Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
གཉིས་པ་རྨི་ལམ་བརྡར་ཤར་བའི་ཡོན་ཏན།
   
   
   
   
   
   
   
   
   
   
   
   
   
   


 
previousགཉིས་པ་རྨི་ལམ་བརྡར་ཤར་བའི་ཡོན་ཏན། next

གཉིས་པ་རྨི་ལམ་བརྡར་ཤར་བའི་ཡོན་ཏན།

གཉིས་པ་རྨི་ལམ་བརྡར་ཤར་བའི་ཡོན་ཏན་ནི། རག་མ་ནམ་མཁའ་རྫོང་བྱ་བ་ན་བསྒོམ་པ་ལ་ཡོན་ཏན་ཆེན་པོ་ཙམ་མ་བྱུང་སྟེ། ད་ཅུང་དྲག་ན་བརྩམ་ཞིང་ཡོད་པའི་རྨི་ལམ་དུ། ཞིང་ཐ་བ་སྲ་མོ་ཞིག་འདུག་པ་རྨོས་ཙ། ཡེ་ནས་མ་ཕེད་པས། ཆུ་བསྐྱེད་ཅིང་སྙིང་རུས་བྱས་པས། དུམ་པ་ཕེད་པ་ཅིག་རྨིས། ངས་ཐབས་ལམ་བསྒོམ་པ་ལ། སྙིང་རུས་དང་སེམས་བསྐྱེད་གཉིས་དགོས་པར་འདུག་དགོངས་ནས་དེའི་དོན་གསལ་གདབ་པའི་མགུར་འདི་གསུངས་སོ། །རྗེ་བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །སྤྲང་པོས་རི་ཁྲོད་ཟིན་པར་བྱིན་གྱི་རློབས། །གཞི་མཉམ་པ་གཉིས་མེད་ཀྱི་ཞིང་ས་ལ། །ལམ་དད་པ་བརྟན་པོའི་ཆུ་ལུད་སྦྱར། །སེམས་དཀར་པོ་དྲི་མེད་ཀྱི་ས་བོན་འདེབས། །གསོལ་འདེབས་དྲག་པོའི་གཡུ་འབྲུག་ངར། །བྱིན་བརླབ་རྩོལ་མེད་ཀྱི་ཆར་པ་འབབ། །སེམས་ཡིད་གཉིས་མེད་པའི་རྨོས་ཁལ་ལ། །ཐབས་ཤེས་རབ་གཉིས་ཀྱི་རྨོས་གཤོལ་བཏགས། །འཁྲུལ་རྟོག་མེད་པའི་སྐྱེས་བུ་ཡིས། །ཡེངས་བ་མེད་པར་ཐོང་ཅིག་འཛིན། །བརྩོན་འགྲུས་དྲག་པོའི་ལྕག་གིས་བྲབ། །ཉོན་མོངས་དུག་ལྔའི་ཐ་བ་སློག །རང་རྒྱུད་ངན་པའི་རྡོ་བ་སེལ། །གཡོ་ཟོལ་མེད་པའི་ཡུར་མ་བྱེད། །ལས་བདེན་པ་དྲག་པོའི་སྙེ་མ་ལ། །རྣམ་ཐར་བཟང་པོའི་བཙས་མ་བྱེད། །དམས་ངག་ཟབ་མོའི་འབྲས་བུ་ཡིས། །སྟོར་བ་མེད་པའི་བང་བ་འགེངས། །མཁའ་འགྲོས་རྔོ་བཏག་ཟན་གྱིས་མཆོག །བདག་རྣལ་འབྱོར་བསྒྲུབ་པའི་འཚོ་བ་ཡིན། །རྨི་ལམ་རྨིས་པ་སད་ཙ་བརྗེད། །ཚིག་ལ་དོན་ཉིད་མི་སྐྱེ་བས། །མཚོན་པ་ཙམ་གྱིས་མི་རྟོགས་པས། །སླད་ནས་བྱ་ཆུབ་བསྒྲུབ་པ་རྣམས། །དཀའ་ཐུབ་དང་སྙིང་རུས་རྩལ་བསྐྱེད་ལ། །དཀའ་བས་བསྒྲུབ་ན་དཀོན་པ་འགྲུབ། །ཕོ་བྱང་ཆུབ་ཀྱི་སྐྱེས་བུ་ཆོས་མཛད་རྣམས། །སྒྲུབ་པར་བར་ཆད་མེད་པར་ཤོག །ཅེས་གསུངས་སོ། །དེར་འབུངས་ཤིང་བསྒོམས་ནས་ཡོད་ཙ་ན། ཉིན་གཅིག་ཨ་ནེས་ནས་བྲེ་དྲུག་དང་ཐུལ་སྒོག་ཅིག་ཁྱེར་ནས་བྱུང་སྟེ་ཁྱོད་ཀྱི་ཞིང་རིན་འཁོར། ད་ང་ལ་བསྙད་སྨྱོན་མེད་པའི་ཡི་གེ་ཞིག་བྱིན་ལ། ངེད་ཚོས་མི་ཚོར་བའི་ཡུལ་ཞིག་ཏུ་སོང་། ཁྱོད་འདིར་སྡོད་པས་ངེད་ཚོ་ཡང་ངོ་ཚ། མིས་ཀྱང་ལབ་པར་འདུག་ཟེར་བས་སྐྱོ་བ་སྐྱེས་ཏེ་མགུར་འདི་གསུངས་སོ། །རྗེ་བླ་མའི་བཀའ་དྲིན་རི་ཁྲོད་འགྲིམ་པ་དང་། །སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། །འཇིག་རྟེན་འཁོར་བ་ལས་ཀྱི་དུག །འབག་ན་ཐར་པའི་སྲོག་རྩ་གཅོད། །སྐྱེ་བོའི་སོ་ནམ་སྡིག་པའི་ལས། །སྤྱད་ན་ངན་སོང་གི་སྡུག་བསྔལ་མྱོང་། །ཉེ་བའི་གདུང་སེམས་བདུད་ཀྱི་མཁར། །གཅེས་ན་མེ་འོབས་ཀྱི་ནང་དུ་ཚུད། །ཟས་ནོར་གྱི་གསོག་འཇོག་མི་ཡི་རྒྱུ། །བསགས་ཚད་གྲོང་པའི་བརྒྱགས་ཕྱེ་ཡིན། །སྐྱིད་འདོད་ཀྱི་ཇ་ཆང་བཙན་དུག་གིས་ཆུ། །འཐུང་འཐུང་ཡི་མུག་གིས་མུན་པར་འཁྲིད། །ཨ་ནེའི་ཞིང་རིན་སེར་སྣའི་རྫས། །ཟོས་ན་ཡི་དྭགས་ཀྱིས་གནས་སུ་སྐྱེ། །ཨ་ནེའི་ཁ་ད་ཞེ་སྡང་གི་ཚིག །ལབ་ན་བདག་གཞན་གཉིས་ཀ་ཕུང་། །བདག་གི་ཞིང་ཁང་ཐམས་ཅད་དེ། །ཨ་ནེའི་དབང་པའི་ཡི་གེ་འབྲི། །མི་ཁ་ཆོས་ཀྱིས་སང་པ་ཡིན། ལྷ་ཁ་སྙིང་གིས་བསྒྲུབ་པ་ཡིན། །འདྲེ་ཁ་སྙིང་རྗེས་གནོན་པ་ཡིན། །ཉེ་ཁ་རླུང་ལ་བསྐུར་བ་ཡིན། །རང་ཁ་གྱེན་དུ་ལྟ་བ་ཡིན། །རྗེ་མི་བསྐྱོད་ཀྱི་ངོ་བོ་སྐུ་དྲིན་ཅན། །སྤྲང་པོའི་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཞེས་གསུངས་ནས་ཞིང་ཁང་ཨ་ནེ་ལ་བྱིན། གཉེན་ཉེ་འབྲེལ་གྱི་ཁོ་ཐག་བཅད། སེམས་ཡིད་གཉིས་ལྟོས་ཐག་བཅད། ཡིད་སྐྱོ་ཤས་ཀྱི་སྙིང་རླུང་ལངས་པས། ད་དེ་ད་དེ་ཁོ་དེ་ཁོ་དེ། ངས་ཅིག་ངས་ཅིག་བསམ་པ་ཡང་ཡང་སྐྱེས་སོ། །བྲིན་དང་སྙེ་ནམ་གྱི་མཚམས་བྲག་དཀར་རྟ་སོ་དབུ་མ་རྫོང་བྱ་བ་ཅིག་ཏུ་སོང་ནས་སློབ་དཔོན་རྙིང་མ་བས་བྱིན་པའི་རྩམ་པ་དུམ་གཅིག་དང་། ངོ་ཤེས་འགའ་ལ་བསླང་ནས་དུམ་པ་ཅིག་བྱུང་བ་རྣམས་ལ་རྩམ་པ་ཡ་ཆུང་གང་ཙམ་ཅིག་ལ་བློ་ཕུག་གཏད་ནས་དམ་བཅའ་རང་གིས་རང་ལ་མང་པོ་བྱས་ནས། ངས་ལུས་རྟེན་འདིའི་སྟེང་ནས་སངས་རྒྱས་མ་ཐོབ་བར་དུ་བདག་གིས་འཇིག་རྟེན་གྱི་བྱ་བ་མི་བསྒྲུབ་བར་གྱུར་ཅིག །བདག་གི་ལས་ངན་མ་ཟད་བར་དུ་སྡིག་པ་སྤྱད་པའི་མི་དང་མི་འཕྲད་པར་གྱུ་ཅིག །དངོས་གྲུབ་དམ་པ་མ་ཐོབ་བར་དུ་གཤིན་ཟས་དང་དད་ཟས་སྐུ་གླུད་ཀྱི་ཐལ་བ་མི་འགམ་པར་གྱུར་ཅིག །བགེགས་རིགས་ལན་ཆགས་བར་ཆད་ཀྱི་སྡིག་སྒྲིབ་ཐམས་ཅད་བདག་གིས་བྱང་བར་གྱུར་ཅིག །བླ་མ་སྐུ་དྲིན་ཅན་གྱི་ཐུགས་དགོངས་རྫོགས་པར་གྱུར་ཅིག །སངས་རྒྱས་བསྟན་པའི་བྱ་བ་བྱེད་པར་གྱུར་ཅིག །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཁུར་པོ་མི་འབོལ་བར་གྱུར་ཅིག །ཅེས་གསུངས་ཏེ། བདག་འདི་ནས་བྱང་ཆུབ་ཅིག་མ་ཐོབ་བར་དུ་གྲོང་ཡུལ་དུ་མི་འབབ་ཨེ་ཀོ། གལ་ཏེ་བབས་ན་ཆོས་སྐྱོང་སྲུང་མས་ཆད་པ་ཆོད་ཅིག །གསུངས་ནས་བསྒོམས་ཏེ་ཉིན་ཅིག་སྤྲང་དུ་འགྲོ་འདོད་པ་ཅིག་བྱུང་བ་ལ་མགུར་འདི་གསུངས་སོ། །རྡོ་རྗེ་འཆང་ཆེན་མར་པའི་རྒྱུད། །སྤྲང་པོས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཨ་མཚར་པོ་མི་ལ་ཐོས་པ་དགའ། །གྲོས་རང་གཏམ་རང་ལ་ཕན་པའི་དབྱངས། །རོག་གཏམ་ཉན་པའི་མི་དང་བྲལ། །ལྟད་མོ་ལྟ་འདོད་ཀྱི་ལུང་པ་སྟོང་། །སྐྱོ་བ་སངས་འདོད་ཀྱི་ཡུལ་རྐྱེན་མེད། །སེམས་མ་སྤྲོ་མ་སྤྲོ་རང་སར་ཞོག །སྤྲོས་ན་དོན་མེད་རྣམ་རྟོགས་དྲན། །མ་ཡེངས་མ་ཡེངས་དྲན་པ་བརྟན། །ཡེངས་ན་དགེ་སྦྱོར་རླུང་ལ་འཆོར། །མ་འགྲོ་མ་འགྲོ་ཉལ་ས་གནོན། །སོང་ན་གོམ་པ་རྡོ་ལ་འཐུག །མ་བསིང་མ་བསིང་མགོ་བོ་ཁུག །བསིང་ན་ལག་སྟོང་ཕྱལ་བར་འགྲོ། །མ་ཉལ་མ་ཉལ་དགེ་སྦྱོར་མཛོད། །ཉམས་ན་བསམ་མེད་དུག་ལྔས་གནོན། །ཅིས་ཀྱང་བསྒོམ་པས་མ་གྲོལ་ཡང་། །མི་མེད་ལུང་སྟོང་དུ་འཆི་བར་ཤོག །ཅེས་གསུངས་ནས་བདག་འདི་ནས་རྟོགས་པ་ཅིག་མ་སྐྱེས་བར་དུ་གྲོང་པའི་གཡེང་བ་ལ་མ་དགའ་ཨེ་ཀོ། །གལ་ཏེ་གྲོང་པའི་གཡེང་བ་ལ་ཤོར་བ་མཁའ་འགྲོ་རྣམས་ཀྱིས་ཆད་པ་མཐོང་ཞིག །ཅེས་གསུངས་ནས་མགུར་འདི་གསུངས་སོ། །རྗེ་ན་རོའི་བུ་རྒྱུད་ཐར་པའི་ལམ། །སྤྲང་པོ་རི་ཁྲོད་དུ་གནས་པར་བྱིན་གྱིས་རློབས། །བདུད་འཇིག་རྟེན་གྱི་གཡེང་བས་མི་གཡེང་བར། །སྒོམ་མཉམ་བཞག་གི་བསམ་གཏན་འཕེལ་བར་ཤོག །ཞི་གནས་ཀྱི་རྫི་ལ་མ་ཞེན་པར། །ལྷག་མཐོང་གིས་མེ་ཏོག་འཁྲུངས་པར་ཤོག །སྤྲོས་བཅས་ཀྱི་རྩབ་རྩུབ་མི་ལྡང་བར། །སྤྲོས་མེད་ཀྱི་ལོ་འདབ་རྒྱས་པར་ཤོག །སྒྲུབ་ཁང་དུ་ཡིད་གཉིས་མི་སྐྱེ་བར། །ཉམས་རྟོགས་ཀྱི་འབྲས་བུ་སྨིན་པར་ཤོག །བདུད་ཀྱི་བར་ཆད་མི་འབྱུང་བར། །རང་སེམས་ལ་ངེས་ཤེས་རྟོགས་པར་ཤོག །ཐབས་ལམ་ལ་ཐེ་ཚོམ་མི་སྐྱེ་བར། །ཕ་རྗེས་བུ་ཡིས་ཟིན་པར་ཤོག །རྗེ་མི་བསྐྱོད་ཀྱི་ངོ་བོ་སྐུ་དྲིན་ཅན། །སྤྲང་པོས་རི་ཁྲོད་ནོན་པར་བྱིན་གྱི་རློབས། །ཞེས་གསུངས་ཏེ། བདག་གྲུབ་པ་ཅིག་མ་ཐོབ་བར་དུ་གྲོང་ཡུལ་དུ་འབབས་ཨེ་ཀོ། གལ་ཏེ་བབས་ན་བླ་མ་བཀའ་དྲིན་ཅན་གྱིས་ཆད་པ་ཐོང་ཞིག་གསུངས་ནས། མི་བབས་པའི་དམ་བཅས་རྣམ་གསུམ་བསྡམས་ཏེ། ད་མཚམས་དམ་པོ་མི་མེད་ལུང་སྟོང་དུ་འཆི་བ་ཅིག་ཨེ་ནུས་བསམ་པའི་རང་ཡིད་ལ་བྱས་ཏེ་འབུངས་ནས་བསྒྲུབ་པས། ལོ་གཅིག་མ་འཁོར་བར་དུ་བར་ཆད་མེད་པར་བརྒྱགས་ཀྱིས་སྐྱོལ་བར་བྱུང་བ་དང་། སྤོ་རི་སྤོ་མཐོན་ནམ་མཁའ་རྫོང་བྱ་བའི་རྫོང་བཟང་པོ་ཟྭ་མང་པོ་ཡོད་པ་ཞིག་ཏུ་སྤོས་ནས་བསྒོམ་དགོངས་པ་ལ། བརྒྱགས་ཕྱེ་བྲེ་གང་ཡང་མེད་པས་ཐུགས་མུག་པ་ཅིག་བྱུང་བས། ངས་འདི་ནས་གྲུབ་པ་ཅིག་མ་ཐོབ་བར་དུ་ཟྭ་སྔོན་མོའི་འཚོ་བ་རང་བཟང་བསམ་པའི་སེམས་ལ་དཔའ་སྐོན་ནས་བསྒོམས་པ་ལ། ལྟོགས་པའི་སྣང་བ་ཆུང་ངུ་སོང་ཙ། ལུས་ཀྱི་ཤེད་ཇེ་ཆུང་ཇེ་ཆུང་སོང་ནས། ལན་གཅིག་ཀུན་ཡིད་མི་ཆེས་པ་བྱུང་སྟེ། སྐུ་ལུས་ལ་ལྟ་ན་མེད་པར་སོང་སྔོ་བ། ཧམས་པ། རིད་པ། འགྱེལ་ལ་ཁད་ལ་པ། འཆག་ལ་ཁད་པ། ཉིན་གཅིག་མི་མང་པོ་བྲག་དེ་ལ་སྒྲོ་འཚོལ་དུ་འོང་བས་ཁོ་མཐོང་སྟེ། མི་རྣམས་ཀྱིས་དང་པོར་མི་མ་ཡིན་རེད་ཟེར་ཞིང་བྲོས། ང་འདུག་ཡིན་བྱས་པས། ཨེ་ཡིན་མི་ཡིན་ཟེར་ཞིང་རྒྱང་རིང་ངེ་ས་ན་བསྡད་ནས་གླའོ་བྱས་པས། ཨ་མཚར་པོ་མི་ལ་འཆི་རྒྱུ་མེད་པ་ཟེར་ནས། རྒན་པ་གཅིག་གིས་རྩམ་པ་དུམ་པ་ཅིག་ཁྱེར་ནས་བྱུང་བ་དེ་ཟྭ་ལ་བཏབ་ནས་གསོལ་བས་ཁམས་བཟང་ཏིང་ངེ་བས་དེ་དུས་མགུར་འདི་གསུངས་སོ། །རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས། །སྤྲང་པོས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཡོན་བདག་བཟང་པོས་ཚོགས་སོགས་དང་། །འཛེགས་ཀ་ཟབ་མོའི་རྟེན་འབྲེལ་འགྲིགས། །རྙེད་དཀའ་འཇིག་སླའི་ལུས་པོ་འདི། །ཟས་དང་འཕྲད་པས་སྐུ་ཁམས་བཟང་། །དོག་མོ་ས་ཡི་རྩི་བཅུད་དང་། །དགུང་སྔོན་དབྱིངས་ཀྱི་ཆར་པ་གཉིས། །འགྲོ་ལ་ཕན་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་ལྷ་ཆོས་ཡིན། །ཕ་མས་གསོས་པའི་སྒྱུ་ལུས་དང་། །བླ་མ་དམ་པའི་མན་ངག་གཉིས། །ལྷ་ཆོས་བྱེད་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་སྙིང་རུས་ཡིན། །མི་མེད་ལུང་པའི་བྲག་ཕུག་དང་། །ཁ་ཞེ་མེད་པའི་དགེ་སྦྱོར་གཉིས། །ཅི་བསམ་འགྲུབ་པའི་རྟེན་འབྲེལ་ཡིན། །རྟེན་གྱི་སྙིང་པོ་སྟོང་ཉིད་ཡིན། །མི་ལ་རས་པའི་སྒོམ་བསྲན་དང་། །ཁམས་གསུམ་སེམས་ཅན་གྱི་དད་པ་གཉིས། །བྱང་ཆུབ་འཐོབ་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་སྙིང་རྗེ་ཡིན། །བྲག་ལ་བསྒོམ་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་དུ་རྒྱ་བའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །བླ་མ་བཟང་པོའི་ཐུགས་རྗེ་དང་། །སློབ་མ་བཟང་པོའི་བསྒོམ་བསྲན་གཉིས། །བསྟན་པ་འཛིན་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་དམ་ཚིག་ཡིན། །བྱིན་རླབས་མྱུར་མོའི་དབང་བསྐུར་དང་། །དད་གུས་གདུང་བས་གསོལ་འདེབས་གཉིས། །མྱུར་དུ་མཇལ་བའི་རྟེན་འབྲེལ་ཡིན། རྟེན་འབྲེལ་གྱི་སྙིང་པོ་བཀྲ་ཤིས་ཡིན། །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། །ཞེས་གསུངས་ནས་བསྒོམ་ཞིང་ཡོད་པ་ལ། མི་དེ་རྣམས་ཀྱི་ནང་ནས་རྒན་པ་རྩམ་པ་སྐྱེལ་མཁན་དེ་གཤེན་རྡོར་མོ་བྱ་བ་ཟིན་པས། ཆང་ས་ཞིག་ཏུ་ཕུ་འདི་ན་མི་ལ་ཐོས་པ་དགའ་བྱ་བ། ཆོས་མིན་པའི་བསམ་པ་མེད་པ་ཅིག་འདུག་པས་ཐམས་ཅད་ཀྱི་ཚོགས་གསོག་བྱས་ན་འཐད། ཁོང་གི་ཉེ་བ་ཨ་ནེ་ཡོད་པ་ལ་བརྒྱགས་སྐྱོལ་ཟེར་བས། ཨ་ནེ་ངོ་ཚ་བར་བྱུང་ནས་བརྒྱགས་ངས་སྐྱེལ་ཟེར་ནས་ཤ་དུམ་པ་ཅིག་དང་མར་ཅིག་ཁྱེར་ནས་ཨ་ནེ་དཔོན་གཡོག་གཉིས་འོང་བ་ལ། མི་ལ་དགེ་སྦྱོར་མ་གྲོལ་བར་ཨ་ནེ་ངང་ཐུང་བྱས་ནས་སྤང་ཐོག་ཅིག་ཏུ་བསྐྱུར་ནས་ཁྲོས་ཏེ་སོང་བས་མི་ལས་མ་གཟིགས་པས། ཝ་སྤྱང་ལ་ཤོར་སྐད་དོ། །དེ་ནས་སྲིང་མོས་ཚོར་ཏེ་ཨ་ནེ་བདེན་ནམ་བསམ་ནས་ཨ་ནེ་ལ་དྲིས་ཙ། ངས་ཚོགས་གསོག་ཁྱེར་ཏེ་ལེན་བཞིན་མ་ཉན། ཁྱོད་སྲིང་མོ་ཡིན་པས་འཕྲད་པ་འོང་ལེ་ཆེ་བས་ཟེར་ཨ་ནེས་སྲིང་མོ་ལ་ལམ་བསླབ་ནས་བཏང་སྟེ། སྲིང་མོ་ཡར་འོང་བས་གནམ་སོ་ནས་བོས་པས། རྗེ་བཙུན་གྱིས་གཟིགས་ཙ། འདི་མི་རིད་པ་ཅིག་འདུག །ང་ཡི་མིང་པོ་མ་རེད་བསམ་པ་ལ། ཡར་ཤོག་གསུངས་པས། བ་སྤུ་ཐམས་ཅད་སྔོ་ཞོལ་ལེ། ལུས་ཀེང་རུས་བཞིན་དུ་སོང་། ཤངས་ཞོམ། སྤྱན་ཁོང་དུ་སོང་། ཞལ་དང་ལྗགས་རྡིབ་ནས་འདུག་པས་སྲིང་མོ་རང་དབང་མེད་པར་ཡི་མུག་སྐྱེས་ཏེ། ངེད་མིང་སྲིང་གཉིས་ལས་སྡུག་པ་མི་འདུག་བསམ་ནས། པུས་མོ་གཉིས་ཀྱི་བར་དུ་མགོ་བཅུག་ཅིང་། མཆི་མ་མང་པོ་ཕྱུང་ཞིང་ངུས་པ་ལ། རྗེ་བཙུན་ལ་ན་བཟའ་ཨ་ནེས་བྱིན་པ་ཐུལ་གོག་གཅིག་ལས་མེད་པ་དེས་གསང་གནས་བཀབ་ནས་སྲིང་མོའི་ལག་པ་ནས་བཟུང་སྟེ་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །སྲིང་མོས་གདུང་སེམས་ཡི་མུག་ལུས། སྐྱིད་སྡུག་གང་ཡང་མི་རྟག་པས། །དབྱངས་འདི་དར་ཅིག་གསན་པར་ཞུ། །ང་ཡི་གནས་ལ་བལྟས་ན་རི་དྭགས་འདྲ། །མི་གཞན་གྱིས་མཐོང་ན་སྙིང་རླུང་ལྡང་། །ང་ཡི་ཟས་ལ་བལྟས་ན་དུད་འགྲོ་འདྲ། །མི་གཞན་གྱི་མཐོང་ན་སྐྱུག་བྲོ་ལྟ། །ང་ཡི་ལུས་ལ་བལྟས་ན་ཀེང་རུས་འདྲ། །སྡང་དགྲ་བོས་བལྟས་ན་མཆི་མ་འཆོར། །ང་ཡི་སྤྱོད་ལམ་ལ་བལྟས་ན་སྨྱོན་པ་འདྲ། །ཁྱོད་སྲིང་མོས་བསམ་ཞིང་ཡི་མུག་སྐྱེས། །ང་ཡི་སེམས་ལ་བལྟས་ན་སངས་རྒྱས་དངོས། །བླ་མ་གོང་མས་གཟིགས་ན་སྤྲོ་བ་སྐྱེ། །ང་ཡི་འོག་ཏུ་རྡོ་བའི་གྲམ་གཅལ་ལ། །ཤ་པགས་པ་འབིགས་པའི་སྙིང་རུས་བྱས། །ལུས་ཕྱི་ནང་ཟྭ་ཡི་རང་བཞིན་ལ། །མདོག་སྔོན་པོ་ཅིག་ལས་འགྱུར་བ་མེད། །མི་མེད་བྲག་གིས་ཕུག་པ་ན། །སྐྱོ་ཕྱོད་དེ་བ་ལ་སྐྱོ་འདྲི་མེད། །བླ་མ་དམ་པ་སངས་རྒྱས་ལ། །སྐྱོ་དུང་ངེ་བ་ལ་འབྲལ་བ་མེད། །ང་སྙིང་རུས་འདི་ཡི་ཆེ་ལུགས་ཀྱི། །ཉམས་རྟོགས་པ་སྐྱེ་བར་ཐེ་ཚོམ་མེད། །པེ་ཏ་ཡི་མུག་མ་བྱེད་ཟྭ་ཚོད་ཚོས། །ཞེས་གསུངས་ཏེ། སྲིང་མོ་ལ་ནི་འབུལ་རྒྱུ་མེད། མིང་པོ་ལ་ནི་གནང་རྒྱུ་མེད་པས་ཟྭ་འཚོད་དུ་བཅུག་པས། སྲིང་མོའི་བསམ་པ་ལ། ཨ་ནེའི་ཚོགས་གསོག་བསྐུལ་ཟེར་བས་དུམ་པ་ཅིག་ཨེ་ཡོད་བསམ་པས། ཟྭ་ལ་རྡོར་དགོས་ཞུས་པས། ཟྭ་ལ་སྡོར་ཡོད་ན་ཟས་ཡིན་ཏེ། ཟྭ་ཡི་སྡོར་ལ་ཟ་རང་ཐོབ་གསུང་། ཟྭ་ལ་ཡབ་དགོས་ཞུས་པས། ཟྭ་ལ་ཡབ་ཡོད་ན་ཟས་ཡིན་ཏེ། ཟྭའི་ཡབ་ལ་ཟྭ་ཐོབ་གསུངས། ཟྭ་ལ་ཚྭ་དགོས་ཞུས་པས། ཟྭ་ལ་ཚྭ་ཡོད་ན་ཟས་ཡིན་ཏེ། ཟྭ་ཡི་ཚྭ་ལ་ཡང་ཟྭ་ཐོབ་གསུངས་པས། སེམས་མི་བདེ་ཏིང་ངེ་བ་ལ་ཟྭ་ལན་གསུམ་བཙོས་ནས་དྲངས་པས། རྗེ་བཙུན་གྱིས་ཞིམ་ཤ་དང་བཅས་ནས་གསོལ་ཞིང་འདུག །སྲིང་མོ་ནི་སྤྲང་མོ་ཡིན་ཡང་སྐྱུག་བྲོ་བ་ཅིག་བྱུང་བས་ཡང་མཆི་མ་མང་པོ་ཤོར་ཞིང་། འོ་སྐོལ་མིང་སྲིང་ཉིན་གཅིག་ཀྱང་ཚེ་མི་ཕྱིད་པར་འདུག་པས། ཁྱེད་རང་ཡང་བསོད་སྙོམས་དུམ་པ་འདྲ་མཛད་ན་ཞུས་ཙ། ངས་སྐྱབས་འགྲོ་དུམ་པ་ཅིག་ཨེ་འོང་བསམ་པས་བསོད་སྙོམས་བྱེད་ཐབས་མེད་བྱས་པས། འོ་ན་ཅུག་གྲག་བསམ་ནས་ཡིད་ཕྱང་ངེད་བ་གཅིག་ལ་ཡུལ་དུ་སྤྲང་ལ་འོང་སྟེ། ཕུ་རྒྱུག་མདའ་རྒྱུག་བྱས་པས། སྤྲང་ཕྱེ་དུམ་པ་ཅིག་རྙེད་པ་ཁྱེར་ནས་ཡོང་ཙ། ན་བཟའ་མེད་པར་སྔོ་ཧྲང་ཧྲང་འདུག་པས། ང་སྲིང་མོ་ཡིན་པས་ངོ་ཚ་ཡང་མི་ཤེས་པར་འདུག་པས། ད་མི་མིང་མི་འདུག་བྱས་པས་རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ངས་རྟག་ཏུ་མི་ཡུལ་འགྲིམ་འགྲིམ་ནས། །རང་ཡུལ་ངང་གིས་བརྗེད་ནས་ཐལ། །གཅིག་པུར་རི་ཁྲོད་འགྲིམ་འགྲིམ་ནས། །གྲོང་ཡུལ་ངང་གིས་བརྗེད་ནས་ཐལ། སྤྲེའུ་ཡི་རྩལ་ལ་བལྟས་བལྟས་ནས། །བིའུ་ལུག་ངང་གིས་བརྗེད་ནས་ཐལ། །བླ་མ་སྤྱི་བོར་བསྒོམ་བསྒོམ་ནས། །གཉེན་འདུན་ངང་གིས་བརྗེད་ནས་ཐལ། །ལྷ་ཆོས་ཡིད་ལ་བྱས་བྱས་ནས། །མི་ཆོས་ངང་གིས་བརྗེད་ནས་ཐལ། །ལུས་ལ་གཏུམ་མོ་སྦར་སྦར་ནས། །ལུས་གོས་ངང་གིས་བརྗེད་ནས་ཐལ། །ཟས་སུ་ཏིང་འཛིན་ཟོས་ཟོས་ནས། །ཤ་ཆང་ངང་གིས་བརྗེད་ནས་ཐལ། །འོད་གསལ་ཟུང་འཇུག་བསྒོམ་བསྒོམ་ནས། །སྤྲོས་བཅས་ངང་གིས་བརྗེད་ནས་ཐལ། །མི་རྟོག་ཡེ་ཤེས་བསྒོམ་བསྒོམ་ནས། རྣམ་རྟོག་ངང་གིས་བརྗེད་ནས་ཐལ། །མེ་ལྕགས་རྣོན་པོ་བཟུང་བཟུང་ནས། །ཁྱིམ་མཚེས་ངང་གིས་བརྗེད་ནས་ཐ། །སེམས་ལ་གང་བྱུང་བྱས་བྱས་ནས། །སྦ་གསང་ངང་གིས་བརྗེད་ནས་ཐལ། །གཅིག་པུར་བག་ཡང་བྱས་བྱས་ནས། །ངོ་ཚ་ངང་གིས་བརྗེད་ནས་ཐལ། །འཇིག་རྟེན་སོ་ནམ་དུག་གི་རྫོང་། །རྫོང་དེ་ལ་རྣལ་འབྱོར་ཐར་ཐར་འདྲ། །དེ་རྣམས་བརྗེད་པ་བཅུ་གཉིས་ཏེ། རྣལ་འབྱོར་པ་ཡི་ཆོས་ལུགས་ལགས། །རྣལ་འབྱོར་ཡོངས་ཀྱིས་དེ་ལྟར་མཛོད། །ཁྱེད་འདིར་བཞུགས་ཡོན་བདག་དད་འདུན་མོ། །ང་འཁྲུལ་པའི་རང་བཞིན་ཞིག་པ་ལ། །མི་ཁྱོད་ཀྱི་ངོ་ཚ་མ་རེ་མཛོད། །ང་གཟུང་འཛིན་གྱི་མདུད་པ་གྲོལ་བ་ལ། །ཡོན་བདག་སྲོལ་ཀ་མ་རེ་མཛོད། །ལར་བཅོས་མ་གཅིག་ལ་བྱང་ཆུབ་རེ། །མི་ཁྱོད་ཀྱི་ལྷ་ཆོས་དཀའ་མོར་གདའ། །ཞེས་བརྗེད་པ་བཅུ་གཉིས་ཀྱི་མགུར་གསུངས་པས། ལར་ང་བག་ཡངས་སུ་སྡོད་པ་ཡིན། ངོ་ཚ་བྱེད་ན་ཟོལ་དང་ཁྲམ་མི་བྱེད་དགོས་པ་ཡིན། ངས་བཅོས་མའི་སྤྱོད་པ་མི་ཤེས་གསུངས། དེ་ནས་སྲིང་མོ་སྤྲང་དུ་སོང་བའི་ལམ་ཀ་ནས་བླ་མ་བ་རི་ལོཙྪ་བ་བྱ་བ། ལོངས་སྤྱོད་དང་ཐབ་ཀ་དང་རྟ་དང་བེལ་ཐུལ་དང་། གདུགས་བསྐོར་ཞིང་ཆོས་གསུངས་པའི་ཚོགས་གྲལ་དུ་སོང་བས། མི་ཡི་ཆོས་པ་ལ་འདི་འདྲ་ཞིག་ཡོད་པ་ཡིན། ང་ཡི་མིང་པོ་ཚེ་མ་ཕྱིད་པའི་ཆོས་པས་ཅི་འོང་བསམ་པ་བྱུང་ནས་ཕུ་རྒྱུག་མདའ་རྒྱུག་བྱས་པས། རུ་བའི་མཚེར་རྙིང་ན་བལ་དུམ་དང་། ཁྱི་སྤུ་ར་བལ་རྣམས་ལ་བྱས་པའི་སྣམ་བུ་སྲེའོ་ཅིག་ཐོན་པ་ཁྱེར་ནས། རྗེ་བཙུན་ལ་ཕུལ་ནས་མི་ཡི་ཆོས་པ་ལ་བླ་མ་བ་རི་ལོ་ཙྪ་བ་འདྲ་བ་ཞིག་དགོས་པ་ཡིན། མིང་པོའི་ཆོས་འདིས་ཅང་མི་འོང་བས། སྣམ་བུ་འདི་ལ་གོས་གྱིས་ཤིག་དང་། བླ་མ་བ་རི་བའི་ཉེ་གནས་ལ་འགྲོ་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས། །སྤྲང་པོས་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། གདུགས་ཡ་ཐོག་གསེར་གྱི་བུམ་ཆུང་དང་ཅིག །མ་ཐོག་དར་གྱི་འཇོལ་ཁང་དང་གཉིས། །བར་ན་རྨ་བྱའི་ལྡིང་ཁང་དང་གསུམ། །ཚོན་རྩི་སྣ་ལྔའི་གདུགས་རྩིབས་དང་བཞི། །དེ་བཞི་བསྐོར་ན་ངས་ཀྱང་འཁོར་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་བདེ། །བློ་ཆོས་བརྒྱད་སྤོང་ཤིག་པེ་ཏ་མ། །གྲོང་ལྟག་གི་དགོན་ཆུང་ཁྲ་མོ་དང་གཅིག །སྟོན་ཆུང་གསར་པའི་ཆོས་བཤད་དང་གཉིས། ཡུ་མར་ཇ་ཡི་ཐབ་དང་གསུམ། བཙུན་ཆུང་གཞོན་ནུའི་ཕྱག་བདེ་དང་བཞི། །འདི་བཞི་བསྐྱངས་ན་ངས་ཀྱང་འོང་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་བདེ། བློ་ཆོས་བརྒྱད་སྤོང་ཞིག་པེ་ཏ་མ། །རག་དུང་སེར་པོ་ལྕགས་ཀྱི་ཁ་རྒྱན་དང་གཅིག །དེ་ལ་མཛེས་པའི་འབུར་ལུགས་དང་གཉིས། །ལྕེ་དབུགས་རྐན་གསུམ་འཛོམས་པའི་དུང་མཁན་དང་གསུམ། །མགོ་ནག་མི་ཡི་འདུ་འཛི་དང་བཞི། །འདི་བཞི་བསྒྲུབ་ན་ངས་ཀྱང་འོང་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་བདེ། །བློ་ཆོས་བརྒྱད་སྤོང་ཞིག་པེ་ཏ་མ། རྟ་ན་བྲན་གྱི་མགོ་འཕང་མཐོ་དང་གཅིག །དེ་ལ་མཛེས་པའི་དར་བསྟན་དང་གཉིས། །སེང་ལྡེང་ཆོ་རིས་ཀྱི་སྒ་བཀྲ་དང་གསུམ། མདོ་མང་ལྕགས་ཀྱི་གློ་ནན་དང་བཞི། །འདི་བཞི་བཙལ་ན་ངས་ཀྱང་འོང་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་བདེ། །བློ་ཆོས་བརྒྱད་སྤོང་ཞིག་པེ་ཏ་མ། །མ་ཇོ་མོ་བསྒོམ་མའི་ཚོགས་དཔོན་དང་གཅིག །མོ་བོན་རྩིས་གསུམ་གྱི་གྲོང་ཆོག་དང་གཉིས། ཁ་ཟ་འདོད་འབར་བའི་ཚོགས་འཁོར་གསུམ། །ཉ་མ་མགོ་སྐོར་གྱི་གླུ་ཆུང་དང་བཞི། འདི་བསྐོར་ན་ངས་ཀྱང་འཁོར་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤོང་ན་བདེ། །བློ་ཆོས་བརྒྱད་སྤོང་ཞིག་པེ་ཏ་མ། །ཕ་ཡུལ་སྐྱིད་ཀྱི་མཁར་ཁང་དང་གཅིག །ཕ་ཞིང་མཐའ་མེད་དུ་རྨོ་བ་དང་གཉིས། །ཕ་སྤུན་མཉམ་གཉིས་ཀྱིས་འགྲན་སེམས་དང་གསུམ། །ཉེ་དུ་འབྲེལ་པའི་གདུང་སེམས་དང་བཞི། །འདི་བཞི་བྱས་ན་ངས་ཀྱང་འོང་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་བདེ། །བློ་ཆོས་བརྒྱད་སྤོང་ཞིག་པེ་ཏ་མ། །གཉེན་ཉེ་དུའི་གདུང་སེམས་སེམས་ལ་གཟན། །ཕ་བླ་མའི་ཉེ་གནས་དགེ་སྦྱོར་སྤུར། །ཆོས་སྤྱོད་ཀྱི་ཕྱི་བཤོལ་ལག་སྟོང་སྤུར། །ཁྱོད་པེ་ཏའི་ཨ་ལྕམ་སྤྲང་དུ། སོང་། །ང་ནད་མེད་ཀྱི་རྣལ་འབྱོར་དགེ་སྦྱོར་བྱེད། །ཅེས་གསུངས་པས། སྲིང་མོ་ན་རེ། དེ་བཞིན་ཡིན་ན་ང་ཡང་དགའ་སྟེ། ཨེ་ཡིན་ཟེར། དེ་ནས་སྲིང་མོ་སྤྲང་དུ་སོང་ནས་ཉིན་གཅིག་སྤྲང་ཕྱེད་དང་། སྐྱུར་པོ་ཟོ་བ་གང་འོང་བ་ལ་ཚོགས་འཁོར་མཛད་དོ། །ད་དེ་སྲིང་མོ་ཁྱོད་ཀྱང་མ་འོང་གསུངས་ཏེ། མགུར་འདི་གསུངས་སོ། །རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས། སྤྲང་པོས་རི་ཁྲོད་ཟིན་པར་བྱིན་གྱིན་རློབས། །ང་སྐྱིད་པ་དགྲ་ཡིས་མ་ཚོར་ཞིང་། །སྡུག་པ་གཉན་གྱིས་མ་ཚོར་བར། །རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་འགྲངས་པ་ཕ་ཡིས་མ་ཚོར་ཞིང་། ལྟོགས་པ་མ་ཡི་མ་ཚོར་བར། །རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་རྒས་པ་གྲོགས་ཀྱིས་མ་ཚོར་ཞིང་། །ན་བ་སྲིང་མོས་མ་ཚོར་བར། རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་ཤི་བ་མི་ཡིས་མ་ཚོར་ཞིང་། རོ་རུལ་འབུ་ཡིས་མ་མཐོང་བར། །རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་ཡི་ཤ་རུས་ལ་སྦྲང་བུས་འཇིབ་པ་དང་། རྩ་རུས་འབུ་ཡིས་ཟ་བ་རུ། རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་སྒོ་ན་མི་རྗེས་མེད་པ་དང་། །ནང་ན་ཁྲག་རྗེས་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། ང་རོ་ལ་ཁུར་མི་མེད་པ་དང་། །ཤི་བས་ངུ་མི་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་གར་སོང་འདྲི་མི་མེད་པ་དང་། །འདིར་སོང་གཏད་སོ་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །མི་མེད་ལུང་པའི་བྲག་ཕུག་ཏུ། །སྤྲང་པོ་འཆི་བའི་སྨོན་ལམ་འདི། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །ཅེས་གསུངས་སོ། །འདི་རྣམས་སྔ་མ་ལས་འོག་མ་སྟེ་དེ་ཐམས་ཅད་སྔ་མའི་སྐོར་གསུམ་མོ།། །།


previousགཉིས་པ་རྨི་ལམ་བརྡར་ཤར་བའི་ཡོན་ཏན། next