Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སུ་དཱ་སའི་བུའི་སྐྱེས་པའི་རབས་ཏེ་སུམ་བཅུ་གཅིག་པ།
   
   
   


 
previousསུ་དཱ་སའི་བུའི་སྐྱེས་པའི་རབས་ཏེ་སུམ་བཅུ་གཅིག་པ།next

སུ་དཱ་སའི་བུའི་སྐྱེས་པའི་རབས་ཏེ་སུམ་བཅུ་གཅིག་པ།

སྡོམ་ལ། བྱང་ཆུབ་ངང་པ་བྱང་ཆུབ་ཆེ། སྤྲེའུ་དང་རི་དྭགས་ཤ་ར་བྷ། །རུ་རུ་སྤྲེའུ་རྒྱལ་བཟོད་པ་སྨྲ། །ཚངས་པ་གླང་ཆེན་དེ་དག་བཅུ།། །།སྐྱེ་བོ་དམ་པ་རྣམས་དང་ཕྲད་ན་ཇི་ལྟར་ཕྲད་ཀྱང་རུང་སྟེ་ལེགས་པར་འགྱུར་བའི་ཕྱིར་ལེགས་པར་འདོད་པ་རྣམས་ཀྱིས་སྐྱེ་བོ་དམ་པ་ལ་བརྟེན་པར་བྱའོ། །དེ་ཡང་འདི་ལྟར་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་ཀུ་རུའི་རྒྱུད་རབ་ཏུ་གྲགས་པའི་རིགས་དང་ལྡན་པ། ཡོན་ཏན་ཡོངས་སུ་འཛིན་པར་བྱེད་པས་འབངས་རྣམས་ནི་རང་བཞིན་གྱིས་གློ་བ་ཉེ་བ། གཟི་བྱིན་ཆེ་བས་རྒྱལ་ཕྲན་དྲེགས་པ་རྣམས་ནི་ཕྱག་འཚལ་བར་གྱུར་པ། རྒྱལ་པོའི་རིགས་དཔལ་དང་ལྡན་པ་ཞིག་ཏུ་སྐྱེས་པར་གྱུར་ཏོ་ཞེས་གྲག་གོ །ཟླ་བ་དང་འདྲ་བར་མཐོང་ན་དགའ་བ། ཡོན་ཏན་གྱི་འོད་ཟེར་བརྒྱ་དང་ལྡན་པའི་བུ་དེ་ཕ་མས་མིང་ཡང་བུ་ཟླ་བ་ཞེས་བཏགས་སོ། །དེ་ཟླ་བ་ཡར་གྱི་ངོ་བཞིན་དུ་ཉིན་རེ་ཞིང་གཟི་བྱིན་ཇེ་ཆེ་ཇེ་ཆེར་གྱུར་ཏོ། །རིམ་གྱིས་རིག་བྱེད་ཡན་ལག་དང་བཅས་པ། ཉེ་བའི་རིག་བྱེད་དང་བཅས་པ་ལ་ནི་མཁས་པར་གྱུར། །སྒྱུ་རྩལ་མཆོག་དང་བཅས་པའི་སྒྱུ་རྩལ་རྣམས་ཀྱི་གོ་རིམ་ནི་མཐོང་བར་གྱུར། འཇིག་རྟེན་པ་རྣམས་ནི་རབ་ཏུ་དགའ་ཞིང་གུས་པར་བྱེད་པའི་གནས་སུ་གྱུར། ལེགས་པར་ཕན་འདོགས་ཤིང་ཉེ་བར་སྡུད་པ་ལ་མཁས་པ་དང་། གུས་པ་ཇེ་ཆེ་ཇེ་ཆེར་གྱུར་པ་དང་། ཡོངས་སུ་སྐྱོང་བ་ལ་ངེས་པར་བྱེད་པའི་ཕྱིར་འགྲོ་བ་རྣམས་ཀྱི་གཉེན་དང་འདྲ་བར་གྱུར་ཏོ། །ཚུལ་ཁྲིམས་ཐོས་དང་གཏོང་དང་སྙིང་རྗེ་དུལ། །གཟི་བྱིན་བཟོད་དང་བརྟན་དང་ཤེས་རབ་བྱམས། །མ་དྲེགས་ངོ་ཚ་བྱིན་ཆེ་མདངས་ལྡན་གྲགས། །དེས་ལ་ལྡོབ་སྐྱེན་སྟོབས་ཆེན་དག་པ་རྣམས། །ཡོན་ཏན་དེ་དང་དེ་དག་ཡོད་པ་ནི། །ལང་ཚོར་གྱུར་པ་རྒྱན་གྱིས་བརྒྱན་པ་བཞིན། །རྣམ་པར་དག་ཅིང་རྒྱ་ཆེ་ཡིད་འོང་བ། །ཟླ་བའི་འོད་ཟེར་འདྲ་བའི་གནས་སུ་གྱུར། །དེ་ནས་དེས་འབངས་རྣམས་སྐྱོང་ནུས་པ་དང་། །མ་འཇུངས་ཤིང་རང་བཞིན་བཟང་པོའི་ཕྱིར་རྒྱལ་པོས་རྒྱལ་ཚབ་ཀྱི་ལོངས་སྤྱོད་བྱེད་དུ་བཅུག་གོ །རབ་ཏུ་མཁས་པས་ཆོས་ལྡན་ལེགས་སྨྲས་རྣམས། །དེ་ཡི་གནང་ཆེན་བཞིན་དུ་སྡུག་པར་གྱུར། །གང་དག་དེ་ལ་ལེགས་པར་སྨྲ་བ་དེ། །མཆོད་པ་ཁྱད་པར་ཅན་གྱིས་བཀུར་སྟི་བྱེད། །དེ་ནས་བདག་ཉིད་ཆེན་པོ་དེ་རེ་ཤིག་ཅིག་གྲོང་ཁྱེར་དང་ཉེ་བར་སྐྱེད་མོས་ཚལ་དཔྱིད་ཟླའི་དུས་ལ་བབ་པའི་མཐུས་ཤིང་ལོ་རྣམས་ནི་མཛེས་ཤིང་འཇམ་པར་གྱུར། །མེ་ཏོག་སྡུ་གུ་ཁ་འབུས་པ་རྣམས་ནི་དགོད་པ་བཞིན། །ས་གཞི་རྣམས་ནི་ནེའུ་སིང་སྔོན་པོ་གསར་པ་རྣམས་ཀྱིས་རི་མོ་བཀྲམ་པ་བཞིན་དུ་མཛེས་པར་བྱས། །ཆུ་གཙང་མ་རྣམས་ནི་མེ་ཏོག་པདྨ་དང་ཨུཏྤ་ལའི་འདབ་མས་ཁེབས། །བུང་བ་མང་པོ་རྣམས་ནི་དགའ་བའི་སྒྲ་འབྱིན། །བྱ་ཀོ་ཀི་ལ་དང་རྨ་བྱ་མང་པོ་རྣམས་སྒྲ་ནི་ཆེར་འབྱིན། །བསེར་བུ་བསིལ་བ་དྲི་ཞིམ་པོ་ཉམས་སུ་བདེ་བ་དག་ནི་དལ་བུས་ལྡང་། ཡིད་རབ་ཏུ་དགའ་བར་བྱེད་པ་ཞིག་ན་དམག་གི་དཔུང་རབ་ཏུ་མི་མང་བ་ཞིག་གིས་ཡོངས་སུ་བསྐོར་ཏེ་རྩེ་བའི་ཕྱིར་རྒྱུ་ཞིང་སོང་སོང་བ་ལས། སྐྱེད་མོས་ཚལ་གཞན་ཞིག་ཏུ་ཕྱིན་ཏོ། དེ་ནི་ནགས་ཚལ་ཀོ་ཀི་ལ་སྒྲ་འབྱིན་པ། ལྡིང་ཁང་རྒྱན་ཅན་ཡིད་འོང་སྐྱེད་མོས་ཚལ། །ལྗོན་ཤིང་སྣ་ཚོགས་མེ་ཏོག་གཡུར་གྱིས་དུད། །དགའ་བའི་ཚལ་ན་ལྷ་བཞིན་དགའ་བར་སྤྱོད། །བུད་མེད་རྣམས་ནི་གླུ་སྙན་རྔ་སྒྲ་སྙན་དང་འབྲེལ། །འཛུམ་ལ་མཁས་པའི་ཡོན་ཏན་ཡན་ལག་མཛེས་པར་བསྒྱུར་བའི་བར། །བུད་མེད་བཟང་མོ་མཛེས་པར་ཆས་པ་དེ་དག་དང་། སྐྱེད་མོས་ཚལ་བཟང་དེ་ན་དེ་ནི་དགའ་བར་གནས། །དེ་དེ་ན་འདུག་བའི་དྲུང་དུ་བྲམ་ཟེ་ལེགས་པར་སྨྲ་བ་ལ་མཁས་པ་ཞིག་འོངས་ཏེ། ཞེ་ས་དང་ཕྱག་བྱས་ནས། །དེའི་གཟུགས་བཟང་པོ་དེ་ལ་སེམས་ཆགས་བཞིན་དུ་དེ་ན་འདུག་གོ །དེ་ལྟར་སེམས་དཔའ་ཆེན་པོ་དེ་དེ་ན་ལང་འཚོ་ལ་བབ་ཅིང་། བསོད་ནམས་ཕུན་སུམ་ཚོགས་པའི་མཐུ་ལས་བྱུང་བའི་རོལ་མོ་བྱེད་པ་ལ་ལྟ་ཞིང་འདུག་འདུག་པ་ལས། བྲམ་ཟེ་དེ་འོངས་པས་རབ་ཏུ་དགའ་བར་ནི་གྱུར་ན། དེ་ལེགས་པར་སྨྲ་བ་ཐོས་པ་དང་། དེར་འོངས་པའི་དོན་མ་གྲུབ་པར་བློ་བུར་དུ་ཅ་ཅོ་ཆེན་པོ་གླུ་དང་སིལ་སྙན་གྱི་སྒྲའི་བར་ཆད་དུ་གྱུར་པ་རོལ་མོའི་དགའ་བ་ལ་གནོད་པ་བུད་མེད་གཞོན་ནུ་རྣམས་འཇིགས་ཤིང་བག་འཁུམས་པར་བྱེད་པ་ཞིག་བྱུང་བ་ཐོས་ནས་ཉུག་རུམ་ནང་པ་རྣམས་ལ་འདི་ཅི་ཡིན་རྟོགས་ཤིག་ཅེས་ཆེད་ཆེར་བསྒོའོ། དེ་ནས་དེའི་ཆབ་སྒོ་བ་རྣམས་རྟབ་རྟབ་བོར་གྱུར་ནས་འཇིགས་ཤིང་སྐྲག་པས་ངོ་ཟུམ་གནག་སྟེ། མྱུར་དུ་ལྷགས་ནས་གསོལ་བ། ལྷ་སུ་དཱ་སའི་བུ་རྐང་ཁྲ་མི་ཟན་པོ་དེ། མི་མང་པོ་ཟ་ཟ་བ་ལ་གོམས་པས། །གཤིན་རྗེ་མངོན་སུམ་དུ་མཆིས་པ་བཞིན། སྲིན་པོ་བས་ཀྱང་སེམས་རྩུབ་པ། སྟོབས་དང་མཐུ་ལ་སོགས་པ་མི་བས་ལྷག་པ། སྲིན་པོ་བས་ཀྱང་ལྷག་པར་མི་བཟད་པར་འཇིགས་པ། མི་རྣམས་འཇིགས་པར་བགྱིད་པ། ཤིན་དུ་འཇིགས་པའི་གཟུགས་ཅན་བཞིན་དུ་འདིར་མཆིས་ཏེ། དེས་སྐྲག་ནས་ཤིང་རྟ་དང་གླང་པོ་ཆེ་དང་རྟ་དང་རྐང་ཐང་དང་དམག་མི་མང་པོའི་དཔུང་ཡང་བརྟན་པ་ཉམས་ཏེ་བྱེར་བར་གྱུར་ཅིང་མཆིས་ན། ལྷ་དེ་ལས་ཅི་ལེགས་པར་མཛད་ཅིང་བཀའ་བགྲོས་མཛད་པའི་དུས་ལ་བབ་པོ་ཞེས་གསོལ་ཏོ། དེ་ནས་བྱང་ཆུབ་སེམས་དཔས་སུ་དཱ་སའི་བུའི་ངང་ཚུལ་གྱི་སྐྱོན་དང་སྤྱོད་པ་སྔ་ནས་ཤེས་པས། སྙིང་རྗེས་དེ་བསོ་བར་བསམས་ཏེ། དེ་དེའི་ངང་ཚུལ་ངན་པ་ཞི་བར་བྱ་བའི་མཐུ་བདག་ལ་ཡོད་པར་ཤེས་པས། སུ་དཱ་སའི་བུ་འདིར་འོངས་སོ་ཞེས་ཟེར་བ་ཐོས་པས། གཏམ་སྙན་ཐོས་པ་བཞིན་དུ་དགའ་བར་གྱུར་ནས་འདི་སྐད་སྨྲས་པར་ངེས་སོ། །མི་ཤ་འདོད་པས་རྒྱལ་སྲིད་ཉམས་པར་གྱུར། མྱོས་པར་གྱུར་པ་བཞིན་དུ་རང་དབང་མེད། །རང་གི་ཆོས་བཏང་བསོད་ནམས་གྲགས་པ་ཉམས། མྱ་ངན་བྱ་བའི་གནས་སྐབས་གནས་པ་ལ། བདག་གིས་རྒལ་བའི་གོ་སྐབས་ག་ལ་ཡོད། དེ་ལྟ་བུ་ལ་འཇིགས་སུའང་ག་ལ་རུང་། འདི་ནི་འཐབ་མོ་རྒལ་བ་མེད་པར་ཡང་། དེ་ཡི་སྡིག་པ་སྔོན་དུ་གཞོམ་པར་བྱ། །བདག་གིས་སོང་སྟེ་རྗེས་སུ་བཟུང་དགོས་པ། །བདག་གི་དྲུང་དུ་ཁོ་བདག་འོངས་པ་ལ། དེ་བས་བདག་གིས་དེ་ལ་འགྲོན་བྱ་དགོས། དམ་པ་རྣམས་ནི་དེ་ལྟར་འགྲོན་ཡང་བྱེད། །དེ་ནས་དེས་ཕོ་བྲང་ནང་གི་མི་རྣམས་ལ། ཁྱེད་རྣམས་ལས་ཇི་ལྟར་བསྒོ་བ་བཞིན་དུ་ལེགས་པར་གྱིས་ཤིག་ཅེས་བསྒོས་ནས། བཙུན་མོའི་འཁོར་མི་དགའ་ཞིང་ཡིད་བློང་ནས་མིག་ནི་མཆི་མས་གང་། སྐད་འཛེར་ཞིང་སྨྲ་བའི་ཚིག་ནི་འཁྲུལ་བཞིན་དུ། ལམ་འགོག་པ་རྣམས་དབུགས་ཕྱུང་སྟེ། སླར་ལོག་ནས་ཅ་ཅོ་ཆེན་པོ་གང་ན་ཟེར་བ་དེ་ལོགས་སུ་སོང་བ་དང་། སུ་དཱ་སའི་བུ་གོས་དྲི་མ་ཅན་ནི་བསྲིངས་ཏེ་སྐེད་ལ་བཅིངས། མགོ་བོའི་སྐྲ་གཡེངས་ཤིང་རིང་ལ་རྡུལ་གྱིས་གོས་པ་ནི་ཤིང་ཤུན་གྱི་ཐོད་ཀྱིས་བཅིངས། གདོང་ནི་ཁ་སྤུ་རིང་པོ་འཛངས་པས་ངམ་གནག་པར་གྱུར་པ། ཁྲོས་ཤིང་རྔམ་པས་མིག་ནི་དགྲད་ཅིང་འཇིགས་འཇིགས་ལྟར་འདུག་རལ་གྲི་དང་ཕུབ་ནི་ཕྱར་ནས་རྒྱལ་པོའི་དཔུང་བྱེར་བའི་ཕྱི་བཞིན་དུ་སྙེགས་པ་མཐོང་ནས། འཇིགས་པ་དང་ཚམ་ཚོམ་མེད་པར། ཀྭ་ཡེ་བུ་ཟླ་བ་ནི་ང་ཡིན་ཏེ་འདི་ན་འདུག་གིས་མི་ཤ་ཟ་བ་ལ་ཞུགས་པའི་བཀྲེས་ཆོས་ངན་པ་དེས་ཅི་ཞིག་བྱ། སླར་ལོག་ལ་ཚུར་ཤོག །སུ་དཱ་སའི་བུའང་དེ་སྐད་འབོད་པའི་སྒྲ་ཐོས་ནས། སེང་གེ་བཞིན་དུ་བསྙེམས་པ་དང་བཅས་པར་དེ་ནས་སླར་ལོག་པ་དང་། བྱང་ཆུབ་སེམས་དཔའ་གཅིག་པུ་ཕུབ་དང་མཚོན་ཆའང་མེད་པར་རང་བཞིན་གྱིས་ཞི་བར་སྣང་བ་མཐོང་ནས། ངའང་ཁྱོད་ཉིད་འཚོལ་ལོ་ཞེས་སྨྲས་ཏེ། འཛེམ་དོག་དང་ཚམ་ཚོམ་མེད་པར་རྔམ་བཞིན་དུ་དེའི་དྲུང་དུ་རྒྱུགས་ཏེ་འོངས་ནས་ཕྲག་པ་ལ་སྐྱོན་ཏེ་བྲོས་ནས་སོང་ངོ་། །བྱང་ཆུབ་སེམས་དཔས་ཀྱང་། དེའི་སེམས་རྔམ་ཞིང་དྲེགས་པས་གཡེངས་ལ་བློ་རྟབ་རྟབ་པོར་གྱུར་ཅིང་རྒྱལ་པོའི་དཔུང་བྱེར་བས་རབ་ཏུ་དགའ་བར་ཡང་གྱུར་ལ། དོགས་པ་དང་བཅས་པར་ཡང་ཤེས་ནས། ད་ཅུང་འདི་བཅོས་པའི་དུས་ལ་མ་བབ་པོ་སྙམ་ནས་བཏང་སྙོམས་སུ་བཞག་གོ །སུ་དཱ་སའི་བུའང་འདོད་པའི་དོན་གྲུབ་པས། རྙེད་པ་ཆེན་པོ་རྙེད་པ་བཞིན་དུ་ཡིད་རབ་ཏུ་དགའ་ནས། རང་གི་གནས་རྫོང་། མི་རྣམས་བསད་བའི་ཀེང་རུས་མང་པོས་གང་། །ས་གཞི་ཁྲག་གི་ཆར་པས་རྩུབ་རྩུབ་ལྟར། །ལྕེ་སྦྱང་ཁ་དམར་མི་སྙན་སྒྲ་སྒྲོགས་པ། །ཁྲོ་ཚིག་རྩུབ་པོས་རབ་ཏུ་སྐྲོད་པ་བཞིན། །བྱ་རྒོད་ཁྭ་གནས་ལོ་མ་དམར་པོའི་ཤིང་། །རོ་མང་བསྲེགས་པའི་དུ་བས་མདོག་འགྱུར་མང་། །སྲིན་པོ་ཡི་དྭགས་གར་བྱེད་སྒྲ་ངན་འཇིགས། །འགྲོན་པོས་རྒྱང་གིས་མཐོང་ན་མིག་སྒྱུར་བ། །དེ་ལྟ་བུའི་ནང་དུ་སོང་ནས། །དེར་བྱང་ཆུབ་སེམས་དཔའ་བཞག་སྟེ་དེའི་བྱད་གཟུགས་བཟང་པོ་ཕུན་སུམ་ཚོགས་པ་ལ་ཆགས་ནས། མིག་དགྲད་དེ་དེ་ལྟ་ཞིང་ངལ་སོ་ཞིང་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔས་བྲམ་ཟེ་ལེགས་པར་སྨྲ་བའི་སྐྱེས་ཁྱེར་ཏེ་འོངས་བས། རིམ་གྲོ་མ་བྱས་པ་སྐྱེད་མོས་ཚལ་དེར་སླར་འོང་དུ་རེ་ཞིང་སྡོད་པར་རྗེས་སུ་དྲན་ནས་བསམས་པ། ཀྱེ་མའོ་མཚར་བྱས་ཀྱིས་མེད། །ལེགས་པར་སྨྲ་བའི་སྐྱེས་འབུལ་བ། །ཉེ་བའི་སེམས་ཀྱིས་རིང་ནས་འོངས། །འདི་ལྟར་བདག་ཁྲིད་ཐོས་ནས་སུ། །བྲམ་ཟེ་དེ་ནི་ཅི་བྱེད་ཅིག །རེ་ཐག་ཆད་པའི་མེ་ཡིས་སེམས་བསྲེགས་ཏེ། །མྱ་ངན་མི་བཟད་ཆེན་པོས་གདུངས་གྱུར་ཏམ། །བདག་གི་མྱ་ངན་བྱེད་ཅིང་ཤུགས་འབྱིན་ཏམ། །རང་གི་སྐལ་བ་ཆུང་ཞེས་སྨོད་ཅིང་འདུག །བྱང་ཆུབ་སེམས་དཔའ་དེ་དེ་སྙམ་དུ་སེམས་ཤིང་བྲམ་ཟེ་དེའི་སྡུག་བསྔལ་གྱིས་སེམས་གདུངས་ནས། སྙིང་རྗེའི་དབང་གིས་མཆི་མ་བྱུང་ངོ་། །དེ་ནས་སུ་དཱ་སའི་བུས། །བྱང་ཆུབ་སེམས་དཔའི་མིག་མཆི་མས་གང་བ་ལ་ལྟས། དགོད་ཅིང་སྨྲས་པ། ཁྱོད་ཅུང་ཞིག་སྡོད་ཅིག །ཡོན་ཏན་མང་པོ་དེ་དག་གིས། ཁྱོད་ནི་རབ་ཏུ་བརྟན་ཞེས་གྲགས། །འོན་ཀྱང་ང་ཡི་དབང་གྱུར་ན། འདི་ལྟར་མཆི་མ་བྱུང་ངམ་ཅི། །ཉམ་ཉེས་བརྟན་པ་དོན་མེད་འགྱུར། །མྱ་ངན་བྱུང་ན་ཐོས་མི་ཕན། །བརྡེགས་ན་གཡོ་བར་མི་འགྱུར་བའི། །སེམས་ཅན་དེ་ནི་གང་ཡང་མེད། །ཅེས་ཟེར་བ་དེ་རེ་བདེན། །ཀྱེ་དེ་བས་ན་དྲང་པོར་སྨྲོས་ཤིག། སྲོག་གམ་སྡུག་པའམ་འོན་ཏེ་བདེ་བ་བསྒྲུབ་པའི་ནོར། །གཉེན་ནམ་མི་ཡི་བདག་པོའི་རྒྱལ་སྲིད་ཀྱང་མྱ་ངན་བྱེད། །བུ་ལ་བྱམས་པའི་ཕ་ནི་དུའམ་བུ་ཡང་རུང་། །དྲན་ནས་ཁྱོད་ཀྱི་མིག་ནི་མཆི་མས་གང་བར་གྱུར། །བྱང་ཆུབ་སེམས་དཔས་སྨྲས་པ་སྲོག་དང་ཕ་མ་བུ་དང་གཉེན་དང་ཆུང་མའི་ཕྱིར་ཡང་མ་ཡིན་ལ། །བདག་གི་མཆི་མ་བྱུང་བ་དེ་ནི་དབང་ཕྱུག་བདེ་བ་དྲན་པས་མིན། །བྲམ་ཟེ་ལེགས་པར་སྨྲ་བ་རེ་བས་འོངས་པས་བདག་ཁྲིད་ཐོས་ནས་ནི། །རེ་ཐག་ཆད་པས་ངེས་པར་དེ་གདུངས་དྲན་ནས་བདག་ནི་མཆི་མ་བྱུང་། དེ་བས་བྲམ་ཟེ་རེ་ཐག་ཆད་པས་སེམས་དཀྲུགས་ཏེ། བཀུར་སྟིའི་ཆུས་བཀྲུས་གསར་པ་བྱས་ནས་དེ་ལས་ཀྱང་། ལེགས་པར་སྨྲས་པའི་བདུད་རྩི་མྱང་བར་བྱས་ནས་སུ། །སླད་དུ་འོང་གི་བར་དུ་བདག་ནི་གཏང་དུ་གསོལ། །བདག་གིས་བྲམ་ཟེའི་དྲིན་ལ་ལན་གླན་པས། །ཁྱོད་ཀྱི་དྲིན་ཡང་དེ་ནས་ལན་གློན་དུ། །འདིར་ནི་འོངས་ནས་ཁྱོད་ཀྱི་མིག་གཉིས་ཀྱི། རབ་ཏུ་དགའ་བའི་སྐབས་ཕྱེད་ལྟར་ཡང་གཞུག །འདི་ནི་འབྲོས་པའི་ཐབས་ཤིག་ཡིན་སྙམ་དུ། །སེམས་ཤིང་ཡིད་ལ་དོགས་པ་མ་སྐྱེད་ཅིག །རྒྱལ་པོ་བདག་ལྟ་བུ་ཡི་ལམ་ཡང་གཞན། སྐྱེ་བོ་གཞན་ཡང་དེ་ལྟ་མིན་པར་སྤྱོད། །སུ་དཱ་སའི་བུས་སྨྲས་པ། དེ་སྐད་ཁྱོད་ནི་རབ་ཏུ་གུས་སྨྲས་ཀྱང་། ཅི་ལྟར་བྱས་ཀྱང་ཡིད་ཆེས་མི་རུང་ངོ་། །འཆི་བདག་ཁ་ནས་ཐར་ཏེ་བདེར་གནས་པ། །སུ་ཞིག་དེར་ནི་སླད་དུ་འོང་བ་ཡོད། །འཆི་བདག་འཇིགས་པ་ཐར་བར་དཀའ་ལས་ཐར། །རང་གི་ཁྱིམ་ན་བདེ་བར་གནས་གྱུར་པ། །གང་ཕྱིར་ཁྱོད་ནི་ང་ཡི་དྲུང་འོངས་པ། དེ་ཡི་རྒྱུ་ནི་ཅི་ཞིག་ཡོད་པ་སྨྲོས། །བྱང་ཆུབ་སེམས་དཔས་སྨྲས་པ། བདག་འདིར་སླར་འོང་བའི་རྒྱུ་ཆེན་པོ་ཞིག་ཡོད་པར་ཡང་ཁྱོད་ཀྱིས་ཡིད་ཆེས་སུ་མི་རུང་བ་ཅི་ཡོད། ངས་སླར་འོང་ཞེས་ཁས་མ་བླངས་སམ། དེ་ལྟར་མི་ངན་པ་དང་མགོ་སྙོམས་ཏེ་དོགས་པ་མ་སྐྱེད་ཅིག །ང་ནི་བུ་ཟླ་བ་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་འདོད་པའམ་འཇིགས་པའམ་ཤིར་དོགས་པས། བདེན་པར་སྨྲ་བ་རྩྭ་དང་འདྲ་བར་འདོར། །ཡ་རབས་རྣམས་ནི་བདེན་པ་སྲོག་དང་འདྲ། དེ་བས་རབ་ཏུ་ཕོངས་ཀྱང་དེ་མི་འདོར། །བདེན་པ་མེད་ན་ཚེ་འདིའི་བདེ་བ་ཡང་། སྲོག་ཀྱང་ངན་འགྲོ་དག་ལས་བསྲུང་མི་ནུས། །དགའ་དང་གྲགས་དང་བདེ་བའི་འབྱུང་གནས་གང་། །བདེ་བ་སུ་ཞིག་དེ་ཕྱིར་སྤོང་བར་བྱེད། །གྱ་གྱུའི་ཚུལ་ཞིག་གལ་ཏེ་མཐོང་གྱུར་ཏམ། ལེགས་པར་སྤྱོད་པ་གལ་ཏེ་མ་མཐོང་ངམ། །དེ་ལྟར་བདེན་པར་ཡིད་ཆེས་མི་འགྱུར་བ། །ང་ལ་ཅི་ཞིག་ཁྱོད་མཐོང་དོགས་པ་སྐྱེ། །ཁྱོད་ཀྱི་ང་ནི་གལ་ཏེ་འཇིགས་གྱུར་ཏམ། །བདེ་ལ་ཆགས་སམ་སྙིང་རྗེ་མེད་གྱུར་ན། དཔའ་བར་སེམས་ཤིང་གཏུམ་པོར་སྤྱོད་གྲགས་པ། །ཕུབ་བཟུང་མཚོན་བཟུང་དྲུང་དུ་ང་འོང་ངམ། །ཁྱོད་དང་བཤེས་བར་ང་ཡང་འདོད་པ་ཉིད། །འདི་ནས་བྲམ་ཟེ་དེ་ཡི་དོན་བྱས་ནས། །སླར་ཡང་ང་བདག་ཁྱོད་ཀྱི་གན་དུ་འོང་། །ངེད་ཅག་ལྟ་བུ་རྫུན་གྱི་ཚིག་མི་སྨྲ། །དེ་ནས་སུ་དཱ་སའི་བུ་བྱང་ཆུབ་སེམས་དཔའི་ཚིག་དེ་རང་ལ་བསྟོད་པ་འདྲ་བས་མ་བཟུང་ནས་བསམས་པས། འདི་ནི་བདེན་པར་སྨྲ་བ་ངག་ཆོས་དང་ལྡན་པར་ཡང་ངོམ་ན། །དེ་བས་ན་འདི་རེ་ཤིག་བདེན་པ་ལ་དགའ་བ་དང་ཆོས་ལ་དགའ་བ་དེ་བལྟའོ། །གཞན་ཡང་འདི་མེད་དུ་ཟིན་ཀྱང་རྒྱལ་རིགས་ཀྱི་བུ་བརྒྱ་ཙམ་རང་གི་མཐུས་རྙེད་པ་བདག་ལ་ཡོད་ཀྱིས། ཇི་ལྟར་ཁས་བླངས་པ་བཞིན་དུ་དེ་དག་གིས་འབྱུང་པོའི་མཆོད་སྦྱིན་བྱའོ་སྙམ་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། འོ་ན་སོང་ཞིག་ཁྱོད་བདེན་པར་སྨྲ་བར་ཁས་འཆེས་པ་དང་ཆོས་དང་ལྡན་པར་ཁས་འཆེས་པ་བལྟའོ། །སོང་ལ་བྲམ་ཟེ་དེ་ཅི་དང་ཅི་འདོད་པ་བྱོས་ལ་མྱུར་དུ་སླར་ལོག་ཤོག་ཅིག་དང་། ངའང་ཁྱེད་བསྲེག་པའི་སྟ་གོན་བྱེད་ཅིང་སྡོད་དོ། །དེ་ནས་བྱང་ཆུབ་སེམས་དཔས་དེ་བཞིན་དུ་བྱའོ་ཞེས་དེའི་ཚིག་ཉན་ནས་རང་གི་ཁྱིམ་དུ་སོང་ངོ་། །རང་གི་མི་རྣམས་ཀྱང་རབ་ཏུ་དགའ་བར་གྱུར་ཏོ། །བྲམ་ཟེ་དེའང་བཀུག་སྟེ། །དེ་ལས་ཚིག་སུ་བཅད་པ་བཞི་ཐོས་སོ། །དེ་ཐོས་པས་ལེགས་པར་སྨྲས་པས་ཡིད་མགུ་ནས། །སེམས་དཔའ་