Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤྲེའུ་ཆེན་པོར་སྐྱེས་པའི་རབས་ཏེ་ཉི་ཤུ་བཞི་པ།
   
   
   
   
   
   
   
   
   
   


 
previousསྤྲེའུ་ཆེན་པོར་སྐྱེས་པའི་རབས་ཏེ་ཉི་ཤུ་བཞི་པ།next

སྤྲེའུ་ཆེན་པོར་སྐྱེས་པའི་རབས་ཏེ་ཉི་ཤུ་བཞི་པ།

སྐྱེས་བུ་དམ་པ་རྣམས་ནི་གནོད་པར་བྱེད་པ་རྣམས་དགེ་བའི་ཕྱོགས་ལས་ཉམས་ན། ཇི་ལྟར་སེམས་གདུངས་པར་འགྱུར་བ་དེ་ཙམ་དུ་བདག་གི་སྡུག་བསྔལ་གྱིས་སེམས་གདུངས་པར་མི་འགྱུར་རོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རེ་ཤིག་ཅིག་གངས་རི་དཔལ་དང་ལྡན་པའི་ངོས་འབྱུང་ཁུངས་ཀྱི་རྫས་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། ནགས་ཚལ་སྟུག་པོ་བཟང་པོས་ནི་ཀེའུ་ཤའི་དར་སྔོན་པོས་སྟོད་གཡོགས་བྱས་པ་བཞིན། ཐེལ་སྡིངས་དང་ཤང་ཤོར་དང་། རྣམ་པ་མང་པོ་ཁ་དོག་དང་། དབྱིབས་རྣམ་པ་དུ་མ་དག་ནི་ཆེད་དུ་བཤམས་པ་བཞིན། རི་དྲུང་གི་གད་པ་བང་རིམ་རྣམ་པ་སྣ་ཚོགས་ཀྱིས་ནི་བརྒྱན། འབབ་ཆུ་མང་པོ་དག་ནི་ཁ་དུ་མ་ནས་འབབ་གཅོང་རོང་ཟབ་མོ་གཡང་ཟ་བ་མང་པོ་དག་ནི་ཡོད། བུང་བ་མང་པོའི་སྒྲ་ནི་དི་རི་རི་ཟེར། ཤིང་ལྗོན་པ་མེ་ཏོག་དང་འབྲས་བུ་སྣ་ཚོགས་དང་ལྡན་པ་དག་ནི་བསེར་བུ་བསིལ་བ་ཡིད་དུ་འོང་བ་ལང་ནས་ནི་བསིལ་ཡབ་བྱེད་པ་བཞིན། རིག་སྔགས་འཆང་རྣམས་ཀྱི་རྩེད་མོའི་སར་རུང་བ་ཞིག་ན་སྤྲེའུ་ཆེན་པོ་གཅིག་པུ་རྒྱུ་བ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ། །དེ་དེ་ལྟ་བུའི་གནས་སྐབས་སུ་གྱུར་པའི་ཚེའང་ཆོས་ཀྱི་འདུ་ཤེས་ནི་མ་ཉམས། བྱས་པ་བཟོ་བ་ལ་མ་འཇུངས་པའི་རང་བཞིན་ཅན་རབ་ཏུ་བརྟན་པ་དང་ལྡན་པ་དེ་ལ་རྗེས་སུ་ཆགས་པ་བཞིན་དུ་སྙིང་རྗེས་མ་བཏང་ངོ་། །ནགས་ཚལ་རི་མཆོག་རྒྱ་མཚོར་བཅས་པའི་ས། །དུས་མཐའི་ཆུ་དང་མེ་དང་རླུང་དག་གིས །བརྒྱ་ཕྲག་དུ་མར་རྣམ་པར་ཞིག་པར་འགྱུར། །བྱང་ཆུབ་སེམས་དཔའི་སྙིང་རྗེ་ཡོང་མ་ཉམས། །བདག་ཉིད་ཆེན་པོ་དེ་དཀའ་ཐུབ་ཅན་བཞིན་དུ། །ནགས་ཀྱི་ཤིང་གི་ལོ་མ་དང་འབྲས་བུ་ཙམ་གྱིས་འཚོ་ཞིང་། ཚུལ་དེ་དང་དེ་དག་གིས་སྤྱོད་པའི་སྤྱོད་ཡུལ་དུ་བབ་པའི་སྲོག་ཆགས་རྣམས་ལ་སྙིང་བརྩེ་བར་བྱེད་ཅིང་དགོན་པའི་ས་ཕྱོགས་དེ་ན་གནས་པར་གྱུར་ཏོ། །དེ་ནས་མི་ཞིག་བ་བོར་བ་འཚོལ་བའི་ཕྱིར་ཀུན་དུ་རྒྱུ་ཞིང་སོང་སོང་བ་ལས། ལམ་སྟོར་ཞིང་ཕྱོགས་བསླད་དེ་འཁྱམས་ནས། ས་ཕྱོགས་དེར་འོངས་སོ། །དེ་བཀྲེས་པ་དང་། སྐོམ་པ་དང་། ཚ་བ་དང་ངལ་བས་ལུས་ནི་མྱ། ཡིད་མི་དགའ་བའི་མེས་ནི་ཁོག་པའི་ནང་གདུངས། མྱ་ངན་གྱི་ཁུར་ལྕི་བས་ནོན་པ་བཞིན་དུ། །ཤིང་ཞིག་གི་དྲུང་དུ་འདུག་པ་དང་། ཤིང་ཏིན་དུའི་འབྲས་བུ་སྨིན་ནས་ལྷགས་པ། ཁ་དོག་སེར་པོར་གྱུར་པ་ཅུང་ཟད་ཅིག་མཐོང་ངོ་། །དེས་དེ་དག་མྱངས་ན་བཀྲེས་པས་ཉེན་པས་རབ་ཏུ་ཞིམ་པར་རྟོགས་སོ། །དེ་དག་གང་ལས་བྱུང་བའི་ཤིང་བཙལ་བའི་ཕྱིར་སྤྲོ་བ་སྐྱེས་ནས་ཀུན་དུ་བལྟས་པ་དང་། ཤིང་ཏིན་དུ་ཞིག་གད་པ་གཡང་ཟ་བའི་ཁ་ན་འདུག་པའི་ཡལ་ག་འབྲས་བུ་སྨིན་པའི་ལྕིད་ཀྱིས་དུད་ཅིང་། སེར་པོར་གྱུར་པ་ཞིག་མཐོང་ངོ་། །དེ་འབྲས་བུ་དེ་འདོད་པའི་ཕྱིར་རིའི་གད་པ་གཡང་ཟ་བ་དེ་ལ་འཛེགས་ཏེ། ཤིང་ཏིན་དུའི་ཡལ་ག་འབྲས་བུ་ཅན་གཡང་ས་ལོགས་སུ་དུད་པར་གྱུར་པ་དེ་ལ་འཛེགས་པ་དང་། འབྲས་བུ་འདོད་པའི་ཕྱིར་ཤིང་དེའི་ཐོར་ཏེ་ལ་ཐུགས་པར་ཕྱིན་ཏོ། །དེ་ནས་ལྗོན་པའི་ཤིང་གི་ཡལ་ག་དེ། ལྕི་བའི་ལྕིད་ཀྱི་ནོན་ཅིང་ཕྲ་བ་ཡིས། །སྟ་རེས་ཆེད་དུ་རྩ་ནས་བཅད་པ་བཞིན། །སྒྲ་དང་བཅས་པར་ཆག་ནས་ལྷུང་བར་གྱུར། །དེ་དང་དེ་དག་བཅས་ཏེ་ལྷུང་ནས་རིའི་གཅོང་རོང་ཁོ་ར་ཁོར་ཡུག་བྲག་རིས་བསྐོར་བ་ཁྲོན་པ་དང་འདྲ་བ་ཞིག་ཏུ་ལྷུང་བ་དང་། ཤིང་ལོ་སྟུག་པོ་དང་དེ་ན་ཆུ་གཏིང་ཟབ་མོ་ཞིག་ཀྱང་ཡོད་པས། ལུས་ཀྱི་ཡན་ལག་ལ་ཆག་གྲུགས་སུ་ནི་ཅུང་ཟད་ཀྱང་མ་གྱུར་ཏོ། །དེ་ཆུའི་ནང་དེ་ནས་བྱུང་སྟེ། ཁོ་ར་ཁོར་ཡུག་ཏུ་བསྐོར་ན་གང་ནས་ཀྱང་ཐར་བར་འགྱུར་བའི་ལམ་ཡང་མ་མཐོང་བ་དང་། དེས་བསམས་པ་ཐབས་ཅིའང་མེད་པས། བདག་ནི་དེའུ་རེ་འདི་ཉིད་དུ་འཆིའོ་སྙམ་དུ་གསོན་དུ་རེ་བ་ནི་མེད། མྱ་ངན་གྱིས་གདུངས་བའི་མཆི་མས་ནི་གདོང་གཡོགས་ཡིད་རབ་ཏུ་མི་བདེ་བའི་ཟུག་རྔུས་ནི་བཙུགས། སེམས་སྤ་གོང་ནས་སྨྲེ་སྔགས་དེ་དང་དེ་དག་འདོན་པར་གྱུར་ཏོ། །ནགས་ཁུང་དགོན་པ་བགྲོད་དཀའ་བ། །སྐྱེ་བོ་འགྲུལ་པ་ཡོང་མེད་པ། །འདི་ལྟ་བུར་ནི་བདག་ལྷུང་སྟེ། །གང་དུ་བརྟགས་ཀྱང་འཆི་ལས་མེད། གཉེན་བཤེས་ཀུན་དང་བྲལ་ནས་གཅིག་པུར་ལུས། །ཤ་སྦྲང་མང་པོ་མདུན་མ་འདུ་བའི་ས། །གཅོང་རོང་ཟབ་མོའི་ཁ་ཡི་ནང་དུ་སོང་། རི་དྭགས་འདྲ་བ་བད