Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱ་ཤིང་རྟ་མོའི་སྐྱེས་པའི་རབས་ཏེ་སུམ་བཅུ་བཞི་པ།


 
previousབྱ་ཤིང་རྟ་མོའི་སྐྱེས་པའི་རབས་ཏེ་སུམ་བཅུ་བཞི་པ།no next

བྱ་ཤིང་རྟ་མོའི་སྐྱེས་པའི་རབས་ཏེ་སུམ་བཅུ་བཞི་པ།

དགེ་བ་དག་ནི་བསྐྲུལ་མ་བཏབ་ཀྱང་མ་གོམས་པའི་ཕྱིར་སྡིག་པ་མི་སྤྱོད་དོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ནགས་ཚལ་ཞིག་ན་བྱ་ཤིང་རྟ་མོ་འདབ་གཤོག་སྡུག་གུ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞིག་ཏུ་གྱུར་ཅིང་གནས་སོ་ཞེས་གྲག་གོ །སྙིང་རྗེ་ལ་གོམས་པས་དེ་ལྟ་བུའི་གནས་སྐབས་ནའང་བྱ་ཤིང་རྟ་མོའི་འཚོ་བ་སྲོག་ཆགས་གསོད་པའི་སྐྱོན་ཅན་ནི་མི་བྱེད་དོ། །ལྗོན་ཤིང་ལྡུམ་བུའི་མྱུ་གུ་རབ་ཏུ་གསར། །མེ་ཏོག་བསུང་ཞིམ་ཁུ་བས་རབ་བསྒྲུས་པ། །རོ་དང་དྲི་བསྲུང་ཁ་དོག་སྣ་ཚོགས་པའི། །ཤིང་ཏོག་རྣམས་ཀྱི་འཚོ་བ་ཆོག་པར་འཛིན། །ཇི་ལྟར་རིགས་པར་གཞན་ལ་ཆོས་ཀྱང་འཆད། །ཕོངས་པ་རྣམས་ལ་ཅི་ནུས་ཕན་ཡང་འདོགས། །ངན་པ་རྣམས་ཀྱང་མི་རིགས་པ་ལས་བཟློག །གཞན་གྱི་དོན་སྤྱོད་རབ་ཏུ་གསལ་བར་སྟོན། །སེམས་དཔའ་ཆེན་པོ་དེས་ནགས་ཚལ་དེ་ན་འཁོད་པའི་སེམས་ཅན་མང་པོ་རྣམས་ཡོངས་སུ་བསྐྱངས་པས་དེ་དག་སློབ་དཔོན་དང་བཅས་པ་བཞིན། གཉེན་བཤེས་དང་བཅས་པ་བཞིན། སྨན་པ་དང་བཅས་པ་བཞིན། རྒྱལ་པོ་རྗེས་གཤིན་པས་བསྐྱངས་པ་བཞིན་དུ་བདེ་བར་བྱས་སོ། །དེ་ནས་རེ་ཤིག་ཅིག་སེམས་དཔའ་ཆེན་པོ་དེ་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར། ནགས་ཚལ་གྱི་ནང་ནས་རྒྱུ་ཞིང་སོང་སོང་པ་ལས། ནགས་ཚལ་གྱི་ཕྱོགས་ཤིག་ན། སེང་གེ་ཞིག་ནད་དྲག་པོས་བཏབ་སྟེ། མདའ་དུག་ཅན་གྱིས་བཏབ་པ་བཞིན་དུ་འགྲེ་ལྡོག་ཅིང་རལ་པ་རྣམས་ནི་རྡུལ་གྱིས་གོས་ཤིང་དྲི་མ་ཅན་དུ་གྱུར་པ་འཇིངས་པ་ཞིག་མཐོང་ནས། སྙིང་རྗེས་བསྐུལ་ནས་དེའི་དྲུང་དུ་འོངས་ཏེ་དྲིས་པ། རི་དྭགས་ཀྱི་རྒྱལ་པོ་ཁྱོད་ཀྱི་ལུས་རབ་ཏུ་མི་བདེ་བ་འདྲ་ན་འདི་ཅི་ཉེས། །གླང་པོ་དག་ལ་དྲེགས་པས་བརྒལ་དྲགས་སམ། །རབ་ཏུ་མགྱོགས་པས་རི་དྭགས་བསྙགས་དྲགས་སམ། །མཆོངས་བ་དྲགས་པས་འདི་ལྟར་ཁྱོད་སྣད་དམ། །རྔོན་པ་དག་གིས་མདའ་འཕངས་སྣད་གྱུར་ཏམ། བསྟན་དུ་རུང་ན་ཁྱོད་ཀྱིས་འདི་སྨྲོས་ཤིག །འདི་ལ་ཅི་ལྟར་བྱས་ན་རུང་བའང་སྨྲོས། །བདག་གིས་གྲོགས་བྱར་རུང་བའི་མཐུ་ཡོད་ན། བདེ་བར་དེ་སྒྲུབ་ཁྱོད་ཀྱང་སོས་པར་བྱ། །སེང་གེས་སྨྲས་པ། བྱའི་ནང་ནས་མཆོག་ཏུ་གྱུར་པ་ལེགས་སོ། །བདག་འདི་ལྟར་མི་བདེ་བར་གྱུར་པ་ནི་རྩལ་དྲེགས་པ་ལས་བྱུང་བའམ་མ་ལགས། རྔོན་པའི་མདས་ཕོག་སྟེ་སྣད་པའམ་མ་ལགས་ཏེ་རུས་པའི་ཚལ་པ་འདི་འདྲ་བ་ཞིག་གྲེ་བར་ཟུག་སྟེ། ནང་དུ་མིད་དུའང་མི་རུང་། །ཕྱིར་དབྱུང་དུའང་མི་རུང་སྟེ །ཟུག་རྔུས་ཟུག་པ་བཞིན་དུ་བདག་རབ་ཏུ་སྡུག་བསྔལ་ཞིང་མཆིས་ན། །དེ་བས་ན་ད་ཇི་ལྟར་བགྱི་བ་གྲོགས་པོ་དག་གིས་བགྱི་བའི་དུས་ལ་བབ་ཀྱིས། ཇི་ལྟར་མཁྱེན་པར་བདག་བདེ་བར་མཛད་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་རྣོ་བས་ཟུག་རྔུ་དབྱུང་བའི་ཐབས་བསམས་ཏེ། དེའི་ཁ་དགག་ཏུ་རུང་བའི་ཤིང་ཅིག་བླངས་ནས། སེང་གེ་དེ་ལ་ཁྱོད་ཀྱིས་ཅི་ནུས་སུ་ཁ་ལེགས་པར་གདོངས་ཤིག་ཅེས་སྨྲས་པ་དང་། དེས་ཀྱང་དེ་བཞིན་དུ་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ཤིང་དེ་དེའི་སོ་བར་དུ་ལེགས་པར་བཅུག་ནས་དེའི་གྲེ་བར་ཞུགས་ཏེ། རུས་པའི་ཚལ་པ་བསེགས་ཀར་ཟུག་པ་དེའི་རྩེ་མོ་གཅིག་མཆུས་བསྐུལ་ཏེ་ལྷོད་བར་བྱས་ནས། རྩེ་མོ་གཅིག་ནས་བཟུང་སྟེ་ཕྱུང་ནས་ཕྱིར་འབྱུང་བའི་ཚེའང་དེའི་ཁ་བཀག་པའི་ཤིང་དེའང་ཕྱུང་སྟེ་བོར་རོ། །ཤེས་རབ་རྣོན་པོ་ཚེ་རབས་བརྒྱར་གོམས་པས། །མ་