Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཟོད་པ་སྨྲ་བར་སྐྱེས་པའི་རབས་ཏེ་ཉི་ཤུ་བརྒྱད་པ།
   
   
   
   
   
   


 
previousབཟོད་པ་སྨྲ་བར་སྐྱེས་པའི་རབས་ཏེ་ཉི་ཤུ་བརྒྱད་པ།next

བཟོད་པ་སྨྲ་བར་སྐྱེས་པའི་རབས་ཏེ་ཉི་ཤུ་བརྒྱད་པ།

བམ་པོ་བཅུ་པ། །བཟོད་པ་ལ་གོམས་ཤིང་། །སོ་སོར་བརྟགས་ཏེ་མནགས་པའི་ཤས་ཆེ་བ་རྣམས་ནི་མནགས་མི་ཐུབ་ཅེས་བྱ་བ་མེད་དོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་ནི་ཉེས་པ་མང་པོའི་སྡུག་བསྔལ་དང་ལྡན་པ། སྲིད་པ་དང་འདོད་པ་ལྷུར་ལེན་པས་ཉེ་བར་མ་ཞི་བ། འདོད་ཆགས་དང་། ཞེ་སྡང་དང་། མི་བཟོད་པ་དང་། འཐབ་པ་དང་། དྲེགས་པ་དང་། ང་རྒྱལ་དང་། སེར་སྣ་ལ་སོགས་པའི་སྐྱོན་རྣམས་ཀྱི་གནས། །ངོ་ཚ་བའི་ཆོས་མེད་པར་བྱེད་པ། འདོད་ཆགས་སྐྱེ་བའི་གནས། བྱ་བ་ངན་པས་བསྐལ་བས། ཆོས་སྤྱད་པའི་གོ་སྐབས་མེད་པར་ཤེས་ལ་རབ་ཏུ་བྱུང་བ་ནི་འདུ་འཛིའི་སྤོང་ཞིང་ཉེས་པ་དེ་ལྟ་བུ་མེད་པའི་བདེ་བ་ཅན་དུ་མཐོང་ནས། ཚུལ་ཁྲིམས་དང་མང་དུ་ཐོས་པ་དང་། རབ་ཏུ་ཞི་བ་དང་དུལ་བ་ཡིད་ལ་ངེས་པར་བྱེད་པའི་དཀའ་ཐུབ་ཅན་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །དེ་བཟོད་པར་བྱས་པའི་དམ་བཅའ་བ་མ་ཉམས་ཤིང་བཟོད་པའི་བསྔགས་པ་བརྗོད་པར་བྱེད་ལ། དེ་དང་རྗེས་སུ་མཐུན་པའི་ཆོས་གོ་རིམས་བཞིན་དུ་འཆད་པས། བདག་རང་གི་མིང་རུས་ནས་སུ་ཡང་མི་འབོད་པར། བཟོད་པ་སྨྲ་བ་ཞེས་འཇིག་རྟེན་པ་རྣམས་ཀྱིས་ཡང་དག་པའི་བློ་བསྐྱེད་དེ་མིང་དུ་གྲགས་སོ། །དབང་ཕྱུག་རིག་པ་དཀའ་ཐུབ་ཕུན་སུམ་ཚོགས། སྒྱུ་རྩལ་རྣམས་ལ་གོམས་པའི་རྒྱ་ཆེ་བ། །ལུས་དང་ངག་གི་སྤྱོད་པ་མཐུ་རྩལ་ཅན། །མི་རྣམས་མིང་ནི་གཞན་དུ་འདོགས་པར་བྱེད། །དེ་ནི་བཟོད་པའི་ཡོན་ཏན་མཐུ་ཤེས་ནས། །དེ་ཡིས་བདག་གཞན་འཇིག་རྟེན་རབ་ཏུ་བརྒྱན། བཟོད་པའི་གཏམ་ཡང་རྒྱུན་དུ་བྱེད་པར་གྱུར། །དེ་བས་དེ་ནི་བཟོད་པར་སྨྲ་ཞེས་གྲགས། །བཟོད་པ་ཆེན་པོ་རང་གི་ངང་དུ་གྱུར། གཞན་ལ་གནོད་པ་མི་བྱེད་རབ་ཏུ་བརྟན། །དེ་ཡི་དོན་དང་མཐུན་པའི་གཏམ་དག་གིས། །ཐུབ་པ་དེ་ཡི་གྲགས་པ་རྒྱས་པར་གྱུར། །དེ་ནས་བདག་ཉིད་ཆེན་པོ་དེ་ནགས་ཚལ་གྱི་ཕྱོགས་རབ་ཏུ་དབེན་ཞིང་ཉམས་དགའ་བ་མེ་ཏོག་དང་འབྲས་བུ་དུས་ཐམས་ཅད་དུ་རྙེད་པར་སླ་བ། མཚོའི་ཆུ་གཙང་མ། པདྨ་དང་ཨུཏྤ་ལས་བརྒྱན་པ། སྐྱེད་མོས་ཚལ་ཉམས་དགའ་བ་བཞིན་དུ་མཛེས་བ་ཞིག་ཏུ་གནས་བཅས་པས་དཀའ་ཐུབ་ཀྱི་ནགས་ཚལ་བཞིན་དུ་བཀྲ་ཤིས་པར་བྱས་སོ། །དམ་པ་ཡོན་ཏན་མཆོག་ལྡན་པ། གང་ན་གནས་པ་དེ་དག་ཉིད། །བཀྲ་ཤིས་ཡིད་དུ་འོང་བ་དང་། དེ་ཉིད་རྟེན་དང་དཀའ་ཐུབ་ཚལ། དེ་ན་གནས་པའི་ལྷ་རྣམས་ནི་དེ་ལ་དད་པ་སྐྱེས། །སྐྱེ་བ་ལ་ཕན་པར་འདོད་ཅིང་ཡོན་ཏན་ལ་དགའ་བ་རྣམས་ནི་བཀུར་སྟི་བྱེད་ཅིང་འོང་བར་གྱུར། སྐྱེ་བོ་མང་པོ་དེ་རྣམ་ལ་ཆོས་ཀྱི་གཏམ་བཟོད་པ་དང་། ལྡན་པ་རྣར་འོང་ཞིང་སེམས་ལ་འབབ་པ་རྣམས་ཀྱིས་ཕན་བཏགས་སོ། །དེ་ནས་རེ་ཤིག་ཅིག་ཡུལ་དེའི་རྒྱལ་པོ་དཔྱིད་ཀྱི་དུས་ལ་བབ་པས་ཆུའི་ནང་དུ་རྩེར་འགྲོ་འདོད་པར་གྱུར་ཏོ། །སྐྱེད་མོས་ཚལ་གྱི་ཡོན་ཏན་བས་ཀྱང་ལྷག་པའི་གནས་སུ་གྱུར་པའི་ནགས་ཚལ་གྱིས་ས་ཕྱོགས་དེར་བཙུན་མོའི་འཁོར་དང་བཅས་ཏེ་སོང་ངོ་། །དགའ་བའི་ཚལ་ལྟར་ཉམས་དགའ་མཛེས་པའི་ཚལ། །དེ་ཡི་བཙུན་མོའི་འཁོར་གྱིས་གང་བར་གྱུར། །ལོངས་སྤྱོད་ཅན་གྱི་སྤྱོད་ཚུལ་མཛེས་པ་ཡི། །ན་ཆུང་ཆས་པ་རྣམས་ཀྱིས་བརྒྱན་པ་བཞིན། །འཁྲིལ་ཞིང་འཁྱིལ་བས་གཏིབས་པ་ལྡིང་ཁང་བཞིན། །མེ་ཏོག་རྒྱས་པའི་ལྗོན་ཤིང་དགོད་པ་བཞིན། པདྨ་རབ་ཏུ་རྒྱས་པའི་མཚོ་འགྲམ་ན། །བཙུན་མོ་རྣམས་ནི་རབ་ཏུ་དགའ་ཞིང་རྩེ། །མེ་ཏོག་ཕྲེང་དང་ཁྲུས་ཀྱི་བྱུག་སྤོས་ཀྱི། བསུང་ཞིམ་ངད་ཀྱིས་བུང་བ་འདུས་རྣམས་ལ། །བཙུན་མོ་ཁ་ཅིག་ལྟས་མོ་ཆར་ལྟ་བ། །ཡ་མཚན་ཆེར་གྱུར་བསྔགས་ཤིང་འཛུམ་པས་མཛེས། །མེ་ཏོག་རྣ་ཆ་གསར་པ་རབ་ཏུ་མཛེས་པ་དང་། །སྐྲ་ཡི་རྒྱན་དུ་བཏགས་པའི་ཕྲེང་བས་མཛེས་ཡོད་ཀྱང་། །དེ་དག་མེ་ཏོག་འདོད་པས་ཚིམ་པར་མ་གྱུར་པར། །དེ་བཞིན་རྒྱལ་པོའི་བཙུན་མོ་རྩེ་བས་སྙིང་མ་ཚིམ། མེ་ཏོག་ཤིང་ལ་བུད་མེད་མིག་ལྟ་ཞིང་། །གཞལ་མེད་ཁང་ལ་ལྟ་བས་ཆགས་གྱུར་པ། པདྨའི་ཚལ་ནས་བུང་བ་དངར་བ་བཞིན། །རབ་ཏུ་མཛེས་པ་རྒྱལ་པོས་མཐོང་བར་གྱུར། །ཀོ་ཀི་ལ་དག་མྱོས་པའི་སྒྲ་རྣམས་དང་། རྨ་བྱ་གར་བྱེད་བུང་བ་གླུ་ལེན་དང་། ན་ཆུང་ཚིག་སྨྲ་གླུ་ལེན་གར་བྱེད་པས། དེ་དག་དེ་ན་རབ་ཏུ་མཛེས་པར་སྣང་། འབྲུག་སྒྲ་ཟབ་མོ་རྔ་སྒྲ་བརྡུངས་པ་བཞིན། །རྨ་བྱ་མང་པོ་ལྷུང་ལྷུང་སྒྲ་འབྱིན་ཅིང་། །རང་གི་སྒྱུ་རྩལ་ཐབས་ཀྱིས་གར་བྱེད་པ། །རྒྱལ་པོ་དེ་ལ་རྨ་བྱ་གསག་བྱེད་འདྲ། །དེ་དེ་ན་བཙུན་མོའི་འཁོར་དང་བཅས་པར་ནགས་ཚལ་སྐྱེད་མོས་ཚལ་འདྲ་བ་ན་སྤྱོད་པའི་བདེ་བ་ཉམས་སུ་མྱོང་ནས་རྩེ་རྩེ་བས་ཆད་ཅིང་འདོད་པ་ལ་ཆགས་པའི་དབང་གིས་ཤིང་གྲིབ་དཔལ་དང་ལྡན་པ། གཞལ་མེད་ཁང་འདྲ་བའི་དྲུང་དུ་མལ་ཆ་བཟང་པོ་བཏིང་བ་ལ་ཉལ་ཏེ། གཉིད་ཀྱིས་ལོག་པར་གྱུར་ཏོ། །དེ་ནས་བཙུན་མོ་དེ་དག་རྒྱལ་པོ་མནལ་ཏེ་སྐབས་སུ་བབ་པར་ཤེས་ནས། ནགས་ཚལ་མཛེས་པ་ལ་སྙིང་ཆགས་ཤིང་དེ་ལྟ་བས་མ་ངོམས་པས། དགའ་དགའ་ལྟར་ཆས་ཏེ། རྒྱན་རྣམས་སིལ་སིལ་ཟེར་བའི་སྒྲ་དང་འདྲེས་པའི་སྐད་སྙན་པ་འབྱིན་ཅིང་ཀུན་དུ་འཁྱམ་དུ་དོང་ངོ་། །དེ་དག་གདུགས་དང་རྔ་ཡབ་སྟན་ལ་སོགས། གསེར་གྱིས་བརྒྱན་པ་རྣམས་ནི་བྲན་མོས་ཐོགས། །དབང་ཕྱུག་རྟགས་དང་ལྡན་པ་རྗེས་སུ་འབྲང་། །བུད་མེད་རང་བཞིན་འཕྱར་བ་རྣམ་པར་རྒྱུ། །དེ་དག་ལྗོན་ཤིང་བཟང་པོའི་མེ་ཏོག་དང་། །ལོ་མ་སྡུག་གུ་སྙབ་ཏུ་སླེབ་པ་རྣམས། །བྲན་མོས་བཏོགས་ཏེ་འབུལ་གྱི་མི་སླེབས་པར། །ཆགས་པའི་དབང་གིས་བདག་ཅག་ཉིད་ཀྱིས་བཏོགས། །ཤིང་ལོ་གཡོ་བའི་ཤིང་དང་གེལ་པ་རྣམས། །ལམ་དང་ཉེ་བ་མེ་ཏོག་རྒྱས་པ་ཀུན། །མེ་ཏོག་ཕྲེང་བའི་རྒྱན་གྱིས་ཀླུབས་ཟིན་ཀྱང་། །ཆགས་པའི་དབང་གིས་མ་བཏོགས་དེ་མ་དོང་། དེ་ནས་རྒྱལ་པོའི་བཙུན་མོ་དེ་དག་ནགས་ཚལ་ཉམས་དགའ་བ་ལ་སེམས་གཡེངས་བཞིན་དུ། ནགས་ཚལ་དེའི་ནང་ནས་མཐར་གྱི་རྒྱུ་ཞིང་དོང་དོང་བ་ལས། བཟོད་པ་སྨྲ་བའི་དཀའ་ཐུབ་ཀྱི་ནགས་སུ་ཕྱིན་ཏོ། །བུད་མེད་བསྲུང་བའི་ཉུག་རུམ་པ་རྣམས་ཀྱིས་ཐུབ་པ་དེའི་དཀའ་ཐུབ་ཀྱི་མཐུ་ཆེ་བར་ཤེས་བཞིན། བཙུན་མོ་དེ་རྣམས་ཀྱང་རྒྱལ་པོའི་གནང་ཆེན་ཡིན་ལ་བཅོས་དཀའ་བའི་ཕྱིར་དེར་མི་འདོང་བར་བཟློག་མ་ནུས་སོ། །དཀའ་ཐུབ་ཀྱི་གནས་དེ་བྱི་དོར་ལེགས་པར་བྱས་པས་ཉམས་དགའ་ཞིང་ཡིད་དུ་འོང་བས་བཙུན་མོ་དེ་དག་དྲངས་པ་བཞིན་དུ་དེར་ལྷགས་པ་དང་། དེ་ན་ཐུབ་པའི་མཆོག་དེ་རབ་ཏུ་ཞི་ཞིང་དུལ་བར་སྣང་ཡང་། རབ་ཏུ་ཟབ་པས་དཀའ་ཐུབ་ཀྱི་དཔལ་མེ་འབར་བ་བཞིན་དུ་བསྙེན་པར་ནི་དཀའ། བསམ་གཏན་གོམས