Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྕགས་ཀྱི་ཁྱིམ་ན་སྐྱེས་པའི་རབས་ཏེ་སུམ་བཅུ་གཉིས་པ།
   
   


 
previousལྕགས་ཀྱི་ཁྱིམ་ན་སྐྱེས་པའི་རབས་ཏེ་སུམ་བཅུ་གཉིས་པ།next

ལྕགས་ཀྱི་ཁྱིམ་ན་སྐྱེས་པའི་རབས་ཏེ་སུམ་བཅུ་གཉིས་པ།

བམ་པོ་བཅུ་གཉིས་པ་སྟེ་ཐ་མ། །ཡིད་སྐྱོ་བར་གྱུར་པ་རྣམས་ལ་ནི་རྒྱལ་སྲིད་ཀྱི་དཔལ་ཡང་ལེགས་པའི་ལམ་ལ་སྒྲུབ་པ་དེ་མི་འགྱུར་བའི་ཕྱིར་སྐྱོ་བ་ལ་གོམས་པར་བྱའོ། །དེ་ཡང་འདི་ལྟར་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། འཇིག་རྟེན་ན་ན་བ་དང་། རྒ་བ་དང་། འཆི་བ་དང་། སྡུག་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་མང་པོ་བྱུང་བས་སྡུག་བསྔལ་བ་དང་། མགོན་མེད་པ་དང་། སྐྱབས་མེད་པ་དང་། དཔུང་གཉེན་མེད་པ་དག་མཐོང་ནས། སྙིང་རྗེས་བསྐུལ་སྟེ་དེ་དག་སྐྱབ་པར་སེམས་པ་རབ་ཏུ་དགེ་བའི་རང་བཞིན་ཅན་དེ། འཇིག་རྟེན་མི་མཐུན་པ་དང་། མ་ཤེས་པ་ལའང་ཕན་པ་དང་བདེ་བའི་ཁྱད་པར་དེ་དང་དེ་དག་བསྒྲུབ་ཅིང་རེ་ཤིག་ཅིག་རྒྱལ་པོའི་རིགས་འབངས་གློ་བ་ཉེ་བའི་བདེ་བ་དང་། འཁྲུལ་པ་མེད་པའི་དར་བ་ཕུན་སུམ་ཚོགས་པ་དང་། རྒྱལ་ཕྲན་དྲེགས་པ་རྣམས་ཕྱག་འཚལ་བས། །མངོན་པར་གྲགས་པར་གྱུར་ཅིང་། དབང་ཐང་ཆེ་བ་དུལ་བ་ལ་དགའ་བའི་རིགས་ཞིག་ཏུ་སྐྱེས་པར་གྱུར་ཏོ་ཞེས་གྲག་གོ །དེ་དང་པོ་སྐྱེས་པའི་ཚེ་ནའང་རྒྱལ་པོའི་རིགས་དེ་དང་ཕོ་བྲང་འཁོར་གྱི་མི་རྣམས་ཀྱང་བདེ་བ་དང་། སྡུག་བསྔལ་དང་བྲལ་བ་དེ་དང་མཚུངས་པར་གྱུར་པས་མངོན་པར་མཐོ་ཞིང་དར་བའི་དཔལ་ཆེན་པོ་དང་ལྡན་པར་གྱུར་ཏོ། །བྱིན་པ་ཐོབ་པས་བྲམ་ཟེ་མགུ་ཞིང་གཡེངས། འབངས་རྣམས་དྲེགས་ཤིང་ཆ་ལུགས་བཟང་པོས་ཕྱིར། །རྔ་སྒྲ་མང་པོའི་བྲག་ཆས་རི་ལུང་གང་། །ཀུན་དུ་དགའ་བའི་གར་ནི་རྒྱུན་མི་འཆད། །གླུ་སྒྲ་སྙན་དང་དགོད་སྒྲ་འབྲེལ་མ་འབྱུང་། །ཅིག་ལ་ཅིག་འཇུས་དགའ་བ་རྣམ་པར་འཕེལ། །གཏམ་སྙན་སྐྱེས་པ་བྱ་དགས་མགུ་བའི་མིས། །རྒྱལ་པོའི་མངོན་པར་མཐོ་བའི་ཤིས་པ་བརྗོད། །སྒོ་རྣམས་ཕྱེ་ཞིང་བཙོན་དུ་བཟུང་བ་མེད། སྲང་བ་བཞི་མདོ་རྒྱལ་མཚན་བཙུགས་པས་མཛེས། །མེ་ཏོག་ཕྱེ་མ་ཁུ་བས་