Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གླང་པོ་ཆེར་སྐྱེས་པའི་རབས་ཏེ་སུམ་བཅུ་པ།
   
   
   
   


 
previousགླང་པོ་ཆེར་སྐྱེས་པའི་རབས་ཏེ་སུམ་བཅུ་པ།next

གླང་པོ་ཆེར་སྐྱེས་པའི་རབས་ཏེ་སུམ་བཅུ་པ།

བམ་པོ་བཅུ་གཅིག་པ། །དགེ་བ་རྣམས་ནི་ཕྱིས་གཞན་ལ་ཕན་པར་འགྱུར་ན། །སྡུག་བསྔལ་ཡང་ཁེ་རྙེད་པ་དང་འདྲ་བར་སེམས་སོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་གླང་པོ་ཆེའི་ནགས་ཚལ་ཤིང་ལྗོན་པ་གཞོན་ནུ་བཟང་པོའི་རྩེ་མོ་མེ་ཏོག་དང་འབྲས་བུ་དང་ཤིང་ལོར་ལྡན་པ་རྣམས་ཀྱིས་དེ་དང་དེ་དག་ཏུ་བརྒྱན་པ་བཞིན་དུ་འདུག་པ། ལྡུམ་བུ་དང་ཤིང་གེལ་པ་དང་། རྩ་རྣམ་པ་སྣ་ཚོགས་ཀྱིས་ཁེབས་པའི་ས་ཕྱོགས་ནི། རིའི་ལྗོངས་རྣམས་ནི་ནགས་ཚལ་ཉམས་དགའ་བ་ལ། སྙིང་ཆགས་ནས་གཞན་དུ་གཡེང་བ་མེད་པར་གནས་བཅས་པ་བཞིན་དུ་ནི་འདུག །ནགས་ན་རྒྱུ་བ་རྣམས་ཀྱི་གནས་སུ་ནི་གྱུར། མཚོ་ཟབ་མོ་རྒྱན་སྣ་ཚོགས་ཀྱི་བརྒྱན་དང་བཅས་པར་བྱས། ཤིང་དང་རྩྭ་དང་ཆུ་མེད་པའི་མྱ་ངམ་དགོན་པ་ཆེན་པོས་ཁོ་ར་ཁོར་ཡུག་ཏུ་བསྐོར་བས། ཡུལ་དང་ལྗོངས་ཐག་རིང་དུ་གྱུར་པ་ཞིག་ན། གླང་པོ་ཆེ་ལུས་ཆེན་པོ་གཅིག་པུ་རྒྱུ་བ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །དེ་དེ་ན་ཤིང་ལོ་དང་། པདྨའི་རྩ་བ་དང་། ཆུ་ཙམ་གྱིས་འཚོ་ཞིང་ཆོག་ཤེས་པ་དང་ཞི་བས་དཀའ་ཐུབ་ཅན་བཞིན་དུ་དགའ་བར་གནས་སོ། །དེ་ནས་རེ་ཤིག་ཅིག་སེམས་དཔའ་ཆེན་པོ་དེ་ནགས་ཚལ་དེའི་མཐའ་ནས་རྒྱུ་ཞིང་སོང་སོང་བ་ལས་མྱ་ངན་དགོན་པ་དེ་ན་མིའི་སྒྲ་དག་ཅིག་ཐོས་པར་གྱུར་པ་དང་། དེས་བསམས་པ། འདི་ཅི་ཞིག །ས་ཕྱོགས་འདི་ནས་ཡུལ་དུ་རྒྱུ་བའི་ལམ་ནི་ཅིའང་མེད། མྱ་ངན་དགོན་པ་ཆེན་པོ་འདི་ལྟ་བུ་བརྒལ་ཏེ་རི་དྭགས་གཤོར་བའང་མི་རིགས་ན། ཚེགས་ཆེན་པོ་ཕྱུང་སྟེ་ཤ་ཐང་ཞིང་བདག་ཅག་གླང་པོ་ཆེའི་ཁྱུ་ནས་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་འོང་བ་མི་རིགས་སོ། །གོར་མ་ཆག་བར་འདི་དག་ནི་ཕྱོགས་བསླད་ནས་ལམ་ནོར་བ་དག་ཅིག་ཡིན་ནམ། དེ་དག་གིས་མི་རིགས་པ་དག་ཅིག་བྱས་ནས་རྒྱལ་པོ་ཁྲོས་ནས་སྤྱུགས་པ་དག་ཅིག་ཡིན་པ་འདྲ་སྟེ། འདི་ལྟར་འདི་དག་གཅོམ་ཆུང་ཞིང་། །དགའ་བའི་སྐད་བསང་མཐོན་པོ་ཉམས། །རབ་ཏུ་ཉམས་ཐག་ཕོངས་པའི་སྒྲ། །འབའ་ཞིག་ངུ་བ་བཞིན་དུ་གྲག །དེ་བས་ན་འདི་ནི་ཅི་ཡིན། །རེ་ཤིག་བརྟག་པར་བྱའོ་སྙམ་ནས། །བདག་ཉིད་ཆེན་པོ་དེ་སྙིང་རྗེ་ཆེན་པོས་དྲངས་ནས། །མིའི་སྒྲ་གང་ན་གྲག་པ་དེ་ལོགས་སུ་སོང་སྟེ། །སྨྲེ་སྔགས་འདོན་པའི་ཚིག་དང་། མི་དགའ་ཞིང་མྱ་ངན་བྱེད་པའི་ཚིག་གིས་ངུ་བའི་སྒྲ་ཉན་ཅིང་། །སྙིང་རྗེས་སེམས་བསྐུལ་ནས་སེམས་དཔའ་ཆེན་པོ་དེ། དེར་རིངས་པར་སོང་སྟེ། །ནགས་ཚལ་སྟུག་པོ་དེ་ནས་བྱུང་བ་དང་། ས་ཕྱོགས་དེ་ན་ཤིང་དང་ཚང་ཚིང་མེད་པར་རྒྱང་རིང་པོ་ནས་བལྟས་ན། །མི་བདུན་བརྒྱ་ཙམ་ཞིག་བཀྲེས་པ་དང་། སྐོམ་པ་དང་། ངལ་བས་ཉེན་པ་དག་ཅིག་ནགས་ཚལ་དེ་ལོགས་སུ་འོང་བ་མཐོང་ངོ་། །མི་དེ་དག་གིས་ཀྱང་སེམས་དཔའ་ཆེན་པོ་དེ་གངས་རིའི་རྩེ་མོས་འགྲོ་ཤེས་པའམ། སྟོན་ཀའི་སྤྲིན་ནམ་ན་བུན་གྱི་ཚོགས་རླུང་གིས་བསྐྱོད་པ་བཞིན་དུ་ཚུར་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་སྐྲག་ཅིང་མི་དགའ་སྟེ་ད་ནི་བདག་ཅག་བསད་དོ་སྙམ་ནས་ཡིད་སྐྲག་པར་གྱུར་ཀྱང་། བཀྲེས་པ་དང་། སྐོམ་པ་དང་། ངལ་བས་སྒྱིད་ལུག་པའི་ཕྱིར། འབྲོས་པར་རྩོལ་ནི་མ་ནུས་སོ། །དེ་དག་རབ་ཏུ་འཇིགས་གྱུར་ཀྱང་། །བཀྲེས་སྐོམ་ངལ་བས་ཉམས་སྨད་ཅིང་། མི་དགའ་འཇིགས་པས་སྤ་གོང་བས། །བྲོས་པར་རྩོལ་ནི་མ་ནུས་སོ། །དེ་ནས་བྱང་ཆུབ་སེམས་དཔས་དེ་དག་སྐྲག་པར་རིག་ནས། །ང་ལས་ཁྱེད་ལ་འཇིགས་པ་མི་འབྱུང་གིས། །མ་འཇིགས་ཤིག་མ་འཇིགས་ཤིག་ཅེས་གླང་པོ་ཆེའི་སྣ་མདོག་ཅུང་ཟད་དམར་ཞིང་སྣུམ་པ་སྦྲེང་བས་དབུགས་ཕྱུང་སྟེ། དྲུང་དུ་བསྙེན་ནས་སྙིང་རྗེ་བཞིན་དུ་དྲིས་པ། ཁྱོད་ཅག་སུ་ཞིག་ཅི་ཡི་ཕྱིར། །འདི་ལྟར་འགྱུར་ཞིང་འདི་ན་འཁོད། །རྡུལ་དང་ཉི་མའི་འོད་ཟེར་གྱིས། །ཁ་དོག་ཉམས་ཤིང་རིད་པར་གྱུར། །མྱ་ངན་གདུངས་འཕོངས་ཁྱེད་སུ་ཞིག །ཁྱེད་ཅག་གང་ནས་འདིར་ལྷགས་གྱུར། །དེ་ནས་མི་དེ་དག །དེ་མིའི་སྐད་དུ་སྨྲ་ཞིང་། མི་འཇིགས་པ་སྦྱིན་པར་ཁས་ལེན་པས་དགའ་བར་བྱེད་པ་དེས། །སེམས་བརྟན་པར་གྱུར་ཏེ་དེ་ལ་ཕྱག་འཚལ་ཏེ་སྨྲས་པ། གླང་ཆེན་རྒྱལ་པོ་བདག་ཅག་ནི། རྒྱལ་པོ་ཁྲོས་པའི་རླུང་ལངས་པས། །གཉེན་བཤེས་མྱ་ངན་གདུངས་བཞིན་དུ། །འདིར་ནི་བསྐྲད་དེ་བཀྱེ་བ་ལགས། །གཉེན་བཤེས་པས་ཀྱང་ལྷག་གྱུར་པ། །ཁྱོད་ཀྱིས་བདག་ཅག་གཟིགས་པས་ན། །བདག་ཅག་སྐལ་པ་ལྷག་མ་མཆིས། །ལྷ་དཔལ་མངོན་དུ་གྱུར་པར་ངེས། །ཁྱོད་ཀྱི་སྤྱན་སྔར་བབ་པས་ན། །ཕོངས་པ་འདི་ལས་ཐར་བར་འགྱུར། །རྨི་ལམ་དུ་ཡང་ཁྱོད་མཐོང་ན། །ཕོངས་ལས་མི་ཐར་སུ་ཞིག་མཆིས། །དེ་ནས་གླང་པོ་ཆེ་དེས་མི་དེ་རྣམས་ལ་ཁྱེད་ཅག་དུ་ཡོད་ཅེས་སྨྲས་པ་དང་། མི་དེ་རྣམས་ཀྱིས་སྨྲས་པ། །ཡིད་འོང་སྐུ་ལྡན་བདག་ཅག་སྟོང་ཙམ་ཞིག །ས་ཡི་བདག་པོས་འདིར་ནི་སྤྱུགས་པ་ལས། །དེ་ལས་ཕལ་ཆེར་སྡུག་བསྔལ་མང་མྱོང་བས། བཀྲེས་དང་སྐོམ་པས་གདུངས་ནས་གུམ་པར་གྱུར། །གླང་ཆེན་གཙོ་བོ་བདག་ཅག་འདི་ན་ནི། །མི་ཡི་ལྷ་མ་བདུན་བརྒྱ་ཙམ་ཞིག་མཆིས། །འཆི་བདག་ཁ་ཡི་ནང་དུ་མཆིས་པ་ལས། །ཁྱེད་ནི་དབུགས་འབྱིན་ལུས་དང་འདྲ་བར་ཤེས། །དེ་སྐད་ཅེས་ཐོས་ནས་སེམས་དཔའ་ཆེན་པོ་དེ། སྙིང་རྗེ་ལ་གོམས་པས་མྱ་ངན་བྱེད་ཅིང་མཆི་མ་ཕྱུང་སྟེ། དེ་དག་ལ་འདི་སྐད་དུ་སྨྲས་པར་ངེས་སོ། །ཀྱེ་མའོ། ཁྱེད་ཅག་ཉོན་མོངས་མཚར་བྱས་ཀྱིས་མེད་ན། སྙིང་རྗེ་མེད་ཅིང་ཀྱི་ཧུད་འཛེམ་པ་མེད། །རྒྱལ་པོའི་བློ་ནི་ཕྱི་ཚེ་མི་སེམས་ཤིང་། །རྒྱལ་པོའི་དཔལ་ཡང་གློག་ལྟར་མི་བརྟན་པས། །བདག་ལ་ཕན་སེམས་མེད་པས་དབང་པོ་ཕྲོགས། །འཆི་བདག་དེའུ་རེ་འོང་བ་འདིར་མི་སེམས། །སྡིག་པའི་མཐའ་ཡང་རིང་བར་མ་ཐོས་སམ། རྣམ་རྟོག་ཞན་པས་ཚིག་གིས་གདམས་སུ་མེད། །རྒྱལ་པོ་ཉོན་མོངས་རབ་ཏུ་མགོན་མེད་གྱུར། །ནད་ཀྱི་གཞིར་གྱུར་ཆུད་ཟ་བའི། །འདི་ལྟར་ལུས་འདི་གཅིག་པུའི་ཕྱིར། །སེམས་ཅན་རྣམས་ལ་སྙིང་མི་བརྩེ། །ཀྱི་ཧུད་གཏི་མུག་འདི་ཅི་རུང་། །དེ་ནས་གླང་པོ་ཆེའི་བདག་པོ་དེ་མི་དེ་རྣམས་ལ། །སྙིང་རྗེ་ཞིང་བྱམས་པའི་སེམས་ཀྱིས་བསམས་པ། འདི་རྣམས་འདི་ལྟར་བཀྲེས་པ་དང་། སྐོམ་པ་དང་། ངལ་བས་ཉམས་ཐག་པར་ནི་གྱུར། ལུས་ནི་རིད་ཅིང་ཉམས་ཆུང་བས་མྱ་ངམ་དགོན་པ་དཔག་ཚད་དུ་མ་ཡོད་པ། ཆུ་མེད་ཅིང་གྲིབ་མ་མེད་པ། འདི་ལས་ལམ་བརྒྱགས་ཀྱང་མེད་པར་ཇི་ལྟར་ཐར་བར་འགྱུར། །གླང་པོ་ཆེའི་ནགས་ཚལ་ནའང་འདི་དག་ཉིན་གཅིག་ཙམ་ཉོན་མ་མོངས་པར་གནས་སུ་རུང་བའང་ཅིའང་མེད་ན་ཅི་ལྟར་བྱ། ངའི་ཤས་འདི་རྣམས་ཀྱི་ལམ་རྒྱགས་བྱས་ཏེ། ངའི་རྒྱུ་མས་ཀྱང་རྐྱལ་པ་བཞིན་དུ་ཆུ་སྣོད་བྱས་ན་གདོད་མྱ་ངམ་དགོན་པ་འདི་ལས་ཐར་བར་འགྱུར་གྱི། ཐབས་གཞན་ནི་མེད་དོ་སྙམ་ནས། དེ་བས་ནད་མང་བརྒྱ་ཡི་གནས། །ལུས་འདིས་སྡུག་བསྔལ་ཉམས་ཐག་པ། །འདི་རྣམས་ཕོངས་ལས་བསྒྲལ་བའི་ཕྱིར། །གཟིངས་སུ་གྱུར་པར་བདག་གིས་བྱ། །མི་ཡི་ལུས་སུ་སྐྱེས་པ་ཡིས། །མཐོ་རིས་ཐར་པའི་བདེ་བ་འཐོབ། །འདི་དག་དེ་ལྟར་གྱུར་བ་ལ། །ཕན་འདོགས་ནུས་པའང་ཤིན་དུ་དཀོན། །བདག་གི་སྤྱོད་ཡུལ་གནས་སུ་ལྷགས་པར་གྱུར། །འདི་འདྲའི་འགྲོན་ཀྱང་བསོད་ནམས་བྱས་པས་འཐོབ། །གཉེན་དང་བྲལ་བས་ཕོངས་ཤིང་ཉམས་ཐག་གྱུར། །དེ་བས་བདག་གིས་ལྷག་པར་བསྐྱབ་པའི་རིགས། །ལུས་ཞེས་བྱ་བ་འདི་ནི་དོན་མེད་མང་། །ཡུན་རིང་དག་ཏུ་སྡུག་བསྔལ་མང་པོའི་གནས། །རྟག་ཏུ་ན་བས་ཉོན་མོངས་མང་པོའི་གཞི། །གཞན་གྱི་དོན་དུ་ཕན་པ་སྤྱད་པའི་རིགས། །དེ་ནས་དེ་དག་ལས་ཁ་ཅིག་ནི་བཀྲེས་པ་དང་། །སྐོམ་པ་དང་ངལ་བ་དང་ཚ་བའི་སྡུག་བསྔལ་གྱིས་ལུས་ཉམས་ཐག་པ་ལས་ཐལ་མོ་སྦྱར་ཏེ་མིག་མཆི་མས་གང་བཞིན་དུ་ཕྱག་འཚལ་ཞིང་ཕོངས་ནས་ལག་བརྔས་ཆུ་སློང་བ་ན། བདག་ཅག་མགོན་མེད་ཁྱོད་མགོན་ལགས། །ཁྱོད་ནི་བདག་ཅག་སྐྱབས་དང་རྟེན། །སྐལ་བ་ཆེན་པོ་ཅི་རིགས་པར། །བདག་ཅག་རབ་ཏུ་བསྐྱབ་པའི་རིགས། ཞེས་དེ་ལ་ཁ་ཅིག་སྙིང་རྗེ་རྗེ་སྐད་དུ་སྨྲས་སོ། །གཞན་དག་ནི་སེམས་རབ་ཏུ་བརྟན་པས་ཆུ་གང་ན་ཡོད་པའི་ས་ཕྱོགས་དང་། མྱ་ངམ་དགོན་པ་འཕྲོད་དཀའ་བའི་ལམ་འདྲི་སྟེ། མཚོ་ཡི་གནས་སམ་ཆུ་བསིལ་རླུང་ཡང་རུང་། གཡས་ཆབ་སིལ་མ་གང་ན་ཡོད་ཀྱང་རུང་། གྲིབ་ཤིང་ཟླུམ་པོའམ་སོང་མ་སྔོན་པོའང་རུང་། གླང་པོ་ཆེན་པོ་བདག་ཅག་བསྟན་དུ་གསོལ། དགོན་པ་འདི་ལས་གང་དག་ནས། ཐར་བར་ནུས་པར་འགྱུར་བ་དེ། །ཐུགས་ནི་བརྩེ་བར་མཛད་ནས་སུ། །ཕྱོགས་དེ་བསྟན་ན་རབ་ཏུ་མཛེས། །མྱ་ངམ་དགོན་པར་ཡུན་རིང་དུ། །བདག་ཅག་འཁྱམས་ཤིང་མཆིས་པ་ལས། །ཇོ་བོ་ཁྱོད་ཀྱིས་སྒྲལ་བར་གསོལ། །ཞེས་སྨྲས་པ་དང་དེ་ནས་བདག་ཉིད་ཆེན་པོ་དེ་དེ་དག་གིས་སྙིང་རྗེ་རྗེ་སྐད་དུ་གསོལ་བ་བཏབ་པ་དང་། དེ་དག་གིས་སེམས་རབ་ཏུ་བརླན་པར་གྱུར་ནས་མྱ་ངམ་དགོན་པ་དེ་ལས་གང་ནས་ཐར་བར་འགྱུར་བའི་རི་ཞིག་ཡོད་པ་དེ། དེ་དག་ལ་བསྟན་པའི་ཕྱིར་གླང་པོ་ཆེའི་སྣ་སྦྲུལ་ཆེན་པོའི་མགོའི་གདེངས་ཀ་འདྲ་བ་བརྐྱང་སྟེ་སྨྲས་པ། རི་འདིའི་དྲུང་ན་མཚོ་ཆེན་པོ་མེ་ཏོག་པདྨ་དང་། ཨུཏྤ་ལས་བརྒྱན་པ། ཆུ་གཙང་མས་གང་བ་ཞིག་ཡོད་ཀྱིས། དེ་བས་ན་ལམ་འདི་ལ་དེང་ལག །དེར་ཡང་ཚ་བ་དང་། །སྐོམ་པ་ངོམས་ཤིང་ངལ་སོས་པར་གྱིས་ཏེ། དེ་དང་མི་རིང་བ་ཞིག་ན། རི་དེའི་ཁ་ནས་ལྷུང་བའི་གླང་པོ་ཆེའི་རོ་ཅིག་ཀྱང་ཡོད་ཀྱིས། །དེའི་ཤས་ལམ་རྒྱགས་གྱིས་ལ། དེའི་རྒྱུ་མས་རྐྱལ་པ་བཞིན་དུ་ཆུ་སྣོད་བྱས་ལ་ཆུ་ལོང་ལ། ས་ཕྱོགས་འདི་ཉིད་ནས་དེང་ཞིག་དང་། མྱ་ངམ་དགོན་པ་འདི་ལས་ཐར་བར་འགྱུར་ཡིས། ཁྱེད་ལམ་འདི་ན་ཕར་དེང་ཞིག་ཅེས་སྨྲས་ནས། བདག་ཉིད་ཆེན་པོ་དེས་མི་དེ་རྣམས་དབུགས་ཕྱུང་ནས་དེ་ནས་བཀྱེ་སྟེ། ལམ་གཞན་ཞིག་ནས་སོང་སྟེ་རི་དེའི་ཁར་འཛེགས་ཏེ་སྐྱེ་བོ་དེ་རྣམས་བསྒྲལ་བའི་ཕྱིར་དེ་ནས་རང་གི་ལུས་འདོར་བ་ན། སྨོན་ལམ་འདི་ལྟར་བཏབ་པར་ངེས་སོ། །བདག་གིས་འདི་བྱས་བདེ་འགྲོ་ཐོབ་ཕྱིར་མིན། མི་དབང་རྒྱལ་སྲིད་གདུགས་གཅིག་དཔལ་ཕྱིར་མིན། མཐོ་རིས་བདེ་མཆོག་མྱོང་བའི་ཕྱིར་མ་ཡིན། །ཚངས་པའི་དཔལ་དང་ཐར་པའི་བདེ་ཕྱིར་མིན། །མྱ་ངམ་དགོན་པར་འཁྱམས་པའི་སྐྱེ་བོ་འདི། །བདག་གིས་བསྒྲལ་བའི་བསོད་ནམས་ཡོད་ན་ནི། དེ་ཡིས་འཁོར་བའི་དགོན་པར་འཁྱམས་པ་ཡི། །འཇིག་རྟེན་རྣམས་ནི་སྒྲོལ་བར་ནུས་པར་ཤོག །བདག་ཉིད་ཆེན་པོ་དེས་དེ་ལྟར་ངེས་པར་བྱས་ནས། རབ་ཏུ་དགའ་བའི་ཤུགས་ཀྱིས་རང་གི་ལུས་གཡང་ས་ནས་ལྷུང་སྟེ་ཞིག་ནས། འཆི་བའི་སྡུག་བསྔལ་ལ་མི་ལྟ་བར་རི་དེའི་ཁ་ནས་རང་གི་ལུས་ས་ཕྱོགས་དེར་བོར་རོ། །དེ་ནས་དེར་ལྷུང་སྟོན་ཀའི་སྤྲིན་བཞིན་མཛེས་པར་གྱུར། ཟླ་བའི་དཀྱིལ་འཁོར་ནུབ་ཀྱི་རི་ཁར་ནུབ་པ་བཞིན། །ཁྱུང་གི་འདབ་མ་སྐྱོད་པས་རླུང་གིས་སྐྱོད་པ་ཡི། །གངས་རིའི་རྩེ་མོའི་སྟོད་གཡོགས་ལྷུང་བར་འགྱུར་བ་བཞིན། །དེ་ནས་ས་དང་རི་རྣམས་གཡོས་པར་གྱུར། །བདག་པོར་སྙེམས་པའི་བདུད་ཀྱི་སེམས་ཀྱང་འདར། །གནམ་གྲུམ་སྒྲ་བཞིན་ས་ལ་ལྷུང་བར་གྱུར། ནགས་ཚལ་འཁྲི་ཤིང་ལྷ་རྣམས་འདུད་པར་གྱུར། ནགས་ཚལ་དེ་ན་གནས་པའི་ལྷ་རྣམས་ནི། །དེ་ཚེ་ངེས་པར་ཡ་མཚན་སྐྱེས་པར་གྱུར། །རབ་ཏུ་དགའ་ནས་སྤུ་ལངས་ནམ་མཁའ་ལ། ལག་པ་བསྒྲེང་ནས་འཛུམ་མོས་བསྟན་པར་གྱུར། །ཁ་ཅིག་ཙན་དན་ཕྱེ་མས་བསྒོས་པ་ཡི། །མེ་ཏོག་དྲི་ཞིམ་རྣམས་ཀྱིས་རྟག་ཏུ་འཐོར། །ལ་ལ་མ་བཏགས་སྟོད་གཡོགས་གསེར་གྱིས་བརྒྱན། །རྒྱན་རྣམས་ཀྱིས་ནི་དེ་ལ་མཆོད་པ་བྱེད། དེ་བཞིན་གཞན་དག་དང་བས་བསྟོད་པ་དང་། ཐལ་མོ་སྦྱར་བ་པདྨ་ཁ་འབུས་འདྲ། །ཅོད་པན་མཛེས་ལྡན་སྤྱི་བོ་བཏུད་པ་ཡིས། །