བསྒོམས་པར་ཡང་ཇི་ལྟར་ངེས་ཕྱུང་བ། །རབ་ཏུ་གོམས་ཤིང་མཁས་པའི་སྨན་པས་ཀྱང་། །རབ་ཏུ་བསྒྲིམས་ཀྱང་ཟུག་རྔུ་དེ་མི་ཕྱིན། །ཟུག་རྔུ་ཕྱུང་ནས་དེ་མ་ཐག་ཏུ་ནི། །དེ་ཡི་སྡུག་བསྔལ་མྱ་ངན་མེད་པར་བྱས། ཟུག་རྔུ་ཕྱུང་ནས་ཇི་ལྟར་དེ་དགའ་བ། །སྐྱེ་བོ་དམ་པ་རྣམས་ནི་ཆོས་ཉིད་ཀྱིས་དེ་ལྟར་ཡིན་ཏེ། སྐྱེ་བོ་དམ་པས་གཞན་གྱི་བདེ་བསྒྲུབས་སམ། །སྡུག་བསྔལ་བཟློག་ནའང་དེ་དང་མཚུངས་པར་ནི། །བདེ་དང་སྡུག་བསྔལ་རབ་ཏུ་མྱོང་བར་འགྱུར། རང་གི་བདེ་བ་གྲུབ་ཀྱང་དེ་ལྟར་མིན། །སེམས་དཔའ་ཆེན་པོ་དེས་དེ་ལྟར་དེའི་སྡུག་བསྔལ་ཞི་བར་བྱས་ནས། །སེམས་རབ་ཏུ་དགའ་བར་གྱུར་ཏེ། སེང་གེ་དེ་ལ་གར་འགྲོ་བར་བརྡ་སྤྲད་ནས། །དེས་ཀྱང་དགའ་བར་བྱས་ཏེ། །གར་དགའ་བར་སོང་ངོ་། །དེ་ནས་རེ་ཤིག་ཅིག་བྱ་ཤིང་རྟ་མོ་དེ་འདབ་གཤོག་སྡུག་གུ་རབ་ཏུ་ཕྱར་ནས་འཕུར་ཏེ་འཁྱམ་དུ་སོང་སོང་བ་ལས། ཁ་ཟས་བཟར་རུང་བ་དེ་ལྟ་བུ་མ་རྙེད་དེ་བྲུ་བ་ཚ་བས་གདུངས་པ་དང་། སེང་གེ་དེ་ཡང་རི་དྭགས་གཞོན་ནུ་སོང་མ་ཐག་པའི་ཤ་ནི་ཟ། ཁ་དང་སྡེར་མོ་དང་། རལ་པའི་རྩེ་མོ་རྣམས་ནི་དེའི་ཁྲག་གིས་སྦགས་པས། སྟོན་ཀའི་སྤྲིན་གྱི་དུམ་བུ་མཚམས་ཀྱི་དུས་ལ་བབ་པའི་མདོག་འདྲ་བར་འདུག་པ་མཐོང་ངོ་། །དེ་ཡིས་ཕན་པ་བྱས་ཀྱང་དེ་ལ་ནི། །བསླང་བའི་ཚིག་འབྲུ་ངན་པ་བརྗོད་མ་ནུས། །འཇིགས་མེད་ཡིན་ཡང་དེ་ཡི་ངོ་ཚ་ནི། །དེ་ཚེ་མི་སྨྲ་བརཏལ་ཞུགས་ལེན་དུ་འཇུག །འོན་ཀྱང་དགོས་པའི་དབང་གིས་ངོ་ཚ་བཏང་། དེ་ཡི་མིག་སྔར་བབ་པར་ཉེ་བར་འོངས། །བདག་ཉིད་ངན་པ་དེས་ནི་དེ་མཐོང་ཡང་། །མགྲོན་བྱའི་ཚིག་ཀྱང་དེ་ལ་ཡོང་མ་བརྗོད། །རྡོ་ལེབ་སྟེང་དུ་ས་བོན་བཏབ་པ་བཞིན། །མེ་མེད་ཐལ་བ་དག་ལ་བསྲེགས་པ་བཞིན། །འབྲས་བུ་སྨིན་པའི་དུས་ན་བྱེ་བྲག་མེད། །ཕན་བཏགས་དྲིན་མེད་བི་དུལ་མེ་ཏོག་བཞིན། །དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། འདིས་ནི་བདག་གོར་མ་ཆག་པར་ངོ་མ་ཤེས་སོ་སྙམ་ནས། དོགས་ཤིང་འཛེམ་པ་མེད་པར་དེའི་དྲུང་དུ་འོངས་ནས། འགྲོན་གསར་དུ་འོངས་པའི་ཚུལ་གྱིས་ཤིས་པ་བརྗོད་དེ་སློངས་མོ་བཏབ་བོ། །རི་དྭགས་རྒྱལ་པོ་བདུད་རྩིར་གྱུར། །མཐུ་རྩལ་ཆེན་པོས་རྙེད་པ་ལས། །ཕོངས་པས་བཙལ་བ་ཅུང་ཟད་འཚལ། ཁྱོད་ཀྱི་བསོད་ནམས་གྲགས་པ་འགྲུབ། དེ་ལྟར་ཤིས་པ་བརྗོད་པ་དང་ཚིག་འཇམ་པོས་བསླངས་ཀྱང་སེང་གེ་དེ་ཁྲོ་བོ་དང་སེར་སྣ་ལ་གོམས་པས། ཡ་རབས་ཀྱི་ཚུལ་ནི་མེད། མིག་གཉིས་ཁྲོས་པའི་མེ་འབར་བས། སེར་པོར་གྱུར་པ་བཟློག་ནས་བསྲེག་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ལ་བལྟས་ཏེ་སྨྲས་པ། ཀྭ་ཡེ་ཁྱོད་ཅུང་ཞིག་སྡོད་ཅིག །སྙིང་རྗེའི་རླན་བག་གང་མེད་པ། །རི་དྭགས་རྣམ་པར་གཡོ་བ་ཟ། །ང་ཡི་ཁར་ནི་དེ་སོང་ནས། །གསོན་པ་དེ་ཉིད་གནད་ཆེ་མོད། །འོན་ཀྱང་ང་ལ་བརྙས་ཐབས་སུ། །དེ་ལྟར་སློངས་མོ་འདེབས་པ་ནི། སྲོག་གིས་སྐྱོ་བར་ཁྱོད་གྱུར་ཏམ། །འཇིག་རྟེན་ཕ་རོལ་ལྟ་བར་འདོད། །དེ་ནས་བྱང་ཆུབ་སེམས་དཔས་དེའི་ཚིག་རྩུབ་མོས་སླར་བཟློག་པ་དེས། ངོ་ཚར་གྱུར་ཏེ་དེ་ཉིད་ནས་ནམ་མཁའ་ལ་འཕུར་ཏེ་འདབ་མ་བརྡབས་པའི་གཤོག་སྒྲས། ངེད་ཅག་ནི་བྱ་ཡིན་པས་ཅི་བྱར་ཡང་མེད་དོ། །ཞེས་བྱ་བའི་ཚུལ་གྱི་བསྟན་ནས་ལངས་ཏེ་སོང་ངོ་། །དེ་ནས་ནགས་ཚལ་གྱི་ལྷ་ཞིག་དེས་དེ་ལ་བརྙས་ཐབས་བྱས་པས་དེ་མ་བཟོད་པ་དང་། ཇི་ཙམ་དུ་སྤྲོ་སྲིང་བ་བརྟག་པའི་ཕྱིར་སེམས་དཔའ་ཆེན་པོ་དེའི་དྲུང་དུ་འོངས་ཏེ་སྨྲས་པ། ཀྱེ་བྱ་རྣམས་ཀྱི་མཆོག་བདག་ཉིད་ངན་པ་འདི་ལ་ཕན་བཏགས་པའི་སྟེང་དུ། བདག་ལའང་མཐུ་ཡོད་བཞིན་དུ་འདི་ལྟར་བརྙས་ཐབས་བྱས་པ་ཅིའི་ཕྱིར་བཟོད་པ་བྱེད། ཁྲེལ་མེད་པ་དེ་ལ་དེ་ལྟར་བཟོད་པ་བྱས་ཀྱང་ཅི་ཕན། ཁྱོད་ཀྱི་མཆུ་ཡིས་འདིའི་མིག་ཀྱང་དབྱུང་བར་