Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
ཆོས་བརྒྱད་རང་སར་གྲོལ་བའི་ཡོན་ཏན།
   
   
   
   
   
   
   
   
   


 
previousཆོས་བརྒྱད་རང་སར་གྲོལ་བའི་ཡོན་ཏན།next

ཆོས་བརྒྱད་རང་སར་གྲོལ་བའི་ཡོན་ཏན།

དེ་ནས་བརྒྱད་པ་ཆོས་བརྒྱད་རང་སར་གྲོལ་བའི་ཡོན་ཏན་ནི། གཉེན་འདུན་རང་སར་གྲོལ་བ་དང་། ཆོས་བརྒྱད་རང་སར་གྲོལ་བ་གཉིས་ཡིན་པ་ལ། གཉེན་འདུན་རང་སར་གྲོལ་བ་ནི། བུ་སློབ་རྣམས་འོང་ནས་ལིང་པ་བྲག་ནས་གདན་དྲངས་ནས། སྙེན་ནམ་གྲོད་ཕུག་བྱ་བ་ན་དགོན་པ་མཛད་པར་ཞུ་ཞུས་པས། ཁྲིད་ཞུ་མི་དང་ཡོན་བདག་ཕོ་མོ་མང་དུ་འཚོགས་པ་ལ། སྲིང་མོ་པེ་ཏས་ཀྱང་ཟས་གོས་དུམ་པ་རེ་རྙེད་པ་ཙམ་དུ་ཡོད་པ་མཇལ་དུ་བྱུང་སྟེ། སྲིང་མོ་དགལ་ཆེས་པས་ངུ་བྲོའི་མཆི་མ་མང་དུ་ཤོར་ཏེ། མིང་པོས་སྡུག་ཐུག་པའི་ལས་ལ་མི་ཚེ་བསྐྱལ་ཨང་། མི་མ་ཤི་བ་ལ་འཕྲད་དུས་འོང་བར་འདུག །ད་དགོན་པ་འདི་རང་ལ་བཞུགས་ན་ཚོགས་སོགས་སྐྱེལ་ཟེར་བ་མང་པོ་དང་། ཆོས་ཞུ་ཟེར་མི་མང་པོ་ཡོང་ཟེར་བས་བཞུགས་པར་ཞུ་བྱས་པས། རྗེ་བཙུན་གྱིས་ཞེན་པ་རང་ལོག་པའི་མགུར་འདི་གསུངས་སོ། །རྡོ་རྗེ་འཆང་ཆེན་མར་པའི་ཞབས། །སྤྲང་ཞེན་པ་ལོག་པར་ཐུགས་རྗེས་བཟུང་། །ཚེ་འདི་ལ་ཞན་ཅིང་ཆགས་ཙམ་ན། །འཆི་བ་འོང་སྙམ་མི་དྲན་ཏེ། །འཆི་བ་ཏུག་གེ་ཙ་ནས་སླེབས། །ཡང་ཡེངས་རྟོག་འདོད་ཅན་ལ་ཞེན་པ་ལོག །གྲོགས་མང་འཁོར་གྱིས་བསྐོར་དུས་སུ། །འབྲལ་བ་འོང་བ་མི་དྲན་ཏེ། །གཉེན་གྲོགས་མཐུན་ཡང་མྱུར་དུ་འབྲལ། །གཉེན་ཚན་གདུངས་སེམས་ཅན་ལ་ཞེན་པ་ལོག །སེར་སྣས་ཞིབ་ཏུ་གསོག་དུས་སུ། །གློ་བུར་འོང་བ་མི་དྲན་ཏེ། །བསགས་ཚད་མི་ཡིས་མྱུར་དུ་སྤྱོད། །ཆོག་ཤེས་མེད་པའི་མི་ལ་ཞེན་པ་ལོག །སྐྱིད་དུས་ན་ཚ་མེད་དུས་སུ། །སྡུག་བསྔལ་འོང་བ་མི་དྲན་ཏེ། །སྡུག་བསྔལ་དགྲ་འདྲེ་ཡིད་མི་སློང་། །སོ་གསོད་ལྐོག་ཉལ་མཁན་ལ་ཞེན་པ་ལོག །རྙེད་ཚད་ཁ་ན་གྲུབ་དུས་སུ། །ལྟོགས་ཆེད་འོང་བ་མི་དྲན་ཏེ། །འགྲང་ལྟོགས་ཕྱུག་པོའི་བུ་ལའང་འོངས། །ཆགས་སྲེད་གདུང་ཤ་ཅན་ལ་ཞེན་པ་ལོག །ཉོན་མོངས་དུག་ལྔས་ནོན་ཙ་ན། །ཆོས་ཀྱིས་ཕན་པ་མི་དྲན་ཏེ། །ཟས་ཁམ་གང་ཟ་བ་ཆོས་ཀྱི་དྲིན། །ལོག་ལྟ་གཏི་མུག་ཅན་ལ་ཞེན་པ་ལོག །རང་ལ་རང་རྩིས་སྐྱེས་ཙམ་ན། །སྡིག་གིས་གནོད་པ་མི་དྲན་ཏེ། །སྡུག་བསྔལ་བྱུང་ཚད་སྡིག་པའི་ལས། །སྡིག་པ་ཁྲེལ་འཛེམ་མེད་ལ་ཞེན་པ་ལོག །ཞེན་པ་ནང་ནས་སྐྱེས་ཙམ་ན། །གཏམ་ཕན་པར་སྨྲས་ཀྱང་ཉན་པ་ཉུང་། །ཆོས་ལ་འབྲོས་ཤིང་སྡིག་ལ་སྤྱོད། །བསམ་ཞིང་ཞེན་པ་ཏིང་ནས་འཁྲུགས། །ཕ་ལ་བུ་སྐྱེས་མི་ལ་རས་པ་ལ། །སྲིང་མོའི་ཁ་བརྡས་ཞེན་པ་ལོག་པའི་རྐྱེན། །འཁོར་བའི་ཞེན་པ་ཟད་པར་བྱིན་གྱིས་རློབས། །ཞེས་གསུངས་པས་སྲིང་མོ་ཡང་སྐྱེངས་པར་གྱུར་ཅིང་། རྗེ་བཙུན་གྱི་དྲུང་དུ་དེ་ནུབ་བསྡད་ཙ། ཨ་ནེས་ཚོགས་གསོག་ཅིག་ཁྱེར་ནས་བྱུང་བ་ལ། སྲིང་མོ་ན་རེ། འོ་སྐོལ་མིང་སྲིང་ལ་དགྲ་འདི་བས་ཆེ་བ་མེད་པས་མ་སྤྲད་ཅིག་ཟེར་བས། རྗེ་བཙུན་གྱིས་བདག་དང་དགྲ་དང་གཉན་ལ་དབྱེ་བ་མེད་པས་འོང་དུ་ཆུག་གསུངས་པས། སྲིང་མོ་ངོ་ནག་ཆིལ་ལེ་སོང་བས། རྗེ་བཙུན་གྱིས་ཁྱོད་མ་ཁྲོ་ཞིག །དགྲ་ལ་འདུན་མ་གྲུབ་པའི་སོ་ནམ་གྱི་ཡང་རབ་ཡིན་གསུངས་ནས་ཨ་ནེ་འོང་ནས། རྗེ་བཙུན་ལ་ཁམས་དྲི་བྱས་པས་ལན་དུ་མགུར་འདི་གསུངས་སོ། །རྗེ་སྐུ་དྲིན་ཅན་ལ་གསོལ་བ་འདེབས། །ལན་རེ་བ་ཟད་པ ར་བྱིན་གྱིས་རློབས། །བྱམས་པའི་གཉེན་ལ་རེ་ཙ་སྡུག །སྡང་བའི་དགྲ་ལ་དོགས་ཙ་ཐར། །ལས་ངན་གྱི་མི་དེ་སྐྱིད་ཙ་སྡུག །རིག་ངན་གྱི་བུ་དེ་ཚར་ཙ་ལོད། །དྲིན་ཆེན་ཕ་མ་རྒས་ཤིང་ལོད། །མི་ངན་གྱི་འདུན་མ་ཞུས་ཤིང་རྐྱག །ཁྲམ་པའི་ངོ་དེ་བསྲུངས་ཤིང་སྡད། །ལྟས་ངན་གྱི་ཉེ་བ་འདྲིས་ཤིང་ངན། །ཨ་ནེའི་ཁ་ལ་རེ་བ་མེད། །ང་བྲག་དཀར་རྩེ་ལ་བསྒོམས་དུས་སུ། །ཁ་ཟས་ལྕགས་ཀྱི་བྲབ་དུས་སུ། །ཁྱོད་ཨ་ནེས་ཕན་པ་རྩྭ་ཙམ་མེད། །དྲོད་ཕུག་རི་ལ་ཕྱིན་དུས་སུ། །ཨ་ནེའི་ཚོགས་གསོག་ཕན་པ་ཆུང་། །ཨ་ནེའི་བདེ་སྐྱིད་འབྱོར་པའི་ནོར། །ཆོས་ལ་བཏང་ན་ཕྱི་མ་བདེ། །བསམ་ན་ནོར་ལ་སྙིང་པོ་མེད། །བསགས་ན་ནོར་ལ་དགྲ་འདྲེ་ལྡང་། །གཅེས་ན་བུ་ལ་ན་ཚ་འོང་། །མི་ལ་བརྙས་ན་རང་གི་བྱུར། རོགས་ལ་སྡང་ན་རང་སྲོག་ཆད། །རྗེ་ལ་བདོས་ན་ཐལ་ཁུང་ལྷུང་། །གྲོས་ལ་ངན་ན་མི་ཡི་འཁྱེར། །འགྲོ་འདུག་མང་ན་ཁྱི་དང་ཐུག །བྱ་སྤྱོད་ངན་ན་རླུང་གིས་གཏོར། །རང་རྩིས་ཆེ་ན་རོགས་དང་འགྲས། །དེ་ལྟར་ཉན་ན་ཕན་པའི་དབྱངས། །ཨ་ནེའི་སེམས་ལ་འཇོག་པར་ཞུ། ཁ་ལ་ཉན་ན་རྒྱལ་པོ་ཡིན། །མི་དང་མཐུན་ན་ཡང་རྒྱལ་ཡིན། །ཆོས་དང་མཐུན་ན་ཆོས་རྒྱལ་ཡིན། །ཀུན་དང་མཐུན་ན་ཀུན་རྒྱལ་ཡིན། །དགྲ་དང་མཐུན་ན་དོན་རྒྱལ་ཡིན། །མི་ང་དང་ཨ་ནེ་དེ་རིང་མཐུན། །ཆོས་ལེགས་སྙིང་པོ་ཨ་ནེར་བཤད། །དེ་ཕན་པར་སེམས་ཤིང་ཡིད་ལ་བཟུང་། །དུས་ཀུན་ཏུ་ཀུན་མཐུན་རྒྱལ་པོར་ཤོག །ཅེས་གསུངས་པས། ཨ་ནེ་དུམ་པ་ཅིག་སྐྱེངས་ཏིང་ངེར་སོང་སྟེ། རྗེ་བཙུན་གྱི་དྲུང་དུ་ཕྱག་དང་བསྐོར་བ་བཤགས་པ་མང་དུ་བྱས་ཤིང་དད་པར་གྱུར་ནས་རང་ཡུལ་དུ་སོང་ཙ་ན། ཕྱིས་མི་ཚོ་ན་རེ། ཨ་མཚར་པོ་མི་ཆོས་པའི་འདུན་མ་ལས་སླ་བ་མི་འདུག །བར་པ་ཡང་མི་དགོས་པར་འདུག་ཟེར་རོ། །དེ་ནས་སྲིང་མོ་ན་རེ། ཁྱོད་ཨ་ནེས་ཀྱང་ངེད་མིང་སྲིང་གཉིས་ལ་དེ་ཙམ་སྡང་སྟེ་དེ་རིང་ཡག་ནས་ཐལ་ཟེར་བས། རྗེ་བཙུན་གྱི་དི་རིང་མི་ཚད་སྔར་ནས་ཡག་པའི་སྨོན་ལམ་མང་དུ་སོང་བ་ཡིན་གསུངས་ནས་མགུར་འདི་གསུངས་སོ། །རྗེ་བླ་མའི་ཞབས་ཏོག་ཞབས་ཏོག་རེམ། །དད་གུས་གདུང་བ་རྒྱུད་ཆད་མེད། །རྗེ་མཉེས་པར་གྱུར་པས་ཡག་པ་ཡིན། །ཕ་ཡུལ་བདུད་ཀྱིས་གྲོང་ཁྱེར་སྤངས། །ཉེ་དུ་ཤན་པའི་གཤིན་རྗེས་བསྐུར། །ལས་བྱ་བ་ཐེངས་པས་ཡག་པ་ཡིན། །མི་མེད་ལུང་པ་ཡུལ་དུ་བཟུང་། །བྲག་ཕུག་སྟོང་པ་མཁར་དུ་བརྩིགས། །གཅིག་པུར་ཟུག་པས་ཡག་པ་ཡིན། །སྙིང་རུས་སྡུག་བསྲན་སྙིང་ཁམས་ཆེ། །དད་པ་དང་སྙིང་རྗེ་ཤེས་རབ་བཟང་། །ཡེང་མེད་དུ་བསྒོམས་པས་ཡག་པ་ཡིན། །བླ་མ་དང་སློབ་མ་གདམ་ངག་བཟང་། །བྱིན་བརླབས་དང་ནུས་པ་སྙི་རྗེ་ཆེ། །ཉམས་རྟོགས་འཁྲུངས་པས་ཡག་པ་ཡིན། །ཉམས་ལེན་དང་སེམས་བསྐྱེད་གནད་དུ་སོང་། །ལྷ་འདྲེ་མི་གསུམ་དམ་ལ་ཐོགས། །འགྲོ་དོན་འགྲུབ་པས་ཡག་པ་ཡིན། །ཨ་ནེ་དང་སྲིང་མོ་རེ་འཁོར་མེད། །བླ་མ་དང་སློབ་མ་ཡོན་བདག་རྣམས། །མཉམ་པོར་མཇལ་བས་ཡག་པ་ཡིན། །ད་དེ་ལྟར་ཡག་པའི་ལྕམ་སྲིང་མ། །ཤ་ཁྲག་འབྲེལ་པའི་ཨ་ནེ་སྐྱིད། །ལྷ་ཆོས་བྱས་ན་དེ་བས་ཡག །བསགས་ཚད་ཆོས་ལ་བཏང་ན་ཕྱུག་པོ་ཡིན། །སུ་དང་འཁོན་པ་མེད་ན་བཙན་པོ་ཡིན། །རང་ཉིད་སྤྱོད་པ་བཟང་ན་འཕེལ་པོ་ཡིན། །སེམས་ཆགས་སྡང་མེད་ན་ཆོས་པ་ཡིན། །ཀུན་ལ་བྱམས་པས་སྐྱོང་ན་དཔོན་པོ་ཡིན། གཡོ་སྒྱུ་ངོས་ལྐོག་མེད་ན་བཟང་པོ་ཡིན། །ཡིན་ལུགས་ལག་ལེན་བྱེད་ན་མཛངས་པ་ཡིན། །ཞེས་གསུངས་པས། ཨ་ནེ་ཡང་ཤིན་ཏུ་དད་པ་སྐྱེས་ནས། དགྲ་གཉེན་མཉམ་ཟེར་བ་དེ་བདེན་པར་འདུག་ཟེར་ནས། ཕྱིས་ཁ་ཞེ་མེད་པའི་ཞབས་ཏོག་བྱས་ཏེ་སྣང་བ་ཆོས་ལ་འགྱུར། མ་ཎི་དང་ཕྱག་སྐོར་བྱེད་པ་ཞིག་བྱུང་ངོ་། །སྲིང་མོ་པེ་ཏ་མ་དེ་ཕྱིས་ཆོས་སྒོར་ཞུགས་པས་རང་བྱུང་གི་རྣལ་འབྱོར་མ་བཟང་མོ་ཞིག་བྱུང་སྟེ། རྗེ་བཙུན་ལ་སྐྱེས་དམན་གྱི་སློབ་མ་བརྒྱད་ཡོད་པའི་ཡ་བར་གྱུར་པ་ཞིག་ཡིན་གསུངས་སོ། །དེ་ཐམས་ཅད་གཉེན་འདུན་རང་སར་གྲོལ་བའི་སྐོར་རོ།། །།གཉིས་པ་ཆོས་བརྒྱད་རང་སར་གྲོལ་བ་ལ། དེར་འཚོགས་པའི་བུ་སློབ་རྣམས་ཀྱིས་ད་དེ་དགོན་པ་ཆེན་པོ་ཞིག་འདེབས་ནས་ངེད་རང་དཔོན་སློབ་རྣམས་ཀྱང་ཇ་ཆང་གི་ལོངས་སྤྱོད་དུམ་པ་རེ་ཡང་བྱེད། ངེད་ཡོན་བདག་ཚོ་ཡང་འོང་དུས་ཟ་རྒྱུ་དུམ་པ་རེ་གནང་བ་མཛད་པའི་མཛོ་མོ་དང་། འབུལ་བ་ཐམས་ཅད་ལེན་པར་ཞུ་ཞུས་པས། བླ་མའི་ཞལ་ནས། འཇིག་རྟེན་གྱི་ཆོས་བརྒྱད་འདི་ཆོས་པའི་ཕུང་འདྲེ་ཡིན། དེ་བས་ང་ཡི་གླུ་འདི་ལ་ཉོན་གསུངས་ནས་མགུར་འདི་གསུངས་སོ། །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་ཞེན་པ་ཟད་པར་བྱིན་གྱིས་རློབས། །ཕ་བླ་མ་མི་ཆེན་དཔོན་འདོད་འདི། །སྟབས་ངན་ན་ཆགས་སྡང་བསམ་ངན་སྐྱེ། །དེ་བས་བྱ་བྲལ་གཅིག་པུར་དགའ། །གནས་བདེ་མོ་གྲོ་ལྟག་གི་དགོན་པ་འདི། །ཡུན་རིང་གྲོང་ཡུལ་མི་ནག་འདྲ། །དེ་བས་དབེན་གནས་རི་ཁྲོད་དགའ། །འཁོར་སློབ་མ་ཁ་ཕྱིད་ཟ་འདུས་འདི། །འགྲོགས་ཐལ་ན་འཁྲུགས་པ་ཁ་པོ་བྱེད། །དེ་བས་ཡེང་མེད་དུ་བསྒོམ་ན་དགའ། །དུས་ངན་པའི་ཡོན་བདག་ངོ་མཚར་ཆེ། །ངོ་བསྲུངས་ན་གཤེ་བསྐུར་ངན་པ་འདེབས། །དེ་བས་ཕྱོགས་མེད་བས་ཕྱོགས་མེད་བསོད་སྙོམས་དགའ། །མི་ཆེན་པོའི་ངོ་སྲུང་ཞབས་ཏོག་དེ། །ཞུས་ཐལ་ན་ནག་མེད་ཁྲིམས་ལ་གཏུག །དེ་བས་ཀྱང་དམན་ས་བཟུང་ན་དགའ། །ཟས་ཞིམ་པོ་ཇ་ཆང་ཚོགས་འཁོར་དེ། །མང་ཐལ་ན་དགེ་སྦྱོར་བར་ཆད་ཡིན། །དེ་བས་ཀྱང་གྱི་ནས་འཚོ་བ་དགའ། །དཀོར་གཉན་པོ་སྲོག་གི་སྤུ་གྲི་དེ། །ཟོས་ཐལ་ན་ཐར་པའི་སྲོག་རྩ་གཅོད། །དེ་བས་སེམས་ཁུར་ཆུང་ན་དགའ། །གཉེན་ཉེ་དུ་རྐང་པའི་ཐག་ནག་དེ། །འབྲེལ་ཆེས་ན་ངན་སོང་གི་གནས་སུ་འཁྲིད། །དེ་བས་ཀྱང་གཉེན་མེད་བཤེས་མེད་དགའ། །གྲོགས་ངན་པ་གཤིས་ངན་རུ་ཅོ་འདི། །ལེན་ཆེས་ན་འཇིགས་པའི་གཡང་སར་འཕེན། །དེ་བས་ཀྱང་གྲོགས་མེད་གཅིག་པུར་དགའ། །ནོར་ཕྱུག་པོ་བེའུ་ལུག་འཚོ་སྐྱོང་དེ། །མང་ཐལ་ན་འབྱུང་པོའི་དམག་དཔུང་སྡུད། དེ་བས་ཀྱང་ཆོག་ཤེས་ཟིན་ན་དགའ། །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་ཞེན་པ་མེད་པར་བྱིན་གྱིས་རློབས། །ཞེས་གསུངས་པས། ཁོང་རྣམས་ན་རེ། བླ་མ་ལགས། སྐུ་ན་གཞོན་དུས་དང་མི་འདྲ། བགྲེས་ཙ་དཀར་དུམ་པ་རེ་གསོལ་བའི་མཛོ་མོ་རེ་བཟུང་ན་ལེགས་ཞུས་པས་ཡང་མགུར་འདི་གསུངས་སོ། །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་ཞེན་པ་ཟད་པར་ཐུགས་རྗེས་བཟུང་། །ང་སྒྱུ་མ་ལུས་ཀྱི་ནགས་ཁྲོད་དུ། །སྟོང་ཉིད་སྙིང་རྗེའི་ན་སྤང་རྒྱས། །ཞེན་མེད་དད་པའི་ཤེ་མ་ཡིས། །སྤྱོད་པ་གཙང་མའི་ལག་པ་བཀྲུས། །ཐབས་ཤེས་གཉིས་ཀྱི་འཛོ་སྐྱོགས་སུ། །སེམས་ཉིད་རིན་ཆེན་བ་མཛོ་བཞོ། །རྣམ་དག་གཉུག་མའི་བསྒོམ་ཆེན་ལ། །ཟག་མེད་བདེ་ཆེན་འོ་མ་འདྲེན། །སྤྲོས་མེད་ཆོས་ཉིད་ཞལ་གྱིས་གསོལ། ཆགས་མེད་ལོངས་སྤྱོད་མགུལ་དུ་བསྒྲིམ། །དམིགས་མེད་སྙིང་རྗེས་ཐུགས་ལ་བསྟིམ། འཕྲིན་ལས་ཕྱོགས་མེད་ཟག་པ་གཏོང་། །འགྲོ་དོན་ལྷུན་གྲུབ་བསྒྲགས་པ་ཀློག །དེ་འདྲའི་བ་མཛོ་བཞོ་བ་ལ། །ཁྱོད་འཇིག་རྟེན་བ་མཛོའི་དགོས་པ་མེད། །ཆོས་བརྒྱད་ཀྱི་དགོན་པར་ང་མི་སྡོད། །ཁྲེལ་མེད་ཀྱི་སྤྱོད་པ་བྱེད་ལ་ཐུག །ཅེས་གསུངས་པས། ཡང་བུ་སློབ་རྣམས་ན་རེ། འོ་ན་འོ་སྐོལ་དཔོན་སློབ་མོན་ཡུལ་འདྲ་བའི་འབྲུ་རྩམ་མོད་པ་ཞིག་ཏུ་འགྲོ་ནས་བསོད་སྙོམས་བྱེད་དགོས་ཞུས་པས། བླ་མས་འདི་གསུངས་ཏེ། ངས་རྒྱལ་ཁམས་ཞོ་དར་བཞིན་དུ་བཤིག །སྒོ་ཁ་རན་འཐག་བཞིན་དུ་བསྐོར། །མིག་སྤྱོད་སོ་པ་བཞིན་དུ་བལྟས། །སྐྱིད་སྡུག་ཚོད་མ་བཞིན་དུ་མྱོང་། །འགྲང་ལྟོགས་སྲང་ཁ་བཞིན་དུ་འཇལ། །ཕ་ཡུལ་བཙོན་དོང་བཞིན་དུ་སྤངས། །གཅིག་པུར་ཤ་ཟ་བཞིན་དུ་བསྡད། །སྡུག་བསྔལ་ཕྱེ་རྐྱལ་བཞིན་དུ་ཁུར། ད་དུས་ལ་མ་བབ་པའི་བསོད་སྙོམས་ལ་མི་འགྲོ་གསུངས་ནས་མགུར་འདི་གསུངས་སོ། །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་ཞན་པ་ཟད་པར་བྱིན་གྱིས་རློབས། མི་འདོད་པ་ཅན་ཁོང་ཡུས་ཆེ་ཙམ་ན། །རྒྱལ་ཁམས་ཡོངས་ལ་འགྲིམ་ཡང་རྙེད་དུས་མེད། ཁ་ན་བྱུང་ཚད་ཟོས་ཀྱང་བརྒྱགས་རྒྱུ་མེད། །སུག་གེ་དུམ་པ་སྐུམས་ཞིག་རས་ཆུང་པ། །ཁྲེལ་མེད་པོའི་ཉེ་བ་བཅོམ་ཙམ་ན། །དྲིན་ཆེན་ཕ་མ་ཡིན་ཀྱང་གཉན་རྒྱུ་མེད། །བླ་མ་སློབ་དཔོན་ཡིན་ཀྱང་འཛེམ་རྒྱུ་མེད། །བསམ་བློ་དུམ་པ་ཐོང་ཞིག་རས་ཆུང་པ། །ཞེ་སྡང་གདུག་སེམས་འཁྲུག་ཙམ་ན། །ཚེ་རང་སྲོག་ཡིན་ཡང་འཕོང་རྒྱུ་མེད། མཚོན་མང་པོས་གཏུབས་ཀྱང་འགྱོད་རྒྱུ་མེད། །གོ་ཆ་སེམས་ལ་གྱོན་ཅིག་རས་ཆུང་པ། །འདོད་པ་ཅན་ཞེན་པ་ཁོལ་ཙམ་ན། །རྟ་བརྒྱ་བརྒྱ་ཡོད་ཀྱང་རིའུ་ལུག་རྐུ། །ནོར་སྟོང་སྟོང་ཡོད་ཀྱང་གཉོམ་ཆུང་འཇོམས། །སེར་སྣ་སྡུག་སོགས་སྤོངས་ཤིག་རས་ཆུང་པ། །གཏི་མུག་ཅན་ཉལ་འོག་ཟིན་ཙམ་ན། །དགྲ་རྣ་བས་ཚོར་ཡང་ལྡེམ་མེ་བ། །གཉེན་མིག་གིས་མཐོང་ཡང་ཧར་རེ་བ། །མཛངས་རང་མགོ་ཐོན་ཅིག་རས་ཆུང་པ། །ང་རྒྱལ་ཅན་རང་རོ་ཆེ་ཙམ་ན། །མི་ཆེན་པོའི་དྲུང་དུ་ང་རྒྱལ་བསྐྱེད། །སྐུ་བཙུན་པོའི་དྲུང་དུ་ཟས་ངན་འདྲེན། །འཕྲལ་རང་ཚུགས་ཟུངས་ཤིག་རས་ཆུང་པ། །ལས་དུག་ལྔ་འཁྲུགས་པའི་གྲོང་ཁྱེར་ན། །ཁ་ཟ་འདོད་འཁྱམས་པས་ཁ་མཆུ་འཕོག །རྐང་འགྲོ་ལ་དགའ་དེ་རྡོ་ལ་འཕོག །བུ་དགེ་སྦྱོར་མཛོད་ཅིག་རས་ཆུང་པ། །བླ་མའི་དྲུང་དུ་རི་ཁྲོད་གནས། །ཁྱེད་རས་པ་རྣམས་ལ་ད་རུང་གཅེས། །གདུལ་བྱ་དུས་བབ་ཀྱི་སློབ་མ་ལ། །ཆོས་སྙིང་རུས་བཟོད་པ་ལྡན་པར་ཤོག །ཉམས་མྱོང་རྩལ་ཁ་རྫོགས་པར་ཤོག །དོན་སྐུ་བཞིའི་འབྲས་བུ་ཐོབ་པར་ཤོག །ཅེས་གསུངས་སོ། །ཡང་རྗེ་བཙུན་མི་ལ་རས་པ་དཔོན་སློབ་རི་ལ་སྐྱོ་སང་ལ་བྱོན་ཙ་ན། ཆར་པ་ཟིམ་པ་ཅིག་བབས་པས། རས་ཆུང་པ་འཕྲུ་ས་ཚོལ་དུ་ཕར་རྒྱུག་ཚུར་རྒྱུག་བྱས་པའི་ཚེ་ཆར་པས་བང་སྐད། རྗེ་བཙུན་ཆེན་པོས་དབུ་བཏུམ་ནས་བཞུགས་པས་ཆར་པས་མ་བང་སྐད། ཆར་པ་ཆད་པ་དང་རས་ཆུང་པ་ལ་མགུར་གསུངས་པ། ལྟ་བ་རྒོད་པོས་ནམ་འཕང་བསྐྱོད་པ་དང་འདྲ་སྟེ། །སེམས་རེས་འགའ་མཐོ་སྟེ་རེས་འགའ་དམའ། །སེམས་མཐོ་དམན་དུ་གྱུར་ཅིང་ས་མ་ཟིན། །སེམས་ས་མ་ཟིན་པ་དེ་གང་དུ་འཁྱམས། །སེམས་ཐག་ཆོད་ཀྱི་རྣལ་འབྱོར་བློ་རེ་བདེ། །སྒོམ་པ་ཀུན་སྤྲིན་བར་གྱི་ཉི་མ་དང་འདྲ་སྟེ། །སེམས་རེས་འགའ་གསལ་ཏེ་རེས་འགའ་འགྲིབ། །སེམས་གསལ་འགྲིབ་ཏུ་གྱུར་ཅིང་ས་མ་ཟིན། །སེམས་ས་མ་ཟིན་པ་དེ་གང་དུ་འཁྱམས། །སེམས་ཐག་ཆོད་ཀྱི་རྣལ་འབྱོར་བློ་རེ་བདེ། །སྤྱོད་པ་ཀུན་ཆུ་ཁའི་བྱེ་མ་དང་འདྲ་སྟེ། །སེམས་རེས་འགའ་ཞིབ་ལ་རེས་འགའ་རྩིང་། །སེམས་རྩིང་ཞིབ་ཏུ་གྱུར་ཅིང་ས་མ་ཟིན། །སེམས་ས་མ་ཟིན་པ་དེ་གང་དུ་འཁྱམས། །སེམས་ཐག་ཆོད་ཀྱི་རྣལ་འབྱོར་བློ་རེ་བདེ། །འབྲས་བུ་ཀུན་ལོང་བའི་འཁར་བ་དང་འདྲ་སྟེ། །སེམས་རེས་འགའ་ཐོབ་སྟེ་རེས་འགའ་ཤོར། །སེམས་ཐོབ་ཤོར་དུ་གྱུར་ཅིང་ས་མ་ཟིན། །སེམས་ས་མ་ཟིན་པ་དེ་གང་དུ་འཁྱམས། སེམས་ཐག་ཆོད་ཀྱི་རྣལ་འབྱོར་བློ་རེ་བདེ། དམ་ཚིག་ཀུན་ས་མཚམས་ཀྱི་མཁར་དང་འདྲ་སྟེ། །སེམས་རེས་འགའ་ཐོབ་སྟེ་རེས་འགའ་ཤོར། སེམས་ཐོབ་ཤོར་དུ་གྱུར་ཅིང་ས་མ་ཟིན། །སེམས་ས་མ་ཟིན་པ་དེ་གང་དུ་འཁྱམས། །སེམས་ཐག་ཆོད་ཀྱི་རྣལ་འབྱོར་བློ་རེ་བདེ། །ཞེས་གསུངས་པས་རས་ཆུང་པ་ཤིན་ཏུ་མཉེས་སྐད། ཡང་གསུངས་པ། སྐྱེ་གནས་སྲིད་ལེན་གྱི་ཕུང་པོ་འདི། །སྒོ་ང་རྡོག་པས་བརྫིས་པ་འདྲ། འཛིན་པའི་ཐག་པ་ཆད་ཙམ་ན། །ས་མཚམས་སྲིད་པའི་བར་དོ་འདི། །སྦྲུལ་ལ་བགྱིས་པའི་མདུད་པ་འདྲ། །སྤྱོད་པ་བླང་དོར་གྲོལ་ཙམ་ན། །སེམས་བྱ་བྲལ་གྱི་ངང་ལ་གནས་པ་དེ། རྩལ་གསུམ་རྫོགས་པ་སེང་གེ་འདྲ། །སྣང་གསལ་སྟོང་གསལ་ཡེ་ཤེས་གསལ། །གསལ་བ་གསུམ་དང་འགྲོགས་ཙམ་ན། །སྤྲིན་མེད་མཁའ་ལ་ཉི་ཤར་འདྲ། །ཡུལ་དང་ཕུང་པོ་རྟག་ཀྱང་འགྱེལ། །སེམས་དང་ཕུང་པོ་འཆིང་ཐག་ཆད། །མི་ལུས་རིན་ཆེན་ཆུད་མ་ཟོས། །ང་རྣལ་འབྱོར་གྱི་སོ་ནམ་ཟིན་ནམ་སྙམ། །ཁྱེད་ལ་དེ་ལྟར་ཅང་གདའམ། །རློམ་སེམས་མ་ཆེ་རས་ཆུང་པ། །ཞེས་གསུངས་སོ། །ཡང་རྗེ་བཙུན་གྱིས་བདེ་སྡུག་ཤན་འབྱེད་ཀྱི་མགུར་འདི་གསུངས་པ། ཨོཾ་སྭ་སྟི། རང་ངོ་རང་གིས་ཤེས་ནས་གནས་ལུགས་དོན་དང་ལྡན་པའི་རྣལ་འབྱོར་པ་དེ་ནམ་ཡང་བདེ། །འཁྲུལ་པའི་རྗེས་སུ་འབྲངས་ནས་སྡུག་བསྔལ་བསྲིང་སྐྱེད་བྱེད་པའི་ཆོས་པ་དེ་ནམ་ཡང་སྡུག །མ་བཅོས་ངང་ལ་བཞག་ནས་འགྱུ་བྱེད་རང་སར་དག་པའི་རྣལ་འབྱོར་པ་དེ་ནམ་ཡང་བདེ། །བྱུང་ཚོར་རྗེས་སུ་འབྲངས་ནས་ཆགས་སྡང་རང་ཀ་གསོག་པའི་ཆོས་པ་དེ་ནམ་ཡང་སྡུག །སྣང་བ་ཆོས་སྐུར་རྟོགས་ནས་རེ་དོགས་ཐེ་ཚོམ་མེད་པའི་རྣལ་འབྱོར་པ་དེ་ནམ་ཡང་བདེ། །བབ་ཅོལ་ཐོ་ཅོར་སྤྱད་ནས་ཆོས་བརྒྱད་མགོ་བོ་མ་ནོན་པའི་ཆོས་པ་དེ་ནམ་ཡང་སྡུག །ཐམས་ཅད་སེམས་སུ་ཤེས་ནས་ཅིར་སྣང་གྲོགས་སུ་འཁྱེར་བའི་རྣལ་འབྱོར་པ་དེ་ནམ་ཡང་བདེ། །མི་ཚེ་ཡེངས་ལ་བསྐྱལ་ནས་འཆི་ཀ་འགྱོད་པ་སྐྱེ་བའི་ཆོས་པ་དེ་ནམ་ཡང་སྡུག །རྟོགས་ཚད་ཁོང་དུ་ཆུད་ནས་གནས་ལུགས་རང་ས་འཛིན་པའི་རྣལ་འབྱོར་པ་དེ་ནམ་ཡང་བདེ། །འདོད་པ་ངན་པ་ཁོང་དུ་བཅུག་ནས་དུང་དུང་ཤམ་ཤམ་བྱེད་པའི་ཆོས་པ་དེ་ནམ་ཡང་སྡུག །མཚན་མ་རང་སར་གྲོལ་ནས་ཉམས་མྱོང་རྒྱུན་ཆད་མེད་པའི་རྣལ་འབྱོར་པ་དེ་ནམ་ཡང་བདེ། །ཐ་སྙད་ཚིག་ཕྱིར་འབྲངས་ནས་སེམས་ལ་ཐག་ཆོད་མེད་པའི་ཆོས་པ་དེ་ནམ་ཡང་སྡུག །འཇིག་རྟེན་བྱ་བ་བཏང་ནས་ཆད་འཛིན་གཟའ་གཏད་དང་བྲལ་བའི་རྣལ་འབྱོར་པ་དེ་ནམ་ཡང་བདེ། །བྲེ་ཕུལ་སྡུག་སོགས་བྱས་ནས་བུ་སྨད་གཉེན་འདུན་གསོ་བའི་ཆོས་པ་དེ་ནམ་ཡང་སྡུག །ཞེན་པ་ནང་ནས་ལོག་ནས་ཐམས་ཅད་སྒྱུ་མར་རྟོགས་པའི་རྣལ་འབྱོར་པ་དེ་ནམ་ཡང་བདེ། །གཡེང་བའི་འདམ་དུ་ཞུགས་ནས་ལུས་ངག་བྲན་དུ་ཁོལ་བའི་ཆོས་པ་དེ་ནམ་ཡང་སྡུག །བརྩོན་འགྲུས་ཀྱི་རྟ་ལ་བཞོན་ནས་ཐར་པའི་ས་ལམ་བགྲོད་པའི་རྣལ་འབྱོར་པ་དེ་ནམ་ཡང་བདེ། །ལེ་ལོའི་སྒྲོག་ཏུ་ཚུད་ནས་འཁོར་བའི་གཏིང་རྡོ་བྱེད་པའི་ཆོས་པ་དེ་ནམ་ཡང་སྡུག །ཐོས་བསམ་གྱི་སྒྲོ་འདོགས་ཆོད་ནས་གཉུག་མ་རྒྱུན་ཆད་མེད་པའི་རྣལ་འབྱོར་པ་དེ་ནམ་ཡང་བདེ། །སྣ་ཐག་མི་ལ་བྱིན་ནས་ངོ་སྲུང་མཐུན་འཇུག་བྱེད་པའི་ཆོས་པ་དེ་ནམ་ཡང་སྡུག །ཅི་དགུ་རྒྱབ་ཏུ་སྐྱུར་ནས་རྟག་ཏུ་ལྷ་ཆོས་བྱེད་པའི་རྣལ་འབྱོར་པ་དེ་ནམ་ཡང་བདེ། །བྱུང་ཚོར་རྗེས་སུ་འབྲངས་ནས་ཆགས་སྡང་རང་ཁར་སོང་པའི་ཆོས་པ་དེ་ནམ་ཡང་སྡུག །ཅེས་དང་། ཡང་གསུངས་པ། ན་མོ་གུ་རུ། ལྟ་སྒོམ་གཅིག་ཏུ་ཤེས་ནས་རྩེ་གཅིག་གི་ངང་ལ་འཇོག་པའི་རྣལ་འབྱོར་པ་དེ་བདེ་སྟེ། ལྟ་སྒོམ་ཐ་དད་བྱས་ནས་སེམས་ལ་ཡིད་ཆེས་མེད་པའི་ཆོས་པ་འདི་སྦྱངས། །ཅིར་སྣང་ཆོས་ཉིད་དུ་ཤེས་ནས་སྒོམ་པའི་ཐུན་མཚམས་མེད་པའི་རྣལ་འབྱོར་པ་བདེ་སྟེ། །སྐྱེ་མེད་ཐུན་དུ་བཅད་ནས་རྣམ་རྟོག་གར་དགར་ལྡང་བའི་ཆོས་པ་འདི་སྦྱངས། །སྤྱོད་པ་བྱར་མེད་ཤེས་ནས་ཚོགས་དྲུག་རང་སར་གྲོལ་བའི་རྣལ་འབྱོར་པ་བདེ་སྟེ། །སྒོ་ལྔ་ཡུལ་ལྔར་ཤར་ནས་བདག་འཛིན་གྱི་སྤྱོད་པ་བྱེད་པའི་ཆོས་པ་འདི་སྦྱངས། །འབྲས་བུ་སྐྱེ་མེད་དུ་ཤེས་ནས་འཁོར་འདས་སྣང་བ་ལ་འདས་པའི་རྣལ་འབྱོར་པ་བདེ་སྟེ། །འབྲས་བུ་མ་རིག་པས་བསྒྲིབས་ནས་གཏན་དུ་འཁོར་བར་འཁྱམས་པའི་ཆོས་པ་འདི་སྦྱངས། །རྟོགས་ཚད་ཁོང་དུ་ཆུད་ནས་རྒྱལ་ཁམས་ཕྱོགས་མེད་བསྐོར་བའི་ཆོས་པ་རྣལ་འབྱོར་པ་དེ་བདེ་སྟེ། རང་ཡུལ་ཡིད་ལ་བརྟགས་ནས་སེམས་ལ་བག་ཆགས་སོགས་པའི་ཆོས་པ་འདི་སྦྱངས། །བླ་མ་སྤྱི་བོར་བཀུར་ནས་འཁོར་འབངས་ཕྱོགས་མེད་དུ་བསྟེན་པའི་ཕྱག་རྒྱ་མོ་དེ་བདེ་སྟེ། །སྣང་ཚད་དགྲ་རུ་ལྡང་ནས་བླ་མ་ཐ་མལ་དུ་ཁུར་བའི་ཕྱག་རྒྱ་མོ་དེ་སྦྱངས། །ཞེས་གསུངས་ཏེ་བསམ་བློ་རྩབ་རྩུབ་མེད་པར་བསྒོམས་པས། །རས་པ་ཡང་ཉི་ཤུ་ཙམ་བྱུང་ངོ་། །གཞན་སྒོམ་ཆེན་ཡང་བཞི་བཅུ་ཙམ་བྱུང་བས་འགྲོ་དོན་རེ་ཆེལ་འཕེལ་ཏེ། གདམས་ངག་བས་ཀྱང་མིག་ཁྲིད་གལ་ཆེ་བས། དེར་སོང་བ་རྣམས་ཚེ་འདིའི་སྣང་བ་མེད་ཅིང་། བྱ་བ་ཐོང་བ་གཅིག་པུ་ལ་དགའ་བས། སྙིང་རུས་ཆེ་བ་མང་དུ་བྱུང་ངོ་། །དེ་ཐམས་ཅད་ཆོས་བརྒྱད་རང་སར་གྲོལ་བ་སྙེན་ནམ་དྲོད་ཕུག་གི་སྐོར་རོ། །


previousཆོས་བརྒྱད་རང་སར་གྲོལ་བའི་ཡོན་ཏན།next