཅིའི་ཕྱིར་མཁའ་ལ་མྱུར་མི་འགྲོ། །བཞིན་བཟང་གིས་དེ་སྐད་ཟེར་བ་ཐོས་ནས། །ཚིག་འབྲུ་རབ་ཏུ་གསལ་ཞིང་སྤེལ་ལེགས་ལ་རང་བཞིན་གྱིས་ཡིད་དུ་འོང་ཞིང་བརྟན་པའི་ཡོན་ཏན་གྱིས་གཟི་བྱིན་དང་ལྡན་པའི་སྒྲ་ཕྱུང་སྟེ། མིའི་སྐད་དུ་སྨྲས་པ། ནུས་བཞིན་དུ་ནི་མི་འགྲོ་བ། །བྱ་འདི་རྙི་ཡིས་ཟིན་གྱུར་ན། །སྡུག་བསྔལ་ཆེན་པོ་མྱོང་བ་འགྱུར། །དེ་ཕྱིར་ང་ནི་མི་འགྲོའོ། །ཁྱོད་ཀྱིས་འདི་ཡི་རྐང་པ་གཉིས། །རྙི་ཡི་ཞགས་པ་ཆེན་པོས་བཟུང་། བདག་ཀྱང་འདི་ཡི་ཡོན་ཏན་གྱི། །རྙིས་ནི་དེ་བས་དམ་དུ་ཟིན། །དེ་ནས་རྔོན་བ་དེ་རབ་ཏུ་ཡ་མཚན་ཆེར་གྱུར་ཏེ། །བ་སྤུ་ཟིང་ཞེས་བྱེད་པར་གྱུར་ནས་བཞིན་བཟང་ལ་ཡང་སྨྲས་པ། ང་ཡིས་འཇིགས་ནས་ངང་པ་གཞན། །འདི་བོར་ནས་ནི་གུད་དུ་སོང་། །ཁྱོད་ནི་འདི་ལྟར་འདི་མི་གཏོང་། །བྱ་འདི་ཁྱོད་ཀྱི་ཅིར་འོང་གེ །བཞིན་བཟང་གིས་སྨྲས་པ། །ངང་པའི་རྒྱལ་པོ་སྲོག་དང་འདྲ་བའི་གྲོགས། །བདེ་བ་སྦྱིན་པ་དེ་ན་ཉམ་ཉེས་གྱུར། །དེ་བས་བདག་ནི་སྲོག་ནི་ཡལ་གྱུར་ཀྱང་། འདི་ནི་ང་ཡིས་གཏོང་བར་མི་ནུས་སོ། །དེ་ནས་བཞིན་གཟང་གིས་རྔོན་པ་དེ་ཡིད་མགུ་ཞིང་ཡ་མཚན་ཆེར་བྱེད་པར་ཤེས་ནས་སྨྲས་པ། བཟང་པོ་བདག་ཅག་སྨྲས་པ་འདིས། །གལ་ཏེ་བདེ་བ་འབྱུང་འགྱུར་ཞིང་། །དེ་རིང་བདག་ཅག་བཏང་ན་ནི། །ཆོས་དང་ལྡན་པའི་གྲགས་པ་འཐོབ། །རྔོན་པས་སྨྲས་པ། ང་ནི་ཁྱོད་ལ་གནོད་མི་བྱེད། ཁྱོད་ནི་ང་ཡིས་བཟུང་བའང་མེད། །དེ་བས་ཁྱོད་ནི་ཅི་བདེར་སོང་། །གཉེན་དང་ཕྲད་ཅིང་དགའ་བར་གྱིས། །བཞིན་བཟང་གིས་སྨྲས་པ། བདག་གི་སྡུག་བསྔལ་མི་བཞེད་ན། །བདག་གིས་གསོལ་བ་བཞིན་དུ་མཛོད། །གལ་ཏེ་གཅིག་གིས་མཉེས་གྱུར་ན། །འདི་ནི་ཐོང་ལ་བདག་ཟུང་ལ། །བདག་ཅག་མཆུ་དང་ཞེང་ཡང་མཉམ། །ན་ཚོད་ལ་ཡང་རྒན་གཞོན་མེད། འདི་ལྟར་བསླུས་པར་གྱུར་པ་ལ། ཁྱོད་དང་བདག་གཉིས་ཕམ་རྒྱལ་མེད། །བདག་ལ་ཐུགས་ཆེས་མི་འགྱུར་ན། །ཁྱོད་ཀྱིས་བདག་ནི་སྔར་བཟུང་ལ། །བྱ་ཡི་རྒྱལ་པོ་ཕྱི་ནང་ཐོང་། ཁྱོད་ཀྱི་རྙེད་པའང་དེ་བཞིན་ལ། བདག་གིས་གསོལ་བའང་གནང་བར་མཛོད། །ངང་པ་མང་པོ་དགའ་བར་གྱིས། དེ་བས་མཛའ་བའང་དེ་བཞིན་འགྱུར། ཁྱོད་ཀྱིས་བཏང་ན་ཅི་ལྟར་འགྱུར་བ་གཟིགས། །ངང་པ་མང་པོ་གྲགས་པའི་བདག་པོ་དེ། །ནམ་མཁའ་དངས་པའི་ནང་ན་རྣམ་མཛེས་པ། །ལྷ་མིན་རྒྱལ་པོས་ཟླ་བ་བཏང་བ་བཞིན། །དེ་ནས་རྔོན་པ་དེ་སྙིང་སྲ་ཞིང་རྩུབ་པ་ལ་གོམས་ཀྱང་། དེ་རང་གི་སྲོག་ལའང་མི་ལྟ་བར་རྗེ་བོ་ལ་སྙིང་ཉེ་ཞིང་བྱམས་པ་དང་ཆུ་གང་དང་ཁྲེལ་ལྟས་ཆེ་བའི་ཡོན་ཏན་གྱི་གཟི་བྱིན་དང་ལྡན་པ་དང་བརྟན་ཞིང་འཇམ་པོར་སྨྲ་བའི་རྒྱན་གྱིས་བརྒྱན་པའི་ཚིག་དེས། །སེམས་དུལ་བར་གྱུར་ནས་ངོ་མཚར་ཆེ་ཞིང་རབ་ཏུ་གུས་པའི་དབང་གིས་ཐལ་མོ་སྦྱར་ཏེ་བཞིན་བཟང་ལ་སྨྲས་པ། སྐལ་བ་ཆེན་པོ་ལེགས་སོ་ལེགས། རྗེ་ཡི་དོན་དུ་སྲོག་བཏང་བ། ཁྱོད་ཀྱིས་འདིར་ནི་གོང་བསྟན་པ། དེ་ལྟ་བུ་ཡི་ཆོས་བཟང་བ། ལྷའམ་མི་ཡི་ནང་ན་དཀོན། །དེ་བས་ཁྱོད་ཀྱི་རྒྱལ་པོ་དེ། །མགུ་བར་བྱས་ནས་བཏང་བར་བྱའོ། །ཁྱོད་ཀྱི་སྲོག་པས་ཕངས་དེ་ལ། གནོད་པར་བྱེད་པ་སུ་ཞིག་ཡོད། །དེ་སྐད་ཅེས་སྨྲས་ནས། །རྔོན་པ་དེས་རྒྱལ་པོ་དེའི་བཀའ་མཉན་པར་ངང་པའི་རྒྱལ་པོ་སྙིང་རྗེ་ཅན་དེ་ལ་རིམ་གྲོ་བྱས་ཏེ་རྙི་བཀྲོལ་ཏེ་བཏང་ངོ་། །དེ་ནས་ངང་པའི་སྡེ་དཔོན་བཞིན་བཟང་དེ་ངང་པའི་རྒྱལ་པོ་དེ་བཏང་བས་སྙིང་རབ་ཏུ་དགའ་བར་གྱུར་ཏེ། རྔོན་པ་ལ་དགའ་ཞིང་། བྱམས་པའི་ལྟ་བས་བལྟས་ནས་སྨྲས་པ། ངང་པའི་རྒྱལ་པོ་ཁྱོད་ཀྱིས་དེ་བཏང་པས། །བདག་ནི་མཛའ་བོས་ཇི་ལྟར་དགའ་འགྱུར་བར། །བཟང་པོ་ཁྱོད་ཀྱི་གཉེན་དང་ལྷན་ཅིག་ཏུ། །སྟོན་བརྒྱ་མང་པོ་ངག་ཏུ་དགའ་བར་ཤོག །ཁྱོད་ཀྱི་ལས་བྱས་དོན་མེད་མི་འགྱུར་ཕྱིར། །ང་དང་ངང་པ་མང་པོའི་བདག་པོ་གཉིས། །བདེ་བར་བཟུང་ལ་ཁུར་གྱི་ངོར་སྤོས་ཏེ། །ཕོ་བྲང་ནང་དུ་རྒྱལ་པོའི་སྤྱན་སྔར་བྲིམས། །ངང་པའི་རྒྱལ་པོ་གཡོག་དང་བཅས་གཟིགས་ན། །རྒྱལ་པོ་དེ་ནི་ངེས་པར་དགྱེས་པར་འགྱུར། །ཁྱོད་ལ་མགུ་བར་གྱུར་པའི་ནོར་ཆེན་རྣམས། །རེ་ཡང་མི་རེ་བ་དག་སྩོལ་བར་འགྱུར། །དེ་ནས་དེས་དེ་ལྟར་གལ་གྱིས་བཅུས་པ་དང་། རྔོན་པ་དེས་བསམས་པ། འདི་ལྟ་བུའི་ངང་པ་ངོ་མཚར་རྨད་དུ་བྱུང་བ་འདི་གཉིས། རེ་ཤིག་རྒྱལ་པོའི་སྤྱན་སྔར་བྲིམ་མོ་སྙམ་ནས། །ངང་པའི་མཆོག་དེ་གཉིས་ཁུར་གྱི་ངོར་སྔོས་ཏེ། བདེ་ཞིང་མ་བཅིངས་བ་ཁྱེར་ཏེ་སོང་སོང་ནས་རྒྱལ་པོའི་སྤྱན་སྔར་བྲིམས་སོ། །བདག་གིས་ངང་པའི་རྒྱལ་པོ་འདི། །སྡེ་དཔོན་དང་བཅས་འཚལ་ཏེ་མཆིས། །རྨད་དུ་བྱུང་བའི་སྤྱན་གཟིགས་འདི། །རྒྱལ་པོས་སྤྱན་སྔར་བྲིམ་དུ་གསོལ། །དེ་ནས་རྒྱལ་པོ་དེ་ཡ་མཚན་ཆེ་ཞིང་སྙིང་རབ་ཏུ་དགའ་བར་གྱུར་ནས། ངང་པའི་མཆོག་གསེར་གྱི་ཕ་བོང་ལྟར་གཟི་མདངས་དང་ལྡན་པའི་གཟུགས་ཡིད་དུ་འོང་བ། །དེ་གཉིས་ལ་བལྟས་ནས་རྔོན་པ་དེ་ལ་སྨྲས་སོ། །བྱ་འདི་གཉིས་ནི་མ་བཅིངས་ལ། །སྣད་ཅིང་རྨས་པའང་ཡང་མེད་པར། །ཁྱོད་ནི་ས་ལ་འགྲོ་བ་ཡི། །ཇི་ལྟར་ཟིན་པ་ཞིབ་ཏུ་སྨྲོས། །དེ་སྐད་ཅེས་སྨྲས་པ་དང་། རྔོན་པ་དེས་རྒྱལ་པོ་ལ་ཕྱག་བྱས་ནས་སྨྲས་པ། །མཚོ་དང་ལུ་མའི་འགྲམ་དག་ན། །བྱ་རྣམས་རྒྱུ་བའི་ས་ཕྱོགས་སུ། །བྱ་རྙི་རབ་ཏུ་མི་བཟང་པ། བདག་གིས་ཤིན་དུ་མང་པོ་བཙུགས། །དེ་ནས་ངང་པའི་མཆོག་འདི་ནི། བག་ཕབ་དོགས་པ་མེད་བར་རྒྱུ། །རྙི་རྣམས་བཙུགས་པ་དེ་དག་གིས། །རྐང་པ་གཉིས་ནི་ཟིན་པར་གྱུར། །གཅིག་ནི་མ་ཟིན་དེ་ལ་འཁོར། །བདག་ལ་དེ་ཡིས་གསོལ་བ་བཏབ། །ངང་པའི་རྒྱལ་པོའི་སྲོག་གླུད་དུ། །བདག་ཉིད་མཆིད་ཀྱིས་འཚོལ་བར་འགྱུར། །མི་ཡི་སྐད་དུ་ཚིག་སྨྲས་པ། རྣམ་པར་གསལ་ལ་ཚིག་འབྲུ་འཇམ། །བདག་གི་སྲོག་ཀྱང་ཡོངས་བཏང་ཞིང་། །གསོལ་བ་འདེབས་ཀྱང་གཟི་བྱིན་ཆེ། །དེ་བས་འདི་ཚིག་རབ་ཏུ་འཇམ་པ་དང་། རྗེ་ལ་སྙིང་ཉེ་སྤྱོད་ཚུལ་བསྟན་པ་དེས། །བདག་ནི་མགུ་བར་གྱུར་ནས་འདི་ཡི་རྗེ། །བདག་གིས་ཁྲོ་བ་བཏང་ནས་འདི་ཡང་བཏང་། །དེ་ལྟར་བྱ་རྒྱལ་འདི་ནི་བཏང་བ་ཡིས། །དགའ་བར་གྱུར་ནས་སྙན་པ་མང་དུ་སྨྲས། །བདག་གི་སུག་ལས་དོན་མེད་མི་འགྱུར་ཕྱིར། །ཁྱོད་ཀྱི་སྤྱན་སྔར་ཁྲིད་ཅེས་བདག་ལ་མཆི། །དེ་བས་འདི་ནི་བྱའི་གཟུགས་ཅན་ཆོས་དང