Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རི་དྭགས་རུ་རུར་སྐྱེས་པའི་རབས་ཏེ་ཉི་ཤུ་དྲུག་པ།
   
   
   
   
   
   
   
   


 
previousརི་དྭགས་རུ་རུར་སྐྱེས་པའི་རབས་ཏེ་ཉི་ཤུ་དྲུག་པ།next

རི་དྭགས་རུ་རུར་སྐྱེས་པའི་རབས་ཏེ་ཉི་ཤུ་དྲུག་པ།

དགེ་བ་ཅན་རྣམས་ནི་གཞན་སྡུག་བསྔལ་བ་ཉིད་ཀྱིས་བདག་སྡུག་བསྔལ་ཏེ་དེ་མི་བཟོད་ཀྱིས། བདག་གི་སྡུག་བསྔལ་མི་བཟོད་པ་ནི་མ་ཡིན་ནོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རེ་ཤིག་ཅིག དགོན་པའི་ནགས་ཚལ་ཆེན་པོ་ཤིང་སཱ་ལ་དང་། བ་ཀུ་ལ་དང་། བི་ཡ་ལ་དང་། ཧིན་ཏ་ལ་དང་། མཱུ་ལེ་དྲུམ་ཤིང་དང་། ཏ་མ་ལ་དང་། ན་ག་ཏ་མ་ལ་དང་། བི་དུ་ལ་དང་། ནི་ཙུ་ལ་མང་པོ་དང་། ཤིང་ཤ་པ་དང་ཨ་ཏི་ནི་ཤ་དང་། ཤ་མི་དང་། བ་ལ་ཤ་དང་། ཙ་ཀ་ཤ་དང་། ཀུ་ཤ་དང་། འོད་མ་དང་། སྨིག་མའི་ནགས་ཚལ་སྟུག་པོ་དང་། ཤིང་ཀ་དམ་པ་དང་། སརྫ་དང་། ཨརྫུ་ན་དང་། དྷ་བ་དང་། སེང་ལྡེང་དང་། ཀུ་ཊཱ་ཛ་སྟུག་པོ་ཡོད་པ། ཤིང་ལྗོན་པའི་ལྡུམ་བུ་མང་པོ་འཁྲི་ཤིང་སྣ་ཚོགས་ཀྱིས་དཀྲིས་པ། རི་དྭགས་རུ་རུ་དང་པྲི་ཤི་ཏ་དང་། བྲི་མར་དང་། གཡག་རྒོད་དང་། གླང་པོ་ཆེ་དང་། བ་མེན་དང་། མ་ཧེ་དང་། དགོ་བ་དང་། ནྱང་ཀུ་དང་། ཕག་རྒོད་དང་། སྟག་དང་། གཟིག་དང་། སེང་གེ་དང་། སྤྱང་ཀི་དང་། དོམ་དང་། དྲེད་ལ་སོགས་པ་མང་པོ་རྒྱུ་བ། མིའི་རྒྱུན་ལུགས་མེད་པའི་ས་ཕྱོགས་ཞིག་ན། རི་དྭགས་རུ་རུ་གསེར་བཙོ་མའི་ཁ་དོག་གསལ་བ་འདྲ་བ། སྤུ་རབ་ཏུ་འཇམ་པ། ལུས་ཀྱི་མདོག་རིན་པོ་ཆེ་ཨནྡ་རྙིལ་དང་། མར་གད་དང་། བཻ་ཌཱུརྻའི་ཁ་དོག་འདྲ་བའི་ཚོན་སྣ་ཚོགས་ཀྱི་ཐིག་ལེས་བརྒྱན་པ་མིག་གི་དཀྱུས་རིང་ཞིང་བཀྲག་བཟང་བ། རྭ་དང་རྨིག་པ་ནོར་བུ་རིན་པོ་ཆེ་ལྟར་འཇམ་ཞིང་འོད་དང་ལྡན་པ། གཟུགས་བལྟ་ན་རབ་ཏུ་སྡུག་པ། རིན་པོ་ཆེའི་འབྱུང་གནས་འགྲོ་ཤེས་པ་འདྲ་བ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །དེ་ཡང་རང་གི་ལུས་ཆགས་སུ་རུང་བ་དང་། སྐྱེ་བོ་རྣམས་སྙིང་རྗེ་ཆུང་བར་ཤེས་ནས། ནགས་ཚལ་སྟུག་པོ་སྐྱེ་བ་མེད་པ་དག་ན་ཉམས་དགའ་བར་འདུག་གོ །དེ་སེམས་རྣོ་བས་ཕྱོགས་གང་དང་གང་ན་རྔོན་པ་རྣམས་རྒྱུ་བ་དང་། འཁྲུལ་འཁོར་དང་། རྟོད་དང་། རྒྱ་མོ་དང་། རྙི་བཙུགས་པ་དང་། རྙོང་དང་། ཤིང་གི་ཝ་འཛོལ་རྣམས་ལེགས་པར་སྤངས་ནས། རི་དྭགས་མང་པོ་རྗེས་སུ་འབྲངས་བ་རྣམས་ལའང་སློབ་དཔོན་དང་བ་བཞིན་དུ་སློབ་པ། རི་དྭགས་རྣམས་ཀྱི་བདག་པོ་བྱེད་ཅིང་འདུག་གོ །གཟུགས་དང་ཤེས་པ་ཕུན་སུམ་ཚོགས། །བྱ་བ་རྣམས་ལ་མཁས་པས་བརྒྱན། །བདག་ལ་ཕན་འདོགས་སྐྱེ་བོ་ལ། །མཆོད་པ་མི་བྱེད་སུ་ཞིག་ཡོད། །དེ་ནས་རེ་ཤིག་ཅིག་བདག་ཉིད་ཆེན་པོ་དེ་ནགས་ཚལ་སྟུག་པོ་དེ་ན་གནས་བཅས་ཤིང་འདུག་འདུག་པ་ལས། དེ་དང་ཉེ་བ་ཞིག་ན་འབབ་པའི་འབབ་ཆུ་ཆུ་གསར་དུ་བྲུག་པས་རབ་ཏུ་གང་བ། རབ་ཏུ་ཤུགས་དྲག་པོས་མི་ཞིག་ཁྱེར་ནས་ངུ་ཞིང་འབོད་པའི་སྒྲ་ཐོས་པར་གྱུར་ཏོ། །ཆུ་ཆེན་བྲུག་པ་རབ་ཏུ་དྲག་པོ་ཡིས། །ཁྱེར་ནས་མགོན་མེད་གཟིངས་ཀྱང་ཡོད་མ་ཡིན། །བདག་ལྟར་ཕོངས་ཤིང་ཉམས་ཐག་བསྒྲལ་བའི་ཕྱིར། །སྡུག་ལ་བྱམས་པ་མྱུར་དུ་རྒྱུག་སྟེ་ཟུང་། །ད་ནི་བཤོལ་དུ་རུང་བ་མ་ཡིན་ཏེ། །ངལ་ཞིང་དུབ་པས་དཔུང་པའང་བསྒྱུར་མི་ནུས། །ཟུག་ཅིང་འབོག་ཏུ་རུང་བའང་ཅུང་ཟད་མེད། །དེ་བས་རྒྱུགས་ཏེ་འོང་བའི་དུས་ལ་བབ། དེ་ནས་བྱང་ཆུབ་སེམས་དཔའ་དེ་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་འབོད་པའི་སྒྲ་དེས་སྙིང་ལ་བརྡེགས་པ་བཞིན་དུ་གྱུར་ནས་མ་འཇིགས་མ་འཇིགས་ཞེས་ཟེར་བའི་ཚིག །འཇིགས་པ་དང་མི་དགའ་བ་དང་། ངལ་བ་དང་དུབ་པ་སངས་པར་བྱེད་པ། ལོ་བརྒྱར་གོམས་པར་བྱེད་པ། གསལ་བ་གསང་བསྟོད་དེ་སྙིང་རྗེས་གདུངས་ནས། །མིའི་སྐད་དུ་ཕྱུང་སྟེ་ནགས་ཚལ་སྟུག་པོ་དེ་ནས་བྱུང་བ་དང་། ཐག་རིང་པོ་ནས་མི་དེ་ཆུས་ཁྱེར་བ་ཡིད་དུ་འོང་བའི་སྐྱེས་བསྐུར་ཏེ་བཏང་བ་བཞིན་དུ་འོངས་པ་མཐོང་ངོ་། །དེ་ནས་དེ་བསྒྲལ་ཕྱིར་ནི་དེས་བྱས་པ། །བདག་གི་སྲོག་ཡལ་བར་ཡང་མི་སེམས་པ། །དེ་ནི་འབབ་ཆུ་དྲག་པོ་འཇིགས་དེར་ཞུགས། །དགྲ་ཡི་དཔུང་རྣམས་འཇོམས་པའི་དཔའ་བོ་བཞིན། །དེ་ནས་ལུས་ཀྱིས་དེ་ཡི་ལམ་བཀག་སྟེ། །ང་ལ་འཇུས་ཞེས་དེ་ལ་ཚིག་ཏུ་སྨྲས། །སྐྲག་པས་ཉེན་ལ་ངལ་བས་ཡན་ལག་འཁུམས། །དེ་ནི་དེ་ཡི་རྒྱབ་ཏུ་ཞོན་པར་གྱུར། །མི་དེའི་ལྕིད་ཀྱིས་རབ་ཏུ་ནོན་གྱུར་ཅིང་། །འབབ་ཆུ་དྲག་པོའི་ཤུགས་ཀྱི་བདས་གྱུར་ཀྱང་། །དཔའ་སྙིང་བརྟན་ལ་རྩོལ་བ་དྲག་པོ་ཡིས། །ཡིད་དུ་འོང་བའི་འགྲམ་དུ་མ་ཉམས་ཕྱིན། །དེ་ནས་མི་དེ་འགྲམ་དུ་ཕྱིན་པར་བྱས་ནས་ནི། །རབ་ཏུ་དགའ་བས་ངལ་བའི་སྡུག་བསྔལ་མེད་པར་བྱས། །བདག་གི་དྲོད་ཀྱིས་དེ་ཡི་གྲང་བ་མེད་པར་བྱས། །ལམ་ཡང་བསྟན་ནས་དེ་ལ་སོང་ཞེས་སྨྲས་ནས་བཏང་། །དེ་ནས་མི་དེས། དེས་གྲོགས་བྱས་ཤིང་ཕན་བཏགས་པ་དེ་ལྟ་བུ་ཉེ་དུ་དང་གྲོགས་པོ་མཛའ་བོ་སུ་ལའང་མེད་པ། རབ་ཏུ་ངོ་མཚར་ཆེ་བ་དེས། སེམས་ནི་རབ་ཏུ་མགུ་བར་གྱུར། དེའི་གཟུགས་བཟང་པོ་དེས་ཀྱང་ཡ་མཚན་དང་ཞེ་ས་སྐྱེས་པར་གྱུར་ནས་ཕྱག་འཚལ་ཏེ། དེ་ལ་ཚིག་སྙན་པ་དེ་དང་དེ་དག་སྨྲས་པ། ཁྱོད་ཀྱིས་བདག་ལ་བགྱིས་པ་ནི། །གཉེན་བཤེས་བྱིས་པ་ཚུན་ཆད་ནས། །བྱམས་པར་གྱུར་པ་བདག་གིས་ཀྱང་། འདི་ལྟ་བུ་དག་བྱ་མི་ནུས། །བདག་གི་སྲོག་འདི་ཁྱོད་ཀྱི་ལགས། །ཁྱོད་ཀྱི་དོན་དུ་ཅུང་ཟད་ཙམ། །དགོས་པ་བཞིན་དུ་སྦྱང་ན་ནི། །བདག་ལ་རབ་ཏུ་བཀའ་དྲིན་ཆེ། །དེ་བས་ཅི་བགྱི་བཀའ་སྩལ་བས། །བདག་ལ་རྗེས་སུ་བཟུང་བའི་རིགས། །ཁྱོད་ལ་གང་དུ་ཅི་འཚལ་ན། །དེར་ནི་བདག་གིས་སྤྱད་དུ་གསོལ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ལ་མགུ་བར་བྱས་ཏེ་སྨྲས་པ། །སྐྱེ་བོ་དམ་པ་དྲིན་གཟོ་སྨད་མི་ཆེ། དེ་ཡི་ཆོས་ཉིད་རང་བཞིན་གྲུབ་པ་ཡིན། །འགྲོ་བ་རྣམས་ནི་འགྱུར་བ་མང་དུ་མཐོང་། །བྱས་པ་དྲིན་གཟོ་དེང་སང་ཡོན་ཏན་ཆེ། །དེ་བས་ན་ཁྱོད་ལ་གདམས་པ་ནི། ཕན་བཏགས་པ་འདི་རྗེས་སུ་དྲན་པར་བྱ་ན་སེམས་ཅན་འདི་ལྟ་བུ་ཞིག་གིས་བདག་ཆུའི་ནང་ནས་ཕྱུང་ངོ་ཞེས་ཁྱོད་སུ་ལའང་མ་ཟེར་ཅིག །ངའི་ལུས་འདི འང་ཤ་ཟར་རུང་བས་རབ་ཏུ་ཆགས་པར་གྱུར་པ་ཞིག་ཡིན་ལ། མི་རྣམས་ཀྱི་སྙིང་ཡང་འདོད་ཞེན་ཆེ་ལ་བག་མེད་པ་མང་སྟེ། དེ་བས་བདག་གི་ཡོན་ཏན་དང་། དེ་ཡང་ལེགས་པར་བསྲུང་བའི་རིགས། མཛའ་བོ་དག་ལ་སྙིང་རིང་བ། །གང་ནའང་བདེ་བ་ཡོད་མ་ཡིན། །ངེད་ཅག་ནི་རི་དྭགས་ཡིན་པས་མིའི་གཡོ་སྒྱུ་དང་ཕྱི་བཞག་ལ་མ་གོམས་པའི་ཕྱིར་ངས་དེ་སྐད་སྨྲས་པ་ལ་ཁོན་དུ་འཛིན་པའམ། སྙིང་མི་དགའ་བར་མ་སེམས་ཤིག །གཞན་ཡང་། ལོག་པའི་ཚུལ་འཆོས་མཁས་པ་ཡིས། །དེ་ལྟའི་གཡོ་དག་བྱས་པའི་ཕྱིར། །རང་བཞིན་གྱིས་ནི་དུལ་བ་ཡི། །སྐྱེ་བོ་རྣམས་ཀྱང་དོགས་པ་སྐྱེ། །དེ་སྐད་སྨྲས་པའང་ཁྱོད་ལ་ཕན་པར་འདོད་པའི་ཕྱིར་རོ། །དེས་ཀྱང་དེ་བཞིན་དུ་བགྱིའོ་ཞེས་མཉན་ནས་ཕྱག་འཚལ་ཏེ་སེམས་དཔའ་ཆེན་པོ་དེ་ལ་བསྐོར་བ་བྱས་ནས་རང་གི་ཁྱིམ་དུ་སོང་ངོ་། །དེའི་ཚེ་ཡུལ་དེའི་རྒྱལ་པོ་ཞིག་གི་བཙུན་མོ་རྨི་ལམ་རྣོ་བ་ཞིག་ཡོད་དེ། དེ་ཡང་རྨི་ལམ་ངོ་མཚར་ཆེ་བ་གང་དང་གང་རྨིས་པ་དེ་དག་དེ་བཞིན་དུ་འགྱུ་རོ། །དེ་རེ་ཤིག་ཅིག་གཉིད་ཀྱི་ལོག་པ་ལས། ཐོ་རངས་ཀྱི་རྨི་ལམ་དུ་རི་དྭགས་རུ་རུ་ཞིག་རིན་པོ་ཆེ་ཐམས་ཅད་བསོགས་པའི་ཚོགས་བཞིན་དུ། དཔལ་རབ་ཏུ་འབར་བ་སེང་གེའི་ཁྲི་སྟེངས་སུ་འདུག་ཅིང་། རྒྱལ་པོ་དང་བཅས་པའི་འཁོར་གྱིས་ཡོངས་སུ་བསྐོར་ཏེ། ཚིག་གསལ་ཞིང་སྡེབ་ལེགས་པས་ཆོས་འཆད་པ་མཐོང་ངོ་། །དེ་ནས་སེམས་ལ་ངོ་མཚར་ཆེར་བཟུང་བ་ལས། རྒྱལ་པོ་བཞེངས་སུ་གསོལ་བའི་རྔ་སྒྲ་ཐོས་ཏེ། སད་པ་དང་སྤོབས་ཤིང་གནང་བས་སྐབས་ཤིག་ཏུ་རྒྱལ་པོའི་སྤྱན་སྔར་སོང་ངོ་། །ངོ་མཚར་ཆེ་བས་མིག་དགྲད་དཔལ་ལྡན་དེ། །དགའ་བའི་མཁུར་ཚོས་གཡོ་བ་མཛེས་བཞིན་དུ། །རྨི་ལམ་ངོ་མཚར་མཐོང་བ་བཟླས་པ་དེས། །སྐྱེས་འབུལ་བཞིན་དུ་མི་ཡི་བདག་པོ་བལྟས། །རྨི་ལམ་བཟང་པོ་དེ་རྒྱལ་པོ་ལ་གསོལ་ནས་ཞེ་ས་བསྐྱེད་དེ་ཡང་སྨྲས་པ། ལྷ་ཅིག་དེ་བས་རི་དྭགས་བཟང་པོ་དེ། །བརྙེས་པའི་སླད་དུ་ནན་ཏན་བསྐྱེད་དུ་བསོལ། །རི་དྭགས་རིན་ཆེན་དེ་ཡིས་ཕོ་བྲང་ནང་། །མཁའ་ལ་སྐར་མ་བཞིན་དུ་མཛེས་པར་མཛོད། །དེ་ནས་རྒྱལ་པོ་དེ་བཙུན་མོ་དེའི་རྨི་ལམ་རྣོ་བར་ཡིད་ཆེས་པས་དེའི་ཚིག་མཉན་ཏེ། དེ་དགའ་བར་བྱ་བ་དང་། རི་དྭགས་རིན་པོ་ཆེ་དེ་རྙེད་པར་འདོད་པས། རི་དྭགས་དེ་བཙལ་བའི་ཕྱིར་རྔོན་པ་ཐམས་ཅད་ལ་བསྒོ་སྟེ། ཉིན་རེ་ཞིང་ཕོ་བྲང་དམ་པའི་འཁོར་དུ། འདི་སྐད་སྒྲོགས་སུ་བཅུག་གོ །རི་དྭགས་གསེར་གྱི་མདོག་ཅན་རིན་ཆེན་སྣ་ཚོགས་ཀྱིས། །ལུས་བརྒྱན་གྲགས་པ་ཐོས་སམ་གང་གིས་མཐོང་ཡང་རུང་། །དེ་ནི་རབ་ཏུ་སྟོན་པ་རྒྱལ་པོས་ཡུལ་གྲུ་མཆོག །བཅའ་བཅུ་ཙམ་དང་བུད་མེད་སྡུ་གུ་སྦྱིན། །དེ་ནས་མི་དེས་དེ་སྐད་བསྒྲགས་པ་ཡང་དང་ཡང་དུ་ཐོས་ནས། དབུལ་བའི་སྡུག་བསྔལ་བསམས་ན་སེམས་ནི་ཡོངས་སུ་སྐྱོ། །རི་དྭགས་རུ་རུས་ཕན་པ་ཆེན་པོ་བྱས་པའང་དྲན། །བརྐམ་པ་དང་ནི་ཕན་བཏགས་དེས་ཡིད་དྲངས་བ་ན། །སྙིང་ནི་བར་མ་དོར་གྱུར་དེ་དང་དེ་དག་སེམས། ཇི་ལྟར་བྱ་གེ་ཡོན་ཏན་ལ་བལྟའམ། འོན་ཏེ་ནོར་འབྱོར་བ་ལ་བལྟ། ཕན་བཏགས་པ་རྗེས་སུ་བསྐྱང་ངམ། འོན་ཏེ་ཁྱིམ་གྱི་སོ་ནམ་བསྐྱང་། འཇིག་རྟེན་ཕ་རོལ་གྱི་སྲིད་བྱའམ་འོན་ཏེ་འཇིག་རྟེན་འདིའི་སྲིད་བྱ། དམ་པའི་ཚུལ་གཟུང་ངམ་འོན་ཏེ་འདོད་ཆེན་གྱི་ཚུལ་གཟུང་། དཔལ་ཆེ་བ་ཉམས་སུ་མྱོང་བར་བྱ་འམ། འོན་ཏེ་དགེ་བ་རྣམས་དགའ་བའི་ངོ་ཚ་བལྟ། དེ་ལྟར་འཕྲལ་གྱི་དོན་ཆེད་ཆེར་བལྟའམ། འོན་ཏེ་ཡུན་རིང་པོའི་དོན་ཆེད་ཆེར་བལྟ། སྐྱེ་བོ་དམ་པའི་ཕྱོགས་གཟུང་ངམ། འོན་ཏེ་སྐྱེ་བོ་ངན་པའི་ཕྱོགས་གཟུང་སྙམ་པ་ལས། དེ་ནས་འདོད་ཆེན་གྱི་དབྱེན་སྤྱོ་བའི་བློ་ཅན་དེས་འདི་སྙམ་དུ་བསམས་སོ། །ནོར་མང་པོ་རྙེད་དེ་ཕུན་སུམ་ཚོགས་པར་གྱུར་ནས་མཛའ་བཤེས་དང་ནང་མི་དང་འགྲོན་དང་ཕོངས་པ་རྣམས་མགུ་བར་བྱེད་ཅིང་། བདེ་བ་ཉམས་སུ་