Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
འཁོར་བ་ལ་སྙིང་པོ་མེད་པའི་ཡོན་ཏན།
   
   
   
   
   
   
   
   
   
   
   
   
   
   
   


 
previousའཁོར་བ་ལ་སྙིང་པོ་མེད་པའི་ཡོན་ཏན།next

འཁོར་བ་ལ་སྙིང་པོ་མེད་པའི་ཡོན་ཏན།

དེ་ལ་དང་པོ་འཁོར་བ་ལ་སྙིང་པོ་མེད་པར་རྟོགས་པའི་ཡོན་ཏན་ནི། རང་གི་ཡུལ་དུ་སོང་ཙ། ཕ་ཡི་རུས་པ་ལ་བཙའ་ཞན་ནས་ཁང་པའི་ཕུག་ཏུ་འདུག །མ་ཡི་རུས་པ་ཁང་པའི་སྒོ་ཐེམ་ན་སྐྱ་ཁྲོ་ལེ་འདུག །སྲིང་མོ་སྤྲང་དུ་སོང་། ཡུལ་ཐམས་ཅད་འདྲེ་ཡོད་ཟེར་ནས་དྲི་ཟའི་གྲོང་ཁྱེར་དུ་སོང་། ཞིང་ཐམས་ཅད་འཇག་སྐྱ་བཤུད་བཤུད་འདུག །ཚང་མང་འགྱེལ་བའི་གྱང་རལ་ཕ་མའི་རྩིབས་ཁོག་སྐྱ་ཟིང་ངེ་འདུག །མཁར་ཅིག་ཡོད་པ་བོང་བུའི་རྣ་མཆོག་བཞིན་དུ་སོང་སྟེ། ཆོས་དེ་ཚོའི་གླེགས་ཐག་གླེགས་ཤིང་མིས་ཁྱེར་ནས་ཤོག་གུའི་བར་དུ་རྩ་ལྡུམ་སྐྱེས་ནས་འདུག་སྟེ། ཉིན་མོ་ཝ་སྤྱང་འདྲོག་འུ་རེ། ནུབ་མོ་ཡི་དྭགས་བཤི་རིང་ངེ་འདུག་པས་བློ་དང་སྣང་བ་མི་བདེ་བའི་ངང་ལ་དེ་ནུབ་དེར་ཉལ་བ་ལ། མནལ་ཡེ་མ་བྱུང་བས། ད་དེ་ཆོས་ཅིག་མ་ནུས་ན་ཕན་པ་མི་འདུག་བསམ་པ་སྐྱེས་ཏེ། ནམ་སྨད་ཐོ་རངས་ཁར་སྙིང་མི་དགའ་ཕྱོད་དེ་བ་ཅིག་ལ་ཆགས་མ་དབྱངས་ཀྱི་མགུར་འདི་གསུངས་སོ། །ཀྱེ་མ་ཀྱེ་མ་ཀྱི་ཧུད་ཀྱི་ཧུད་ཨང་། །འཁོར་བའི་ཆོས་ལ་བློ་གཏད་བྱས་པ་རྣམས། །བསམ་ཞིང་བསམ་ཞིང་ཡི་མུག་མང་ཡང་ལྡང་། །དཔྱད་ཅིང་དཔྱད་ཅིང་སྡུག་བསྔལ་གཏིང་ནས་འཁྲུགས། །བསྐོར་ཞིང་བསྐོར་ཞིང་འཁོར་བའི་གཏིང་དུ་འཕེན། །འདི་འདྲའི་སྙིང་རླུང་ལས་ཀྱིས་ཟིན་པ་རྣམས། །ཅུག་བྱེད་ཅུག་བྱེད་ཆོས་ལས་གྲག་པ་མེད། །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་པོས་རི་ཁྲོད་ཐུབ་པར་བྱིན་གྱི་རློབས། །མི་རྟག་སྒྱུ་མའི་གྲོང་ཁྱེར་ན། །ཤུལ་རིང་གི་མགྲོན་པོ་སྙིང་རླུང་ལྡང་། །ཡུལ་ཡ་མཚན་གུང་ཐང་སྣོལ་ལུང་རལ། །ནོར་ལུག་བ་རའི་ཁ་ཟས་རྩྭ། །དུས་དེང་སང་འབྱུང་པོས་བདག་ཏུ་བཟུང་། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཅིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །ཚང་མང་ཀ་བཞི་གདུང་བརྒྱད་དེ། །དུས་དེང་སང་སེང་གེའི་ཡ་མཁལ་འདྲ། །མཁར་