Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།

1 occurrence of འར་བ་
[Clear Hits]


  
རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེའི་གསུང་མགུར་མཛོད་ནག་མ། དཀའ་སྤྱད་སྙིང་རུས་ཀྱི་སྐོར།
  
  
 
  
  
  
  
  
  
  
  
  
  
  
  
  


1 occurrence of འར་བ་
[Clear Hits]

 
no previousརྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེའི་གསུང་མགུར་མཛོད་ནག་མ།དཀའ་སྤྱད་སྙིང་རུས་ཀྱི་སྐོར།next

རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེའི་གསུང་མགུར་མཛོད་ནག་མ།
དཀའ་སྤྱད་སྙིང་རུས་ཀྱི་སྐོར།

༄༅། །རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེའི་གསུང་མགུར་མཛོད་ནག་མ་ཞེས་པ་ཀརྨ་པ་རང་བྱུང་རྡོ་རྗེས་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ། །

ན་མོ་གུ་རུ། གངས་ཅན་ཁྲོད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་ཆོས་ཀྱིས་མ་གོས་ལ། །ནཱ་རོ་བརྒྱུད་པས་བྱིན་བརླབས་པའི། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །འགྲོ་བའི་ནད་གསོ་སྨན་པའི་མཆོག །ཉི་ཟླ་ལྟར་གྲགས་ཕྱག་གི་གནས། །མི་ལ་ཞེས་བྱར་ཡོངས་གྲགས་པའི། །རས་པ་དེ་ལ་ཕྱག་འཚལ་ལོ། །འཁོར་བར་སྙིང་པོ་མེད་པར་ཐུགས་ལ་ཤར། །ཟས་གོས་འདུན་པ་བྲལ་བས་རི་ཁྲོད་འགྲིམ། །བདེ་དྲོད་ངོ་འཕྲོད་སྲོག་རྩོལ་གནད་དུ་ཚུད། །རྗེ་བཙུན་མི་ལའི་སྐུ་ལ་ཕྱག་འཚལ་འདུད། །རྒྱལ་བ་ཁྱབ་བདག་རྡོ་རྗེ་ཐེག་པའི་གསང་བ་ལེགས་པར་གྲུབ་པ། འཕགས་པའི་ཡུལ་གྱི་བདག་ཉིད་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱི་རྣམ་འཕྲུལ། བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་ན་འདྲེན་ཟླ་ཐམས་ཅད་དང་བྲལ་བ། རྗེ་བཙུན་མི་ལ་རས་པ་ཆེན་པོ་དེ་ཉིད་ལ་ཡོན་ཏན་གཉིས་ཏེ། རིགས་དང་འབྲེལ་བ་དཀའ་བ་སྤྱད་པའི་ཡོན་ཏན་དང་། ཏིང་ངེ་འཛིན་དང་འབྲེལ་བ་ཉམས་སུ་མྱོང་བའི་ཡོན་ཏན་ཏེ་གཉིས་སོ། །དེ་ལ་དཀའ་བ་སྤྱད་པའི་ཡོན་ཏན་ནི། སྐུ་འཁྲུངས་པའི་ཡུལ་ནི་གུང་ཐང་། རུས་ནི་ཁྱུང་པོ། ཡབ་མི་ལ་ཤེས་རབ་རྒྱལ་མཚན། ཡུམ་ཉང་ཚ་དཀར་རྒྱན་བྱ་བ་ལ། སྲས་མིང་སྲིང་གཉིས་ཡོད་པ་ལ། རྗེ་བཙུན་ཆེན་པོའི་མཚན་ནི། ཐོས་པ་དགའ་ཞེས་བྱའོ། །རྗེ་བཙུན་ཆེན་པོ་དགུང་ལོ་བདུན་བཞེས་པའི་དུས་སུ་ཡབ་འདས་པས། ཕ་སྤུན་རྣམས་གྲོས་བྱས་ནས་ཞིང་ཁང་ནོར་རྫས་ཐམས་ཅད་འཕྲོག་སྟེ། མ་དེ་ཡི་བུ་ཕྲུག་འདི་གཉིས་ཁྱེད་རང་རྣམས་ཀྱི་ཤ་ནས་ཆད་པས། ལྟོགས་གྲིར་མི་ཤི་ཙམ་རེ་བྱིན་བྱས་པས། ཧ་ཧ་ཁྱོད་མ་སྨད་བསད་པས་མི་ཆོག་པ་ཨེ་ཡིན་ཟེར་བས། འཇིགས་ཏིང་ངེར་བཏང་ངོ་། །དེར་བུས་རྙིང་མ་བ་གཅིག་ལ་ཡི་གེ་བསླབ། མ་སྤྲང་དུ་སོང་བ་ལ་ཉིན་གཅིག་མ་སྨད་གཉིས་མིའི་ཆང་ས་ཞིག་ཏུ་འཕྲད་པས། མ་ན་རེ། ཁོང་ཚོས་འོ་སྐོལ་མ་སྨད་ལ་འདི་འདྲ་བྱས་ཟེར་ཞིང་ངུས་པས། ངས་ནི་མི་ཐུབ་པས་ཐབས་མེད་དམ་ངུ་ཟེར་བས། མ་ན་རེ། ཁྱེད་ཀྱིས་ཡི་གེ་ཤེས་ན་མཐུ་ཅིག་བསླབ་ན་ཟེར་བས། ངས་མཐུ་སུ་ལས་སློབ་ཅུག་བྱེད་ཟེར་བས། མ་ན་རེ། ང་ཡི་རྫོང་གཟི་དེ་རྣམས་ཕྱིང་ཁུག་ཅིག་ཏུ་བསྐུངས་ནས་ཡོད་པས། དེ་ལ་བརྒྱགས་བྱེད་ནས། གཡུང་སྟོན་པ་མཐུ་ཆེ་ཟེར་བས་དེར་འགྲོ་དགོས་ཟེར་ནས། རྫོང་གཟི་དེ་རྣམས་ཀྱི་རྟ་སེར་པོ་རྡེལ་གྲག་བྱ་བ་ཉོས་ནས། དེ་ལ་ཚོས་ཏང་བཞི་བཀལ་ནས་མཐུ་སློབ་པའི་མི་དྲུག་དང་འགྲོགས་ཏེ་སོང་བ་ལ། དབུས་གཙང་གཉིས་ན་གཡུང་སྟོན་བས་མཐུ་ཆེ་བ་མེད་ཟེར་ཏེ། དེའི་ལམ་རྒྱ་ཡོད་ཟེར་བའི་གཡེར་ཆེན་པོ་འདུག་པ་དང་དེར་སོང་བ་ན། གཡུང་སྟོན་པ་དེ་སྔགས་པ་སྐྲ་སེ་འབལ་ལེ་བ་ཞིག་འདུག་པས། རྟ་ཚོས་དང་བཅས་པ་ཕུལ་ནས། གྲོགས་ཚོ་དང་བཅས་པས་ལོ་ཅིག་ལ་བསླབས་ཏེ། དེར་གྲོགས་རྣམས་མཐུ་ལོབ་ནས་ཡར་ལ་འགྲོ་ཟེར་བ་ལ། ཐོས་པ་དགས་ང་ནི་འགྲོ་ས་ཏིག་པོ་ཅིག་མེད་ལགས་ཞུས་པས། བླ་མའི་ཞལ་ནས། ཁྱེད་སྙིང་རྗེ་བས་མི་རིགས། མཐུ་དགོས་པའི་ལུགས་སུ་འདུག་པས། ད་རུང་སྡོད་དང་། དྲག་སྔགས་གཟའ་གདོང་དམར་ནག་བྱ་བ། གཅིག་བརྒྱུད་ཅིག་རང་ཡིན་པས་གདམ་ངག་ཅིག །ངས་བོན་པོ་རྟ་ནག་པ་བྱ་བ་ཅིག་ལ་བྱིན་ཡོད་པས་མཐུ་དྲག་ཐལ་བ་ཅིག་ཡོད་ན་དེར་འགྲོ་དགོས་གསུངས་པས། དེ་ལ་འབུལ་བ་མེད་པས་ཨེ་གནང་ཞུས་པས། འབུལ་བ་ཁྱེད་ཀྱི་རྟ་འདྲ་ཁྱེར་ཡང་མི་སྟེར། ངའི་རྟ་དཀར་པོ་སྟོང་ལ་གྲགས་བྱ་བ་འདི་ཁྱེར་གསུངས་ཏེ། ཁོང་རང་གི་བུ་ལ་སྣ་ཁྲིད་བཅོལ་ནས་བཏང་བས། གཡུང་སྟོན་གྱི་སྲས་པོས་དེའི་རྒྱུ་མཚན་རྣམས་ཞིབ་ཏུ་བཤད་པས། འཇང་རྟ་ནག་གི་བོན་པོ་ལྷ་རྗེ་གནུབ་ཆུང་བྱ་བ་དེ་ན་རེ། ཁོང་ལ་མཐུ་དགོས་པར་འདུག་གསུངས་ཏེ། དེར་བོན་པོའི་བུ་གཅིག་དང་། ཐོས་པ་དགའ་གཉིས་ལ་མཐུ་བསླབ་ནས་མཚམས་བྱས་པས། ལོ་གསུམ་ནས་འགྲུབ་རྒྱུ་ལ་མི་ལ་སྙིང་རུས་ཆེ་བས་ཟླ་བ་གསུམ་ནས་གྲུབ་པས། སེང་ལྡེང་གི་ཕུར་པ་ཅིག་ཡོད་པ་དེ། རྐང་མགྱོགས་གཅིག་ལ་བསྐུར་ནས། འདི་ངའི་མ་ཡི་ལག་ཏུ་གཏོད་ལ། ངའི་ཕ་སྤུན་ཚོའི་མཁར་དེ་ལ་ཚད་ཚད་ཅིག་གྱིས་ལ་ཡར་མགྱོགས་པར་སྐུར་བྱས་པས། མ་སྙིང་ན་བས། མཁར་ལ་རྒྱག་སྟངས་མང་དུ་བྱས་པས། ཁོལ་མོ་གཅིག་གིས་མཐོང་བས། སྡིག་པ་གླང་ཤད་ཙམ་ཞིག་གིས་མཁར་གྱི་ཀ་བ་འཐེན་པ་མཐོང་ཙ་ན། མི་ལའི་ཁུ་བོའི་མནའ་མ་ཞིག་བླངས་པའི་ས་ན། མས་མཁར་ཁང་ལ་ཡང་ཕུར་པས་རྒྱག་སྟངས་མང་དུ་བྱས་པས། ཕྱི་མི་གྱེས། ནང་མི་གྱེས་པ་མཁར་གྱི་ཀ་བ་ཆགས་པས་འགྱེལ་ཏེ། ཨ་ནེ་གཅིག་པུ་ལུས། དེར་མས་བརྒྱགས་གསེར་སྲང་གང་བཙལ་ནས། མི་བང་ཆེན་པ་གཅིག་གིས་ཕྱིང་པ་དུམ་བུའི་རྒྱབ་ཏུ་མ་མཐོང་བར་བཙེམས་ཏེ། དེའི་སྟེང་དུ་ལྷན་ཐིག་ནག་པོ་བྱས་ནས། ཡི་གེའི་ནང་དུ་ཁྱོད་ཀྱིས་མཐུ་ཆེན་ཆེན་པོ་བྱུང་ཡོད་པས་ལོ་ཁ་ཡལ་ལ་ཡུལ་དུ་མ་འོང་། བརྒྱགས་མེད་ན་རི་ཆེན་པོའི་ནུབ་ཕྱོགས་སྤྲིན་ནག་པོའི་འོག་ཏུ་ཞིབ་པུར་ལྟོས་དང་བརྒྱག་ཡོད་ཟེར་བ་ཅིག་འདུག་པ་ལ། ཡེ་ནས་མ་ཤེས་པས། བོན་པོའི་ཇོ་མོས་ཤེས་ཏེ། ཁྱོད་ཀྱི་མ་ལུ་གྲུང་མོ་ཞིག་ཡོད་འདུག་ཟེར་རོ། །དེར་ཡུལ་མི་ཚོས་འདི་འདྲ་བ་མཐུ་བྱུང་བས། བསད་བསད་ན་མིན་པ་ཡུལ་ཕུང་ཟེར་བས། ཡང་ཡི་གེ་བསྐུར་ནས། ད་ང་ལ་བསམ་ངན་འཛིན་པ་ཙམ་བྱུང་ནའང་འདི་འདྲ་བྱེད་པ་ཡིན་ཟེར་ནས། བོན་པོའི་བུ་དང་གཉིས་ཀྱི་སེར་བ་བསྒྲུབས་ནས་ཕབ་པས། ཁོང་ལ་ངན་ལབ་བྱེད་པ་ཚོ་ལ་སེར་བས་བགོས་འགྲིམ་བྱས་པས་ངན་ཡང་ལབ་མི་ནུས་པ་རེད་དོ། །དེར་སེར་བ་ངན་ལང་ལ་སོང་ནས་ཡུལ་ཐམས་ཅད་དུ་སེར་བ་བབས་པས་དོན་མེད་པའི་ཞིང་དང་ཁང་པ་མང་པོ་ཁྱེར་ཏེ། བྲ་བྱི་བྱ་བྱིལ་མང་པོ་ཤི་བས་ཡུལ་མི་ཐམས་ཅད་སྙིང་ན་བས། སེར་བ་འབེབས་མཁན་འཚོལ་དུ་སོང་བ་ལ། གཡུང་སྟོན་གྱིས་གཡོག་པོ་སྟོབས་གྱད་ལས་ཆེ་བ། བང་རྟ་ལས་མགྱོགས་པ་གཅིག་ཡོད་པ་དེས། རལ་གྲི་བཏོན་ནས། ང་མི་ལ་ཐོས་པ་དགའ་ཡིན་ད་ཤོག་ཟློས་ཤིང་དེད་པས། གཅིག་གིས་ཀྱང་འཇུ་མ་ཕོད་པར་བྲོས་སོང་སྟེ། དེའི་ཤུལ་དུ་གཡུང་སྟོན་གྱི་བུ་དང་མི་ལ་གཉིས་ལྐོག་ཏུ་བྲོས་འོང་བས་གཡུང་སྟོན་གྱི་དྲུང་དུ་སླེབས་ཙ། སེར་བ་ལྟ་ཕེབ་སྟེ་སེམས་ཅན་མང་པོ་ཤི་ནས་མ་བཟང་གསུངས། དེར་ཨ་ཁུ་མཐུ་ཆེ་ཟེར་བའི་གཡེར་ཆེན་པོ་བྱུང་སྟེ། རང་རྩིས་ཆེན་པོ་ཡང་སྐྱེས་ནས་ཡོད་པ་ལ། ཉིན་གཅིག་གཡུང་སྟོན་དྲུང་དུ་མཇལ་དུ་སོང་ཙ། གཡུང་སྟོན་པ་གཡུང་སྟོན་གསུངས་ནས་བཤུམས་ཤིང་འདུག་པས། སློབ་དཔོན་ཅི་ལགས་ཞུས་པས། ཁོ་ད་བཟང་པོ་མ་བྱས། ཕུ་ན་ཡང་མི་མང་པོ་ཤི་ཟེར། མདའ་ན་ཡང་མི་མང་པོ་ཤི་ཟེར། འདི་ན་ཡང་མི་མང་པོ་ཤི་ཞིང་འདུག་གསུངས། མི་ཤི་བས་གཟོད་བཤུམ་དུ་མི་རུང་ཞུས་པས། ཁོ་དེ་ངེད་རང་གཉིས་ཀྱང་འཆི་བ་ཡིན་པས་ང་རང་ལ་སྡིག་པ་ཆེན་པོ་ཡོད་པའི་སྟེང་དུ། ཁྱེད་ལ་ཡང་སྡིག་པ་རྔམས་པོ་ཆེ་བྱེད་དུ་བཅུག་པས། ད་འོ་སྐོལ་གཉིས་འགྲོ་ས་དམྱལ་བ་མིན་པ་མེད་པས། ང་ཤིན་ཏུ་འཇིགས་ཤིང་འགྱོད་པས་ངུས་པ་ཡིན་གསུངས་པས། སྙིང་མི་དགའ་ཕྱེད་དེ་བཏང་བས། སློབ་དཔོན་ངེས་པར་བདེན་ལགས་སམ་ཞུས་པས། ད་ཁྱོད་རང་བོན་པོ་ལ་ཡང་དྲིས་དང་གསུངས་པས། བོན་པོའི་རྩར་སོང་ཙ། བོན་པོ་ཡང་ངུ་ཤིང་འདུག་པས་ཅི་ལགས་ཞུས་པས། གཡུང་སྟོན་གིས་གསུངས་པས། བློ་མ་བདེ་བར་གཡུང་སྟོན་གྱིས་དྲུང་དུ་སོང་ནས། ད་ཅི་གྲག་ལགས་ཞུས་པས། ད་ཁྱོད་སྙིང་རུས་ཅན་ཞིག་འདུག་པས་ཆོས་ཤིག་ཨེ་ནུས་རེམ་གསུངས་པས། ཆོས་ལ་སུ་གྲག་ཅི་ལྟར་བྱེད་ཞུས་པས། རོང་སྟོན་ལྷ་དགའ་རྫོགས་པ་ཆེན་པོ་ལ་མཁས་པས་དེར་སོང་དང་ངས་བརྒྱགས་བསྐུར་བྱས་པས། རོང་སྟོན་གྱི་ཞལ་ནས་ཁྱོད་འོང་བ་ལེགས། ད་མ་ནོར་བའི་གདམ་ངག་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་ཆོས་རྫོགས་པ་ཆེན་པོ་བྱ་བ། རྩ་བ་ཨོ་ཐོ་ལོག །རྩེ་མོ་བྱུང་རྒྱལ། སྡོང་པོ་འདབ་རྒྱས། ནང་ཐོས་པས་ནང་སངས་རྒྱས། ནུབ་ཐོས་པས་ནུབ་སངས་རྒྱ་བའི་ཆོས་ཡོད་གསུངས་པས་བློ་བདེ་གཅིག་བྱུང་། རྫོགས་ཆེན་ཞུས་སྒོམ་ཞིང་ཡོད་ཙ། ཉིན་མཚན་མེད་པར་སྐད་ཅིག་ཀྱང་མ་ཡེངས་པར་སྙིང་རུས་ཆེན་པོ་བྱེད་པ་ལ་བླ་མས་གཟིགས་པས། བླ་མ་འཇིགས་འུབ་བེ་སོང་སྟེ། ག་རེ་འདི་སྙིང་རུས་ཅན་འདི་འདྲ་ཞིག་འདུག་པས་གེགས་འདྲ་བྱུང་ན་ཡང་ཐབས་མེད་པས་ལར་ཡང་དད་པ་ཅན་ཞིག་འདུག་དགོངས་ཏེ། ཉིན་གཅིག་ཡིད་ལ་མེད་པར་ཁོ་དེ་འདིར་ཤོག་དང་གསུངས། ང་ཡི་ཆོས་རྫོགས་པ་ཆེན་པོ་འདི་ཡང་ལྟ་བ་མཐོ་བ་ནམ་མཁའ་དང་འདྲ་སྟེ། བསྒོམ་པ་ཉམས་མྱོང་གི་རྩིས་མ་ཟིན། སྤྱོད་པ་ལ་ཐབས་ནག་དགུ་སྡུག་པ་ཅིག་འདུག་པས་ང་རང་ཡང་ཡིད་ཆེས་རྒྱུ་གཅིག་མེད་པས། ཇོ་མོ་ཁྲོ་གཉེར་མའི་བཟླས་པ་ལ་འབད་ཅིང་ཡོད་པ་ཡིན་ཏེ། ལྷོ་གངས་པ་ཁྱེར་གྱི་ཁ་ཕུག་ན་ལྷོ་བྲག་མར་པ་བྱ་བ་ལ་ཐབས་ལམ་ཟབ་མོའི་ཆོས། ཁྱོད་ཡིད་ཆེས་ཤིང་བློ་ཁེལ་པ་ཅི་ཡོད་ཟེར་བས་དེར་སོང་ན་གསུང་པས། ཡིད་མ་ཆེས་ཏིང་ངེ་སོང་སྟེ། ཨ་ཐོ་སློབ་དཔོན་ཁོང་རང་ཡིད་མ་ཆེས་པའི་ཆོས་ལ། ངས་ཉམས་ལེན་བྱས་ཀྱང་མི་ཕན་བསམ་པ་གཅིག་བྱུང་བ་དང་། མར་པ་ཁོང་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བ་ཅིག་ཡོད། ཁྱོད་ཐེ་ཚོམ་མེད་པར་དེར་སོང་གསུངས་པས། འོ་ན་ཅི་ལྟར་བྱེད་ལགས་ཞུས་པས། ངས་གྲོ་ཕྱེ་བསྐུར་ཙ་སོང་བས་གྲགས་གསུངས། དེར་གྲོ་ཕྱེ་ཡ་གང་གི་སྟེང་དུ་རྫོགས་པ་ཆེན་པོའི་པོ་ཏི་བཞག་ནས་སོང་བས། ཆུ་ཁ་ཞིག་ཏུ་ལྷམ་ཕུད་ནས་པོ་ཏིའི་སྟེང་དུ་ཡིད་ལ་མེད་པར་བཞག་ནས་འགྲོ་ཞིང་ཡོད་ཙ། ལམ་དུ་བུ་ཆུང་འགའ་དང་འཕྲད་པས་ཁྱོད་ཆོས་ཀྱི་སྟེང་དུ་ལྷམ་ཁུར་ནས་ཅི་ཡིན་ཟེར་བས། སྐྱེངས་ཏིང་ངེར་བྱུང་སྟེ་ང་ཐག་རིང་པོ་ནས་ཡོང་བ་དབང་པོ་མེད་པས་ལེན་གསུངས་པས། ད་གར་འགྲོ་ཟེར་བས། ང་ལྷོ་བྲག་མར་པའི་དྲུང་དུ་ཆོས་ཞུ་བ་ལ་འགྲོ་བས་གར་བཞུགས་ཨེ་ཤེས་དྲིས་པས། མི་ཤེས་ཟེར། གཅིག་ན་རེ་ངས་ཤེས་ཟེར། ཧ་ཧ་སུ་ཡིན་པར་འདུག་ཙ། ཨ་ཁུ་བློ་གྲོས་ལ་ཟེར་བ་ཡིན་སྐད་དོ། །དེ་ནས་བུ་ཚ་དེ་རྣམས་ཀྱིས་བསླབ་པའི་ལམ་ཞིག་ལ་འོང་ཞིང་ཡོད་ཙ། ས་སྐྱག་ཅིག་གི་སྟེང་དུ་སྔགས་པ་རྒད་པོ་སྐྲ་སེ་འབའ་ལེ་བ་ཞིག་གིས་འཕྲུ་རྐོ་ཞིང་འདུག་པས། དེ་ལ་མར་པ་གར་ཡོད་དྲིས་པས། ཁྱོད་རང་ད་རུང་འཕྲད་པ་མེད། ཅི་དོན་ཟེར་བས། ངས་ཆོས་ཞུ་བ་ཡིན་བྱས་པས། ཨེ་ཨེ། །ཆོས་ཁྱོད་འདྲ་བས་ཐོབ་པ་ཞིག་མེད། འབུལ་བ་མང་པོ་དགོས་པས་དཀའ་ཟེར། འོ་ན་ཅི་ལྟར་བྱེད་གར་བཞུགས་དྲིས་པས། གར་བཞུགས་ང་མིན་པ་གཅིག་གིས་ཀྱང་མི་ཤེས། ད་ཁྱོད་རང་ང་ཡིས་ས་རྐོ་འཕྲོ་འདི་རྐོས་དང་། ངས་ལྟ་ནས་འོང་གསུང་ནས་ས་ལ་རི་མོ་ཞིག་མཛད་ནས་འདི་སྐད་གསུངས། བླ་མ་དམ་པའི་མན་ངག་གནད། །རྩ་ཁམས་དབུ་མས་བསྡུས་བྱས་ཏེ། །ཉོན་མོངས་ཐལ་བ་འདུལ་ལགས་ན། །འབྲས་བུ་མྱུར་དུ་སྨིན་ཏེ་མཆི། །ཞེས་གསུངས་པས་མི་ལས་མ་གོ་སྐད། མི་ལས་ས་དེ་མྱུར་དུ་རྐོས་པ་ལ་གཟིགས་ཏེ། བླ་མ་མགུ་ནས་རྣལ་འབྱོར་པ་ལས་འོང་བ་ཅིག་འདུག་གསུངས། ཡང་ས་ལ་རི་མོ་ཞིག་མཛད་ནས། འདི་རྐོས་དང་འཕྲིན་བྱ་གསུངས་ནས། བརྒྱུད་ལྡན་བླ་མའི་བྱིན་བརླབ་ཀྱིས། །སེམས་ཉིད་ལྷུག་པ་ངོ་བོར་གནས། །དྲན་པས་ཐལ་བ་འདུལ་ལགས་ན། །སྟོན་ཐོག་འབྲས་བུ་མྱུར་དུ་སྨིན། །ཅེས་གསུངས་པ་ལ། མི་ལའི་བསམ་པ་ལ། མི་རྒན་ཁ་བླས་བྱེད་པ་ཅིག་འདུག་བསམ་པ་བྱུང་སྐད། ཁོང་གིས་ས་དེ་འབད་ནས་བརྐོས་པ་ལ་གཟིགས་ནས། རྣལ་འབྱོར་པ་ལས་ནང་བ་གཅིག་འདུག་གསུངས་ནས་མཉེས་སྐད། དེ་ནས་བླ་མས་བོང་བའི་གསེབ་ནས་ཆང་རྫིས་ཀོ་གང་བྱུང་ནས། ཁོ་རང་ཐོག་ཅིག་གསོལ། དེ་འཕྲོ་མི་ལ་ལ་གནང་བ་སྐོམ་པས་གསོལ་བ་ངོམ་ཚད་ཅིག་བྱུང་སྟེ། ཡང་བླ་མས་ཚིག་བཅད་གསུངས་པ་ནི། བདེ་བ་ཆེན་པོ་ཆང་གི་ངོམ། །ཡང་དག་དོན་ཆེན་གསང་བ་འདིས། །ཡང་དག་གི་ཐལ་བ་འདུལ་ལགས་ན། །འབྲས་བུ་མྱུར་དུ་སྨིན་ཏེ་མཆི། །ཞེས་གསུངས་པས། མི་ལས་ཆོས་ཚིག་ཏུ་འདུག་པ་མ་གོ་སྐད། དེའི་དུས་སུ་མར་པས་མི་ལ་རས་པ་ལ་ཕྱག་རྒྱ་ཆེན་པོ་དབང་པོ་རབ་འབྲིང་ཐ་མ་གསུམ་དུ་ངོ་སྤྲད་པར་འདུག་སྟེ་མ་གོ་བར་འདུག །ས་ལ་རི་མོ་གཉིས་མཛད་པ་ནི་ཞབས་ཏོག་དཀའ་བླས་ཀྱི་དཀའ་བ་དང་གཅིག །སྒོམ་བརྒྱགས་ཉོན་མོངས་ཀྱི་དཀའ་བ་དང་གཉིས། དེའི་རྗེས་ཆང་བླུད་པ་ནི། དངོས་གྲུབ་ཉམས་རྟོགས་གློ་བུར་ཤུགས་འབྱུང་དུ་སྐྱེ་བའི་བརྡ་དང་གསུམ་ཡིན་པར་འདུག་གོ །དོ་ནུབ་ཙ་ཐོན་ཏེ་བྱུང་སྟེ། ད་ཁྱོད་རང་གི་རྩམ་པ་དེ་ལ་གྲོ་གྱིས་དང་སྐྱིན་སྟེར་ཟེར་ཏེ། ད་ཁྱོད་རེམ་པ་ཅིག་འདུག་པས་ང་ཡི་ས་རྐོས་དང་། ངས་གླ་ལ་གསེར་དངུལ་དུམ་པ་ཅིག་སྟེར་ཟེར་ཏེ། དེ་ལ་ཕྱག་རྟེན་བྱེད་ནས་མཇལ་ཟེར་ནས་སོང་སྟེ། ས་ཟླ་བ་གཅིག་ལ་བརྐོས་ནས་གླ་འོང་དུ་རེ་བ་ལ། ཉིན་ཅིག་ཡིད་ལ་མེད་པར་བླ་མ་དང་མཇལ་ན་ད་ཤོག་ཟེར་བའི་མི་བཞི་བཏང་བྱུང་བས། སྔགས་པ་དེས་ང་ཡི་ཕྱག་རྟེན་རྒྱུའི་གསེར་དུམ་པ་ཅིག་འོང་བ་དེ་བསྒུག་ན་བྱས་ཙ། ནམ་ཡིན་ཡིན་ལ་བླ་མ་དེ་མཇལ་ས་ཡོད་པ་མིན། མཇལ་ན་ད་འདོང་ཟེར་བས་སོང་སྟེ། ཁོང་དང་ལྷན་ཅིག་འགྲོགས་པའི་སྔགས་པ་དེ་ལ་མི་རྣམས་ཀྱིས་ཕྱག་འཚལ་ཞིང་འདུག་པས། ཁོང་སྐྱེངས་པ་ཞིག་བྱུང་བས་ཆོ་ངེ་ལུས་པ་ལ། བླ་མའི་ཞལ་ནས་ངས་འཇིག་རྟེན་གྱི་བྱ་བ་མ་ཐེངས་པས་ཐམས་ཅད་འདི་ལྟར་རེད་པ་ཡིན། ཁྱོད་ཀྱི་བླ་མ་གྲོས་ལེ་ཡང་ང་ཡིན། ཐེ་ཚོམ་མ་ཟ་པར་ཕྱག་གྱིས་གསུང་། དེར་ཕྱག་ཕུལ་ཏེ་ཞབས་ལ་འཇུས་ནས། བླ་མ་དམ་པ་ལགས་ལུས་ངག་ཡིད་གསུམ་འབུལ། ལྟོ་གོས་ཆོས་གསུམ་ཞུ་ཞུས་པས། གསུམ་ཀ་མི་འོང་གང་ཡིན་པ་གཅིག་སྟེར་བས་ཁྱོད་རང་འདོམ་གསུངས་པས། ཁོང་གི་བསམ་མནོ་བཏང་བས། ད་འོ་ན་ཆོས་རང་ཅིག་ཐུགས་ལ་ཐོགས་ཞུས་པས། དེ་བཞིན་བྱ་ཁྱོད་ཀྱིས་ལུས་ངག་ཡིད་གསུམ་ངས་དབང་བ་ཡིན། པོ་ཏི་དེ་ང་ཡི་ལྷ་ཁང་དུ་མ་འཁྱེར། ང་ཡི་ལྷ་ལ་ཆམ་པ་འོང་གསུང་པས། འདི་ལ་རྩིས་ཆུང་ཟིན་བསམ་པས་འཆོལ་བར་བཞག་གོ །དེ་ནས་བསོད་སྙོམས་བྱེད་ནས་ཆོས་ཞུ་བསམ་ཙ། ཐོག་འཇམ་པ་རེད་གསུངས་ནས་བཀྱོན་ཏེ། ད་ཆོས་ཨེ་འོང་བསམ་ཙ། མཁར་ལས་བྱེད་གསུངས་ཏེ། མཁར་ལས་དང་འཕྲུ་རྐོ་བ་དང་ཇོ་མོའི་ཕྱེ་ཆུ་ཤིང་གསུམ་ལ་སོགས་པའི་གཡོག་རང་བྱེད་ལ་ཐུག་སྟེ། ཇོ་མོའི་ཐུགས་ཟིན་པར་བྱུང་ཡང་། བླ་མ་མཉེས་པའི་ཚུལ་མ་རེག་ཅིང་། མཁར་ལས་ཀྱི་ས་རྡོ་བསྐྱབ་བསྐྱས་པས་རྒྱབ་ཏུ་སྒལ་པ་ཆེན་པོ་བྱུང་བས། ཇོ་མོས་ཞག་འགའ་ངལ་གསོ་བཅུག་ནས་མི་ལ་སྒལ་པ་འོང་བ་ཚོར་མ་མྱོང་ཞུས་པས། ཁྱོད་མ་ཚོར་བའི་ལས་ལ་འཚམ་པ་མེད། སྒལ་ཁར་ཅིག་བྱས་པས་ཆོག་གསུངས་ཏེ། ཆོས་མ་གནང་བར་ཉིན་མཚན་མེད་པར་རྡོ་ཁུར་བས་དབང་པོ་མེད། འཁྱེར་ལ་ཁད་དུ་སོང་བ་ལ། ལན་གཅིག་མི་མང་པོས་དབང་བསྐུར་ཞུ་ཟེར་ཞིང་འཚོགས་པར་འདུག་པས། བདག་ལ་ཡང་འདི་རྣམས་ཀྱི་ཟླ་ལ་དབང་ཅིག་ཐུགས་ལ་ཐོགས་ཞུས་པས། ཁྱོད་ལ་དབང་ཁྲལ་ཨེ་ཡོད་གསུངས་པས། ཇོ་མོའི་རྩར་སོང་བས་མར་ཅུང་ཞིག་བསྐུར་བ་དེ་ཁྱེར་ནས་བདག་གི་དབང་ཁྲལ་འདི་ལགས་ཞུས་པས། འདི་ཁྱོད་ལ་གང་ནས་བྱུང་གསུངས། འདི་ཇོ་མོས་གནང་བ་ཡིན་ཞུས་པས། འདི་ང་རང་གི་མར་དུ་འདུག་པས། ཁྱོད་ཀྱི་དབང་ཁྲལ་མི་འོང་གསུང་ནས་མ་གནང་བ་དང་། ཡིད་རྡིང་བ་ཅིག་བྱུང་། ཇོ་མོའི་རྩར་སོང་བས། སློབ་དཔོན་ཅི་དགོངས་མི་ཤེས་པས་ཁྱོད་ཡིད་མ་ཆད་གསུངས་པས། བདེན་བསམ་ཡང་མཁར་ལེན་གྱི་ས་རྡོ་རང་བསྐྱས་བསྐྱས་པས། དུབ་ཅིང་ངལ་གསོས་ཙ་དབང་པོ་ཤོར་ལ་ཁད་བྱུང་སྟེ། དང་པོ་མཁར་ཟླ་གམ་ཅིག་བརྩེགས། དེ་ནས་ང་འཁྲུལ་ཟིན་ཤིག་གསུངས། དེ་ནས་ལྷོ་ཕྱོགས་སུ་སོག་ཀ་གཅིག་བརྩིགས། ཡང་འཁྲུལ་ཟིན་ཤིག་གསུངས་ཏེ། ས་ཚོའང་སའི་མལ། རྡོ་ཚོ་ཡང་རྡོ་ཡི་མལ་དུ་ཕར་ལ་སྐྱེལ་དུ་བཅུག །དེ་ནས་ནུབ་ཕྱོགས་སུ་མཁར་ཟླུམ་པོ་ཅིག་བརྩིགས་ཏེ། འདི་ཡང་ཁྱི་ཚང་འདྲ་བ་གཅིག་འདུག །སྔགས་པའི་མཁར་དེ་གྲུ་གསུམ་པ་གཅིག་དགོས་པ་ཡིན་གསུངས་ཏེ། བྱང་དུ་མཁར་གྲུ་གསུམ་པ་གཅིག་བརྩིགས་ཏེ། དེའི་དུས་སུ་བདག་མེད་མས། དགྱེས་པ་རྡོ་རྗེ་ཡབ་ཡུམ་གྱི་དབང་ཟབ་མོ་ཆེ་ཡོད་ཟེར་ཞིང་། མི་མང་པོ་འཚོགས་ཤིང་འདུག་པ་ད་རེས་ང་ལ་ཡང་གནང་བར་ཞུ་ཞུས་པས། ཁྱོད་ལ་འབུལ་བ་ཨེ་ཡོད། འབུལ་བ་མེད་པར་སྟེར་ཐབས་མེད་གསུངས་པས། ཇོ་མོ་ལ་ཞུས་པར་གཡུ་བཟང་པོ་ཞིག་བྱིན་པ་དེ་ཁྱེར་སོང་སྟེ་འདི་ཁྱོད་ལ་གང་ནས་བྱུང་གསུངས་པས། ང་ལ་ཇོ་མོའི་ལས་བྱས་པའི་གླ་ལ་བྱིན་པ་ཡིན་ཞུས་པས། ཇོ་མོའི་གཡུ་ལ་ཇོ་མོ་རང་ཡང་ང་རང་གི་དབང་བ་ལ། རང་གི་ནོར་གྱིས་ང་ཡི་འབུལ་བ་མི་འོང་། ལར་ཡང་ཁྱོད་ཀྱི་ལུས་ངག་ཡིད་གསུམ་ང་ལ་ཕུལ་བས་གླ་སྟེར་ཐབས་མེད་གསུངས་པས་ཡིད་ཆད་དེ་འགྲོ་དགོས་པར་འདུག་བསམ་པ་བྱུང་ནས། ཇོ་མོ་ལ་ཞུས་པས། ཇོ་མོས་ལྷན་ཅིག་སྐྱེས་སྦྱོར་ཞིག་གནང་བས་སེམས་ལ་ཕན་པ་ཙམ་བྱུང་། དེ་ནས་མཁར་ལས་བྱེད་ཅིང་ཡོད་པ་ལ། ཇག་པ་འོང་ནས། བླ་མའི་འབུལ་བ་སྐྱེལ་བ་བཅོམ་ནས། ཁྱོད་ཀྱི་འདི་ལ་སེར་བ་ཞིག་ཕོབ་དང་ངས་གདམ་ངག་སྟེར་གསུངས་པས། སེར་བ་ཕབ་པས་ཇག་པའི་ཡུལ་མཁར་ཡོད་པ་བཤིག །ཇག་པ་ཤི་བས་གདམ་ངག་གནང་བར་ཞུ་ཞུས་པས། མི་བསད་པའི་རྔན་དུ་གདམ་ངག་སྟེར་དུ་མི་རུང་བས། འོ་ན་ད་དེ་ང་རང་ཡང་འགྲོ་ཞུས་པས། ད་སོང་གསུངས། ཇོ་མོས་ཡང་བླ་མ་ལ་ཞུས་ཏེ། འདིས་ལས་དང་མཐུ་དང་འོ་སྐོལ་ལ་ཕན་པ་འདི་ཙམ་ཞིག་བཏག་ཙ། འདི་ལ་གདམས་ངག་མི་སྟེར་བར་སློབ་དཔོན་ཁྲེལ་མེད་བྱེད་པ་ཨེ་ལགས་ཞུས་པས། ཁོའི་ལུས་ངག་ཡིད་གསུམ་ང་ལ་ཕུལ་ནས་ཡོད་པས། སོང་ཡང་སྐྱིད་མོ་ཨེའུ་འོང་གསུངས་པས། ཇོ་མོས་སློབ་དཔོན་ཁྲེལ་མེད་རེད་བྱེད་པ་རེད་ཟེར་ནས། གྲོ་ཕྱེ་གྲོ་མིག་དང་བཅས་བྱིན་ནས་བཏང་ཙ། དེ་ནུབ་བྲག་ཞིག་གི་རྩ་བར་བསྡད་ནས་ཉལ་ཙ། ཁ་བ་འདོམ་པ་གང་བབ་ནས་འདུག་པས། ཚ་བ་གཅིག་བྱེད་པའི་མེ་ཤིང་དང་། སྒྱིད་པུ་འཚོལ་བ་དང་ཀ་རེ་ཀོ་རེ་མང་པོ་བྱས་པས། ཚ་བ་ཚར་ཚ་རྗེས་ཀྱིས་གང་ནས་འདུག་པས་བསམ་མནོ་མང་དུ་སྐྱེས་ཏེ། ང་གཅིག་པུ་ཡིན་རྩམ་པ་ནི་བཏགས་པ་ཡོད་པ་ལ། ད་ནང་ཚ་བ་ཅིག་བྱས་པ་ལ་རྗེས་འདི་ཀ་ཙམ་ཞིག་བྱུང་བས། དེ་སྔའི་ལས་དེ་རྣམས་ཀྱི་ཕྱེད་བླ་མའི་ལས་ཡིན་ཡང་། ཕྱེད་ང་རང་གི་ཟ་མའི་གཡོག་རེད། བླ་མ་དེའི་ཐུགས་ལ་མ་བཏགས་ཀྱང་། ཇོ་མོ་དེས་ཐང་ཆད་པའི་དུས་སུ། ཟས་བྱ་ན་ཅན་འགྲངས་པ་རེ། སྐོམ་ཟ་བ་རེ་འཕྲོད་པས་དེ་བས་དྲིན་ཆེ། འགྲོ་ས་ཏིག་པོ་ཅིག་ཀྱང་མེད། བླ་མ་ཡང་འདི་འདྲའི་གདམ་ངག་ཡོད་པ་ཡང་མ་ཚོར་བསམ་པ་བྱུང་བས། ཁ་བ་ལས་མ་ཐོན་པ་དང་ལོག་ནས་འོང་སྟེ། ཇོ་མོ་ཤིན་ཏུ་དགའ་བར་བྱུང་བ། ཁྱོད་འོང་བ་ལེགས། བླ་མས་ཀྱང་ཡུན་རིང་ན་གདམས་ངག་ཨེ་གནང་ཟེར་ཏེ། ཇོ་མོས་བླ་མ་ལ་མཐུ་ཆེན་གྱིས་འོ་སྐོལ་བློས་མ་ཐེངས་ནས་འོང་འདུག་པས། གདམ་ངག་གནང་བར་ཞུ་ཞུས་པས། འོ་སྐོལ་བློས་མ་ཐེངས་པ་མིན། ཁོ་རང་བློས་མ་ཐེངས་པ་ཡིན། ད་ང་ཡི་མཁར་བརྩིགས་རོགས་གྱིས་དང་གདམས་ངག་སླ་ནས་འོང་གསུངས། ད་མཁར་ཅི་འདྲ་ཞིག་བརྩིགས་ཞུས་པས། མཁར་གྲུ་གསུམ་པ་འདི་ཧོམ་ཁུང་དང་འདྲ་བར་འདུག་པས་མི་འཐད་པར་གདའ། ད་ཟུར་བཞི་ལོགས་བརྒྱད་རྩེ་མོ་རིན་ཆེན་འབར་བ་འདྲ་བ་ཞིག་རྩིགས་གསུང་པས། དེ་འདྲ་བ་ཞིག་བརྩིགས་ཤིང་ཡོད་ཙ། གཉལ་པའི་འབུལ་སྐྱེལ་པ་རྣམས་ལྷོ་སྨད་པའི་ཇག་པས་བཅོམ་པས། ད་འདི་ལ་སེར་བ་ཞིག་ཕོབ་དང་སྡིག་པས་མི་གནོད་པའི་གདམས་ངག་ང་ལ་ཡོད་པས་མྱུར་དུ་སྟེར་གསུངས་པས། དེ་མི་གསུང་བར་ཞུ། ངས་སྡིག་པ་ལ་ཨེ་ཕན་བསམ་ཞིང་ཆོས་ཤིག་ཞུ་རུ་འོང་བ་ལགས་ཞུས་པས། ཇོ་མོ་ན་རེ། ད་རེས་གཞན་དང་མི་འདྲ་ཁག་ཆེ་བས་སེར་བ་ཕོབ་ཟེར་བས། ཇོ་མོའི་ངོ་མ་ཆོག་པས་སེར་བ་ཕབ་སྟེ། ཆོས་གནང་དུ་མ་ཉན་པས། མཐུ་ཆེན་ངུས་ཏེ། ང་སྡིག་པ་ཆེ་བས་ཆོས་ཤིག་ཨེ་ཐོབ་ལ་འོང་ཙ། དམྱལ་བར་འགྲོ་བ་ལ་གཏིང་ཨེ་ཟབ་ལྟ་བ་འདྲ་བ་ཞིག་བྱུང་བས། ད་ལས་ངན་ཆེན་པོ་ཅིག་གིས་ཟིན་པས་གཞན་ཞིག་ཏུ་སྡིག་སྦྱོང་ལ་འགྲོ་ཞུས་པས། གཞན་དུ་སོང་བས་སྡིག་པ་མི་འདག །སྡིག་པ་ཨེ་འདག་བསམ་ན། ང་ཡི་མཁར་ཆེ་བ་འདི་བརྩིག་རོགས་གྱིས་དང་། གཞན་དུ་འགྲོ་ས་ཡང་མེད། སོང་ཡང་མི་དགའ་གསུངས་པས། ཇོ་མོ་ན་རེ། སློབ་དཔོན་གྱིས་ཁྱོད་ལ་ཁྲེལ་མེད་ཅིག་བྱེད་པར་འདུག་པས། འགྲོ་ས་བཟང་པོ་ཞིག་ཡོད་གསུང་ནས། ནཱ་རོའི་ཕྱག་འཕྲེང་། དབུ་སྐྲ། ན་བཟའ་རྣམ་སྙིང་རྗེ་བར་བྱུང་བས་བསྐུར་ཏེ། བླ་མ་ལ་ཆང་གཅིག་ལ་གཅིག་རྒྱབ་བྱས་ནས་དྲངས་ཏེ། བད་པ་དང་མ་ཚོར་བར་རྔོག་སྟོན་པ་ཅན་དུ་བསླབ་ནས་བཏང་ངོ་། །དེ་ནས་བླ་མ་ཆང་དངས་པ་དང་། ང་ཡི་བུ་མཐུ་ཆེ་གར་སོང་གསུངས་པ་ལ། འོ་སྐོལ་གྱི་ཁྲེལ་མེད་བྱས་པས་ཚེ་མ་ཕྱིན་ཏེ་སྤྲང་དུ་སོང་བྱས་པས། ཨེ་ཨེ་གསུངས་ཏེ་སྤྱན་ཟིམ་མེ་ལན་གཅིག་བཞུགས་པ་དང་། ད་རེས་ཙ་ན་ང་ཡི་བུ་དེ་གར་མ་སོང་ཟིན། བོང་བུའི་རྣ་བ་བཞིན་དུ་རང་ལ་འཁོར་བ་ཅིག་ཏུ་སོང་ཟིན། ལར་ཇོ་མོ་ཁྱེད་རང་ཀྱང་ངས་ཅི་བསམ་མི་ཤེས་པའི་བརྩམས་ལས་བྱེད་པ་ཅིག་འདུག་གསུངས་སོ། །མཁར་ཆེ་བ་དེ་བརྩིགས་ན་ཐོས་གྲོལ་དུ་འགྲོ་སྟེ་མ་དགོངས་སོ། །མཁར་དེ་རྣམས་མི་ལའི་སྡིག་སྒྲིབ་ཨེ་འདག་དང་། དབུས་ཀྱི་བརྩིགས་པ་དེ་ནི་ཕ་སྤུན་ཚོས་བརྩིགས་སུ་མ་བཅུག་པས་ཕ་སྤུན་རྣམས་མགོ་བསྐོར་བའི་ཐབས་དང་། མི་ལས་ཞི་རྒྱས་དབང་དྲག་གི་ལས་སྣ་ཚོགས་འགྲུབ་པའི་རྟེན་འབྲེལ་དུ་བརྩིགས་པའོ། །མི་ལས་མར་པའི་དྲུང་དུ་དཀའ་བ་སྤྱད་པ་ལ་བསམ་གྱིས་མི་ཁྱབ་སྟེ། ཐོས་གྲོལ་ཉིད་དུ་འགྲོ་བ་ཞིག་དགོངས་ཏེ་བག་མ་བྱུང་བར་འདུག་གོ །དེ་ནས་རྔོག་སྟོན་གྱི་དྲུང་དུ་སོང་ཙ། རྔོག་སྟོན་གྱིས་ཁྱེད་མཐུ་ཆེན་འབོད་མ་དགོས་པར་འོང་བ་ལེགས། དེ་བླ་མའི་བཀའ་དྲིན་རེད་གསུངས་སོ། །དེ་ནས་བདག་མེད་མས་བསྐུར་བའི་ཏེ་ལོ་ནཱ་རོའི་དབུ་སྐྲ། ཕྱག་འཕྲེང་རྣམས་ཕྱག་ཏུ་ཕུལ་ནས། བདག་སྡིག་པ་ཆེ་བས་ཆོས་ཤིག་ཐུགས་ལ་འདོགས་པར་ཞུ་ཞུས་པས། རྔོག་སྟོན་པས་ཆོས་འཆད་ཅིང་འདུག་པའི་ཞལ་ནས། ད་ནང་ངའི་གྲྭ་པ་ཚོང་འདུས་པས་བཅོམ་པས། ཁྱེད་ཀྱི་དེ་ལ་སེར་བ་ཞིག་ཕོབ་དང་གདམ་ངག་ལ་ངས་ཤེས་པ་ཡིན་གསུངས་པས། བླ་མའི་ངོ་མ་ཆོག་པས་སེར་བ་ཕབ་པའི་རིང་ལ་ཡུལ་གྱི་ལོ་ཐོག་ཐམས་ཅད་དང་། གནམ་གྱི་བྱ་དང་། ས་ཡི་བྱི་བ་ཡན་ཆད་སེམས་ཅན་མང་པོ་ཤི། ཇག་པ་རྣམ་ལའང་སེར་བས་སྒོ་འགྲིམས་བྱས་པས་ཚང་ཕུང་དུ་ཐམས་ཅད་སོང་བས། མཐུ་ཆེན་སྙིང་རླུང་ལངས་ནས་སྒང་ཅིག་ཏུ་ཕར་བྱོན་ཙ། ཤིང་ཕུང་ཅིག་གིས་རྩ་ནས་ཡང་བྱིའུ་རོ་ཐུ་བ་གང་རྙེད་པ་ཁྱེར་ནས་བླ་མ་རྔོག་གི་དྲུང་དུ་བྱོན་ཏེ། ང་སངས་རྒྱས་པའི་ཆོས་ཤིག་ཞུ་རུ་འོང་ཙ། དམྱལ་བར་འགྲོ་བ་ལ་བང་ཨེ་མྱུར་དང་གཏིང་ཨེ་ཟབ་ཀྱི་སྡིག་པ་རྔམ་པོ་ཆེ་འདི་འདྲ་བྱེད་ལ་ཐུག་པ་ད་གར་འགྲོ་ཞུས་པས། ཨའུ་ཙི། ཧ་མ་ལས་ཤིག་དང་། བྱིའུ་རོ་ཚོ་མེ་འདིའི་ནང་དུ་ཐོབ་ཅིག་གསུངས་ནས། མདུན་དུ་མེ་འོང་ཅིག་འདུག་པའི་ནང་དུ་བྱིའུ་རོ་རྣམས་བཏབ་སྟེ་བླ་མས་སེ་གོལ་ཅིག་བརྡབ་ཙ་ནམ་མཁའ་ཙི་ཏི་རེ་འཕུར་ནས་སོང་བས་སྣང་བ་ལ་ཕན་པ་ཅིག་བྱུང་སྐད་དོ། །དེ་ནས་བདག་མེད་མས་བྱིན་རླབས་དང་། གཏུམ་མོའི་ཁྲིད་གནང་ནས་བསྒོམ་བཅུག་སྟེ། རྔོག་གི་ཇོ་མོ་ན་རེ། མཐུ་ཆེན་རང་མཚམས་གྱིས་བླ་མས་ཀྱང་ཆོས་ཕུག་སྒོར་བྱོན་ལ་ཤོད། ངས་ཞབས་ཏོག་དང་འཚོ་བ་སྐྱེལ་བས་འབུང་ལ་བསྒོམ་དགོས་ཟེར་ནས། བསྒོམས་ཀྱང་ཡོན་ཏན་ཆེར་མ་སྐྱེས་ཤིང་སྐྱེད་མེད་པས། ཉིན་ཅིག་བླ་མ་རྔོག་གིས། ཁོ་དེ་མཐུ་ཆེན་ང་ཡི་བརྒྱུད་པ་འདི་ལ་དམ་སེལ་བྱུང་ན་མིན་པ། དགེ་སྦྱོར་མི་སྐྱེ་བའི་དབང་མེད་པ་ཡིན། ཁྱེད་འདི་རུ་འོང་དུས་སུ་བླ་མའི་བཀའ་ཨེ་ཡོད་གསུངས་པས། བླ་མའི་གསུང་མེད། ཇོ་མོའི་གསུང་ཡོད་ཞུས་པས། ཨེ་ཨཱེ་དེས་ན་མི་འོང་བར་འདུག །འོ་སྐོལ་གཉིས་ཀྱིས་ཁྲིད་བསྒོམས་པ་ཡང་སྟོང་ལས་ཡིན། ད་བླ་མ་མར་པའི་སྐུ་མཁར་ཡང་ཚར་ཟེར། སྐུ་མཁར་གྱི་དགའ་སྟོན་བྱེད་པ་ལ། སློབ་མ་རྣམས་ལ་ཁྲལ་བརྒྱབ་ནས་ཡོད་ཟེར། ངེད་རང་ལ་ལུག་ཚེར་མོ་བརྒྱ་དང་། སྣམ་འཕྲུག་བརྒྱ་དང་། ནས་ཡ་བརྒྱ། མར་ཐུད་ལ་སོགས་པ་ཁྱེར་ལ་ཤོག་ཟེར་བས། ངེད་རང་གཉིས་ཀ་འགྲོ་དགོས་གསུངས་པ་ལ། ང་ལ་འབུལ་བ་མེད་པས་ངོ་ཚ་ཞུས་པས། ཁྱེད་ལ་འབུལ་བ་ཆེན་པོ་མི་རེ་ཕྱག་རྒྱུ་དུམ་པ་ཅིག་ངས་སྦྱིན་གསུངས། ཟངས་དཀར་ལུང་བཞི་མ་ཆུང་ཆུང་ཞིག་གནང་བ་དེ་ཁྱེར་ནས་དཔོན་སློབ་གཉིས་འབུལ་བ་མང་པོ་དེད་ནས་བྱོན་པས་ཡར་ལ་ཉེ་བ་དང་། མཐུ་ཆེན་སྡོན་དུ་བཏང་ནས། ཇོ་མོ་བདག་མེད་མ་དང་མཇལ་བས་མཉེས་མཉེས་མཛད། གཞན་འབུལ་བ་རྣམས་འོང་བ་བས་ཁྱོད་རང་བྱུང་བ་དགའ། ད་ཁྱོད་རང་བླ་མའི་དྲུང་དུ་སོང་ལ་ཞུ་བ་གྱིས། རྔོག་འབྱོན་ཞིང་ཡོད་ན་མི་ཆེ་བས་འོ་སྐོལ་གྱི་བསུ་བ་དགོས་ཡོང་གསུངས་པས། དྲུང་དུ་སོང་ནས་ཕྱག་ཕུལ་ཙ། བླ་མའི་ཞལ་ཡར་གྱུ་ནས་སོང་བས། བླ་མ་ལགས་ང་ལ་བཀའ་བཀྱོན་མཛད་ཀྱང་བླ་མ་རྔོག་གིས་འབུལ་བ་མང་པོ་རྟ་ཕྱུགས་མང་པོ་དེད་ནས་ཡོད་པས་བསུ་བ་ཞིག་ཨེ་མ་དགོས་ལགས་ཞུས་པས། བླ་མའི་ཞལ་ནས་ངས་རྒྱ་གར་ནས་ཚེ་གཅིག་ལ་སངས་རྒྱས་པའི་གདམས་ངག་རྒྱུད་སྡེ་གདན་དྲངས་འོང་བའི་དུས་སུ། བསུ་བ་མི་དགོས་ཁྱི་གཅིག་ཀྱང་མ་བྱུང་། ད་རྔོག་གིས་དུད་འགྲོ་དེད་ནས་འོངས་པ་བསུ་བ་དགོས་ན་ཕྱིར་དེད་ལ་སོང་གསུངས་པས། ཇོ་མོ་ལ་དྲིས་པས། སློབ་དཔོན་ཐུག་གཏུམ་པ་ཡིན། རྔོག་ལ་བསུ་བ་དགོས་ཟེར་ནས་ཇོ་མོས་བསུ་བ་མཛད་ནས། བླ་མས་རྔོག་དང་བུ་ཆེན་རྣམས་བྱོན་པའི་སྣ་ལེན་ལ། གསང་སྔགས་ཀྱི་དཀྱིལ་འཁོར་བཞེངས་མཆོད་པ་དཔག་ཏུ་མེད་པ་བཤམས་ནས་བཞུགས་ཏེ། རྔོག་དང་། མེས་དང་། དོལ་དང་། མི་ལ་ལ་སོགས་པའི་བུ་ཆེན་རྣམས་དང་། སློབ་མ་ཐམས་ཅད་བསྡུས་ནས་ཚོགས་འཁོར་རྒྱ་ཆེན་པོ་མཛད་དེ་བླ་མ་མར་པའི་དྲུང་ནས་རྔོག་ལ་ང་ཡི་བུ་མཐུ་ཆེན་ཁྱོད་ཅན་དུ་སོང་བ་ལ་གདམས་ངག་ཨེ་བྱིན་གསུངས་པས། ཏེ་ལོ་ནཱ་རོའི་དབུ་སྐྲ་ཕྱག་ཕྲེང་ན་བཟའ་ཚོ་བསྐུར་བྱུང་བས་བྱིན་ལགས་ཞུས་པས། དེར་ཡུམ་གྱི་ཞལ་ནས། ངས་བསྐུར་བ་ཡིན་ལགས་ཞུས་པས། ཇོ་མོ་ལ་བེར་མ་ལྕག་གིས་བརྒྱབ་སྟེ། ཡུམ་བྲོས་ནས་སོང་། ང་བླ་མ་ལ་འདི་ཚོས་རྐུན་མ་བྱས་ཟིན་གསུངས་པས། ཇོ་མོ་སྤྱན་ཆབ་ཤོར་ཏེ། དེར་ཅུང་ཟད་ཅིག་དགོངས་པ་ལ་བཞུགས་ཏེ། བདག་མེད་མ་ལ་ཡར་ཤོག་གྱིས་གསུང་། །དེར་ཡུམ་ལ་ནང་མཆོད་གྱིས་ཀ་པ་ལ་དེ་ཡར་ཐེགས་གསུང་། དེ་ནས་མི་ལ་མཐུ་ཆེན་འདི་འཐུང་གསུང་། མི་ལས་ལྷག་མ་མ་ལུས་པར་གསོལ། ངས་ཁྱོད་ལ་འབར་ཡིན་ལས་བཅོལ་བརྡུངས་བཏང་བྱས་པས། ལོགས་ལྟ་མ་སྐྱེས་པ་དེ་བུ་ཁྱོད་སྣང་བ་དག་པ་ཡིན། ཁྱོད་བུད་མེད་གྱིས་རིགས་འདི་བློ་ཆུང་། ང་བུ་འདི་ལ་ཡིད་ཆད་ཐང་དགུ་ཐེང་ན་བོད་འདིར་འཇའ་ལུས་ཐོབ་པ་མང་དུ་འབྱུང་ཞིང་ཁྱོད་རང་ཡང་ཕུང་པོ་ལྷག་མ་མེད་པ་ལ་སངས་རྒྱས་པ་ཡིན་གསུང་། དེ་ནས་བྱིན་པས་གཟིམ་པ་དང་། བླ་མ་ཡབ་ཡུམ་གཉིས། རྔོག་དང་མི་ལ་བཞི་མིན་པ་མེད་པ་ལ། ཇོ་མོ་ལ་ཕུད་ཅིག་ཚོགས་ལ་ཁྱེར་ལ་ཤོག་གསུངས་ཏེ། དབང་ཟབ་མོའི་བརྡ་བཞི་དང་། གདམས་ངག་གཏུམ་མོའི་ངོ་སྤྲོད་དང་། རྒྱུད་སྡེ་ཟབ་མོའི་བཀའ་ལུང་ཐམས་ཅད་གནང་ནས། མི་ལས་ཡང་། བླ་མ་གཉིས་ཀ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཁ་ཞེ་མེད་པར་སྐྱེས་སོ། །ཕྱི་ནང་སྟོན་མོ་ཆེན་པོའི་དགའ་སྟོན་མཛད་དེ། དེའི་ཚོགས་གྲལ་དུ་མར་པས་མགུར་འདི་སྐད་གསུངས་ཏེ། ན་མོ་བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ང་ཡི་བརྒྱུད་པ་རིན་ཆེན་ལ། །ཉེས་ལྟུང་མེད་པའི་བཀྲ་ཤིས་ཤོག །གདམས་ངག་ཟབ་མོའི་ཉེ་ལམ་ལ། །ནོར་འཁྲུལ་མེད་པའི་བཀྲ་ཤིས་ཤོག །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ང་རང་མར་པ་ལོ་ཙཱ་ལ། །ཟབ་མོ་གནད་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བླ་མ་ཡི་དམ་མཁའ་འགྲོ་ལ། །བྱིན་བརླབས་དངོས་གྲུབ་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བུ་ཆེན་སློབ་མ་འཁོར་ཚོགས་ལ། །དད་པ་དམ་ཚིག་གི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ཡོན་བདག་ཡུལ་མི་ཉེ་རིང་ལ། །མཐུན་རྐྱེན་འཚོགས་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ལས་དང་བྱ་བ་ཐམས་ཅད་ལ། །རོགས་ལྡན་བྱང་ཆུབ་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། ཆད་ཐོ་བཙན་པོའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །འདིར་ཚོགས་ཁྲོམ་གྱི་ལྷ་མི་ལ། བདེ་སྐྱིད་སྨོན་ལམ་གྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ཅེས་གསུངས་སོ། །དེ་ནས་རྔོག་ལ་བསྙེན་བཀུར་གནང་སྟེ་གྲ་པ་མང་པོ་ལ་བཤད་དགོས་པས་སོང་གསུང་། རྔོག་ཀྱང་ཉམས་དགའ་ནས་ཨེན་ཅིག་སྡོད་དགོས་སྙམ་ནས་བཞུགས་མ་བཅུག་པར་འགྱོགས་སུ་བཏང་། སང་ཕོད་ང་ཡིས་ཇོ་སྲས་མདོ་སྡེ་འདི་འཚམས་དོན་པའི་དུས་སུ་ཐམས་ཅད་ཚོགས་པ་ཡིན་གསུང་། བླ་མའི་ཞལ་ནས། མི་ལ་ཁྱོད་འགྲོའམ་སྡོད་གསུང་། མི་ལས་ང་ལེན་ཅིག་ཁོང་བསྐྱེལ་དུ་འགྲོ་ཞུས་པས། འོ་ན་ཁོང་སྐྱེལ་ལ་སོང་ལ། རྔོག་ལ་མ་ཟེར་བར་ཕ་ཀི་གཞུང་དུ་ཕྱིན་ཙ་མ་བསྡོད་ལ་ཤོགས་གསུང་། དེ་ནས་མི་ལས་རྔོག་སྐྱེལ་སྐྱལ་བ་ལ། ཕར་ལམ་རྔོག་གིས་ཡོན་བདག་སློབ་རིས་རྣམས་གྱིས་སྣ་ལེན་བྱས་ཡིན་སོང་བ་དང་། གཞིར་ཕྱིན་ནས་སློབ་རིས་ཡོན་བདག་ཐམས་ཅད་ཀྱི་སྣ་ལེན་ལ་ཡེངས་ནས་ཟླ་བ་ཅིག་ཐོག །དེ་ནས་མི་ལས་བླ་མ་རྔོག་ལ། ང་བླ་མ་ལྷོ་བྲག་པའི་དྲུང་དུ་ལན་ཅིག་འགྲོ་ཞུས་པ་ལ། བླ་མ་དང་ཇོ་མོ་གཉིས་ཀྱིས་ད་འདིར་དང་སྐྱིད་པ་བྱ། ཁྱོད་བསྒོམ་པས་ཆོག །ངེད་ཀྱི་ཞབས་ཏོག་ལ་འབད། ངེད་ཀྱིས་བསྟན་པ་ལ་ཡང་ཕན་གསུང་པ་ལ། ང་ལེན་ཅིག་འགྲོ་བར་ཞུ་ཞུས་པས། བླ་མ་དང་ཇོ་མོ་གཉིས་ཀྱིས་ཞལ་ནས། ལེན་ཅིག་སོང་ལ་ཡང་འདིར་ཤེས་གསུང་། དེར་མི་ལ་ཤད་ཀྱི་སོང་བ་ལ། ལྷོ་བྲག་དུ་བླ་མའི་དྲུང་དུ་ཕྱིན་པ་དང་ཕྱག་འཚལ། བླ་མས་མི་ལ་ཁྱོད་ཕྱིན་ནམ་གསུང་ནས་དྲི་རྨེད་ཐམས་ཅད་བྱས། ཇོ་མོ་ཡང་ཤིན་ཏུ་བརྙེས་སྟེ་ཁོང་ལ་བསྙེན་བཀུར་བྱས། དེ་ནས་ཕྱིར་ནང་བླ་མའི་ཞལ་ནས་ཇོ་མོ་ལ། ཁྱོད་རང་མི་ལའི་མཆོད་པ་བཟང་པོ་ཅིག་གྲབ་གྱིས་དང་། མི་ལའི་ཆོས་ཅིག་ཞགས་དགུ་བྱ་དགོས། དེའི་ཚེ་སློབ་མ་ཐམས་ཅད་ལ་བླ་མས་རྨི་ལམ་ངན་པས་ཞགས་འགའ་རྨིས་བསྒྱུར་ཆོས་སྤྱོད་ཅིག་བྱེད་པས། སུ་ལའང་མ་ཡོང་གྱིས་ལ་མ་སྟེན། ཁྱོད་ཀྱིས་ཀྱང་ངེད་གཉིས་ལ་བཟའ་བ་བུག་པ་ནང་ན་ཡར་བྱིན། ངེད་གཉིས་འཚམས་ཅིག་གཅོད་པ་ཡིན། ཇོ་མོས་ཀྱང་དེ་ལྟར་བྱས་ནས་ཤ་ཆང་ལ་སོགས་པ་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་གྲབ་བྱས་ནས་མཆོད་པ་བཤམས་ཏེ་ནུབ་དང་པོ་ས་ཆོག་གཉིས་པ་སྟ་གོན། གསུམ་པ་དངོས་གཞི། བཞི་པ་ལ་བཏང་རག་བྱས་ནས་དབང་དང་བྱིན་རླབས་གཉིས་སྤྲུག་མཛད། དེའི་ཕྱི་དེ་ནུབ་མོ་གཏང་རག་གི་མཆོད་པ་ཆེན་པོ་བཤམས་ནས་ཚོགས་ཐོན་པའི་ཐོ་རང་ཁར། དཔལ་འཁོར་ལོ་སྡོམ་པའི་ནང་གིས་ལྷ་ཚོགས་དང་། ཕྱི་ཞིང་སྐྱོང་གིས་ཌཱཀྐི་མ་སུམ་ཅུ་སོ་གཉིས་དང་། རིགས་མའི་ལྷ་མོ་བཅུ་དྲུག །མཆོད་པའི་ལྷ་མོ་ཐམས་ཅད་མདུན་གྱི་ནམ་མཁར་བཞུགས་པ་སྐད་ཅིག་ཡུད་ཙམ་ལ་ཞལ་གཟིགས། དེའི་དུས་སུ་བླ་མ་དང་ཌཀྐི་མས་རྗེས་སུ་གནང་བའི་མཚན་བཞད་པའི་རྡོ་རྗེ་ཞེས་བྱའོ། །བུ་དེ་དེ་ཡིན། དེ་དེ་ཉིད་མིན། ང་ལ་འདི་འདྲའི་གདམས་ངག་ཡོད། མཁའ་འགྲོ་མ་དང་བླ་མ་ཏེ་ལོ་པ་དང་ན་རོ་པ་དང་ང་ལ་ཡང་ཅིག་རྒྱུད་ཡིན། འདི་མདོ་སྡེ་ལ་སྦྱིན་སྙམ། མདོ་སྡེ་ཁྱོད་གཉིས་སྣོད་ལྡན་དུ་འདུག །ཁྱེད་གཉིས་ཀྱང་གནམ་ས་འདྲེན་དུ་མ་བཏུབ། མཁའ་འགྲོ་མ་ཐམས་ཅད་ཁྱོད་ལ་དགའ་བར་འདུག་པས། ད་གདམས་འདི་ཁྱོད་ལ་སྦྱིན་དགོས། དེ་ནས་ཁྱོད་ཀྱིས་ཀྱང་མདོ་སྡེ་ལ་སོགས་པ་ཅིག་ལ་སྦྱིན། སྣོད་དང་མི་ལྡན་པ་སུ་ཐོད་ཐོད་ལ་མ་སྦྱིན་གསུང་ནས་བཀའ་རྒྱ་དམ་པར་མཛད། དེ་ནས་སྙན་རྒྱུད་ཚེ་རིམ་པར་ཁྲིགས་ཀྱིས་བཤད་ནས་ཚར་བར་བྱས། གཞན་ཡང་རྒྱུད་འགྲེལ་མན་ངག་དུ་མ་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་མཛད། ཁྱད་པར་དུ་ཡེ་ཤེས་ཀྱི་ཌཀྐིའི་ཐུགས་ནས་ཕྱུང་པའི་གདམ་པ་ཆོས་དྲུག་བསྲེ་འཕོའི་མན་ངག་ཞིབ་རྒྱས་སུ་གནང་། གཞན་ཡང་ཐབས་ལམ་གྱི་གདམ་ངག་མང་པོ་བྱིན་ནས་ཐམས་ཅད་རྫོགས་པར་བྱས་ནས་ཏེ་ལོ་པ་ལ་ཡེ་ཤེས་ཀྱི་ཌཀྐིས་བླ་མ་ན་རོ་པ་ཆེན་པོ་ལུང་བསྟན། དཔལ་ན་རོ་པ་ལ་ཏེ་ལོ་པ་ཆེན་པོས་ཁོ་བོ་ལུང་བསྟན་པ་ཡིན། ཁོ་བོ་ལ་ཡང་དཔལ་ན་རོ་པ་ཆེན་པོས་གདུལ་བྱ་སྣོད་དང་ལྡན་པ་ཁྱོད་ལུང་བསྟན་པ་ཡིན་ཞེས་གསུངས། དེའི་ཚེ་མི་ལས་འོ་ན་རྗེ་བཙུན་ཆེན་པོས་བདག་དྲུང་དུ་སླེབ་པའི་ཚེ་གཅེས་པར་རྐྱང་པར་མ་མཛད། ཡུན་དུ་ཆོས་ཀྱང་མ་གནང་ཕྲུ་བྱེད་པ་དང་། གནག་ལུག་སྐྱོང་བ་དང་སྐུ་མཁར་དགུ་ཐོགས་རྩེགས་པ་ལ་སོགས་པ་འདི་དག་ཅི་ལ་དགོངས་པ་ལགས་ཞུས་པས། རྗེ་མར་པའི་ཞལ་ནས། ཡང་དེང་སང་གིས་དུས་ལྟ་བུ་ཡིན་ན་ཅི་ལྟར་བྱས་ཀྱང་བཏུབ་དེ། ཕྱི་རབ་ཀྱིས་དུས་སུ་སློབ་མ་ངན་པས། བླ་མ་གནད་ལ་འབེབས་པའི་དུས་འོང་སྟེ་དེ་ལྟ་བུ་དགགས་པའི་ཕྱིར་ཁོ་བོས་ཁྱོད་ལ་དེ་ལྟར་བསྟན་པ་ཡིན་ནོ། །བུ་ཁྱོད་ཀྱང་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་བའི་ལས་ཅན་གྱི་སྐྱེས་བུ་ཡིན་ཅིང་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱང་ཁྱོད་ཁོ་ན་ལ་དགའ་ནས་ཚོགས་པར་འདུག་སྟེ་ང་ཡིས་བཀའ་ཟུར་ཅིག་བཅག་པའི་ཉེས་པ་རྒྱུད་པ་ལ་འོང་བར་འདུག་གསུངས། དེ་ཇི་ལྟར་ལགས་ཞུས་ཀྱང་། བུ་ཁྱོད་ཀྱི་མཁར་དགུ་ཐོགས་རྩེགས་པ་དེའི་བར་མ་བཞག་པར་ཚར་བར་བྱས་ནས་ཁྱོད་རང་དང་རྟོགས་པ་ཡོན་ཏན་མཉམ་པའི་རྒྱུད་པ་དགུའི་བར་བྱིན་གྱི་རླབས་པར་འདུག་པ་ལ། ད་རྒྱུད་པ་བདུན་ཁྱོད་རང་དང་མཉམ་པ་འོང་རྒྱུད་པ་གཉིས་ཀྱིས་བར་དུ་སྤྱོད་པ་རྩིང་པ་འགའ་རེ་འབྱུང་གསུང་། འོ་ན་བདག་གི་བྷོ་ཁུར་ནས་རྩིགས་ནས་འོང་ལགས་སམ་ཞུས་པས། མི་འོངས་ཏེ་ཁྱོད་ཀྱི་ལས་དད་ཅན་དུ་མཐོང་བ་དང་། རྟེན་འབྲེལ་གྱི་འགྲིགས་ཚུལ་དང་སེམས་ཅན་སོ་སོའི་ལས་ཡིན་གསུང་། དེ་ནས་བླ་མའི་ཕྱག་མི་ལའི་སྤྱི་བོར་བཞག་སྟེ། དད་ལྡན་མོས་གུས་ལྡན་པ་ལ། །འོད་གསལ་བ་ནི་རྒྱུན་ཆད་མེད། །བར་དོའི་གྲོང་ཁྱེར་དེ་མི་མཐོང་། །ན་གཉིས་མཁྱེན་པ་དུ་མར་འཆར། །ཐེགས་པའི་མཐར་ཐུགས་སྙིང་པོའི་དོན། །མཐའ་བྲལ་ཡིད་ལ་མི་བྱེད་པ། །འོད་གསལ་རྒྱུན་ཆད་མེད་བསྒོམ། །བར་དོའི་སྣང་བ་དེ་ལ་མེད། །གཞན་དོན་གཟུགས་སྐུ་སྣ་ཚོགས་འཆར། །ཞེས་གསུངས་སྟེ། ཚེ་ཅིག་ལ་མཆོག་གིས་དངོས་གྲུབ་ཐོབ་པར་ལུང་བསྟན་པའོ། །ཡང་སྐབས་ཅིག་དུ་རྔོག་གིས་སྙན་དྲིལ་ཡིད་བཞིན་ནོར་བུ་ཞུ་ཞུས་པས། ང་ལ་སྙན་རིལ་ཞུ་ན་འབུལ་བ་དགོས་གསུངས་པས། འབུལ་བ་ནོར་ལུག་ཐམས་ཅད་དེད་ནས་ཕུལ་བ་ལ་འབུལ་བ་ཆུང་གསུངས་པ་ལ། བླ་མ་ལགས་ངའི་ཞོལ་མོ་རྒན་མོ་དེ་ནི་ནོར་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་མ་ཐོན་ལགས་ཞུས་པས། འོ་ན་ང་ཡི་སྙན་དྲིལ་ཡང་ཆོས་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་ཐེབ་ཅིག་ལ་མ་ཐེ ག་གསུངས་པས། ཞོལ་མོ་ཐག་རིང་བྱས་ནས་འོང་སྟེ་འོང་པ་རང་གི་ཆོག །ང་ལ་ཞོལ་མོ་འདིས་བྱེད རྒྱུ་མེད་དེ་ཆོས་ཀྱི་ཆེ་བ་མེད་ན་ཆོས་ཤི་བ་ཡིན་པས་གོ་བར་མཛོད། ལར་ང་ཡི་གདམས་ངག་འདི་རྣམས་འཇིག་རྟེན་བློས་བཏང་བའི་མི་ལས་འབུལ་བ་ལེན་དུ་མི་རུང་། སྒོམ་ནུས་ན་འབུལ་བ་ཐམས་ཅད་ཞོར་ལ་འོང་བ་ཡིན། ཚེ་འདིའི་མིག་བྲིད་པའི་སྐྱེ་བོ་ལ་བསྟན་མི་རུང་། ཁྱེད་རྔོག་ལྟ་བུ་རེ་རེ་ལ་ནི་བསྐལ་པ་དུ་མར་ཚོགས་བསགས་པའི་ལས་ལྡན་ཡིན་པས་གཞན་ལ་དེ་བཞིན་མི་བཏུབ་གསུངས་ཏེ། སྙན་ནས་སྙན་དྲིལ་བཏོན་ནས་གནང་སྟེ་མཉེས་པར་མཛད་དོ། །མི་ལས་མིའི་འབུལ་བ་ཆེ་ལུགས་ཀྱི་ང་ཡི་ཟངས་འདི་ཕུལ་ཡང་ཨེ་མཉེས་བསམ་སྟེ། ཟངས་དེ་ཕུལ་བས་ཤིན་ཏུ་མཉེས་ནས་སྦ་བེར་གྱིས་ཟངས་དེ་ལ་བརྒྱབ་པས་ཕྱི་ནང་མེད་པར་གཟིགས་སོ། །བཟང་བཟང་འབུལ་བ་འདི་རང་བཟང་། ཟངས་འདི་ཆེ་རྒྱུ་མེད་པས་རང་ལ་མནོག །ལུང་བཞི་ཡོད་པས་ཕྱོགས་བཞིར་ཁྱབ། །སྐད་བཟང་བས་སྙན་པ་ཆེ། །ཕྱི་དྲེགས་པ་མེད་པས་དམ་ཚིག་གཙང་། །ནང་འདི་དམར་བས་མཁའ་འགྲོ་འདུ། །རྒྱུ་བཟང་བས་བརྒྱུད་པ་ཇེ་བཟང་ཇེ་བཟང་འགྲོ། ད་རེས་ཁྱེད་ཀྱིས་ང་ལ་ཕུལ་དུས་དེར་ནས་འབྲུ་གསུམ་ནང་དུ་མ་བཏབ་པས་ཆོས་བརྒྱགས་དཀོན་མོ་འོང་སྟེ། ལྟོགས་གྲིར་བྱུང་ཡང་མི་འཆི་གསུངས། འོ་ན་ནས་ཀྱི་འགེངས་ནས་འབུལ་ཞུས་པས། ད་ཕན་གནོད་མེད། ལར་ཇོ་མོ་ཁྱེད་གཉིས་སེམས་ཆུང་བས་ང་ཡི་མཁར་བརྩིགས་པ་ལ་གཉུག་ཐུང་མིན་པ་སླ་སྟེ། ད་ཆོས་ལ་སྙིང་རུས་ཤིག་དགོས་ཏེ་སླ་ནས་འོང་གསུངས། དེ་ནས་ཡང་ལན་གཅིག་གིས་ཚེ་ནུབ་ཅིག་བདག་མེད་མའི་ཟབ་དབང་མཛད་པའི་ཐོ་རངས་ཁ་ཅིག །བླ་ཆེན་རྣམས་ཅི་མཛད་གཟིགས། གཙང་རོང་གི་མེས་སྟོན་ཚོན་པོས་འོད་གསལ་བསྒོམ་ཡིན་འདུག་པས། བདག་ལ་འོད་གསལ་བུམ་ནང་གི་མར་མེ་འདྲ་བ་ཅིག་ཡོད་པ་དེ་འདི་ཡིས་ཁྱེར་བར་འདུག་དགོངས་སོ། །དོལ་གྱི་མཚུར་སྟོན་དབང་ངེ་དེས། འཕོ་བ་བསྒོམ་པ་ཡིན་འདུག་པས། བདག་ལ་འཕོ་བ་སྐར་ཁུང་དུ་མདའ་འཕང་བ་དང་འདྲ་བ་ཅིག་ཡོད་པ་འདིས་ཁྱེར་བར་འདུག་གོ་དགོངས་སོ། །གཞུང་གི་རྔོག་སྟོན་ཆོས་རྡོར་གྱི་དཔེ་ལ་གཟིགས་ཀྱིན་འདུག་པས། བདག་ལ་བཤད་རྒྱུད་ཆུ བོའི་གཞུང་དང་འདྲ་བ་ཅིག་ཡོད་པ་དེ་འདིས་ཁྱེར་བར་འདུག་དགོངས། མི་ལ་ལ་གཟིགས་པས་རླུང་འཛིན་གྱིན་འདུག་པས། བདག་ལ་གཏུམ་མོ་སྡོང་སྐམ་ལ་མེ་སྦར་བ་འདྲ་བ་ཅིག་ཡོད་པ་འདིས་ཁྱེར་བར་འདུག་དགོངས་ཏེ། གྲུབ་ཐོབ་ཅིག་འདི་ལ་འོང་བར་འདུག་དགོངས་སོ། །དེར་མེས་སྟོན་ཆེན་པོ་དང་། ཚུར་སྟོན་དབང་ངེ་དང་། གཞུང་གི་རྔོག་སྟོན་ཆོས་རྡོར་དང་། གུར་ཐང་གི་མི་ལ་རས་པ་དང་བུ་ཆེན་བཞི་ཡིན་པ་ལ། གཞན་དང་མི་འདྲ་བའི་གདམས་ངག་དང་། དབང་བསྐུར་ཟབ་མོ་མཛད་དེ། ནམ་སྟོད་ལ་དབང་མཛད། ནམ་སྨད་ལ་སྒོམ་མཛད། སྔ་དྲོ་ཆོས་བཤད། དགོང་མོ་བསྒོམ་མཛད་ཅིང་བཞུགས་པ་ལ། རྗེ་བཙུན་གྱིས་བླ་མའི་དྲུང་དུ་སྲས་དར་མ་མདོ་སྡེ་གཤེགས་པའི་དུས་མཆོད་ཀྱི་ནུབ་མོ་ཞུས་ཟེར་འདུག །བཞུགས་ནས་ཞུས་པས། བླ་མ་ཆེན་པོ་ལགས་སྲས་འགྲན་ཟླ་དང་བྲལ་བ་དེ་གདུལ་བྱ་རྣམ་ཀྱི་བསོད་ནམས་ལ་མ་ཤོང་། ད་ཆོས་རྒྱུད་གང་གིས་འཛིན་གང་དང་གང་དུ་ཇི་ལྟར་གསུང་བར་ཞུ་ཞུས་པས། བུ་ཁྱོད་རང་རྨི་ལམ་རྟོགས་དང་གསལ་བར་འོང་གིས་གསུང་། དེར་རྗེ་མི་ལའི་རྨི་ལམ་དུ། ཕྱོགས་བཞིར་ཀ་བ་ཆེན་པོར་བཞི་བཙུགས་དེ་རྣམས་ཀྱི་སྟེང་དུ་སེང་གེ་མཆོང་བ་དང་། སྟག་མོ་ངར་བ་དང་། ཁྱུང་ཆེན་འཕུར་བ་དང་རྒོད་པོ་ལྡིང་བ་རྣམས་བྱུང་སྟེ་རྣལ་སད་པ་དང་། བླ་མ་ཆེན་པོ་ལ་ཕྱག་འཚལ་ནས་མཎྜྻལ་ཕུལ་སྟེ་རྨི་ལམ་བརྡ་མཐོང་གིས་ཞུ་དོན་འདི་ཕུལ་ལོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉི་མ་ཤར་དུ་ཀ་ཆེན་ཅིག་བཙུགས་པ་རྨིས། །ཀ་ཐོག་དུ་སེང་ཆེན་འགྱིང་བ་རྨིས། །གཡུ་རལ་མཐའ་ནས་རྒྱས་པ་རྨིས། །གངས་དཀར་སྟོད་དུ་འཕྱོ་བ་རྨིས། །ཤར་རྨི་ལམ་མི་ངན་རྨི་ལམ་བཟང་། །རྗེ་རིན་པོ་ཆེ་ལ་ཞུ་བ་ལགས། ཉི་མ་ལྷོ་རུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་དུ་སྟག་མོ་ངར་བ་རྨིས། །སྟག་གྲ་འཛུམ་མཐའ་ནས་རྒྱས་པ་རྨིས། །ཁོང་འཛུམ་ལེན་གསུམ་བྱས་པ་རྨིས། །ཐང་ཤིང་རྒྱུད་དུ་སྦྲེལ་བ་རྨིས། །ནགས་མའི་གསེབ་དུ་འཕྱོ་བ་རྨིས། ལྷོར་རྨི་ལམ་མི་ངན་རྨི་ལམ་བཟང་། །རྗེ་རིན་པོ་ཆེ་ལ་ཞུ་བ་ལགས། །ཉི་མ་ནུབ་དུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་དུ་ཁྱུང་ཆེན་ལྡིང་བ་རྨིས། །རྩེ་སྒྲོ་གྲ་རུ་རྒྱས་པ་རྨིས། །བྱ་སྤུ་གནམ་དུ་གཟིང་བ་རྨིས། །བྱ་མིག་གྱེན་ལ་བལྟ་བ་རྨིས། །ནམ་མཁའི་དབྱིངས་སུ་འཕུར་བ་རྨིས། །ནུབ་རྨི་ལམ་མི་ངན་རྨི་ལམ་བཟང་། །རྗེ་རིན་པོ་ཆེ་ལ་ཞུ་བ་ལགས། །ཉི་མ་བྱང་དུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་དུ་རྒོད་པོ་ལྡིང་བ་རྨིས། །རྒོད་ཚང་བྲག་ལ་བཅས་པ་རྨིས། །བྱ་ཕྲན་གྱིས་ནམ་མཁའ་གང་བ་རྨིས། །རྒོད་དེ་ལ་བུ་ཅིག་སྐྱེས་པ་རྨིས། །རྒོད་ནམ་མཁའི་དབྱིངས་སུ་ཕུར་བ་རྨིས། །བྱང་རྨི་ལམ་མི་ངན་རྨི་ལམ་བཟང་། །རྗེ་རིན་པོ་ཆེ་ལ་ཞུ་བ་ལགས། །ཞེས་ཞུས་པས། བླ་མའི་ཞལ་ནས་བུ་སློབ་ཐམས་ཅད་བོས་ཅིག་གསུང་སྟེ། ཐམས་ཅད་འདུས་པའི་ཚེ་མདངས་མི་ལ་རས་པའི་རྨི་ལམ་ལ་ཀ་བ་ཆེན་པོ་བཞི་བཙུགས་པ་རྨིས་ཟེར། དེར་ཁོ་བོས་བཤད་གྱིས་ཉོན་ཅིག་ཅེས་ཀ་བཞི་ངོ་སྤྲོད་གྱིས་མགུར་འདི་བཞེངས་པ། ༈ ཉི་མ་ཤར་དུ་ཀ་ཆེན་བཙུགས་པ་དེ། །དོལ་གྱི་མཚུར་སྟོན་དབང་ངེ་ཡིན། །ཀ་ཐོག་ཏུ་སེང་གེ་འགྱིང་བ་དེ། །ཁོང་མི་གཞི་སེང་དང་འདྲ་བ་ཡིན། །གཡུ་རལ་མཐའ་ནས་རྒྱས་པ་དེ། །སྙན་བརྒྱུད་ཀྱི་གདམས་པ་ཐེབས་པ་ཡིན། །གངས་དཀར་སྟོངས་སུ་མཆོངས་པ་དེ། །ཐར་པའི་ལམ་དུ་གཤེགས་པ་ཡིན། །རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་ལྷོ་རུ་ཀ་ཆེན་བཙུགས་པ་དེ། གཞུང་གི་རྔོག་སྟོན་ཆོས་རྡོར་ཡིན། ཀ་ཐོག་ཏུ་སྟག་མོ་ངར་བ་དེ། །ཁོང་མི་གཞི་སྟག་དང་འདྲ་བ་ཡིན། །གྲ་འཛུམ་མཐའ་ནས་རྒྱས་པ་དེ། །སྙན་བརྒྱུད་ཀྱི་གདམས་པ་ཐེབས་པ་ཡིན། ཁོང་འཛུམ་ལན་གསུམ་བྱས་པ་དེ། །བཤད་རྒྱུད་ཀྱི་བསྟན་པ་དར་བ་ཡིན། སྟག་ནགས་མའི་གསེབ་ཏུ་འཕྱོ་བ་དེ། །ཚེ་གཅིག་གིས་གྲུབ་པ་བརྙེས་པའི་རྟགས། །ཐང་ཤིང་གི་རྒྱུད་དུ་སྦྲེལ་བ་དེ། །བུ་ཚ་བོས་ཀྱང་བརྒྱུད་པ་ཟིན་པ་ཡིན། །ནགས་མའི་གསེབ་ཏུ་འཕྱོ་བ་དེ། །ཐར་པའི་ཞིང་དུ་གཤེགས་པ་ཡིན། །བུ་རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་ནུབ་ཏུ་ཀ་ཆེན་བཙུགས་པ་དེ། །གཙང་རོང་གི་མེས་སྟོན་ཚོན་པོ་ཡིན། །ཀ་ཐོག་ན་ཁྱུང་ཆེན་ལྡིང་བ་དེ། ཁོང་མི་གཞི་ཁྱུང་དང་འདྲ་བ་ཡིན། །རྩེ་སྒྲོ་མཐའ་ནས་རྒྱས་པ་དེ། སྙན་བརྒྱུད་ཀྱི་གདམས་པ་ཐེ བས་པ་ཡིན། །སྤྱན་མིག་གྱེན་དུ་གཟིགས་པ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན། ནམ་མཁའི་མཐོངས་སུ་འཕུར་བ་དེ། །ཐར་པའི་ལམ་སྣ་ཟིན་པ་ཡིན། །བུ་རྨི་ལམ་མི་ངན་རྨི་ལམ་བཟང་། ཉི་མ་བྱང་དུ་ཀ་ཆེ་བཙུགས་པ་དེ། །ཁྱོད་གུང་ཐང་གིས་མི་ལ་རས་པ་ཡིན། །ཀ་ཐོག་ཏུ་རྒོད་པོ་ལྡིང་བ་དེ། །ཁྱོད་མི་གཞི་རྒོད་དང་འདྲ་པ་ཡིན། །རྒོད་རྩེ་སྒྲོ་མཐའ་ནས་རྒྱས་པ་དེ། སྙན་བརྒྱུད་ཀྱི་གདམས་པ་ཐེབས་པ་ཡིན། །རྒོད་ཚང་བྲག་ལ་བཅས་པ་དེ། །ཚེ་སྲོག་བྲག་བས་སྲ་བ་ཡིན། །བྱ་ཕྲན་གྱིས་ནམ་མཁའ་ཁེངས་པ་དེ། །བཀའ་བརྒྱུད་ཀྱི་བསྟན་པ་དར་བ་ཡིན། རྒོད་དེ་ལས་བུ་གཅིག་སྐྱེས་པ་དེ། །འགྲན་གྱི་དོ་མེད་ཅིག་འོང་བ་ཡིན། །བུ་རྨི་ལམ་མི་ངན་རྨི་ལམ་བཟང་། །ང་མི་རྒན་ཁ་ལ་བལྟས་ཡོད་ན། ཆོས་བསྒྲུབ་རྒྱུད་བསྟན་པ་དར་ཏེ་མཆིས། །ཞེས་གསུངས་ཏེ། ཁོ་བོས་ཇོ་བོ་ནཱ་རོ་པ་ཆེན་པོས་ལུང་བསྟན་ཇི་ལྟ་བ་བཞིན་དུ་དར་མ་མདོ་སྡེ་ནི་མེད། ད་ཁྱེད་རྣམས་འགྲོ་དོན་འཕེལ་ཞིང་བསྟན་པ་དར་བར་འོང་སྟེ། ཁྱེད་རང་ཚོ་ཚོགས་འཁོར་ཞིག་གྱིས། ངས་ཆོས་ཀྱི་ཕས་ཕོག་བྱའོ་གསུངས། དེར་ཐམས་ཅད་ཀྱི་ཚོགས་ཀྱི་འཁོར་ལོ་བཤམས་ཤིང་གསོལ་བ་བཏབ་པས། བླ་མའི་ཞལ་ནས་གཞུང་གི་རྔོག་སྟོན་ཆོས་རྡོར་ལ་འཕོ་བ་རྒྱ་མཐོང་ཁ་ཕྱེས་པ་ལྟ་བུའི་གདམས་ངག་གནང་། འགྲོ་དོན་སྐྱོངས་ཤིག་གསུངས། དོལ་གྱི་མཚུར་སྟོན་དབང་ངེ་ལ་བཤད་རྒྱུད་མུ་ཏིག་ལྟར་ལ་བརྒྱུས་པ་ལྟ་བུའི་གདམས་ངག་གནང་། གྲྭ་སློབ་སྐྱོངས་ཤིག་གསུངས། གཙང་རོང་གི་མེས་སྟོན་ཚོན་པོ་ལ་འོད་གསལ་མུན་ནང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་གདམས་ངག་གནང་། བར་དོ་ཆོད་ཅིག་གསུངས། རྗེ་བཙུན་ཆེན་པོའི་ཐུགས་ཀར་ཕྱག་འཁར་གཏད་དེ་གཏུམ་མོ་ཤིང་གཤགས་ལ་མེ་སྦར་བ་ལྟ་བུའི་གདམས་ངག་གནང་། གངས་ཁྲོད་འགྲིམས་ཤིག་གསུངས། ད་མི་ལ་ངེད་གཉིས་མཚམས་ལ་སྡོད་གསུངས་ནས་སྐུ་མཚམས་མཛད་པར། དེ་ནས་མི་ལ་མ་འགོལ་བར། ཇོ་མོ་ལ་ཕུད་ཚོགས་འཁོར་ཞིག་ཤོམས་གསུངས་ནས། སྙན་བརྒྱུད་བརྡ་ཡི་དབང་བཞི་དང་། གཏུམ་མོ་གནད་ཀྱི་གདམས་ངག་སྲོག་རྩོལ། བསྲེ་འཕོ་སྙན་བརྒྱུད་ཀྱི་མན་ངག་རིགས་ལྔ་དམར་ཁྲིད་ལ་སོགས་པ་རྣམས་ལེགས་པར་ངོ་སྤྲད་དེ་གནང་། གཞན་རྣམས་ལ་གདམས་པ་སྣ་རེ་ལས་མ་བྱིན། ཁྱོད་ལ་བུམ་པ་གང་བྱོའི་ཚུལ་དུ་བྱིན་ཡོད་པས་ཉམས་སུ་ལོངས་ཤིག་གསུངས་ནས་སྦ་སྲི་དང་། ཁ་ཞེ་མེད་པར་གནང་ནས་མགུར་འདི་གསུངས་སོང་། ན་མོ། བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །བསམ་པའི་གདམས་ངག་དེ་ཀ་ཉིད། །མང་པོ་ཐོས་འདོད་གཡེང་བའི་རྒྱུ། །གནད་ཀྱི་གདམས་ངག་སེམས་ལ་འཆང་། །དེ་དེ་མང་ཡང་འདི་ཉིད་མེད། །སྡོང་པོ་མང་ཡང་འབྲས་བུ་མེད། །ཡོན་ཏན་མང་ཡང་དོན་སྟོན་མེད། །དེ་སྔ་བསླབ་ཀྱང་འདི་མཐོང་མེད། །བཤད་རྒྱུ་མང་ཡང་ཕན་པ་མེད། །ཕན་སྙིང་ལ་ཐོག་པ་དམ་པའི་ཆོས། །ནོར་ཕྱུག་པོ་འདོད་ན་འདི་ལ་དྲིལ། །ཆོས་ཉོན་མོངས་འདུལ་བ་ཐབས་ཀྱི་ལམ། །ལམ་བཙན་ས་ཟིན་པ་འདི་ལ་དྲིལ། །སེམས་ཁོ་ཐག་ཆོད་པ་ཆོག་ཤེས་ཀྱི་དཔོན། དཔོན་བཟང་པོ་འདོད་ན་འདི་ལ་དྲིལ། །འཁོར་བ་ལ་ངུ་བྲོའི་སྒྱིད་ལུག་སྐྱུར། །མི་མེད་ཀྱི་རྫ་བྲག་ཕ་མི་མཁར། གྲོགས་ཡོད་གཅིག་པུ་ལྷ་ཡི་ལུས། །སེམས་ལ་སེམས་བཞོན་ཆད་མེད་ཀྱི་རྟ། །རང་ལུས་དགོན་པ་ལྷ་ཡི་ཁང་། །ཡེང་མེད་ཀྱི་དགེ་སྦྱོར་སྨན་གྱི་མཆོག །དོན་དང་ལྡན་པའི་སྐྱེས་བུ་ལ། །དོན་ལ་ཐོགས་མེད་ཀྱི་གདམས་ངག་བྱིན། །ང་དང་གདམས་ངག་ཁྱེད་དག་གསུམ། མ་རུལ་མ་ཟད་མ་སྐམ་པར། །བུ་ཡི་ལག་ཏུ་བཞག་པ་འདིས། །འབྲས་བུ་ལོ་འདབ་རྒྱས་པར་ཤོག །ཅེས་གསུངས་ཏེ། ང་ཡི་གདམས་ངག་འདི་ཇོ་སྲས་མདོ་སྡེ་འདྲ་བ་རེ་རེ་མིན་པ་སྦྱིན་མི་རུང་བས། གང་ཡིན་ལ་མ་སྦྱིན་ཅིག་གསུངས་ནས་བཀའ་རྒྱས་བཏབ་བོ། །ཉམས་དང་རྟོགས་པ་ཕུན་སུམ་ཚོགས་པ་སྐྱེས། ད་བདག་གིས་བླ་མ་སྐུ་དྲིན་ཅན་ཡབ་ཡུམ་ལ་ནོར་རྫས་ཡོ་བྱད་དང་། དངོས་པོའི་ཞབས་ཏོག་ནི་བདག་ལ་མེད། དབེན་པའི་གནས་ཤིག་ཏུ་སྒྲུབ་པའི་ཞབས་ཏོག་གིས་མཉེས་པར་བྱ་དགོས་སྙམ་དུ་དགོངས་ཤིང་ཡོད་པ་ལ། ནུབ་ཅིག་གི་རྨི་ལམ་ན། ཌཱ་ཀི་མ་བུ་མེད་ཀྱི་ཆ་བྱད་དུ་བྱས་པ་ཅིག་གི་ཞལ་ནས་ལྷོ་ཤལ་གྱི་ཕྱོགས་སུ་སོང་ཞིག་དང་། ཌཱ་ཀིའི་བྱིན་རླབས་འཇུག་ཅིང་འགྲུབ་ཐག་ཉེ་བར་འོང་ངོ་། །ཞེས་རས་དཀར་པོ་ཞིག་ནམ་མཁའ་ལ་དཔྱངས་པ་རྨིས། ཡང་དེའི་རྗེས་སུ་མནལ་ཐུན་ཅིག་ལ། འཁྲུངས་ཡུལ་དུ་ཕེབས། ཡུམ་འདས། ཁང་པ་ཞིག །སྲིང་མོ་འཁྱམས་པ་ཞིག་རྨིས་ནས་མང་པོ་བཤུམས་པས་དབུ་སྔས་སྤྱན་ཆབ་ཀྱིས་དགང་། མནལ་སད་པ་དང་སྐྱོ་བ་བཟོད་བླག་མེད་པ་བྱུང་། དེར་ནམ་ལངས་ནས་མཚམས་སྒོ་ཕྱེས་བླ་མའི་དྲུང་དུ་བྱོན་ཙ་ན། བླ་མ་མནལ་དུ་བཞུགས་འདུག་པའི་ཞབས་ལ་ཕྱག་འཚལ་ནས་ཞུ་དོན་གླུ་རུ་བླངས་ལ། །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་གཅིག་ཡུལ་དུ་གཏོང་བར་ཞུ། །ཡུལ་ངན་རྩྭ་ཡི་ཀོ་རོན་དུ། ཉེ་བ་དགྲར་ལངས་ཀྱི་མ་སྨད་གསུམ། །སོ་སོར་གྱེས་ནས་ལོ་འགའ་སོང་། །སྤྲང་ལན་གཅིག་ཡུལ་དུ་གཏོང་བར་ཞུ། །ཞེས་ཞུས་པས། བླ་མ་མནལ་སད་པ་དང་། གཟིམ་ཁང་དུ་ཉི་མ་ཤར་བ་དང་། ཡུམ་གྱིས་བཞེས་པ་འདྲེན་དུ་བྱོན་པ་རྣམས་འཛོམ་སྟེ། བུ་ཁྱོད་མཚམས་དམ་པོར་ཡོད་པ་ཧར་འདོན་བྱེད་པའི་ལུགས་མེད། སྒོ་ང་མའི་དྲོད་ལ་སྐྱེ་བ་ཡིན་ཡུལ་དུ་འགྲོ་ལོང་ཡོད། སྒྲུབ་པ་གྱིས་ལར་ཁྱོད་ལ་ཕྲེང་བ་ཡུལ་ན་མེད། མཚམས་ཧར་འདོན་བྱེད་པ་ཅི་ཡིན། ད་རུང་ཁྱོད་ཞག་ཁ་ཡར་ཅིག་ལ་མ་འགྲོ་དང་། ངས་རྟེན་འབྲེལ་ཟབ་མོ་བསྒྲིགས་རྒྱུ་ཡོད་གསུངས་ཏེ། དེ་ནས་ཉིན་གཅིག་བླ་མའི་དྲུང་ནས་ད་ཁྱོད་འགྲོ་ན་ཡང་སོང་ལ་སྒོམས། ཡང་རྒྱ་གར་དུ་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡོད་པ་ལས་བཞི་ངས་བླངས་པ་ཡིན། ལྔ་ད་རུང་ཡོད་པས་ནཱ་རོའི་བུ་བརྒྱུད་ཅིག་སོང་ན་ལོན་པར་ཡོད་པས། ཁྱོད་འགྲོ་ནུས་ན་སེམས་ཅན་ལ་ཕན་པས་སོང་སྒྲུབ་པ་ནུས་ན་བླ་མའི་ཞབས་ཏོག་དང་། ཕ་མའི་ཞབས་དྲིན་ལེན། སེམས་ཅན་གྱི་འགྲོ་དོན་ཐམས་ཅད་དུས་གཅིག་ལ་འགྲུབ་པ་ཡིན། སྒྲུབ་པ་མ་ནུས་ན་ཚེ་རིང་པོར་བསྡད་ཀྱང་དགོས་པ་མེད། ཚེ་ངན་རིང་དང་ལས་ངན་མང་ལ་མ་སོང་བར་རེམ། ཡང་དང་ཡང་དུ་ང་དྲན་པ་གྱིས་ཤིང་འབུངས། ངས་ཀྱང་ཁྱོད་ཡང་དང་ཡང་དུ་དྲན་པ་བྱེད། དྲན་རེས་མ་འཛོལ་བའི་ཐབས་མེད་པ་ཡིན་གསུངས་པ་རྣམས་ཀྱིས་སེམས་ལ་ཕན་ཏེ་སྙིང་ལ་གཅག །ཤ་ལ་བྲད་པ་ཅིག་བྱུང་བས་ཕྱིས་སྒྲུབ་པ་སྙིང་རུས་བྱེད་དུས་ཀྱང་གསུང་རེ་རེ་དྲན་ཞིང་བསྒོམ་ཤེད་ཇེ་ཆེ་ཇེ་ཆེར་སོང་སྐད་དོ། །དེ་ནས་མ་ལ་འགྲོ་ཟེར་བས་བདག་མེད་མས་མི་རྟག་པའི་ཉམས་མང་པོ་མཛད་དེ། མཐུ་ཆེན་ལ་འདི་སྐད་ཅེས་གསུངས་སོ། །ཁྱོད་སྙིང་རུས་ཅན་གྱི་སྡུག་སྲན་ཅན། །ཕྱི་ཐག་རིང་ཞིང་ངང་རིང་པོ། །སྐལ་པ་ཅན་གྱི་བུ་ཁྱོད་ཀྱིས། །བླ་མའི་བདུད་རྩི་ཡེ་ཤེས་འཆང་། །ངོམ་པར་འཐུང་ལ་བཞུད་པར་ཞུ། །ཕ་དང་མ་གཉིས་མ་བརྗེད་པར། །གསོལ་བ་ཡང་ཡང་འོ་དོད་བོས། །སྙིང་ལ་ཕན་པའི་གདམས་ངག་ལ། འདྲོངས་པར་ཟོ་ལ་བཞུད་པར་ཞུ། །དྲིན་དང་ཕན་པ་མ་བརྗེད་པར། བཀའ་དྲིན་སོམས་ཤིང་སྙིང་རུས་མཛོད། །མཁའ་འགྲོའི་ཁས་བླངས་ཟབ་མོའི་ཆོས། །དྲོ་བར་གྱོན་ལ་བཞུད་པར་ཞུ། །མ་ནུས་སེམས་ཅན་མ་བརྗེད་པར། །རང་སེམས་བྱང་ཆུབ་ལམ་ལ་ཚུད། །སྐལ་པ་བཟང་པོ་བདག་མེད་མས། །བུ་ལ་སྙིང་གཏམ་བསྐུལ་བསྐུལ་བས། བུས་ཀྱང་མ་བརྗེད་སྙིང་ལ་བཟུང་། །མས་ཀྱང་ཡི་དམ་མགོན་དུ་སྐྱོབ། །སེམས་ཡིད་མཐུན་པའི་མ་བུ་གཉིས། །ཨོ་རྒྱན་ཡུལ་དུ་མཇལ་བར་ཤོག །དྲིན་ལེན་ཆོས་ཀྱིས་འཁོར་བར་ཤོག །ཅེས་གསུངས་པས། མི་ལས་དགའ་སྟེ་ངས་ད་རུང་ཆོས་ཤིག་མི་བྱེད་དེ་ཨེ་ཀོ་བསམ་པ་བྱུང་ངོ་། །དེ་ནས་བླ་མ་དང་ཇོ་མོས་ཐུགས་ལ་བཏགས་ཤིང་གདམས་ངག་ཐམས་ཅད་རྫོགས་པས། ད་ང་ཡར་ལ་འགྲོ་ཞུས་པས། གཙང་ཡར་འགྲོའི་མགུར་འདི་ཕུལ་བ་ཡིན་ནོ། །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་གཅིག་ཡུལ་དུ་འགྲོ་བར་ཞུ། །ཨ་མ་ལུས་ཀྱི་སྒྲོམ་བུ་དེ། །དུས་ད་ལྟ་ཞིག་གམ་མ་ཞིག་ལྟ། །སྲིང་མོ་པེ་ཏ་དཔལ་འདྲེན་དེ། །དུས་ད་ལྟ་ཤིའམ་མ་ཤི་ལྟ། །ཁྱིམ་མཚེས་ཨ་ཁུ་གཡང་དཔལ་དེ། །དུས་ད་ལྟ་ཤིའམ་མ་ཤི་ལྟ། །ཨ་ནེ་ཁྱུང་བཟའི་དཔལ་འདྲེན་དེ། །དུས་ད་ལྟ་སྐྱིད་དམ་མི་སྐྱིད་ལྟ། །ཁང་པ་ཀ་བཞི་གདུང་བརྒྱད་དེ། །དུས་ད་ལྟ་འགྱེལ་ལམ་མི་འགྱེལ་ལྟ། །བཙན་མཁར་ཟུར་བཞི་ལོགས་བརྒྱད་དེ། །དུས་ད་ལྟ་ཞིག་གམ་མ་ཞིག་ལྟ། །གཤོང་ཞིང་འོལ་མོ་གྲུ་གསུམ་ལ། །འཇག་སྐྱ་འཕྱུར་རམ་མ་འཕྱུར་ལྟ། །དམ་ཆོས་གླེགས་བམ་བརྒྱད་པ་དེ། །དུས་ད་ལྟ་བཞུགས་སམ་མི་བཞུགས་ལྟ། །བླ་ཆོས་དཀོར་གཉེར་ལྷ་འབུམ་དེ། །དུས་ད་ལྟ་སྐུ་ཁམས་ཨེ་བཟང་ལྟ། །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་གཅིག་ཡུལ་དུ་འགྲོ་བ་ལ། །སྐྱེལ་མ་དང་བསུ་མ་ཐམས་ཅད་མཛོད། །བར་ཆད་རྐྱེན་ངན་གྱིས་བཟློག་པར་མཛོད། །ལུས་ངག་དང་བསམ་པའི་སྲུང་མ་མཛོད། །སྨོན་ལམ་དང་ཐུགས་ཁུར་གྱི་རྟེན་འབྲེལ་མཛོད། །ཐུགས་རྗེ་དང་ནུས་པའི་དབང་བསྐུར་མཛོད། །རྒྱུད་ལུང་དང་མན་ངག་གིས་རྒྱབ་བརྟེན་མཛོད། །ཚེ་རིང་དང་ནད་མེད་ཀྱི་བཀྲ་ཤིས་མཛོད། །སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཞེས་ཞུས་པས། འོ་མཐུ་ཆེན་ཡིད་གཉིས་དང་ཐེ་ཚོམ་མི་དགོས། ཁྱེད་ལ་ཡང་ངས་ཤེས། ང་ལ་ཡང་ཁྱེད་ཤེས། ཆོས་ནུས་ན་ཡང་གང་ནས་དགའ་དང་འདི་ནས་དགའ་མེད་པར་དགའ། ཁྱོད་ལ་ཡང་གང་ནས་སྐྱིད་དང་འདི་ནས་སྐྱིད་མེད་པར་སྐྱིད། རེམ་ཅིག་རེམ་ཅིག་གསུངས་ཏེ་མགུར་འདི་གསུངས་སོ། །༈ རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ལས་བྱ་བ་ཆོས་དང་མཐུན་པའི་བུ། །ལུས་སྤྲུལ་སྐུ་སངས་རྒྱས་འགྲུབ་པར་ཤོག །ངག་རྡོ་རྗེའི་བཟླས་པ་བདུད་རྩིའི་རོས། །རྟེན་འབྲེལ་ལོངས་སྐུ་འགྲུབ་པར་ཤོག །སེམས་རྩ་བ་བྱང་ཆུབ་སྡོང་པོ་ལ། །ཆོས་སྐུའི་ལོ་འདབ་རྒྱས་པར་ཤོག །བླ་མའི་བཀའ་ཚིག་རྡོ་རྗེའི་གསུང་། སྙིང་ལ་བརྗེད་མེད་གནས་པར་ཤོག །ཡི་དམ་མཁའ་འགྲོའི་བྱིན་རླབས་དེ། །སྲོག་གི་རྩ་བར་གནས་པར་ཤོག །ཆོས་སྐྱོང་སྲུང་མའི་རྒྱབ་བརྟེན་དེ། །འབྲལ་བ་མེད་པར་སྐྱོང་བར་ཤོག །རྟེན་འབྲེལ་ཟབ་མོའི་སྨོན་ལམ་དེ། མྱུར་བ་ཉིད་དུ་འགྲུབ་པར་ཤོག །ཆོས་མཛད་ཀུན་གྱི་ཐུགས་རྗེ་དེ། །དུས་རྣམས་ཀུན་ཏུ་འཛིན་པར་ཤོག །ཁྱོད་གཙང་སིལ་མ་ལ་ཡི་ལ་ཐོག་ཏུ། །བསྟན་མ་བཅུ་གཉིས་ཀྱི་བསུ་མ་ཡོད། །སང་ཉིན་འགྲོ་བའི་ལམ་ཀ་ན། དཔའ་བོ་མཁའ་འགྲོས་སྐྱེལ་མ་ཡོད། །ཕ་ཡུལ་ཞེན་པའི་འཁོར་ཞིང་ན། །མི་རྟག་སྒྱུ་མའི་དམ་ཆོས་ཡོད། །ཨ་ནེ་སྲིང་མོའི་ཉེ་འཁོར་ལ། །སྒྱུ་མ་ཞིག་པའི་གདམས་ངག་ཡོད། །མི་མེད་ལུང་པའི་བྲག་ཕུག་ན། འཁོར་འདས་རྗེ་བའི་ཚོང་འདུས་ཡོད། །སྙིང་རུས་ལུས་ཀྱི་དགོན་པ་ན། །ལྷ་བདེ་གཤེགས་འདུས་པའི་མཆོད་ཁང་ཡོད། །ན་མེད་ཟྭ་ཡི་ཚོགས་འཁོར་ལ། །མཁའ་འགྲོ་མཉེས་པའི་བདུད་རྩི་ཡོད། །འཁྲུལ་འཁོར་གནད་ཀྱི་ཁ་བསྒྱུར་ལ། འབྲས་རིན་ཆེན་སྐྱེ་བའི་སོ་ནམ་ཡོད། །ཡུལ་མི་རྩིས་ཆུང་བའི་རང་ཡུལ་དེ། །འཕྲལ་གཡེང་བ་མེད་པའི་དགེ་སྦྱོར་ཡོད། །མཚམས་དམ་པོ་མི་མེད་ཁྱི་མེད་ན། །རྟགས་མྱུར་དུ་ཐོན་པའི་སྒྲོན་མེ་ཡོད། །ཟས་དཀོར་ཟས་མེད་པའི་རང་ཟས་ལ། །བདེ་བ་ལྷ་ཡི་ཕ་འབབ་ཡོད། །གྲིབ་དྭངས་པ་ལྷ་ཡི་གཞལ་ཡས་ན། །རང་དོན་ཆེན་འགྲུབ་པའི་ལྟད་མོ་ཡོད། །ངོས་ལྐོག་མེད་པའི་ལྷ་ཆོས་ལ། །དམ་ཚིག་གཙང་བའི་འཕྲིན་ལས་ཡོད། །བཀའ་བཞིན་བསྒྲུབ་པའི་སོ་ནམ་ལ། །དངོས་གྲུབ་ཀུན་གྱི་གཏེར་ཁ་ཡོད། །དམ་ཆོས་མཁའ་འགྲོའི་སྲོག་སྙིང་ལ། །འཁོར་འདས་གཉིས་ཀྱི་གྱེས་སོ་ཡོད། །མར་པ་ལོ་ཙཱའི་བུ་བརྒྱུད་ལ། །གཏམ་སྙན་མང་པོའི་འོང་སྒོ་ཡོད། །མི་ལ་རས་པའི་སྙིང་རུས་ལ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཡོད། །ཅེས་གསུངས་ཏེ། ད་ཀུན་འགྲོ་ན་ཡང་ངས་ཡར་སྐྱེལ་གསུངས་ནས། ལམ་ཆས་གང་འདོད་པའི་དྲོ་བརྒྱགས་སྤྲད་དེ། བླ་མའི་ཞལ་ནས། བུ་ཁྱོད་སོང་ཡང་ཨ་མ་དང་ནི་མི་འཕྲད་པར་འདུག །འགྲོ་ན་བཏང་བས་ཆོག་གིས། ཁྱོད་ནང་དུ་འོང་བ་དང་ང་གཉིད་དུ་སོང་བ་འཕྲད་པས་ངེད་རང་ཕ་བུ་གཉིས་ཕྱིས་མི་འཕྲད་པར་འདུག །འོན་ཀྱང་མཁའ་ལ་ཉི་མ་ཤར་བ་དེ། བཀའ་བརྒྱུད་ཀྱི་བསྟན་པ་དེ་ཟླ་བ་ཡར་གྱི་ངོ་བཞིན་ཁྱོད་ཀྱིས་དར་བར་བྱེད་འདུག །ཡུམ་བཞེས་པ་འདྲེན་དུ་བྱུང་བ་དང་འཛོམས་པས། བུ་ཁྱོད་ལ་ཕྱིས་བསམ་གཏན་ཟས་ཀྱིས་འཚོ་བ་ཞིག་འོང་བར་འདུག །ལར་ཁོ་བོས་རྒྱ་གར་ནས་དཀའ་ལས་བྱས་པའི་ཆོས་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་བྱིན་ཟིན། ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་ཙམ་དུ་ངོ་སྤྲད་ཡོད་པས་བུ་ཁྱོད་དེ་ལྟར་ཤེས་པར་གྱིས། ཡུལ་དུ་ཡང་ཞག་བདུན་ལས་ལྷག་པར་མ་སྡོད། རྩ་རླུང་ཐབས་ལམ་གྱི་གདམས་ངག་རྣམས་བཀའ་རྒྱས་ཐོབ་ལ་མང་པོ་ལ་མ་སྤེལ། གནས་གཡའ་ཁྲོད་དང་གངས་ཁྲོད་ཁོ་ན་འགྲིམ། སྐབས་ལན་གཅིག་རྩ་རླུང་གི་གེགས་ཅུང་ཟད་འོང་བར་འདུག །དེའི་དུས་སུ་ཤོག་དྲིལ་འདི་ཤིག་ལ་ལྟོས། དེ་ཚུན་ལ་མ་ལྟ། །ཞེས་ཕྱག་དཔེ་རྒྱས་བཏབ་པ་ཅིག་གནང་གཙང་སིལ་མ་ལ་འཇིགས་པ་ཆེན་པོ་ཡིན། གྲོགས་བཟང་པོ་དང་འགྲོགས་ལ་སོང་གསུངས། ཡང་རྗེ་བཙུན་གྱིས་ཞུ་དོན་མགུར་དུ་བཞེངས་པ། གཙང་སིལ་མ་ལ་ཡི་ལ་རྩ་ལ། །བསྟན་མ་བཅུ་གཉིས་ཀྱི་བསུ་མ་ཡོད། །རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྒྱབ་བརྟེན་དཀོན་མཆོག་གསུམ་ལ་འཚལ། །གནས་གསུམ་མཁའ་འགྲོས་སྐྱེལ་མ་ཡོད། །གྲོགས་བྱང་ཆུབ་སེམས་དང་འགྲོགས་ནས་འགྲོ། །བསུ་མ་ལྷ་སྲིན་སྡེ་བརྒྱད་ཡོད། །སྡང་བ་དགྲ་ཡི་འཇིགས་དང་བྲལ། །རྗེ་མི་བསྐྱོད་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་གཅིག་ཡུལ་དུ་འགྲོ་བ་ལགས། །ཞེས་ཞུས་པས། བླ་མའི་ཞལ་ནས་བདག་མེད་མ་ལ་མཆོད་པ་བཟང་པོ་དང་ཚོགས་འཁོར་ཤོམས་གསུངས། མཆོད་པ་བཤམས། ཇོ་མོ་ལ་ཡང་ཉམས་འཕར་བ་དང་། སྤྱན་ཆབ་མང་པོ་བྱུང་། བླ་མས་ཀྱང་སྐུ་ཡི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་བསྟན། ལོ་ཙཱ་བ་ཆེན་པོའི་ཞལ་ནས་བུ་ཁྱོད་ཀྱི་དམ་ཆོས་བྱེད་སྙམ་ན། ང་ཡི་ཤེས་ཚད་ཁྱོད་ལ་སྤྲུགས། །ངས་ནོར་ཕྱིར་དམ་ཆོས་ག་ལ་གཏོང་། །ཚུལ་བཞིན་ཉམས་སུ་ལེན་པའི་མི། །རྨི་ལམ་དུ་ཡང་ག་ལ་རྙེད། །བུ་ཁྱོད་ནོར་མེད་དམ་ཆོས་འཚོལ། །འཚོལ་ས་མ་ནོར་ང་ལ་འཕྲད། །ངས་སྙིང་གཏམ་དྲིལ་ནས་བཤད་གྱུར་ན། །ནཱ་རོ་མེ་ཏྲིའི་གདམས་ངག་འདི། །གཞན་ལ་ཕན་ཕྱིར་དཀའ་བ་སྤྱད། རང་གི་དོན་དང་ནོར་ཕྱིར་དུ། །དམ་ཆོས་བླངས་ནས་ང་ལ་སྡིག །བུ་སྙིང་ནས་ང་ལ་ཉོན་དང་ལོ། །སྙིང་ནས་དམ་ཆོས་ལོང་ན་ནི། །འཁོར་བའི་སྡུག་བསྔལ་སེལ་དང་ལོ། །འཇིག་རྟེན་བློ་ཡིས་ཐོང་དང་ལོ། །སྙིང་ནས་དམ་ཆོས་བྱེད་གྱུར་ན། །རྒྱུད་སྡེའི་མཁྱེན་རྒྱ་མི་འཚལ་གྱི། །གདམས་ངག་དང་དུ་ལོང་ལ་སྒོམས། །བུ་འཇིག་རྟེན་བློ་ཡིས་མ་ཐོང་བར། །འདི་ཡི་བྱ་བ་དམ་པའི་ཆོས། །བསྲེས་ན་ཆོས་དེ་ཤོར་བ་ཡིན། །བུ་ཡིས་འཁོར་བའི་སྡུག་བསྔལ་སོམ། །འཁོར་བའི་རང་བཞིན་འདི་རང་ཞེས། །བདག་གིས་ལྕེ་བརྒྱར་རབ་སྤྲུལ་ནས། །བསྐལ་བ་བྱེ་བ་བསམ་ཡས་སུ། །བཤད་ཀྱང་བརྗོད་ཀྱིས་མི་ལོང་བས། །ངས་བཤད་དམ་ཆོས་ཆུད་མ་གསན། །ཞེས་གསུངས་ནས་ཕྱག་སྤྱི་བོར་བཞག །བུ་དེ་ཤིན་ཏུ་དགེ་བར་གྱུར་ཅིག །ཅེས་གསུངས་ནས་ཤིས་པ་མང་དུ་བརྗོད། དེ་ནས་རྗེ་ལོ་ཙཱའི་དྲུང་། མི་ལས་ལམ་ཁྱེར་དྲུག་གི་མགུར་བཞེངས་པ། འགྲོ་ན་སྣང་བ་ལམ་དུ་འཁྱེར། །ཚོགས་དྲུག་རང་གྲོལ་གྱི་འགྲོ་ལུགས་ཡིན། །སྡོད་ན་མ་བཅོས་རྣལ་མར་སྡོད། །ཉམས་སྙིང་པོ་དོན་གྱི་སྡོད་ལུགས་ཡིན། །ཉལ་ན་མཉམ་ཉིད་ངང་དུ་ཉལ། །དུས་གསུམ་མཉམ་བཞག་གི་ཉལ་ལུགས་ཡིན། །ཟ་ན་སྟོང་ཉིད་ཀྱི་ངང་དུ་ཟ། །གཟུང་འཛིན་གཉིས་མེད་ཀྱི་ཟ་ལུགས་ཡིན། །འཐུང་ན་ཡེ་ཤེས་ཀྱི་ཆབ་ལ་འཐུང་། །ཉམས་རྒྱུན་ཆད་མེད་པའི་སྐྱོང་ལུགས་ཡིན། །འགྲོ་འཆག་ཉལ་འདུག་སེམས་ལ་ལྟ། །མཐུན་མཚམས་མེད་པའི་དགེ་སྦྱོར་ཡིན། །ཞེས་པའི་མགུར་འདི་མཛད་དོ། །དེ་ནས་སེམས་དཔའ་གཏིང་ངེ་སོང་སྟེ། ངས་སྙིང་རུས་ཤིག་ནུས་ན་དོགས་པ་མེད་པར་འདུག་སྙམ་པའི་སྣང་བ་མཐོ་ལིང་ངེ་བ་ཅིག་རྒྱུན་དུ་བྱུང་ངོ་། །དེ་ནས་བླ་མ་མར་པ་དང་རྔོག་གཉིས་ལ་སངས་རྒྱས་ཀྱིས་འདུ་ཤེས་སྐྱེས་པའི་དད་པ་བརྟན་པོ་ཐོབ་ཅིང་། བླ་མ་ཡབ་ཡུམ་སྐུ་འཁོར་སུམ་ཅུ་ཙམ་གྱིས་སྔ་དྲོ་ཞིག་གི་བར་སྐྱེལ་མ་མཛད་དེ། ཡིད་འཕྲེང་བའི་སྐྱོ་ཤས། ངག་འཕྲེང་བའི་སྙིང་གཏམ། ལུས་འཕྲེང་བའི་སྙིང་གཏམ་མང་དུ་མཛད་ཅིང་། བླ་མའི་ཞབས་ལ་འཇུས་ཏེ་སྨོན་ལམ་བཟང་པོ་བཏབ། བླ་མས་ཀྱང་ཕྱག་མཛུབ་སྙིང་དཀར་གཏད་ནས་སྨོན་ལམ་མང་པོ་གསུངས་ཏེ། དཔོན་སློབ་གཉིས་འབྲལ་མི་ཕོད་པའི་གདུང་དབྱངས་མང་པོ་མཛད་ནས། ས་ཕག་མ་བུད་ཀྱི་བར་དུ་ཡིད་འཕྲེང་བའི་ཕྱི་མིག་མང་པོ་ཡང་དང་ཡང་དུ་བལྟས་ཙ། བླ་མ་དཔོན་སློབ་རྣམས་ལྷོ་བྲག་གངས དཀར་གྱི་ལ་ཁར་ད་རུང་སྨུག་སྤུངས་སེ་འདུག་པས་ཡིད་ལ་བཅད་རྡོ་ཆེན་པོ་ཡོད་པ་ཡིན་པས་དེས་ལོག་ཆིས་བྱས་སོ། །ཕྱི་མིག་མང་པོ་ཡང་དང་ཡང་དུ་བལྟས་པས། མར་པའི་ཞལ་ནས། ཁོས་ཕྱི་མིག་ཡང་ཡང་བལྟས་པ་དེ་ང་ལ་འཕྲེང་ནས་ལོག་ཚད་དེ། སྙིང་ལ་རུས་པ་ཅིག་ཡོད་དོ་གསུངས་སོ། །རྗེ་བཙུན་གྱི་ཐུགས་ལ་ཡང་ལས་ཅི་ལ་ཐུག་ཀྱང་ཆོས་བྱེད་བསམ་པའི་ངེས་ཤེས་དང་མ་བྲལ་བར་བླ་མ་ཡིད་ལ་སྤྲིང་ངེ་བ་ཅིག་བྱུང་བས་སྐྱོ་ཏིང་ངེ་བ་ཞིག་ལ་ཡུལ་དུ་བྱོན་ནོ། །བླ་མ་མར་པ་ཡར་ལ་བྱོན་ཏེ་ང་ཡི་བུ་དེས་ཆོས་གཤའ་མ་ཞིག་ནུས་པར་འདུག་གསུངས་སོ། །དེ་ཡན་ཆད་ཐམས་ཅད་དཀའ་སྤྱད་སྙིང་རུས་ཀྱི་སྐོར་ཏེ་ལྔ་ལས་གོང་མའི་སྐོར་རོ། །

དེ་ནས་ཏིང་ངེ་འཛིན་དང་འབྲེལ་པའི་ཡོན་ཏན་བཅོ་བརྒྱད་དེ། འཁོར་བ་ལ་སྙིང་པོ་མེད་པར་རྟོགས་པའི་ཡོན་ཏན་དང་། རྨི་ལམ་བརྡར་ཤར་བའི་ཡོན་ཏན་དང་། བདེ་དྲོད་ངོ་འཕྲོད་པའི་ཡོན་ཏན་དང་། ཟས་གོས་ཀྱི་འདུན་པ་དང་བྲལ་བའི་ཡོན་ཏན་དང་། ཉམས་མྱོང་བདེ་བར་ཤར་བའི་ཡོན་ཏན་དང་། རྟོགས་པ་ལམ་དུ་ཤར་བའི་ཡོན་ཏན་དང་། སྣང་བ་མཐུན་རྐྱེན་དུ་ཤར་བའི་ཡོན་ཏན་དང་། ཆོས་བརྒྱད་རང་གྲོལ་དུ་ཤར་བའི་ཡོན་ཏན་དང་། རྩོད་པས་མི་བརྫི་པའི་ཡོན་ཏན་དང་། དྲིན་ལེན་བསབ་པའི་ཡོན་ཏན་དང་། སྤྱོད་པ་ཆེ་བའི་ཡོན་ཏན་དང་། ལྷ་ཡི་ལྷར་གྱུར་པའི་ཡོན་ཏན་དང་། ཡེ་ཤེས་སྒྲོན་མེ་བལྟམས་པའི་ཡོན་ཏན་དང་། ནུས་པ་ཆེ་བའི་ཡོན་ཏན་དང་། བྱིན་བརླབས་ཆེ་བའི་ཡོན་ཏན་དང་། ཕྱག་རྒྱ་ཆེན་པོ་ངོ་འཕྲོད་པའི་ཡོན་ཏན་དང་། ཚེ་གཅིག་གིས་ཟུང་འཇུག་རྡོ་རྗེའི་སྐུ་འགྲུབ་ཅིང་འཇའ་ལུས་སུ་ཡལ་བའི་ཚུལ་བསྟན་པའི་ཡོན་ཏན་ནོ། །


no previousརྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེའི་གསུང་མགུར་མཛོད་ནག་མ།དཀའ་སྤྱད་སྙིང་རུས་ཀྱི་སྐོར།next