་ལྡན་པ་གཞན་ཞིག་ལགས། །གང་གིས་བདག་གི་སེམས་ཀྱང་དེ་མ་ཐག་ཏུ་འཇམ་ཟིང་མཉེན་པར་གྱུར། །དེ་བས་བདག་གིས་བྱ་ཡི་རྒྱལ་པོ་རྙི་ལས་བཀྲོལ་ཏེ་བཏང་བ་དང་། །བདག་ལ་དྲིན་བཟོ་ཕྱིར་ནི་རྗེ་ཁོལ་བཅས་ཏེ་ཁྱོད་ཀྱི་སྤྱན་སྔར་མཆིས། །རྒྱལ་པོ་དེས་དེ་སྐད་ཐོས་ནས་རབ་ཏུ་དགའ་ཞིག་ཡིད་ལ་ངོ་མཚར་ཆེར་གྱུར་ཏེ། གསེར་གྱི་སྟན་ཁྲི་རྒྱལ་པོའི་སྟན་དུ་འོས་པ། ཁྲིའི་རྐང་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་འོད་ཟེར་འཕྲོ་ཞིག་སྡུག་པ། ལྷའི་གདན་རིམ་པ་དུ་མར་བཤམས་ཤིང་བཟང་བ། རྒྱབ་རྟེན་བདེ་ཞིང་ཉམས་དགའ་བས་བརྒྱན་པ། །རྐང་རྟེན་བཙུགས་པ་ཞིག་ངང་པའི་རྒྱལ་པོའི་སྟན་དུ་ཐིང་ཞིག་གཅེས་བཀའ་སྩལ་ཏོ། །བློན་པོ་ཆེན་པོའི་སྟན་དུ་འོས་པ། སྦའི་ཁྲི་ཞིག་ནི་བཞིན་བཟང་གི་སྟན་དུ་ཐིང་ཞིག་ཅེས་བསྒོའོ། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། ད་ནི་དགའ་བར་འགྱུར་བའི་གཏམ་བྱ་བའི་སྐབས་སུ་བབ་པོ་སྙམ་ནས། །དྲིལ་བུ་ལྟར་སྙན་པའི་སྐད་ཕྱུང་སྟེ། རྒྱལ་པོ་ལ་སྨྲས་པ། གཟི་བྱིན་ཆེ་ཞིང་མདངས་དང་ལྡན་པའི་སྐུ། །བདེ་བའི་གནས་ཁྱོད་ད་ལྟར་ཐུགས་བདེ་འམ། ཁྱོད་ཀྱི་ཆོས་ཀྱི་སྐུ་ལ་རྨ་མེད་དམ། །བཀའ་ལུང་སྙན་པས་རྒྱ་ཆེར་དབུགས་ཕྱུང་ངམ། །ཕན་གདགས་ནན་ཐུར་བགྱི་བའི་བཀའ་ཁྲིམས་ཀྱིས། འབངས་ཀྱི་སྐྱེ་དགུ་བསྲུང་བའི་དབང་སྐུར་ཏམ། །བདག་གི་གྲགས་པའི་གཏམ་སྙན་རྒྱལ་གྱུར་ཏམ། །འབངས་རྣམས་གློ་བ་ཉེ་ཞིང་ཕན་བཏགས་སམ། །བློན་པོ་འཛངས་ཤིང་གློ་བ་ཉེ་བ་རྣམས། །བརྟག་པའི་ཐབས་ཀྱིས་ལེགས་པར་བརྟགས་ལགས་སམ། །འབངས་ལ་སྨན་པ་རྟག་ཏུ་དགོངས་ལགས་སམ། །དེ་དག་མི་མཁྱེན་པར་ནི་མི་བཞུགས་གྲང་། །དཔའ་ཞིང་ཐབས་ལ་མཁས་པའི་བཀའ་ནན་གྱིས། །རྒྱལ་ཕྲན་དེ་དག་བཀའ་ནི་ཉན་ལགས་སམ། །ཐུགས་རྗེ་ཆེན་པོའི་མཛེས་པ་མཆིས་ལགས་སམ། །ཐུགས་ཆེས་བག་མེད་བས་ནི་མིན་ནམ་གྲང་། །ཆོས་དང་བདེ་དང་སྲིད་རྣམས་མཐུན་ལགས་སམ། །ཁྱོད་ཀྱི་སྤྱོད་པ་དམ་པ་དགའ་བ་ཡི། །གྲགས་པ་ཕྱོགས་སུ་རྒྱས