ཟུར་བཞི་ལོག་བརྒྱད་རྩེ་དང་དགུ། །དུས་དེང་སང་བོང་བུའི་རྣ་མཆོག་འདྲ། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཅིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །གཤོང་ཞིང་འོལ་མོ་གྲུ་གསུམ་དེ། །དུས་དེང་སང་འཇག་མའི་ཕ་ཡུལ་རེད། །གཉེན་ཉེ་བ་ཕན་དུ་རེ་བ་རྣམས། །དུས་དེང་སང་དགྲ་བོའི་དམག་དཔུང་རེད། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཅིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །ཕ་བཟང་པོ་ཐོས་པ་སེ་བ་དེ། །དུས་དེང་སང་རུས་ཕྱེ་སྤར་བ་གང་། །ཨ་མ་ཉང་ཚ་དཀར་རྒྱན་དེ། །དུས་དེང་སང་རུས་པའི་རྩིབས་ཁོག་ཅིག །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །བླ་མཆོད་དཀོར་གཉེར་ལྷ་འབུམ་དེ། །དུས་དེང་སང་མི་ཡི་གཡོག་པོ་རེད། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །དམ་ཆོས་དཀོན་མཆོག་བརྩེགས་པ་དེ། །དུས་དེང་སང་བྱ་བྱིས་ཚང་སྟན་བྱས། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །ཁྱིམ་མཚེས་ཨ་ཁུ་གཡང་དཔལ་དེ། །དུས་དེང་སང་སྡང་བའི་དགྲ་དང་བསྡོངས། །སྲིང་མོ་ཁྱུང་གཟའ་དཔལ་འདྲེན་དེ། །གར་སོང་རྗེས་མགོ་གཏད་སོ་མེད། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་རེད། དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཤིག་བྱེད། །རྗེ་མི་བསྐྱོད་ཀྱི་ངོ་བོ་སྐུ་དྲིན་ཅན། །སྤྲང་པོ་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཞེས་གདུང་དབྱངས་མང་པོ་བླངས་ནས། ཆོས་རྣམས་ཀྱི་ཡིག་འབྲུ་གསལ་བ་རྣམས། སློབ་དཔོན་རྙིང་མ་བ་ཡི་གེ་བསླབ་ས་ཞིག་ཡོད་པ་དེ་ལ་ཕུལ་ནས་གླའོ་ཞིབ་དུ་དྲིས་པས། ཚ་བ་ཞིག་གནང་ནས་ཁྱེད་ད་བར་གར་སོང་། ཁྱེད་ལ་རེ་མ་བྱུང་། མི་མང་པོ་བསད་ནས་མ་ལ་ཡང་མ་ཕན། ཡུལ་མཁར་ཡང་མ་ཟིན་གསུང་པས། སློབ་དཔོན་རྙིང་མ་བའི་དྲུང་དུ་མི་རྟག་པའི་མགུར་འདི་གསུངས་སོ། །ཀྱེ་མ་འཁོར་བའི་ཆོས་ལ་སྙིང་པོ་མེད། །མི་རྟག་མི་རྟག་སྙིང་པོ་མེད། །འགྱུར་ཞིང་འགྱུར་ཞིང་སྙིང་པོ་མེད། །མི་ངེས་མི་ངེས་སྙིང་པོ་མེད། །ཡུལ་ཡོད་བདག་མེད་སྙིང་པོ་མེད། །བདག་ཡོད་ཡུལ་མེད་སྙིང་པོ་མེད། །བདག་དང་ཡུལ་གཉིས་འཛོམས་རུང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །ཕ་ཡོད་བུ་མེད་སྙིང་པོ་མེད། །བུ་ཡོད་ཕ་མེད་སྙིང་པོ་མེད། །ཕ་བུ་གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། མ་ཡོད་ཕ་མེད་སྙིང་པོ་མེད། །ཕ་ཡོད་མ་མེད་སྙིང་པོ་མེད། །ཕ་མ་གཉིས་ཀ་འཛོམ་རུང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །མི་ཡོད་ནོར་མེད་སྙིང་པོ་མེད། །ནོར་ཡོད་མི་མེད་སྙིང་པོ་མེད། །མི་ནོར་གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །བདེ་སྐྱིད་ལོངས་སྤྱོད་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །ཅི་བྱས་སྡུག་བསྔལ་སྙིང་པོ་མེད། །ཅི་བསགས་མི་རྟག་སྙིང་པོ་མེད། །ཅི་སྒྲུབ་སྒྱུ་མར་སྙིང་པོ་མེད། །ཐམས་ཅད་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །སྙིང་པོ་མེད་པའི་རང་བཞིན་ལ། །ད་ནི་རྣལ་འབྱོར་བདག་ཅག་གིས། །སྙིང་པོའི་དོན་ཅིག་ཅུག་བསྒྲུབ་ཨང་། །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་པོས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཞེས་མགུར་བཞེངས་ནས། ཀྭ་ཡེ་ཤིང་དང་ཞིང་དགོས་པ་ཡོད་ན་འདིར་ཤོག་ཅེས་བོས་ནས། ཕ་བསགས་པ་ཅན་གྱི་ཞིང་མཁར་ལ། །བུ་སྟོང་ཕོད་ཅན་གྱི་ཐོས་པ་དགའ། །ཞེན་ཆགས་རྡུལ་ཙམ་མི་བདོག་པས། །དགྲ་མེད་གཉེན་མེད་བཤེས་ཀྱང་མེད། །ཅེས་གསུངས་པས། སློབ་དཔོན་ཡིན་ན་གོ་བཅད་དེ་ཡུལ་འདིར་མི་རྣམས་ཀྱི་འདྲེ་བསྒྲུབ་ལས་འདི་བྱས་ཟེར་ཞིང་ཡོད། ཁྱོད་ཀྱི་མ་ཤི་ནས་ལོ་མང་པོ་རེད། སྲིང་མོ་སྤྲང་དུ་སོང་ཡོད། ཨ་ནེ་ཕུ་འདི་ན་ཕུ་འབྲོག་མདའ་ཞིང་འཛོམ་ནས་ཡོད་པས། དེར་སོང་ན་བརྒྱགས་ཆུ་ལ་ཕན་པ་སྟེར་མོད་གསུངས་པས། རྗེ་བཙུན་ཡང་སྐྱོ་ཕྱོད་དེ་བཏང་བ་ལ། ཨ་ནེ་ཅན་དུ་ཡང་སོང་ཙ། ཨ་ནེས་ཡུན་རིང་བལྟ་མ་ཉན་ཏེ། རེས་ཤིག་སྦྲ་ཡི་ཀ་བ་ཕབ་ནས་ཁྱི་བཀྱེས་ནས་བརྡུང་དུ་བྱུང་ནས། སྤྲང་པོ་ཕ་མེས་ཀྱི་བླ་འཚོང་། ཡུལ་ཕུང་ཟེར་ཞིང་བརྒྱབ་པས། རྗེ་བཙུན་ཕྱི་ནུད་ཕྱི་ནུད་བྱས་པས་རྡོ་ཞིག་ལ་འཐོག་ནས་ཀོ་མོག་ཅིག་ཏུ་འགྱེལ་བ་དང་། བེར་གའི་སྣེ་མོ་ལ་འཇུས་ནས་མགུར་འདི་གསུངས་སོ། །ཡུལ་ངན་རྩྭ་མའི་ཀོ་རོན་དུ། །གཉེན་འདུན་དགྲར་ལངས་ཀྱི་མ་སྨད་གསུམ། །སྲན་ཕུང་བེར་གས་གཏོར་བ་བཞིན། །ང་སྤྲང་པོས་མི་ཡུལ་ས་མཐའ་བསྐོར། །ཨ་མ་སྡུག་མཐའ་ཤི་བས་བསྐོར། ངེད་མ་སྨད་གསུམ་ལས་སྡུག་པ་མེད། །ང་རང་ཕ་ཡི་ཡུལ་ལ་འོང་ཙ་ན། །སྙིང་རླུང་གིས་སྐྱོ་ཤས་ཁོང་ནས་ལངས། །གཉེན་འདུན་གྱི་གདུང་སེམས་མ་ཆོད་པས། །ཁྱོད་ཨ་ནེ་བསྙགས་ནས་སྤྲང་དུ་འོངས། །ཚིག་ངན་གྱི་བརྗོད་པ་རྒྱང་ནས་ཚོར། །བློ་ཡིད་མུག་གི་ཁོང་གཟེར་ནང་ནས་བསླངས། །སྦྲ་ཡི་ཀ་བས་བརྡུང་ཞིང་བཅོམ། །ལུས་ཟུག་རྔུའི་སྡུག་བསྔལ་ན་ཚས་བསྐོལ། །ཁྲེལ་ངོ་ཚ་རིབ་མ་དཀྱིལ་ནས་བཀྲལ། །ད་གདུག་པའི་རུ་མིག་མ་འཛུགས་དང་། །མི་བདག་གིས་གླའོ་ཚིག་གསུམ་ལབ། །ཅེས་གསུངས་པས། གླའོ་ཅི་ལབ་རྒྱུ་ཡོད། ཕ་བཟང་པོ་བུ་ལ་ཁྱོད་འདྲ་བ་སྐྱེས་ཟེར་ཞིང་ཐལ་བ་དང་རྡོ་བ་མང་པོ་ངོ་ལ་བརྒྱབ་པས་གཏིང་ནས་མ་བཟོད་ནས་མགུར་འདི་གསུངས་སོ། །ཨ་ནེ་རུ་མི་འདུག་བདུད་མོར་འདུག །གུམ་པར་མ་ཤི་བདུད་མོར་འདུག །གཉན་དུ་ཨ་ནེ་ཡོད་པ་ཡིན། །སྤྲང་པོ་བླ་འཚོང་ཤོག་ཅིག་ཟེར། །ཁྱི་ཚོ་ཚོ་ཟེར་ཞིང་བཀྱེས་ནས་དེད། །སྦྲ་ཡི་ཀ་བས་བརྡུང་བརྡུང་བརྒྱབ། །གོར་མོ་རྡོ་ཡི་སྣ་ལེན་བྱས། །ས་རྡོ་གཉིས་ཀྱི་ཆར་པ་ཕབ། །བེར་གའི་སྣེ་མོས་མནན་པ་བྱས། །ཆབ་ཀོ་མོག་ནང་དུ་སྐུ་ཁྲུས་གསོལ། །སྤྲང་རིན་ཆེན་སྲོག་དང་དེས་བྲལ་བྱས། །མ་ནུས་ཉེ་བ་དགྲ་བོར་འདུག །གཉོམ་ཆུང་གི་རོགས་པ་བྱེད་པ་ཉུང་། །ཨ་ནེ་ཉེ་བའི་ཁོ་ཐག་ཆོད། །ཨ་ནེ་བུ་ནོར་བདེ་སྐྱིད་འཛོམས་ལགས་ཀྱང་། །འདི་ཡང་རྟག་ཏུ་སྐྱོང་བར་མཛོད། །རྗེ་སྒྲ་བསྒྱུར་གྱི་མར་པ་ལོ་ཙྭ་བ། སྤྲང་པོས་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཞེས་གསུངས་ནས་སྤྱན་ཆབ་མང་པོ་ཡང་ཤོར་བས། ཨ་ནེ་ཡང་དུམ་པ་ཅིག་སྐྱེངས་ནས་གླའོ་འགའ་རེ་ཟེར་ཏེ། ཁྱེད་མ་སྨད་ཀྱི་མཐུ་བྱས་ནས་ཡུལ་ཕུང་བས། ངེད་ཚོས་རྟེན་བསྐྱང་བྱས་ན་ངོ་ཚ་ཞིང་ངན་ལབ་པར་ཡོད་པས་ལེན་པ་ཡིན། ད་མཐུ་མི་བྱེད་ན་ཞིང་ཁང་ཐམས་ཅད་ངས་ཉོ་ཟེར་བས། ཞིང་ཉོ་བར་བྱས་ནས་བརྒྱགས་སྤྲད་པའི་དོན་བྱས་པས་ཟ་མ་དུམ་པ་ཅིག་བྱིན། ད་ཁྱོད་རང་ཆོས་བྱེད་ན་སོང་ཟེར་སྐད་དོ། །དེ་རྣམས་སྔ་མ་ལས་གོང་མ་གཉེན་འདུན་གྱི་སྐོར་རོ།། །།


previousའཁོར་བ་ལ་སྙིང་པོ་མེད་པའི་ཡོན་ཏན།next