ག་ལ་སུ་ཞིག་འབྱིན། །སྐྱེད་མོས་ཚལ་དང་ནགས་ཚལ་ལྡིང་ཁང་སྣ་ཚོགས་མཚོ། །ནོར་བུ་རིན་ཆེན་དཀར་བཀྲ་སྤྲིན་མཛེས་འགྲོ་བ་དག །ནག་པོའི་ཕྱོགས་ཀྱི་མུན་ནག་འདྲ་བའི་གཤིན་རྗེ་ཡིས། །ཀྱི་ཧུད་བདག་ལ་དེ་དག་བདག་ལ་སྣང་བ་མེད་པར་བྱེད། །དེ་ལྟར་མི་དེ་སྨྲེ་སྔགས་དེ་དང་དེ་དག་འདོན་ཅིང་། ཆུ་དེ་དང་བདག་དང་ལྷན་ཅིག་ཏུ་ལྷུང་བའི་ཤིང་ཏིན་དུ་ཀའི་འབྲས་བུ་དེས་དེ་འཚོ་ཞིང་རེ་ཤིག་དེ་ན་འདུག་འདུག་པ་ལས། དེ་ནས་སྤྲེའུ་བདག་ཉིད་ཆེན་པོ་དེ་ཟས་ཚོལ་ཞིང་ནགས་དེའི་ནང་ནས་སོང་སོང་བ་དང་། ཤིང་ཏིན་དུའི་ཡལ་གའི་རྩེ་མོ་རླུང་གིས་བསྐྱོད་པས་གཡབས་ཏེ་བོས་པ་བཞིན་དུ་དེར་འོངས་ནས་དེ་གད་པ་དེའི་ཁར་འཛེགས་ཏེ་བལྟས་ན། མི་དེ་ལྟོགས་པས་མིག་རྩ་ངན་ཅིང་བཞིན་མདོག་ནི་ཉམས། ལུས་ནི་རིད་ལ་སྐྱ་བོ་བསེང་བསེང་པོར་གྱུར། དེ་ན་འདྲེ་ལྡོག་ཅིང་རྩོལ་བ་མཐོང་ནས། མི་དེ་ཕོངས་ཤིང་ཉམས་ཐག་པ་ལ་སྤྲེའུ་ཆེན་པོ་དེ་སྙིང་བརྩེ་བར་གྱུར་ཏེ། ཟས་བཙལ་བ་བཏང་ནས་མི་དེ་ལ་ཡུན་རིང་དུ་བརྟགས་ཏེ། མིའི་སྐད་དུ་སྨྲས་པ། མི་ཡིས་ཐར་བ་མ་ཡིན་པའི། གཡང་ས་འདི་ན་འདུག་པ་ཁྱོད། །ཅི་ཕྱིར་འདིར་འོངས་སུ་ཞིག་ཡིན། །དེ་ནི་ལེགས་པར་སྨྲ་བར་རིགས། །དེ་ནས་སྤྲེའུ་ཆེན་པོ་དེ་ལ། །མི་དེ་རབ་ཏུ་ཕོངས་ཏེ་ཕྱག་འཚལ་ནས། ཐལ་མོ་སྦྱར་ཏེ་བལྟ་ཞིང་འདི་སྐད་ཅེས་སྨྲས་སོ། །ལྷ་དཔལ་བདག་ནི་མི་ཞིག་ལགས། །འཁྱམས་ནས་ནགས་ན་རྒྱུ་བ་ལས། །ཤིང་འདིའི་འབྲས་བུ་ཚོལ་ཚོལ་ནས། །འདི་ལྟ་བུ་ཡི་ཉམ་ཉེས་བྱུང་། །དེ་བས་གཉེན་བཤེས་དང་ཡང་བྲལ། ཉམ་ཉེས་ཆེན་པོ་བྱུང་བ་ལ། །སྤྲེའུ་ཚོགས་མང་པོའི་མགོན་པོ་ཁྱོད། བདག་གི་སྐྱབས་ཀྱང་མཛད་དུ་གསོལ། དེ་སྐད་ཅེས་ཟེར་བ་ཐོས་ནས། །སེམས་དཔའ་ཆེན་པོ་དེ་སྙིང་རྗེ་ཆེན་པོ་སྐྱེས་པར་གྱུར་ཏོ། །ཉམ་ཉེས་གྱུར་ཞིང་གཉེན་བཤེས་རྣམས