་པར་བྱས་པས་འདོད་ཆགས་ཀྱི་ཡུལ་བཟང་མོ་ཉེ་བར་གྱུར་ཀྱང་། དབང་པོ་ཐུལ་ཞིང་མ་འཁྲུགས་པས་ནི་མཛེས། ཆོས་མངོན་སུམ་དུ་མཐོང་བ་བཞིན་དུ་བཀྲ་ཤིས་ཤིང་བསོད་ནམས་དང་ནི་ལྡན་པར་ཤིང་དྲུང་དུ་སྟན་བཏིང་བ་ལ་འདུག་པ་མཐོང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེའི་བཙུན་མོ་དེ་དག་དེའི་དཀའ་ཐུབ་ཀྱི་གཟི་བྱིན་གྱི་སེམས་ཟིལ་གྱིས་ནོན་པས། མཐོང་མ་ཐག་ཏུ་གཡེངས་བ་དང་། འཛེམ་པ་དང་འཕྱར་བ་བཏང་སྟེ། དུལ་ཞིང་གུས་པར་བྱས་ཏེ། དེའི་དྲུང་དུ་ལྷགས་ནས་བསྙེན་བཀུར་བྱས་སོ། །དེས་ཀྱང་དེ་དག་ལ་འདིར་འོངས་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པའི་ཚིག་སྙན་པ་བརྗོད་ནས་འགྲོན་འོངས་པ་དགའ་བར་འགྱུར་བའི་རིམ་གྲོ་བྱས་ཏེ། དེ་དག་ལ་ནད་དྲི་བའི་སྐབས་ནས་གླེང་བསླང་སྟེ་ཆོས་ཀྱི་གཏམ་བུད་མེད་ཀྱི་གོ་བར་སླ་བ། དཔེ་དང་བཅས་པ་རྣམས་ཀྱིས་དེ་དག་ལ་མགྲོན་བྱས་སོ། །མི་ཡི་ལུས་སུ་སྐྱེས་པ་མ་སྨད་ཐོབ་པར་གྱུར། །དེ་བཞིན་དབང་པོ་རྣམས་ཀྱང་མ་ཉམས་བློ་དང་ལྡན། །འོན་ཀྱང་འཆི་བདག་དེ་ན་ལེགས་པར་མི་བྱེད་ངེས། །བག་མེད་གྱུར་པ་དེ་དག་ཉིན་རེས་བསླུས་པར་འགྱུར། །རབ་ཏུ་སྦྱིན་དང་ཚུལ་ཁྲིམས་ལ་སོགས་མ་སྦྱངས་ན། །རིགས་དང་གཟུགས་དང་ལང་ཚོ་ཡོན་ཏན་རྣམས་དང་ནི། །སྟོབས་ནི་རབ་ཏུ་ཆེ་ཞིང་ནོར་གྱིས་ཕྱུག་གྱུར་ཀྱང་། །ཕྱི་མའི་ཚེ་ལ་སུ་ཡང་བདེ་བ་ཐོབ་མི་འགྱུར། །རིགས་ལ་སོགས་པ་དམན་ཡང་སྡིག་ལ་མ་ཆགས་ཤིང་། རབ་ཏུ་སྦྱིན་དང་ཚུལ་ཁྲིམས་ལ་སོགས་ཡོན་ཏན་ལྡན། །དབྱར་གྱི་དུས་ན་འབབ་ཆུས་རྒྱ་མཚོ་གང་བ་བཞིན། །ཕྱི་མའི་ཚེ་ལ་ངེས་པར་བདེ་བས་རྒྱས་པར་འགྱུར། །རིགས་དང་གཟུགས་དང་ལུས་ཀྱི་ཡོན་ཏན་རྣམས་ཀྱང་རུང་། །སྟོབས་ནི་རབ་ཏུ་ཆེ་ཞིང་ནོར་གྱིས་ཕྱུག་ཀྱང་རུང་། །ཡོན་ཏན་ཡོད་ན་ཚེ་འདི་ལ་ཡང་རྒྱན་དུ་འགྱུར། །གསེར་གྱི་ཕྲེང་བས་ཕྱུག་པོའི་མཚན་མ་བསྟན་པ་བཞིན། །མེ་ཏོག་རྣམས་ནི་ལྗོན་པའི་ཤིང་གི་རྒྱན་དུ་འགྱུར། །གློག་ཕྲན་འགྱུ་བ་ཆར་སྤྲིན་རྣམས་ཀྱི་རྒྱན་དུ་འགྱུར། །བུང་བ་མྱོས་པ་འདུ་བའི་པདྨ་རྒྱ་མཚོའི་རྒྱན། །ཡོན་ཏན་ཁྱད་པར་འཕགས་པ་ལུས་ཅན་རྣམས་ཀྱི་རྒྱན། །ནད་མེད་ཚེ་རིང་ནོར་དང་རིགས་དང་གཟུགས་རྣམས་ནི། །རབ་དང་འབྲིང་དང་ཐ་མའི་བྱེ་བྲག་སྣ་ཚོགས་པའི། །སྐྱེ་བ་འདི་དག་ངོ་བོ་ཉིད་ལས་གྱུར་མ་ཡིན། །གཞན་གྱིས་སྐྱེད་མིན་ལས་ནི་རྣམ་པ་གསུམ་ལས་གྱུར། །འགྲོ་བའི་ཆོས་ཉིད་འདི་ལྟར་ངེས་པར་གནས་པ་དང་། །སྲོག་ཀྱང་མི་བརྟན་ཤི་དང་ཉེ་བར་ཤེས་ནས་ནི། །དགེ་བའི་ཕྱོགས་ལ་བརྟེན་ནས་སྡིག་པ་སྤང་བར་གྱིས། །གྲགས་པ་བདེ་བ་འཐོབ་པའི་ལམ་ནི་འདི་ཡིན་ནོ། །ཡིད་ལ་ཞེ་སྡང་ཡོད་ན་བདག་དང་གཞན་དག་ལ། །ཕན་པར་འགྱུར་བ་མེ་བཞིན་རབ་ཏུ་སྲེག་པར་བྱེད། །དེ་བས་སྐྱེ་བོ་སྡིག་ལ་འཛེམ་པ་དེ་དག་གིས། །གཉེན་པོ་རྣམས་ལ་བརྟེན་ནས་སྡིག་པ་སྤང་བར་བྱ། །དགོན་པའི་མེ་ན་རབ་ཏུ་འབར་བར་འགྱུར་བ་ཡང་། །ཆུ་ཀླུང་ཆེན་པོ་མཐས་ཀླས་འབབ་དང་ཕྲད་གྱུར་ན། །ཇི་ལྟར་རབ་ཏུ་ཞི་བར་གྱུར་པ་དེ་བཞིན་དུ། །ཡིད་ཀྱི་གདུངས་པའང་བཟོད་ལ་བརྟེན་ན་ཞི་བར་འགྱུར། །དེ་བས་དེ་རྒྱུ་ཟིལ་གྱིས་མནན་པས་བཟོད་པས་སྡིག་པ་སྤོང་། །དེ་ཕྱིར་བྱམས་ལ་བརྟེན་པའི་སྟོབས་ཀྱིས་དགྲ་ཡང་འཕེལ་མི་འགྱུར། །དེ་ལས་དགའ་ཞིང་མཆོད་འོས་བདེ་བའི་སྐལ་དང་ལྡན་པར་འགྱུར། །བསོད་ནམས་བྱས་པའི་ཡོན་གྱིས་ཐ་མར་མཐོ་རིས་འགྲོ་བར་འགྱུར། གཞན་ཡང་ཀྱེ་བཙུན་མོ་དག །བཟོད་པ་ཞེས་བྱ་བ་འདི་ནི། དགེ་བའི་རང་བཞིན་ཅན་དུ་རབ་ཏུ་གྲགས། བསོད་ནམས་གྲགས་པ་དག་ཀྱང་རབ་ཏུ་འཕེལ། །ཆུ་ཡིས་མ་བཀྲུས་པར་ཡང་དག་པར་འགྱུར། །ཡོན་ཏན་དེ་དང་དེ་དག་ཕུན་སུམ་ཚོགས། །གཞན་ལ་གནོད་པ་རྟག་ཏུ་ཡོང་མི་ཤེས། སྙིང་སྟོབས་ཅན་གྱི་ཆོས་ཉིད་ཡིད་དུ་འོང་། །ཡོན་ཏན་མངོན་བསྒྲུབ་བཟོད་པ་མཛེས་པ་དེ། སྙིང་རྗེ་བཀའ་སྩལ་འཇིག་རྟེན་དོན་བྱེད་པའོ། །མཐུ་དང་ལྡན་པ་རྣམས་ཀྱི་རྒྱན་ཡང་ཡིན། །དཀའ་ཐུབ་ཅན་གྱི་སྟོབས་མཆོག་ཕུན་སུམ་ཚོགས། གནོད་སེམས་དགོན་པའི་མེ་ལ་ཆུ་རྒྱུན་འབེབས། གཉིས་ཀའི་ཚེ་ལ་དོན་མེད་ཞི་བར་བྱེད། །དམ་པ་རྣམས་ཀྱི་གོ་ཆ་བཟོད་པ་ཡིན། །སྐྱེ་བོ་ངན་པའི་ཚིག་ངན་མདའ་ཡང་རྡུགས། །ཕལ་ཆེར་ཡོན་ཏན་བསྔགས་པའི་མེ་ཏོག་འགྱུར། །དེ་ནི་གྲགས་པའི་ཡན་ལག་ཅན་དུ་འགྱུར། །ཆོས་ཀྱི་མི་མཐུན་ཕྱོགས་རྣམས་བཟོད་པས་འཇོམས། །རྣམ་པར་ཐར་པའི་བདེ་བ་བཟོད་པས་འཐོབ། །རབ་ཏུ་འབད་ན་བཟོད་པ་ཕན་པར་འགྱུར། །བཟོད་པ་དེ་ནི་མི་བྱེད་སུ་ཞིག་ཡོད། །དེ་ལྟར་བདག་ཉིད་ཆེན་པོ་དེས་བཙུན་མོ་དེ་རྣམས་ལ་ཆོས་ཀྱི་མགྲོན་བྱས་སོ། །དེ་ནས་རྒྱལ་པོ་དེ་གཉིད་ཀྱིས་ལོག་པ་ལས་སད་པ་དང་། འདོད་ཆགས་ཀྱི་ལྷག་མ་ལུས་པས་མིག་ལྕི་བར་གྱུར་ནས་ཆགས་པའི་དབང་གིས་བཙུན་མོ་རྣམས་གར་དོང་ཞེས་གཟིམས་མལ་པ་རྣམས་ལ་སྨིན་མ་བསྒྱུར་ཏེ་དྲིས་སོ། །ལྷ་བཙུན་མོ་དེ་དག་ནི་ནགས་ཚལ་བཟང་པོ་རྣམས་ལྟ་ཞིང་ལོངས་སྤྱོད་བགྱིད་དུ་མཆིས་སོ་ཞེས་གཟིམས་མལ་པ་རྣམས་ཀྱིས་གསོལ་བ་ཐོས་པ་དང་། རྒྱལ་པོ་དེ་བཙུན་མོ་དེ་སྤོབས་པས་བག་ཡངས་སུ་དགོད་ཅིང་སྨྲ་བ་དང་། རྩེ་བ་ལྟ་འདོད་པའི་ཕྱིར་མལ་ནས་ལངས་ཏེ། གདུགས་དང་། རྔ་ཡབ་དང་། བསིལ་ཡབ་དང་། བླ་གོས་དང་། རལ་གྲི་རྣམས་ནི་ན་ཆུང་རྣམས་ཀྱིས་བཟུང་། བཙུན་མོའི་འཁོར་གྱི་ཉུག་རུམ་ལག་ན་སྦ་མཁར་ཐོགས་པ་རྣམས་ཀྱིས་བསྐོར་ཏེ་ནགས་ཚལ་དེའི་ནང་ནས་མཐར་གྱིས་སོང་ངོ་། །དེ་དེ་ན་བུད་མེད་རྣམས་ཉམས་རང་སུ་རྒྱུ་ཞིང་དོང་དོང་བའི་ལམ་མེ་ཏོག་དང་། ལོ་མ་སྣ་ཚོགས་ཀྱིས་གཏོར་བ། སོ་རྩིའི་ཁུ་བའི་ཚོན་གྱི་ཁྲ་བོར་གྱུར་པའི་རྗེས་བཞིན་དུ་སོང་སོང་ནས། དཀའ་ཐུབ་ཀྱི་གནས་དེར་ཕྱིན་ཏོ། །རྒྱལ་པོ་དེས་དྲང་སྲོང་གི་མཆོག་བཟོད་པ་སྨྲ་བ་དེ་བཙུན་མོའི་འཁོར་གྱིས་བསྐོར་ཞིང་འདུག་པ་མཐོང་ནས། སྔོན་གྱི་ཁོན་རྙིང་ཡོད་པ་དང་། འདོད་ཆགས་ཀྱིས་དྲན་པ་ཉམས་པར་གྱུར་པ་དང་། ཕྲག་དོག་གིས་ཟིལ་གྱིས་ནོན་པའི་ཕྱིར་སེམས་རབ་ཏུ་འཁྲུགས་པར་གྱུར་ཏོ། །སོ་སོར་བརྟགས་ཏེ་མནགས་པའི་མཐུ་ཆུང་བས་དུལ་བ་དང་ངེས་པར་སྤྱོད་པ་ནི་ཉམས། འཐབ་མོ་རྒལ་འདོད་པའི་ཤུགས་ཀྱིས་རྔུལ་ནི་བྱུང་། ལུས་འདར་ཞིང་སྨིན་མ་བཅུམ་སྟེ། མིག་རྩ་དམར་པོ་ནི་དགྲད། གཟི་མདངས་བཟང་པོ་ནི་ཉམས། གསེར་གྱི་གདུབ་བུ་དང་སོར་གདུབ་ཀྱིས་བརྒྱན་པའི་ལག་པ་གཉིས་ནི་མཉེས་ཏེ། དྲང་སྲོང་གི་མཆོག་དེ་ལ་སྐུར་པ་འདེབས་པའི་ཚིག་དེ་དང་དེ་དག་ལ་སྨྲས་པ། ངན་པ་དེ། ང་ཡི་གཟི་བྱིན་ཟིལ་མནན་ནས། །ཐུབ་པའི་ཆ་ལུགས་གོ་བགོས་ཏེ། ང་ཡི་བཙུན་མོའི་འཁོར་ལྟ་བ། །ཚུལ་འཆོས་འདི་ནི་སུ་ཞིག་ཡིན། དེ་སྐད་ཟེར་བ་ཉུག་རུམ་རྣམས་ཀྱིས་ཐོས་ནས། བརྟབས་ཤིང་སྐྲག་པའི་ཤུགས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་དེ་ལྟར་མ་མཛད་ཅིག །ཐུབ་པ་འདི་ནི་ཡུན་རིང་པོ་ནས། །བརཏལ་ཞུགས་དང་། སྡོམ་པ་དང་། དཀའ་ཐུབ་བསྒོམས་པའི་བདག་ཉིད་ཅན་ལགས་ཏེ། མིང་ཡང་བཟོད་པ་སྨྲ་བ་ཞེས་བགྱིའོ། རྒྱལ་པོ་དེ་ནང་གི་བསམ་པ་ངན་པས་དེ་དག་གི་ཚིག་ལ་མི་ཉན་པར་སྨྲ་བ། ཨེ་མའོ་ཁྱོད་ཅག་ཅི་ཟེར་བ་ཞིག འཇིག་རྟེན་འདི་དག་ཡུན་རིང་ནས། །འདི་ཡིས་དེ་ལྟར་བསླུས་པར་གྱུར། །ཚུལ་འཆོས་གཡོ་སྒྱུའི་རང་བཞིན་ཅན། །དཀའ་ཐུབ་ཚུལ་བསྟན་འདི་ལྟར་བྱེད། །དེ་འདི་ལྟར་དཀའ་ཐུབ་ཅན་གྱི་ཚུལ་དུ་བསྒྱུར་ནས། །གཡོ་དང་སྒྱུ་བྱེད་པ་ལ་གོམས་པས། ཚུལ་འཆོས་པའི་རང་བཞིན་ཏེ། ངས་བསྟན་པར་བྱའོ་ཞེས་སྨྲས་ནས། གསོལ་ཀ་བའི་ལག་ན་རལ་གྲི་འདུག་པ་བླངས་ཏེ། དྲང་སྲོང་གི་མཆོག་དེ་དགྲ་བཞིན་དུ་ངེས་པར་བསད་པར་བསམས་ནས་སོང་བ་དང་། དེ་ནས་བཙུན་མོ་དེ་དག་ལ་འཁོར་རྣམས་ཀྱིས་རྒྱལ་པོ་གཤེགས་པར་སྦྲན་པ་དང་། རྒྱལ་པོ་ལ་བལྟས་ན་ཁྲོས་པས་ཞི་བའི་མདངས་མེད་པར་མཐོང་ནས། སྙིང་མི་དགའ་བས་རྟབ་རྟབ་པོར་གྱུར་པའི་ཤུགས་ཀྱིས་མིག་རིག་རིག་པོར་ལྟ་ཞིང་ལངས་ཏེ། དྲང་སྲོང་མཆོག་དེ་ལ་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས། སྟོན་ཀའི་པདྨ་ཁ་འབུས་པ་འདྲ་བའི་བཞིན་ཅུང་ཟད་འཛུམ་པར་བྱས་ཏེ། རྒྱལ་པོ་དེའི་དྲུང་དུ་དོང་ངོ་། །དེ་ཡི་ཡིད་ལ་ཁྲོས་པའི་མེ་འབར་བས། བཙུན་མོ་དེ་དག་གི་སྤྱོད་ཚུལ་མཛེས་པ་དང་། དུལ་ཞིང་གུས་པར་འོས་པའི་མཁས་པས་དེས་ཀྱང་དེའི་ཡིད་ཞི་བར་མ་གྱུར་ཏོ། །བཙུན་མོ་དེ་དག་རབ་ཏུ་སྤོབས་ཤིང་བག་ཕེབས་པས། རྒྱལ་པོ་དེ་རབ་ཏུ་ཁྲོས་ཤིང་བཞིན་འགྱུར་ལ་སྤྱོད་པ་ཉམས་ཤིང་རྩུབ་པར་མངོན་ལ། ལག་ན་མཚོན་ཆ་ཐོགས་ཏེ། དྲང་སྲོང་མཆོག་དེ་ལ་སྡང་མིག་ཏུ་ལྟ་བ་མཐོང་ནས་བཅུག་པའི་ཕྱིར་སྨྲས་པ་འདི་ནི་བཅོམ་ལྡན་འདས་བཟོད་པ་སྨྲ་བ་ལགས་ཀྱིས་ལྷ་དེ་ལྟ་བུའི་ཐུབ་ཆོད་ཆེན་པོ་མ་མཛད་ཅིག་ཅེས་བྱས་པ་དང་རྒྱལ་པོ་དེ་སེམས་རབ་ཏུ་སྡུག་པས་འདི་དག་ནི་དེས་རབ་ཏུ་མགུ་བར་བྱས་ཟིན་ཏོ། །སྙམ་ནས་རབ་ཏུ་ཁྲོས་པར་གྱུར་ཏོ། །མི་བཟོད་པའི་ཤུགས་དྲག་པོས། སྨིན་མ་རབ་ཏུ་གཡོ་ཞིང་མིག་ཟུར་གྱིས་ལྟ་བས་བཙུན་མོ་དེ་དག་གི་སྤོབས་པ་དང་འཇམ་པར་སྨྲ་བའི་ཚིག་མི་ཉན་པར། བཙུན་མོའི་འཁོར་དང་བསྲུང་བའི་ཉུག་རུམ་པ་ལ་ཁྲོ་བ་དང་བཅས་པས་ལྟ་ཞིང་མགོ་བསྒྱུར་བས་རྣ་ཆ་དང་། ཅོད་པན་གྱི་ཟར་བུ་གཡོ་བཞིན་དུ་བཙུན་མོ་དེ་དག་ལ་བལྟས་ནས་སྨྲས་པ། འདི་ནི་བཟོད་པ་སྨྲ་ཞེས་ཟེར། དེ་ཡང་ཉམས་སུ་ཡོང་མི་ལེན། །འདི་ལྟར་བུད་མེད་བསྟེན་པ་ཡིས། །སྲེད་པ་འདིས་ནི་བཟོད་མ་གྱུར། །ཚིག་ཏུ་གཞན་སྨྲ་ལུས་ཀྱི་སྤྱོད་པ་གཞན། །བསམ་པ་འདུག་ཅིང་ཡིད་ལ་གཞན་དུ་སེམས། དཀའ་ཐུབ་ནགས་ན་མ་ཞི་འདི་སུ་ཞིག །འབྲིད་པའི་ཚུལ་ཅན་ཕྱི་ཚུལ་འཆོས་ཤིང་འདུག །དེ་ནས་བཙུན་མོ་དེ་དག་རྒྱལ་པོ་དེ་ཁྲོས་ཤིང་རྔམ་པས་སྙིང་རྩུབ་པར་གྱུར་པ་ལ་བཅུགས་མ་ནུས་ཏེ། རྒྱལ་པོ་རབ་ཏུ་གཏུམ་ཞིང་བཅོས་དཀའ་བར་ཡང་ཤེས་ནས། ཡིད་མི་དགའ་ཞིང་མྱ་ངན་གྱིས་ནི་གདུངས། ཉུག་རུམ་རྣམས་ཀྱང་འཇིགས་ཤིང་སྐྲག་པས་འཁྲུགས་པའི་ལག་བརྡས་ནི་བསྐྲད། ངོ་ཚ་བས་མགོ་ནི་སྨད། དྲང་སྲོང་མཆོག་དེའི་མྱ་ངན་བྱེད་ཅིང་དེ་ནས་བྱེར་ཏེ་དོང་ངོ་། །དཀའ་ཐུབ་ཆེན་པོ་དུལ་ལ་ཡོན་ཏན་གྲགས་པ་འདི། །བདག་ཅག་རྣམས་ཀྱི་ཕྱིར་ནི་ཉེས་པ་ཡོད་མེད་པར། །རྒྱལ་པོའི་ཁྲོ་བ་འདི་ནི་མ་ཞི་གྱུར་ནས་སུ། གང་གི་ལམ་དུ་ཞུགས་ནས་ཅི་བྱེད་སུས་ཤེས་ཀྱེ། །རྒྱལ་པོའི་རྒྱལ་སྲིད་གྲགས་པ་ཐོབ་པ་དང་། །ཐུབ་པ་འདི་ལུས་དཀའ་ཐུབ་ལུས་འདི་དང་། །བདག་ཅག་ཡིད་ནི་ཉེས་པ་མེད་འདི་དག །རྒྱལ་པོས་ཅིག་ཅར་བསད་པར་མི་འགྱུར་རམ། དེ་ལྟར་བཙུན་མོ་དེ་དག་མྱ་ངན་བྱེད་པའི་ཤུགས་རིང་པོ་འབྱིན་པ་རྣམས་བྱེར་ཏེ་དོང་བའི་འོག་ཏུ། རྒྱལ་པོ་དེ་དྲང་སྲོང་མཆོག་དེ་ལ་བསྡིགས་ཤིང་ཁྲོ་བའི་ཤུགས་ཀྱིས་རལ་གྲི་ཕྱུང་སྟེ་བདག་རང་འདེབས་སུ་སོང་ངོ་། །སེམས་དཔའ་ཆེན་པོ་དེ་དེ་ལྟར་རྨ་ཕབ་ཀྱང་མ་འགྱུར་ཅིང་བརྟན་པ་མི་ཉམས་ལ། རང་བཞིན་དུ་སྤྱོད་པ་དེ་མཐོང་ནས། རབ་ཏུ་རྔམ་ཞིང་དེ་ལ་སྨྲས་པ། ཨ་ཛི་ན་དང་དབྱིག་པ་ཐོགས། །གཡོ་སྒྱུའི་བརྗིད་བག་འཆོས་པ་འདི། །བདེན་པ་བཞིན་དུ་མཐར་ཕྱིན་ཀྱང་། །ཐུབ་པ་བཞིན་དུ་ང་ལ་བལྟ། དེ་ནས་བྱང་ཆུབ་སེམས་དཔའ་བཟོད་པ་ལ་གོམ་པས་སྨད་ཅིང་བཅོས་པ་དེས་ཀྱང་བརྟན་པ་མ་ཉམས་པར་རྒྱལ་པོ་ཁྲོས་ཤིང་རྔམ་པས་སྤྱོད་པའི་ཚུལ་ནི་མི་སྡུག་པར་གྱུར། དུལ་བར་སྤྱོད་པའི་དཔལ་ནི་ཉམས། བདག་ལ་ཕན་པ་དང་གནོད་པར་འགྱུར་བའི་ལས་ནི་བརྗེད་པར་གྱུར་པ་ལ་ཡ་མཚན་ཆེར་གྱུར་ནས། ཅུང་ཟད་ཅིག་བལྟས་ཏེ། སྙིང་རྗེ་བཞིན་དུ་ཚིག་འཇམ་པོས་གཞབས་ཏེ་འདི་སྐད་དུ་ཅུང་ཟད་ཅིག་སྨྲས་པར་ངེས་སོ། །འདི་ལྟར་སྨད་པ་སྐལ་བ་མེད་པས་གྱུར་པར་ནི། །འགྲོ་བ་དག་ལ་སྲིད་པས་དེ་ཕྱིར་བདག་མི་སེམས། །ཁྱོད་ལ་འོས་པའི་བཀུར་སྟི་བདག་གིས་བྱ་བ་ལས། །ཚིག་ཙམ་གྱིས་ཀྱང་ཅི་རིགས་མ་བྱས་སེམས་ལ་བཅགས། །རྒྱལ་པོ་ཆེན་པོ་གཞན་ཡང་། འགྲོ་བའི་དོན་བྱེད་ཁྱེད་ལྟ་བུ་དག་ནི། དམ་པ་མ་ཡིན་སྤྱོད་པའི་ལམ་འཇུག་པ། །ཐུབ་ཆེད་བྱས་ཏེ་སྤྱོད་པ་མི་རིགས་ཀྱི། རྣམ་པར་བརྟགས་པའི་ལམ་དུ་འཇུག་པའི་རིགས། །ལེགས་པ་དག་ཀྱང་ཅུང་ཟད་མི་རིགས་མཐོང་། །ཁ་ཅིག་ཉེས་ཀྱང་ལེགས་པར་འདྲ་བར་སྣང་། །གཏན་ཚིགས་ཁྱད་པར་ཅན་དག་མ་བརྟགས་བར། །དགོས་པའི་དོན་ཉིད་ཚད་དུ་མི་རྟོགས་སོ། །དགོས་པའི་དོན་ནི་ལེགས་པར་བརྟགས་ནས་སུ། །བསྟན་དག་ལམ་དུ་ལེགས་པར་ཞུགས་ནས་ནི། །ཆོས་དང་སྲིད་དང་བདེ་བའི་དོན་བསྒྲུབས་ན། །དེ་དག་ཉིད་ཀྱི་སྐྱེ་བ་ཉམས་མི་འགྱུར། །དེ་བས་རབ་ཏུ་རྒོད་པའི་བློ་བཏུལ་ནས། གྲགས་པར་འགྱུར་བའི་ལས་ཉིད་བརྩམ་པའི་རིགས། །སྔོན་ཆད་མ་བྱུང་ཉེས་པ་སྤྱད་ན་ནི། །མངོན་པའི་ང་རྒྱལ་ཅན་རྣམས་གཏམ་ངན་འཕེལ། ཁྱོད་ཀྱི་མཐུ་ཡིས་བསྲུངས་པའི་ནགས་ཚལ་ནི། །གཞན་གྱིས་གནོད་པ་བྱས་ནའང་བསྐྱབ་པའི་རིགས། །ཕན་པའི་ཚུལ་མེད་དམ་པས་སྨད་པ་དག །རྒྱལ་པོ་ཆེན་པོ་ཉིད་ཀྱིས་ཇི་ལྟར་སྤྱད། །བསྲུངས་མ་ཉུག་རུམ་བཅས་པར་བུད་མེད་རྣམས། །བདག་གི་གནས་སུ་རང་དགར་ལྷགས་པ་ལ། །བདག་གིས་ནོངས་པ་ཅུང་ཟད་ཅི་ལྟར་བགྱི། །དེ་ལྟར་སྐྱོན་པར་གྱུར་པ་ག་ལ་སྲིད། །དེ་སྟེ་བདག་གིས་ནོངས་པར་གྱུར་ན་ཡང་། །འོན་ཀྱང་རྒྱལ་པོས་བཟོད་ན་མཛེས་པར་གྱུར། །ནུས་པ་དག་ལ་བཟོད་པ་རྒྱན་གྱི་མཆོག །ཡོན་ཏན་རྗེས་སུ་བསྲུང་ལ་མཁས་པར་སྟོན། །བཟོད་པས་བརྒྱན་ན་ཇི་ལྟར་མཛེས་པ་བཞིན། གདོང་ལ་འོད་ཟེར་སྣང་བའི་རྣ་ཆ་དང་། །རིན་ཆེན་སྣ་ཚོགས་འོད་འབར་ཅོད་པན་རྣམས། །དེ་ལྟར་རྒྱན་དུ་མཛེས་པ་མ་ལགས་དགོངས། །རྟག་ཏུ་བརྟེན་དུ་མི་རུང་མི་བཟོད་ཐོང་། །ཕན་པར་འགྱུར་བའི་བཟོད་པ་བསྲུང་བའི་རིགས། །དཀའ་ཐུབ་ཚལ་དུ་རྒྱལ་པོ་འོངས་ན་ནི། དེས་ཤིང་གུས་པའི་ཚུལ་དུ་སྤྱད་པ་རིགས། །ཐུབ་པའི་མཆོག་དེས་དེ་ལྟ་བུའི་ཚིག་འཇམ་པོས་གཏམས་ཀྱང་། རྒྱལ་པོ་དེ་མི་སྲུན་པས་བློ་ཉམས་པའི་ཕྱིར། དེ་ལ་རྣམ་པ་གཞན་དུ་དོགས་ནས་ཡང་སྨྲས་པ། དཀའ་ཐུབ་ཅན་ལྟར་ཁྱོད་ཀྱིས་མ་བཅོས་ལ། རང་གི་སྡོམ་པ་གལ་ཏེ་གནས་ན་ནི། །བཟོད་པའི་མན་ངག་བསྟན་པར་སྙད་བཏགས་ནས། །ཅི་ཕྱིར་ང་ལ་མི་འཇིགས་སྦྱིན་པར་གསོལ། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་ཅིའི་ཕྱིར་བདག་འདི་ལྟར་གྱུར་པ་གསན་དུ་གསོལ། བྲམ་ཟེ་ལས་རབ་ཏུ་བྱུང་བ་ཉེས་པ་མེད་པར་རྒྱལ་པོས་བསད་དེ་ཞེས་བདག་གི་སླད་དུ་ཁྱོད་ཀྱི་གྲགས་པ་ཕྱས་བྱ་བར་འགྱུར་དུ་དོགས་སོ། །སེམས་ཅན་རྣམས་ནི་འཆི་འགྱུར་བའི། །ཚུལ་འདི་ངེས་པ་ཉིད་དུ་གནས། །བདག་གི་ཚུལ་ལའང་རྗེས་བལྟས་ན། །བདག་ནི་དེ་བས་ཤིས་མི་འཇིགས། །ཕྱི་ནས་ཆོས་ཀྱི་བདེ་བ་ལ། །དེ་ལྟར་བྱས་ན་གནོད་དུ་དོགས། །བདེ་བ་ཐོབ་ལ་ཕན་པ་ཡི། །བཟོད་པ་དེ་ཕྱིར་ཁྱོད་ལ་སྨྲས། །བཟོད་པ་ཡོན་ཏན་འབྱུང་གནས་ཡིན། །ཉེས་པ་རྣམས་ཀྱང་ཟློག་པར་བྱེད། །རབ་ཏུ་བཟང་པོའི་སྐྱེས་བཞིན་དུ། དགའ་བས་བདག་ནི་བཟོད་པ་སྨྲ། དེ་ནས་རྒྱལ་པོ་དེ་ཚིག་དེ་དག་རབ་ཏུ་བདེན་པར་སྨྲས་ཀྱང་མི་ཉན་པར། །ཐུབ་པ་དེའི་ཚིག་མེ་ཏོག་དང་འདྲ་བ་ལ་ཁྲོས་བཞིན། དྲང་སྲོང་མཆོག་དེ་ལ་སྨྲས་པ། །ཁྱོད་བཟོད་པ་ལ་དགའ་བ་དེ་ད་ངས་བལྟའོ་ཞེས་སྨྲས་ནས། ཐུབ་པ་དེའི་ལག་པ་གཡས་པ་ཅུང་ཟད་བསྒྲེངས་ཏེ་དགག་པའི་ཕྱིར་སོར་མོ་ཕྲ་ཞིང་ཟླུམ་ལ་རིང་བ་བཀྲམ་པ་དང་། རལ་གྲི་རྣོན་པོས་པདྨའི་རྩ་བ་བཅད་པ་བཞིན་དུ་མཁྲིག་མར་བཅད་དོ། །དེ་ཡི་ལག་པའི་མཁྲིག་མར་བཅད་པ་ན། །གཅོད་པ་པོ་ནི་བདེ་བར་གནས་པ་ལས། །ཕྱི་ནས་སྡུག་བསྔལ་མི་བཟད་མྱོང་འགྱུར་པའི། །སྡུག་བསྔལ་ཇི་ལྟར་མི་བཟོད་སྡུག་བསྔལ་བ། །དེ་ལྟར་བདག་གི་སྡུག་བསྔལ་མ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། ཨེ་མའོ་མཚར་བྱས་ཀྱིས་མེད། འདི་ད་བདག་ལ་ཕན་པའི་མཚམས་ལས་ནི་འདས། རྗེས་སུ་གདམས་པའི་སྣོད་དུའང་མ་གྱུར་གྱིས་མེད་དོ་སྙམ་ནས་ནད་པ་སྨན་པས་བོར་བ་བཞིན་དུ་དེ་ལ་མྱ་ངན་བྱས་ཏེ་ཅང་མི་ཟེར་བར་འདུག་གོ །དེ་ནས་ཡང་རྒྱལ་པོ་དེས་དེ་ལ་བསྡིགས་ཏེ་སྨྲས་པ། དེ་ལྟར་མཐར་གྱི་བཅད་ན་ནི། །ཁྱོད་ཀྱི་ལུས་ནི་མེད་པར་འགྱུར། །མི་རུངས་པ་ཡི་བློ་རྙེད་པ། །ཚུལ་འཆོས་བརཏལ་ཞུགས་འདི་ཐོང་ཞིག །དེ་ནས་བྱང་ཆུབ་སེམས་དཔས་དེ་རྗེས་སུ་གདམས་སུ་མི་རུང་ཞིང་འདི་ལྟར་ངན་དུ་བྱེད་པར་རིག་ནས་དེ་ལ་ཅིའང་མ་སྨྲས་སོ། །དེ་ནས་རྒྱལ་པོ་དེས་བདག་ཉིད་ཆེན་པོ་དེའི་ལག་པ་ཡ་གཅིག་དང་། དཔུང་པ་གཉིས་དང་། རྣ་བ་དང་། སྣ་དང་རྐང་པ་གཉིས་ཀྱང་དེ་བཞིན་དུ་བཅད་དོ། །དེ་ཡི་ལུས་བཅད་འགྱེལ་བར་གྱུར་ན་ཡང་། །ལུས་ཀྱི་ཁོག་པ་གནས་པའི་མཐའ་ཤེས་ཤིང་། །སྐྱེ་བོ་རྣམས་ལ་བཟོད་པ་གོམས་གྱུར་བས། ཐུབ་པའི་མཆོག་དེ་མ་འཁྲུགས་མྱ་ངན་མེད། ལུས་ནི་བཅད་པར་གྱུར་ཀྱང་དེ་ཡི་སེམས། །དགེ་བའི་ཚུལ་བལྟས་བཟོད་པ་བརྟན་མ་ཉམས། །དགའ་བའི་ཚུལ་གྱིས་སྡུག་བསྔལ་ཡོང་མ་གྱུར། །རྒྱལ་པོའི་ཆོས་ཉམས་མཐོང་ནས་མི་དགར་གྱུར། སོ་སོར་བརྟགས་བཟོད་སྙིང་རྗེ་ཅན། །གཞན་གྱི་སྡུག་བསྔལ་མི་བཟོད་པ། བདག་གི་སྡུག་བསྔལ་ཆེན་པོ་ཡང་། །དེ་ཙམ་དུ་ནི་གནོད་མི་འགྱུར། །རྒྱལ་པོ་དེ་ཡིས་མི་བཟད་ལས་བྱས་པས། །དེ་མ་ཐག་ཏུ་རིམས་ནད་མེ་བཞིན་འབར། །ནགས་ཚལ་ཉེ་བའི་གནས་ནས་མཐར་མ་བྱུང་། །ས་གས་ནང་དུ་དེ་མ་ཐག་ཏུ་སོང་། རྒྱལ་པོ་དེ་ས་གས་པས་འཇིགས་པའི་སྒྲ་བྱུང་བ་མེ་འབར་བ་འཁྲུགས་པ་དེའི་ནང་དུ་སོང་བར་གྱུར་ནས། ཁོ་ར་ཁོར་ཡུག་ཏུ་ཀུ་ཅོ་འདོན་པའི་སྒྲ་ཆེན་པོ་ནི་འབྱིན། རྒྱལ་པོའི་འཁོར་ནི་རབ་ཏུ་འཁྲུགས་པར་གྱུར་པ་དང་། རྒྱལ་པོ་དེའི་བློན་པོ་རྣམས་ཀྱིས་ཐུབ་པ་དེའི་དཀའ་ཐུབ་ཀྱི་མཐུ་ཆེ་བ་དང་། རྒྱལ་པོ་དེ་སའི་འོག་ཏུ་སོང་བའང་དེ་ལས་གྱུར་པར་ཤེས་ནས། རྒྱལ་པོ་དེའི་ཉེས་པས་དྲང་སྲོང་འདིས་ནི་མཁར་དང་ཡུལ་འདི་ཐམས་ཅད་བསྲེག་གོ་སྙམ་ནས། འཇིགས་ཤིང་དོགས་པ་སྐྱེས་ཏེ། དྲང་སྲོང་དེའི་དྲུང་དུ་ལྷགས་ནས་ཕྱག་བྱས་ཏེ། བཟོད་པར་གསོལ་ཞིང་ཐལ་མོ་སྦྱར་ནས་གསོལ་བ་བཏབ་པ། རྒྱལ་པོ་བླུན་ཞིང་རབ་ཏུ་མི་བརྟན་པས། །ཁྱོད་ནི་འདི་ལྟར་མ་རུངས་བགྱིས་པར་གྱུར། །དེ་ནི་ཁྱོད་ཀྱི་དམོད་པའི་མེ་ནང་སོང་། །མཁར་འདི་ཞུགས་ཀྱིས་སྲེག་པར་མི་མཛད་གསོལ། །བུད་མེད་བྱིས་པ་རྒན་པོ་ནད་པ་དམན། །བྲམ་ཟེ་ཉེས་པ་མེད་པ་སྲེག་མི་རིགས། །དེ་བས་རྒྱལ་པོ་འདི་ཡི་ཡུལ་འདི་ཀུན། །ཡོན་ཏན་ཕྱོགས་ཀྱིས་རང་གི་ཕྱོགས་བཞིན་སྲུངས། །དེ་ནས་བྱང་ཆུབ་སེམས་དཔས་དེ་རྣམས་ལ་དབུགས་ཕྱུང་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་མ་འཇིགས་ཤིག །བདག་ནི་ནགས་ན་གནས་པ་ལ། །ཉེས་པ་མེད་པར་རལ་གྲི་ཡིས། །ལག་པ་དང་ནི་རྐང་པ་དང་། སྣ་དང་རྣ་བ་བཅད་གྱུར་ཀྱང་། བདག་ལྟ་བུ་ཡིས་ཇི་ལྟར་ན། །དེ་ལ་གནོད་པ་བསལ་བར་བྱ། །རྒྱལ་པོ་དེ་ནི་ཚེ་རིང་གྱུར། །དེ་ལ་སྡིག་ཏུ་མ་གྱུར་ཅིག །འཆི་དང་ན་བའི་སྡུག་བསྔལ་ཅན། །འདོད་ཆགས་ཞེ་སྡང་དབང་དུ་གྱུར། །ཉེས་པར་སྤྱད་པས་ཚིག་པ་ལ། །མྱ་ངན་བྱེད་མོད་ག་ལ་ཁྲོ། །གལ་ཏེ་བཅོས་སུ་རུང་ན་དེ་ཡི་སྡིག །བདག་ལ་རྣམ་པར་སྨིན་པར་གྱུར་ཀྱང་རུང་། །བདེ་བ་ཅན་ལ་སྡུག་བསྔལ་རྗེས་འབྲང་བ། །ཡུན་རིང་མིན་ཡང་མ་བཟོད་མནགས་མི་ནུས། །བདག་ལ་ཕན་པར་མི་ཤེས་རྒྱལ་པོ་དེ། །དེ་ལྟར་ཚིག་ལ་བསྐྱབས་པར་མ་ནུས་པ། །བདག་གིས་མ་ནུས་ངེས་པར་དེ་བོར་ཏེ། །རྒྱལ་པོ་ལ་ནི་ཅི་ཕྱིར་ཁོན་དུ་འཛིན། །རྒྱལ་པོ་གྲོངས་ནའང་འཆི་ལ་སོགས་པ་ཡི། སྡུག་བསྔལ་སྐྱེས་ན་ཀུན་གྱིས་མྱོང་བར་འགྱུར། །དེ་བས་སྐྱེ་ལ་ཁོན་དུ་བཟུང་བའི་རིགས། །དེ་མེད་སྡུག་བསྔལ་ཅི་ཞིག་ཅི་ལས་གྱུར། །ནགས་ན་གནས་ཤིང་རབ་ཏུ་བྱུང་བར་ཤེས། །བཟོད་པ་སྨྲ་བ་རིང་པོ་མི་ཐོགས་འཆི། ཅི་ཕྱིར་མི་བཟོད་སྐབས་ནི་འབྱེད་པར་བྱེད། །དེ་བས་མ་འཇིགས་ཁྱེད་ཅག་བདེ་བར་དེངས། །དེ་ལྟར་ཐུབ་པ་མཆོག་གི་རྗེས་བསྟན་པས། སློབ་མ་ཉིད་དུ་ལེགས་པར་གྱུར་པར་བྱས། །བཟོད་ལ་གནས་པས་བརྟན་པ་མ་ཉམས་པར། །བཟོད་པའི་མཐུ་ཡིས་མཐོ་རིས་སོང་བར་གྱུར། །དེ་ལྟར་ཐུབ་པ་ལས་གླེང་བསླངས་ནས་བཟོད་པའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། རྒྱལ་པོའི་དཔེས་མི་བརྟན་ཞིང་མི་བཟོད་པའི་སྐྱོན་བསྟན་པ་ལའང་བརྗོད་པར་བྱའོ། དེ་ལྟར་འདོད་པའི་ཉེས་དམིགས་ཀྱི་ཕྱིར་ཉེས་པར་སྤྱད་པས་ངན་སོང་དུ་ལྟུང་བར་འགྱུར་རོ་ཞེས་འདོད་པའི་ཉེས་དམིགས་ཀྱི་གཏམ་བྱ་བ་ལའང་བརྗོད་པར་བྱའོ། །འབྱོར་པ་མི་རྟག་པ་བསྟན་པ་ཡང་བརྗོད་པར་བྱའོ། །བཟོད་པ་སྨྲ་བར་སྐྱེས་པའི་རབས་ཏེ་ཉི་ཤུ་བརྒྱད་པའོ།། །།


previousབཟོད་པ་སྨྲ་བར་སྐྱེས་པའི་རབས་ཏེ་ཉི་ཤུ་བརྒྱད་པ།next