དེ་ལ་ཕྱག་འཚལ་མཆོད་པ་བྱེད་པར་འགྱུར། །ཁ་ཅིག་མཚོ་རླབས་འཁྲིགས་པར་བྱེད་པའི་རླུང་། །མེ་ཏོག་དྲི་ཞིམ་དད་དང་ལྡན་པ་ཡིས། །དེ་ལ་བསིལ་ཡབ་བྱེད་ཅིང་གཞན་དག་ནི། །སྤྲིན་གྱི་བླ་རེ་སྟུག་པོ་བྲེ་བར་བྱེད། །ལ་ལ་དང་བས་དེ་ལ་མཆོད་པའི་ཕྱིར། ལྷ་ཡི་རྔ་སྒྲས་ནམ་མཁའ་རྒོད་པར་བྱེད། །གཞན་དག་དེར་ནི་ལྗོན་ཤིང་མེ་ཏོག་དང་། འབྲས་བུ་ལོ་མར་ལྡན་པས་བརྒྱན་པར་བྱེད། །ཕྱོགས་རྣམས་སྟོན་ཀའི་མདངས་བཟང་མཛེས་པར་གྱུར། །ཉི་མའི་ཟེར་ཡང་སྔོན་པས་གསལ་བ་འདྲ། །རྒྱ་མཚོ་དེ་ཡང་ལྟད་མོའི་རླབས་སྐྱོད་པས། །དགའ་བས་དེ་ཡི་དྲུང་དུ་འོངས་པ་འདྲ། །དེ་ནས་མི་དེ་དག་མཐར་གྱིས་དོང་དོང་བ་ལས། །མཚོ་དེའི་དྲུང་དུ་ཕྱིན་ནས་དེར་ཚ་བ་དང་སྐོམ་པ་དང་ངལ་བ་ཞི་བར་གྱུར་བ་དང་། བདག་ཉིད་ཆེན་པོ་དེས་ཇི་སྐད་བསྟན་པ་བཞིན་དུ། དེ་དང་མི་རིང་བ་ཞིག་ན་གླང་པོ་ཆེ་ཤི་ནས་རིང་པོ་མ་ལོན་པའི་རོ་ཞིག་འདུག་པ་མཐོང་ངོ་། །དེ་དག་གིས་བསམས་པ། ཀྱེ་མ་གླང་པོ་ཆེ་འདི་ནི་གླང་པོ་ཆེའི་བདག་པོ་དེའང་རེ་འདྲ་བ་ཞིག་གོ །འདི་ནི་གླང་ཆེན་མཆོག་དེའི་སྤུན་ཞིག་གམ། །གཉེན་ཞིག་ཡིན་ནམ་ཡང་ན་བུ་ཡིན་ནོ། །འདི་ལྟར་ཕྱེ་མར་གྱུར་ཡང་འདི་ཡི་གཟུགས། །གངས་རི་དཀར་འདྲ་དེ་དང་འདྲ་བར་སྣང་། །མེ་ཏོག་ཀུ་མུད་སྤུངས་ལྟར་མཛེས། །ཟླ་བའི་འོད་ཟེར་སྤུངས་པ་བཞིན། འདི་ནི་དེ་ཡི་གཟུགས་བརྙན་ཞིག །མེ་ལོང་ནང་ན་འདུག་པ་འདྲ །དེ་ནས་མི་དེ་དག་གི་ནང་ནས་རབ་ཏུ་འཛངས་པ་ཁ་ཅིག་གིས་བརྟགས་ནས་བསམས་པ། འདི་ནི་ཕྱོགས་ཀྱི་གླང་པོ་ཆེའི་གཟུགས་མཆོག་དང་འདྲ་བའི་གླང་པོ་ཆེ་དེ་ཉིད་ཡིན་པ་གོར་མ་ཆག་སྟེ། བདག་ཅག་གཉེན་བཤེས་མེད་པས་ཕོངས་ཤིང་ཉམས་ཐག་པ་རྣམས་བསྒྲལ་བའི་ཕྱིར། རི་འདིའི་ཁ་ནས་ལུས་བོར་བ་སྙམ། གནམ་གྲུམ་སྒྲ་སྐད་གང་གྲག་ཅིང་། །ས་ཡང་གཡོ་བ་བཞིན་གྱུར་པ། །བདག་ཅག་རྣམས་ཀྱིས་ཐོས་པ་དེ། །ངེས་པར་འདི་ཉིད་ལྷུང་བ་ཡིན། །ལུས་འདི་པདྨའི་རྩ་བ་དཀར་པོ་དེ་ཉིད་འདྲ། ཟླ་བའི་འོད་ལྟར་ལུས་ཀྱི་སྤུ་དཀར་ཐིག་ལེ་མཛེས། །སེན་མོ་རུ་སྦལ་དབྱིབས་འདྲ་དཀར་ཞིང་རྐང་ལག་དཀར། །རྒྱབ་གཤུལ་གཞུ་ལྟར་གུག་ཅིང་མཛེས་པ་དེ་ཉིད་ཡིན། །མྱོས་པའི་དབྲེས་ཅན་གདོང་དེ་འདི་ཉིད་ཡིན། ངོ་སྤེལ་ཆེན་པོ་དྲི་ཞིམ་རབ་ཏུ་མཛེས། །མགོ་བཙུགས་མཐོ་མཛེས་ལྕགས་ཀྱུའི་རྨ་ཡང་མེད། །མཇིང་བ་སྟུག་པོ་དེ་ཡང་འདི་ཉིད་ཡིན། །བསྙེམས་པས་གད་པ་སྙོགས་པའི་མཚན་མ་ཅན། །མཆེ་བ་མདོག་དཀར་རི་གཉིས་དེ་ཉིད་ཡིན། །གང་གིས་བདག་ཅག་ལམ་འདི་བསྟན་པ་ཡང་། །སོར་མོ་རིང་བའི་སྣ་ལག་འདི་ཉིད་ཡིན། །ཀྱེ་མའོ་འདི་ནི་ངོ་མཚར་རྨད་དུ་ཆེ། །བདག་ཅག་རྣམས་གྱི་ཆོ་རིགས་ངང་ཚུལ་དང་། དད་པ་ཅི་འདྲའང་སྔོན་ཆད་མ་ཐོས་པར། །སྐལ་ཉམས་ངེད་ལའང་འདི་ལྟར་སེམས་བྱམས་ན། །གཉེན་བཤེས་རྣམས་ལ་འདི་ནི་ཅི་འདྲ་ཞིག །སྐལ་བ་ཆེན་པོ་དེ་ལ་རྣམ་པ་ཐམས་ཅད་དུ་ཕྱག་འཚལ་ལོ། །ཕོངས་ཤིང་ཉམས་ཐག་འཇིགས་ལ་མྱ་ངན་གདུངས། །བདག་ཅག་རྣམས་ལ་འདི་ལྟར་ཕན་འདོགས་པ། །གླང་པོ་ལྟར་སྣང་འདི་ནི་སུ་ཞིག་ཡིན། །ཡ་རབས་སྤྱོད་ཚུལ་ཉམས་པ་གསལ་བར་བྱེད། །སྤྱོད་བཟངས་འདི་འདྲ་གང་དུ་བསླབས་ཞིག་གུ །བླ་མ་གང་ལ་གནས་ནས་བསྙེན་བཀུར་བྱས། །ཡོན་ཏན་མེད་པར་གཟུགས་བཟང་མི་འགྱུར་ཞེས། །སྐྱེ་བོ་སྨྲ་བ་དེ་ནི་འདི་ལས་མངོན། །ཨེ་མའོ་རང་བཞིན་འཕགས་པ་ཕུན་སུམ་ཚོགས། །དོན་བཞིན་བསྒྲུབ་པ་འདི་ཡིས་བསྟན་པར་གྱུར། །འདི་ནི་ཤི་བར་གྱུར་ཡང་བདག་མགུ་བས། །གངས་རི་འདྲ་བའི་ལུས་མཛེས་རྒོད་པ་བཞིན། དེ་བས་ན་ད་ནི་སུ་ཞིག་འདི་ལྟར་གཉེན་བཤེས་བྱམས་པ་བས་ཀྱང་ལྷག་པར་བྱམས་པ་ཕན་འདོགས་འདོགས་པ། བདག་ཅག་ལ་ཕན་པའི་ཕྱིར་རང་གི་སྲོག་གིས་བཙལ་ཏེ། རབ་ཏུ་ལེགས་པར་བྱེད་བྱེད་པ། འདིའི་ཤ་ཟ་སུས་ཕོད་བདག་ཅག་གིས་ནི་འདི་ལ་མཆོད་པར་བྱས་ཏེ། མེར་བསྲེགས་པའི་ཞལ་ཏེ་བྱས་ལ་དྲིན་ལ་ལན་གླན་པར་བྱ་བའི་རིགས་སོ་སྙམ་ནས། མི་དེ་རྣམས་ཉེ་དུ་ཤི་བ་བཞིན་དུ། སེམས་མྱ་ངན་གྱིས་གདུངས་ཏེ་མིག་ནི་མཆི་མས་གང་། སྐད་ནི་འཛེར་བ་ལ་བལྟས་ན། སེམས་བརྟན་པ་ཁ་ཅིག་གིས་དོན་ལ་བརྟགས་ཏེ་སྨྲས་པ། འདི་ལྟར་བྱས་པས་གླང་པོ་ཆེའི་མཆོག་འདི་ལ་བདག་ཅག་གིས་མཆོད་ཅིང་བཀུར་སྟི་བྱས་པར་མི་འགྱུར་གྱི །འདི་ཡི་བསམ་པ་རྫོགས་པར་བྱས་ན་འདི་ལ་བདག་ཅག་གིས་མཆོད་པ་བྱས་པར་འགྱུར་རོ་སྙམ་མོ། །བདག་ཅག་རྣམས་ནི་བསྒྲལ་བའི་ཕྱིར། །སྔོན་ཆད་མ་འདྲིས་གཉེན་འདི་ཡིས། །རབ་ཏུ་ཕངས་པའི་ལུས་བཏང་ནས། །རབ་ཏུ་གཅེས་པའི་འགྲོན་བྱས་པས། །དེ་བས་དེ་ཡི་བསམ་རྫོགས་པར། །བདག་ཅག་རྣམས་ཀྱིས་བྱ་བའི་རིགས། གཞན་དུ་བྱས་ན་འདི་ལྟ་བུར། །འདི་ཡིས་བྱས་པ་དོན་མེད་འགྱུར། །དེ་ཡིས་བྱམས་ཏེ་ཅི་བདོག་པ། །ཐམས་ཅད་འགྲོན་དུ་བྱས་པ་འདི། །བདག་ཅག་རྣམས་ཀྱིས་མ་བླངས་ན། །དེ་ལ་ཅི་ཞིག་བཀུར་སྟི་བྱས། དེ་བས་དེ་ལ་བླ་མ་བཞིན། །ཚིག་ནི་བསྙེན་པར་བྱས་ན་ནི། །བཀུར་སྟི་ཆེན་པོ་བྱ་བའི་རིགས། །བདག་ཅག་རྣམས་ལའང་ཕན་པར་འགྱུར། །སྡུག་བསྔལ་འདི་ལས་ཐར་ནས་ཚོགས་པའམ། །སོ་སོ་ནས་ནི་གླང་པོའི་མཆོག་འདི་ལ། གཉེན་བཤེས་འདས་པ་དག་ལ་མཆོད་པ་བཞིན། །བྱ་བ་ཐམས་ཅད་བདག་ཅག་རྣམས་ཀྱིས་བྱ། །དེ་ནས་མི་དེ་རྣམས་མྱ་ངམ་དགོན་པ་དེ་ནས་ཐར་བར་བྱ་བའི་ཕྱིར། །གླང་པོ་ཆེའི་བདག་པོ་དེའི་བསམ་པའང་དྲན་པར་བྱས་ཏེ། དེའི་ཚིག་མཉན་ནས་སེམས་དཔའ་ཆེན་པོ་དེའི་ཤ་རྣམས་ཀྱང་བླངས། དེའི་རྒྱུ་མ་རྣམས་ཀྱིས་ཀྱང་རྐྱལ་བ་བཞིན་དུ་ཆུ་སྣོད་བྱས་ནས་ཆུའང་བླངས་ཏེ། དེས་བསྟན་པའི་ས་ཕྱོགས་ནས་དོང་སྟེ། མྱ་ངམ་དགོན་པ་དེ་ནས་ཐར་ཏེ་དོང་ངོ་། །དེ་ལྟ་བས་ན་དགེ་བ་རྣམས་ནི་ཕྱིས་གཞན་ལ་ཕན་པར་འགྱུར་ན། སྡུག་བསྔལ་ཡང་ཁེ་རྙེད་པ་དང་འདྲ་བར་སེམས་སོ། །ཞེས་སྐྱེ་བོ་དགེ་བ་རྣམས་ཀྱི་ཡོན་ཏན་བསྔགས་བ་ལའང་བརྗོད་པར་བྱའོ། །དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་དང་རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་པ་དང་དེ་ལྟར་རང་བཞིན་བཟང་བ་ལ་གོམས་པར་བྱས་ན། ཚེ་རབས་གཞན་ལའང་རྗེས་སུ་འབྲང་བར་འགྱུར་རོ། །ཞེས་རང་བཞིན་བཟང་པོ་བསྒྲུབ་པའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །ནོར་གཏོང་བ་ལ་གོམས་པར་བྱས་ན་བདག་གི་ལུས་ལས་ཕངས་བ་མེད་པར་ཡང་ཐགས་ཐོགས་མེད་པར་གཏོང་ཞེས་གཏོང་བ་ལ་གོམས་པའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ན་ལྷའི་མེ་ཏོག་དང་སིལ་སྙན་ལ་སོགས་པས་མཆོད་པའི་ཚེ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཀུན་དགའ་བོ་དེ་ཙམ་གྱིས་ན་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས་པར་མི་ཆུད་དོ་ཞེས་གསུངས་པ་དེ་ཡང་འདི་ལྟར་བསྟན་པར་བྱས་ཏེ། དེ་ལྟར་བསམ་པ་རྫོགས་པར་བྱས་ན་མཆོད་པ་བྱས་པར་འགྱུར་གྱི། སྤོས་དང་ཕྲེང་བ་ལ་སོགས་པ་ཕུལ་བས་མཆོད་པ་བྱས་པར་མི་འགྱུར་རོ་ཞེས་བསྟན་པར་བྱའོ། །གླང་པོ་ཆེར་སྐྱེས་པའི་རབས་ཏེ་སུམ་བཅུ་པའོ།། །།


previousགླང་པོ་ཆེར་སྐྱེས་པའི་རབས་ཏེ་སུམ་བཅུ་པ།next