ཆེན་པོ་དེས་བྲམ་ཟེ་དེ་ལ་ཡིད་མགུ་བར་བྱ་བ་དང་། ཚིག་སྙན་པ་དང་། བཀུར་སྟི་བྱས་ནས་ཚིགས་སུ་བཅད་པ་གཅིག་ལ་གསེར་སྲང་སྟོང་སྟོང་གི་ཐང་དུ་བརྩིས་ཏེ་ཅི་འདོད་པའི་ནོར་གྱིས་མཆོད་པ་བྱས་སོ། །དེ་ནས་དེའི་ཕས་དེ་ལ་གནས་མ་ཡིན་པར་གོང་ཚབས་ཆེ་བ་དགག་པའི་བསམ་པས། སྐབས་ཤིག་ཏུ་གླེང་བསླངས་ཏེ། ཚིག་འཇམ་པོས་སྨྲས་པ། བུ་ལེགས་པར་སྨྲས་པ་ལ་མཆོད་པའང་རན་པར་བྱས་ན་ལེགས་པར་ཤེས་པར་བྱ་བའི་རིགས་སོ། །ཁྱོད་ཀྱིས་འབངས་མང་པོ་གསོ་དགོས་ལ། རྒྱལ་པོའི་དཔལ་ཡང་ནོར་ཕུན་སུམ་ཚོགས་པ་ལ་ལྟོས་སོ། །དེ་བས་ན་ཁྱོད་ལ་སྨྲའོ། །ལེགས་པར་སྨྲས་པའི་མཆོད་པ་མང་ན་བརྒྱ། །དེ་བས་མང་ན་ནུས་པར་མི་འགྱུར་ཏེ། །སྦྱིན་པ་དྲགས་ན་ནོར་གྱི་དབང་ཕྱུག་གི །ནོར་ཡང་ཇི་སྲིད་ཅིག་ཏུ་ཐུབ་པར་འགྱུར། །ནོར་ཡང་རབ་ཏུ་ལྡན་ན་བསྒྲུབ་པར་ནུས། །དེ་དང་མི་ལྡན་ན་ནི་སྒྲིབ་མི་ནུས། །ནོར་མེད་ན་ནི་རྒྱལ་པོའི་དཔལ་དེ་ཡང་། །དགའ་བར་མི་འགྱུར་སྨད་འཚོངས་བུད་མེད་བཞིན། །བྱང་ཆུབ་སེམས་དཔས་སྨྲས་པ། །ལེགས་པར་སྨྲས་པ་རྣམས་ཀྱི་རིན་ཐང་ཞིག །གལ་ཏེ་ངེས་པར་བཅལ་དུ་རུང་ན་ནི། དེ་ཡི་རིན་དུ་རྒྱལ་སྲིད་ཉིད་ཀྱང་སྦྱིན། །ཁྱོད་ཀྱིས་གྱོད་ཀྱང་སྨྲ་བར་ག་ལ་འགྱུར། གང་ཞིག་ཐོས་ནས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བསྟན་པ་ཉིད་དུ་གྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གི་ཤས་ཀྱང་དེ་ནི་ཉོ་བའི་རིགས། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་དུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པའི་མྱ་ངན་ནད་ཀྱི་སྨན། ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་གྱི་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་ལ་ཉི་མའི་འོད་དང་འདྲ། །འགྲན་པ་རྣམས་ཀྱི་གྲགས་དང་དྲེགས་པ་སེལ། །མི་རྣམས་བཤེས་ཀྱང་རབ་ཏུ་དགའ་འགྱུར་ནས། །མིག་དང་བཞིན་མདངས་རབ་ཏུ་གསལ་འགྱུར་ཞིང་། །ལག་པའི་སེ་གོལ་མགུ་བྱེད་རྡེབ་པ་ཡིས། །ཁྱད་པར་རབ་ཏུ་ཆེ་བ་རྣམ་པར་སྒྲོགས། །གཏན་ཚིགས་དོན་རྣམས་རབ་ཏུ་གསལ་བར་སྟོན། །གཙུག་ལག་ལུང་རྣམས་སྣ་ཚོགས་སྟོན་དང་མཚུངས། །མཉེན་ཞིང་སྦྱངས་པས་ཡིད་དུ་འོང་བའི་ཕྱིར། །མེ་ཏོག་ཕྲེང་བ་མ་རྙིངས་བཀྲམ་པ་བཞིན། །དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་སྐྱེད། །གྲགས་པ་ཆེན་པོ་འཕྲལ་དུ་འབྱུང་བར་བྱེད། །སྨྲ་ལྕེ་བདེ་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པའི་དཔལ་གོམས་དོན་གསལ་རྟོགས་པར་འགྱུར། །ཐོས་དང་ལྡན་ན་འགལ་བ་མེད་པ་ཡིན། །འཁོར་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར། །ཐོས་པའི་རྗེས་འཇུག་བསྒྲུབ་ལ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །དེ་ལྟར་ཐོས་པ་ཡོན་ཏན་དུ་མ་ཅན། །ཐོས་པ་བདག་གིས་སྐྱེས་དང་འདྲ་རྙེད་ན། །ནུས་བཞིན་དུ་ནི་ཇི་ལྟར་མཆོད་མི་བགྱི། །ཁྱོད་ཀྱི་བཀའ་ཡང་ཅི་ཕྱིར་བཅག་པར་འགྱུར། །སྐྱོན་གྱི་ལམ་དུ་ཞུགས་པས་དོགས་མེད་པར། །ཡོན་ཏན་ཉམས་པར་འགྱུར་བས་ཐོབ་འགྱུར་བའི། །རྒྱལ་སྲིད་སྤྱོད་པས་བདག་ལ་དགོས་པ་མེད། །དེ་བས་སུ་དཱ་ས་ཡི་བུ་དྲུང་འགྲོ། །དེ་ནས་དེའི་ཕ་དེ་ལ་བྱམས་པས་རྟབ་རྟབ་བོར་གྱུར་ཏེ། ཞེ་ས་བསྐྱེད་ནས་དེ་ལ་སྨྲས་པ། །བུ་ཁྱོད་ཉིད་ལ་ཕན་པའི་ཕྱིར་ངས་དེ་སྐད་སྨྲས་ཀྱི། དེ་ལྟར་མི་དགར་མ་བྱེད་ཅིག །ཁྱོད་ཀྱི་དགྲ་རྣམས་སུ་དཱ་སའི་བུའི་དབང་དུ་འགྲོ་གྲང་། འོན་ཏེ་དེའི་དྲུང་དུ་འགྲོ་བར་ཁྱོད་ཀྱིས་ཁས་བླངས་ཏེ། བདེན་པ་བསྲུང་བའི་ཕྱིར་ཁ་འོག་ཏུ་ལུས་འཁྲུས་པར་བྱ་འདོད་ན། དེ་ཡང་ངས་མི་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རང་གི་སྲོག་བསྲུང་བ་དང་། བླ་མའི་དོན་དུ་བརྫུན་བྱས་ཀྱང་སྡིག་ཏུ་མི་འགྱུར་བར་རིག་བྱེད་ལ་མཁས་པ་དག་གིས་བཤད་པའི་ཕྱིར་རོ། །དེ་བས་ན་རྫུན་སྤངས་བ་ལ་འབད་པས་ཁྱོད་ལ་ཅི་ཞིག་བྱ། སྲིད་དང་འདོད་པ་གཉིས་དང་འགལ་བའི་ཆོས་ལ་བརྟེན་པའང་ཐབས་དང་ཚུལ་མ་ཡིན་ལ། སྡུག་བསྔལ་ཡིན་པར་རྒྱལ་པོ་ཐབས་དང་ཚུལ་ལ་མཁས་པ་སྨྲའོ། དེ་བས་ན་ངེད་ཀྱིས་སེམས་གདུངས་པར་འགྱུར་བ་དང་། རང་གི་དོན་ལའང་མི་ལྟ་བ་ཁྱོད་ཀྱི་ངན་དུས་དེ་ཐོང་ཞིག །དེ་སྟེ་གཞུང་ལུགས་ཀྱི་ཆོས་དང་འགལ་བས་གཏམ་ངན་པ་དང་། ཡིད་དམ་བཅས་པ་དང་འགལ་བས་མི་རིགས་སོ་སྙམ་ནས་ཁྱོད་ཀྱི་ཡིད་ལ་མི་འཐད་ནའང་ཁྱོད་ཐར་བར་བྱ་བའི་ཕྱིར་ངའི་དམག་གི་དཔུང་རྟ་དང་གླང་པོ་ཆེ་དང་ཤིང་རྟ་དང་རྐང་ཐང་དུ་ལྡན་པ་སྙིང་ཉེ་བ། དགྲ་ཐབས་ལ་མཁས་ཤིང་དཔའ་བ། གཡུལ་ངོ་དུ་མ་ལས་རྒྱལ་བར་གྱུར་བའི་མི་དང་བཅས་པའི་དཔུང་ཆེན་པོ་འཇིགས་འཇིགས་ལྟར་འདུག་པ་བཤམས་ཟིན་གྱིས། དེ་བས་ན་དེས་ཡོངས་སུ་བསྐོར་ཏེ་སོང་ལ་དེའི་དབང་དུ་གྱུར་པ་ལས་ཐར་བ་དང་གཤིན་རྗེའི་དབང་དུ་གྱུར་བ་ལས་ཀྱང་ཐར་བར་བྱས་ན། ཁས་བླངས་པའང་ཁ་འོག་ཏུ་ལུས་འཁྲུས་པར་ཡང་འགྱུར་ལ། བདག་ཀྱང་བསྲུངས་བར་འགྱུར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ། ལྷ་གཞན་དུ་ཁས་བླངས་ལ་གཞན་དུ་བགྱིད་བ་རྔོ་མི་ཐོག་གོ །རྣམ་པ་གཅིག་ཏུ་ན་མྱ་ངན་བགྱིར་རུང་བ་སྡུག་བསྔལ་གྱི་འདམ་དུ་བྱིང་བ་སེམས་ཅན་དམྱལ་བ་པ་ལ་མངོན་དུ་ཕྱོགས་པ། མཛའ་བ་དང་གཉེན་བཤེས་ཀྱིས་སྤངས་པ། མགོན་མ་མཆིས་པ་དེ་ལྟ་བུ་ལ་རྒལ་བའི་ཏོལ་ཀྱང་མ་མཆིས་སོ། །གཞན་ཡང་། མི་ཤ་འཚལ་བས་བདག་ལ་ནི། འདི་ལྟ་བུ་ཡི་ཡངས་བ་བགྱིས། བདག་གི་ཚིག་གིས་ཡིད་ཆེས་ན། དབང་དུ་གྱུར་པ་བཏང་བར་དཀའ། །དེ་ཡི་དྲིན་གྱི་བདག་གིས་ནི། །ལེགས་པར་སྨྲས་པ་འདི་ཡང་ཐོས། །དེ་བས་ལྷག་པར་དྲིན་ཆེ་བས། །དེ་བས་དེ་ནི་རྗེས་སུ་བཟུང་། །ལྷ་འདི་ལ་བདག་བཀུམ་དུ་དོགས་པའང་མི་མཛད་དུ་གསོལ། བདག་འདི་ལྟར་ཁོའི་དྲུང་མཆིས་པ་ལ་འགུམ་པའི་རྔོག་མ་ཐོག །དེ་ལྟར་བདག་ཉིད་ཆེན་པོ་དེ་ཕས་འགྲོར་མི་སྟེར་བ་ལ། ཚིག་འཇམ་པོས་གསོལ་བ་གཏབ་པ་སྤོབས་ཏེ་གསོལ་བ་འདེབས་པའི་མི་རྣམས་དང་། དམག་གི་དཔུང་སྙིང་ཉེ་བ་རྣམས་ནི་སླར་བཟློག་སྟེ། གཅིག་པུ་མི་དགའ་བ་དང་འཇིགས་པ་མེད་པར་བདེན་པ་རྗེས་སུ་བསྲུང་ཞིང་འཇིག་རྟེན་ལ་ཕན་པའི་ཕྱིར། སུ་དཱ་སའི་བུ་སེམས་ཤིང་དེའི་གན་དུ་སོང་ངོ་། །སུ་དཱ་སའི་བུས་སེམས་དཔའ་ཆེན་པོ་དེ་རྒྱང་རིང་པོ་ནས་འོང་བ་མཐོང་ནས། །ཡ་མཚན་ཆེར་བཟུང་སྟེ། །སེམས་རྩུབ་པ་ལ་ཡུན་རིང་པོར་གོམས་པའི་དྲི་མས་ཆེར་གཡོགས་ཀྱང་། རབ་ཏུ་གུས་ཤིང་དང་བར་གྱུར་ནས་འདི་ལྟར་སེམས་པར་མངོན་ནོ། །ཨེ་མའོ་ངོ་མཚར་ཆེ་བས་ཆེ། དེ་བཞིན་རྨད་དུ་བྱུང་བས་རྨད། །རྒྱལ་པོ་འདི་ཡི་སེམས་རླབས་ནི། །ལྷ་དང་མི་ལས་རབ་ཏུ་འཕགས། །འཆི་བདག་མི་བཟད་བདག་ལ་ཡང་། །འཇིགས་སྐྲག་ཅུང་ཟད་ཙམ་ཡང་མེད། །འདི་ལྟར་བདག་རང་འདིར་འོངས་པས། ཨེ་མའོ་བདེན་སྨྲ་བརྟན་ལ་དགེ །འདི་ལྟར་བདེན་པ་བསྲུང་བའི་ཕྱིར། །སྲོག་དང་རྒྱལ་སྲིད་གང་གཏོང་བ། །བདེན་པར་སྨྲ་ཞེས་གྲགས་པ་དེ། །ཐོག་ཏུ་བབ་པར་རྣམ་པར་གྲགས། །དེ་ནས་བྱང་ཆུབ་སེམས་དཔའ་ལ་ཡ་མཚན་ཆེ་ཞིང་རབ་ཏུ་གུས་པར་གྱུར་ལ་སེམས་རབ་ཏུ་དང་བར་གྱུར་པ་དེའི་དྲུང་དུ་འོངས་ཏེ་སྨྲས་པ། ལེགས་པར་སྨྲས་པའི་ནོར་རྙེད་ཕོངས་པའང་མཆོད་པ་བྱས། ཁྱོད་ཀྱི་དྲིན་ལན་ཡིད་ཀྱང་དགའ་བར་འགྱུར། །བདག་ཀྱང་ད་ནི་འདིར་འོངས་ཇི་ལྟར་འདོད་པར་ཟོ། །ཡང་ན་མཆོད་སྦྱིན་ཕྱིར་ནི་ཕྱུགས་ཀྱི་བརཏལ་ཞུགས་བྱིན། །སུ་དཱ་སའི་བུས་སྨྲས་པ། །ང་ཡིས་ཁྱོད་ཟ་བའི་དུས་ནི་ད་ཅུང་ཡོད། །བསྲེག་པའི་གནས་ཀྱང་ད་ཅུང་དུད་པ་འཐུལ། །ཤ་ཡང་དུད་པ་མེད་པར་བསྲེགས་ན་ཞིམ། ལེགས་པར་སྨྲས་པ་དེ་དག་རེ་ཤིག་མཉན། །བྱང་ཆུབ་སེམས་དཔས་སྨྲས་པ། །ཁྱོད་འདི་ལྟར་གྱུར་པ་ལ་ལེགས་པར་སྨྲས་པ་མཉན་པས་ཅི་ཞིག་བྱ། སྐྱེ་དགུ་རྣམས་ལ་སྙིང་རྗེ་མེད་འགྱུར་བས། །ལྟོ་ཡི་ཕྱིར་ནི་གནས་སྐབས་འདི་འདྲ་རྙེད། །ཚིགས་བཅད་འདི་རྣམས་ཆོས་ཉིད་འབའ་ཞིག་སྨྲ། །ཆོས་དང་ཆོས་མིན་དེ་བས་མི་མཐུན་ནོ། །སྲིན་པོ་བས་ཀྱང་སྤྱོད་ཚུལ་ངན། །འཕགས་པའམ་ལམ་ནི་རབ་ཏུ་སྤངས། བདེན་པའང་མེད་ན་ཆོས་ཅི་སྨོས། །ཐོས་པས་ཁྱོད་ལ་ཅི་ཞིག་བྱ། །དེ་ནས་སུ་དཱ་སའི་བུ་སྤྱོས་པ་དེས་མ་དགའ་ནས་སླར་སྨྲས་པ། ཁྱོད་ཅུང་ཞིག་སྡོད་ཅིག །རྒྱལ་པོ་གང་ཞིག་མཚོན་ཆ་གཟས་ནས་རྩེད་མོའི་ཕྱིར། །ནགས་ཚལ་རི་དྭགས་སྡུ་གུ་མ་བསད་ཡོད་པ་སྨྲོས། །དེ་བཞིན་འཚོ་བའི་ཕྱིར་ཡང་གལ་ཏེ་མི་བསད་ན། །དེ་ཡི་ཆོས་འགལ་ཟེར་ལ་རི་དྭགས་བསོད་པ་མིན། །བྱང་ཆུབ་སེམས་དཔས་སྨྲས་པ། གང་དག་རི་དྭགས་འབྲོས་པ་སྙགས་ཤིང་གཞུ་བརྡུངས་པ། །དེ་དག་ཀུན་ཀྱང་ཆོས་ལ་གནས་པ་མ་ཡིན་ཏེ། མི་ཤ་ཟ་བ་དེ་དག་པས་ཀྱང་རབ་ཏུ་སྨད། །མི་རྣམས་རིགས་ཀྱིས་མཐོ་བ་ཡིན་པས་བཟར་མི་རུང་། །དེ་ནས་སུ་དཱ་སའི་བུ་བྱང་ཆུབ་སེམས་པས་ཚིག་རྩུབ་པོས་སྤྱོས་ཀྱང་དེའི་བྱམས་པའི་ཡོན་ཏན་ཡི་མཐུས་ཁྲོ་བའི་རང་བཞིན་ཟིལ་གྱིས་ནོན་ནས། དེའི་ཚིག་རྣར་འོང་བ་བཞིན་དུ་འཛུམ་དམུལ་ནས་སྨྲས་པ། ང་ཡིས་ཁྱོད་བཏང་ཁྱིམ་དུ་ཕྱིན་ནས་ནི། །རྒྱལ་པོའི་ལོངས་སྤྱོད་དགའ་བ་ཐམས་ཅད་མྱོང་། འོན་ཀྱང་ང་ཡི་དྲུང་དུ་ཁྱོད་འོང་བ། །དེ་བས་ཁྱོད་ནི་གཞུང་ལུགས་ཚུལ་མི་མཁས། །བྱང་ཆུབ་སེམས་དཔས་སྨྲས་པ། དེ་ལྟ་མ་ཡིན་ནོ། །ཚུལ་འདི་སྤྱོད་པར་མི་འདོད་པའི་ཕྱིར་ང་ཉིད་གཞུང་ལུགས་ཀྱི་ཚུལ་ལ་མཁས་སོ། །དེ་ལ་སྤྱོད་པར་གྱུར་ན་ནི། །ཆོས་ཀྱི་གཟི་བྱིན་རབ་ཏུ་ཆེ། འཕྲལ་གྱི་བདེ་བ་རབ་གྲུབ་པ། དེ་ལས་མཁས་པ་སུ་ཞིག་ཡོད། གཞན་ཡང་། གཞུང་ལུགས་ཚུལ་སྤྱོད་བརྟན་པ་གང་ཡིན་པ། དེ་དག་ཕལ་ཆེར་ཤི་ནས་ངན་སོང་ལྟུང་། །དེ་བས་གཞུང་ལུགས་ཚུལ་ངན་ལམ་སྤངས་ནས། །བདེན་པའི་ཚིག་བསྲུང་སླར་ནི་འདིར་འོངས་སོ། །རྫུན་སྨྲ་བཏང་ནས་བདེན་པ་ངས་སྨྲས་སྟེ། །དེ་བས་གཞུང་ལུགས་མཁས་པ་ང་ཉིད་ཡིན། །གྲགས་དང་བདེ་བའི་དོན་དང་འགལ་བ་གང་། །དེ་ནི་གཞུང་བཟང་མིན་ཞེས་དེ་མཁས་སྨྲ། །སུ་དཱ་སའི་བུས་སྨྲས་པ། །ཕངས་པའི་སྲོག་དང་ནང་མི་མཆི་མས་འཇུ་བ་དང་། །རྒྱལ་སྲིད་བདེ་བ་ཡིད་དུ་འོང་བ་བོར་ནས་ནི། །བདེན་པའི་ཚིག་ལ་དོན་དུ་འགྱུར་བ་ཅི་མཐོང་ན། །དེ་བསྲུང་ཕྱིར་ནི་འདི་ལྟར་ང་ཡི་དྲུང་དུ་འོངས། །བྱང་ཆུབ་སེམས་དཔས་སྨྲས་པ། །བདེན་པའི་ཡོན་ཏན་ལ་གནས་ན་ཡོན་ཏན་ཁྱད་པར་ཅན་མང་དུ་ཡོད་ཀྱིས། མདོ་ཙམ་ཞིག་ཉོན་ཞིག །ཕྲེང་བ་མཛེས་པའི་རྒྱན་བས་ཁྱད་པར་འཕགས། རོ་རྣམས་ཀུན་ལས་ཞིམ་པས་ཁྱད་པར་འཕགས། དཀའ་ཐུབ་སྤྱོད་དང་མུ་སྟེགས་འགྲོ་བ་ཡིས། །ཉོན་མོངས་མེད་པར་བསོད་ནམས་ཡོན་ཏན་འགྲུབ། །འགྲོ་བ་མཐའ་དག་ཁྱབ་པའི་གྲགས་པ་འཕེལ། །བདེན་པ་འཇིག་རྟེན་གསུམ་ལས་འདའ་བའི་ལམ། །ལྷ་ཡི་གནས་སུ་འཇུག་པའི་སྒོ་ཡང་ཡིན། འཁོར་བའི་རྫོང་ལས་ཐར་བའི་ཟམ་པ་ཡིན། །དེ་ནས་སུ་དཱ་སའི་བུས་དེ་ལ་ལེགས་སོ་རིགས་སོ་ཞེས་བསྟོད་ནས། ཡ་མཚན་དང་བཅས་པར་ལྟ་ཞིང་ཡང་སྨྲས་པ། །མི་རྣམས་གཞན་ནི་ང་ཡི་དབང་གྱུར་ན། །བརྟན་པ་ཉམས་ནས་སྐྲག་ཅིང་སྤ་ཡང་གོང་། ཁྱོད་ནི་དཔའ་བརྟན་དཔལ་གྱི་མ་བཏང་བས། །མི་དབང་ཁྱོད་ནི་འཆི་བའི་འཇིགས་མེད་འདྲ །བྱང་ཆུབ་སེམས་དཔས་སྨྲས་པ། རབ་ཏུ་བསྒྲིམས་ཀྱང་གནས་མི་ནུས། །གང་ལ་བཅོས་སུ་མི་རུང་བ། །འཇིགས་ཤིང་བརྡར་བར་བྱས་པ་ཡིས། །དེ་ལ་ཅི་ཞིག་ཕན་པ་ཡོད། །དེ་ལྟར་འཇིག་རྟེན་ཆོས་ཉིད་ལ་བརྟགས་ན། །མི་རྣམས་སྡིག་པ་བྱས་པས་རྗེས་སུ་འགྱོད་པར་འགྱུར། །དགེ་བའི་ལས་ཀྱང་ལེགས་པར་ཡོང་མ་བྱས། །ཕྱི་མའི་ཚེ་ལ་སྡུག་བསྔལ་འབྱུང་དུ་དོགས། །འཆི་བར་འགྱུར་བའི་འཇིགས་པས་རྨོངས་པར་འགྱུར། །གང་ལ་བདག་གི་ཡིད་ནི་འགྱོད་འགྱུར་བ། །དེ་ཉིད་བདག་གིས་བྱས་པར་ཡོང་མི་དྲན། །དཀར་པོའི་ལས་ཀྱང་རབ་ཏུ་གོམས་པར་བྱས། །ཆོས་ལ་གནས་ན་འཆི་བས་སུ་ཞིག་འཇིགས། །ཕོངས་པ་རྣམས་ནི་སློང་དུ་འོངས་པ་ལ། །མགུ་བར་མ་བྱས་བདག་ནི་ཡོང་མི་དྲན། །དེ་ལྟར་སྦྱིན་པས་མགུ་བ་རྙེད་གྱུར་ལ། །ཆོས་ལ་གནས་ན་འཆི་བས་སུ་ཞིག་འཇིགས། །རིང་དུ་བརྟགས་ཏེ་བསམས་ཀྱང་སྡིག་བྱ་བར། །ཡིད་ལ་བསམས་པ་ཙམ་ཡང་ཡོང་མི་དྲན། །བདག་གིས་དེ་ལྟར་མཐོ་རིས་ལམ་སྦྱངས་ན། །འཆི་བས་ཅི་ཕྱིར་བདག་ནི་འཇིགས་པར་འགྱུར། །བྲམ་ཟེ་རྣམས་དང་གཉེན་དང་མཛའ་བོ་རྟེན་པ་དང་། །གནས་ཀྱི་རྒྱན་འགྱུར་དཀའ་ཐུབ་ཅན་དང་ཕོངས་པ་ལ། །ཅི་རིགས་བྱིན་པས་བདག་གི་ནོར་ཡང་མང་དུ་བཞག །རང་གི་བྱ་བ་ཅི་ཡོད་དེ་ཡང་བདག་གིས་བྱས། །གྲགས་པའི་གཞིར་གྱུར་དཔལ་དང་ལྡན་པ་བརྒྱ་དག་བརྩིགས། །དཀའ་ཐུབ་གནས་དང་འདུན་ས་བཏུང་བའི་གནས་རྣམས་བྱས། །དེ་བྱས་དགའ་བར་གྱུར་པས་འཆི་བས་ང་མི་འཇིགས། །དེ་བས་ང་ནི་མཆོད་སྦྱིན་བྱའམ་ཡང་ན་ཟོ། །དེ་སྐད་སྨྲས་པ་དང་། །སུ་དཱ་སའི་བུས་ཐོས་ནས་དད་པ་སྐྱེས་ཏེ་མིག་ནི་མཆི་མས་གང་། །ལུས་ཀྱི་བ་སྤུ་ནི་ལངས། །སྡིག་པ་ཅན་གྱི་རང་བཞིན་མུན་ནག་ནི་བརྗེད་པར་གྱུར་ནས། །བྱང་ཆུབ་སེམས་དཔའ་ལ་གུས་པར་བལྟས་ཏེ་སྨྲས་པ། སྡིག་པ་ཞི་བར་གྱུར་ཅིག །རྒྱལ་མཆོག་ཁྱོད་ལྟ་བུ་ལ་སུ་ཞིག་ཤེས་བཞིན་དུ། །སྡིག་པ་བྱེད་པ་དེ་ནི་མི་བཟད་དུག་འཐུང་ཞིག །ཡང་ན་མྱུར་བའི་དུག་འཐུང་ལྕགས་བསྲེགས་འབར་བ་ཟོ། །སྙིང་དང་སྤྱི་བོ་ཚལ་པ་བརྒྱར་ཡང་འགས་པར་འགྱུར། །ལེགས་པར་སྨྲས་པ་དེ་དག་ཀྱང་བདག་ལ་ཁྱོད་ཀྱིས་བཤད་དུ་གསོལ། །ཁྱོད་ཀྱིས་ཚིག་སྙན་པའི་མེ་ཏོག་ཆར་བཞིན་དུ་ཕབ་པ་དེས་བདག་གི་སེམས་རབ་ཏུ་དང་བར་གྱུར་པས། ལེགས་པར་སྨྲས་པ་དེ་དག་རབ་ཏུ་ཉན་འཚལ་བར་གྱུར་ཏོ། །ཀྱེ་གཞན་ཡང་། བདག་གི་སྤྱོད་པ་ངན་པའི་གཟུགས། །ཆོས་ཀྱི་མེ་ལོང་གསལ་མཐོང་ནས། །ཡིད་ལ་གདུང་བ་རབ་སྐྱེས་ཏེ། བདག་ནི་ཆོས་ལ་ཕྱོགས་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་དེའི་བསམ་པ་སྣོད་དུ་གྱུར་ཅིང་ཆོས་མཉན་པ་ལའང་ཡིད་རབ་ཏུ་འདུན་པར་རིག་ནས་སྨྲས་པ། འོ་ན་ཆོས་འདོད་པས་དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་ལ་མཁས་པར་བྱ་སྟེ་ཆོས་མཉན་པའི་རིགས་སོ། །ལྟོས་ཤིག །རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་སྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་སྐྱེད་ཅིང་རྩེ་གཅིག་བཏུད། །རབ་ཏུ་དང་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་མཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །དེ་ནས་སུ་དཱ་སའི་བུས་རྡོ་ལེབ་མཐོན་པོ་ཞིག་གི་སྟེང་དུ་བདག་གི་སྟོད་གཡོགས་བཏིང་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་བཞག་ནས། བདག་རང་ཡང་བར་གཞན་གྱིས་མཆོད་པའི་ས་ལ། བྱང་ཆུབ་སེམས་དཔའི་མདུན་དུ་འདུག་སྟེ། དེའི་གདོང་དུ་བལྟས་ནས། སེམས་དཔའ་ཆེན་པོ་དེ་ལ་འཕགས་པ་ད་གསུངས་ཤིག་ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔས་དབྱར་གྱི་འབྲུག་སྒྲ་སྙན་ཅིང་ཟབ་པ་དང་འདྲ་བའི་ཚིག་གིས། ནགས་ཚལ་དེ་གང་བར་གྱུར་པ་བཞིན་དུ་ཀུན་དུ་ཁྱབ་པར་སྨྲས་པ། །དམ་པ་དག་དང་ལན་ཅིག་ཙམ། །ཇི་ལྟར་འདོད་པར་ཕྲད་ཀྱང་རུང་། འདྲིས་པར་བྱ་བ་མི་དགོས་པར། །རབ་ཏུ་བརྟན་པ་ཉིད་དུ་འགྱུར། །སུ་དཱ་སའི་བུས་དེ་སྐད་ཐོས་ནས། །ལེགས་སོ་ལེགས་སོ་ཞེས་སྨྲས་ཏེ། མགོ་བསྒྱུར་ཏེ་སེ་གོལ་གཏོགས་ནས་མགུ་བ་བྱས་ཏེ། བྱང་ཆུབ་སེམས་དཔའ་ལ་དེ་ནས་ཡང་གསུངས་ཤིག་ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ཚིགས་སུ་བཅད་པ་གཉིས་པ་སྨྲས་པ། དམ་པ་རྣམས་ནི་སུས་ཀྱང་མི་བསྲང་ངོ་། །དུལ་བའི་ཚུལ་གྱིས་དགེ་བ་བསྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བསྒྲུབས་བར་ཡང་གོས་པར་འགྱུར། །སུ་དཱ་སའི་བུས་སྨྲས་པ། དགེ་བ་རྣམས་ཀྱིས་ལེགས་སྨྲས་པ། །ཁྱོད་ཀྱིས་རྣམ་པ་ཀུན་མཆོད་པ། །ནོར་ཡང་གནས་སུ་སྦྱིན་པར་བཏང་། །འབད་དེ་དོན་བསྒྲུབ་ཐོག་ཏུ་བབ། །དེ་ནས་ཡང་ཅུང་ཞིག་གསུངས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། །རྒྱལ་པོའི་ཤིང་རྟ་རིན་ཆེན་གསེར་གྱིས་བརྒྱན། །ལུས་ཀྱང་རྒས་པས་མི་སྡུག་བར་ཡང་འགྱུར། །དམ་པ་རྣམས་ཀྱི་ཆོས་ནི་རྒས་མི་འགྱུར། །དགེ་བ་རྣམས་ནི་ཡོན་ཏན་རྗེས་ཆགས་བརྟན། །སུ་དཱ་སའི་བུས་སྨྲས་པ། །ཨེ་མ་འོ་བདག་ནི་བདུད་རྩིའི་ཆར་ཕབ་པས་ངོམས་པར་བགྱིས་པའོ། །དེ་ནས་ཡང་ཅུང་ཞིག་གསུངས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། །ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང་། །རྒྱ་མཚོའི་ཕ་རོལ་ཚུར་རོལ་འགྲམ་ཡང་རིང་། །ཤར་ནུབ་གཉིས་ཀྱི་རི་བར་དེ་བས་རིང་། །ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང་། །དེ་ནས་སུ་དཱ་སའི་བུ་ཡ་མཚན་ཆེ་ཞིང་དད་པས་དགའ་ཞིང་གུས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་ཀྱི་ཚིགས་སུ་བཅད་པ་སྙན་པ་དང་། །ཚིག་དང་དོན་ཀྱང་རབ་ཏུ་གསལ་ལ་འཕགས། །དེ་ཐོས་དགར་གྱུར་དེ་ལ་མཆོད་པའི་ཕྱིར། །དམ་པ་བཞི་ཞིག་ཁྱོད་ལ་འབུལ་བར་འཚལ། དེ་བས་ན་ཅི་བཞེད་པ་བདག་ལ་བསླང་དུ་གསོལ། དེ་ནས་དེ་ལ་བྱང་ཆུབ་སེམས་དཔའ་ཡ་མཚན་དུ་གྱུར་ནས་སྨྲས་པ། བདག་ལའང་རང་དབང་མེད་པར་གྱུར་པ་ཁྱོད། །མི་རིགས་བྱེད་ལ་དགའ་བས་ཕམ་པར་གྱུར། །དགེ་བ་སྤྱོད་ལས་རང་བཞིན་ཕྱིན་ཅི་ལོག །ཁྱོད་ཀྱིས་ཇི་ལྟར་གཞན་ལ་དམ་པ་སྦྱིན། །བདག་གིས་དམ་པ་སྦྱིན་ཞེས་གལ་ཏེ་བླངས་གྱུར་ན། །ཁྱོད་ཀྱི་ཡིད་ཀྱང་སྦྱིན་པར་སྤྲོ་མི་འགྱུར། །སྐྱོན་དང་བཅས་པ་ཁྲེལ་ཡོངས་སུ་ཞིག་སྨྲ། དེ་སྐད་རེ་ཤིག་དེ་ལ་མ་སྨྲ་ཞིག །དེ་ནས་སུ་དཱ་སའི་བུ་ཅུང་ཞིག་ངོ་ཚ་བར་གྱུར་ཏེ་མགོ་སྨད་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་དེ་ལྟར་བདག་ལ་དོགས་པ་མ་སྐྱེ་ཞིག །བདག་གི་སྲོག་ཀྱང་ཡོངས་བཏང་ནས། དམ་པ་དེ་རྣམས་བདག་འབུལ་གྱི། །རྒྱལ་པོ་ཅི་དང་ཅི་བཞེད་པ། བག་ཕབ་ནས་ནི་དེ་སློངས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། འོ་ན། བདེན་པའི་བརཏལ་ཞུགས་ལོང་ལ་སེམས་ཅན་གསོད་པ་སྤོངས། །སྐྱེ་བོ་བཙོན་དུ་བཟུང་བ་འདི་རྣམས་མ་ལུས་ཐོང་། དཔའ་བོ་ཁྱོད་ཀྱིས་མི་ཤ་ཟ་བ་རབ་ཏུ་སྤོངས། །དམ་པའི་ནང་ན་མཆོག་གྱུར་འདི་བཞི་བྱིན་པར་གྱིས། །སུ་དཱ་སའི་བུས་སྨྲས་པ། དམ་པ་སྔ་མ་གསུམ་ནི་ཁྱོད་ལ་འབུལ། །དམ་པ་བཞི་པ་གཞན་ཞིག་བླང་དུ་གསོལ། །བདག་ནི་མི་ཤ་ཟ་མིན་མི་ནུས་པར། སྔ་ནས་ཁྱོད་ཉིད་མཁྱེན་པར་མ་གྱུར་ཏམ། །བྱང་ཆུབ་སེམས་དཔས་སྨྲས་པ། ད་ཁྱོད་ཀྱི་དམ་པ་སྦྱིན་པར་ག་ལ་ནུས་ཞེས་ངས་མ་བྱས་སམ། ཨེ་མའོ་དེ་ལྟར་ང་ཟེར་བ་ཁོ་ན་བཞིན་དུ་གྱུར་ཏེ། ཀྱེ་གཞན་ཡང་ཁྱོད་ཉོན་ཅིག །མི་ཤ་ཟ་བ་མ་བཏང་ན། ཇི་ལྟར་བདེན་པར་སྨྲ་བར་འགྱུར། །རྒྱལ་པོ་ཁྱོད་ཀྱིས་སྲོག་ཆགས་རྣམས། །མི་གསོད་པར་ཡང་ག་ལ་ནུས། །བདག་གི་སྲོག་ཀྱང་ཡོང་སྤངས་ནས། །དམ་པ་འདི་རྣམས་སྦྱིན་ནོ་ཞེས། །ཐོག་མར་དེ་སྐད་མ་སྨྲས་སམ། །དེ་བས་འདི་ལྟར་གཞན་དུ་གྱུར། །ཤ་ཡི་ཕྱིར་ནི་མི་བསད་ན། །སྲོག་ཆགས་མི་གསོད་ག་ལ་འགྱུར། །དེ་ལྟར་གྱུར་ན་དམ་པ་གསུམ། །ཁྱོད་ཀྱིས་ཇི་ལྟར་བྱིན་པར་འགྱུར། །སུ་དཱ་སའི་བུས་སྨྲས་པ། གང་གི་ཕྱིར་ནི་རྒྱལ་སྲིད་ཉམས། །ནགས་ཚལ་སྡུག་བསྔལ་བདག་གིས་མྱོང་། །ཆོས་ལས་ཉམས་ཤིང་གཏམ་ངན་ཐོབ། །བདག་གིས་དེ་ནི་ཇི་ལྟར་བཏང་། །བྱང་ཆུབ་སེམས་དཔས་སྨྲས་པ། དེ་བས་ན་ཁྱོད་ཀྱིས་དེ་བཏང་བ་རིགས་མོད། །གང་ཕྱིར་ཁྱོད་ནི་ཆོས་དང་སྲིད། །བདེ་དང་གྲགས་པ་ཉམས་པར་འགྱུར། །ཕུང་བར་གྱུར་པའི་འབྱུང་གནས་དེ། ཇི་ལྟར་བཏང་བར་མི་རིགས་ཀྱི། །ཕྱིས་ནས་འགྱོད་པ་སྐྱེ་བ་དེ། །སྐྱེ་བོ་སེམས་རྒྱ་ཆུང་ངུ་ལ། །སྲིད་པར་འགྱུར་བའི་འོས་ཡིན་ནོ། །དེ་ཡིས་ཁྱོད་ཀྱང་ཟིལ་ནོན་ཏམ། །དེ་བས་ན་ཁྱོད་སྡིག་པའི་རྗེས་སུ་འབྲང་བ་ཐོང་ལ་བདག་ཉིད་ཤེས་པར་བྱ་བའི་ཕྱིར་རིགས་སོ། །ཁྱོད་ཉིད་སུ་དཱ་སའི་བུ་ཉིད་མ་ཡིན་ནམ། སྨན་པ་མཁས་པས་བརྟགས་ཏེ་ལེགས་པར་སྦྱར་བའི་ཤ། །གྲོང་དང་དགོན་པ་སྐམ་གཤེར་ཆུ་དང་ཐང་ལས་སྐྱེས། །དེ་ལྟའི་ཤ་རྣམས་ཡོད་ཀྱིས་དེ་ཡིས་སེམས་མགུ་བྱོས། །མི་ཤ་སྨད་པར་འགྱུར་བ་བཏང་ན་རབ་ཏུ་ལེགས། །རྔ་སྒྲ་སྙན་པ་དབྱར་གྱི་འབྲུག་སྒྲ་བཞིན་དུ་སྒྲོགས། །གླུ་སྒྲ་སྙན་དང་རྒྱལ་སྲིད་བདེ་བ་དེ་དང་དེ། གཉེན་དང་བུ་དང་ནང་མི་ཡིད་དུ་འོང་བ་རྣམས། །བོར་ནས་ནགས་ཚལ་དབེན་པ་འདི་ནི་ཅི་ཞིག་དགའ། །རྒྱལ་པོ་སེམས་ཀྱང་དབང་དུ་འགྲོ་བར་མི་རིགས་ཀྱི། །ཆོས་དང་སྲིད་ལ་མི་གནོད་ལམ་དུ་འཇུག་པའི་རིགས། །རྒྱལ་པོ་གཅིག་པུས་གཡུལ་ངོར་དམག་གི་དཔུང་ལས་རྒྱལ། །སེམས་ཙམ་ཚར་བཅད་ཕྱིར་ནི་སྔར་མ་མ་བྱེད་ཅིག །མི་ཡི་བདག་པོ་འཇིག་རྟེན་ཕྱི་མའང་ལྟ་བའི་རིགས། །དེ་བས་དགའ་ཡང་ཕན་པ་མ་ཡིན་བསྟེན་མི་རིགས། །ལམ་གང་ཡིད་དུ་འོང་ལ་གྲགས་དང་མི་འགལ་བ། །ངེས་ན་མི་དགའ་བ་ཡང་སྨན་བཏུང་བཞིན་དུ་བསྟེན་པའི་རིགས། །དེ་ནས་སུ་དཱ་སའི་བུ་རབ་ཏུ་དང་བར་གྱུར་པས་མིག་ནི་མཆི་མས་གང་། སྐད་འཛེར་བཞིན་དུ་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ཏེ། རྐང་པ་གཉིས་ལ་འཇུས་ནས་སྨྲས་པ། ཡོན་ཏན་མེ་ཏོག་ཕྱེ་མ་བསོད་ནམས་དྲི་ཞིམ་དང་། ཁྱོད་ཀྱི་གྲགས་པའི་རྒྱུ་ཡིས་འགྲོ་བ་འདི་དག་ཁྱབ། འདི་ལྟར་སྡིག་སྤྱོད་འཆི་བདག་ཕོ་ཉར་བདག་འགྱུར་ལ། ཁྱོད་ལྕར་ཐུགས་རྗེ་ཆེ་བ་གཞན་ནི་སུ་ཞིག་མཆིས། །ཁྱོད་ནི་བདག་གི་སྟོན་པ་བླ་མ་ལྷ་ཉིད་ལགས། །ཁྱོད་ཀྱིས་བསྒོ་བ་འདི་རྣམས་བདག་གིས་སྤྱི་བོས་མཆོད། ད་ནི་ཕྱིན་ཆད་བདག་ནི་མི་ཤ་ཡོང་མི་འཚལ། །བདག་ལ་ཇི་སྐད་བཀའ་སྩལ་དེ་དག་དེ་བཞིན་བགྱི། །མཆོད་སྦྱིན་ཕྱིར་ནི་རྒྱལ་པོའི་བུ་ཕྲོགས་པ། །བདག་གིས་བཙོན་རར་སྩལ་བས་མི་དགའ་ཞིང་། །བཞིན་མདངས་ཉམས་ལ་མྱ་ངན་གདུངས་པའི་ཡིད། །དེ་དག་ཀུན་ཀྱང་བཏང་གིས་ལྷན་ཅིག་བཞུད། །དེ་ནས་བྱང་ཆུབ་སེམས་དཔས་དེ་བཞིན་དུ་བྱའོ་ཞེས། །དེས་སྨྲས་པ་བཞིན་དུ་ཉན་ནས། རྒྱལ་པོའི་བུ་བཙོན་དུ་བཟུང་བ་གང་ན་འཁོད་པ་དེར་སོང་ངོ་། །རྒྱལ་པོའི་བུ་དེ་རྣམས་ཀྱིས་བུ་ཟླ་བ་མཐོང་ནས་བལྟས་སོ། །བདག་ཅག་ནི་ད་ཐར་རོ་སྙམ་ནས་རབ་ཏུ་དགའ་བར་བྱས་ཏེ། །རྒྱལ་བུ་དེ་དག་ཟླ་བ་མཐོང་ནས་ནི། །རབ་ཏུ་འཛུམ་དམུལ་མདངས་གསལ་རྣམ་པར་མཛེས། སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ཟེར་གྱིས། །མེ་ཏོག་ཀུ་མུད་ཁ་ཕྱེ་མཚོ་གསལ་བཞིན། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་དྲུང་དུ་འོངས་ནས་དབུགས་ཕྱུང་ཚིག་སྙན་པས་དགའ་བར་བྱས་ཏེ། རྒྱལ་བུ་དེ་རྣམས་སུ་དཱ་སའི་བུ་ལ་གནོད་པ་མི་བྱེད་པར་མནའ་བསྒགས་ནས་བཙོན་ར་ནས་ཕྱུང་སྟེ་སུ་དཱ་སའི་བུ་དང་རྒྱལ་བུ་དེ་དག་གིས་བསྐྱལ་ཏེ། རང་གི་རྒྱལ་སྲིད་ལ་གནས་ནས། རྒྱལ་བུ་དེ་དག་དང་སུ་དཱ་སའི་བུ་ལ། ཇི་ལྟར་རིགས་པར་རིམ་གྲོ་བྱ་སྟེ། སོ་སོའི་རྒྱལ་སྲིད་ལ་བཀོད་དོ། །དེ་ལྟ་བས་ན་སྐྱེ་བོ་དམ་པ་རྣམས་དང་ཕྲད་ནི་ཇི་ལྟར་བྱས་ཀྱང་རུང་སྟེ། །ལེགས་པ་འགྱུར་བའི་ཕྱིར་ལེགས་པར་འདོད་པ་རྣམས་ཀྱིས་སྐྱེ་བོ་དམ་པ་རྣམས་ལ་བརྟེན་པར་བྱའོ། །སངས་རྒྱས་བཅོས་ལྡན་འདས་རྣམས་ནི་ཚེ་རབས་སྔ་མ་ལའང་མ་འདྲིས་པར་ཡང་བྱམས་ཤིང་ཕན་འདོགས་པ་ཡིན་ནོ། །ཞེས་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །དེ་བཞིན་དུ་དམ་པའི་ཆོས་མཉན་ན་སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པར་འགྱུར་བའི་ཕྱིར་དམ་པའི་ཆོས་མཉན་པའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། ཆོས་ཐོས་ན་དེ་ལྟར་ཕན་ཡོན་རྣམ་པ་དུ་མ་ཡོད་པའི་ཕྱིར། མང་དུ་ཐོས་པའི་ཡོན་ཏན་བསྔགས་བ་ལའང་བརྗོད་པར་བྱའོ། །བདེན་པའི་ཚིག་བསྲུངས་ན་དེ་ལྟར་སྐྱེ་བོ་དམ་པ་རྣམས་དགའ་ཞིང་བསོད་ནམས་དང་གྲགས་པའི་འབྱུང་གནས་སུ་འགྱུར་བའི་ཕྱིར་བདེན་པའི་ཚིག་བསྲུངས་བའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །སྐྱེས་བུ་དམ་པ་རྣམས་ནི་དེ་ལྟར་བདག་གི་སྲོག་དང་བདེ་བ་དང་དབང་ཕྱུག་ལའང་མི་ལྟ་བར་བདེན་པའི་ཚིགས་བསྲུང་ངོ་ཞེས་སྐྱེས་བུ་དམ་པའི་ཡོན་ཏན་བསྔགས་པ་ལའང་བརྗོད་བར་བྱའོ། །སྙིང་རྗེ་ཆེན་པོའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །སུ་དཱ་སའི་བུའི་སྐྱེས་པའི་རབས་ཏེ་སུམ་བཅུ་གཅིག་པའོ།། །།


previousསུ་དཱ་སའི་བུའི་སྐྱེས་པའི་རབས་ཏེ་སུམ་བཅུ་གཅིག་པ།next