་དང་བྲལ། །ཐལ་མོ་སྦྱར་ནས་དམན་པས་གསོལ་ན་ནི། །དགྲ་བོ་རྣམས་ཀྱང་སྙིང་རྗེ་སྐྱེ་འགྱུར་ན། །སྙིང་རྗེ་ཅན་རྣམས་བརྩེ་བ་གཡོ་བར་འགྱུར། དེ་ནས་བྱང་ཆུབ་སེམས་དཔའ་དེ་ལ་སྙིང་རྗེ་བལྟས་ཏེ། དེ་ལྟ་བུའི་དུས་ན་དཀོན་པའི་ཚིག་འཇམ་པོས་དབུགས་ཕྱུང་པ། གཡང་སར་ལྷུང་བས་བདག་ནི་མཐུ་མེད་ཅེའམ། གཉེན་བཤེས་མེད་སྙམ་མྱ་ངན་མ་བྱེད་ཅིག །ཁྱེད་ལ་གཉེན་གྱི་བྱ་བ་ཅི་ཡོད་པ། ཐམས་ཅད་ངས་བྱ་འཇིགས་པར་མ་གྱུར་ཅིག །དེ་ལྟར་སེམས་དཔའ་ཆེན་པོ་དེས་མི་དེ་དབུགས་ཕྱུང་ནས། དེའི་འོག་ཏུ་དེ་ལ་ཏིན་དུའི་འབྲས་བུ་གཞན་དག་ཅིག་ཀྱང་བྱིན་ཏེ་དེ་དབྱུང་དུ་རུང་བའི་ཐབས་སུ་རྡོ་བ་ལྕིད་མིའི་ཁུར་ཚད་ཙམ་ཞིག་ལ་གོམས་པར་བྱས་སོ། །དེ་ནས་བདག་ཉིད་ཀྱི་མཐུ་སྟོབས་ཉམས་སད་པ་དང་བདག་གིས་འདི་དབྱུང་ངེས་པར་ནུས་སོ་སྙམ་དུ་ངེས་པར་བསམས་ནས། །གཡང་ས་དེའི་ནང་དུ་ཞུགས་ཏེ་སྙིང་རྗེས་བསྐུལ་ནས། མི་དེ་ལ་སྨྲས་པ། ཚུར་ཤོག་ང་ཡི་རྒྱབ་ཏུ་ཞོན། ཁྱོད་ནི་སྟེང་དུ་ཕྱིན་པ་དང་། །རང་གི་ལུས་ལ་སྙིང་པོ་དག །ཕྱིན་གྱི་བར་དུ་ལེགས་པར་འཇུས། མཁས་པ་གཞན་ལ་ཕན་པའི་ཕྱིར། །སྒྲུབ་པར་བྱེད་པ་གང་ཡིན་པ། སྙིང་པོ་མེད་པའི་ལུས་ལས་ནི། །དམ་པས་སྙིང་པོ་བླངས་བར་འདོད། དེས་དེ་ལྟར་བགྱིའོ་ཞེས་མཉན་ནས་ཕྱག་འཚལ་ཏེ་དེ་ལ་ཞོན་ནོ། །དེ་ནས་མི་དེ་མངོན་པར་ཞོན་པ་དེ། །རབ་ཏུ་ལྕི་བའི་ཁུར་གྱིས་ནོན་བཞིན་ཡང་། །སྙིང་སྟོབས་ཆེ་བས་བརྟན་པ་མ་ཉམས་པར། །སྡུག་བསྔལ་ཆེན་པོས་དེ་ནི་སྟེང་དུ་ཕྱིན། །དེ་ནི་ཕྱིན་ནས་རབ་ཏུ་དགའ་བར་གྱུར། །ངལ་ཞིང་ཆད་པས་གོམ་པ་འཁྱོར་ཞིང་འདོར། ཆར་སྤྲིན་སྔོན་པོ་འདྲ་བའི་རྡོ་ལེབ་ལ། །ངལ་བ་སོས་པར་བྱ་ཕྱིར་ཉལ་བར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་རང་བཞིན་ཡོང་སུ་དག་པ་དང་། །ཕན་བཏགས་པའི་ཕྱིར་མི་དེས་ཉེས་པ་བྱས་སུ་དོགས་པ་མེད་དེ། བག་ཕབ་ནས་དེ་ལ་སྨྲས་པ། ཀུན་ནས་ཐར་པའི་ནགས་ཀྱི་ས་ཕྱོགས་འདིར། གཅན་ཟན་ཁྲོ་བོ་ཐགས་ཐོགས་མེད་པར་འོང་། ལ་ལ་ང་དང་རང་པ་ཡང་། ངལ་བས་གཉིད་ཀྱིས་ལོག་ལ་གསོད་ཀྱང་སྲིད། །ང་ནི་ངལ་ཞིང་ལུས་ཀྱང་རབ་ཏུ་རྨྱ། དེ་བས་ཅུང་ཞིག་ང