མྱོང་བར་བྱས་ནས། །འཇིག་རྟེན་ཕ་རོལ་ཡང་བསྒྲུབ་ནུས་སོ་སྙམ་དུ་ངེས་པར་བསམས་ནས། རི་དྭགས་རུ་རུས་ཕན་པ་ཆེན་པོ་བྱས་པ་ནི་བརྗེད་དེ། རྒྱལ་པོའི་དྲུང་དུ་སོང་ནས་སྨྲས་པ། ལྷ་རི་དྭགས་མཆོག་དེ་གང་ན་གནས་པ་དེ་བདག་གིས་འཚལ་ན། །འདི་སུ་ལ་བསྟན་པར་བགྱི་བཀའ་སྩལ་དུ་གསོལ། རྒྱལ་པོ་དེས་དེ་སྐད་ཟེར་བ་ཐོས་པ་དང་། ཡིད་རབ་ཏུ་དགའ་བར་གྱུར་ཏོ། །བཟང་པོ་དེ་ང་ཉིད་ལ་ད་སྟོན་ཅིག །ཅེས་སྨྲས་ནས། རི་དྭགས་གཤོར་དུ་འགྲོ་བའི་ཆ་ལུགས་སུ་ཆས་ཏེ། དམག་གི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ནས། ཕོ་བྲང་དམ་པའི་ནང་ནས་བྱུང་སྟེ། མི་དེས་ལམ་དྲངས་ནས་འབབ་ཆུ་དེའི་ངོགས་སུ་སོང་ངོ་། །ནགས་ཚལ་སྟུག་པོ་དེ་ཡང་དམག་གི་དཔུང་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཏེ། ལག་ན་མདའ་གཞུ་ནི་ཐོགས། ཡིད་ཆེས་པའི་མི་རྣམས་ཀྱིས་ནི་བསྐོར་ནས། རྒྱལ་པོ་དེ་མི་དེ་ཉིད་ཀྱི་ལམ་དྲངས་ཏེ་ནགས་ཚལ་སྟུག་པོ་དེའི་ནང་དུ་ཞུགས་སོ། །དེ་ནས་མི་དེས་རི་དྭགས་རུ་རུ་དེ་བག་ཕབ་ཅིང་འདུག་པ་མཐོང་ནས་རྒྱལ་པོ་ལ་བསྟན་པ། ལྷ་རི་དྭགས་ཀྱི་མཆོག་དེ་ནི་འདི་ལགས་ཏེ། དེ་བས་ན་ནན་ཏན་ཆེར་མཛད་དུ་གསོལ་ཞེས་སྨྲས་སོ། །རི་དྭགས་ལེགས་པར་བསྟན་པའི་ཕྱིར། །དེ་ཡི་ལག་པ་བསྒྲེང་བ་དང་། རལ་གྲི་རྣོན་པོས་བཅད་པ་བཞིན། །ལག་པའི་མཁྲིག་མར་ཆད་དེ་ལྷུང་། །དངོས་པོ་དེ་ལྟ་བུ་དེ་བརྟེན་པ་དང་། བྱ་བའི་ཁྱད་པར་དག་གིས་བསྟངས་ན་ནི། །གཉེན་པོ་ཆུང་ན་རབ་ཏུ་རྒྱས་གྱུར་ནས། །ལས་རྣམས་འབྲས་བུ་འཕྲལ་དུ་སྨིན་པར་འགྱུར། །དེ་ནས་རྒྱལ་པོ་དེ་མི་དེས་བསྟན་པའི་ལམ་ཕྱོགས་སུ་རི་དྭགས་བལྟ་འདོད་པའི་མིག་གིས་བལྟས་པ་དང་། ཆར་སྤྲིན་འདྲ་བའི་ནགས་ཚལ་སྔོན་པོ་ན། །རིན་ཆེན་གཏེར་འདྲ་ལུས་ཀྱི་དཔལ་གྱིས་འབར། །རི་དྭགས་རུ་རུ་ཡོན་ཏན་མཆོག་དེ་མཐོང་། །སྤྲིན་གྱི་ནང་ན་གློག་འགྱུ་མེ་འབར་བཞིན། དེ་ནས་དེའི་གཟུགས་བཟང་པོས་ཡིད་ཕྲོགས་ནས། །རྒྱལ་པོ་དེ་ནི་དེ་གཟུང་འདོད་པ་ཡིས། །གཞུ་བརྡུངས་མདའ་ནི་གྲོང་དུ་བཅུག་ནས་སུ། །དེ་ལ་འཕང་བའི་ཕྱིར་ནི་གཞུ་བཀང་ངོ་། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། །ཁོ་ར་ཁོར་ཡུག་ན་མི་མང་པོ་ཀུ་ཅོ་འདོན་པ་གྲག་པ་དང་སྦྱར་ན། །བདག་ནི་ཀུན་ནས་བསྐོར་ཟིན་པར་གོར་མ་ཆག་གོ་སྙམ་ནས། རྒྱལ་པོ་བདག་ལ་མདའ་འཕེན་པར་ཆས་པར་ཤེས་ཏེ། ད་ནི་བྲོས་ཀྱང་མི་ཕན་ནོ་སྙམ་ནས་མིའི་སྐད་དུ་ཕྱུང་སྟེ། ཚིག་འབྲུ་གསལ་བས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་རེ་ཤིག་གཞེས། མི་མཆོག་བདག་ལ་མ་འཕེན་པར། །རེ་ཤིག་ངོ་མཚར་ཆེན་པོ་ཡིས། །ཐེ་ཚོམ་འདི་ནི་བསལ་དུ་གསོལ། །ནགས་ཚལ་སྟུག་པོ་འདི་ལྟ་བུ། །སྐྱེ་བོའི་རྒྱུན་ལུགས་མེད་པ་ན། རི་དྭགས་འདི་འདྲ་གནས་སམ་ཞེས། ཁྱེད་ལ་སུ་ཡིས་བདག་མཆིས་གསོལ། དེ་ནས་རྒྱལ་པོ་དེ་རི་དྭགས་མིའི་སྐད་དུ་སྒྲ་རབ་ཏུ་ངོ་མཚར་ཆེ་བ་དེས། སེམས་རབ་ཏུ་དུལ་བར་གྱུར་ནས་དེ་ལ་འདི་ལྟ་བུའི་ངོ་མཚར་ཆེན་པོ་བདག་ལ་སྟོན་པ་ནི་འདི་ལགས་སོ་ཞེས་མི་དེ་མདའི་རྩེ་མོས་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་མི་དེ་ངོ་ཤེས་ནས་སྨད་པའི་ཕྱིར་སྨྲས་པ། ཀྱི་ཧུད་ཀྱི་ཧུད་ཁྱེད་ལྟ་བུའི་ངན་པ། །ཁྲེལ་མེད་མི་དག་ཕྱུང་བ་བས། །ཆུ་ཡི་ཤུགས་ཀྱིས་ཁྱེར་བ་ཡི། ཤིང་དག་ཕྱུང་ཡང་བླའོ་ཞེས། །གཏམ་དུ་གྲགས་པ་དེ་རེ་བདེན། །དེ་ལྟར་འབད་པ་དེ་ཡི་ལན། །འདི་ལྟ་བུ་ཡིས་ཕན་གདགས་སམ། །བདག་ལ་ཕན་པའང་མ་མཐོང་ན། །ཚུལ་མིན་མཐོང་བར་ག་ལ་འགྱུར། །དེ་ནས་རྒྱལ་པོ་དེ་འདི་ལྟར་སུ་ལ་སྨོད་སྙམ་ནས་ངོ་མཚར་ཆེར་གྱུར་ཏེ། མི་དགའ་བཞིན་དུ་རི་དྭགས་རུ་རུ་དེ་ལ་སྨྲས་པ། དམིགས་ཀྱིས་མ་ཕྱེ་དོན་ཟབ་པ། །སྤྱི་ལ་རྣམ་པར་སྨོད་པ་འདིའི། །བདག་གིས་ཐོས་པར་གྱུར་ནས་ནི། །བདག་གི་ཡིད་ཀྱང་འདར་བ་འདྲ། །དེ་བས་རི་དྭགས་དམ་པ་ཁྱོད། །སུ་ལ་བརྩམས་ཏེ་བཀྱོན་པར་གསུངས། མིའམ་འོན་ཏེ་མི་མ་ཡིན། །བྱའམ་འོན་ཏེ་རི་དྭགས་ལ། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་འདི་ནི་གཞན་ལ་སྨད་མ་ལགས། །ལས་འདི་སྨད་པར་འོས་པའི་ཕྱིར་སྨྲས་སོ། །འདི་འདྲ་ཕྱིན་ཆད་བྱ་བ་མི་རིགས་སྙམ། །བདག་གིས་བསམས་ནས་དེ་ཕྱིར་དེ་སྐད་སྨྲས། །སྣད་བའི་རྨ་ལ་སུ་ཞིག་ཞིགས་པར་བགྱིད། །འཁྱམས་པ་དག་ལ་སུ་ཞིག་རྩུབ་པོར་སྨྲ། །སྡུག་པའི་བུ་ལའང་ཕན་པར་འདོད་པའི་ཕྱིར། །ནད་ཀྱི་དབང་གིས་སྨན་དཔྱད་བྱེད་པའང་ཡོད། །འབབ་ཆུ་དྲག་པོས་ཁྱེར་ཏེ་སོང་བ་ལས། །སྙིང་རྗེའི་དབང་གིས་བདག་གིས་ཕྱུང་བ་ལ། །དེ་ལས་བདག་ལ་འཇིགས་པ་འདི་འདྲ་བྱུང་། །མ་རབས་བརྟེན་ན་རུང་བ་ག་ལ་འགྱུར། །དེ་ནས་རྒྱལ་པོ་དེས་མི་དེ་ལ་སྡང་མིག་ཏུ་བལྟས་ཏེ་སྤྱོ་བའི་ཚིག་ཏུ་སྨྲས་པ། ཀྭ་ཡེ་ཁྱོད་དེ་ལྟར་ཉམ་ཉེས་པ་ལས། རི་དྭགས་འདིས་ཕྱུང་བ་བདེན་ནམ། དེ་ནས་མི་དེ་དེ་ལ་འཇིགས་ཤིང་སྐྲག་ལ། །རྔུལ་ཤིང་མདོག་ཉམས་ཤིང་ངོ་ཚ་བས་གཅོམ་སྐྱུངས་ཏེ་མད་དོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་དེས་ཁྱོད་ལྟ་བུ་ངན་པ་ནི་མེད་མོད་ཞེས་སྤྱོས་ནས་མདའ་གྲོང་དུ་བཅུག་སྟེ་སྨྲས་པ། ཀྭ་ཡེ་ཁྱོད་སྡོད་ཅིག །དེ་ལྟར་འབད་པས་ཕན་པ་ཆེར་བྱས་ཀྱང་། །གང་གི་སེམས་ནི་དུལ་བར་མ་གྱུར་པ། །མཚུངས་པའི་ནང་ན་གཏམ་ངན་རྒྱལ་མཚན་ཐོགས། མི་ངན་དེ་འདྲ་གསོན་ཏེ་ཅི་ཞིག་རུང་། །དེ་སྐད་ཅེས་སྨྲས་ནས་མདའ་གྲོང་དུ་བཅུག་སྟེ། དེ་བསད་པའི་ཕྱིར་གཞུ་བཀང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོས་སྙིང་གདུངས་ཏེ། དེ་དག་གཉིས་ཀྱི་བར་དུ་འདུག་སྟེ་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་གུམ་ལགས་པ་བཀུམ་སྟེ་ཅི་རུང་། མ་མཛད་མ་མཛད། གང་གི་ཚེ་ན་འདོད་ཆེན་དགྲས་བསྐུལ་ཏེ། སྨད་པའི་གནས་སུ་ཉེ་བར་འདི་སོང་བ། །གྲགས་པ་ཉམས་པས་དེ་ཚེ་བཀུམ་པར་གྱུར། །བསོད་ནམས་ཉམས་པས་སླད་མའི་ཚེའང་བཀུམ། །སྡུག་བསྔལ་བཟོད་པར་དཀའ་བས་ཡིད་གདུངས་ནས། །མི་རྣམས་འདི་ལྟ་བུར་ནི་བརླག་པར་འགྱུར། །འབྲས་བུ་ཕུན་སུམ་ཚོགས་པ་འདོད་པས་བསླུས། །མར་མེའི་འོད་ཀྱི་ཕྱེ་མ་ལེབ་བྲིད་བཞིན། དེ་བས་ཐུགས་རྗེ་མཛོད་ལ་མ་བཀྱོན་པར། །འདི་ཉིད་ཅུང་ཟད་ཅི་དང་ཅི་འཚལ་བ། །དེ་དག་རྩོལ་ལ་ཐུབ་ཆོད་དོན་ཡོད་མཛོད། །བདག་ནི་ཁྱོད་ཀྱི་བཀའ་སྩལ་སྤྱི་བོས་ནོད། །དེ་ནས་རྒྱལ་པོ་ཆེན་པོ་དེ་དེ་ལྟར་གནོད་པར་བྱེད་པ་པོ་ལའང་སྙིང་རྗེ་དང་བཅས་ཤིང་གཡོ་མེད་པར་དེ་ལ་སླར་ཡང་ཕན་འདོགས་པར་བྱེད་པ་དེས་རབ་ཏུ་ངོ་མཚར་ཆེ་བར་གྱུར་ནས་སེམས་དང་བ་བསྐྱེད་ཏེ་གུས་པ་དང་བཅས་པར་བལྟས་ནས། རི་དྭགས་ཀྱི་མཆོག་དེ་ལ་སྨྲས་པ། སྐལ་པ་ཆེན་པོ་ལེགས་སོ་ལེགས། ཕྲལ་དུ་མི་བཟོད་གནོད་བྱེད་ལའང་། །གང་གིས་སྙིང་རྗེ་འདི་འདྲ་བ། །ཁྱོད་ནི་ཡོན་ཏན་ཉིད་ཀྱི་མི། །བདག་ཅག་མི་ཡི་གཟུགས་སུ་བས། །བླུན་པོ་འདི་ལ་ཁྱོད་ཀྱིས་བརྩེ་བར་མཛོད། །སྐྱེས་བུ་མཆོག་དང་བདག་མཇལ་རྒྱུ་ལགས་པ། །འདི་ཉིད་འཚལ་བའི་ནོར་རྣམས་སྩལ་བར་བགྱི། །རྒྱལ་སྲིད་འདི་ལ་ཁྱོད་ནི་ཅི་བདེར་སྤྱོད། །རུ་རུས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་གནང་བ་འདི་དོན་མཆིས་པར་བགྱི་སྟེ། བདག་གིས་བླངས་ཀྱིས། དེ་བས་ན་ཁྱོད་འདིར་བྱོན་པའི་དགོས་པ་དེ་བདག་གིས་སྦྱར་བར་འཚལ་ན། བཀའ་སྩལ་དུ་གསོལ། དེ་ནས་རྒྱལ་པོ་དེས་རི་དྭགས་རུ་རུ་དེ་ཤིང་རྟ་མཆོག་གི་སྟེང་དུ་བཞག་ནས་བཀུར་སྟི་ཆེན་པོ་བྱས་ཏེ། ཕོ་བྲང་དམ་པའི་ནང་དུ་བཅུག་ནས། མགྲོན་དུ་བྱ་བའི་བཀུར་སྟི་བྱས་ཏེ། སེང་གེའི་ཁྲི་ཆེན་པོ་ལ་བཞག་ནས། བཙུན་མོའི་འཁོར་དང་བློན་པོ་མང་པོས་བསྐོར་ཏེ་དགའ་ཞིང་ཞེ་ས་བསྐྱེད་ནས་ཞི་བར་ལྟ་ཞིང་ཆོས་དྲིས་པ། མི་རྣམས་ཆོས་ལ་བལྟ་བའི་ཕྱིར། །བློ་ནི་རྣམ་པ་མང་དུ་སྐྱེས། །ཁྱོད་ནི་ཆོས་རྣམས་གཏན་ལ་འབེབས། ཇི་ལྟར་ལགས་པ་བཤད་དུ་གསོལ། །དེ་ནས་བྱང་ཆུབ་སེམས་དཔས་རྒྱལ་པོ་འཁོར་དང་བཅས་པ་ལ་ཚིག་འབྲུ་གསལ་ཞིང་སྙན་པ་བཟང་པོས་ཆོས་བཤད་པ། །རྒྱལ་པོ་ཆོས་ནི་མདོར་བཤད་ན། །སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད། །གསོད་དང་རྐུ་ལ་སོགས་པ་སྤོངས། །རྣམ་པ་གསུམ་དུ་དགྱེས་པར་བྱེད། །རྒྱལ་པོ་ཆེན་པོ་གཟིགས་སུ་གསོལ། །བདག་རང་ཉིད་དམ་ནང་མི་ལ། །བརྩེ་བ་བཞིན་དུ་གཞན་ལའང་བརྩེ། །དེ་ཡི་སེམས་ནི་ཆོས་མིན་ལ། །འཇུག་པའི་མི་དགེ་ག་ལས་འབྱུང་། །སྐྱེས་བོ་སྙིང་རྗེ་མེད་པས་ན། །ངག་ལུས་ཡིད་ཀྱི་སྤྱོད་པ་རྣམས། །ནང་མི་ལ་ཡང་ཕྱི་མི་བཞིན། །མི་རིགས་སྤྱོད་པ་མཆོག་ཏུ་འགྱུར། །དེ་བས་ཆོས་ལ་དད་པ་ཡིས། །སྙིང་རྗེ་གཏང་བར་མི་བྱེད་དེ། །ཆར་འབབ་ལོ་ཏོག་འཕེལ་བ་བཞིན། །དེ་ལས་ཡོན་ཏན་འཕེལ་བར་འགྱུར། །སྙིང་རྗེས་ནོན་པའི་སེམས་ཀྱིས་ནི། །གཞན་ལ་གནོད་པ་བྱེད་མི་འགྱུར། །གཙང་མ་དེ་ལ་ལུས་དང་ངག་ཀྱང་གཞན་དུ་འགྱུར་བ་མེད། །དེ་ལྟར་བྱེད་པ་གཞན་ལ་ཕན་འདོགས་དེ་ནི་དགའ་བས་དར། །སྦྱིན་དང་བཟོད་ལ་སོགས་པའི་ཡོན་ཏན་གྲགས་དང་མཐུན་པ་འཕེལ། །སྙིང་རྗེ་ཅན་ནི་ཉེ་བར་ཞི་བས་གཞན་གྱི་ཡིད་ཀྱང་འབྱུང་། སྙིང་རྗེར་ལྡན་པའི་སྐྱེ་བོ་རྣམས་ཀྱི་གཉེན་བཞིན་ཡིད་བརྟན་འགྱུར། །སྙིག་རྗེའི་དབང་གྱུར་སྙིང་ལ་འཐབ་མོའི་འཁྲུག་པ་ཡོང་མི་འབྱུང་། སྙིང་རྗེའི་ཆུས་བརླན་སེམས་ལ་འཁྲུག་པའི་མེ་འབར་ཡོང་མི་འགྱུར། དེ་བས་མདོར་ན་སྙིང་རྗེ་བརྟན་པའི་མཁས་པ་ཆོས་ལ་བལྟ། །དགེ་བ་དགའ་བའི་ཡོན་ཏན་བརྩེ་ལ་མི་བརྟན་གང་ཞིག་ཡོད། དེ་བས་བདག་དང་བུ་བཞིན་སྐྱེ་བོ་དག་ལ་སྙིང་རྗེ་སྐྱེད། །དམ་པའི་ཚུལ་གྱིས་འགྲོ་བའི་ཡིད་འོང་རྒྱལ་པོའི་ཚུལ་སྟོན་ཅིག །དེ་ནས་རྒྱལ་པོ་དེ་དེའི་ཚིག་ལ་མངོན་པར་དགའ་བར་གྱུར་ནས། ཕོ་བྲང་འཁོར་གྱི་མི་དང་བཅས་པར་ཆོས་ཉམས་སུ་ལེན་པར་གྱུར་ཏོ། །རི་དྭགས་དང་བྱ་ཐམས་ཅད་ལའང་མི་འཇིགས་པ་བྱིན་ནོ། །རི་དྭགས་རུ་རུར་སྐྱེས་པའི་རབས་ཏེ་ཉི་ཤུ་དྲུག་པའོ།། །།


previousརི་དྭགས་རུ་རུར་སྐྱེས་པའི་རབས་ཏེ་ཉི་ཤུ་དྲུག་པ།next