ནུས། །རྣམ་པར་གཡེང་ཞིང་སྟོབས་དང་ལྡན་ཡང་གཞོམ་པར་ནུས། །མཆེ་བའི་བར་ན་འདུག་པའི་ཤ་ཡང་འཕྲོག་ནུས་ན། །ཅི་ཕྱིར་འདི་ཡི་སྟོབས་བསྙམས་དྲེགས་པ་བཟོད་པར་བྱེད། དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟར་བརྙས་པ་བྱས་པའི་ཕྱིར་ལྷ་དེས་བཅུགས་བྱས་ཏེ། རབ་ཏུ་བསྐུལ་ཡང་བདག་ཉིད་ཀྱི་རང་བཞིན་བཟང་པོ་བསྟན་པའི་ཕྱིར་སྨྲས་པ། བདག་ཅག་ལྟ་བུའི་ཚུལ་དེ་ལྟར་མ་ཡིན་གྱིས། དེ་སྐད་མི་ཟེར་ཅིག །ཕོངས་པ་དག་ལ་དགེ་བ་རྣམས། །སྙིང་རྗེས་སྤྱོད་ཀྱིས་ཁེ་ཕྱིར་མིན། །གཞན་གྱིས་ཤེས་སམ་མ་ཤེས་ནའང་། །དེ་ལ་འཁྲུགས་པ་སུ་ཞིག་བྱེད། །གཞན་གྱི་ཕན་བཏགས་དྲིན་མེད་ན། །ཁོ་བདག་རབ་ཏུ་བསླུས་པར་ཟད། །ཕན་པ་བྱས་པའི་ལན་འདོད་ཕྱིར། །སུ་ཞིག་དེ་ལ་ཕན་འདོགས་ཡོད། །ཕན་འདོགས་པ་ནི་བསོད་ནམས་འཐོབ། །ཕྱི་མའི་ཚེ་ཡང་འབྲས་བུ་ཡོད། །ཚེ་འདི་ལ་ཡང་གྲགས་དང་དཔལ། །གདོན་མི་ཟ་བར་འཐོབ་པར་འགྱུར། །དེ་ལྟར་བསོད་ནམས་བྱས་པ་ལ། །ཁོན་དུ་འཛིན་པ་སུ་ཞིག་ཡོད། །དེ་སྟེ་ཕན་གཏགས་ལེན་འདོད་ན། །བུ་ལོན་ཆགས་བྱས་ཕན་མ་བཏགས། །བདག་གིས་ཕན་བཏགས་ཕ་རོལ་དྲིན་མེད་ཅེས། །གང་ཞིག་དེ་ལ་གནོད་པ་བྱེད་པ་ནི། །ཡོན་ཏན་གྲགས་དང་བཅས་པའི་ལུས་བཀྲུས་ནས། གླང་ཆེན་ཚུལ་དུ་སྤྱོད་པར་མི་འགྱུར་རམ། །ཕ་རོལ་ཕོངས་ལ་ཕན་གཏགས་དྲིན་དུ་མི་བཟོ་བ། །ཡོན་ཏན་བྱིན་ཆེན་དཔལ་དང་ལྡན་པར་མི་འགྱུར་མོད། །སེམས་དང་ལྡན་པས་སུ་ཞིག་ཕྱིན་ཆད་ཕན་འདོགས་བྱེད། །བདག་གིས་དྲེགས་པ་མེད་པར་ཕྱིན་ཆད་རྩོལ་དུ་ཟད། །འདི་ལ་བདག་གིས་ཇི་ལྟར་བྱས་ན་རུང་བ་སྙམ། །གང་ལ་དགེ་བའི་ཚུལ་སྤྱོད་ཀྱང་། །གྲོགས་པོའི་ཆོས་ཚུལ་མི་སྣང་ན། །མ་ཁྲོས་རྔམ་པར་མ་གྱུར་པར། །དེ་བས་བགས་ཀྱིས་གུད་དུ་འགྲོ། དེ་ནས་ལྷ་དེ་ལ་ལེགས་པར་སྨྲས་པ་དེས་ཡིད་མགུ་ནས་ལེགས་སོ་ལེགས་སོ་ཞེས་ཡང་དང་ཡང་དུ་བསྔགས་ཏེ། ཚིག་སྙན་པ་དེ་དང་དེ་དག་སྨྲས་པ། ཐོར་ཚུགས་ཤིང་ཤུན་གོས་ནི་མེད་པར་ཡང་། །ཁྱོད་ནི་དྲང་སྲོང་མི་མངོན་དཀའ་ཐུབ་ཅན། ཆ་ལུགས་ཙམ་གྱིས་ཐུབ་པར་འགྲུབ་མི་འགྱུར། །ཡོན་ཏན་དང་ལྡན་ཡང་དག་ཐུབ་པ་ཡིན། །དེ་སྐད་ཅེས་སྨྲས་ནས་མངོན་པར་དགའ་བར་གྱུར་ཏེ། དེ་ལ་མཆོད་པ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ལྟ་བས་ན་དགེ་བ་དག་ནི་བསྐུལ་མ་བཏབ་ཀྱང་མ་གོམས་པའི་ཕྱིར་སྡིག་པ་མི་སྤྱོད་དོ། །ཞེས་སྐྱེ་བོ་དམ་པ་རྣམས་ཀྱི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། དེ་ལྟར་བཟོད་པ་གོམས་པར་བྱས་ན་དགྲ་མང་བར་མི་འགྱུར་ཞིང་ཁ་ན་མ་ཐོ་བའང་མང་བར་མི་འགྱུར་བ་དང་། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་བར་འགྱུར་བའི་ཕྱིར། བཟོད་པའི་གཏམ་བྱ་བ་ལའང་སྦྱར་བར་བྱའོ། །དེ་ལྟར་སོ་སོར་བརྟག་པ་མང་དུ་བྱས་ན་མཁས་པ་རྣམས་རང་གི་ཡོན་ཏན་བཟང་པོ་རྗེས་སུ་བསྲུངས་བར་འགྱུར་བའི་ཕྱིར་སོ་སོར་བརྟགས་པའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། དེ་བཞིན་གཤེགས་པའི་བདག་ཉིད་ཆེ་བ་དང་། དེ་ལྟར་རང་བཞིན་བཟང་པོ་ལ་གོམས་པར་བྱས་ན་དུད་འགྲོར་གྱུར་ཀྱང་མེད་པར་མི་འགྱུར་རོ། །ཞེས་རང་བཞིན་བཟང་པོ་ལ་གོམས་པར་བྱ་བའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །བྱ་ཤིང་རྟ་མོའི་སྐྱེས་པའི་རབས་ཏེ་སུམ་བཅུ་བཞི་པའོ།། །།

སྐྱེས་པའི་རབས་ཀྱི་རྒྱུད་སློབ་དཔོན་དཔའ་བོས་མཛད་པ་རྫོགས་སོ།། །།ཤོ་ལོ་ཀ་སུམ་སྟོང་ཕྱེད་དང་བཞི་སྟེ་བམ་པོ་བཅུ་གཉིས་པ་ལགས་སོ།། །།རྒྱ་གར་གྱི་མཁན་པོ་བིཏྱཱ་ཀ་ར་སིང་ཧ་དང་། ཞུ་ཆེན་གྱི་ལོ་ཙ་བན་དེ་མཉྫྱུ་ཤྲིས་བསྒྱུར་ཏེ་ཞུས་ནས་གཏན་ལ་ཕབ་པའོ།། །།ཤུབྷཾ།


previousབྱ་ཤིང་རྟ་མོའི་སྐྱེས་པའི་རབས་ཏེ་སུམ་བཅུ་བཞི་པ།no next