་ནི་ཉལ་བར་འདོད། དེ་ཕྱིར་ཁྱོད་ནི་ཕྱོགས་སུ་མིག་ལྟོས་ལ། །ང་དང་ཁྱོད་བདག་གཉིས་ཀ་བསྲུང་བར་གྱིས། །དེ་ནས་དུལ་བ་ལྟར་ཚུལ་འཆོལ་པ་ལ་མཁས་པ་དེ་ན་རེ། སླར་ཡང་བདེ་བར་སད་པར་འགྱུར་བའི་སླད་དུ། ཁྱོད་ཅི་བདེ་བར་མནོལ་ཅིག་དང་། ཁྱོད་བསྲུང་བའི་ཕྱིར་བདག་འདི་ལྟར་མཆིས་སོ་ཞེས་དེ་ལ་བསྒོའོ། དེ་ནས་སེམས་དཔའ་ཆེན་པོ་དེ་ངལ་བར་གྱུར་པའི་མཐུས། གཉིད་ཀྱི་དབང་དུ་གྱུར་པ་དང་། མི་དེས་སེམས་ངན་པར་བསམས་པ། རབ་ཏུ་འབད་པས་རྙེད་པའི་རྩ་བ་དང་། །ནགས་ཀྱི་འབྲས་བུ་ཅི་དགར་རྙེད་པས་ཀྱང་། །འདི་ལྟར་ཡོངས་སུ་མྱ་བར་གྱུར་པའི་ལུས། །འཚོ་བ་ཙམ་ཡང་དཀའ་ན་ཇི་ལྟར་བལྟས། །དགོན་པ་འདི་ཡང་ཐར་བར་བྱ་བར་དཀའ། །མཐུ་སྟོབས་མེད་པར་ཇི་ལྟར་ཐར་བར་འགྱུར། དགོན་པ་བགྲོད་དཀའ་འདི་ལས་ཐར་བྱ་ན། འདི་ཡི་ཤ་འདིས་བདག་ན་རྟིས་པར་འགྱུར། །ཕན་པར་བྱས་ཀྱང་བཟར་ནི་རུང་བ་ཉིད། བཟའ་བ་འདི་ཡི་རང་བཞིན་དེ་འདྲ་སྟེ། ཕོངས་པར་གྱུར་ན་ཆོས་འདི་གྲུབ་པ་ཡིན། །དེ་བས་འདི་ནི་ལམ་གྱི་བརྒྱགས་སུ་རུང་། །ཇི་སྲིད་བག་ཕབ་བདེ་བར་གཉིད་ལོག་པ། །དེ་ཡི་བར་དུ་བདག་གིས་བསད་པར་ནུས། །འདི་དང་ཐབ་མོ་སྔོན་དུ་སྐྲད་གྱུར་ན། །སེང་གེ་དག་ཀྱང་ཕམ་དུ་དོགས་པ་སྐྱེ། །དེ་བས་ན་འདི་ནི་བདག་གིས་བཤོལ་བ་མི་རིགས་སོ། །སྙམ་ནས་ངེས་པར་བྱས་ཏེ་བདག་ཉིད་ངན་པ་དེ་ཆགས་པའི་སྐྱོན་གྱིས་བློ་ནི་རྨོངས། བྱས་པའི་དྲིན་གཟོ་ནི་མེད། ཆོས་ཀྱི་འདུ་ཤེས་ནི་ཉམས། སྙིང་རྗེ་དང་དེས་པའི་ངོ་བོ་ཉིད་ནི་རབ་ཏུ་སྤངས། ཉམས་ཆུང་ཡང་མི་དགོས་པ་བྱེད་པ་ལ་རབ་ཏུ་ཆགས་པས་རྡོ་བ་ཆེན་པོ་ཞིག་བཏེག་སྟེ། སྤྲེའུ་ཆེན་པོ་དེའི་མགོ་བོའི་སྟེང་དུ་འཕངས་སོ། །དེ་ནས་དེ་ནི་ཉམས་ཆུང་མི་བརྟན་ཞིང་། དོགས་པ་རབ་ཏུ་ཆེ་བས་རིངས་པ་དེས། །རྡོ་དེས་གཉིད་ལས་སངས་པར་བྱ་བའི་ཕྱིར། །འཕངས་པ་བཞིན་དུ་སྤྲེའུ་དེ་གཉིད་སངས་གྱུར། རྡོ་དེ་རིལ་གྱིས་ཕོག་པར་མ་གྱུར་པས། །དེ་ཡི་མགོ་བོ་ཕྱེད་མར་མ་གྱུར་ཏེ། །མཐའ་མའི་ཟུར་བས་དེ་ལ་རྨ་བྱུང་ནས། །རྡོ་ལེབ་སྟེང་དུ་སེར་བ་བཞིན་དུ་བབ། །རྡོ་བ་འཕངས་པས་མགོ་བོ་མ་ཞོམ་སྟེ། །བྱང་ཆུབ་སེམས་དཔའ་མྱུར་