ས་བཞི་བརྒྱན། དགའ་སྟོན་བཟང་པོས་གྲོང་ཁྱེར་ཉམས་དགར་གྱུར། །ཁང་བཟང་ཆེན་པོའི་སྟེང་ནས་གསེར་དང་གོས། །རྒྱན་ལ་སོགས་པ་ཆར་བཞིན་ཕབ་པ་ཡིས། །འཇིག་རྟེན་འདི་དག་དཔལ་གྱིས་ཁྱབ་པར་རྩོལ། །གང་གཱ་སྨྱོན་པ་དྲག་ཏུ་འབབ་པ་འདྲ། དེའི་ཚེའང་རྒྱལ་པོ་དེའི་བུ་བཙས་སོ་ཅོག་ནི་ཤི་བར་གྱུར་ཏོ། །དེ་ལྟར་གྱུར་པ་དེ་ཡང་མི་མ་ཡིན་པས་བྱས་པ་ཡིས་པར་བསམས་ནས། བུ་དེ་བསྲུང་བའི་ཕྱིར་བུ་བཙའ་བའི་ཁང་པ་ལྕགས་འབའ་ཞིག་ལས་བྱས་པ་བཟང་པོ་ནོར་བུ་དང་རྒྱན་གསེར་དངུལ་གྱི་རྒྱན་གྱིས་བརྒྱན་པ་ཞིག་ཏུ་བཞག་སྟེ། འབྱུང་པོའི་རིག་སྔགས་ཀྱི་ཆོ་ག་དང་རིག་བྱེད་ལས་བྱུང་བའི་རིམ་པས་བསྲུང་བའི་ཆོ་ག་དང་། བཀྲ་ཤིས་ཀྱི་དཔྱད་བཟང་པོས་བདེ་ལེགས་སུ་ནི་བྱས། །བཙས་པའི་ཆོ་ག་ལ་སོགས་པ་སྦྱང་པའི་ཆོ་ག་དང་། བསྐྱེད་པའི་ཆོ་ག་ཡང་བྱས་སོ། །སེམས་དཔའ་ཆེན་པོ་དེ་ཉིད་ཀྱང་སྙིང་སྟོབས་དང་ལྡན་པ་དང་། བསོད་ནམས་བསགས་པའི་མཐུ་དང་། །བསྲུངས་བ་ལེགས་པར་བྱས་པས། གདོན་རྣམས་ཀྱིས་མ་ཚུགས་སོ། །དེ་རིམས་ཀྱིས་བསྐྱེད་པའི་ཆོ་ག་གོ་རིམས་བཞིན་དུ་བྱས་ནས། སློབ་དཔོན་དང་བླ་མ་མང་དུ་ཐོས་པ་དང་། ཆོ་རིགས་བཙུན་པ་དང་། སྤྱོད་ཚུལ་བཟང་པོ་དང་། མཁས་པར་གྲགས་པ་དང་། བཀུར་སྟི་ཐོབ་པ་དང་། རབ་ཏུ་ཞི་བ་དང་། དུལ་བ་དང་། ཤེས་རབ་ཀྱི་ཡོན་ཏན་དང་ལྡན་པ་རྣམས་ལས། རིག་པའི་གནས་དུ་མ་ནི་ལོབས། ལང་ཚོའི་གཟི་མདངས་ནི་ཉིན་རེ་ཞིང་སྐྱེ་བས། ལུས་ནི་ཡོངས་སུ་རྫོགས་པར་གྱུར། །རང་བཞིན་གྱིས་དུལ་བ་ལ་དགའ་བས་ནང་གི་སྐྱེ་བ་དང་ཡོངས་ཀྱི་སྐྱེ་བོ་རྣམས་ནི་རབ་ཏུ་དགའ་བའི་གནས་སུ་གྱུར་ཏོ། །དམ་པ་རིང་ན་གནས་གྱུར་ཀྱང་། མ་འདྲིས་གཉེན་དུ་མ་འབྲེལ་བའི། །སྐྱེ་བོ་དགའ་བས་རྗེས་འབྲང་བ། །དེ་ཡི་རྒྱུ་ནི་ཡོན་ཏན་དཔལ། །འོད་ཟེར་རབ་ཏུ་གསལ་བ་ཡིས། །གནས་ནི་དགོད་པ་ལྟར་བྱེད་པའི། །སྟོན་ཀའི་ཟླ་བ་དེ་དང་ནི། །འཇིག་རྟེན་རྣམས་དང་ཅི་ཞིག་འབྲེལ། །དེ་ནས་སེམས་དཔའ་ཆེན་པོ་དེ། བསོད་ནམས་ཀྱི་མཐུ་ལས་བྱུང་བའི་བདེ་བ་ཆེན་པོ་ལྷའི་ལོངས་སྤྱོད་དང་འདྲ་བའི་ལོངས་སྤྱོད་ལ་ཉེ་བར་སྤྱོད་ཅིང་། ཕས་ཀྱང་བྱམས་ཤིང་རབ་ཏུ་བཀུར་སྟི་བྱས་ཏེ་ཡིད་བརྟན་ཞིང་བག་ཕེབས་ནས་རིམ་གྲོ་ཆེར་བྱས་པ་ལས། རེ་ཤིག་ཅིག་རང་གི་ཕོ་བྲང་དམ་པ་ནས་མེ་ཏོག་ཀུ་མུ་དའི་ལོངས་སྤྱོད་ཀྱི་དུས་ལ་བབ་སྟེ། རྒྱན་བཟང་པོ་དགའ་དགའ་ལྟར་འདུག་པ་ལ་ལྟར་འགྲོ་བར་ཕས་ཀྱང་གནང་སྟེ། ཤིང་རྟ་བཟང་པོ་གསེར་དང་ནོར་བུ་དང་དངུལ་གྱི་རྒྱན་བཟང་པོ་སྣ་ཚོགས་ཀྱིས་བརྒྱན་པ། བ་དན་དང་རྒྱལ་མཚན་ཁ་དོག་སྣ་ཚོགས་ཅན་རབ་ཏུ་གཡོ་བ་རྣམས་བཙུགས་པ། གསེར་གྱི་འཇིམ་བག་གིས་གཡོགས་པ། རྟ་དུལ་ཞིང་བདེ་བས་དྲངས་པ། ཁ་ལོ་སྒྱུར་བ་བཟོ་ཞིང་དེས་ལ་མཁས་ཤིང་གཙང་ལ་དུལ་ཞིང་བརྟན་པ་དང་ལྡན་པ། གཡོག་འཁོར་ཆ་ལུགས་བཟང་པོ་སྣ་ཚོགས་སུ་ཆས་པས་བསྐོར། །རྔ་སྒྲ་སྙན་པའི་རྔ་བརྡུང་པས་མདུན་དུ་དྲངས་པ་ལ་ཞོན་ཏེ། ཕོ་བྲང་མཆོག་དེ་ནས་རྒྱུ་ཞིང་སོང་སོང་བ་ལས། ཕོ་བྲང་འཁོར་གྱི་མི་རྣམས་རྒྱལ་བུ་དེ་ལ་ལྟ་བས་སེམས་ནི་གཡེངས། ངོ་མཚར་ཆེ་བས་མིག་རིག་རིག་བོར་ནི་ལྟ། བསྟོད་པས་དགའ་བར་བྱེད་ཅིང་ཐལ་མོ་སྦྱར་སྟེ་ཤིས་པ་བརྗོད་པའི་ཚིག་ནི་འདོན། །དགའ་སྟོན་གྱི་དགའ་བའི་ཆས་བཟང་པོ་ལ་ནི་ཞུགས་པ་རྣམས་ཀྱི་མཛེས་པ་མང་པོ་རྣམས་ལ་བརྟགས་ནས། སེམས་དགའ་བར་འགྱུར་བའི་སྐབས་སུ་བབ་ཀྱང་། ཚེ་རབས་སྔ་མ་ལ་སེམས་སྐྱོ་བ་ལ་གོམས་པར་བྱས་པའི་ཕྱིར་དྲན་པ་འདི་ལྟ་བུ་རྙེད་པར་གྱུར་ཏོ། །ཀྱེ་མའོ་འཇིག་རྟེན་ཉོན་མོངས་དག །གནས་པ་མི་བརྟན་མི་དགར་འགྱུར། །ཀུ་མུ་ད་ཡི་དཔལ་འདི་ཡང་། །དྲན་པར་བྱ་བ་ཉིད་དུ་འགྱུར། །འགྲོ་བ་འདི་ལྟ་བུར་ནི་འཁོར་བ་ལ། །སྐྱེ་བོ་འཇིགས་པ་མེད་པ་རེ་མཚར་ཀྱེ། །ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱིས་བཀག །དོགས་པ་མེད་པར་རབ་ཏུ་དགག་ཞིང་སྤྱོད། །ན་དང་རྒ་དང་འཆི་བས་གནོད་བྱེད་དགྲ། །མཐུ་ཆེན་དགའ་ཏུ་མི་ནུས་ཡོད་བཞིན་ལ། །འཇིག་རྟེན་ཕ་རོལ་ཉམ་དང་ངེས་འགྲོ་ན། །སེམས་ཤེས་སུ་ཞིག་འདི་ལ་དགའ་བར་སེམས། །སྤྲིན་ཆེན་གློག་འགྱུར་གསེར་ཕྲེང་འདྲ་བ་དག །རྒྱ་མཚོ་ཆེན་པོ་རྣམས་ཀྱི་སྒྲ་ཡང་ཕྱུང་། །ཆར་ཆེན་འབབ་པའི་རྩོམ་པ་ཆེན་པོ་བྱས། །ཀུན་ནས་འདུས་ཀྱང་དེ་ནས་དེངས་པར་འགྱུར། འབབ་ཆུ་དྲག་པོའི་ཤུགས་ཀྱིས་ཤིང་རྣམས་ཀྱི། །རྩ་བ་འགྲམ་ན་རབ་ཏུ་ཟུག་པ་ཡང་། །རྩ་ནས་བཏོན་ཏེ་སླར་ཡང་ཆུ་དེ་ཉིད། འབྲེང་ཞིང་བྲི་ནས་མྱ་ངན་གདུངས་བ་བཞིན། །རླུང་གི་མཐུས་ཀྱང་རི་ཡི་རྩེ་མོ་བསྙིལ། །སྤྲིན་གྱི་ཚོགས་ཀྱང་དྲག་པོའི་ཤུགས་ཀྱིས་གཏོར། །རྒྱ་མཚོའི་ཆུ་ཡང་རྣམ་པར་དཀྲུགས་ཤིང་གློང་། །དེ་ལྟའི་རླུང་ཡང་རབ་ཏུ་ཞི་བར་འགྱུར། །མེ་ལྕེ་རབ་འབར་མེ་སྟག་འགྲོ་བ་ཡིས། །ནགས་ཚལ་མཛེས་དང་རྩྭ་རྣམས་ཀུན་བསྲེགས་ནས། དེ་འདྲའི་མེ་ཡང་རིམ་གྱིས་ཞི་གྱུར་ནས། །རབ་ཏུ་འབར་ཡང་དེ་ནས་མེད་པར་འགྱུར། །འདུས་པ་གང་ཞིག་འབྲེལ་བར་མ་གྱུར་ཡོད། །དར་བ་གང་ཞིག་རྒུད་པར་མ་གྱུར་ཡོད། །འགྲོ་བའི་རྒྱུད་ནི་རབ་ཏུ་གཡོ་བ་ལ། མ་བརྟགས་པར་ནི་སྐྱེ་བོ་དགའ་བར་འགྱུར། །བདག་ཉིད་ཆེན་པོ་དེ་སེམས་སྐྱོ་བས་དེ་ལྟར་བརྟགས་ནས་རབ་ཏུ་དགའ་བས་གཡེངས་བའི་ཡིད་ནི་སླར་ལོག །ཕོ་བྲང་དམ་པ་རྒྱན་གྱིས་བརྒྱན་པ་དགའ་དགའ་ལྟར་འདུག་པ་དང་། མི་མང་པོ་སྣ་ཚོགས་ཆས་པ་འདུས་པ་རྣམས་ལའང་སེམས་མ་ཆགས་པར་སླར་བཟློག་སྟེ། མཐར་གྱིས་རང་གི་གནས་སུ་ཕྱིན་ནས། བདག་རང་ལ་འདི་ལྟར་རྟོག་གོ །ལོངས་སྤྱོད་ཀྱི་བདེ་བ་ལ་སེམས་རབ་ཏུ་སྐྱོ་བར་གྱུར་ཏེ། མ་ཆགས་ནས་ཆོས་འབའ་ཞིག་སྐྱབས་སུ་རུང་ངོ་སྙམ་ནས་དེ་བསྒྲུབ་པར་ངེས་པར་བསམས་ཏེ། སྐབས་ཤིག་ཏུ་རྒྱལ་པོའི་དྲུང་དུ་སོང་ནས། །དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོ་བར་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པ། །རབ་ཏུ་བྱུང་ལ་བརྟེན་ནས་སུ། །བདག་ལ་ཕན་པ་བགྱི་བར་འཚལ། །ཁྱེད་ཀྱིས་ཐུགས་བག་མཛད་ནས་སུ། །གསོལ་བ་དེ་ཡང་གནང་བར་མཛོད། །རྒྱལ་པོ་བུ་ལ་བྱམས་པ་དེས་དེ་སྐད་དུ་ཟེར་བ་ཐོས་ནས། །གླང་པོ་ཆེ་མདའ་དུག་ཅན་གྱིས་ཚབས་ཆེར་ཕོག་པ་དང་། རྒྱ་མཚོ་རབ་ཏུ་ཟབ་པ་རླུང་གིས་གློངས་པ་བཞིན་དུ། །དེ་མྱ་ངན་གྱིས་སེམས་གདུངས་ནས་འཁམས་ཏེ་འདར་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ་ཡིས་དེ་བཟློག་ཕྱིར། །བྱམས་པས་མཆི་མས་བརྣངས་ཏེ་མགུལ་ནས་འཇུས། །བུ་ཅིག་ཅི་ཕྱིར་འདི་ལྟར་གློ་བུར་དུ། །བདག་ཅག་དོར་བའི་བློ་འདི་སྐྱེས་པར་གྱུར། །བདག་ཉིད་ཕུང་བར་བྱེད་པ་སུ་ཞིག་གིས། །ཁྱོད་ནི་མི་དགར་བྱས་ནས་འཆི