Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་ཆེན་པོར་སྐྱེས་པའི་རབས་ཏེ་ཉི་ཤུ་གསུམ་པ།
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་ཆེན་པོར་སྐྱེས་པའི་རབས་ཏེ་ཉི་ཤུ་གསུམ་པ།next

བྱང་ཆུབ་ཆེན་པོར་སྐྱེས་པའི་རབས་ཏེ་ཉི་ཤུ་གསུམ་པ།

བམ་པོ་བརྒྱད་པ། སྐྱེས་བུ་དམ་པ་རྣམས་ནི་ཕན་གདགས་པ་དྲིན་དུ་གཟོ་བ་དང་། བཟོད་པ་ལ་གོམས་པས་རིམ་གྲོ་མ་བྱས་ཀྱང་སྔོན་ཕན་འདོགས་འདོགས་པ་ལ་སྙིང་བརྩེ་བ་ལྷོད་པར་མི་འགྱུར་རོ། །དེ་ཡང་འདི་ལྟར་བཅོམ་ལྡན་འདས་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། ཀུན་དུ་རྒྱུ་བྱང་ཆུབ་ཅེས་བྱ་བར་གྱུར་ཏོ་ཞེས་གྲག་གོ །དེ་ཁྱིམ་ན་གནས་བཞིན་དུ་འཇིག་རྟེན་པས་བསྔགས་པའི་རིག་པའི་གནས་རྣམས་ཀྱི་གོ་རིམས་ནི་རྒྱ་ཆེར་ཤེས། རྒྱུ་རྩལ་རྣམ་པ་སྣ་ཚོགས་པ་ནི་མཁས་པར་བྱས། །རབ་ཏུ་བྱུང་ནས་ཀྱང་འཇིག་རྟེན་ལ་ཕན་འདོགས་པར་བརྩོན་པས། ཆོས་ཀྱི་གཙུག་ལག་རྣམས་ལ་ལྷག་པར་ཡང་བློ་ཞན་པར་མ་གྱུར་ཏེ། དེ་དག་ལ་སློབ་དཔོན་གྱི་གོ་འཕང་ཐོབ་པར་གྱུར་ཏོ། །དེ་བསོད་ནམས་དང་ལྡན་ཞིང་ཡོན་ཏན་རྒྱ་ཆེ་བ་དང་། འཇིག་རྟེན་པའི་སྤྱོད་ཚུལ་ལ་མཁས་པ་དང་། ནན་ཏན་ཆེ་བའི་ཡོན་ཏན་དང་ལྡན་པ། གང་དང་གང་དུ་སོང་བ་དེ་དང་དེར་མཁས་པ་རྣམས་དང་མཁས་པ་ལ་དགའ་བ་རྣམས་དང་། རྒྱལ་པོ་རྣམས་དང་། རྒྱལ་པོའི་བློན་པོ་རྣམས་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་དང་གཞན་མུ་སྟེགས་ཅན་རྣམས་དང་། རབ་ཏུ་བྱུང་བ་རྣམས་ཀྱིས་བཀུར་སྟི་བྱ་ཞིང་དྲན་པར་བྱ་བར་གྱུར་ཏོ། །བསོད་ནམས་གཞི་ལས་འབར་བའི་ཡོན་ཏན་རྣམས། །ནན་ཏན་སྒྲུབ་པའི་བྱིན་གྱིས་དགའ་བར་འགྱུར། །དགྲ་ཡང་རང་གི་གྲགས་པ་བསྲུང་པའི་ཕྱིར། ལྷག་པར་བཀུར་སྟི་བྱེད་པོ་ཉིད་དུ་འགྱུར། །དེ་ནས་བདག་ཉིད་ཆེན་པོ་དེ་འཇིག་རྟེན་ལ་ཕན་གདགས་པའི་ཕྱིར་གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་རྒྱུ་ཞིང་སོང་སོང་བ་ལས། རྒྱལ་པོ་ཞིག་གི་ཡུལ་གྱི་འདབ་ཏུ་ཕྱིན་པར་གྱུར་ཏོ། །དེའི་ཡོན་ཏན་གྱི་མཐུ་རྒྱ་ཆེན་པོ་དེ་རྒྱལ་པོ་དེས་ཐོས་ཤིང་དེ་རྒྱང་རིང་པོ་ནས་འོངས་བར་ཤེས་ནས་ཡིད་རབ་ཏུ་དགའ་སྟེ། རང་གི་སྐྱེད་མོས་ཚལ་ཉམས་དགའ་བའི་ས་ཕྱོགས་ཤིག་ཏུ་དེའི་གནས་བྱེད་དུ་བཅུག །བསུ་བ་ལ་སོགས་པ་བཀུར་སྟི་ཆེར་བྱས་ཏེ། དེ་རང་གི་ཡུལ་དུ་བཞག་ནས་སློབ་དཔོན་ལ་སློབ་མས་བྱ་བ་བཞིན་དུ་རིམ་གྲོ་དང་བཀུར་སྟི་ཚུལ་བཞིན་དུ་བྱས་ཏེ་མཆོད་ཅིང་བཀུར་ཏོ། །ལོངས་སྤྱོད་ཡོན་ཏན་ཕུན་སུམ་ཚོགས། །ཁྱིམ་དུ་རེ་བའི་འགྲོན་འོངས་ན། །ཡོན་ཏན་ཅན་ལ་དགའ་བ་རྣམས། །རབ་ཏུ་དགའ་ཞིང་སྤྲོ་བར་འགྱུར། །བྱང་ཆུབ་སེམས་དཔས་ཀྱང་དེ་ལ་ཆོས་ཀྱི་གཏམ་ཡིད་དུ་འོང་ཞིང་རྣར་སྙན་པ་རྣམས་ཀྱིས་ཕན་པར་འགྱུར་བའི་ལམ་བསྟན་པས། ཉི་མ་རེ་རེ་ཞིང་ཕན་འདོགས་པར་གྱུར་ཏོ། །གུས་པ་མེད་པའང་ཆོས་ལ་དགའ་བ་རྣམས། །གཞན་ལ་སྙིང་བརྩེ་ཕན་པའི་ཚིག་སྨྲ་ན། །ཕན་པར་འདོད་ཅིང་ཡོན་ཏན་དགའ་བ་ཡི། །སྐྱེ་བོ་སྣོད་གཙང་འདྲ་ལ་སྨོས་ཅི་དགོས། དེ་ནས་རྒྱལ་པོ་དེའི་བློན་པོ་དེ་རྣམས་དང་། མཁས་པའི་ཐབས་ཐོབ་པ་རྣམས་འཁོར་ཚོགས་པའི་ནང་དུ་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་ཆེར་བྱས་པ་དང་། ཡོན་ཏན་ཕུན་སུམ་ཚོགས་པ་ལ་ཕྲག་དོག་གི་སེམས་སྐྱེས་ནས་མི་བཟོད་པར་གྱུར་ཏོ། །རང་གི་ཡོན་ཏན་གྲགས་པ་ཁྱད་པར་ཅན། །འགྲོ་བ་མགུ་བར་ནུས་པའི་མཐུ་ཅན་ལ། །ཡོན་ཏན་བཅོས་མས་བཀུར་སྟི་ཐོབ་པ་རྣམས། །ཕྲག་དོག་མེ་ནི་གོར་མ་ཆགས་པར་འབར། །དེ་ལ་གཙུག་ལག་གཏམ་གྱི་མངོན་སུམ་དུ་ཟིལ་གྱིས་མནན་མ་ནུས་ཤིང་། རྒྱལ་པོ་ཆོས་ལ་བརྟེན་པའང་མ་བཟོད་ནས། །ཐབས་དེ་དང་དེ་དག་གིས་རྒྱལ་པོ་བྱང་ཆུབ་སེམས་དཔའ་ལ་མི་དགའ་བར་བྱ་བའི་ཕྱིར་འདི་སྐད་ཅེས་སྨྲས་སོ། །ལྷ་ཀུན་དུ་རྒྱུ་བྱང་ཆུབ་ལ་ཐུགས་ཆེས་པར་མཛད་པར་མི་རིགས་སོ། །གདོན་མི་འཚལ་བར་འདི་ནི་ལྷ་ཡོན་ཏན་ལ་དགྱེས་པ་དང་ཆོས་ལ་ཕྱོགས་པར་འཚལ་ནས་བརླག་པར་བགྱི་བའི་སླད་དུ་གཡོ་དང་བཅས་པའི་ཚིག་འཇམ་པོ་སྨྲ་ཞིང་སྤྱོད་པའི་ཉམས་དྲོད་འཇམ་པོ་སྨྲ་ཞིང་སྤྱོད་པའི་ཉམས་དྲོད་འཛིན་པ་ལགས་ཏེ། ཉི་འོག་གི་རྒྱལ་པོ་འགའ་ཞིག་གིས་བྱ་མ་རྟ་བཏང་བར་གོར་མ་བཀུམ་མོ། །དེ་ལྟར་ཅིའི་མངོན་ཞེ་ན། འདི་ལྟར་ཆོས་ཀྱི་བདག་ཉིད་ཅན་དུ་བགྱིས་ནས་ལྷའི་ཞལ་སྔ་ནས་གཅིག་ཁོ་ནར་ཐུགས་རྗེ་ཆེ་བ་དང་། ངོ་ཚ་མཁྱེན་ཅིང་འཇམ་དེས་ཅན་དུ་བསླབས་ཏེ། སྲིད་དང་འདོད་པ་དང་མི་མཐུན་པ། རྒྱལ་རིགས་ཀྱི་ཆོས་མ་ཡིན་པ། སྙན་དངགས་དང་མི་མཐུན་པ། ཆོས་ལ་བསྐུལ་མ་འདེབས་ཤིང་སྙིང་རྗེ་དང་ལྡན་པར་བགྱི་བ་དོན་དུ་སྒྲུབ་ཅིང་ཆེད་ཆེར་བགྱིས་ནས་ཐབས་ཀྱིས་བག་འབེབས་སོ། །ཉི་འོག་གི་རྒྱལ་པོའི་ཕོ་ཉ་དག་དང་ཡང་བཤེས་ཤིང་འགྲུལ་ལ། འདི་ཉིད་ཀྱང་རྒྱལ་པོའི་གཙུག་ལག་གི་རྒྱུས་ལ་མི་མཁས་པའང་མ་ལགས་ཏེ། དེ་བས་ན་བདག་ཅག་ནི་འདི་ལ་གློ་བ་མི་ཆེས་སོ། །དེ་ནས་རྒྱལ་པོ་དེ་ལ་དབྱེན་གྱི་ཐབས་ཡང་དང་ཡང་དུ་ལན་དུ་མར་ཕན་པར་འདོད་པ་བཞིན་དུ་མི་མང་པོས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ལ་ཡིད་མི་ཆེས་པར་གྱུར་ཏེ། བྱམས་པ་དང་བཀུར་སྟི་ཆུང་ཞིང་སེམས་སྔོན་དང་མི་འདྲ་བར་གྱུར་ཏོ། །འབྲུག་སྒྲ་དྲག་པོའི་སེར་བ་འདྲ་བ་ཡིས། །དབྱེན་གྱི་སེར་བ་རྡོ་རྗེ་བབ་ན་ནི། །མི་ཙམ་ཚོད་ཀྱི་མཛའ་བ་བརྟན་པ་དག །ཉམས་ཤིང་ཞིག་པར་མི་འགྱུར་སུ་ཞིག་ཡོད། །དེ་ནས་རྒྱལ་པོ་དེ་བྱང་ཆུབ་སེམས་དཔའ་དེ་ལ་བག་མི་འབེབས་ཤིང་། དགའ་དགའ་ལྟར་མི་བྱེད་ལ། བཀུར་སྟི་ཆུང་བར་གྱུར་ནས་སྔོན་བཞིན་དུ་རིམ་གྲོ་མི་བྱེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཡང་སེམས་གཙང་བས་རྒྱལ་པོ་རྣམས་ནི་བྱ་བ་མང་པོས་བྲེལ་ཏོ་སྙམ་ནས། །དེ་ལྟར་གྱུར་པ་ཡིད་ལའང་མི་བྱེད་ན། དེའི་འཁོར་ན་འཁོད་པ་རྣམས་གུས་པ་དང་རིམ་གྲོ་བྱེད་པ་ལ་གཡེལ་བར་གྱུར་པ་མཐོང་བ་དང་། རྒྱལ་པོའི་ཐུགས་མི་དགྱེས་པར་གྱུར་པ་ཤེས་ནས་ཀུན་དུ་རྒྱུའི་ཡོ་བྱད་དབྱིག་པ་གསུམ་དང་། རིལ་བ་སྤྱི་བླུགས་ལ་སོགས་པ་ཁྱེར་ཏེ་འགྲོ་བར་ཆས་སོ། །དེ་ལྟར་གྱུར་པ་རྒྱལ་པོ་དེས་ཐོས་ནས། ད་དུང་ཁོན་བྱུང་བ་ཉིད་དུའང་མ་གྱུར་བས་དེས་ཤིང་དུལ་བའི་ཚུལ་བསྟན་ཏེ། དེའི་དྲུང་དུ་སོང་ནས། རྟབ་རྟབ་པོར་གྱུར་པ་འདྲ་བར་བྱས་ཏེ། སླར་བཟློག་པར་འདོད་པ་བཞིན་དུ་སྨྲས་པ། ཅི་ཕྱིར་འདི་ལྟར་ཕྲལ་ལ་བདག་བོར་ཏེ། ཁྱོད་ནི་འགྲོ་བར་ཆས་པ་བཞིན་དུ་སེམས། །ནོངས་པར་དོགས་པ་འགའ་ཞིག་བྱུང་བའི་གཞི། །བདག་གི་ནོངས་པ་ཁྱོད་གྱིས་མཐོང་ངམ་ཅི། །དེ་ནས་བྱང་ཆུབ་སེམས་དཔས་དེ་ལ་སྨྲས་པ། །བདག་ནི་འཕྲལ་ལ་འདི་ལྟར་མི་མཆི་བཞིན། ། བཀུར་སྟི་ཆུང་བ་ཙམ་གྱིས་ཁྲོས་མ་ལགས། །ཁྱོད་ནི་ཆོས་ཀྱི་སྣོད་དུ་མ་གྱུར་ཅིང་། །གཡོ་དང་བཅས་པས་བདག་ནི་འདི་ནས་མཆི། །དེ་ནས་རྒྱལ་པོ་དེའི་ཁྱི་གནང་ཆེན་པོ་ཞིག་ཁྲོས་ཤིང་ཟུགས་ཏེ་སོ་གཙིགས་ནས་དེར་ཟར་འོངས་པ་བསྟན་ནས་ཡང་སྨྲས་པ། རྒྱལ་པོ་ཆེན་པོ་མི་མ་ལགས་པ་འདིས་མཆེ་བཞི་བགྱིས་པ་གཟིགས་སུ་གསོལ། ཁྱི་འདི་སྔོན་ནི་ཁྱོད་ཀྱི་རྗེས་འབྲང་ཞིང་། བདག་ལ་རབ་ཏུ་དགའ་བར་བགྱིད་པ་ལས། །མཛད་སྟངས་གསང་བ་ཤེས་པར་མ་གྱུར་ནས། །ཟུགས་ཤིང་ཟ་བས་ཁྱོད་ཀྱི་དགོངས་པ་བསྟན། །བདག་ལ་མ་གུས་རྩུབ་པ་ཅུང་ཟད་ཅིག །ཁྱོད་ལས་ངེས་པར་འདི་ཡིས་ཐོས་ལགས་གྲང་། དེ་བས་འདིས་ཀྱང་རྗེས་སུ་འབྲངས་པར་གྱུར། །འཁོར་རྣམས་སྤྱོད་པ་ཁྱོད་ནི་དགྱེས་པར་བགྱིད། །དེ་ནས་རྒྱལ་པོ་དེ་རྟགས་ལ་བབ་པ་དང་། ངོ་ཚ་བས་མགོ་སྨད་དེ་འདིའི་བློ་རྣོ་བ་དེས། །སེམས་དུལ་ནས་མི་དགའ་བར་གྱུར་ཏེ་ད་ནི་གཡོ་བྱ་བའི་དུས་ལ་མ་བབ་པོ་སྙམ་ནས། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཏེ་སྨྲས་པ། ཁྱོད་ལ་གླེངས་ནས་བཀའ་མཆིད་འདི་ལྟ་བུ། །བདག་ཅག་ཚོགས་པའི་ནང་དུ་བགྱི་བ་མེད། །དོགས་པའི་དབང་གིས་བདག་གི་ཡལ་བར་བོར། །དེ་བས་བཟོད་པར་མཛོད་ལ་མ་བཞུད་བཞུགས། །བྱང་ཆུབ་སེམས་དཔས་སྨྲས་པ། བདག་ནི་བཀུར་སྟི་ཆུང་བའི་ཕྱིར་མི་བཟོད་དེ་མཆི་བ་མ་ལགས་ཀྱི། རྒྱལ་པོ་ཆེན་པོ་ང་ནི་མཆིས་པའི་དུས་མ་ལགས་པའི་སླད་དུ་མ་མཆིས་སོ། །ཁྱོད་ཀྱིས་གཟིགས་སུ་གསོལ། བཀུར་སྟི་ཅུང་ཟད་བྲི་བར་གྱུར་པའི་ཚེ། །བདག་རང་ལངས་ཏེ་སོང་བར་མ་གྱུར་ན། །ཕོངས་བཞིན་འདུག་པ་ངན་ཞིང་བྱིས་པའི་ཆོས། །མ་བལྟས་ན་ནི་སླད་ཀྱི་བསྐྲད་པར་འགྱུར། །དེ་བས་ད་ནི་འཆི་བའི་དུས་ལ་བབ། །མི་དགའ་བཞིན་དུ་མཆིས་སུ་ག་ལ་རུང་། །ལན་ཅིག་ཙམ་ཞིག་སྨ་བབ་གྱུར་པ་ཡིས། །སྔོན་ཆད་ཕན་བཏགས་པ་དང་ག་ལ་མཉམ། བྱམས་པའི་རླན་མེད་བརྟེན་དུ་མི་རུང་སྟེ། །ཁྲོན་པ་སྐམ་པོ་ཆུ་འདོད་མི་བརྟན་བཞིན། །དེ་ལ་རབ་ཏུ་བསྒྲིམས་ཏེ་དོན་བསྒྲུབས་ཀྱང་། དེ་དོན་ཆུང་ཞིག་རྙོགས་པ་ཅན་དུ་འགྱུར། །བདེ་བ་འདོད་ཅིང་ཉོན་མོངས་མི་འདོད་པས། །མཚོ་ཆེན་སྟོན་ཀའི་ཆུ་གཙང་འདྲ་བར་ནི། །རབ་ཏུ་དང་བ་ཉིད་ལ་བརྟེན་པའི་རིགས། །ཚུལ་འདི་འཇིག་རྟེན་དག་ན་གསལ་བར་གྲགས། །གུས་པར་བྱེད་ཀྱང་གཞན་དུ་ཕྱོགས་པ་དང་། །གཞན་དུ་ཕྱོགས་ཀྱང་ཞུམ་པས་དེ་ལ་ལྟ། །སྔོན་ཆད་ཕན་བཏགས་དྲིན་དུ་མི་གཟོ་བ། །མི་ཡི་གཟུགས་ཏེ་ཅི་ལགས་གཏོལ་མ་མཆིས། །མ་བརྟེན་པ་དང་རབ་ཏུ་བརྟེན་དྲགས་དང་། །སླང་བ་དྲགས་ན་བྱམས་པ་མེད་པར་འགྱུར། །གནས་པའི་སྐྱོན་ལས་མཛའ་བའི་མཇུག་འདི་ནི། །སྲུང་བར་འཚལ་གྱིས་བདག་ནི་རེ་ཤིག་མཆི། །རྒྱལ་པོས་སྨྲས་པ། ཁྱོད་གལ་ཏེ་མི་འགྲོར་མི་རུང་ཡང་དག་པར་སེམས་ན། ད་རུང་སླར་ཡང་འདིར་བྱོན་ཅིང་བདག་སྤྱན་རས་ཀྱིས་བཙའ་བའི་རིགས་སོ། །ཧ་ཅང་མ་བརྟེན་པ་ལས་ཀྱང་འཁོན་འབྱུང་བར་བགྱི་བ་མི་རིགས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་འཇིག་རྟེན་ན་གནས་པ་འདི་དག་ནི་བར་ཆད་མང་ལ་གནོད་པ་དང་དགྲ་མང་པོས་གདོན་མི་འཚལ་བར་མཆིའོ་ཞེས་མཆིད་ཀྱིས་འཚལ་དུ་མི་རུང་ངོ་། །གལ་ཏེ་མཆིས་པའི་སྐབས་དང་ལྡན་ན་ཁྱོད་ཀྱི་ཞལ་ལྟའོ་ཞེས་བདག་ཉིད་ཆེན་པོ་དེས་རྒྱལ་པོ་དེ་ཚིག་འཇམ་པོས་དགའ་བར་བྱས་ནས། རྒྱལ་པོ་དེས་གནང་ཞིང་བཀུར་སྟི་བྱས་ནས་དེའི་ཡུལ་ནས་བྱུང་སྟེ་སོང་ངོ་། །དེ་ཁྱིམ་པ་བརྟེན་པ་དེས་སེམས་མི་བདེ་བར་གྱུར་ནས། དགོན་པའི་གནས་གཅིག་གཅིག་ཏུ་གནས་ཏེ། བློ་བསམ་གཏན་ལ་བརྩོན་ཞིང་དེ་ན་གནས་པ་ལས། རིང་པོ་མ་ལོན་པར་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ཏོ། །རབ་ཏུ་ཞི་བའི་བདེ་བའི་རོ་མྱོང་བ་དེ་རྒྱལ་པོ་དེ་ལ་སྙིང་བརྩེ་བའི་དྲན་པ་བྱུང་བར་གྱུར་ནི། རྒྱལ་པོ་དེ་ད་ཙམ་ཇི་ལྟ་བ་ཞིག་ཏུ་འདུག་སྙམ་པ་དང་། དེ་ནས་དེས་འདི་ལྟར་བློན་པོ་དེ་དག་གིས་ལྟ་བ་ངན་པ་གང་ལ་ཆགས་པ་དེ་དག་ལ་བལྟར་བཅུག་པར་མཐོང་ངོ་། །དེ་ལ་བློན་པོ་ལ་ལས་ནི་རྒྱུ་བརྟག་མི་བཟོད་པའི་དཔེ་རྣམས་ཀྱིས་རྒྱུ་མེད་པའི་ལྟ་བ་ལ་དྲངས་སོ། །པདྨའི་སྡོང་བུ་ལོ་མ་ཟེ་བའི་སྙིང་པོ་དང་། ཁ་དོག་དབྱིབས་དང་འཇམ་ལ་སོགས་པའི་རྒྱུ་ནི་གང་། བྱ་ཡི་འདབ་མ་སྣ་ཚོགས་རི་མོ་འདྲི་བ་སུ། འགྲོ་བ་འདི་དག་ངོ་བོ་ཉིད་ཀྱིས་དེ་བཞིན་ངེས། ཁ་ཅིག་ནི་དབང་ཕྱུག་གིས་རང་གི་བློས་སྦྱར་བ་རྒྱུ་ཡིན་པར་སྟོན་ཏེ། འདི་དག་ཐམས་ཅད་རྒྱུ་མེད་འབྱུང་བར་མི་རིགས་ཏེ། འདི་ལ་ཀུན་གྱི་བདག་པོ་མཐའ་ཡས་གཅིག་གཅིག་ཡོད། །སྣ་ཚོགས་འདི་དག་རང་དགར་བྱེད་པ་ངེས་པར་ཡོད། འཇིག་རྟེན་བྱས་ནས་ཕྱིས་ཀྱང་མཉམ་དུ་མེད་པར་བྱེད། ཡང་ལ་ལ་ནི་བདེ་བ་དང་མི་བདེ་བ་འདི་དག་ཐམས་ཅད་སྔོན་གྱི་ལས་ཀྱིས་བྱས་ཀྱི། འབད་པའི་མཐུས་བྱས་པ་ནི་མ་ཡིན་ནོ། །ཞེས་དེ་ལ་དེ་ལྟར་འཛིན་དུ་བཅུག་གོ །དངོས་པོ་མཐའ་ཡས་སོ་སོར་གནས་པ་མང་པོ་རྣམས། གཅིག་པུས་དུས་གཅིག་ཏུ་ནི་ཇི་ལྟར་བྱ་བར་ནུས། བདེ་བ་བྱེད་ལ་མཁས་པའང་སྡུག་བསྔལ་མྱོང་བར་འགྱུར། དེ་བས་འདི་དག་ལ་ཐམས་ཅད་སྔོན་གྱི་ལས་ལས་གྱུར། །གཞན་དག་ནི་ཆད་པར་ལྟ་བའི་གཏམ་གྱི་དེ་འདོད་པའི་ལོངས་སྤྱོད་བྱེད་དུ་གཞུག་པའི་ཕྱིར་སྨྲས་པ། རྣམ་པ་སྣ་ཚོགས་ཁ་དོག་ཡོན་ཏན་ལྡན་པའི་ཤིང་། །ལས་ཀྱིས་བྱས་པ་མ་ཡིན་འོན་ཀྱང་འབྱུང་བར་འགྱུར། ཆུད་གཟན་རྣམས་ཀྱང་སླར་ནི་དེ་བཞིན་སྐྱེས་མི་འགྱུར། །འཇིག་རྟེན་དེ་དང་འདྲ་བར་བདེ་ལ་གཞོལ་བར་མཛོད། །ཁ་ཅིག་ནི་དེ་ལ་རྒྱལ་རིགས་ཀྱི་གཙུག་ལག་ལས་འབྱུང་བ་གཡོ་དང་དགྲ་ཐབས་དང་འབྲེལ་བའི་སྙིང་རྗེ་མེད་ཅིང་སྐྱོན་དང་བཅས་པ་ཆོས་དང་འགལ་བ་ལ་འདི་ནི་རྒྱལ་པོའི་ཆོས་ལགས་སོ་ཞེས་གསོལ་ཏོ། །བརྟེན་པའི་མི་རྣམས་ལ་ནི་གྲིབ་མའི་ལྗོན་ཤིང་བཞིན། །དེ་དག་ཇི་སྲིད་དགོས་པའི་དུས་ལ་མ་བབ་པ། །དེ་སྲིད་བྱས་པ་གཟོ་བས་རང་གི་གྲགས་པ་བསྲུང་། །དགོས་པ་བྱུང་ན་མཆོད་སྦྱིན་ཕྱུགས་བཞིན་དེ་དག་སྤྱད། །དེ་ལྟར་བློན་པོ་དེ་དག་གིས་རྒྱལ་པོ་དེ་ལྟ་བ་ངན་པའི་ལམ་དེ་དང་དེ་དག་ཏུ་དྲངས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྒྱལ་པོ་དེ་སྐྱེ་བོ་སྡིག་པ་ཅན་རྣམས་དང་བརྟེན་ཅིང་བློ་གཞན་གྱི་དྲིང་ལ་འཇོག་པས་ལྟ་བ་ངན་པའི་གཡང་སར་ལྟུང་དུ་ཉེ་བར་རྟོགས་ནས་དེ་ལ་སྙིང་བརྩེ་བར་གྱུར་ཏེ། །དེ་ལ་བཟློག་པའི་ཐབས་བསམས་པ། ཡོན་ཏན་གོམས་པས་དགེ་བ་རྣམས། །ལེགས་པར་བྱས་པ་སེམས་ལ་གནས། །པདྨའི་འདབ་ལས་ཆུ་བོ་བཞིན། ཉེས་པར་བྱས་པ་མི་ཆགས་སོ། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། ད་ནི་དེའི་དུས་ལ་བབ་པོ་སྙམ་ནས་རང་གི་དཀའ་ཐུབ་ཀྱི་ནགས་སུ་སྤྲེའུ་ཆེན་པོ་ཅིག་མངོན་པར་སྤྲུལ་ནས། །རྫུ་འཕྲུལ་གྱི་མཐུས་དེའི་པགས་པ་བཤུས་ཏེ། གཞན་མི་སྣང་བར་བྱས་ནས་དེ་སྤྲེའུའི་ལྤགས་པ་ཆེན་པོ་སྤྲུལ་པ་དེ་གྱོན་ཏེ། རྒྱལ་པོ་དེའི་ཕོ་བྲང་གི་སྒོར་ཕྱིན་པ་དང་། ཆབ་སྒོ་བས་ཀྱང་སྦྲན་ནས་རྒྱལ་པོའི་འཁོར་ཚོགས་པས་གོ་རིམ་བཞིན་དུ་མི་འཁྲུག་པར་འཁོད་པ། མཐའ་ནི་མཚོན་ཆ་ཐོགས་པ་རྣམས་ཀྱིས་བསྐོར། བློན་པོ་དང་བྲམ་ཟེ་དང་ཕོ་ཉ་དང་ནང་མིའི་གཙོ་བོ་རྣམས་ཀྱིས་ནི་གང་། །སྐྱེ་བོ་རྣམས་ཀྱི་ཆས་ནི་དུལ་ཞིང་བརྟན་ལ་རྒྱ་ཆེ། ཆབ་སྒོ་ཆེན་པོ་ནི་ཆབ་སྒོ་བ་རལ་གྲི་དང་དབྱིག་པ་ཐོགས་པ་རྣམས་ཀྱི་བསྲུངས། མིའི་བདག་པོ་ནི་སེང་གེའི་ཁྲི་ལ་འདུག་པར་འོངས་པ། རྒྱལ་པོ་དེས་ཀྱང་བསུ་བ་ལ་སོགས་པ་དང་། འགྲོན་འོངས་པའི་བཀུར་སྟི་བྱ་བ་དང་། སྙན་པར་སྨྲ་བ་དང་། བསྟན་གདིང་བ་བྱས་ནས། སྤྲེའུའི་ལྤགས་པ་གྱོན་པ་ངོ་མཚར་ཆེར་བཟུང་ནས་དྲིས་པ། འཕགས་པ་ལ་སྤྲེའུའི་ལྤགས་པ་འདི་ཕུལ་བས་བདག་ཉིད་ཕན་པ་ཆེན་པོ་བཏགས་པ་སུ་ཞིག་ལགས། བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ནི་བདག་ཉིད་ཀྱིས་རྙེད་ཀྱི་གཞན་སུས་ཀྱང་མ་སྩལ་ཏོ། ས་གཞི་རང་བཞིན་གྱིས་འཁྲང་བ་ལ། རྩྭ་ཀུ་ཤ་དང་རྩྭ་ཙམ་བཏིང་བ་ལ་མཆིས་ཤིང་ཉལ་བས་གདུངས་ན་ཆོས་ཀྱི་ཆོ་ག་བདེ་བླག་ཏུ་བགྱི་བའི་རྔོ་མི་ཐོགས་ལ། སྤྲེའུ་ཆེན་པོ་འདིའང་དཀའ་ཐུབ་ཀྱི་ནགས་ཚལ་ན་མཆིས་པ་བདག་གིས་མཐོང་ནས། དེ་ལ་བདག་གིས་བསམས་པ། བདག་གི་ཆོས་སྤྱོད་པའི་ཡོ་བྱད་སྤྲེའུ་འདིའི་ལྤགས་པ་རྙེད་དོ་སྙམ་མོ། །འདི་ལ་འདུག་གམ་ཉལ་ན་ཆོས་ཀྱང་བསྒྲུབ་ནུས་ལ། རྒྱལ་པོའི་མལ་སྟན་བཟང་པོ་ལ་མ་ཆགས་པར་ཡང་རང་གི་ཆོས་ཀྱི་ཆོ་ག་བསྒྲུབ་ཏུ་རུང་ངོ་སྙམ་ནས་བདག་གིས་དེའི་ལྤགས་པ་འདི་བཅངས་ཏེ། དེ་ཡང་མ་མཆིས་པར་བགྱིས་སོ། །དེ་སྐད་ཟེར་བ་ཐོས་ནས་རྒྱལ་པོ་དེ་དུལ་ཞིང་དེས་པའི་ཚུལ་བཟུང་སྟེ། བྱང་ཆུབ་སེམས་དཔའ་ལ་ཅི་ཡང་སླར་མ་སྨྲས་སོ། །དེ་ངོ་ཚ་བར་གྱུར་ནས་ཅུང་ཞིག་མགོ་སྨད་དེ་འདུག་གོ །དེ་ནས་བློན་པོ་དེ་དག་སྔོན་ཡང་སེམས་དཔའ་ཆེན་པོ་དེ་ལ་སེམས་མི་བཟོད་ཅིང་སྨྲ་བའི་སྐབས་རྙེད་པས་འཛུམ་དམུལ་ཏེ་མདངས་ཕྱུང་ནས་རྒྱལ་པོ་ལ་བལྟས་ནས་བྱང་ཆུབ་སེམས་དཔའ་བསྟན་ཏེ་སྨྲས་པ། ཀྱེ་མའོ་ཁྱོད་ཀྱི་ཆོས་ལ་རྗེས་སུ་དགའ་བའི་བློ་ལ་ལྟོས། ཨེ་མའོ་རྩོལ་ཕོད་པའི་མཐུ་ཆེ་ཞིང་བརྟན་ཀྱང་དཀའ་ཐུབ་ཀྱི་གནས་ན་འདུག་བཞིན་དུ་གཅིག་པུས་དཀའ་ཐུབ་སྤྱོད་པས་ལུས་ཉམས་ཆུང་ཡང་སྤྲེའུ་ཆེན་པོ་འདི་ལྟ་བུ་སོང་བ་ངོ་མཚར་ཆེའོ། །དཀའ་ཐུབ་གྲུབ་པར་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔས་མ་ཁྲོས་པར་སྨྲས་པ། ཁྱེད་རང་གི་ལྟ་བ་བཟང་པོ་ལ་མི་ལྟ་བར། འདི་ལྟར་བདག་སྨད་པར་མི་རིགས་སོ་འདིས་ནི་མཁས་པའི་གྲགས་པ་ཕྱིན་པར་མི་འགྱུར་རོ། །ཚེ་དང་ལྡན་པ་དག་དགོངས་སུ་གསོལ། བདག་གི་ལྟ་ལ་གནོད་པའི་ཚིག །གང་གིས་གཞན་ལ་སྨོས་བྱེད་པ། །དེ་ནི་བདག་ལ་གནོད་པ་ཡིས། །གཞན་གྱི་མི་སྙན་སྒྲོགས་པར་བྱེད། དེ་ལྟར་བདག་ཉིད་ཆེན་པོ་དེས། བློན་པོ་དེ་དག་ལ་སྤྱི་སྨྲས་ཏེ། སོ་སོར་སྨྲ་བར་འདོད་ནས་བློན་པོ་རྒྱུ་མེད་པར་སྨྲ་བ་དེ་ལ་སྨྲས་པ། འགྲོ་བ་ངོ་བོ་ཉིད་ཀྱིས་དེ་བཞིན་ཁྱོད་ཟེར་ན། གལ་ཏེ་དེ་ལྟར་བདེན་ན་བདག་ལ་ཅི་ཕྱིར་སྨད། །སྤྲེའུ་དེ་ངོ་བོ་ཉིད་ཀྱིས་ཤི་བར་གྱུར་པ་ལ། །བདག་ལ་ཅི་ཕྱིར་སྡིག་འགྱུར་བསད་དུ་མི་བཟད་དམ། དེ་སྟེ་དེ་བསད་དེ་བདག་ལ་སྡིག་ཏུ་འགྱུར་ན་ནི། །འོ་ན་འདི་ནི་རྒྱུ་ལས་གྱུར་བར་འགྲུབ་པར་འགྱུར། །དེ་བས་རྒྱུ་མེད་སྨྲ་བ་འདི་ནི་དོར་བའི་རིགས། འདི་ནི་དེ་སྐད་སྨྲ་བ་ཁྱོད་ལ་མི་རིགས་འགྱུར། །གལ་ཏེ་པདྨའི་སྡོང་བུ་སྐྱེས་ལ་སོགས་འདྲ་ན། །འོ་ན་རྟག་ཏུ་རྒྱུ་མེད་པར་ཡང་ཅི་མི་འབྱུང་། །ཆུ་ལ་སོགས་དང་ས་བོན་དག་གིས་དེ་བྱས་ངེས། །དེ་དག་ཡོད་ན་སྐྱེ་ལ་མེད་ན་མི་སྐྱེའོ། །གཞན་ཡང་ཚེ་དང་ལྡན་པ་དག་རེ་ཤིག་ལེགས་པར་རྟོགས་ཤིག །གཏན་ཚིགས་བཅས་པར་རྒྱུ་མེད་ཟེར་བ་ནི། །བདག་ཉིད་ཀྱི་ནི་ཁས་འཆེས་སུན་ཕྱུང་ངོ་། །དེ་སྟེ་གཏན་ཚིགས་བསྟན་པར་མི་འདོད་ན། །ཁས་འཆེ་ཙམ་གྱི་འདི་ལ་ཅི་ཞིག་ཕན། །གང་ཞིག་ཁ་ཅིག་ཏུ་ནི་རྒྱུ་རྐྱེན་མ་མཐོང་བས། །དེ་ཉིད་ཀྱི་ནི་ཐམས་ཅད་རྒྱུ་མེད་སྨྲ་ན་ནི། །དེ་དག་རྒྱུ་དང་བཅས་པར་མངོན་དུ་མཐོང་བཞིན་དུ། །དེ་ལ་སྡང་བས་འགལ་བའི་ཚིག་ངན་སྨྲས་པར་འགྱུར། །གལ་ཏེ་གང་ནའང་རྒྱུ་ནི་ཡོད་པར་མ་མཐོང་ན། །དེ་ནི་མེད་ཅེས་ངེས་པར་ཅི་ལྟར་སྨྲ་བར་འགྱུར། །ཉི་མ་ནུབ་ཚེ་ཉི་མའི་དཀྱིལ་འཁོར་དྲི་མེད་བཞིན། །ཡོད་བཞིན་དུ་ཡང་རྒྱུ་རྐྱེན་གཞན་གྱིས་མི་སྣང་མོད། །གཞན་ཡང་ཁྱེད་ཅག་ཡིད་དུ་འོང་བའི་ཡུལ་ནི་བདེ་བ་འདོད་ཕྱིར་བརྟེན། །དེ་དང་འགལ་བ་དག་ནི་རྟེན་པར་ཡོད་མི་འདོད། དེ་ཡི་ཕྱིར་ཡང་རྒྱལ་པོ་དག་ལ་བརྟེན་པར་བྱེད། །རྒྱུ་ཡང་ཡོད་པ་མ་ཡིན་ཞེས་ནི་རྟག་ཏུ་སྨྲ། །གལ་ཏེ་དངོས་རྣམས་དེ་ལྟ་ཡིན། །རྒྱུ་ཡང་ཡོད་པར་མ་མཐོང་ལ། །རྒྱུ་མེད་གྲུབ་ན་སྤྲེའུ་བསད་ལ། །བདག་ལ་སྨད་དུ་ཅི་ཞིག་ཡོད། །དེ་ལྟར་བདག་ཉིད་ཆེན་པོ་དེས། །རྒྱུ་མེད་པར་སྨྲ་བ་དེ་རྒྱུ་གསལ་བ་རྣམས་ཀྱིས་སྤོབས་པ་མེད་པར་བྱས་ནས། དབང་ཕྱུག་རྒྱུར་སྨྲ་བ་དེ་ལ་བོས་ཏེ་སྨྲས་པ། ཚེ་དང་ལྡན་པ་དག་གིས་ཀྱང་བདག་དེ་ལྟར་སྨད་པ་མི་རིགས་སོ། །ཐམས་ཅད་ཀྱི་རྒྱུ་དབང་ཕྱུག་ཡིན་པར་ཁྱོད་འདོད་ན། ལྟོས་ཤིག །གལ་ཏེ་ཐམས་ཅད་དབང་ཕྱུག་བྱེད་ན་ནི། །འོ་ན་སྤྲེའུ་དེ་དེ་ཉིད་ཀྱིས་བསད་པས། ཁྱོད་ནི་བདག་ལ་ཅི་ཕྱིར་སེམས་མི་དགའ། །གཞན་གྱི་ཉེས་པའང་བདག་ལ་ཅི་ཕྱིར་བགོ །སྤྲེའུ་ཆེན་པོ་དཔའ་བོ་དེ་ཤི་བ། །དེ་ཡིས་སྙིང་རྗེ་བལྟས་ཏེ་མ་བསད་ན། །འགྲོ་བའི་རྒྱུ་ནི་དབང་ཕྱུག་ཡིན་ཞེས་སུ། །ཁྱོད་ཅག་ཅི་ཕྱིར་རྒྱ་ཆེན་སྒྲོགས་པར་བྱེད། །ཀྱེ་བཟང་པོ་གཞན་ཡང་ཐམས་ཅད་དབང་ཕྱུག་གིས་བྱས་པར་ལྟ་ན། །དབང་ཕྱུག་ལ་ནི་རེ་བ་ཡིས། །ཅི་ཕྱིར་ཕྱག་ལ་སོགས་པ་འཚལ། ཁྱེད་ཀྱི་དེ་ནི་རང་འབྱུང་སྟེ། །གང་གིས་བྱས་པ་དེའི་ལས་ཡིན། །མཆོད་སྦྱིན་ཁྱོད་ཀྱིས་གང་བྱས་པ། །དེ་ནི་མི་བྱེད་མ་ཡིན་ཏེ། །བདག་ཉིད་འབྱོར་པ་ཐོབ་པའི་ཕྱིར། །གང་བྱེད་དེ་ཉིད་བྱེད་པ་པོ། །སྡིག་པ་ཆེན་པོ་མ་ལུས་པ། །གལ་ཏེ་དབང་ཕྱུག་བྱེད་ན་ནི། །དེ་ལ་གུས་པར་བྱེད་པ་དག །ཡོན་ཏན་ཅི་ཞིག་མཐོང་ནས་བྱེད། །སྡིག་པས་འཇིགས་ནས་དེ་དག་ཀུན། །གལ་ཏེ་དེ་ནི་མི་བྱེད་ན། །ཐམས་ཅད་དབང་ཕྱུག་གིས་བྱས་ཞེས། །དེ་བས་སྨྲ་བ་མི་རིགས་སོ། །དེ་ཡང་དབང་ཕྱུག་འགྱུར་ན་ནི། །ཆས་སམ་གཞན་ལས་འགྱུར་གྲང་ན། །གལ་ཏེ་ཆོས་ལས་འགྱུར་ན་ནི། །དེ་ཡི་སྔ་རོལ་དབང་ཕྱུག་མིན། །གང་དག་གཞན་གྱིས་བྱས་འགྱུར་བ། དེ་ནི་བྲན་དུ་གྱུར་པ་ཉིད། །དབང་ཕྱུག་དེ་ནི་ཅི་ཡི་ཕྱིར། །རྒྱུ་ཡིས་བྱས་པར་མི་འགྱུར་གྱི། །དེ་ལྟར་གྱུར་ཀྱང་གུས་ཤིང་ཆགས་པས་རིགས་པ་དང་མི་རིགས་པ་དོར་ནས། གལ་ལྟེ་འགྲོ་བ་མ་ལུས་པ་ཡི་རྒྱུར། །དབང་ཕྱུག་ཆེན་པོ་ཉིད་ནི་ཁྱོད་འདོད་ན། །དབང་པོས་སྤྲེའུ་རྒྱལ་པོ་བསད་པའི་སྐྱོན། །བདག་ལ་སྐུར་བ་བཏབ་པར་མི་རིགས་སོ། །དེ་ལྟར་བདག་ཉིད་ཆེན་པོ་དེས་དབང་ཕྱུག་རྒྱུ་ཡིན་པར་སྨྲ་བ་དེ་ལ་གཏན་ཚིགས་བཟང་པོ་རྣམས་ཀྱིས་ཤགས་མེད་པར་བྱས་ན། སྔོན་གྱི་ལས་ཀྱིས་བྱས་པར་སྨྲ་བ་དེ་དག་ལ་བོས་ཏེ་སྔོན་དུ་ལྟར་བཅུག་ནས་སྨྲས་པ། ཁྱོད་རྣམས་ཀྱང་བདག་ལ་སྨོད་པ་ལེགས་པ་མ་ཡིན་ནོ། །འདི་དག་ཐམས་ཅད་སྔོན་གྱི་ལས་ཀྱིས་བྱས་སོ་ཞེས་ང་རྒྱལ་སྐྱེས་པ་དེའི་ཕྱིར་ཁྱེད་ལ་སྨྲའོ། །གལ་ཏེ་ཐམས་ཅད་སྔོན་གྱི་ལས་ཀྱིས་བྱས་ན་ནི། །དེ་བས་སྤྲེའུ་འདི་བདག་གིས་བསད་པའི་ཉེས་པ་མེད། །སྔོན་གྱི་ལས་ཀྱིས་དགོན་པའི་མེས་ཚིག་གྱུར་པ་ལ། གང་ཕྱིར་བདག་ལ་སྨད་པའི་སྡིག་པ་ཅི་ཞིག་ཡོད། །དེ་སྟེ་བདག་གིས་སྤྲེའུ་བསད་སྡིག་ཡོད་ན། །བདག་གིས་བསད་ཀྱིས་སྔོན་གྱི་ལས་མ་ཡིན། །གལ་ཏེ་ལས་དང་ལས་ཀྱི་རྒྱུ་འདོད་ན། །དེ་ལྟར་ཡིན་ན་སུ་ཡང་གྲོལ་མི་འགྱུར། །སྡུག་བསྔལ་རྒྱུ་ལའང་གལ་ཏེ་བདེ་བར་འགྱུར། །བདེ་བ་བསྒྲུབ་ལའང་སྡུག་བསྔལ་གནས་པར་འགྱུར། །དེ་ལྟར་འགྱུར་དང་བདེ་དང་སྡུག་བསྔལ་དག །སྔོན་གྱི་ལས་ཀྱིས་བྱས་པ་ངེས་པར་སྔོན། བདེ་དང་སྡུག་བསྔལ་དེ་ལྟར་གྱུར་པའང་མེད། །དེ་བས་སྔོན་གྱི་ལས་ནི་རྒྱུ་མ་ཡིན། །གསར་དུ་བྱས་པའི་ལས་ཀྱང་མེད་པར་འགྱུར། །དེ་མ་གྲུབ་ན་སྔ་མའང་ཇི་ལྟར་གྲུབ། །སྔོན་གྱི་ལས་ཀྱིས་ཀུན་བྱས་ཞེས། འོན་ཀྱང་དེ་ལྟར་སེམས་ན་ནི། །ཅི་ཡི་ཕྱིར་ན་སྤྲེའུ་བསད་པ། །བདག་གིས་བྱས་པར་ཡོངས་སུ་བརྟགས། །དེ་ལྟར་བདག་ཉིད་ཆེན་པོ་དེས་སླར་ལོག་ཏུ་མེད་པའི་གཏན་ཚིགས་རྣམས་ཀྱིས། །དེ་མི་སྨྲ་བའི་དཀའ་ཐུབ་བླངས་པ་བཞིན་དུ་བྱས་ནས། །ཆད་པར་སྨྲ་བ་དེ་ལ་འཛུམ་དམུལ་ཏེ་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་ཕྱིར་བདག་ལ་སྨོད་པ་ལ་འདི་ལྟར་དགའ་བར་འགྱུར། །གལ་ཏེ་ཆད་པར་ལྟ་བ་དེ་ཁོ་ན་ཉིད་ཡིན་པར་སེམས་ན། །འཇིག་རྟེན་ཕ་རོལ་མེད་ན་སུས་ཀྱང་ཅི་ཞིག་སྤང་། སྡིག་དང་དགེ་བ་དག་ལའང་ཅི་ཞིག་འབད་དུ་ཡོད། །མཁས་པ་རྣམས་ཀྱང་རང་དགར་ཅི་བདེར་སྤྱོད་པའི་རིགས། །དེ་ལྟར་གྱུར་ན་སྤྲེའུ་དེ་བསད་ཀྱང་ཉེས་པ་མེད། །འགྲོ་བ་འཕྱ་བ་དག་གིས་འཇིགས་ནས་སུ། །སྡིག་པ་སྤོང་ཞིང་དགེ་ལ་གནས་ན་ནི། །བདག་གི་ཚིག་དང་མི་མཐུན་སྤྱོད་པ་ཡིས། །འགྲོ་བ་འཕྱ་བ་འདིས་ཡང་མེད་མི་འགྱུར། །འཇིག་རྟེན་ཚུལ་ལ་གནས་པར་གྱུར་ན་ནི། །རང་གི་གཞུང་ལུགས་བདེ་བ་མི་འཐོབ་སྟེ། །དེ་བས་སྨྲ་པས་འཁྲུལ་བས་དོན་མེད་འགྱུར། །འདི་ནི་བྱིས་པའི་ནང་ན་ཐ་མ་ཡིན། །གང་ཡང་ཁྱེད་ཀྱི་སྨྲས་པ། །རྣམ་པ་སྣ་ཚོགས་ཁ་དོག་ཡོན་ཏན་ལྡན་པའི་ཤིང་། །ལས་ཀྱི་བྱས་པ་མ་ཡིན་འོན་ཀྱང་འབྱུང་བར་འགྱུར། །ཆུད་གསན་རྣམས་ཀྱང་སླར་ནི་དེ་བཞིན་མི་སྐྱེ་འགྱུར། འཇིག་རྟེན་དེ་དང་འདྲ་བར་རྒྱུ་ནི་གང་ཞིག་ཡིན། དེ་ལྟར་གྱུར་ཀྱང་ཁྱེད་ཅག་ནི། །ཆད་པར་ལྟ་ལ་དགའ་འགྱུར་ན། སྤྲེའུ་འམ་ཡང་ན་མི་ཡང་རུང་། །གསོད་ལ་སྨད་དུ་ཅི་ཞིག་ཡོད། །དེ་ལྟར་སེམས་དཔའ་ཆེན་པོ་དེས་ཆད་པར་སྨྲ་བ་དེ་ལ་ལན་གདབ་པའི་རིམ་པ་ལེགས་ཤིང་གསལ་བས་ཅང་མི་སྨྲ་བར་བྱས་ནས། རྒྱལ་རིགས་ཀྱི་གཞུང་ལུགས་ལ་མཁས་པ་དེ་དག་ལ་བོས་ཏེ་སྨྲས་པ། ཁྱེད་ཅག་བདག་ལ་ཅིའི་ཕྱིར་སྨོད། གལ་ཏེ་སྲིད་གཟུགས་བའི་གཙུག་ལག་ལས་བྱུང་བའི་ཆོ་ག་རིགས་པར་སེམས་ན། །སྲིད་ཕྱིར་དགེ་བའམ་མི་དགེའང་རུང་། ཅི་ཡང་རུང་བ་བྱས་ནས་སུ། །དེ་ནས་བདག་ཉིད་ཐར་ནས་ནི། ནོར་གྱི་ཆོས་རྣམས་བསྒྲུབ་པར་བྱ། །ཞེས་ཟེར་བ་འདིའི་ཕྱིར་ཁྱོད་ལ་སྨྲའོ། །དགོས་པ་དག་ནི་ཕྱུང་བར་གྱུར་པའི་ཚེ། །མཛའ་དང་གཉེན་ལའང་དགེ་ཚུལ་མི་བལྟ་ན། སྤྲེའུ་ཉིད་ལྤགས་པའི་ཕྱིར་ནི་ངས་བསད་ན། །གཙུག་ལག་གཞུང་ལུགས་ཀྱིས་ཀྱང་སྨད་དུ་མེད། །འོན་ཏེ་སྙིང་རྗེ་མེད་ཕྱིར་སྨད་འགྱུར་རམ། །འདི་འདྲའི་ལས་དག་འབྲས་བུ་སྡུག་བསྔལ་མཐོང་། །གཞུང་ལས་སྣང་བ་བཞིན་དུ་མི་བྱེད་པར། །གང་གི་སྒོ་ནས་ཁྱོད་ནི་འདི་ལྟར་བྱེད། །གང་ན་རིགས་པའི་གཞུང་ལྡན་འདི་འདྲ་བ། །འདི་ནི་མི་རིགས་འཁྲུལ་པ་ཅི་འདྲ་གེ །ཨེ་མའོ་ཅི་རྟོལ་ཅན་གྱིས་ཟིལ་མནན་ནས། །གཙུག་ལག་ལམ་གྱི་ཆོས་མིན་ངར་བར་བྱས། །ཁྱེད་ཅག་དགའ་བ་དེ་ནི་ཡོང་མ་མཐོང་། །གཙུག་ལག་ལས་ནི་གསལ་བར་བསྟན་ཅེས་གྲག །གཞུང་ལས་བྱུང་བའི་ཚུལ་གྱི་འགྲོ་བ་ལས། སྤྲེའུ་བསད་པ་ནི་སྨད་པར་མི་རིགས་སོ། །དེ་ནས་འཁོར་གྱི་ནང་ནས་རྒྱལ་བར་གྱུར་པ། སྤོབས་པ་ཆེ་བར་གོམས་པའི་བློན་པོ་དེ་རྣམས་ཀྱང་མངོན་སུམ་དུ་ཟིལ་གྱིས་མནན་ཏེ། རྒྱལ་པོ་འཁོར་དང་བཅས་པ་སེམས་རབ་ཏུ་མགུ་བར་གྱུར་པར་ཤེས་ནས་དེ་དག་སྤྲེའུ་བསད་པ་སྙིང་ལ་གཅགས་པ་མེད་པར་བྱ་བའི་ཕྱིར་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་བདག་གིས་སྲོག་དང་བཅས་པའི་སྤྲེའུ་བཀུམ་པ་ནི་མ་ལགས་ཀྱི། འདི་ནི་སྤྲུལ་པ་ལགས་ཏེ། བཀའ་མཆིད་ཀྱི་གོ་རིམ་འདི་ལྟ་བུ་གླེང་བསླང་བའི་སླད་དུ་སྤྲེའུ་སྤྲུལ་པའི་ལྤགས་པ་འདི་བདག་གིས་འཚལ་ཏེ། དེ་བས་ན་བདག་ལ་གཞན་དུ་མི་དགོངས་སུ་གསོལ་ཞེས་སྨྲས་ནས། རྫུ་འཕྲུལ་མངོན་པར་འདུ་བྱས་པ་དེ་བཏང་ཏེ། རྒྱལ་པོ་འཁོར་དང་བཅས་པ་སེམས་རབ་ཏུ་མགུ་བར་གྱུར་པར་ཤེས་ནས་སྨྲས་པ། རྒྱུ་ལས་འགྲུབ་པར་མཐོང་བཞིན་ལ། རང་དབང་འཇིག་རྟེན་ཕ་རོལ་ཤེས། །དགེ་བར་ཁས་ལེན་སྙིང་རྗེ་ཅན། །སྲོག་ཆགས་གསོད་པར་སུ་ཞིག་བྱེད། །རྒྱལ་པོ་ཆེན་པོ་གཟིགས་སུ་གསོལ། །རྒྱུ་མེད་སྨྲ་དང་རང་དབང་ལྟ་བ་དང་། ཡོད་པར་མི་ལྟ་རྒྱལ་རིགས་གཞུང་ལུགས་ཅན། །གྲགས་པ་ཅུང་ཟད་ཕྱིར་ནི་གཞུང་བྱེད་པ། །རིགས་པར་སྨྲ་དེ་ཇི་ལྟར་ཁས་བླང་བྱས། །མི་ཡི་བདག་པོ་ལྟ་བ་བཟང་ངམ་ངན། །རིགས་མཐུན་ལས་ནི་སྒྲུབ་པའི་རྒྱུ་དག་གིས། །དེ་དང་དེ་དག་ཁྱོད་ཀྱིས་བརྟགས་ན་ནི། །ཚིག་དང་སྤྱོད་པ་རྣམས་ཀྱིས་ངེས་པར་སྟོན། །དེ་བས་ལྟ་བ་བཟང་པོ་བསྟེན་པའི་རིགས། །ལྟ་བ་ངན་པ་ཕུང་བར་འགྱུར་བས་སྤང་། །སྐྱེ་བོ་ངན་པ་རིང་དུ་སྤངས་ནས་ནི། །དམ་པ་རྣམས་ལ་བརྟེན་ན་འདི་ཤེས་འགྱུར། །མི་སྡོམ་པར་ཡང་སྡོམ་པའི་ཚུལ་འཛིན་པ། །ས་ཡི་སྟེང་ན་དགེ་སློང་སྲིན་པོ་རྣམས། །ལྟ་བ་ངན་པས་སྐྱེ་བོ་བྱིས་པ་རྣམས། །གདུག་པའི་སྦྲུལ་བཞིན་བརླག་པར་བྱེད་ཅིང་རྒྱུ། །རྒྱུ་མེད་སྨྲ་ལ་སོགས་པ་རྩུབ་པོས་བསྒོས། །དེ་ན་ཁྱད་པར་མངོན་པ་ལྕེ་སྦྱང་བཞིན། །དེ་བས་མཁས་པས་དེ་དག་བསྟེན་མི་རིགས། །དེ་དག་དོན་ནི་ནུས་ན་དཔྱད་པའི་རིགས། །སྐྱེ་བ་མི་མཐུན་པ་དག་གྲགས་པ་ཆེར་གྱུར་ཀྱང་། །དགོས་པ་ཡོད་པར་གྱུར་ཀྱང་མཛའ་བར་མི་བྱ་སྟེ། །དགུན་གྱི་དུས་ཀྱི་ཡུལ་ངན་བྱུང་བས་བསྒྲིབས་ན་ནི། །མཚན་མོ་གསལ་བྱེད་ཟླ་བའི་འོད་ཀྱང་མི་གསལ་འགྱུར། །སྐྱེ་བོ་ཡོན་ཏན་སྤོང་བ་དེ་དག་སྤང་བ་དང་། ཡོན་ཏན་སྟོན་ལ་མཁས་པ་རྣམས་ལ་བརྟེན་པ་ཡིས། །འབངས་རྣམས་སྐྱོན་ལ་མི་དགའ་ཡོན་ཏན་དགར་འཇུག་ཅིང་། བདག་གི་གྲགས་པ་རབ་ཏུ་གསལ་ཞིང་རྒྱས་པར་མཛོད། །ཁྱོད་ཀྱིས་ཆོས་སྤྱད་གྱུར་ན་མི་ཡི་འཇིག་རྟེན་ཕལ་ཆེར་ནི། །ལེགས་པར་སྤྱོད་ལ་ཕྱོགས་ཤིང་མཐོ་རིས་ལམ་ལ་གནས་པར་འགྱུར། །ཁྱོད་ཀྱི་བརྩོན་འགྲུས་བསྐྱེད་དེ་འགྲོ་བ་འདི་དག་རྗེས་སུ་སྐྱོངས། དེ་བས་དུལ་བ་བཟང་པོའི་ལམ་དང་ལྡན་པའི་ཆོས་ལ་རྟེན། །ཚུལ་ཁྲིམས་རྣམ་པར་སྤྱོད་ལ་སྦྱིན་པའི་གྲགས་པ་སྤེལ། །ནང་མི་བཞིན་དུ་ཕྱི་མི་ལ་ཡང་བྱམས་པར་གྱིས། །ས་ལ་འཁོད་པ་ཆོས་ཀྱིས་སྐྱོངས་ལ་བག་མེད་སྤོངས། །དེ་ལྟར་བྱས་ན་གྲགས་པ་དང་ནི་མཐོ་རིས་འཐོབ། །ཆུན་པ་རྣམས་དང་ཕྱུགས་ལུག་འཚོ་བ་རྣམས། །མེ་ཏོག་འབྲས་བུ་ལྡན་པའི་ལྗོན་ཤིང་བཞིན། །རྒྱུ་དཔྱ་འབུལ་བའི་འབངས་རྣམས་མ་བསྐྱངས་ན། །སྨན་རྣམས་ཀུན་དང་རྒྱལ་པོ་འབྲལ་བར་འགྱུར། །ཚོང་ཟོང་སྣ་ཚོགས་ཉོ་ཚོང་བགྱིད་པ་ཡི། །ཚོང་པ་རྣམས་དང་ཕོ་བྲང་འཁོར་གྱི་མི། །དེ་བཞིན་ཤོ་གམ་གཅོད་ཅིང་དཔྱ་འབུལ་བ། །རྒྱལ་པོས་མ་བསྐྱངས་དཀོར་གྱིས་བྲེལ་བར་འགྱུར། །སྐྱོན་མེད་གཡུལ་ངོར་རབ་ཏུ་དཔའ་བོ་དང་། །མཚོན་ཆའི་དགྲ་ཐབས་མཁས་པ་དེ་ལྟ་བུ། །རྒྱལ་པོས་ཡལ་བར་བོར་ཞིང་མ་བཀུར་ན། །དགྲ་ལས་རྒྱལ་བའི་དབུ་རྨོག་བཙན་མི་འགྱུར། །དེ་བཞིན་ཚུལ་ལྡན་མཁས་པ་དགེ་བ་དང་། །ཡོན་ཏན་ཆེ་བར་གྲགས་པ་དགེ་བ་རྣམས། །རྒྱལ་པོས་སྨད་ཅིང་ཡལ་བར་བོར་ན་ནི། །མཐོ་རིས་འགྲོ་བའི་སྒོ་དང་འགལ་བར་འགྱུར། །འབྲས་བུ་མ་སྨིན་ཤིང་ལས་གང་འཐོག་པ། ས་བོན་ཆུད་གསན་རོ་ཡང་དེ་མི་མྱོང་། །དེ་བཞིན་རྒྱལ་པོས་ཆོས་མིན་དཔྱ་ཕབ་ན། །ཡུལ་ཡང་ཕུང་ལ་དེས་ཀྱང་ཕན་མི་ཐོགས། །ཇི་ལྟར་ལྗོན་ཤིང་ཡོན་ཏན་ཕུན་སུམ་ཚོགས། འབྲས་བུ་སྨིན་པ་བསྣམས་ཏེ་ཆེར་འབུལ་བ། །རྒྱལ་པོས་བསྲུངས་བའི་ཡུལ་ཡང་དེ་བཞིན་དུ། །ཆོས་དང་སྲིད་དང་བདེ་བ་འབྱོར་བར་བྱེད། །བློན་པོ་འཛངས་དང་གློ་བ་ཉེ་བ་དང་། །གྲོགས་པོ་སྐྱོན་མེད་བདག་གི་ནང་མི་རྣམས། །རིམ་གྲོར་བཅས་པའི་བྱ་དགའ་སྩལ་བ་དང་། །དགའ་བར་སྨྲ་བས་སེམས་ནི་ཆགས་པར་མཛོད། །དེ་བས་ཆོས་ཀྱི་དོན་ནི་ལྷུར་བླངས་ཏེ། །བདེ་བ་ཐོབ་ཕྱིར་འབངས་རྣམས་སེམས་པར་མཛོད། །ཆགས་དང་ཞེ་སྡང་མེད་པའི་ནན་ཏུར་གྱིས། །འབངས་རྣམས་སྐྱོངས་ལ་བདག་གིས་འཇིག་རྟེན་སྲུངས། །དེ་ལྟར་བདག་ཉིད་ཆེན་པོ་དེས་རྒྱལ་པོ་འཁོར་དང་བཅས་པ་དེ་ལྟ་བ་ལས་གྱུར་པའི་ལམ་ངན་པ་དེ་དང་ཕྲལ་ནས། །ཡང་དག་པའི་ལམ་ལ་བཙུད་དེ། དེ་ཉིད་ནས་ནམ་མཁའ་ལ་ལྡིང་བ་དང་། སྐྱེ་བོ་དེ་དག་གིས་ཐལ་མོ་སྦྱར་ཏེ། གུས་པར་ཕྱག་འཚལ་ཞིང་མཆོད་པ་བྱས་ནས། །དགོན་པའི་གནས་དེ་ཉིད་དུ་སླར་སོང་ངོ་། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་ཕན་གདགས་པ་དྲིན་དུ་གཟོ་བ་དང་། བཟོད་པ་ལ་གོམས་པས་རིམ་གྲོ་མ་བྱས་ཀྱང་སྔོན་ཆད་ཕན་འདོགས་འདོགས་པ་རྣམས་ལ་སྙིང་བརྩེ་བ་ལྷོད་པར་མི་འགྱུར་རོ། །དེ་ལྟ་བས་ན་རིམ་གྲོ་མ་བྱས་པ་ཙམ་གྱི་སྔོན་ཕན་བཏགས་པ་བརྗོད་པར་བྱ་བ་མི་རིགས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་མངོན་པར་རྫོགས་པར་སངས་མ་རྒྱས་པའི་ཚེ་ནའང་། ཕ་རོལ་གྱི་རྒོལ་བ་རྣམས་ཟིལ་གྱིས་མནན་ནས་སེམས་འདུལ་བར་མཛད་དོ་ཞེས་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །དེ་བཞིན་དུ་ལྟ་བ་ལོག་པ་ལ་རྗེས་སུ་ཆགས་པར་བྱར་མི་རུང་བ་དང་། སྡིག་པའི་གཞིར་འགྱུར་བས་རྟེན་དུ་མི་རུང་བའི་ཕྱིར་ལྟ་བ་ལོག་པ་ལ་སྨད་པ་ལའང་སྦྱར་བར་བྱའོ། །དེ་ལས་བཟློག་ནས་ཡང་དག་པའི་ལྟ་བའི་ཡོན་ཏན་བསྔགས་པ་ལའང་སྦྱར་བར་བྱའོ། །བྱང་ཆུབ་ཆེན་པོར་སྐྱེས་པའི་རབས་ཏེ་ཉི་ཤུ་གསུམ་པའོ།། །།


previousབྱང་ཆུབ་ཆེན་པོར་སྐྱེས་པའི་རབས་ཏེ་ཉི་ཤུ་གསུམ་པ།next