དུ་མཆོངས་ནས་ནི། །བདག་ལ་གསོད་པ་སུ་ཡིན་སྙམ་ནས་བལྟས། །དེ་ཉིད་སྐྱེངས་པ་བཞིན་དུ་འདུག་པ་མཐོང་། །སྐྱེངས་པས་གཟི་ཉམས་སྤོབས་པ་མེད་པར་གྱུར། །མི་དགའ་སྤ་གོང་མདོག་ཀྱང་ཉམས་པར་གྱུར། །སྐྲག་པར་གྱུར་པས་སྐད་འགགས་ཁ་ཡང་བསྐམས། །རྔུལ་གྱིས་གཤེར་ཞིང་ལྟ་ཡང་ཡོང་མ་ནུས། །དེ་ནས་སྤྲེའུ་ཆེན་པོ་དེས་བསམས་པ། །འདི་ཉིད་ཀྱིས་འདི་ལྟར་བྱས་སོ་སྙམ་དུ་བློ་ལ་ངེས་པར་བྱས་ནས། བདག་བསྣད་པའི་སྡུག་བསྔལ་ལ་མི་སེམས་པར། །དེ་བདག་ལ་ཕན་པ་ལའང་མི་ལྟ་བར་མི་བཟད་པའི་ལས་བྱེད་པ་དེས། ཡི་ཆད་ཅིང་སྙིང་རྗེ་སྐྱེས་ནས་ཁྲོ་བ་དང་འཁྲུག་པའི་སྐྱོན་མེད་པར་མིག་མཆི་མས་གང་བཞིན་དུ་མི་དེ་ལ་བལྟས་ཏེ། མྱ་ངན་གྱིས་ནོན་ཏེ་སྨྲས་པ། བཟང་པོ་ཁྱོད་ནི་མིར་གྱུར་ཀྱང་། འདི་འདྲ་བདག་ལ་ཁྱོད་ཀྱིས་བྱས། །བྱ་བ་ཅི་ལྟ་བསམས་ན་ནི། །ཅི་ལྟ་བུར་ཡང་བརྩམས་པར་འགྱུར། །ང་ལ་གནོད་པ་བྱེད་པ་ནི། །གཞན་དག་འོངས་ནའང་ཁྱོད་ཉིད་ཀྱིས། །བརྩོན་འགྲུས་རབ་ཏུ་བསྐྱེད་ནས་སུ། །མཐུ་རྩལ་ཆེན་པོས་བཟློག་པའི་རིགས། །བདག་གིས་དཀའ་བ་སྤྱད་དོ་སྙམ། །ང་ནི་ང་རྒྱལ་སྐྱེས་པར་གྱུར། །ཧ་ཅང་དཀའ་བར་སྤྱོད་ཁྱོད་ཀྱིས། །དེ་ཡང་རིང་དུ་སྤངས་བར་གྱུར། །འཆི་བདག་ཁ་ཡི་ནང་འདྲ་བ། །འཇིག་རྟེན་གཞན་ནས་བླངས་པ་བཞིན། །གཡང་ས་འདི་ནས་ངས་ཕྱུང་ནས། །ཁྱོད་ནི་གཞན་དུ་ལྷུང་བར་གྱུར། སྤྱོད་པ་ངན་པ་ཁྱོད་ཅི་རུང་། །མི་ཤེས་བཞིན་དུ་མི་བཟད་པ། །འགྲོ་བ་བདེ་བ་འདོད་པ་རྣམས། །གང་གིས་སྡུག་བསྔལ་རྣམས་སུ་ལྟུང་། །བདག་ཉིད་ངན་འགྲོ་རྣམས་སུ་ལྷུང་། །ང་ལའང་མྱ་ངན་མེ་ཡིས་གཏོར། །གྲགས་པའི་དཔལ་ནི་མེད་པར་བྱས། །ཡོན་ཏན་དགའ་བ་འགལ་བར་འགྱུར། །ངན་པར་སྨྲ་བའི་གཞིར་ཡང་གྱུར། །ཡིད་ཀྱང་བརྟན་དུ་མི་རུང་ངོ་། །ཁྱོད་ཀྱིས་དེ་ལྟར་བྱས་པ་ཡིས། །དོན་ནི་ཅི་ཞིག་འགྲུབ་པར་འགྱུར། །ཇི་ལྟར་འདི་ཉིད་ང་ཡི་ཡིད་ལ་གནོད་འགྱུར་བ། །དེ་ལྟར་ང་ལ་རྨ་འདི་གནོད་པར་མི་འགྲུར་རོ། །ཁྱོད་ཀྱི་ཕྱིར་ནི་ང་ཡང་སྡིག་པ་ཅན་དུ་གྱུར། །གང་ཕྱིར་འདི་ནི་ངས་ཀྱང་མེད་པར་བྱ་མི་ནུས། །ནགས་ཁུང་སྟུག་པོའི་འཇིགས་པ་མང་པོ་འདི་ནས་ཁྱོད། །གྲོང་འདབ་ལམ་དུ་བསྐྱལ་ཏེ་ཕྱིན་པར་མ་གྱུར་པ། །དེ་ཡི་བར་དུ་ང་ཡི་དྲུང་ནས་སྣང་བཞིན་འདོང་། །བརྟན་དུ་མི་རུང་དོགས་ཀྱང་ལེགས་པར་བསྐྱལ། །ཁྱོད་ནི་གཅིག་པུ་ལུས་ཀྱང་ཉམས་ཆུང་ལ། ལམ་ཡང་མི་ཤེས་ནགས་ན་འཁྱམ་ན་ནི། །འགའ་ཞིག་འོངས་ནས་གནོད་པ་བྱེད་པར་འགྱུར། ཁྱོད་ལ་གནོད་ན་ང་ཡང་དོན་མེད་འགྱུར། །སྤྲེའུ་ཆེན་པོ་དེས་མི་དེ་ལ་དེ་ལྟར་མྱ་ངན་ཆེན་པོ་བྱས་ཏེ་སྤྱོད་ནས་གྲོང་འདབ་ཏུ་ཕྱིན་པར་བྱས་ཏེ་དེའི་ལམ་ཡང་བསྟན་ནས་ཡང་སྨྲས་པ། ནགས་འདབ་ཉམས་དགའ་འདི་ནས་གྲོང་འདབ་ཁྱོད་ཕྱིན་གྱིས། །དགོན་པ་བགྲོད་དཀའི་འཇིགས་པ་བོར་ལ་བདེ་བར་སོང་། །སྡིག་པའི་ལས་ཀྱང་ཡོངས་སུ་སྤང་བར་འབད་པར་གྱིས། །དེ་ཡི་རྣམ་པར་སྨིན་པ་ངེས་པར་སྡུག་བསྔལ་འགྱུར། །དེ་ལྟར་སྤེའུ་ཆེན་པོ་དེས་མི་དེ་ལ་སྙིང་བརྩེ་བས་སློབ་མ་བཞིན་དུ་རྗེས་སུ་གདམས་ནས་སླར་ནགས་ཀྱི་ནང་དུ་སོང་ངོ་། །དེ་ནས་མི་དེ་དེ་ལྟ་བུའི་སྡིག་པའི་ལམ་མི་བཟད་པ་བྱས་པས། །འགྱོད་པའི་མེས་སེམས་གདུངས་ནས། །དེ་མ་ཐག་ཏུ་མཛེའི་ནད་ཆེན་པོས་བཏབ་སྟེ། གཟུགས་ནི་གཞན་དུ་གྱུར། །ལུས་ཀྱི་པགས་པ་ནི་ཤུ་བས་ཁྲོ་བོར་སོང་། །རྨ་ཞིག་པའི་ཆུ་སེར་གྱིས་ནི་ལུས་གཤེར་བར་གྱུར། ལུས་ཀྱི་དྲི་ནི་རབ་ཏུ་མི་ཞིམ་པ་མནམ་པར་གྱུར་ཏོ། །དེ་ཕྱོགས་གང་དང་གང་དུ་སོང་བ་དེ་དང་དེར་རབ་ཏུ་འཇིགས་པར་སྣང་བས། མིའི་གཟུགས་ཡིན་པར་ཡིད་ཆེས་སུ་མི་རུང་བ། སྐད་འཛེར་ཞིང་དམན་པར་སྨྲ་བ་མཐོང་ནས། མི་རྣམས་འདི་ནི་སྡིག་པ་མངོན་སུམ་དུ་འོངས་སོ་སྙམ་ནས། རྡོ་འཕེན་ཅིང་དབྱིག་པ་གདེངས་ཏེ། སྐྲོད་པའི་ཚིག་རྩུབ་པོས་རབ་ཏུ་སྐྲོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཞིག་རི་དྭགས་གཤོར་དུ་སོང་བ་ལ། དགོན་པ་ཞིག་ན་ཡི་དྭགས་བཞིན་དུ་འཁྱམས་པ། ཉམས་རབ་ཏུ་ཆུང་ཞིང་གོས་དྲི་མ་ཅན་གོན་པ། པ་ཅར་གྱིས་མདོམས་དཀྲིས་ཏེ། ལྟ་ན་རབ་ཏུ་མི་སྡུག་པ་ཞིག་མཐོང་ནས་སྔངས་ཤིང་ངོ་མཚར་དུ་བཟུང་སྟེ། དྲིས་པ། མཛེ་ཡིས་ལུས་ནི་མི་སྡུག་གྱུར། །ཤུ་བས་ལུས་ཀྱི་པགས་པ་བཀྲ། །སྐྱ་སྔོ་ལུས་རིད་རབ་ཏུ་དམན། །སྐྲ་ནི་རྡུལ་གྱིས་གང་བཞིན་གཡེངས། །ཁྱོད་ནི་སུ་ཡིན་ཡི་དྭགས་འདྲེའམ། །སྡིག་གི་གཟུགས་སམ་སྲུལ་པོའམ། །ནད་རྣམས་མང་པོ་ཚོགས་པའམ། །ནད་ཀྱི་ནང་ན་གང་ཞིག་ཡིན། །དེས་དེ་ལ་ཕྱག་འཚལ་ནས་སྐད་དམན་པས་སྨྲས་པ། །རྒྱལ་པོ་ཆེན་པོ་བདག་ནི་མི་ལགས་ཏེ། །མི་མ་ལགས་པའམ་མ་ལགས་སོ། །རྒྱལ་པོས་འོ་ན་ཅིའི་ཕྱིར་འདི་ལྟ་བུར་གྱུར་ཅེས་དྲིས་པ་དང་། །དེ་ལ་བདག་རང་གི་ཉེས་པ་སྤྱད་པ་རྣམས་བསྟན་ཏེ་སྨྲས་པ། །བྱམས་ལ་སྙིང་རིང་བྱས་པ་ཡིས། །མེ་ཏོག་འདི་ནི་རེ་ཤིག་མྱོང་། །དེ་བས་རབ་ཏུ་མི་བཟད་པའི། །འབྲས་བུ་གཞན་ནི་སླད་ཀྱི་མཆི། དེ་བས་བྱམས་ལ་སྙིང་རིང་བ། །དགྲ་བོ་བཞིན་དུ་ལྟ་བའི་རིགས། །རང་བཞིན་བྱམས་པའི་མཛའ་བཤེས་ལ། །རང་བཞིན་བྱམས་པས་ལྟ་བར་མཛོད། །བྱམས་པ་རྣམས་ལ་སྡང་བར་སྤྱོད་པའི་ཚུལ་བཟུང་ན། །ཚེ་འདི་ཉིད་ལ་འདི་འདྲའི་གནས་སྐབས་མྱོང་བར་འགྱུར། །ཆགས་ལ་སོགས་པའི་སྐྱོན་གྱིས་ཡིད་ནི་རྙོག་པ་རྣམས། །བྱམས་ལ་སྙིང་རིང་འགྲོ་བ་གཞན་དུ་འདི་ལས་དཔག །མཛའ་བོ་རྣམས་ལ་སེམས་ཤིང་བྱམས་པས་གྲགས་པ་ཐོབ། ཡིད་བརྟན་རིམ་གྲོ་བྱེད་པའི་བདེ་བའང་དེ་ལས་འཐོབ། །ངན་གྲོགས་བྱེད་པའི་ཡོན་ཏན་འཐོབ་ཅིང་ཡིད་ཀྱང་དགའ། །དགྲ་རྣམས་ཀུན་གྱིས་མི་ཚུགས་མཐོ་རིས་འཐོབ་པར་འགྱུར། །བྱམས་པའི་ཕྱོགས་ལ་ལེགས་ནོངས་ཅི་བགྱིས་པའི། །མཐུ་རྣམས་གྲུབ་པ་རྒྱལ་པོས་མཁྱེན་ནས་སུ། །སྐྱེ་བོ་དམ་པ་འདོད་པའི་ལམ་ལ་བརྟེན། །ལམ་དེར་སོང་ན་འབྱོར་པ་རྗེས་སུ་འབྲངས། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་གནོད་པ་བྱེད་པ་རྣམས་དགེ་བའི་ཕྱོགས་ལས་ཉམས་ན། ཇི་ལྟར་སེམས་གདུངས་པར་འགྱུར་བ་དེ་ཙམ་དུ་བདག་གིས་སྡུག་བསྔལ་གྱིས་སེམས་གདུངས་པར་མི་འགྱུར་རོ། །ཞེས་དེ་བཞིན་གཤེགས་པའི་བདག་ཉིད་ཆེ་བ་ལ་བརྗོད་པར་བྱའོ། །རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་པ་དང་། །བཟོད་པའི་གཏམ་བྱ་བ་དང་། །བྱམས་པ་ལ་སྙིང་ཉེ་བར་བྱ་བ་དང་། སྡིག་པའི་ལས་ཀྱི་ཉེས་དམིགས་བསྟན་པ་ལའང་བརྗོད་པར་བྱའོ། །སྤྲེའུ་ཆེན་པོར་སྐྱེས་པའི་རབས་ཏེ་ཉི་ཤུ་བཞི་པའོ།། །།


previousསྤྲེའུ་ཆེན་པོར་སྐྱེས་པའི་རབས་ཏེ་ཉི་ཤུ་བཞི་པ།next