་བར་འགྱུར། །སུ་ཡིས་རང་གི་མི་རྣམས་མྱ་ངན་གྱིས། །གདུངས་ནས་མིག་ནི་མཆི་མས་གང་བར་བྱས། །འོན་ཏེ་ང་ལ་ཅུང་ཟད་དོགས་པའམ། འཁྲུག་པར་གྱུར་པ་ཅུང་ཟད་ཐོས་ཀྱང་རུང་། །དེ་དག་སྨྲས་ན་དེ་ལས་ལྡོག་པར་བྱའོ། །དེ་ལྟ་བུ་ནི་བདག་གིས་མ་མཐོང་ངོ་། །བྱང་ཆུབ་སེམས་དཔས་སྨྲས་པ། དེ་ལྟར་རབ་ཏུ་བྱམས་ཁྱོད་ལ། །འཁྲུལ་པ་ལྟ་ཞིག་ག་ལ་འབྱུང་། །བདག་ལ་མི་དགར་བགྱི་བ་ཡང་། །དེ་ལྟར་ནུས་པ་སུ་ཞིག་ཡོད། །འོ་ན་ཅིའི་ཕྱིར་ངེད་དོར་བར་སེམས་ཞེས་མིག་མཆི་མས་གང་བཞིན་དུ་རྒྱལ་པོས་སྨྲས་པ་དང་། དེས་སྨྲས་པ། ཤི་བས་འཇིགས་པའི་ཕྱིར་རོ། །ལྷ་གཟིགས་སུ་གསོལ། །དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །དེ་ནས་བརྩམས་ཏེ་འཇིག་རྟེན་འདི་རྣམས་ནི། །ལམ་དུ་ཞུགས་ནས་གཞན་དུ་མ་གོལ་བར། འཆི་བདག་དྲུང་དུ་དེ་ནི་ཉེ་བར་འགྲོ། །ཐབས་དང་རབ་ཏུ་ལྡན་ཞིང་མཐུ་ཡོད་ཀྱང་། འཆི་དང་རྒ་ལས་སུ་ཡང་ཐར་བ་མེད། །འདི་གཉིས་ཀྱི་ནི་འདི་ཀུན་རབ་ཏུ་གཙེས། །དེ་བས་ཆོས་ཀྱི་དོན་དུ་དགོན་པར་མཆི། །མི་རྟ་གླང་ཆེན་ཤིང་རྟ་མང་པོའི་དམག་ཚོགས་རྣམས། །རྒྱལ་པོའི་དཔུང་དང་ལྡན་པས་ཐགས་ཐོགས་མེད་པར་ཐུབ། །གཤིན་རྗེའི་དགྲ་ནི་གཅིག་པུ་འདུག་ཀྱང་ཡོང་མི་ཐུབ། །དེ་བས་བདག་གི་སེམས་ནི་ཆོས་དོན་བསྒྲུབ་པར་འཚལ། །རྟ་དང་གླང་ཆེན་རྐང་ཐང་ཤིང་རྟས་ཡོངས་བསྲུངས་ན། །རྒྱལ་པོ་རྣམས་ནི་དགྲ་ལས་རབ་ཏུ་ཐར་བར་འགྱུར། །ཤེད་ཅན་ལ་སོགས་དཔུང་དང་བཅས་པའང་དབང་མེད་པར། །རབ་ཏུ་མཐུ་ཆེན་འཆི་བདག་དགྲ་ཡི་དབང་དུ་གྱུར། །གླང་ཆེན་མྱོས་པའི་མཆེ་བས་མཁར་གྱི་རྟ་བབས་དང་། གཡུལ་ངོར་མི་དང་ཤིང་རྟ་གླང་པོ་རྣམས་ཀྱང་བཅོམ། །གང་བ་ཆེན་པོའི་ངོས་དྲལ་རྒྱལ་བར་གྱུར་པ་ཡི། །མཆེ་བ་དེ་ཡིས་གཤིན་རྗེའི་ཁར་སོང་འདེབས་མ་ནུས། །གོ་མཚོན་བཟང་པོ་བགོས་ཤིང་ཕུབ་གཟུར་ནས། །གཡུལ་ངོར་མདའ་ཡང་རྒྱང་གིས་འཕེན་པར་ནུས། དེ་ལྟར་འཕོངས་སྐྱེན་རྣམས་ཀྱང་ཁོན་སྙིང་ཅན། །དགྲ་བོ་གཤིན་རྗེ་ལ་ནི་འཕེན་མི་ནུས། །སེང་གེ་རྣམས་ཀྱང་སེན་མོ་རྣོན་པོས་གླང་ཆེན་གྱི། །གཟི་བརྗིད་ཟིལ་མནན་སྤྱི་བོར་སྡེར་མོས་འདྲད་ཅིང་འབྲང་། །སྒྲ་སྐད་དྲག་པོ་བསྒྲགས་པས་གཞན་གྱི་སེམས་སྐྲག་བྱས། །གཤིན་རྗེ་འོངས་ན་མཐུ་དང་དྲེགས་པ་ཉམས་ནས་ཉལ། །རྒྱལ་པོ་རྣམས་ཀྱང་གཞན་གྱི་ཉེས་བྱས་ན། །ཉེས་དང་རྗེས་སུ་མཐུན་པར་ཆད་པས་གཅོད། །འཆི་བདག་དགྲ་བོས་ཉེས་པ་ཆེར་བྱས་ཀྱང་། །ཆད་པས་བཅད་པའི་ཐབས་ནི་ཡོང་མི་ཤོང་། རྒྱལ་པོ་རྣམས་ནི་འཇལ་དུམ་ལ་སོགས་པའི། །ཐབས་ཀྱིས་ཉེས་པ་བྱས་པ་ཞི་བར་བྱས། །འཆི་བདག་གཏུམ་པོ་དྲེགས་པ་གོམས་བྱས་པ། འཇལ་དུམ་ལ་སོགས་བས་ནི་སྡུམ་མི་ནུས། །སྦྲུལ་ཆེར་ཁྲོས་པའི་རླུང་གི་མཆེ་བ་དུག་ཅན་གྱི། །རྩེ་མོ་འབར་བས་མི་རྣམས་མངོན་དུ་འབིགས། །ཤ་ཆགས་བསད་པའི་ཐབས་ལ་རབ་ཏུ་མཁས་གྱུར་ཀྱང་། འཆི་བདག་འོངས་ན་བཟའ་བར་རྩམ་པ་ཉམས་པར་འགྱུར། །སྦྲུལ་གདུག་ཁྲོས་ནས་འཁྲུགས་པས་ཟིན་པ་ཡང་། །སྨན་པ་རྣམས་ནི་སྨན་དང་སྔགས་ཀྱིས་དུག་ཞི་བྱེད། །གཤིན་རྗེ་འདི་ནི་མྱུར་བའི་དུག་པས་རབ་གདུག་པ། །སྔགས་དང་སྨན་ལ་སོགས་པས་ཐུབ་པར་ཡོང་མི་ནུས། །འདབ་བཟང་ཁྱུང་ཡང་གཤོག་པའི་རླུང་གིས་རྒྱ་མཚོའི་ཆུ། །ཉ་མང་འཕོ་བ་འབྲུག་སྒྲ་དྲག་པོས་དཀྲུགས་པ་ཡང་། །རྣམ་པར་གཏོར་ནས་གདེངས་ཀ་ཕྱར་བའི་སྦྲུལ་རྣམས་འཛིན། །དེ་བཞིན་འཆི་བདག་རབ་ཏུ་གཞོམ་པར་ཡོང་མི་ནུས། སྟག་ཀྱང་ནགས་ཚལ་དག་ན་རི་དྭགས་འབྲོས་པ་རྣམས། །རབ་ཏུ་མགྱོགས་པས་བསྙགས་ནས་སྡེར་མོ་རྡོ་རྗེ་ཡི། །ཐང་ཅིག་བཏབ་པ་ཙམ་གྱིས་བཟུང་ནས་ཁྲག་འཐུང་བ། །འཆི་བདག་འོངས་ན་དེ་ལྟར་བརཏལ་ཕོད་མེད་པར་འགྱུར། །སྟག་གི་ཁ་གདངས་མཆེ་བ་རབ་ཏུ་གཙིགས་པ་ཡིས། །ནང་དུ་སོང་བའི་རི་དྭགས་རྣམས་ཀྱང་ཐར་བ་སྲིད། །གཤིན་རྗེའི་ཁ་གདངས་ན་དང་རྒ་བའི་མཆེ་བ་གཙིགས། །དེ་ཡི་ནང་དུ་སོང་བ་སུ་ཞིག་ཐར་བ་ཡོད། །མི་སྡུག་འཇིགས་ལ་དམ་དུ་འཛིན་པའི་གདོན། གཟི་དང་བཅས་པར་མི་ཡོ་སྲོག་ཀྱང་འཕྲོག །འཆི་བདག་དགྲ་དང་འཐབ་པའི་དུས་དྲན་ན། །རབ་ཏུ་བསྙེམས་པའི་མཐུ་རྩལ་ཉམས་པར་འགྱུར། །མཆོད་འདོད་གནོད་བྱེད་འོངས་པའི་གདོན་རྣམས་ཀྱང་། རིག་སྔགས་གྲུབ་པ་རྣམས་ཀྱི་མཐུ་དག་དང་། དཀའ་ཐུབ་བདེ་ལེགས་སྨན་གྱིས་ཞི་བར་ནུས། །འཆི་བདག་གདོན་ནི་ཟློག་པར་ཡོང་མི་ནུས། །མང་པོ་འདུས་པའི་ནང་ན་སྒྱུ་མ་མཁན། །སྐྱེ་བོ་རྣམས་ཀྱི་མིག་ཀྱང་བསླུ་བར་ནུས