་པར་གྱུར་པ་ཡིས། །དགྲ་རྣམས་ཤུགས་འབྱིན་སྨོད་པར་གྱུར་ལགས་སམ། །དེ་ནས་རྒྱལ་པོ་དེ་སེམས་རབ་ཏུ་དང་ཞིང་དབང་པོ་རྣམས་ཀྱང་དང་ལ་གསལ་བར་གྱུར་ནས་དེ་ལ་སླར་སྨྲས་པ། ངང་པ་དེ་རིང་བདག་ཀྱང་བདེ། ཐམས་ཅད་དུ་ཡང་བདེ་བར་འགྱུར། །དམ་པ་དག་དང་ཕྲད་པ་འདི། ཡུན་རིང་བསམ་པ་གྲུབ་པར་གྱུར། །ཁྱོད་ནི་རྙི་ཡིས་ཟིན་པ་ན། །དགའ་བའི་སེམས་ནི་གཡེངས་གྱུར་ནས། །ཁྱེད་ལ་དབྱུག་པས་བརྡེགས་ནས་ནི། །འདི་ཡིས་སྣང་བར་མ་བྱས་སམ། །དེ་ལྟར་རྔོན་པ་འདི་དག་ནི། །བྱ་རྣམས་ཟིན་ཞིང་སྣད་གྱུར་ན། །དགའ་བས་སེམས་ནི་གཡེངས་གྱུར་ནས། །ངན་པ་བདག་ཀྱང་སྤྱོད་པར་འགྱུར། །བྱང་ཆུབ་སེམས་དཔས་སྨྲས་པ། །འདི་ལྟ་བུར་ནི་ཉམ་ཉེས་ཀྱང་། །རྒྱལ་པོ་ཆེན་པོ་བདེ་ཞིང་མཆིས། །འདིས་ཀྱང་བདག་ལ་དགྲ་བཞིན་དུ། །གནོད་པ་ཅི་ཡང་མ་བགྱིས་སོ། །བཞིན་བཟང་འདི་ཡང་མ་ཟིན་པར། །བདག་ལ་བྱམས་པས་ཟིན་བཞིན་འདུག །འཇམ་པོར་སྨྲ་བར་མཐོང་བ་དང་། །ངོ་མཚར་ཡ་མཚན་ཆེ་བར་གྱུར། །འདི་ཡི་ཚིག་ནི་འཇམ་པོ་ཡིས། །དེ་ནས་ཡིད་ནི་མགུ་གྱུར་ནས། །དུལ་ཞིང་རིམ་གྲོ་ཆེར་བསྐྱེད་དེ། །བདག་ནི་འདི་ཡིས་རྙི་ལས་བཀྲོལ། །དེ་བས་འདི་ལྟར་བཞིན་བཟང་གིས། །འདི་ལ་ཕན་ཡོན་གདགས་པ་དང་། །བདེ་བ་ཆེན་པོ་འབྱུང་བའི་ཕྱིར། །བདག་ཅག་གཉིས་ནི་འདིར་མཆིས་སོ། །རྒྱལ་པོས་སྨྲས་པ། བསམ་པ་གཉིས་ནི་འདིར་བྱོན་ཏེ། ཁྱེད་གཉིས་བྱོན་པ་རབ་ཏུ་ལེགས། །ཁྱེད་གཉིས་མཐོང་བར་གྱུར་པས་ན། །བདག་ནི་རབ་ཏུ་དགའ་བར་འགྱུར། །རྔོན་པ་འདིས་ཡང་དེ་རིང་ནི། །དོན་ཆེན་གྲུབ་པར་གཟིགས་སུ་གསོལ། འོ་སྐོལ་གཉིས་ཀ་དགྱེས་བགྱིས་པས། འདི་ནི་མགུ་བར་བགྱི་བར་རིགས། །དེ་སྐད་ཅེས་སྨྲས་ནས། །རྒྱལ་པོ་དེས་རྔོན་པ་དེ་ལ། །ནོར་རབ་ཏུ་མང་ཞིང་རྒྱ་ཆེར་བྱིན་ཏེ་མགུ་བར་བྱས་ནས། །ཡང་ངང་པའི་རྒྱལ་པོ་ལ་སྨྲས་པ། ཁྱེད་གཉིས་ཆེད་དུ་བདག་གི་ཁྱིམ་དུ་བྱོན། །དེ་བས་བདག་ལ་འཛེམ་དོག་མ་མཆིས་པར། །ཅི་དང་ཅི་བཞེད་དེ་དག་བདག་ལ་གསུངས། །བདག་གི་བདོག་པ་ཁྱེད་དང་ཐུན་མོང་ལགས། །མཛའ་བོས་སྤོབས་ཏེ་དོགས་མེད་ཚིག་གསལ་བར། །ལོངས་སྤྱོད་བདོག་ལ་བླངས་ན་མགུ་འགྱུར་བ། །དེ་ལྟ་བུ་ནི་ནོར་གྱིས་མགུ་མི་འགྱུར། །དེ་བས་མཛའ་བོས་སྤོབས་ན་ཕན་ཡོན་ཆེ། །དེ་ནས་རྒྱལ་པོ་དེས་བཞིན་བཟང་སྨྲར་འཇུག་པར་འདོད་ནས་འཛུམ་དམུལ་ཏེ། །བཞིན་བཟང་ལ་བལྟས་ནས་སྨྲས་པ། །སྐྱེ་བོ་གསར་དུ་གཤེ་ཞིང་མ་འདྲིས་པ། །རབ་ཏུ་སྤོབས་ཤིང་བབ་དབབ་མི་རུང་ཀྱང་། །དེས་ཤིང་མཉམ་པར་བཞག་པའི་ཚིག་དག་ནི། ཞེ་སར་བཅས་ཤིང་སྙན་པར་མི་སྨྲ་མིན། །དེ་བས་ཚིག་ཙམ་སྨྲ་བ་ཡིས། །བདག་ནི་སྤོབས་པར་རེ་བ་དང་། །ཕྱི་ཕྱིར་མཛའ་བར་འདོད་པ་ཡིས། །བསམ་པ་དོན་ཡོད་བགྱི་བའི་རིགས། །དེ་སྐད་ཅེས་སྨྲས་པ་དང་། །ངང་པའི་སྡེ་དཔོན་བཞིན་བཟང་གིས། །དེ་ལ་ཚུལ་བཞིན་དུ་ཕྱག་འཚལ་ཏེ་སྨྲས་པ། དབང་ཆེན་འདྲ་བར་ཁྱེད་དང་གཉིས། །དེ་ལྟར་བཀའ་མཆིད་གསུངས་པ་ནི། །རབ་ཏུ་དགྱེས་པའི་ཚུལ་བསྟན་ན། །སུ་ཞིག་ཡིད་ལ་བསམ་མི་རྫོགས། །མི་ཡི་བདག་པོ་བཀའ་མཆིད་གསུང་བཞིན་ལ། །བྱ་ཡི་བདག་པོའང་རབ་ཏུ་དགའ་བཞིན་དུ། །བཀའ་མཆིད་དེ་ལྟའི་ནང་དུ་འབངས་དག་གིས། །སྤྱི་རྟོལ་སྐྱེད་དེ་སྨྲ་བར་ག་ལ་རིགས། །ཡ་རབས་དུལ་བའི་ཚུལ་ནི་དེ་མ་ལགས། །དེ་ལྟར་འཚལ་བཞིན་རབ་ཏུ་ཇི་ལྟར་འཇུག །རྒྱལ་པོ་ཆེན་པོ་དེ་བས་བདག་མི་སྨྲ། །བཟོད་པར་མཛད་པའི་རིགས་ན་བཟོད་པར་གསོལ། །དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་དེ་རབ་ཏུ་དགའ་ཞིང་བཞིན་གྱི་མདངས་རབ་ཏུ་ཕྱུང་ནས། །བཞིན་བཟང་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་ཡོན་ཏན་གཏམ་སྙན་མི་རྣམས་ཟེར་བའི་རིགས། ངང་པའི་བདག་བོ་དང་ཡང་གྲོགས་བོར་འཐམས་པའི་རིགས། །དུལ་བ་དང་ནི་ཚུལ་ལ་མཁས་པ་འདི་ལྟ་བུ། །རང་གི་སེམས་ནི་མ་སྦྱངས་པ་ལ་ག་ལ་ཡོད། །དེ་བས་བདག་ཅག་མཛའ་བ་འདི། །ཅི་ནས་རྒྱུན་མི་འཆད་པ་དང་། །དེ་བཞིན་བདག་ལ་སྤོབས་པར་གྱིས་ལ། །ཡ་རབས་ཕྲད་པར་ཉམས་མ་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་རྒྱལ་པོ་དེ་རབ་ཏུ་མཛའ་བར་འདོད་པ་དང་། །བྱམས་པར་གྱུར་པ་ཤེས་ནས། །དེ་ལ་མགུ་བར་བྱེད་ཅིང་འདི་སྐད་ཅེས་སྨྲས་སོ། །དང་པོ་བཤེས་པར་གྱུར་པ་ནའང་། །བདག་ཉིད་ཆེན་པོའི་ཚུལ་འཛིན་པས། །མཛའ་བོ་དམ་པས་བྱ་བ་གང་། །དེ་ནི་ཁྱོད་ཀྱིས་བདག་ལ་བྱས། །བཀུར་སྟི་བགྱི་བའི་ཆོ་ག་འདིས། །ཁྱོད་ཀྱིས་བདག་ལ་གང་བསྟན་པ། རྒྱལ་པོ་ཆེན་པོ་སུ་ཡི་སེམས། །དྲན་ཞིང་དམིགས་པ་མི་འགྱུར་མཆིས། །དགོས་པ་ལྟ་ཞིག་ཆེད་ཆེ་ཅི་ཞིག་མཆིས། །རྒྱལ་པོ་ཆེན་པོ་ཁྱོད་ལ་བརྟེན་ཅི་ལྟ། །ཁྱོད་ནི་འགྲོན་ལ་དགའ་ཞིང་ཡོན་ཏན་འདོད། །འདི་ལྟར་གྱུར་པ་ངེས་པ་གོམས་པའི་ཡོན། །འབངས་ལ་ཕན་ཕྱིར་རྒྱལ་པོའི་ཚུལ་འཛིན་པ། །དྲང་སྲོང་མཉམ་བཞག་དཀའ་ཐུབ་འབད་པ་བཞིན། །ཁྱོད་ཀྱི་ཡོན་ཏན་རང་གི་ངང་གིས་གནས། །རང་བཞིན་དུལ་བ་ཁྱོད་ལྟ་ལགས་ཀྱང་མོད། །དེ་བས་བསྟོད་པར་འོས་པའི་ཡོན་ཏན་བདེ། །འབྱུང་པོ་ཉེས་པའི་གཅོང་རོང་མི་གཏོང་ངོ་། །ཡོན་ཏན་སྐྱོན་ཀྱི་ཆོས་ཉིད་འདི་ཤེས་ནས། སེམས་ཡོད་སུ་ཞིག་མི་ཕན་ལམ་ངན་འགྲོ། །དཔའ་བས་ཡུལ་འཁོར་ཐོབ་པར་མི་འགྱུར་ལ། །ནོར་དང་རྩོལ་ཕོད་ཐབས་ཀྱིས་དེ་མི་ཐོབ། །ཡོན་ཏན་མེད་ན་ནོར་བགོད་འབང་མི་ཕན། །རྒྱ་པོ་ཡོན་ཏན་ཅན་གྱིས་ཐོབ་པར་འགྱུར། །ལྷ་ཡི་རྒྱལ་པོའི་དཔལ་ཡང་ཡོན་ཏན་ལྟོས། །ཡོན་ཏན་ཡོད་ན་རྒྱུད་ཀྱང་རབ་ཏུ་འཕེལ། གྲགས་པ་རྣམས་ཀྱང་ཡོན་ཏན་ཉིད་ལས་འཕྲོ། །བདག་ཉིད་ཆེ་བའི་མཐུ་ཡང་ཡོན་ཏན་གནས། །ཟླ་བའི་འོད་པས་གསལ་བའི་ཡོན་ཏན་ནི། །དགྲ་བོ་མི་བཟད་གྲགས་པས་སྡང་བ་དང་། ཁོན་སྙིང་ཡོད་ཅིང་ཕྲག་དོག་ཆེ་བ་ཡང་། །ཡིད་ནི་རབ་ཏུ་དང་ཞིང་མགུ་བྱེད་དོ། །རྒྱལ་པོ་དེ་ལྟར་དུལ་ལ་སོགས་པ་ཡི། །ཡོན་ཏན་བཞག་ཞིང་ཆེ་བ་མ་ཉམས་པར། །རྒྱ་ཕྲན་དྲེགས་པ་མཐུ་ཡིས་བཏུལ་ནས་ནི། །ས་འདི་སྐྱོང་ལ་འབངས་ཀྱང་བསླབ་ཏུ་གསོལ །འབངས་ལ་ཕན་གདགས་རྒྱལ་པོའི་དོན་གྱི་མཆོག །རྒྱལ་པོ་ཆོས་ལ་དགའ་བར་གྱུར་ན་ནི། །ཚེ་རབས་གཉིས་ཀར་བདེ་བའི་ལམ་འདི་ཡིན། །རྒྱལ་པོ་སྤྱོད་པ་བཞིན་དུ་འབངས་ཀྱང་སྤྱོད། དེ་བས་ཆོས་བཞིན་ས་ལ་གནས་པར་སློབས། །སུམ་བཅུ་རྩ་གསུམ་ལྷ་ཡང་ཁྱོད་ལ་བསྲུང་། །ཁྱོད་ཀྱི་དྲུང་ན་བདེ་བར་གནས་གྱུར་ཀྱང་། །བདག་གི་གྲོགས་མང་སྡུག་བསྔལ་འབོད་པ་བཞིན། །དེ་ནས་རྒྱལ་པོ་དེ་འཁོར་དང་བཅས་པ་དེའི་ཚིག་དེ་ལ་མངོན་པར་དགའ་བར་གྱུར་ནས། །བཀུར་སྟི་དང་ཚིག་སྙན་པ་སྨྲས་ཏེ། ངང་པའི་བཙོ་བོ་དེ་གཉིས་སླར་བཀྱེའོ། །དེ་ནས་བྱང་ཆུབ་སེམས་དཔའ་སྟོན་གྱི་ནམ་མཁའི་དཀྱིལ་རལ་གྲི་དྲི་མ་མེད་པ་ལྟར་སྔོ་ཞིང་དངས་ལ་མཛེས་པ་ལ་འཕུར་ནས། །བཞིན་བཟང་ཕྱི་བཞིན་དུ་འབྲང་བ་ནི་གཟུགས་བརྙན་དྲུང་ན་འདུག་པ་འདྲ་བར་བྱས་ཏེ། ངང་པའི་ཚོགས་མང་པོ་དེའི་དྲུང་དུ་འོངས་པ་དང་། མཐོང་མ་ཐག་ཏུ་རབ་ཏུ་དགའ་བ་དང་ལྡན་པར་བྱས་སོ། །དུས་དུས་དག་ཏུ་ངང་བའི་རྒྱལ་པོ་དེ། །གཞན་ལ་སྙིང་བརྩེའི་ཕྱིར་ནི་རྒྱལ་པོ་དེའི། །ཆེད་དུ་སོང་ནས་ཆོས་ཀྱང་འཆད་པར་བྱེད། །རྒྱལ་པོ་དེས་ཀྱང་མཆོད་པ་གུས་པར་བྱས། །དེ་ལྟ་བས་ན་དམ་པ་རྣམས་དུད་འགྲོར་ལྷུང་བའི་སྤྱོད་པ་ལའང་སྐྱེས་བུ་དམ་པ་མ་ཡིན་པ་རྣམས་ཀྱིས་རྗེས་སུ་མཐུན་པར་བྱ་བ་ཙམ་ཡང་མི་ནུས་ན། བདེ་འགྲོ་ན་གནས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་ཚིག་སྙན་པ་ནི་གཉིས་ཀ་ལ་ཕན་པར་འབྱུང་བ་ཡིན་ནོ་ཞེས་ཚིག་སྙན་པར་སྨྲ་བའི་ཡོན་ཏན་བསྔགས་པ་ལའང་སྦྱར་བར་བྱའོ། དེ་ལྟར་དགེ་བའི་བཤེས་གཉེན་དང་ལྡན་ན་དོན་བསྒྲུབ་པ་དཀའ་བའང་འགྲུབ་པར་འགྱུར་རོ་ཞེས་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །གནས་བརྟན་ཀུན་དགའ་བོའི་སྔོན་གྱི་རིགས་མཐུན་པར་བསྟན་པར་བྱ་བ་ལའང་བརྗོད་པར་བྱ་སྟེ། གནས་བརྟན་འདི་དེ་ལྟར་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་ཏུ་འགྲོགས་འགྲོགས་པ་སྟེ། ཡུན་རིང་པོར་བྱམས་པ་དང་རབ་ཏུ་གུས་པ་འབའ་ཞིག་བྱེད་བྱེད་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ངང་པར་སྐྱེས་པའི་རབས་ཏེ་ཉི་ཤུ་གཉིས་པའོ།། །།


previousངང་པར་སྐྱེས་པའི་རབས་ཏེ་ཉི་ཤུ་གཉིས་པ།next