། །གཤིན་རྗེ་འདི་ལས་མཚར་གྱིས་མཐུ་ཞིག་ཡོད། །དེ་དག་གིས་ཀྱང་མིག་བསླུ་ཡོང་མ་ནུས། །གསང་སྔགས་གྲུབ་པའི་དཀའ་ཐུབ་མཐུ་ཡིས་དུག་ཞི་ནུས། །སྨན་པ་མཆོག་གིས་མི་ཡི་ནད་ཀྱང་ཞི་བར་ནུས། །དྷན་ནྭ་ན་ཏ་རི་ལ་སོགས་པ་ཡང་མེད་པར་འགྱུར། །དེ་བས་ཆོས་ཕྱིར་བདག་བློ་བས་མཐར་འཆི་བར་མོས། །རིག་སྔགས་འཆང་རྣམས་གསང་སྔགས་མཐུ་སྟོབས་སྣ་ཚོགས་ཀྱིས། །སྔོན་དུ་བྱུང་ནས་བར་བར་སླར་ཡང་མི་སྣང་འགྱུར། །བར་བར་མཁའ་ལ་འགྲོ་ཞིང་བར་བར་ས་འོག་ནུབ། །འཆི་བདག་བྱུང་ནས་མཐུ་སྟོབས་རབ་ཏུ་ཉམས་པར་འགྱུར། །ལྷ་དབང་དྲེགས་པ་རྣམས་ཀྱང་ལྷ་མིན་དམག་གིས་བཟློག །ལྷ་མིན་དྲེགས་པ་རྣམས་ཀྱང་ལྷ་ཡི་དཔུང་གིས་བཟློག །ང་རྒྱལ་བདོ་བའི་བློ་ཅན་དམག་ཚོགས་ཆེན་པོའི་དཔུང་། དེ་དག་ཀུན་སྡོངས་པས་ཀྱང་འཆི་བདག་ཡོང་མི་ཐུབ། །གཤིན་རྗེའི་དགྲ་བོ་བསླང་པར་མི་བཟློག་པ། འདི་འདྲ་རིག་ནས་ཁྱིམ་ན་བདག། མི་དགའ་ཁྲོས་པའམ་བྱམས་པ་མ་མཆིས་ཕྱིར་མ་ལགས། ཆོས་ཀྱི་དོན་དུ་བདག་ནི་ངེས་པར་མཆི། རྒྱལ་པོས་སྨྲས་པ། འོ་ན་དེ་ལྟར་འཆི་བདག་གི་འཇིགས་པ་བཅོས་སུ་མི་རུང་ན། ཆོས་ཡོངས་སུ་བཟུང་སྟེ་ནགས་ཚལ་དུ་སོང་ཡང་ཅི་ལ་ཕན། །ཁྱོད་ཀྱི་གནས་སུ་འཆི་བདག་དགྲ་བོ་མི་འོང་ངམ། དྲང་སྲོང་ཆོས་ལ་གནས་པ་ནགས་སུ་མ་ཤི་འམ། །དེ་ལྟར་ཐམས་ཅད་ན་ཡང་ཆོས་ཀྱིས་དེ་བཞིན་ན། །ཁྱིམ་དག་བོར་ཏེ་ནགས་སུ་སོང་ཡང་ཅི་ལ་ཕན། །བྱང་ཆུབ་སེམས་དཔས་སྨྲས་པ། །ནགས་དང་ཁྱིམ་ན་གནས་ཀྱང་འཆི་བདག་འོང་འགྱུར་ལ། །ཆོས་ལ་གནས་དང་ལོག་པར་སྤྱོད་ལ་མཚུངས་སྤྱོད་དང་། །ཆོས་ཀྱི་བདག་ཉིད་ཅན་རྣམས་མྱ་ངན་གདུངས་མི་འགྱུར། །ཆོས་ཀྱང་ནགས་ཚལ་དག་ན་བདེ་བར་བསྒྲུབ་ཏུ་མཆིས། །ལྷ་གཟིགས་སུ་གསོལ། །བག་མེད་དྲེགས་དང་འདོད་ཆགས་དང་། བརྐམ་དང་ཞེ་སྡང་གཞིར་གྱུར་ཁྱིམ། །དེ་ཡི་གཉེན་པོར་གྱུར་པའི་ཆོས། །སྤྱད་པའི་སྐབས་ལྟ་ག་ལ་མཆིས། །ལས་རྣམས་རྣམ་པ་མང་པོས་རྣམ་པར་གཡེངས། །ཡོངས་སུ་བཟུང་དང་བསྒྲུབ་དང་བསྲུང་བས་བྲེལ། །སེམས་ནི་མ་ཞི་སྡུག་བསྔལ་འབྱུང་བའི་གནས། །ཁྱིམ་པས་ནམ་ཡང་ཞི་བའི་ལམ་མི་འགྲུབ། །ནགས་ན་བྱ་བ་ངན་པ་མང་པོ་བཏང་། །ཡོངས་སུ་བཟུང་བའི་སྡུག་བསྔལ་སྤངས་ལ་གཙང་། །ཞི་བ་འབའ་ཞིག་བྱེད་ཅིང་ཡིད་ཀྱང་མགུ། །བདེ་དང་བསོད་ནམས་གྲགས་པའང་འཐོབ་པར་འགྱུར། །མི་རྣམས་ཆོས་ཀྱི་བསྲུངས་ཀྱི་ནོར་དང་དཔུང་གིས་མིན། །ཆོས་ཀྱིས་བདེ་བ་ཆེན་པོ་འཐོབ་ཀྱིས་འབྱོར་བས་མིན། ཆོས་ཀྱི་བདག་ཉིད་ཅན་ནི་ཤི་ན་དགའ་བར་འགྱུར། །ཆོས་རྣམས་ཆོས་ཀྱིས་བསྲུང་གིས་ནོར་དང་དཔུང་གིས་མིན། །ཆོས་ལ་འབད་པས་ངན་འགྲོའི་འཇིགས་པ་མེད་པར་འགྱུར། །ལས་ཀྱི་ཁྱད་པར་དག་ཀྱང་ཇི་བཞིན་གནས། །དགེ་དང་སྡིག་པའི་མཚན་ཉིད་ཐ་དད་ལ། རྣམ་པར་སྨིན་པས་མི་དགེ་ངན་འགྲོར་ལྟུང་། བསོད་ནམས་བསགས་པས་བདེ་བའི་གནས་སུ་འགྲོ། །དེ་ལྟར་བདག་ཉིད་ཆེན་པོ་དེས་ཕ་ལ་གསོལ་བ་བཏབ་ནས། ཕས་ཀྱང་གནང་སྟེ། རྒྱལ་སྲིད་ཀྱི་དཔལ་ཡང་རྩྭ་དང་འདྲ་བར་བོར་ནས། དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པར་གྱུར་ཏོ། །དེར་ཡང་བསམ་གཏན་རྣམས་དང་ཚད་མེད་པ་རྣམས་བསྒྲུབས་ནས་འཇིག་རྟེན་པ་རྣམས་ཀྱང་དེ་དག་གི་ལམ་ལ་བཀོད་ནས། ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ། །དེ་ལྟ་བས་ན་ཡིད་སྐྱོ་བར་གྱུར་པ་རྣམས་ནི། རྒྱལ་སྲིད་ཀྱི་དཔལ་ཡང་ལེགས་པའི་ལམ་ལ་སྒྲིབ་པར་མི་འགྱུར་བའི་ཕྱིར་སེམས་སྐྱོ་བ་ལ་གོམས་པར་བྱའོ། །འཆི་བའི་འདུ་ཤེས་བསྐྱེད་ན་མྱུར་དུ་སེམས་སྐྱོ་བར་འགྱུར་བའི་ཕྱིར་འཆི་བའི་འདུ་ཤེས་སྐྱེད་པའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །འདུ་བྱེད་རྣམས་འདི་ལྟར་མི་རྟག་གོ་ཞེས་དེ་བཞིན་དུ་འཆི་བ་རྗེས་སུ་དྲན་པའི་ཡོན་ཏན་བསྔགས་པ་དང་མི་རྟག་པའི་གཏམ་བྱ་བ་ལའང་སྦྱར་བར་བྱའོ། །འདུས་བྱས་རྣམས་ནི་འདི་ལྟར་དབུགས་མ་ཕྱིན་པའོ་ཞེས་འཇིག་རྟེན་ཐམས་ཅད་ལ་མངོན་པར་མ་ཆགས་པའི་འདུ་ཤེས་བསྐྱེད་པ་དང་། དེ་བཞིན་དུ་འཇིག་རྟེན་འདི་དག་ནི་དཔུང་གཉེན་མེད་ཅིང་གྲོགས་བྱེད་པ་མེད་དོ་ཞེས་ཀྱང་བརྗོད་པར་བྱའོ། དེ་བཞིན་དུ་ནགས་ཚལ་དགོན་པ་ན་ཆོས་བདེ་བར་བསྒྲུབ་ནུས་ཀྱི་ཁྱིམ་ན་དེ་ལྟར་མི་ནུས་སོ། །ཞེས་ཀྱང་སྦྱར་བར་བྱའོ། །ལྕགས་ཀྱི་ཁྱིམ་ན་སྐྱེས་པའི་རབས་ཏེ་སུམ་བཅུ་གཉིས་པའོ།། །།


previousལྕགས་ཀྱི་ཁྱིམ་ན་སྐྱེས་པའི་རབས་ཏེ་སུམ་བཅུ་གཉིས་པ།next