Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
རྩོད་པས་མི་རྫི་བའི་ཡོན་ཏན།
   
   
   
   
   
   
   
   


 
previousརྩོད་པས་མི་རྫི་བའི་ཡོན་ཏན།next

རྩོད་པས་མི་རྫི་བའི་ཡོན་ཏན།

དེ་ནས་དགུ་པ་རྩོད་པས་མི་རྫི་བའི་ཡོན་ཏན་ནི། རྗེ་བཙུན་ཆེན་པོ་དཔོན་སློབ་སྙེ་ནམ་དྲོད་ཕུག་ན་བཞུགས་པ་ལ། སྙེ་ནམ་སྟེང་ཆེན་བྱ་བ་ན་སྟོན་པ་དར་ལོ་དང་། ལོ་སྟོན་བྱ་བ་གཉིས་ཀྱི་མགོས་བྱས་མཚན་ཉིད་པའི་སྟོན་པ་མང་པོ་ཡོད་པ་ལ། དབྱར་ཁ་ཞིག་ཐན་པ་ཆེན་པོ་བྱུང་ནས་ནས་དཀོན་པས། ཡོན་བདག་རྣམས་ཀྱིས་སྟོན་པ་རྣམས་ལ་ནས་བུན་ཐོང་བྱས་པ་ལ། བུན་མ་བཏང་བས་ཡོན་བདག་རྣམས་མ་དགའ་ནས། ཕྱིས་ཚོགས་སོགས་རྣམས་མི་ལ་རས་པ་དཔོན་སློབ་ལ་ཚོགས་ཆེ་ཟེར་ནས་ཤི་དགེ་གསོན་གནས་ཐམས་ཅད་དེར་ཁྱེར་བས། སྟོན་པ་རྣམས་ཀྱི་བསོད་ནམས་ཆུ་བཅད་དུ་སོང་བས་དེར་སྟོན་པ་རྣམས་བཀའ་གདམས་པ་ཡིན་པས་ཆང་སྡང་བྱས་ཏེ། སྟོན་པ་རྣམས་ཚོགས་ནས་ལོ་སྟོན་ན་རེ། །འོ་སྐོལ་ཚོའི་ཡོན་བདག་རྣམས་ལ་བུན་རེ་བཏང་ན་འཐད་དེ། དེ་མ་བཏང་བས་ད་མི་ཚོས་དད་ལོག་བྱས་ནས་རྣལ་འབྱོར་པ་འདི་ལ་ཐམས་ཅད་འདུས་པས་མ་བཟང་། ད་འོ་སྐོལ་གྱིས་ལག་པ་ནས་བཟུང་སྟེ་ཕུད་ན་འཕུད་ཐུབ་སྟེ་མི་ལ་ངོ་ཚ་བས། ཁྱེད་སྟོན་པ་སྒྲ་ཚད་ལ་མཁས་པ་གསུམ་སོང་ལ་ཆོས་གཏམ་གྱིས་དང་། ཁོ་ཡི་ཁ་ནས་ལྕེ་མིན་པ་བྱུང་རྒྱུ་མེད་པས་ཁོ་རང་བུད་ལ་འགྲོ་བ་ཡིན་ཟེར་བས། དེར་སྟོན་པ་གསུམ་སོང་ནས་ངེད་བླ་མ་ལ་མཇལ་དུ་འོང་བ་ཡིན་ཟེར་བས། རས་ཆུང་པས། སྟོན་པ་གསུམ་མཇལ་ཟེར་བས་མཇལ་ལམ་མི་མཇལ་ཞུས་པས། བླ་མའི་ཞལ་ནས། ང་ལྷོ་བྲག་མར་པའི་དྲུང་དུ་ཡོད་དུས། ཁྱོད་ཀྱི་ལུས་ངག་ཡིད་གསུམ་གྱིས་ཕན་གར་ཐོག་གྱིས། ཐ་ན་འབེལ་གཏམ་གླེང་བསླང་ལ་སོགས་པས་ཀྱང་དོན་ཆེན་དུ་འགྱུར་གསུངས་པས། སྟོན་པ་དང་འཕྲད་དགོས་གསུངས་ནས་ནང་དུ་བོས་ཏེ་ཚ་བ་དྲངས་ཏེ་ཆབ་བཏང་ནས། བླ་མའི་ཞལ་ནས། འོ་དད་པ་ཅན་གྱི་དད་ཟས་འདི། ས་ལ་ཕོག་ན་ས་འགས། རྡོ་ལ་ཕོག་ན་རྡོ་འགས། ཆུ་ལ་ཕོག་ན་ཆུ་འཆད་བྱ་བ་ཡིན་པས། ཁྱེད་སྟོན་པ་རྣམ་གསུམ་གྱིས་ཀྱང་མདོ་རེ་གསུང་བར་ཞུ་ཞུས་པས། སྟོན་པ་གྲལ་མགོ་མ་དེ་ལངས་ནས། ངེད་སྟོན་པ་བསླབ་པ་གསུམ་དང་ལྡན་ཞིང་ཆོས་གསུམ་དང་མི་བྲལ་བ་འདི། ཡོན་སྦྱོང་བའི་གནས་ཡིན་པས། མདོ་བཏོན་ཡང་ཆོག་མ་བཏོན་ཡང་ཆོག །ཁྱེད་རྣལ་འབྱོར་པས་དད་ཟས་འདི་ཙམ་ཟ་བའི་གདིངས་ཅི་ཡོད་ཟེར་བས། ཉམས་རྟོགས་པའི་ཉམས་ལེན་མགུར་འདི་གསུངས་སོ། །དམ་ཆོས་ཐེག་པའི་མཐར་ཐུག་སྙིང་པོའི་དོན། །ལུང་རིག་མན་ངག་འདུས་པ་བདུད་རྩིའི་རོ། །བླ་མ་ཀུན་གྱིས་བཀུར་བ་སྤྱི་གཙུག་རྒྱན། །རྗེ་མི་འབྲལ་གཙུག་གི་རྒྱན་དུ་བཞུགས། །བདག་གིས་ཉམས་ལེན་སུམ་ཆ་གསུམ་དུ་བྱས། །གསུམ་ཆ་ཡི་དམ་བསྐྱེད་རིམ་བསྒོམས། །གསུམ་ཆ་རྩ་རླུང་ཐིག་ལེ་བསྒོམས། །གསུམ་ཆ་ཕྱག་རྒྱ་ཆེན་པོ་བསྒོམས། །སྒོམ་ཐུན་བཞིའི་སེམས་བསྐྱེད་བྱང་ཆུབ་སེམས། །དངོས་དད་ཀྱི་ལྷ་ཡོན་སྟོང་པར་སྦྱངས། །བླུན་དད་ཀྱི་ཚོགས་གསོག་གཏོར་མར་བསྔོས། །རང་དད་ཀྱི་ཚོགས་གསོག་ལྷ་ལ་འབུལ། །ལྷ་དད་ཀྱི་ཚོགས་གསོག་འབྱུང་པོར་བསྔོས། །ང་ཚོགས་འཁོར་བསྐོར་བའི་རྣལ་འབྱོར་པ། །བློ་ཆོས་ལ་འགྲོ་བར་བྱིན་གྱིས་རློབས། །ཞེས་གསུངས་པས། ཡང་སྟོན་པ་ན་རེ། ཁྱོད་ལ་བསླབ་པའི་ཤེས་རབ་མེད་ན། ལག་སྡུམ་བྲག་ལ་འཛེགས་པ་འདྲ། ཐར་པ་ཐོབ་མི་སྲིད། སྒོམ་པའི་ཉམས་ལེན་མེད་ན་ལོང་བས་ལྷ་ཁང་ལྟ་བ་དང་འདྲ། ཡང་དག་པའི་དོན་མཐོང་མི་སྲིད། ཁྱོད་ཡི་དམ་བསྐྱེད་རིམ་ཇི་ལྟར་བསྒོམ་ཟེར་བས། ཟབ་མོ་བསྐྱེད་རིམ་བསྒོམ་ལུགས་ཀྱི་མགུར་འདི་གསུངས་སོ། །བདག་གིས་ཡི་དམ་བསྐྱེད་རིམ་བསྒོམ་ཙ་ན། །ལུས་སྣང་སྟོང་བར་སྣང་གི་འཇའ་ཚོན་འདྲ། །དེ་ལ་ངོས་བཟུང་མེད་པས་སྲེད་པ་ཟད། །ངག་གྲག་སྟོང་ལུང་སྟོང་གི་བྲག་ཆ་འདྲ། །དེ་ལ་བཟང་ངན་མེད་པས་འཁྲུལ་པ་ཟད། །སེམས་གསལ་སྟོང་ཉི་ཟླའི་འོད་དང་འདྲ། །དེ་ལ་ཕྱོགས་རིས་མེད་པས་བདག་འཛིན་ཟད། །ཐ་མལ་གྱི་ལུས་ངག་ཡིད་གསུམ་ཉིད། །དེ་རང་བྱུང་རྡོ་རྗེའི་སྐུ་གསུང་ཐུགས། །སྒོ་གསུམ་ཐ་མལ་དུ་མ་ལུས་བློ་རེ་བདེ། །ཅི་བྱས་ཆོས་དང་མཐུན་པའི་ཞེ་རེ་སྐྱིད། །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ཞེས་གསུངས་པས། ཡང་སྟོན་པ་ན་རེ། ཕྱི་བ་ས་འོག་ཏུ་ཟླ་བ་གསུམ་བཞི་ཉལ་བས་ལུས་མི་འགུལ། ཉ་ཆུ་ལ་གནས་པ་འཚུབ་མི་སྲིད་པས། དེ་ཚོ་རླུང་གི་ཡོན་ཏན་ཡིན། སེམས་ལ་ཡོན་ཏན་རྟ་རྔ་ཙམ་མེད་པར་ཁྱོད་ཀྱི་རྩ་རླུང་ཇི་ལྟར་བསྒོམ་ཟེར་བས། ཟབ་མོ་རྩ་རླུང་བསྒོམ་ལུགས་འདི་མགུར་དུ་གསུངས་སོ། །བདག་གི་རྩ་རླུང་ཐིག་ལེ་བསྒོམ་ཙ་ན། །རྩ་གཙོ་བོ་གསུམ་དང་འཁོར་ལོ་བཞི། །ལུས་སྲེད་པ་ཟད་པས་རང་ལུས་འདྲ། །རྫས་ཡི་གེ་དག་པས་མ་དང་འཕྲད། དོན་རང་ཞལ་མཐོང་བས་ནོར་བ་མེད། །རླུང་མ་ལ་འདུས་པས་གནད་དུ་བསྣུན། །ཉམས་བདེ་གསལ་མི་རྟོག་ལྷུན་གྱིས་གྲུབ། །བློ་ཞེན་པ་མེད་པའི་མི་དང་འཕྲད། །སེམས་ཐེ་ཚོམ་མདུད་པ་དངོས་སུ་ཞིག །ཁམས་དྭངས་སྙིགས་འཁྲུགས་པ་འདོད་ཆགས་ཁམས། །ཆོས་ཁ་ལ་མ་ལུས་རྒྱུད་དང་འདྲེས། །འོད་གསལ་མ་བུའི་བརྩེ་གདུང་འགྲིགས། འདོད་སྲིད་ཟག་པའི་ཕུང་པོ་ཞིག །སྣང་བ་ཆོས་སུ་ཟད་པའི་མི་རེ་སྐྱིད། །སྟོང་པ་གོ་ཡུལ་དུ་མ་ལུས་དང་རེ་སྤྲོ། །ལམ་འཁྲུལ་པ་སེལ་བར་བྱིན་གྱིས་རློབས། །ཞེས་གསུངས་པས། ཡང་སྟོན་པ་ན་རེ། སྒོམ་ཆེན་པ་རྣམས་ལ་བསྒོམ་ཅི་འདྲ་ཞིག་ཡོད་བྱས་ཙ། བསྒོམ་བྱ་སྒོམ་བྱེད་ཀྱི་མཐའ་དང་བྲལ་བས་ལབ་རྒྱུ་མེད། གོ་རྒྱུ་མེད། ཤེས་རྒྱུ་མེད་ཟེར་ཙ། ཁྱོད་ལ་ཅི་དྲིས་ལ་བྱེད་རྒྱུ་རེ་དང་། བསྒོམ་རྒྱུ་རེ་དང་། སྟོན་རྒྱུ་རེ་ཡོད་ལ་ཁད་ཀྱི་སྣང་བ་དགའ་དགའ་ཆེན་པོ་འདུག་པས་ཉན་འདོད་ཅིང་བྱུང་བས་ད་རུང་ཕྱག་རྒྱ་ཆེན་པོ་དེ་ཇི་ལྟར་བསྒོམ་ཟེར་བས། ཟབ་མོ་ཕྱག་རྒྱ་ཆེན་པོ་བསྒོམ་ལུགས་ཀྱི་མགུར་འདི་གསུངས་སོ། །བདག་གི་ཕྱག་རྒྱ་ཆེན་པོ་བསྒོམ་ཙ་ན། །དོན་ཡིན་ལུགས་སྟེང་དུ་རྩོལ་མེ་བཞག །མ་ཡེངས་ངང་དུ་ཡེངས་པར་བཞག །སྟོང་པའི་ངང་དུ་གསལ་བར་བཞག །བདེ་བའི་ངང་དུ་རིགས་པར་བཞག །མི་རྟོགས་ངང་དུ་རྟོགས་པར་བཞག །སྣ་ཚོགས་ངང་དུ་མཉམ་པར་བཞག །དེ་ལྟར་བཞག་པའི་སེམས་ཉིད་ལ། །འགག་མེད་ངེས་ཤེས་སྣ་ཚོགས་འཆར། །རང་གསལ་རྩོལ་མེད་འཕྲིན་ལས་འགྲུབ། །འབྲས་བུ་ཡིད་སྨོན་དུ་མ་ལུས་བློ་རེ་བདེ། །རེ་དོགས་གཉིས་འཛིན་དང་བྲལ་བས་དང་རེ་སྤྲོ། །འཁྲུལ་པ་ཡེ་ཤེས་སུ་འབར་བར་བྱིན་གྱིས་རློབས། །ཞེས་གསུངས་པས། སྟོན་པ་ན་རེ། ཨེ་མ་ཐོས་བསམ་བྱས་པ་ལ། འདི་འདྲ་བློ་ལ་ཤ་ར་ར་མི་འོང་འདི་ཚོ་དེ་གོང་ནས་བསྒྲིགས་ནས་སྟེར་བའི་བླ་མ་ཞིག་ཡོད་པ་ཨེ་མ་ཡིན། བླ་མ་དེ་ཡོད་ན་ངེད་ཚོ་ལ་སྟོན་དང་ཟེ་བ་ལ། ཟབ་མོ་བླ་མ་སྟོན་པའི་མགུར་འདི་གསུངས་སོ། །མི་བདག་གི་བླ་མ་རྗེ་བཙུན་དེ། །རྩ་གསུམ་འདུས་པ་སངས་རྒྱས་ཀྱིས་ཞིང་། །རླུང་ལྔ་དག་པ་སེང་གེའི་ཁྲི། །ཁམས་ལྔ་དག་པ་པདྨའི་གདན། །སེམས་ཉིད་སྟོང་པ་བླ་མའི་སྐུ། །ཡེ་ཤེས་ལུས་ཅན་རྡོ་རྗེ་འཆང་། །མངོན་ཤེས་དྲུག་ལྡན་ཏེ་ལོ་པ། །སྒྱུ་འཕྲུལ་དྲྭ་བ་ནཱ་རོ་པ། །བཀའ་དྲིན་སྟོབས་ལྡན་མར་པའི་སྐུ། །མི་བདག་གིས་སྤྱི་བོའི་གདན་སྟེང་དུ། །འབྲལ་བ་མེད་པར་རྒྱུན་དུ་བཞུགས། །ཁྱེད་མོས་གུས་མིག་གིས་ལྟ་ཤེས་ན། །རྡོ་རྗེ་འཆང་དང་གཉིས་སུ་མེད། །མོས་གུས་ཀྱིས་གསོལ་བ་འདེབས་ཤེས་ན། །བྱིན་རླབས་ཀྱི་སྦྲང་ཆར་ཟད་པ་མེད། །སྟོང་ཉིད་ཀྱི་མཆོད་པ་འབུལ་ཤེས་ན། །དངོས་གྲུབ་ཀྱི་གཏེར་ཁ་ཐམས་ཅད་འགྲུབ། །ཅེས་གསུངས་པས་སྟོན་པ་དད་པ་སྐྱེས་ནས། མ་གོ་མ་ཤེས་མ་རིག་གསུམ། འཇིག་རྟེན་འདི་ན་དབང་རེ་ཆེ། མི་ཚོས་ཟེར་བ་བཞིན་མི་བདེན་པར་འདུག །ཁྱེད་ལ་ཡང་ཆོས་ལུགས་བཟང་པོ་འདུག །ཁྱེད་ཀྱི་བླ་མ་དེ་ཡང་སུ་ཡིན་གྱིས་མཐོང་རྒྱུ་མ་རེད། ད་ཅི་རྩོད་པའི་ཚིག་མང་པོ་སོང་བ་རྣམས་བཟོད་པར་གསོལ། ད་བདག་སྟོན་པ་འདི་གསུམ་ལ་གདམས་ངག་གང་ཕན་པ་ཐུགས་ལ་ཐོགས་ཞུས་པས། རྗེ་བཙུན་གྱི་གདམས་ངག་གནང་ནས་བསྒོམ་དུ་བཅུག་པ་ས། ཐོས་པས་ཕྱིའི་སྒྲོ་འདོགས་ཆོད། བསྒོམ་པས་ནང་གི་སྒྲོ་འདོགས་ཆོད་པའི་སྟོན་སྒོམ་ཁྱད་འཕགས་གསུམ་བྱུང་ངོ་། །དེ་ནས་ཟླ་བ་མང་པོ་སོང་བ་ལ། སྟོན་པ་དར་བློ་དང་ཡོན་བདག་རྣམས་འདུན་མ་བྱུང་ནས་ཡོད་པ་ལ། སྟོན་མོ་ཆེན་པོ་ཞིག་ཡོད་པའི་ས་ན་རྗེ་བཙུན་དཔོན་སློབ་ཡང་གདན་དྲངས་ཏེ། ལོ་སྟོན་དང་དར་ལོ་གཉིས་ཁྲི་རེ་རེ་བྱས་ནས་སྟོན་པའི་གྲལ་རིང་གཉིས་བྱས་ནས་འདུག་གོ །རྗེ་བཙུན་ལ་ཡང་ཁྲི་ཞིག་བརྩིགས་པའི་སྟེང་དུ་བཞུགས་ནས་རས་པའི་གྲལ་རིང་བྱས་པའི་གྲལ་གྱི་རྐེད་སྨད་ན། ཁོང་ཚོས་རྩོད་པ་ལ་བཏང་བའི་སྟོན་པ་གསུམ་པོ་དེ་རྣལ་འབྱོར་པའི་ཆ་བྱད་བྱས་ནས་ཡོད་པ་དེ་ལོ་སྟོན་གྱིས་མཐོང་བས། རྣལ་འབྱོར་ཟོབ་པོས་མི་མགོ་གཡོགས་ནས་ང་ཡི་སྟོན་པ་གསུམ་ཡང་ལད་དུ་བཅུག་འདུག །སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱས་འདུག་སྟེ། དེ་རིང་ཆོས་འབྲེལ་ཞིག་བྱེད་ཟློ་ནས་དམའ་ཞིག་འབེབ་དགོས་བསམ་པ་སྐྱེས་ནས་ལོ་སྟོན་གྱི་ཤ་ཁོག་གཅིག །མར་ཐུད་ཅིག་ཁྱེར་ནས་ཕུལ་ཏེ། ལོ་སྟོན་ན་རེ། ཆོས་ཐམས་ཅད་ཚད་མས་གཏན་ལ་འབེབས་དགོས་པས། ཚད་མ་སྤྱིའི་མཚན་ཉིད་དང་། མངོན་གསུམ་དང་། རྗེས་དཔག་དང་གྲུབ་མཐའི་དབྱེ་བ་དང་འགལ་མ་འགལ་དང་། གྲུབ་མ་གྲུབ་དང་། སྣང་ལ་མ་ངེས་པའི་དབྱེ་བ་ཞིག་ཐོང་དང་ཟེར་བ་ལ། རྗེ་བཙུན་གྱིས་སྟོན་པ་ཐ་སྙད་ཀྱི་རྫོང་ལ་མ་ཞེན་པར་ཆོས་ཉིད་སྐྱེ་མེད་གཉུག་མའི་ངང་ལ་ཞོག་དང་། ཡོན་ཏན་ནང་ནས་སྐྱེ་ཞིང་འདུག །ཕྲག་དོག་དུག་ལྔ་འདི་ངན་སོང་གི་འབྲས་བུར་གདའ་བས་རང་རྒྱུད་མ་སྲེག །ང་ཡི་བྱུང་ཚུལ་ནི་འདི་ཡིན་གསུངས་ནས་མགུར་འདི་གསུངས་སོ། །དུས་སྙིགས་མའི་སེམས་ཅན་ཕྲག་དོག་ཆེ། །ཁྱོད་ལོ་སྟོན་དང་དར་ལོ་ཚུར་ཉོན་དང་། །ང་མ་ཡི་མངལ་ནས་མ་སྐྱེས་ན། །ནུ་ཞོ་མངར་མོ་ཅི་ལ་འཐུང་། །ནུ་ཞོ་མངར་མོ་མ་འཐུང་ན། །ཕྱེ་མར་ཁམ་གསུམ་ཅི་ལ་ཟ། །ཕྱེ་མར་ཁམ་གསུམ་མ་ཟོས་ན། བྱིན་པས་ལུས་པོ་ཅི་ལ་ཐེགས། །བྱིན་པས་ལུས་པོ་མ་ཐེགས་ན། །ཐེམ་པའི་ལ་སྒོ་ཅི་ལ་བརྒལ། །ཐེམ་པའི་ལ་སྒོ་མ་བརྒ་ན། །རྒྱལ་ཁམས་ཕྱོགས་མེད་ཅི་ལ་འགྲིམས། །རྒྱལ་ཁམས་ཕྱོགས་མེད་མ་འགྲིམས་ན། །བླ་མ་རྗེ་དང་ཅི་ལ་མཇལ། །བླ་མ་རྗེ་དང་མ་མཇལ་ན། །གྲུ་ཐོབ་སྙན་བརྒྱུད་ཅི་ལ་ཞུ། །གྲུ་ཐོབ་སྙན་བརྒྱུད་མ་ཞུས་ན། །རི་ཁྲོད་དགོན་པ་ཅི་ལ་འགྲིམ། །རི་ཁྲོད་དགོན་པ་མ་འགྲིམ་ན། ཉམས་དང་དྲོད་རྟགས་ཅི་ལ་འཆར། །ཉམས་དང་དྲོད་རྟགས་མ་ཤར་ན། །རས་གོས་རྐྱང་པས་ཅི་ལ་དྲོས། །རས་གོས་རྐྱང་པས་མ་དྲོས་ན། ཡོན་བདག་ཕོ་མོ་ཅི་ལ་དད། །ཡོན་བདག་ཕོ་མོ་མ་དད་ན། །ཁྱེད་སྟོན་པ་ཕྲག་དོག་ཅི་ལ་སྐྱེས། །སྟོན་པས་ཕྲག་དོག་མ་སྐྱེས་ན། །སྟོན་པ་དམྱལ་བར་ཅི་ལ་འགྲོ། །སྤོ་རི་སྤོ་མཐོའི་རྩེ་མོ་ན། །ཤེའུ་ཆུང་དགོའུ་ཆུང་རྩྭ་ཟ་བ། །སྤྱང་རི་ཁྱི་སྔོན་མོ་ཟུག་རྔུ་སྐྱེ། །དེ་རིང་རི་ཁྱི་ཨེ་མ་འཁྲུལ། །སྙེ་ནམ་རི་ཡི་དགོན་པ་ན། །མི་ལ་རས་པ་བསྒོམ་པ་ལ། །སྟོན་པ་ལོ་སྟོན་ཟུག་རྔུ་སྐྱེ། །དེ་རང་སྟོན་པ་ཨེ་མ་འཁྲུལ། །ཡོན་བདག་ཕོ་མོའི་དད་ཟས་ལ། །ཁྱེད་མཁས་བཙུན་བཟང་པོ་སེར་སྣ་སྐྱེ། །དེ་རང་མཁས་བཙུན་ཨེ་མ་འཁྲུལ། དོན་མེད་ཚིག་གི་སྟོང་སྒྲ་ལ། །དོན་བདེན་པར་མ་འཛིན་སྟོན་པ་བ། །ཚེ་སུམ་གཉིས་ཟད་པ་མ་ཚོར་རམ། །རྟོག་གེའི་ངན་ཚིག་སྣ་ཚོགས་ལ། །ཚེ་སྟོང་པར་མ་ཟད་སྟོན་པ་བ། །ངས་ཚིག་ངན་ཡ་བོ་ལབ་མི་ཁོམས། མུ་སྟེགས་རྟོགས་པ་བགྲང་མི་ལང་། །ཚོད་མའི་ཚད་མ་འཐུང་མ་མྱོང་། །དེ་རེས་ཀྱི་རྩོད་པ་སྟོན་པ་རྒྱལ། །ཞེས་གསུངས་པས། ལོ་སྟོན་ཁྲོས་ནས། དྲིས་པའི་ཆོས་སྐད་ཀྱི་ལེན་དེ་མེད་པར། རྦད་མི་ཤེས་པའི་ཁ་རྦད་ཆེན་པོ་བྱེད་པའི་ཟོབ་པོ་ཅིག་གིས་ཡུལ་གྱི་བཅུད་ཁོང་ཚོས་བསྡུས་ཟེར་ནས་ཐལ་བ་བླ་མའི་ཞལ་དུ་བཏབ་པས། རྗེ་བཙུན་གྱིས། འོ་རེ་ཁྱེད་མཚན་ཉིད་པ་ལ་འདི་འདྲའི་ཆོས་ལུགས་ཤིག་ཡོད་གསུངས་ནས་ཐུགས་སྐྱོ་བ་ཆད་དེ། རས་ཆུང་པས། ང་ཡི་བླ་མའི་བ་སྤུ་ཡང་མི་དོ་བ་ལ་འདི་འདྲ་བྱས་བསམ་ནས། བེར་ཀ་ཞིག་ཁྱེར་ནས་བརྒྱབ་ཏུ་ཕྱིན་པ་ལ། རྗེ་བཙུན་ཞལ་འཛུམ་པ་མཛད་ནས་རས་ཆུང་པའི་ལག་པ་ནས་འཇུས་ཏེ། རས་ཆུང་པ་བཀའ་ཡི་མནན་པའི་མགུར་འདི་གསུངས་སོ། །རྗེ་སྤྱི་གཙུག་ནོར་བུ་འགྲོ་བའི་མགོན། །བླ་མ་སྐུ་དྲིན་ཅན་གྱི་ཞབས་ལ་འདུད། །རྐྱེན་ངན་བྱང་ཆུབ་ཏུ་འགྱུར་བར་བྱིན་གྱིས་རློབས། །བུ་རས་ཆུང་མ་ཡེངས་དར་ཅིག་ང་ལ་ཉོན། །ཁ་ངོམ་ལྟོ་སྐྱིད་ཀྱི་ཆོས་པ་ལ། རྐྱེན་ངན་པ་བྱུང་དུས་ཐ་མལ་པ། །དེ་རྒྱུད་ངན་དུ་སོང་ན་བར་ཆོད་ཆེ། །འཁྲུགས་པ་བྱས་ན་རང་ཉིད་ཕམ། །བུ་དར་ཅིག་བླ་མའི་བཀའ་ལ་ཉོན། །ཆོས་ལྟ་བའི་རྒྱལ་པོ་ནམ་མཁའ་ལ། བུ་རིགས་པའི་ཁྱུང་ཕྲུག་ཡངས་རྩལ་སྦྱངས། །ཁྱུང་ཕྲུག་ཡངས་རྩལ་མ་ཞེན་ཅིག །བརྒྱ་ལ་གཤོག་རྩལ་ཞེན་པ་ན། །ཕྱོགས་རིས་ཀྱི་དོང་ལ་ལྟུང་ཉེན་གདའ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །ཆོས་སྒོམ་པའི་རྒྱལ་པོ་མཚོ་མོ་ལ། །བུ་རིགས་པའི་ཉ་ཆུང་ཡངས་རྩལ་སྦྱངས། །ཉ་ཆུང་ཡངས་རྩལ་མ་ཞེན་ཅིག །བརྒྱ་ལ་ཡངས་རྩལ་ཞེན་པ་ན། །འཁྲུལ་པའི་དོང་དུ་ཚུད་ཉེན་གདའ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །ཆོས་སྤྱོད་པའི་རྒྱལ་པོ་གངས་རི་ལ། །བུ་རིགས་པའི་སེང་ཕྲུག་ཡངས་རྩལ་སྦྱངས། །སེང་ཕྲུག་ཡངས་རྩལ་མ་ཞེན་ཅིག །བརྒྱ་ལ་ཡངས་རྩལ་ཞེན་པ་ན། །ཆོས་བརྒྱད་སྒྲོགས་སུ་ཚུད་ཉེན་གདའ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །ཆོས་འབྲས་བུའི་རྒྱལ་པོ་རིན་ཆེན་གླིང་། །བུ་རིགས་པའི་ཚོང་ཕྲུག་ཚོང་ཞིག་འདོད། །ཚོང་ཕྲུག་མེལ་ཚེ་མ་ཞེན་ཅིག །བརྒྱ་ལ་མེལ་ཚེ་ཞེན་པ་ན། །སེམས་སྟོང་ཉིད་ནོར་བུ་འཆོར་ཉེན་གདའ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །བུ་ཞེ་སྡང་མ་ཆེ་རང་རྒྱུད་སྲེག །སྡུག་བསྔལ་མ་བྱེད་རང་སེམས་བརླག །ཅེས་གསུང་པས། རས་ཆུང་པ་ཡང་ང་རྒྱལ་དུམ་པ་ཞི་ནས་བཟོད་པ་བསྒོམ་མོ། །ལོ་སྟོན་ལ་མི་ཁ་ཕོག་ནས་བསོད་ནམས་ཆུ་བཅད་པ་བཞིན་དུ་སོང་། ཕྱིས་ཤི་བའི་དུས་སུ་སྒྲོམ་རྨྱ་བྱ་བ་ཞིག་ལ་ཆགས་ནས་ཡུལ་དེའི་དཀོར་བདག་ཅིག་ཏུ་སྐྱེས་ནས། མི་རྣམས་ཀྱི་མནའ་སྐྱེལ་བའི་དཔང་པོ་བྱེད་པ་ཅིག་བྱུང་སྐད་དོ། །དར་ལོའི་བསམ་པ་ལ། རྣལ་འབྱོར་པ་གཉེན་པོ་ཞིག་འདུག་བསམ་ནས་ཁྱེད་ལ་སྒོམ་ཉམས་བཟང་པོ་ཡོད་ལས་ཆེ་ཟེར་བས། བླ་མས་ང་ཡི་ཉམས་ཁྱོད་ལ་བཤད་པས་འཕངས་གསུངས་ནས་འཕངས་པ་དྲུག་གི་མགུར་འདི་གསུངས་སོ། །ཆོས་གསང་སྔགས་ཀྱི་ལྟ་བ་ཁ་པོ་ཆེ། །ཁྱོད་ཕྱོགས་འཛིན་ཅན་གྱི་སྟོན་པ་ལ། །ཐ་སྙད་རྒོལ་བ་བྱེད་པ་འཕངས། །སྒོམ་པ་ཡེངས་སུ་མེད་པ་ལ། །བླ་བོ་ལོང་གཏམ་འཆོལ་ཚིག་ལ། །རྣལ་འབྱོར་ཤེས་པ་ཡེངས་སུ་འཕངས། །གསང་སྤྱོད་བརཏལ་ཤུགས་རླབས་པོ་ཆེ། །གསང་བའི་གནས་སུ་སྤྱོད་རྒྱུ་ལ། །རཏལ་ཞུགས་ཁྲོམ་དུ་སྟོན་པ་འཕངས། །སྒོམ་པས་བྱང་ཆུབ་ཐོབ་པ་ལ། །སྒོམ་པ་བཞག་ནས་ཆོས་བཤད་བྱེད། །སྒོམ་ཆེན་སྟོན་པ་བྱེད་པ་འཕངས། །བླ་མའི་གདམས་ངག་སེང་གེའི་ཞོ། །སྣོད་བཟང་ནང་དུ་བླུགས་རྒྱུ་ལ། །སྣོད་ངན་གདམས་ངག་སྟེར་བ་འཕངས། །དབེན་གནས་ཡིད་དུ་འོང་བ་དེ། དང་པོར་དང་དུ་བླངས་ནས་ཀྱང་། །བར་དུ་སྟོང་པར་བཞག་པ་འཕངས། །རྣལ་འབྱོར་ཉམས་སུ་ལེན་པའི་གླུ། །རི་ཁྲོད་དགོན་པར་བླང་རྒྱུ་ལ། །མང་སར་ཉམས་མྱོང་གླུ་ལེན་འཕངས། །ཞེས་གསུངས་པས། དར་ལོ་ན་རེ། ཁྱེད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་ཤེས་སམ། ཟེར་བས་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་ཚུལ་གྱི་མགུར་འདི་གསུངས་སོ། །སྐྱབས་ཆེན་རྒྱལ་བ་དཀོན་མཆོག་གསུམ། །བདེ་ཆེན་སྤྱི་གཙུག་རྒྱན་དུ་བཞུགས། །འབྲལ་མེད་དུས་གསུམ་བླ་མ་དེ། མི་བརྗེད་སྙིང་གི་དཀྱིལ་དུ་བཞུགས། འགྲོ་དྲུག་སེམས་ཅན་མ་རྒན་རྣམས། །བདེ་ལྡན་བློ་ཡི་ཕུགས་སུ་བཞུགས། །ང་ཐེག་ཆེན་ཆོས་ལ་ཐོན་པ་མེད། །ཐུགས་ཀའི་སྟོང་ཉིད་ལ་བསམ་པ་མེད། །སྐྱེ་མེད་གནས་ལུགས་ལ་སྒོམ་པ་མེད། །མི་དགེ་བཅུ་ལ་ལོག་པའི་ཆོས། །སེར་སྣའི་རྒྱ་མདུད་གྲོལ་བ་ཡི། །ཆོས་བརྒྱད་སྦྱིན་པས་ཅི་ལ་ཕན། །གཡོ་སྒྱུ་ཟོལ་ཟོག་མ་སྤངས་པའི། །ཚུལ་འཆོས་ཚུལ་ཁྲིམས་ཅི་ལ་ཕན། །ཚིག་རྩུབ་གོ་ཆ་མི་ཐུབ་པའི། སེམས་འཁྲུགས་བཟོད་པས་ཅི་ལ་ཕན། །ལེ་ལོ་དང་སྙོམས་ལས་མ་སྤངས་པའི། །ཁྲལ་འཇལ་བརྩོན་འགྲུས་ཅི་ལ་ཕན། །རང་སེམས་གཡེང་བ་མ་ཞི་བའི། །ནན་བསྒོམ་བསམ་གཏན་ཅི་ལ་ཕན། །སྣང་བ་གྲོགས་སུ་མ་ཤར་བའི། །ཡིན་ལུགས་ཤེས་པས་ཅི་ལ་ཕན། །འགག་དང་ཉ་ག་མི་ཤེས་པའི། །ཐོས་པ་ཆེ་བས་ཅི་ལ་ཕན། །སྤང་བླངས་ལག་ལེན་མི་གཏུབས་པའི། །རྒྱུ་འབྲས་ཁ་རྩིས་ཅི་ལ་ཕན། །རང་རྒྱུད་ཚོགས་དང་མི་ལྡན་པའི། བདག་ལྟའི་འདོད་པས་ཅི་ལ་ཕན། །ལར་ཉོན་མོངས་དུག་སྦྲུལ་མི་གསོད་པར། །ཡེ་ཤེས་འདོད་པ་ལོག་ལྟ་ཡིན། །ཕྲག་དོག་གི་འཚུབ་མ་མ་ཞི་བར། །བྱམས་སེམས་འདོད་པ་ལོག་ལྟ་ཡིན། །འགྲོ་ལ་གནོད་འཚེ་མ་སྤངས་པའི། །ཆོས་ལ་འདོད་པ་ལོག་ལྟ་ཡིན། །ངར་འཛིན་ཕྱོགས་རིས་མ་སྤངས་པའི། །མཉམ་ཉིད་འདོད་པ་ལོག་ལྟ་ཡིན། །རང་ཞི་འདོད་འགོང་པོ་མི་རྡུང་པར། །ཉོན་མོངས་ཐོ་བས་རྣལ་འབྱོར་རྡུངས། །བྱེད་སྤྱོད་ཚོགས་སུ་མི་བསྒྱུར་བར། །གཞན་གྱི་དགེ་ལ་བར་དུ་གཅོད། །སེམས་དང་ཆོས་གཉིས་མི་བསྲེ་བར། དོན་མེད་སྡིག་པས་རང་སེམས་དཀྲུགས། །ཆོས་ལ་མ་བསྒོམ་གྱི་ནར་གདའ། །འཆི་ཁར་མི་འགྱོད་ཙམ་རེ་མཛོད། །ཅེས་གསུངས་པས། སྟོན་པ་དེའི་སེམས་སླུས་ཏེ་མི་ཀུན་གྱིས་ཟེར་བ་ཙམ་མི་འདུག །ཁྱེད་ལ་ཡང་ཆོས་ཟབ་མོ་འདུག །ད་ཁྱེད་ཕ་རོལ་ཏུ་ཕྱིན་པ་བཅུ་ཉམས་སུ་ལེན་ཤེས་སམ་ཟེར་བས། ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་ཉམས་སུ་ལེན་ཚུལ་གྱི་མགུར་འདི་གསུངས་སོ། །ཁྱེད་ལོ་སྟོན་སྟོན་པ་དར་ལོ་ཉོན། །ལར་ཚེ་ཡོད་དུ་རེ་ལ་མི་ཚེ་ཟད། །འགལ་འབྲེལ་གྱི་ཚིག་ལ་སེམས་སེམས་ནས། །ཚེ་སུམ་གཉིས་ཟད་པ་མ་ཚོར་ཟི། །ལར་ནི་དམ་ཆོས་མཛད་ན་ལེགས། །དུས་སྙིགས་མའི་སེམས་ཅན་ཉོན་མོངས་རགས། །མི་སྡིག་ཆེན་གྱི་ཁ་ལ་བཟོད་ཀླག་མེད། །རྗེ་སྒྲ་བསྒྱུར་མར་པ་སྐུ་དྲིན་ཅན། །དུས་སྙིགས་མའི་སེམས་ཅན་སྐྱབས་དུ་གསོལ། །དྲན་པ་སྣ་ཚོགས་ཀྱིས་ཕ་རོལ་ན། །སྦྱིན་པ་བཏང་བ་ལོག་ན་མེད། །དྲན་མེད་རྟོགས་པའི་ཕ་རོལ་ན། །ཚུལ་ཁྲིམས་བསྲུང་བ་ལོག་ན་མེད། །ཟབ་མོ་མཐོང་བའི་ཕ་རོལ་ན། བཟོད་པ་བསྒོམ་པ་ལོག་ན་མེད། །དེ་གསུམ་དབྱེར་མེད་ཕ་རོལ་ན། །བརྩོན་འགྲུས་བརྩམས་པ་ལོག་ན་མེད། །སྟོང་ཉིད་རྟོགས་པའི་ཕ་རོལ་ན། བསམ་གཏན་བསྒོམ་པ་ལོག་ན་མེད། །ཤེས་པ་སྣ་ཚོགས་ཕ་རོལ་ན། །ཤེས་རབ་སྤྱད་པ་ལོག་ན་མེད། །བྱམས་སེམས་རྒྱས་པའི་ཕ་རོལ་ན། །འགྲོ་དོན་བྱ་བ་ལོག་ན་མེད། །ཡེ་ཤེས་རྒྱས་པའི་ཕ་རོལ་ན། །ཐབས་ཞེས་བྱ་བ་ལོག་ན་མེད། །བདུད་བཞི་འཇོམས་པའི་ཕ་རོལ་ན། །སྟོབས་ཞེས་བྱ་བ་ལོག་ན་མེད། །བདག་གཞན་དབྱེར་མེད་ཕ་རོལ་ན། །སྨོན་ལམ་འདེབས་པ་ལོག་ན་མེད། །ཅེས་གསུངས་པས། ཡང་ཞུས་པ། འོ་ན་ཁྱེད་ལ་ལྟ་སྒོམ་སྤྱོད་པ་འབྲས་བུ་ཇི་ལྟ་བུ་བདོག །བླ་མ་སུ་ཡིན་ཟེར་བ་ལ་མགུར་འདི་གསུངས་སོ། །སེམས་ཉིད་ནམ་མཁའ་ལྟ་བུ་ལ། །ཕྱི་ནང་ཆོས་ཀུན་གསལ་ལ་དག །ཤེལ་སྒོང་ལག་མཐིལ་བཞག་པ་འདྲ། །དེ་རྣམ་པ་ཀུན་མཁྱེན་སྟོང་པ་ཉིད། །དེ་ལྟ་བ་ཙམ་ཞིག་དཔེར་བཞག་ན། །བློ་འདས་ཀྱི་ཟུར་ཁ་འགྲིམ་ཞིང་འགྲོ། །རྟག་ཆད་ཆམ་ལ་འབེབས་ཤིང་འགྲོ། འགྱུར་མེད་ལམ་དུ་སློང་ཞིང་འགྲོ། །ལྟ་བ་ངན་ཏེ་ང་མི་འགྱོད། །སླད་ཀྱི་སྒོམ་པ་བཞེད་པ་ན། སེམས་ཉིད་མ་བཅོས་ལྷུག་པར་ཞོག །འདི་ལ་བཅས་བཅོས་མི་བྱ་སྟེ། །བཅོས་པའི་སྐྱོན་གྱིས་མཐོང་མི་འགྱུར། །སེམས་ཉིད་མ་བཅོས་ཆོས་ཀྱི་སྐུ། །སྒོམ་པ་ཙམ་ཞིག་དཔེར་བཞག་ན། །འོད་གསལ་ཟུར་ཁ་འགྲིམ་ཞིང་འགྲོ། །བྱིང་རྒོད་ཆམ་ལ་འབེབས་ཤིང་འགྲོ། །རང་བྱུང་ལམ་ལ་སློང་ཞིང་འགྲོ། །སྒོམ་པ་ཞེན་ཏེ་ང་མི་འགྱོད། །ཡང་ཅིག་སྤྱོད་པ་ཞེན་པ་ན། །འགྲོ་འཆག་ཉལ་འདུག་ལྷུག་པར་ཞོག །ཤེས་པ་མ་དགུག་ལྷུག་པར་ཞོག །བྱ་བ་ཐོང་ལ་སེམས་ཀྱི་རྟེན་མ་བཅའ། །བྱིང་རྒོད་བྱུང་ན་དེ་ཀ་རང་ལ་ལྟོས། །ཞེ་འདོད་བྱུང་ན་བདུད་དུ་ཤེས་པར་གྱིས། །དེ་སྤྱོད་པ་ཙམ་ཞིག་དཔེར་བཞག་ནས། །ངེས་མེད་ཀྱི་ཟུར་ཁ་འགྲིམ་ཞིང་འགྲོ། །ཕྱོགས་རིས་ཆམ་ལ་འབེབས་ཤིང་འགྲོ། །ཞེན་མེད་ལམ་དུ་སློང་ཞིང་འགྲོ། །སྤྱོད་པ་དམན་ཏེ་ང་མི་འགྱོད། །སྒྲུབ་པའི་དམ་ཚིག་བཞེད་པ་ན། །སེམས་ཉིད་ངང་དུ་བསྲུང་བྱ་དག །མི་དགེ་བཅུ་ལས་རྣམ་པར་གྲོལ། །གཡོ་སྒྱུ་མངོན་ལྐོག་མ་མཆིས་པར། །དམ་ཚིག་ལྷུན་གྲུབ་དཔེར་བཞག་ནས། །རྣམ་དག་ཟུར་ཁ་འགྲིམ་ཞིང་འགྲོ། །གཡོ་སྒྱུ་ཆམ་ལ་འབེབས་ཤིང་འགྲོ། །དམ་ཚིག་འཕྱལ་ཏེ་ང་མི་འགྱོད། །ལན་གཅིག་འབྲས་བུ་བཞེད་པ་ན། །བློ་འདས་མཚན་མ་རང་གྲོལ་བའི། །འཁོར་བ་མྱང་འདས་སྤང་བླང་མེད། །རྟོགས་པས་དབང་གིས་འཁོར་བ་ལ། སྐྱེ་འགག་མེད་པས་མྱ་ངན་འདས། །གཉུག་མ་ཙམ་ཞིག་དཔེར་བཞག་ནས། །ཚེ་གཅིག་གི་ཟུར་ཁ་འགྲིམ་ཞིང་འགྲོ། །རེ་དོགས་ཆམ་ལ་འབེབས་ཤིང་འགྲོ། །འབད་མེད་ལམ་དུ་སློང་ཞིང་འགྲོ། །ཐོབ་རྒྱུ་མེད་དེ་ང་མི་འགྱོད། དེ་འདྲའི་བླ་མ་བཞེད་པ་ནི། །རྡོ་རྗེ་འཆང་གིས་བྱིན་བརླབས་པའི། །རྣལ་འབྱོར་ཆེན་པོ་ཏེ་ལོ་པ། །གྲུབ་པ་བརྙེས་པའི་ནཱ་རོ་པ། །དཀའ་བ་སྤྱད་པའི་ལོ་ཙཱ་བ། །སངས་རྒྱས་ཉིད་ཀྱི་བརྒྱུད་པ་བཞི། །རྗེ་རས་པ་ཙམ་ཞིག་དཔེར་བཞག་ནས། །མན་ངག་ཟུར་ཁ་འགྲིམ་ཞིང་འགྲོ། །ཐ་སྙད་ཆམ་ལ་འབེབས་ཤིང་འགྲོ། །སྙན་བརྒྱུད་ལམ་དུ་སློང་ཞིང་འགྲོ། །ཞེས་གསུངས་པས། སྟོན་པ་དར་ལོ་དད་པ་སྐྱེས་ནས་ཆོས་ཞུས་ཏེ། བརྒྱུད་པ་འཛིན་པའི་སློབ་མ་སྟོན་སྒོམ་རབ་བྱུང་གི་ཡ་བར་གྱུར་པ་ཞིག་བྱུང་སྐད་དོ། །དེ་ཐམས་ཅད་དར་ལོའི་སྐོར་རོ།། །།དེ་ནས་རས་ཆུང་པས། བླ་ལ་ཞུ་བ་ཞུས་པ་ཚེ་ཅིག་ལ་སངས་རྒྱས་པའི་གདམས་ངག་ཟབ་སྟེ། སྟོན་པ་རྣམས་ཀྱི་ཆོས་སྐད་ལ་ལེན་མ་ཐེབ་ན་མི་མང་དུ་ངོ་ཚ་བར་འདུག་པས། ང་རྒྱ་གར་དུ་ཆོས་ཤིག་ཞུར་འགྲོ་བས། བླ་མས་ཁྱོད་ཚེ་གཅིག་ལ་སངས་རྒྱས་འགྲུབ་ན་ནོར་མི་ཉན། ཚིག་ངན་གྱི་ལེན་འདེབས་འདོད་པ་བདུད་ལངས་པ་ཡིན། ད་རུང་ཁྱོད་རང་བསམ་བློ་ལེགས་པར་ཐོང་གསུངས་པ་ལ། རས་ཆུང་པས་ཞུས་པ། ངས་བསམ་བློ་བཏང་ཡང་འགྱོད་པ་མེད་སྐྱིད་པ་ཡིན་ཞུས་ནས་མགུར་འདི་ཕུལ་ལོ། །སྔོན་ཚེ་ཕ་ཡུལ་རང་ས་བས། །ད་ལྟ་སྙེ་ནམ་དྲོད་ཕུག་བདེ། །སྔོན་ཚེ་ཕ་ཡུལ་འབྲུ་རྐོ་བྱེད། །ད་ལྟ་སྤྱིལ་པོའི་ག་དར་བྱེད། །སྔོན་ཚེ་ཕ་ཁུའི་གདན་ས་བས། ད་ལྟ་བླ་མའི་ཞབས་དྲུང་སྐྱིད། །སྔོན་ཚེ་ད་ཕྲུག་ཁ་སེར་བས། ད་ལྟ་རས་ཆུང་རྡོར་གྲགས་བདེ། །སྔོན་ཚེ་མཐོང་ཐོས་སྡུག་བསྔལ་བས། །ད་ལྟ་ཀུན་གྱིས་མཆོད་གནས་བདེ། །སྔོན་ཚེ་བཀྲེས་སྐོམ་འབྲལ་མེད་བས། །ད་ལྟ་ཏིང་འཛིན་འཚོ་བས་བདེ། །ཆོས་ལ་མི་ཚེ་སྐྱེལ་བ་ལ། །བདེ་སྐྱིད་ཐམས་ཅད་འགྲུབ་པའི་ཐབས། །རྗེ་རི་ཁྲོད་རས་པའི་བྱིན་བརླབས་ཀྱིས། །བདག་བསམ་པ་འགྲུབ་པར་བྱིན་གྱིས་རློབས། །ཞེས་ཞུས་པས། བླ་མའི་ཞལ་ནས། འོ་བུ་བདེ་བ་ངོ་ཤེས་པ་དེ་ཡོན་ཏན་སྐྱེས་པའི་རྟགས་ཡིན། ཁྱོད་ཀྱི་མིང་ཡང་བདེ་བ་ཡོན་ཏན་དུ་ཐོག་གསུངས་སོ། །དེ་ནས་ཡབ་སྲས་གཉིས་ཀྱི་སྙེ་ནམ་པ་ལ་གསེར་གྱི་བསོད་སྙོམས་མཛད་པས། གསེར་རེ་མང་ཞིག་བྱུང་བས་རས་ཆུང་པ་ལ་ཐམས་ཅད་གནང་སྟེ་བླ་མས་མགུར་འདི་གསུངས་སོ། །བུ་ཐོས་ཆུང་རྩོད་པ་ཕམ་པ་དེ། ཉམས་ལེན་ཞན་ཅིང་ཐེ་ཚོམ་ཟ། །སློབ་གཉེར་འདོད་ཅིང་ས་མཐའ་བསྐོར། །དེ་རྣལ་འབྱོར་ལྡོག་པའི་འཕྲང་ཅིག་ཡིན། །ཁྱོད་རྒྱ་གར་ཡུལ་དུ་འགྲོ་འདོད་ན། །ལུས་མེད་མཁའ་འགྲོའི་དམ་ཆོས་ཞུས། །རྩོད་པའི་ཚིག་ངན་བྱ་རྒྱུ་མེད། །ང་དང་པོ་གཏུག་ས་མ་ནོར་བས། །ནཱ་རོ་ཆེན་པོའི་བརྒྱུད་ལ་གཏུག །བར་དུ་བསྒོམ་ས་མ་ནོར་བས། །བྲ་དཀར་སྤོ་མཐོན་རྩེ་ལ་བསྒྲུབས། ཐ་མལ་ལྡོམ་ས་མ་ནོར་བས། །བཤེས་མེད་འདྲིས་མེད་ཡུལ་དུ་ལྡོམ། །དེ་ནས་རྣལ་འབྱོར་ལྡོག་མི་སྲིད། །ང་ལྷོ་བྲ་མར་པའི་ཞབས་དྲུང་དུ། སྐལ་བ་བཟང་པོའི་དམ་ཆོས་ཞུས། །རྗེ་བླ་མ་སངས་རྒྱས་འདི་སྐད་གསུངས། །འཁོར་ལོས་སྒྱུར་རྒྱལ་རིན་ཆེན་འཛིན། །ལམ་ལྔ་བྱ་འཕུར་ཆོས་ཉིད་ཀློངས། །རིག་པ་ཡེ་ཤེས་སྒྲོན་མེ་གཅིག །རྩ་རླུང་དྲ་མིག་འཁོར་ལོ་གཉིས། །བདེ་ཅན་གསུང་གི་རིན་ཆེན་གསུམ། །རོ་སྙོམས་ཕྱི་ཡི་མེ་ལོང་བཞི། །རང་གྲོལ་ཕྱ་རྒྱ་ཆེན་པོ་ལྔ། །དམ་ཆོས་འདི་ལྔ་ཡོད་གསུངས་པས། །ང་ན་སོ་རྒས་ནས་མ་ཐོན་པས། །ཁྱོད་ནཱ་རོའི་སློབ་བརྒྱུད་འཛིན་པའི་བུ། །རྒྱ་གར་ཡུལ་ནས་ལོང་ལ་ཤོག །ཅེས་གསུངས་པས། རས་ཆུང་པ་དགའ་ནས་གསེར་ཚོའི་ནང་ནས། གསེར་ཐེག་པོ་གཅིག་བླ་མའི་དབུ་ཐོག་ཏུ་འཕང་ནས་འདི་སྐད་ཞུས་སོ། །བླ་མའི་བཀའ་ལུང་དགོངས་པ་རྣམས། །སྲོག་འདོར་ཕྱིར་ཡང་སྒྲུབ་པར་ཞུ། །གདམས་ངག་མཁའ་འགྲོའི་བདུད་རྩི་ལ། །ལུང་བསྟན་བཞིན་དུ་ལེན་པར་ཞུ། །བྱིན་རླབས་བཀའ་དྲིན་ཐུགས་རྗེ་ལ། །ཡེང་བ་མེད་པར་འཇུག་པར་ཞུ། །བཀའ་ཚིག་རྡོ་རྗེའི་ཕྲེང་བ་ལ། །བརྗེད་པ་མེད་པར་དྲན་པར་ཞུ། །སྣང་བ་ལམ་གྱི་བར་ཆོད་ལ། རས་ཆུང་རྗེ་མེད་བཤེས་མེད་ལ། ལས་ཅི་ལ་ཐུག་ཀྱང་སྐྱོབ་པར་ཞུ། །རྒྱ་གར་གཅན་འཕྲང་འཇིགས་པ་ལས། བདག་གང་དུ་འགྲོ་ཡང་གཟིགས་པར་ཞུ། །འདྲིས་མེད་མི་ཡི་གདོང་དམར་ལ། །ལས་འཕྲོ་བཟང་དང་སྤྲོད་པར་ཞུ། །སྣང་བ་ལམ་གྱི་བར་ཆད་ལ། ནོར་བ་ཐལ་ན་བསྒྱུར་བར་ཞུ། དུས་དང་རྣམ་པ་ཐམས་ཅད་དུ། །ཐུགས་རྗེས་ཅིས་ཀྱང་འཛིན་པར་ཞུ། །ཞེས་ཞུས་པས། བླ་མའི་ཞལ་ནས། རས་ཆུང་པ་ཁྱོད་ཀྱི་སྟོན་པ་ལ་ལན་མ་ཐེབ་བསམ་ནས། ཚིག་ངན་རྟོག་གེའི་སྒུམ་བུ་བསླབ་ན་རང་རྒྱུད་གྱོང་ཧྲང་ངེ་འགྲོ་ནས་ཏྲང་བ་མིས་མི་ཐུབ་པ་ཞིག་རེད་ནས་དགེ་སྦྱོར་འཁྲུགས་པས། ཚིག་ངན་མ་སློབ་ཅིག །ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡོད་པ་ལས། བཞི་ལྷོ་བྲག་མར་པས་བླངས་ཟིན། ད་ལྔ་ཡོད་པ་ང་ལ་ལོང་གསུངས་པའི་ལུང་བསྟན་ཡོད་དེ། ང་ན་སོ་རྒས་པས་མ་ཐོན་པས། ཁྱོད་ཀྱིས་ལོང་དང་སེམས་ཅན་ལ་ཕན་ཐོག་པ་ཡིན་གསུངས་ནས་རས་ཆུང་པ་ལ་རྫོངས་སུ་བཏབ་པའི་མགུར་འདི་གསུངས་སོ། །བུ་གཅིག་ཏུ་གསང་སྔགས་ཐབས་ལམ་ཆེ། །གཉིས་སུ་བླ་མའི་གདམས་ངག་ཆེ། །གསུམ་དུ་རང་གི་ཤེས་རབ་ཆེ། །དེ་ལ་ཆེ་བ་རྣམ་གསུམ་མཛོད། །གཅིག་ཏུ་མཁས་པའི་ཞབས་ཏོག་དགོས། །གཉིས་སུ་བླ་མར་དད་པ་དགོས། །གསུམ་དུ་རང་ལ་སྙིང་རུས་དགོས། །དེ་ལ་དགོས་པ་རྣམ་གསུམ་མཛོད། །གཅིག་ཏུ་སྲོག་རྩོལ་གནས་སུ་ཚུད། །གཉིས་སུ་ཆོས་ཉིད་ཀློང་དུ་ཚུད། །གསུམ་དུ་ཆོས་ལ་ནང་བྱན་ཚུད། །དེ་ལ་ཚུད་པ་རྣམ་གསུམ་མཛོད། །གཅིག་ཏུ་བདེ་བའི་འོད་གསལ་མཐོང་། །གཉིས་སུ་སྣང་བ་སྣ་ཚོགས་མཐོང་། །གསུམ་དུ་ལུང་རིགས་མན་ངག་མཐོང་། །དེ་ལ་མཐོང་བ་རྣམ་གསུམ་མཛོད། །བུ་ཕྱག་རྒྱ་མཚན་ལྡན་གྲོགས་སུ་གཅེས། །ཉམས་མྱོང་བདེ་བ་སེམས་ལ་གཅེས། །སྤྱོད་པ་གླང་ཆེན་ལྟ་བུ་གཅེས། །དེ་ལ་གཅེས་པ་རྣམ་གསུམ་མཛོད། །སྣོད་ངན་གདམས་ངག་སྟེར་བ་འཕངས། །ཉམས་མྱོང་གླུ་རུ་ལེན་པ་འཕངས། རྣལ་འབྱོར་གྲོང་དུ་འཁྱམས་པ་འཕངས། །དེ་ལ་འཕང་བ་རྣམ་གསུམ་མཛོད། །གཅིག་ཏུ་མཆེད་གྲོགས་ཚོགས་སུ་འདུས། །གཉིས་སུ་མཁའ་འགྲོ་ཚོགས་སུ་འདུས། །གསུམ་དུ་ལོངས་སྤྱོད་ཚོགས་སུ་འདུས། །དེ་ལ་འདུས་པ་རྣམ་གསུམ་མཛོད། །ཅེས་གསུངས་སོ། །རས་ཆུང་པ་རྒྱ་གར་དུ་འགྲོ་བ་ལ། ཀྱེ་སྟོན་ཟེར་བའི་རྫོགས་ཆེན་པ་གཅིག་གིས་དབུས་མཛད་དཔོན་སློབ་བཅོ་ལྔ་སོང་བ་ལ། བལ་པོར་སླེབ་པ་ན། བལ་པོའི་བྷ་རི་མ་ཐམས་ཅད་བོད་ཀྱི་ཛོ་ཀི་བཟང་པོ་ལ་ཆོས་ཞུ་ཟེར་ནས་འོང་བ་ལ། བྷ་རི་མ་ཅིག་གིས་འཕྲེང་བ་སྐེ་ནས་ཕུད། ལག་པ་ཐལ་མོ་སྦྱར་ནས་དད་པ་ཆེན་པོ་བྱས་པ་ལ། ཀྱི་སྟོན་གྱིས་རྫོགས་ཆེན་བཤད་པས། བྷ་རི་མ་དེའི་རྣ་བ་མི་གཏོད་པར་མི་དད་པའི་ཚུལ་བྱས་པས། རས་ཆུང་པས། ཁྱོད་དང་པོ་དད་ནས་ཕྱིས་མི་དད་པ་ཅི་ཡིན་བྱས་པས། མོ་ན་རེ། ཇོ་ཀིའི་ཆོས་ལ་དད་རྒྱུ་མ་བྱུང་། སངས་རྒྱས་པའི་ཆོས་ཤིག་བསྒྲུབས་པ་ལ། བྱིན་གྱིས་རློབས་པའི་བླ་མ། དངོས་གྲུབ་སྟེར་བའི་ཡི་དམ། བར་ཆད་སེལ་བའི་ཆོས་སྐྱོང་དགོས་པ་ལ། ལྷ་མེད་འདྲེ་མེད་རང་ཟེར་བས་གང་ལ་དད་པ་ཟེར། རས་ཆུང་པས་འོ་ན་ཁྱོད་ཀྱི་གདམས་ངག་གཅིག་ཞུ་བྱས་པས། བོད་ཕྲུག་སྒྲོན་ཆུང་འདྲ་བ་ཞིག །ངས་གདམས་ང་མི་ཤེས་ཟེར་ནས་བུད་སོང་། དེར་དེ་ཡི་གཡོག་མོ་ཞིག་འདུག་པ་ལ། ཁྱོད་ཀྱི་ཇོ་མོ་དེས་ཆོས་ཅི་བྱེད་བྱས་པས་ང་ལ་བརྔན་ཞིག་སྟེར་དང་བཤད་ཟེར། དེར་གསེར་དུམ་པ་ཞིག་བྱིན་པས། དབྱུག་པ་ཞིག་སྒྱིད་དུ་བཅུག །ཕོར་པ་ཞིག་ལག་ཏུ་བཟུང་ནས། རྣལ་འབྱོར་མའི་ཆ་ལུགས་ཤིག་བྱས་ནས་སོང་ངོ་། །རས་ཆུང་པས། རྣལ་འབྱོར་མའི་ཆོས་ལུགས་ཤིག་ཡོད་པར་གོའོ། །དེ་ནས་བལ་པོ་དང་རྒྱ་གར་གྱི་བར་དུ་འགྲིམ་མ་བྱུང་བས། དགུན་བལ་པོར་བཞུགས་ནས། བལ་པོ་ཧང་སུ་དཀར་པོའི་ཕག་མོ་ཡང་ཞུས་ནས་དཔྱིད་ཀར་སོང་བ་དང་། བལ་པོའི་རྒྱལ་པོས་ལམ་རྟགས་ཤིག་བླངས་ན་རྒྱ་གར་དུ་ཕྱིན་དགོངས་ནས། རྔ་མ་དཀར་པོ་གཅིག །གླ་གོར་གཅིག །གསེར་ཞོ་གང་དང་གསུམ་ཁྱེར་ནས་མཇལ་ཞུས་ཙ། བོད་གླན་པ་ཁྱོད་དང་རྒྱལ་པོ་མཇལ་ས་མེད་ཟེར་བས། འོ་ན་སྐུ་མཁར་གྱི་རྩེ་ལ་བྱོན་ནས་ངས་ཞུ་རྒྱུ་གལ་ཆེན་ཞིག་ཡོད་བྱས་པས། རྒྱལ་པོ་སྐུ་མཁར་གྱི་རྩེར་མངོན་པ་ལ། ཕྱག་རྟེན་སྣ་གསུམ་པོ་དེ་ཕྱག་ཏུ་ཕུལ་ནས་མགུར་འདི་ཞུས་སོ། །རྒྱལ་པོའི་སྐུ་མཁར་མཐོ་མི་མཐོ། །ཕྱོགས་རིས་དམག་གི་བསྐོར་ན་མངོན། །སྒོམ་པའི་རི་རྒྱལ་བརྟན་མི་བརྟན། །དགོན་པར་ཡུན་རིང་བསྡད་ན་མངོན། །སྤྱོད་པའི་རྒྱལ་པོ་བཟང་མི་བཟང་། །ཆོས་བརྒྱད་ཆབ་ལ་བརྒལ་ན་མངོན། །བརྩོན་འགྲུས་རྟ་ཕོ་མགྱོགས་མི་མགྱོགས། །ལེ་ལོའི་ཐང་ལ་བརྒྱུགས་ན་མངོན། །སེར་སྣའི་མདུད་པ་གྲོལ་མི་གྲོལ། །ཟང་ཟིང་ནོར་དང་འཕྲད་ན་མངོན། །ཤེས་རབ་རལ་གྲི་རྣོ་མི་རྣོ། ལུང་དང་གྲུབ་མཐའ་གཤགས་ན་མངོན། །རྒྱལ་པོའི་བཀའ་ཁྲིམས་དམ་མི་དམ། །རས་ཆུང་རྒྱ་གར་དུ་ཕྱིན་ན་མངོན། །ཞེས་ཞུས་པས། རྒྱལ་པོའི་ཞལ་ནས་ཁྱོད་མི་ལ་རས་པའི་སློབ་མ་རས་ཆུང་པ་བྱ་བ་ཡོད་ཟེར་བ་དེ་ཨེ་ཡིན་གསུངས་པས། ཡིན་ལགས་ཞུས་པས། གཎྜྻིའི་རྟགས་ཤིག་གནང་སྟེ་ཕྱག་རྟེན་ཡང་ཕྱིར་གཏད་དེ། ལམ་ཆས་གང་དགོས་པ་ཁྱེར་གསུངས་ནས་ལམ་ཆས་ཀྱང་གནང་། ད་རེས་ཁྱེད་ཀྱི་རྒྱ་གར་དུ་འགྲོ་ཚད་ཁྲིད་དང་ཅང་ཡང་མི་གསུང་པས། རས་ཆུང་པས་བརྒྱད་ཙམ་ཁྲིད་ནས་སོང་བས། ཤིང་སྤང་གསེར་གྱི་མཎྜྻལ་གྱི་རྩ་བ་ན། གསང་སྔགས་རྒྱ་པོ་ཏི་པུ་པ་དང་མཇལ་ནས་གསེར་སྲང་གང་ཁ་ཕྱེས་ཏེ་ཕྱག་རྟེན་བཏང་ནས་མགུར་འདི་ཞུས་སོ། །རྗེ་བླ་མའི་སྐུ་མཐོང་སྣང་བ་འགྱུར། །གསུང་ཐོས་པས་ལས་ངན་སྒྲིབ་པ་འདག །ཕྱག་དབང་རྐྱེན་ངན་བར་ཆད་སེལ། །བལྟས་ཤིང་ལྟ་འདོད་གསོལ་བ་འདེབས། །བདག་ཆགས་པའི་རྒྱལ་པོ་ཕ་ཡུལ་སྤངས། །འཛིན་པའི་རྒྱལ་པོ་ནོར་རྫས་སྤངས། །ཞེན་པའི་རྒྱལ་པོ་ཉེ་འབྲེལ་སྤངས། །ལས་བརྒལ་བར་དཀའ་བའི་ཐེམ་པ་བརྒལ། བགྲོད་པར་དཀར་བའི་ལམ་རིང་བགྲོད། །ང་སིང་ག་ལ་ཡི་ནགས་སུ་ཕྱིན་ཙ་ན། །ནགས་ཁྲོད་མུན་ནག་འཐིབ་པ་འདྲ། །མི་རྐུན་སྦྲང་ཆར་བས་ཀྱང་མང་། ཚེ་སྲོག་ན་བུན་བས་ཀྱང་ཡལ། །གཙང་ཁ་ལ་ཡི་ནགས་སུ་ཕྱིན་ཙ་ན། །སྦ་ཟམ་ལྕམ་པ་རླུང་སྤྱོད་འདྲ། །ཚེ་སྲོག་ན་བུན་བས་ཀྱང་ཡལ། །བལ་པོའི་མཐིལ་དུ་ཕྱིན་ཙ་ན། །མི་ནད་བུ་ཡུག་བས་ཀྱང་འཚུབས། །མི་རོ་ལུད་ཕུང་བས་ཀྱང་མང་། །ཚེ་སྲོག་ཟིལ་པ་བས་ཀྱང་ཡལ། །ལམ་རིང་པོའི་དཀའ་བ་སྣ་ཚོགས་སྤྱད། །ལུས་རྐྱེན་སྣང་སྡུག་བསྔལ་མང་ལགས་ཀྱང་། །རྗེ་ཡིད་ལ་བྱས་པས་གནོད་མ་བྱུང་། །རྗེ་བླ་མའི་ཆོས་ནི་རྒྱ་མཚོ་འདྲ། །རྒྱ་མཚོའི་གཏིང་ལ་ཐུག་མཐའ་མེད། །ཐུག་མཐའ་མེད་པའི་ཆོས་ཤིག་ཞུ། །བླ་མའི་ཆོས་ནི་ཉི་ཟླ་འདྲ། །ཉི་ཟླའི་འོད་ཀྱིས་འགྲོ་བ་ཁྱབ། །འོད་ཀུན་ལ་འཁྱབ་པའི་ཆོས་ཤིག་ཞུ། །བླ་མའི་ཆོས་ནི་ནོར་བུ་འདྲ། །ནོར་བུས་དགོས་འདོད་ཆར་བཞིན་འབབ། །དོན་དགོས་འདོད་འབྱུང་བའི་ཆོས་ཤིག་ཞུ། །བླ་མའི་ཆོས་ནི་སྨན་མཆོག་འདྲ། །སྨན་མཆོག་འདུས་པའི་ནད་རྣམས་སེལ། །ནད་ཉོན་མོངས་སེལ་བའི་ཆོས་ཤིག་ཞུ། །རྗེ་ཡིད་བཞིན་ནོར་བུ་འགྲོ་བའི་སྨན། །ཡེ་ཤེས་རྒྱ་མཚོའི་འོད་ཟེར་གྱིས། འགྲོ་བ་སེམས་ཅན་ཐམས་ཅད་ལ། །དགོས་འདོད་ཉི་ཟླ་འཆར་དུ་གསོལ། །ཞེས་ཞུས་པས། ཏི་པུ་བའི་ཞལ་ནས་བོད་ཕྲུག་ཤེས་རབ་ཅན་ཞིག་འདུག་གསུངས་པས། རྨ་ལོ་ཙྭ་བ་ན་རེ། ཤེས་རབ་ཆེ་དང་པོ་ནས་བསམ་བསམ་པ་ཡིན་ཟེར་བས། ངས་བོད་སྐད་མི་ཤེས་ཏེ་ཐམས་ཅད་ཤེས་རབ་ཀྱི་གཤིས་ལས་འོང་བ་ཞིག་འདུག་གསུངས། གོང་ནས་བསམ་ཨེ་ཡིན། འཕྲལ་ལ་བརྒྱུད་པ་དང་། བླ་མ་དང་། གདམས་ངག་གང་འདོད་དྲིས་དང་། འཕྲལ་དུ་ལེན་ཐེབ་ན། ཤེས་རབ་ཆེ་བའི་རྟགས་ཡིན་གསུང་པས། གསུངས་བ་བཞིན་དྲིས་པས་མགུར་འདི་ཕུལ་ལོ། །ང་ཡི་བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །དཀའ་བབས་ཏེ་ལོ་པ་ནས་བབས། །བཅུད་ཀྱི་བདུད་རྩི་ནཱ་རོས་གསོལ། །ཡོན་ཏན་རྒྱ་མཚོ་མར་པས་བླངས། སྙན་བརྒྱུད་དྲོད་རྟགས་མི་ལས་བཏོན། །ང་མི་ལ་རས་ཆེན་བརྒྱུད་པ་འཛིན། །གདམས་ངག་མཁའ་འགྲོའི་སྙན་བརྒྱུད་ཡིན། །ང་རང་རས་ཆུང་རྡོར་གྲགས་ཡིན། །ང་རོ་སྙོམས་ཕྱི་ཡི་མེ་ལོང་ཞུ། །རྩ་རླུང་དྲ་མིག་འཁོར་ལོ་འདོད། །བདེ་ཆེན་གསུང་གི་འཁོར་ལོ་འདོད། །རང་གྲོལ་ཕྱག་རྒྱ་ཆེན་པོ་འདོད། །རིག་པ་ཡེ་ཤེས་སྒྲོན་མེ་འདོད། །གཞན་ཡང་གསང་སྔགས་དམ་པའི་ཆོས། གདམས་ངག་རིན་ཆེན་དམ་པའི་ནོར། །ནོར་འཁྲུལ་མེད་པར་གནང་བར་ཞུ། །ཞེས་ཞུས་པས། བླ་མ་ཏེ་ཕུ་བའི་ཞལ་ནས་འདི་གསུངས་སོ། །ཁྱོད་བརྒྱུད་པ་མ་ནོར་རྡོ་རྗེ་འཆང་། གདམས་ངག་མ་ནོར་མཁའ་འགྲོའི་གསུངས། བཀའ་བབས་མ་ནོར་ཏེ་ལོ་པ། །བཅུད་ཀྱི་བདུད་རྩི་ནཱ་རོས་གསོལ། །ཡོན་ཏན་རྒྱ་མཚོ་མར་པས་བླངས། །མི་ལ་རས་ཆེན་རྟོགས་པ་ཆེ། །བཀའ་བབས་བླ་མའི་བརྒྱུད་པ་འཛིན། །བུ་ཁྱོད་ཀྱང་སྣོད་ལྡན་ཡིན་པར་མཆི། །ད་རོ་སྙོམས་ཕྱི་ཡི་མེ་ལོང་ཡོད། །དེ་ཡོད་ཁྱོད་ལ་ཅི་མི་སྦྱིན། །རྩ་རླུང་དྲ་མིག་འཁོར་ལོ་ཡོད། །དེ་ཡོད་ཁྱོད་ལ་ཅིས་མི་སྦྱིན། །བདེ་ཆེན་གསུང་གི་རིན་ཆེན་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །རིག་པ་ཡེ་ཤེས་སྒྲོན་མེད་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །གཞན་ཡང་དགོས་པའི་ཆོས་དྲུག་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །བརྡ་དོན་གསུང་གི་ནོར་བུ་ཡོད། །དེ་ཡོད་ཁྱོད་ལ་ཅིས་མི་སྦྱིན། །འཆི་མེད་བདུད་རྩིའི་བཅུད་ལེན་ཡོད། དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །ངོ་སྤྲོད་གནད་ཀྱི་བར་དོ་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །བསམ་གྱིས་མི་ཁྱབ་གཏེར་མཛོད་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །བསམ་གཏན་ཐུན་འཇོག་གདམས་ངག་ཡོད། །དེ་ཡོད་ཁྱེད་ལ་ཅིས་མི་སྦྱིན། །ཞེས་གསུངས་ཏེ་ཞུས་པའི་ལྔ། མ་ཞུས་པའི་དྲུག་དང་བཅུ་གཅིག་བྱུང་བས་ཡིད་དུམ་པ་ཅིག་མ་ཆེས་པས། ལོ་ཙྭ་བ་འདི་རྣམས་ཀྱིས་ཕྲག་དོག་བྱེད་པ་ཨེ་སྲིད་བསམ་ནས། རྨ་ལོ་ཙཱ་བ། འགོས་ལོ་ཙཱ་བ་གཉིས་ལ་གསེར་དུམ་པ་རེ་བྱིན་ཏེ་མགུར་འདི་ཕུལ་ལོ། །ཁྱོད་སངས་རྒྱས་བསྟན་འཛིན་ལོ་ཙཱ་བ། །སྤྱིར་ཁམས་གསུམ་འཁོར་བའི་ཕ་ཡུལ་དུ། །གཏི་མུག་མུན་པའི་སྨག་རུམ་འཐིབ། དཔལ་མགོན་ཆགས་སྡང་གི་འདམ་དུ་བྱིང་། །གནས་ཐར་མེད་ངན་སོང་གི་ཁོང་པར་ཚུད། །ཁྱེད་དུས་གསུམ་མཁྱེན་པའི་ལོ་ཙྭ་བ། བློ་མ་རིག་མུན་པ་བསལ་དུ་གསོལ། །སེམས་ཐེ་ཚོམ་དྲི་མ་བཅད་དུ་གསོལ། །ངག་མི་ཤེས་རྒྱ་མདུད་བཀྲོལ་དུ་གསོལ། །ལུས་ཆགས་སྡང་ཉོན་མོངས་འཇོམས་དུ་གསོལ། །ཞེས་ཞུས་པས། ལོ་ཙྭ་བས་གསེར་བསྡུས་ནས་སོང་། བླ་མ་དང་ལོ་ཙྭ་བ་སྐུ་བསོད་ལ་ཡེངས་ནས་ལོ་མ་འཁོར་བར་དུ་ཆོས་མ་བྱུང་བས། ཡང་རས་ཆུང་པས། གསེར་མང་ས་ཅིག་ལ་མཎྜྻལ་བྱས་ནས་བླ་མ་ལ་ཕུལ་ཏེ་འདི་ཞུས་སོ། །བདག་ལུས་ཚ་གྲང་ཡིད་ལ་མ་བགྱིས་ཏེ། །སྡུག་ཁུ་རུའི་འོག་ནས་ས་ལམ་བཅད། །ཡུལ་བཟང་པོར་ཕྱི་ཆགས་མ་བྱས་པར། །དྲིན་ཆེན་ཕ་མ་གསོན་བསྐྱུར་བྱས། །ཟས་ཞིམ་པོ་རོ་ལ་མ་ཆགས་པས། །ཚོང་ཁེ་ཕོག་ཁྲམ་ཟས་བསྒྲུབས་ཏེ་བཤོལ། ཚེ་འདི་ལ་ཆགས་སེམས་མ་སྐྱེས་པས། །སྲོག་ཤིང་འགོར་གཟད་ནས་བླ་མ་བཙལ། ལོ་ན་ནིང་གི་ལོ་ལ་དཀའ་བ་སྤྱད། །ད་ལོའི་ལོ་ལ་རྗེ་དང་མཇལ། །ངོ་མཚར་ལྟད་མོ་མཚར་དགུ་མཐོང་། ཤིང་སྤང་གསེར་གྱི་མཎྜྻལ་མཐོང་། །ཏེ་ཕུ་གསང་སྔགས་ཀྱི་སྡང་པོ་མཐོང་། །མ་གཅིག་གྲུབ་པའི་རྒྱལ་མོ་མཐོང་། །བྷཾ་ག་ལ་ཡི་ཕག་མོ་མཐོང་། །བལ་པོ་ཤི་ལ་བྷ་རོ་མཐོང་། །བྷ་རོ་གྲ་མའི་སྤྱོད་ཡུལ་མཐོང་། །ཆུ་སྲིན་ཁ་ནས་ཆུ་འབབས་མཐོང་། གསེར་གྱི་ཝ་ཏི་སོར་བཞི་མཐོང་། །མི་རྟག་མྱ་ངན་འདས་ཆེན་མཐོང་། །ལྷ་དང་ལྷ་མོའི་ཞིང་ཁམས་མཐོང་། མཁའ་འགྲོ་སྡེ་བཞིའི་མཆོད་རྫས་མཐོང་། །བླ་མའི་དམ་ཆོས་སེང་གེའི་ཞོ། སྣོད་ལྡན་བུ་ལ་གནང་བར་ཞུ། །ལོ་ཙཱའི་ཐུགས་བསྐྱེད་བྱམས་པའི་ཆང་། །འགྲོ་དྲུག་གི་མགྲོན་ལ་གནང་བར་ཞུ། །སངས་རྒྱས་ཀྱི་བཀའ་ལུང་མཁའ་འགྲོའི་ཟས། །རིགས་ལྡན་བུ་ལ་གནང་བར་ཞུ། །བཀའ་བརྒྱུད་ཀྱི་རྣམ་ཐར་རིན་ཆེན་ནོར། །རྒྱུད་ལྡན་གྱི་བུ་ལ་འབོག་བར་ཞུ། །གསང་ཚིག་གི་ཉམས་དབྱངས་རྡོ་རྗེའི་སྒྲ། །ཆོས་མཐུན་གྱི་བུ་ལ་འབོག་པར་ཞུ། །དད་ལྡན་གྱི་སྐྱེས་བུ་ལོ་ཙྭ་བ། །བཀའ་དྲིན་གསུང་ནི་གསལ་བར་མཛོད། །ཅེས་གསུངས་པས། བླ་མ་ཏེ་པུ་བའི་ཞལ་ནས་གདམས་ངག་རྣམས་གནང་ཟིན་པས། རས་ཆུང་པ་ད་ཁྱེད་ཡིད་ཨེ་ཆེས་གསུང་པས། གདམས་ངག་དེའི་མང་ལུགས་དེ་ལ་ཅུང་ཟད་ཡིད་མ་ཆེས་ཞུས་པས། ཏེ་པུ་པའི་ཞལ་ནས། ལོ་ཙྭ་བ་གཅིག་གིས་ཀྱང་ཆོས་ཚད་མར་མ་བསྒྱུར་ཟིན་ཏེ། ལམ་དུ་མཁའ་འགྲོ་མའི་སྤྲུལ་པ་གཅིག་གིས་ལྷག་ཆད་སེལ་བར་འདུག་གསུངས་སོ། །དེ་ནས་དེ་ནུབ་མ་གཅིག་གྲུབ་པའི་རྒྱལ་མོས་ཚེ་དབང་མཛད་པས། རས་ཆུང་པ་ལ་ཡང་བླ་མས་ལུང་བསྟན་ནས་ཞུས་པས། མ་ཡི་ཞལ་ནས་ཁྱོད་ཚེ་ཅི་ཙམ་ཐུབ་པ་ཞིག་འདོད་གསུངས་པས། རས་ཆུང་པས་བདག་ད་ཀུན་ཤི་ནའང་བཟང་བསམ་པ་ཞིག་གི་བར་དུ་ཐུབ་པ་གཅིག་འདོད་ཞུས་པས། མ་ཡི་ཞལ་ནས་བསམ་པ་མཐོན་པོས་ཅི་བསམ་ལ་ངེས་པ་མེད། བུ་ཕ་ཡི་ཚེ་ཚད་དང་མཉམ་པ་གཅིག་བྱེད་དགོས་གསུང་ས་ནས། རས་ཆུང་པའི་ཚེ་ཚད་བཞི་བཅུ་རྩ་བཞི་ཡིན་པ་ལ། བརྒྱད་ཅུ་རྩ་བརྒྱད་ཐུབ་པ་ཡིན་ནོ། །དེ་ནས་དེ་ནུབ་པཎྜྻི་ཏ་ཟླ་བ་སྙིང་པོ་དེ་ནགས་གསེབ་ཏུ་ཕར་ཚོགས་འཁོར་ཚར་བ་དང་བཞུད་ནས་ཐལ་བ་མཐོང་བས། རས་ཆུང་པ་ཡང་ཕྱིར་འབྲངས་ནས་སོང་ཙ། ཤིང་ཙན་དན་གཅིག་གི་རྩ་བ་ན་འོད་དཀར་པོ་ཕུབ་ཙམ་ཞིག་ཀྱི་ལི་ལི་འདུག །དེའི་རྩ་བ་ན་འདོད་འཇོའི་བ་ཞིག་ཉལ་འདུག་པ་ལ། པནྜི་ཏས། ཕྱག་བྱེད་འདུག་པས། རས་ཆུང་པས་ཕྱག་མང་པོ་རྡོལ་མེད་ལ་འཚལ་འདོད་པ་བྱུང་བས། མང་དུ་འཚལ་ཙ། པནྜི་ཏས་ནམ་མཁའ་ནས་གར་མང་པོ་མཛད། མེ་ཏོག་གི་ཆར་པ་བོལ་ནུབ་པ་ཙམ་བབ་ནས་འཇའ་འོད་ཀྱི་གུར་ཕུབ་པའི་ནང་དུ་མཁའ་འགྲོ་མ་མང་པོ་འདུག་པས་མགུར་འདི་གསུངས་སོ། །བླ་མ་གསང་སྔགས་ཆེ་བའི་སྐུ། །འདོད་དགུ་སེམས་ལ་ཆར་དུ་འབབས། །ལྷོ་སྤྲིན་ནགས་ཀྱི་ཤིང་གསེབ་ན། །རང་བྱུང་འོད་ཀྱི་གཞལ་ཡས་ན། །ཨ་མ་རྒན་མོའི་བྱིན་བརླབ་ལ། །མ་དང་མཁའ་འགྲོའི་མེ་ཏོག་འབབ། །ཤིང་སྤང་གསེར་གྱི་མཎྜྻལ་ལ། །འདོད་འཇོའི་བ་མོའི་སྐུར་ཡང་བསྟན། །བྷཾ་ག་ལ་ཡི་ཕག་མོར་འཁྲུངས། །ཏེ་པུ་དུར་ཁྲོད་ཆས་ཀྱིས་བརྒྱན། །བྱིན་རླབས་ནུས་པའི་ཆར་པ་འབབས། །རྩ་རླུང་དྲ་མིག་འཁོར་ལོ་བསྐོར། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟོས། །བདེ་ཆེན་གསུང་གི་རིན་ཆེན་ཆོངས། །དམ་ཚིག་རང་སེམས་མེ་ལོང་སྲུང་། །རྨི་ལམ་སེམས་ཀྱི་རྒྱ་མདུད་གྲོལ། །འོད་གསལ་མ་རིག་མུན་པ་སེལ། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །དམ་རྫས་རྟོགས་པའི་ཉི་མ་འདེས། །རང་གྲོལ་ཕྱག་རྒྱ་ཆེན་པོ་བསྒོམ། །ལུས་མེད་མཁའ་འགྲོའི་བརྡ་ཡི་ཆོས། །བུ་ཡི་སྙིང་ལ་གནས་པར་ཤོག །ཅེས་གསུངས་པའི་དབྱངས་རྟ་ལ་ཆགས་ནས་ཚིག་མ་ཟིན་པ་ལ་རས་ཆུང་པ་གཉིད་དུ་སོང་འདུག །གཉིད་སད་ཙ་དེ་རྣམས་གར་སོང་མ་ཤེས་འདུག །དེར་ཚིག་མ་ཟིན་པས་རས་ཆུང་པ་བློ་མ་བདེ་ཙ། ཏེ་པུ་བའི་གཟིམ་ཁང་ཡ་ཐེམ་ལ་ཤིང་ཏ་ལའི་ལོ་མ་ཞིག་ལ་ཚིག་རྣམས་ལྷག་ཆད་མེད་པར་བྲིས་ནས་འདུག་སྐད་དོ། །གཞན་ཡང་གདམས་ངག་མང་པོ་ཞུས་ཏེ་ཕྱག་རྒྱ་ཆེན་པོ་ལ་སུ་མཁས་དྲིས་པས། བོད་གླན་པ་བླ་མ་བལ་པོ་རང་མཁས་པ་མི་ཤེས་ཨེ་ཡིན་ཟེར། དེ་ནས་གསེར་ཡོད་པ་ལ་ཚོགས་འཁོར་བཟང་པོ་ཞིག་མཛད། གསེར་དུམ་པ་ཞིག་བཟུང་ཤུལ་དེ་རྗེ་ཏེ་པུ་པ་ལ་ཕུལ་ནས་མགུར་འདི་ཞུས་སོ། །བདག་དཀའ་བ་སྤྱད་པས་དོན་ཆེན་འགྲུབ། །དཀོན་པའི་ལྟད་མོ་མཚར་དགུ་མཐོང་། །རོ་སྙོམས་ཕྱི་ཡི་མེ་ལོང་ལ། །སྒྱུ་མ་འཁྲུལ་པའི་སྤྲུལ་པ་མཐོང་། །བདེ་ཆེན་གསུང་གི་རིན་ཆེན་ལ། །བདེན་པ་མེད་པའི་མཆོད་དབྱངས་ཚོར། །རང་གྲོལ་ཕྱ་རྒྱ་ཆེན་པོ་ལ། །དངོས་པོ་མེད་པའི་ལྟད་མོ་ཤར། །རིག་པ་ཡེ་ཤེས་སྒྲོན་མེ་ལ། །སྣ་ཚོགས་འཁྲུལ་པའི་ཆོ་འཕྲུལ་སྐྱེས། །རྩ་རླུང་དྲ་མིག་འཁོར་ལོ་ལ། །ཚེ་སྔ་ཕྱི་རྟེན་འབྲེལ་མདངས་གསལ་གྲུབ། །གཞན་ཡང་དགོས་པའི་ཆོས་དྲུག་ལ། །རྒྱུད་ཟབ་མོའི་ལུང་རིགས་འཁོར་དུ་འདུས། །ཏེ་པུ་གསང་སྔགས་སྡོང་པོ་ལ། །ཡི་དམ་ལྷ་ཡི་དཀྱིལ་འཁོར་རྫོགས། །མ་གཅིག་གྲུབ་པའི་རྒྱ་མོ་ལ། །གསང་བ་མཁའ་འགྲོའི་འཁོར་གྱིས་བསྐོར། །ཤིང་སྤང་གསེར་གྱི་མཎྜྻ་ལ། །དཔའ་བོ་དཔའ་མོའི་མཆོད་སྤྲིན་འདུག །འདོད་འཇོ་ལྷ་ཡི་བ་མོ་ལ། །དངོས་གྲུབ་གཏེར་གྱི་ཆར་པ་འབབ། བྷཾ་ག་ལ་ཡི་ཕག་མོ་ལ། །དུས་གསུམ་སངས་རྒྱས་བཞུགས་གནས་བཅས། །པཎ་ཆེན་ཟླ་བའི་སྙིང་པོ་ལ། །ཐར་པར་འགྲོ་བའི་ལྡེའུ་མིག་འདུག །འདིར་ཚོགས་སྐལ་ལྡན་ཕོ་མོ་ལ། །གསང་སྔགས་ཆོས་ཀྱི་ཉི་མ་ཤར། །འགྲོ་དྲུག་སེམས་ཅན་ཕ་མ་ལ། །མཐོ་རིས་ལམ་གྱི་ནམ་མཁའ་ལངས། །ཕ་ཡི་བཀའ་དྲིན་རས་ཆུང་ལ། །ངེས་ཤེས་ཟབ་མོའི་མེ་ཏོག་འཁྲུངས། །མཆེད་གྲོགས་རྡོ་རྗེའི་སྤུན་ཚོགས་ལ། །དམ་ཚིག་ལྷ་ཡི་ཕ་འབབ་གནང་། །བོད་ཀྱི་མགོ་ནག་མི་རྣམས་ལ། །མུན་པ་སེལ་བའི་སྒྲོན་མེ་གཏད། །བདག་རེ་དགའ་རེ་སྐྱིད་སྐྱིད་པར་བྱུང་། །ཅི་དགའ་བསམ་ཤིང་དེ་བས་སྐྱིད། །ད་དགའ་ཡུལ་དུ་འགྲོ་སྙིང་འདོད། །ཅེས་ཞུས་པས། ཏེ་པུ་བའི་ཞལ་ནས། ད་ཁྱེད་རང་འགྲོ་ནའང་སོང་དང་། ཁྱོད་ཀྱི་བླ་མ་རྗེ་བཙུན་དེ་ཡང་སྐུ་ཁམས་བཟང་པོར་བཞུགས་པ་དང་མཇལ་བར་འདུག་གསུངས་ནས་དབང་དང་བྱིན་བརླབ་གདམས་ངག་རྣམས་རྫོགས་པར་གནང་སྟེ་ཁྱོད་བོད་ལ་འགྲོ་དུས་སུ་ག་པུར་དང་། གུ་གུམ་དང་། སིནྡྷུ་ར་ལ་སོགས་པ་རྣམས་བོད་དུ་ཁྱེར་དང་ཁྱོད་ཀྱི་བླ་མ་དེ་ཡང་མཉེས་པ་ཡིན་ཞིང་། ཤིང་ཨ་ཀ་རུ་ནག་པོ་འབའ་ཞིག་གི་ཕྱག་འཁར་འདི་ཁྱོད་ཀྱི་བླ་མ་དེ་ལ་ངེད་ཀྱིས་བསྐུར་བས་ལམ་དུ་མ་སྟོར་བར་གྱིས་ལ་ཕྱག་ཏུ་ཐོང་དང་། ཁོང་སྤྲང་ལ་མཉེས་པའི་རྟ་དོད་ཡིན། །རྒྱ་བོད་གཉིས་ཀྱི་ཆོས་པ་ལ་ཁོང་བཟང་བས། ཁྱོད་ཀྱིས་ཀྱང་གུས་པའི་སྒོ་ནས་ཞབས་ཏོག་ལ་འབུངས་གསུངས་ནས་མགུར་འདི་གསུངས་སོ། །བཀའ་དྲིན་ཆེ་བའི་བླ་མ་ལ། །གསོལ་བ་འདེབས་ཤིང་བཞུད་པར་ཞུ། །ཡི་དམ་དཔའ་བོ་མཁའ་འགྲོ་ལ། །ཚོགས་འཁོར་འབུལ་ཞིང་བཞུད་པར་ཞུ། །བཀའ་དང་བསྲུང་མའི་ཆོས་སྐྱོང་ལ། །གཏོར་མ་འབུལ་ཞིང་བཞུད་པར་ཞུ། །བར་ཆད་རྐྱེན་ངན་འབྱུང་པོ་ལ། །སྙིང་རྗེ་བསྒོམ་ཞིང་བཞུད་པར་ཞུ། །ས་འཕྲང་འཇིགས་པའི་གཡང་ས་ལ། །ཐེ་ཚོམ་མེད་པར་བཞུད་པར་ཞུ། བླ་མ་རྗེ་བཙུན་སངས་རྒྱས་ལ། །དད་གུས་བསྐྱེད་ཅིང་བཞུད་པར་ཞུ། །རྣམ་ཐར་ཟབ་མོའི་བྱ་བཏང་ལ། །དག་སྣང་བསྐྱེད་ཅིང་བཞུད་པར་ཞུ། །མི་མེད་ལུང་སྟོང་གཅིག་པུ་ལ། །ངོ་མཚར་བསྐྱེད་ཅིང་བཞུད་པར་ཞུ། །ལུང་བསྟན་ཟབ་མོའི་མངོན་ཤེས་ལ། །ཡི་རངས་བསྐྱེད་ཅིང་བཞུད་པར་ཞུ། །བླ་མའི་བཀའ་དྲིན་ཡོན་ཏན་ལ། །དྲིན་དུ་གཟོ་ཞིང་བཞུད་པར་ཞུ། འདིར་ཚོགས་དཔོན་སློབ་གྲོགས་མཆེད་ལ། །སྨོན་ལམ་འདེབས་ཤིང་བཞུད་པར་ཞུ། །ཞེས་གསུངས་པས། རས་ཆུང་བ་དགའ་དྲག་ནས་གསེར་ལྷག་མ་ཇི་ཡོད་པ་ལས་དུམ་པ་གཅིག་བཟུང་ནས་དེ་ཤུལ་ཕྱག་ཏུ་ཕུལ་ནས་རྩོལ་མེད་ཀྱི་ཕྱག་མང་པོ་ཕུལ་ཏེ་སྐུ་ཁམས་བདེ་བར་བཞུགས་པའི་མགུར་འདི་ཕུལ་ལོ། །ང་སོང་བའི་དུས་ན་རིན་པོ་ཆེ། །དུས་གསུམ་སངས་རྒྱས་རིན་པོ་ཆེ། །སྐུར་གྱུར་བླ་མ་བདེ་བར་བཞུགས། །ཆོས་ཀྱི་སྤྱན་ཅན་ཆོས་ཀྱི་སྐུ། །བྱང་ཆུབ་ལམ་མཁན་བདེ་བར་བཞུགས། །ཡིད་བཞིན་ནོར་བུ་གཙུག་གི་རྒྱན། །གསང་སྔགས་སྡོང་པོ་བདེ་བར་བཞུགས། །ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ། །འགྲོ་བའི་སྒྲོན་མེ་བདེ་བར་བཞུགས། །སྐལ་ལྡན་བུ་ཡི་སྐྱབས་གནས་མཆོག །བཀའ་དྲིན་དྲན་པས་བདེ་བར་བཞུགས། །ད་རུང་འགྲོ་བའི་དཔལ་མགོན་ལ། །མྱང་ངན་མི་འདའ་བདེ་བར་བཞུགས། །ཡེ་ཤེས་འཕྲིན་ལས་སྣ་ཚོགས་ཀྱིས། །བུ་ཡི་ལམ་སྣ་འདྲེན་དུ་གསོལ། །ལམ་དང་ཆུ་འཕྲང་སྣ་ཚོགས་ལ། །འོད་གསལ་དབྱིངས་ཀྱི་སྒྲོན་མེ་ཁྱོགས། །རྐྱེན་དང་བར་ཆོད་ཐམས་ཅད་ལ། །བྱང་ཆུབ་རྡོ་རྗེའི་ཟློག་པ་མཛོད། །མདུན་རྒྱབ་གཡས་གཡོན་ཐམས་ཅད་དུ། །ཡེ་ཤེས་དཔའ་བོའི་སྐྱེལ་མ་ཞུ། །གར་སྡོད་བྱ་བའི་ལས་རྣམས་ལ། །མཁའ་འགྲོ་ཆོས་སྐྱོང་སྡོང་གྲོགས་མཛོད། །དུས་དང་རྣམ་པ་ཐམས་ཅད་དུ། །བཀྲ་ཤིས་རྟེན་འབྲེལ་མཛད་དུ་གསོལ། །ཞེས་ཞུས་པས་བླ་མ་ཤིན་ཏུ་མཉེས་ནས་སྨོན་ལམ་བཟང་པོའི་འཕྲིན་ལས་བསྐུལ་ནས་བལ་པོར་སླེབས་པས། སྔར་འཕྲད་པའི་བྷ་རི་མ་གཙོ་མོ་དེ་མདུན་དུ་སླེབ་བྱུང་བས་ཁོང་དང་འཕྲད་མ་ཐག་ཏུ་མགུར་འདི་གསུངས་སོ། །ཁྱོད་སྤྱན་འཕངས་འདི་ཡི་མཐོ་ལུགས་ཀྱི། །རྡོ་རྗེ་འཆང་ནས་བརྒྱུད་ལས་ཆེ། །སྤྱན་རྩ་འདི་ཡི་དམར་ལུགས་ཀྱི། །ཡི་དམ་ཕག་མོ་བསྒོམ་ལས་ཆེ། །གསང་ཚིག་འདི་ཡི་དམ་ལུགས་ཀྱི། །ཏེ་ལོའི་བརྒྱུད་པ་འཛིན་ལས་ཆེ། །སྐུ་མདངས་འདི་ཡི་ཆེ་ལུགས་ཀྱི། །མཁའ་འགྲོའི་གསང་ཚིག་བསྒོམ་ལས་ཆེ། །དད་གུས་འདི་ཡི་ཆེ་ལུགས་ཀྱི། ཏེ་པུའི་སློབ་མ་ཡིན་ལས་ཆེ། །ང་དང་དང་པོར་འཕྲད་ལུགས་ཀྱི། །ཨ་ནེའི་གདམས་ངག་ཐོབ་ལས་ཆེ། །ཐུགས་རེངས་འདི་ཡི་ཆེ་ལུགས་ཀྱི། །སྣ་གཏད་བཟང་པོ་ཡོད་ལས་ཆེ། །ངང་རྒྱུད་འདི་ཡི་འཇམ་ལུགས་ཀྱི། །བྱང་སེམས་སྟོང་ཉིད་རྟོགས་ལས་ཆེ། ཐུགས་ཁུར་བརྩོན་འགྲུས་ཆེ་ལུག་ཀྱི། །དམ་ཚིག་སྡོམ་པ་གཙང་ལས་ཆེ། །ཞེས་གསུང་པས་ཁྱོད་རྒྱ་གར་དུ་ཨེ་ཕྱིན། བླ་མ་ཨ་ནེ་སྐུ་ཁམས་ཨེ་བཟང་ཟེར་བས། ཨ་ནེ་སུ་ལ་ཟེར་བྱས་པས། ཨ་ནེ་གྲུབ་པའི་རྒྱལ་མོ་ཆེ་ཚེ་ལོ་ལྔ་བརྒྱ་ལོན་པ་གཅིག་ཡོད་པ་དང་མ་མཇལ་བ་ཨེ་ཡིན་ཟེར་བས། དེ་ལ་ངས་ཚེ་དབང་དང་གདམས་ངག་ཞུས། ཕག་མོ་དང་འདོད་འཇོའི་བ་ལ་སོགས་པ་ངོ་མཚར་བ་མང་པོ་མཐོང་ཞུས་པས། བྷ་རི་མ་ན་རེ། དེ་ཤིན་ཏུ་བཟང་ད་འོ་སྐོལ་གཉིས་གསང་ཚིག་མཐུན་པར་འདུག་པས་ཁྱོད་ཀྱི་དཔེ་ཆ་རྣམས་ང་ལ་སྟོན་དང་གསུངས་པས། རས་ཆུང་པས་དཔེ་ཆ་ཕྱག་ཏུ་བཞག་ནས་མགུར་འདི་ཕུལ་ལོ། །བཀའ་བརྒྱུ་བླ་མ་རས་ཆེན་བུ། །ཕ་དང་འཕྲད་པའི་སྨོན་ལམ་ཞུ། མཁའ་འགྲོའི་གསང་ཚིག་བསྒོམས་པ་ལ། །ཉམས་དང་རྟོགས་པའི་བྱིན་བརླབ་ཞུ། །ཏེ་ཕུའི་སློབ་མ་ཡིན་པ་ལ། །དམ་ཚིག་བླ་མའི་དངོས་གྲུབ་ཞུ། །ཨ་ནེ་གྲུབ་པའི་གདམས་ངག་ལ། དེ་དང་འབྲེལ་པའི་ངོ་སྤྲོད་ཞུ། །ལྟ་བསྒོམས་ཟབ་མོའི་ཉམས་ཁྲིད་ལ། །ཡེངས་མེད་བསྒོམ་པའི་སྨོན་ལམ་ཞུ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །ལྷག་ཆད་མེད་པར་ཞུ་དག་ཞུ། །ལམ་དང་མདུན་གྱི་འགྲོ་འདུག་ལ། བར་ཆད་མེད་པའི་སྨོན་ལམ་ཞུ། །ཞེས་ཞུས་ཏེ་རས་ཆུང་པས་དཔེ་ཆ་རྣམས་གཏད་པ་ལ་ལེགས་པར་གཟིགས་ནས་ལ་ལ་ན་དད་དད་དང་གུས་གུས་བྱེད་ཅིང་མཆི་མ་སི་ལི་ལི་འོང་ཞིང་འདུག །ལ་ལ་ས་ན་མི་དད་པ་དང་ཁྲོ་སྡང་བྱེད་ཅིང་འདུག་པས། རས་ཆུང་པས་ཁྱོད་ལ་ལ་སར་དད་ལ་ལ་མི་དད་པ་བྱེད་ཅིང་འདུག་པ་ཅི་ཡིན་ཞུས་པས། ཁྱོད་སྒྲ་མི་ཤེས་པའི་སྐྱོན་ཆེན་པོ་བྱུང་འདུག །ང་ཡི་བླ་མ་དེས་འདི་འདྲ་གར་གསུངས། ལོ་ཙཱ་བས་ཁྱོད་བོད་ལ་ཕྲག་དོག་བྱས་ནས་གལ་ཆེ་བའི་གདམས་ངག་རྣམས་གཅིག་ཀྱང་མེད་པར། མི་དགོས་པའི་ཚིག་མང་པོ་བཏབ་ནས་འདུག་གསུངས་ནས། ལྷག་ཆད་མེད་པར་སྒྲིག་ནས་གཏད་པས་བླ་མས་ལུང་བསྟན་པའི་མཁའ་འགྲོ་མ་ཡིན་པར་ངོ་ཤེས་ནས་རས་ཆུང་པ་ཡང་དད་པ་དང་ངེས་ཤེས་བཟང་པོ་སྐྱེས་སོ། །དེ་ནས་སྨན་བཟང་དྲུག་མང་པོ་ཞིག་ཁུར་ནས་འོང་ཞིང་ཡོད་ཙ། ལམ་ཁར་མུ་སྟེགས་པའི་སྟོན་པ་གཅིག་འདུག་པ་དང་འཕྲད་པས་དེ་ན་རེ། རས་ཆུང་པ་ཁྱོད་བོད་དུ་འགྲོ་བ་ལ། བསྟན་པ་སྤེལ་བ་དང་འཛིན་པ་དང་། བསྲུང་བ་དང་གསུམ་ཡོད་པ་ཡིན་པས། བསྲུང་བ་ལ་ང་ཡི་གདམས་ངག་འདི་མེད་ཐབས་མེད་པས་ཁྱོད་ལ་གསེར་དུམ་པ་ཞིག་ཡོད་ན་ངས་སྟེར་ཟེར་བས། རས་ཆུང་པས་གསེར་དུམ་པ་ཞིག་ཡོད་པ་བྱིན་ནས་མཐུ་ཞག་བདུན་མ་དང་། གཏད་སྐྱེལ་བ་དང་། སེར་བ་འབེབས་པ་དང་། སྲིའུ་གསོ་བ་དང་། གག་ལྷོག་གཟེར་གསུམ་ལ་སོགས་པའི་གདམས་ངག་མང་པོ་ཞིག་ཞུས་སོ། །དེ་ནས་དོན་ཐམས་ཅད་གྲུབ་པ་དང་ལམ་བདེ་བར་འོང་ངོ་། །དེ་ཐམས་ཅད་ཏེ་པུ་པའི་སྐོར་རོ།། །།དེ་ནས་རྗེ་བཙུན་ཆེན་པོ་དེ། བྲག་དམར་མཆོང་གླིང་གི་བྲག་ལ་བསྒོམས་ཤིང་བཞུགས་པ་ལ། རས་ཆུང་པ་ཤེལ་གྱི་མཆོད་རྟེན་འོད་ལྷག་གེ་བ་ཞིག་ཏུ་གཟིགས་ཤིང་ཡོད་ཙ། སྟོན་པའི་ངན་སྔགས་ཞུས་པ་དང་རླུང་དམར་འཚུབ་མ་ཞིག་ཏུ་ཀྱི་ལི་ལིར་གྱུར་ནས་སོང་བས། ཐུགས་མ་བདེ་ནས་མཚམས་བཏོན་ཏེ་བྱོན་འོང་བ་ལ། ང་ཡི་བུ་དེ་འོང་བ་ཡིན་འདུག་སྟེ་ལམ་དེ་ན་བར་ཆད་ཅིག་བྱུང་བ་ཨེ་ཡིན་དགོངས་ནས། ཐང་དཔལ་མོ་དཔལ་ཐང་ལ་སླེབ་པ་དང་། དཔོན་སློབ་གཉིས་གཅིག་གིས་གཅིག་འབྱོན་པ་གཟིགས་ནས། རས་ཆུང་པའི་བསམ་པ་ལ། ང་རྒྱ་གར་ནས་ཆོས་གདམས་ངག་འདི་ཙམ་ཞུས་པ་ལ་བླ་མས་བསུ་བ་བྱེད་པ་རེད་བསམ་ནས་ང་ལ་ཕྱག་ལེན་བྱེད་ལས་ཆེ་བསམ། བླ་མས་ཁོས་དོན་གྲུབ་པ་ཐམས་ཅད་ལ་ང་ཡང་དཀའ་བ་ཁོ་དང་མཉམ་པ་ཞིག་སོང་དགོངས་ནས་བྱོན་པས། །ཐང་གི་སྟོད་དུ་དཔོན་སློབ་གཉིས་མཇལ་བ་ལ། རས་ཆུང་པ་ལ་ཕྱག་ལེན་མ་མཛད་པར་ཧྲིང་ངེ་དུམ་པ་ཞིག་ལུས་པས། རས་ཆུང་པས། བླ་མ་སྐུ་ཁམས་ཨེ་བདེ་ལགས་ཞུས་པས། བླ་མའི་ཞལ་ནས་མགུར་འདི་གསུངས་སོ། །རྗེ་གངས་དཀར་འགྲིམ་པའི་རྣལ་འབྱོར་ལ། །ཁམས་བདེ་བ་དབྱིངས་ཀྱི་དཀྱིལ་འཁོར་རྒྱས། །དུག་ལྔས་དྲེགས་པའི་ནད་སངས་པས། །མི་བདེ་མ་མཆིས་བདེ་མོར་མཆིས། །འདུ་འཛི་ཞེན་པའི་གཡེང་བ་སྤངས། །གཅིག་པུར་རང་དབང་ཐོབ་པས་བདེ། །སྣ་ཚོགས་འབྲེལ་པའི་ལས་སྤངས་པས། །མི་མེད་ལུང་པ་དབེན་པར་བདེ། །འཇིག་རྟེན་སྡུག་གི་ཁྱིམ་ཐབས་སྤངས། །འཕྲལ་དུ་གསོག་འཇོག་མེད་པས་བདེ། །མཁས་འདོད་དཔེ་ཆ་མ་བསྒྲུབས་པས། །སེམས་བྲེལ་མེད་པའི་སེམས་ཉིད་བདེ། །སྨྲ་འདོད་ང་རྒྱལ་མི་ཆེ་བས། །ཁ་མཆུ་ཁ་སྨྲས་མེད་པས་བདེ། གཡོ་སྒྱུ་ཟོལ་ཟོག་མི་ཤེས་པས། །དེ་བྱུང་འདི་བྱུང་མེད་པས་བདེ། །གྲགས་འདོད་དྲེགས་འདོད་མེད་པ་ཡི། །གཏམ་ངན་མི་ཁ་ཟད་པས་བདེ། །གནས་གང་བྱུང་ཆོག་པས་གར་ཡང་བདེ། །གོས་གང་གྱོན་ཆོག་པས་ཅིས་ཀྱང་བདེ། །ཟས་གང་ཟོས་ཆོག་པས་གང་བྱུང་བདེ། །མི་ང་ནི་དུས་རྣམས་རྟག་ཏུ་བདེ། །བུ་རས་ཆུང་བདེའམ་དོན་གྲུབ་བམ། །ཞེས་གསུང་པས། རས་ཆུང་པས་བླ་མ་ལ་ཞུས་པ། ངས་རྒྱ་གར་ནས་ལུས་མེད་མཁའ་འགྲོའི་ཆོས་སྐོར་རྣམས་གདན་དྲངས་པ་ལ་ཁྱེད་ཀྱི་ཕྱག་དང་མཆོད་པ་དང་བསྟོད་པ་མ་བྱས་ན་བོད་བླུན་པོའི་གྲོང་ཁྱེར་མི་དད་ལགས་ཞུས་ནས་མགུར་འདི་ཕུལ་ལོ། །རྗེ་བླ་མའི་བཀའ་བཞིན་དཀའ་བ་སྤྱད། །ལམ་འཕྲང་འཇིགས་པའི་སྡུག་བསྔལ་བྱུང་། །དཀའ་སྤྱད་སྡུག་བསྔལ་རིན་ཐང་ཆེ། །རིན་ཐང་བླ་མ་རྗེ་དང་མཇལ། །མ་དང་མཁའ་འགྲོའི་སྤྲིན་བཞིན་འདུས། །ངོ་མཚར་ལྟད་མོ་ཐམས་ཅད་མཐོང་། །གདམས་ངག་མཁའ་འགྲོའི་སྲོག་སྙིང་ཞུས། །ལྷ་དང་བླ་མས་མཉེས་མཉེས་མཛད། །བདག་དང་བྱིན་བརླབས་ཅིག་ཏུ་འདྲེས། །དངོས་གྲུབ་མེ་ཏོག་ཆར་པ་བབས། །རང་དབང་རྗེས་གནང་གོས་སུ་བཀོན། །ལྟས་དང་རྟེན་འབྲེལ་མགུལ་དུ་བཏགས། ལྷ་ཡི་ཕ་འབབ་ཁ་ན་བཅུག །མན་ངག་དམར་ཁྲིད་ལག་ཏུ་གཏད། །བཀྲ་ཤིས་སྨོན་ལམ་སྐྱེལ་མ་མཛད། །རྟག་ཏུ་ལུང་བསྟན་སུན་མས་བསུས། །དོན་ཆེན་བསམ་པ་དགུང་དང་འགྲུབ། །སྤྲོ་དགའ་སྐྱིད་པའི་ཉི་མ་ཤར། །ཡང་དགའ་བླ་མ་ཁྱེད་དང་མཇལ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །མཆོད་བསྟོད་ཞབས་ཏོག་ཁྱེད་རང་ཤེས། །ཞེས་ཞུས་པ་དང་། བླ་མ་གང་དུ་བཞུགས། སྐུ་ཁམས་བདེ་བའི་ཉམས་རྟོགས་གང་དུ་འཕེལ། བུ་སློབ་རས་པ་མཆེད་གྲོགས་མཚམས་པར་ཨེ་བཞུགས་ཞུས་པས། བླ་མའི་ཞལ་ནས་མགུར་འདི་གསུངས་སོ། །བུ་རས་ཆུང་བླ་མའི་མགུར་ལ་ཉོན། །བཀའ་དྲི་མེད་བདུད་རྩི་ཡིད་ལ་ཟུངས། །ང་གར་བསྡད་བདེ་བའི་ཞིང་ཁམས་ཡིན། །ཆོས་གར་བྱས་ལྷ་ཡི་ཕོ་བྲང་ཡིན། །དོན་གང་ཕན་མཁའ་འགྲོའི་གདམས་ངག་ཡིན། །ཆོས་རྒྱུད་ལ་བསྲེ་ན་དམ་པ་ཡིན། །ཚིག་གང་ཕན་བཤད་ན་བླ་མ་ཡིན། །ཕན་ཡིད་ལ་འཇོག་ན་སློབ་མ་ཡིན། སེམས་སྣང་བ་མཐུན་པ་འབྲེལ་བ་ཡིན། །འཕུར་ཤེས་ཀྱི་བྱ་ལ་ནམ་མཁའ་བདེ། །རྐྱལ་ཤེས་ཀྱི་ཉ་ལ་ཆུ་བོ་བདེ། །བསྒོམ་ཤེས་ཀྱི་མི་ལ་སེམས་ཉིད་བདེ། །བུ་མི་བདེ་མ་མཆིས་བདེ་མོར་མཆིས། །ང་དབྱར་ནི་གཡའ་དང་སྤང་ལ་བདེ། །བསིལ་དང་རྫ་མོའི་གསེབ་ཏུ་བདེ། །དགུན་ནི་ནགས་མའི་གསེབ་ཏུ་བདེ། །ཆུ་ཤིང་འཛོམས་པའི་ཕུག་པ་བདེ། །དཔྱིད་ནི་རི་བོའི་རྩིབས་ན་བདེ། །ན་སྤང་མེ་ཏོག་ཚོམ་བུ་བདེ། །སྟོན་ནི་རི་བོའི་རྩེ་ན་བདེ། །རིན་ཆེན་ལོ་ཐོག་སྣ་ཚོགས་བདེ། །ན་སྤང་མཚམས་ཀྱི་ཁམས་སིང་བདེ། །ལུས་ལ་གཏུམ་མོ་འབར་བས་བདེ། །ངག་ལ་གསང་བའི་རྒྱ་མདུད་བདེ། །སེམས་ལ་རང་སོ་ཟིན་པས་བདེ། །འཕོ་བ་གསེར་འགྱུར་རྩི་ལེགས་བདེ། གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་བདེ། །རྨི་ལམ་འཁྲུལ་བ་རང་སངས་བདེ། །སྒྱུ་ལུས་ཆོས་བརྒྱད་རང་གྲོལ་བདེ། །འོད་གསལ་མ་རིག་མུན་སེལ་བདེ། །བར་དོ་ཆོས་ཉིད་ཀློང་ན་བདེ། །ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་བདེ། བདེ་ཆེན་ཟག་མེད་དབྱིངས་སུ་བདེ། །རས་པ་མཆེད་གྲོགས་སྐུ་ཁམས་བཟང་། །བུ་རས་ཆུང་བདེའམ་དོན་གྲུབ་བམ། །ཞེས་གསུང་པས། ཡང་རས་ཆུང་པས་གསུང་ལན་འདི་མགུར་དུ་ཕུལ་ལོ། །རྗེ་བླ་མའི་གསུང་ངག་རྡོ་རྗེའི་ཚིག །བསྒྲུབས་པས་རྒྱ་གར་ཡུལ་དུ་ཕྱིན། །གསང་སྔགས་སྡོང་པོ་རྗེ་དང་མཇལ། །གྲུབ་པའི་རྒྱལ་མོའི་དངོས་གྲུབ་ཐོབ། །ངོ་མཚར་ཆེ་བའི་ཡི་དམ་མཐོང་། །མཁའ་འགྲོའི་ལུང་བསྟན་རྟགས་དང་མཇལ། །གདམས་ངག་རིན་ཆེན་བུམ་པ་ཐོབ། །བདེ་ཆེན་གསུ་གི་རིན་ཆེན་ཐོབ། །དམ་ཚིག་རང་སེམས་མེ་ལོང་ཐོབ། །དམ་རྫས་རྟོགས་པའི་ཉི་མ་ཐོབ། །སྤྱོད་པ་ཆུ་ལ་རལ་གྲི་ཐོབ། །རང་གྲོལ་ཕྱག་རྒྱ་ཆེན་པ་ཐོབ། །འཆི་མེད་བདུད་རྩིའི་བཅུད་ལེན་ཐོབ། །ངོ་སྤྲོད་གནད་ཀྱི་བར་དོ་ཐོབ། །བསམ་གཏན་མཐུན་འཇོག་མན་ངག་ཐོབ། །བརྡ་དོན་གསུམ་དང་རིན་ཆེན་ལྔ། །གཞན་ཡང་དགོས་པའི་ཆོས་དྲུག་དང་། །བསམ་མི་ཁྱབ་པའི་གདམས་ངག་ཐོབ། །རིན་ཆེན་གསེར་དང་འདྲ་བའི་ཆོས། །མང་དུ་བཞུགས་པའི་མཆོད་བསྟོད་མཛོད། །ཐུགས་ལ་ཨེ་འཕྲོད་གཟིགས་པར་ཞུ། །ཞེས་ཞུས་པས། བླ་མས། རས་ཆུང་པ་ལ། ང་རྒྱལ་ཆེན་པོ་འདུག་པ་དགོངས་ནས་རས་ཆུང་པའི་ང་རྒྱལ་གཅོག་པའི་མགུར་འདི་གསུངས་སོ། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་པ། །ཁྱོད་སྡུག་ཡུས་མ་ཆེ་གླུ་འདི་ཉོན། །གླུ་དོན་ཆེན་གསེར་ཐག་འཕྲེང་བའི་ངག །བརྡ་སྙན་པོ་གསང་བའི་ངར་སྒྲ་འགྲིགས། །དོན་འཐད་འཐད་འདྲ་ན་ཐུགས་ལ་ཟུངས། །མི་ཆད་པོ་རང་ཆེ་འདོད་པ་དེ། །མི་ངན་པའི་ལག་ཏུ་གྲིར་འཆིར་འགྲོ། །ནོར་ཕྱུག་པོ་སེར་སྣས་བསགས་པ་དེ། །དགྲ་སྡང་བའི་ལག་ཏུ་ནོམ་པ་སྤྲད། །རྒྱགས་པ་རྒྱགས་ལྷག་འཚོལ་བ་དེ། །ལྟོགས་དྲིར་ཤི་བའི་སྔ་ལྟས་ཡིན། །ངན་པས་ངན་ཚོད་མི་ཟིན་པར། །རང་ཕམ་པར་འགྲོ་བ་ཁོ་ན་ཡིན། །དཔོན་ངན་པས་གཡོག་པོ་བཅོམ་པ་དེ། །ཡུལ་བཟང་པོ་ལད་པའི་ཕུང་འདྲེ་ཡིན། །མི་ངན་པས་རྗེ་བོ་མི་ཁུར་བ། །རང་ཕུང་བའི་ཐན་ལྟས་ངན་པ་ཡིན། །ཆོས་པས་རང་ཚུགས་མི་ཟིན་པའི། །བསྟན་པ་བསྣུབས་པའི་ཕུང་ཤིང་ཡིན། །མཁའ་འགྲོའི་གདམས་ངག་མི་གསང་བ། །ལྷ་དང་ལྷ་མོ་འཁྲུགས་པའི་རྩ་བ་ཡིན། །བུ་གདམས་ངག་རང་རྩིས་ཆེ་བ་དེ། །རྒྱུད་ངན་པ་སྐྲ་རིང་འཆོར་འདོད་ཡིན། །ཁ་སྐམ་པོ་ཆོས་བཤད་མང་བ་དེ། །ཉམས་བཟང་པོའི་བསྒོམ་འཕྲོ་འཇོག་འདོད་ཡིན། །བྱས་ཤ་དང་བྱས་ཡུས་ཆེ་བ་དེ། །བླ་མ་སྤང་བླངས་བྱེད་འདོད་ཡིན། །སློབ་མས་བླ་མ་མི་ཁུར་ན། །གྱོང་ལ་དེ་བས་ཆེ་བ་མེད། །སྒོམ་ཆེན་རི་ལ་མི་ཟུག་ན། །གོད་ལ་དེ་བས་ཆེ་བ་མེད། །ཆོས་པས་ཉེ་རིང་མ་སྤངས་ན། །ཕུང་ལ་དེ་བས་ཆེ་བ་མེད། །མཁས་པས་ཉམས་ལེན་མ་བྱས་ན། །ཁྲམ་ལ་དེ་བས་ཆེ་བ་མེད། །བཙུན་པས་ཚུལ་ཁྲིམས་མི་བསྲུངས་ན། །ངོ་ལ་དེ་བས་ཚ་བ་མེད། །བུ་རས་ཆུང་ཟེར་བའི་བཞིན་ལེགས་པོ། །དོན་འཐད་པར་གདའ་ན་ཐུགས་ལ་ཟུངས། །དེ་མི་འཐད་དགོངས་ན་གང་མཛད་མཛོད། །ང་མྱུར་དུ་འཆི་བའི་མི་རྒན་ལ། །ཡུན་རིང་ལབ་སྙིང་བྱེད་མི་ཁོམ། །ཁྱེད་གཞོན་ནུ་རང་རྩིས་རེ་བདེན་བསམ། །ང་རྒྱལ་མི་རྒོད་ཁ་རྒོད་ལ། །ལབ་ན་ཚུར་ལབ་གྲིམ་དུ་གཏོང་། །རྗེ་སྒྲ་བསྒྱུར་གྱི་མར་པ་སྐུ་དྲིན་ཅན། །སྤྲང་ཆོས་བརྒྱད་ཟད་པར་བྱིན་གྱིས་རློབས། །ཞེས་གསུངས་ཏེ་རས་ཆུང་པའི་དཔེ་ཆ་ཁྲེས་པོ་རྣམས་བླ་མས་ཁུར་ནས་བྱོན་སོང་བ་ལ་རས་ཆུང་པ་ཐག་རིང་པོ་ནས་འོང་བས་བླ་མའི་ཕྱི་ལ་མ་སླེབས་པས། རྟོག་པ་གཅིག་ལ་ང་ཡི་གདམས་ངག་མི་འདོད་གསུང་པ་འདྲ་བ་ཞིག་ལ་འཁྱེར་ནས་འགྲོ་བ་ཨེ་མ་ཡིན། ངས་མ་སླེབས་ན་དོན་མེད་པའི་མི་ལ་གཏད་པ་ཨེ་སྲིད་བསམ་ནས་རྗེས་སུ་མར་རྒྱུག་ཅིང་མགུར་འདི་རས་ཆུང་པའི་མགུར་དབྱངས་སུ་གྲགས་པ་འདི་ཕུལ་ལོ། །བླ་མ་རྗེ་བཙུན་སྙན་གསོན་དང་། །སྤྲུལ་སྐུ་རས་ཆེན་སྙན་གསོན་དང་། །བུ་ཕ་དང་ཐུགས་ཡིད་འཛོལ་མི་སྲིད། །བཀའ་དྲི་མ་མེད་པའི་གདམས་ངག་རྣམས། །ཕ་ཡིས་གཟིགས་ནས་བཞེས་པར་ཞུ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་རྣམས། །ལྷག་ཆད་ནོར་འཁྲུལ་མཁའ་འགྲོས་བསལ། །ཟབ་དང་ཡང་ཟབ་བཀའ་རྒྱས་བཏབ། །བླ་མའི་དྲུང་དུ་འབུལ་ལགས་པས། །ཕ་ཡིས་གཟིགས་ལ་བཞེས་པར་ཞུ། །གཞན་ཡང་རྟེན་འབྲེལ་ཚེ་སྒྲུབ་དང་། །མཁའ་འགྲོ་བརྡ་ཡི་གསང་ཚིག་དང་། །རྡོ་རྗེ་ལུས་ཀྱི་གནས་ལུགས་དང་། །གྲུབ་པའི་རྒྱལ་མོའི་ཐུགས་དམ་ཡོད། །དེ་ཡོད་བླ་མ་རྗེ་ལ་འབུལ། །ཕ་ཡི་གཟིགས་ལ་བཞེས་པར་ཞུ། །གཞན་ཡང་བསྟན་སྲུང་ཟབ་མོ་དང་། །ནད་ལ་ཕན་པའི་མན་ངག་དང་། །གདོན་ལ་ཕན་པའི་གནད་གཟེར་དང་། །རྟ་བརྒྱ་བརྒྱ་རེ་བའི་གདམས་ངག་མང་། །དེ་རྣམས་བླ་མ་རྗེ་ལ་འབུལ། ཕ་ཡི་གཟིགས་ལ་བཞེས་པར་ཞུ། །སྨན་མཆོག་ཨ་ག་རུ་ཆེན་ལ། །ཕྱག་མཁར་མངའ་གསོལ་ཏེ་པུས་མཛད། །ཡ་མཚན་རིན་ཐང་ནོར་གྱི་མཆོག །དེ་ལ་མཁའ་འགྲོས་བྱིན་བརླབས་ཡོད། །དེ་ཡང་བླ་མའི་ཕྱག་ཏུ་འབུལ། །ཕ་ཡི་གཟིགས་ལ་བཞེས་པར་ཞུ། །བཟང་དྲུག་སྨན་གྱི་སྒྱེའུ་དང་། །དཔའ་བོ་དཔའ་མོའི་དམ་རྫས་རྣམས། །རྗེ་ལ་འབུལ་སྙམ་དཔུང་པའི་སྒང་། །འཕྲག་པའི་ཁ་ལ་བཀལ་ནས་འོང་། །བླ་མའི་བཀའ་དྲིན་ལེན་དུ་འབུལ། །ཕ་ཡི་གཟིགས་ལ་བཞེས་པར་ཞུ། །ཐང་ཆད་ངལ་གསོའི་བཀའ་གནང་ན། །སྦྱིན་པ་རྣམ་བཞིའི་མཆོག་ཏུ་འགྱུར། །བཀྲེས་སྐོམ་ལུས་ལ་ཕན་བཏགས་ན། །བཀའ་དྲིན་ཡོངས་ཀྱི་རྒྱལ་པོ་ཡིན། །ཁ་ཚིག་བཟང་པོས་ནོར་སྦྱིན་ན། །ཕོངས་པ་རྣམས་ལ་ཁྱད་པར་འཕགས། །ཞལ་ཏ་བཟང་པོའི་ལམ་སྟོན་ན། །ཆོས་རྒྱལ་རྣམས་ཀྱི་དམ་ཚིག་ཡིན། །ཞེས་ཞུས་པས། བླ་མས་རས་ཆུང་པ་བསྒུག་ནས་མགུར་དེ་ལ་དར་ཅིག་གསན་པ་དང་། རས་ཆུང་པ་ལ་ཞལ་ཏ་བཟང་པོའི་མགུར་འདི་གསུངས་སོ། །བུ་ཀུན་དང་མཐུན་ན་རྒྱལ་པོ་ཡིན། །ཕ་དང་མཐུན་ན་ཡང་རྒྱལ་ཡིན། །བུ་གཅིག་དང་མི་མཐུན་བརྒྱ་ཐན་ཡིན། །ཕ་དང་མི་མཐུན་འདྲེ་ཐན་ཡིན། །བཟང་སྤྱོད་ཕ་དང་མཐུན་ན་འགྲུབ། །དྲིན་ཅན་མ་ལ་བྱམས་ན་འཁོར། །སྤྱོད་པ་མི་དང་མཐུན་ན་མཛེས། །བསམ་པ་བླ་མར་དད་པས་འགྲུབ། བྱིན་རླབས་མཆེད་གྲོགས་མཉེས་པས་འགྲུབ། །རང་འདོད་རང་རྩིས་ཆུང་བས་འགྲུབ། །ཆོས་པ་གཤིས་ངན་སྤངས་ན་ཡིན། །མི་ཁ་དྲིན་ཆེན་བཀུར་ན་བྱམས། །གཏམ་སྙན་གཉོམ་ཆུང་བསྐྱངས་ན་ཡོད། །ལྷ་ཁ་ངོས་ལྐོག་མེད་ན་དགེ །ཡོན་ཏན་རྗེ་དང་འགྲོགས་ན་སྐྱེ། །འདྲེ་ཁ་རྣམ་རྟོག་ཆུང་ན་ཁོག །བཟང་པོ་བྱམས་སེམས་ཆེ་ན་འོང་། །ལར་མཁས་པའི་ཉེ་བ་ཐམས་ཅད་ཡིན། །བླུན་པོས་དགྲ་གཉེན་ངོ་མི་ཤེས། ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །ལམ་དུ་བལྟས་པས་ཅི་ལ་ཕན། །ཏེ་པུ་གསང་སྔགས་སྡོང་པོ་ལ། ཁྱོད་བས་འབྲེལ་པ་ང་རང་ཟབ། །མ་དང་མཁའ་འགྲོའི་གསང་ཚིག་རྣམས། །ང་ལ་གསང་ནས་སུ་ལ་ཟློ། །མ་གཅིག་གྲུབ་པའི་རྒྱལ་མོ་ལ། །རང་བས་ལྷག་པའི་སློབ་མ་ཡོད། །ཤིང་སྤང་གསེར་གྱི་མཎྜྻལ་ན། །ཚོགས་ཀྱི་སྐལ་པ་མང་པོ་ཟོས། །ཡི་དམ་རྡོ་རྗེ་ཕག་མོ་ལ། །ཁྱོད་བས་ང་རང་འགྲོགས་ཡུན་རིང་། །ལྷ་དང་ལྷ་མོའི་ཞིང་ཁམས་རྣམས། །ང་དང་འབྲེལ་པའི་ལྷ་ཚོགས་རང་། །ཁྱོད་ཀྱིས་བྱས་པའི་ལས་རྣམས་ལ། །དེ་བས་ང་རང་སེམས་ཁུར་ཆེ། །བུ་ལེགས་འདོད་དྲེགས་པས་མི་འཆིང་བར། རི་ཁྲོད་དབེན་པར་བསྒོམ་དུ་འགྲོ། །ཞེས་གསུངས་པས། རས་ཆུང་པའི་བསམ་པ་ལ་བླ་མ་ལ་མངོན་པར་མཁྱེན་པ་ཐོགས་པ་མེད་པ་མངའ་བས། ང་འོང་བ་ནི་མཁྱེན། དེའི་ཆོས་ཤིག་ཡོད་བསམ་པས། བླ་མས་གར་གསུངས་པའི་གནས་སུ་འགྲོ་ཞུས་ནས་དཔོན་སློབ་གཉིས་འགྲོགས་ནས་ཐང་ལ་ཡར་བྱོན་ནོ། །དེ་ཐམས་ཅད་ཞལ་ཏ་ཡོ་བདེའི་སྐོར་རོ།། །།དེ་ནས་དཔོན་སློབ་གཉིས་ཐང་དཔལ་མོ་དཔལ་ཐང་ན་ཡར་སླེབ་པ་དང་། རས་ཆུང་པ་ལ་རྟོག་པ་ངན་པ་ཞིག་སྐྱེས་ཏེ་ང་ཡི་བླ་མ་འདི་ཐོད་པ་མི་ཚེའི་རིང་ལ་མ་ཕྱིད་པར་སྡོད་པ་ཞིག་གདའ། མིའི་ཆོས་པ་གང་བཟང་བཟང་རྣམས་ལའང་ཆོས་བརྒྱགས་དུམ་པ་རེ་ལ་མ་བརྟེན་པ་མི་འདུག །ངས་རྒྱ་གར་ཡུལ་ནས་ཆོས་འདི་ཙམ་ཞིག་གདན་དྲངས་ནས་འོངས་ཀྱང་། ནུབ་ཅིག་གི་གནས་མལ་ཡང་མེད་ལས་ཆེ་བསམ་ཞིང་། སྐུ་ལུས་ལ་བལྟས་ཙ། སྔོ་བ་ཧམ་པ། དབུ་སྐྲ་ཕྱིང་པའི་སྔས་དང་། རས་དུག་རྐྱང་པ་རེ་ལ་མི་ཚེ་བསྐྱལ་ནས་གྲུབ་པ་ཐོབ་པའི་རྟགས་ཀྱང་དེ་སྔ་མ་རིག །ལས་ངན་པ་ཞིག་ལ་མིང་གྲུབ་ཐོབ་ཏུ་བཏགས་པ་ནི་མི་སྲིད་ཨང་བསམ་ཞིང་ཡོད་ཙ། ཡིད་ལ་མེད་པར་གཡག་རུ་ཞིག་རྙེད་པ་དེ། བླ་མའི་ཞལ་ནས། བུ་མི་མཁོ་བའི་ནོར་བཟུང་ན་མཁོ་བའི་དུས་འོང་བྱ་བ་ཡིན་པས་གཡག་རུ་འདི་ཟུངས་ཤིག་གསུངས་པས། རས་ཆུང་པས་འདིས་ཅི་བྱེད་ཟ་ནི་མི་ཉན། གྱོན་ནི་མི་ཉན་པ་འདིས་ནོར་ཞིག་ཨེ་འོང་ཡིན་བསམ་ཞིང་བཟུང་ནས་འོང་། ཡང་རས་ཆུང་པས་འདི་མི་འཁྱགས་པར་འདུག་ལགས་ཞུས་པས། ད་རུང་དུམ་པ་ཞིག་ཟུངས་གསུངས། ནམ་མཁའ་དང་ནས་ཡོད་ཙ། སྤྲིན་ཐམས་ཅད་དུས་གཅིག་ལ་འདུས་ནས་སེར་བ་ཆེན་པོ་ལག་མགོ་ཙམ་བབས་པས། རས་ཆུང་པས་གཡག་རུ་བསྐྱུར་ནས་བྲོས་ཙ། འགྲོ་ཡང་མ་བཅུག་པས་མགོ་བཏུམ་ནས་བསྡད། བླ་མ་གར་བྱོན་ཡང་མི་ཤེས། སེར་བ་ཆུང་དུ་སོང་བ་དང་བཙལ་ཙ་ཡེ་ནས་མ་རྙེད། ཐེབ་ཅིག་མགུར་ལྷང་ལྷང་གྲགས་པས་ཉན་ཙ། གཡག་རུའི་རྩར་གྲགས་པ་དེར་སོང་ཙ། གཡག་རུ་དེའི་ནང་ནས་གསུང་ལྷང་ལྷང་གྲགས་པས་དེ་ཅི་ཡིན་ནམ་བསམ་ནས། རས་ཆུང་པས་གཡག་རུ་ཡར་བླངས་ཙ། བྲག་ལ་འཇུས་པ་བཞིན་སོང་བས། འགྲམ་པ་ས་ལ་ཕབ་ནས་བལྟས་ཙ། གཡག་རུ་ཡང་དུ་མ་སོང་། རྗེ་བཙུན་ཆུང་དུ་མ་སོང་བར་གཡག་རུའི་དོགས་པ་རང་དུ་སྐུ་ལུས་འཁྲུལ་འཁོར་ལྡེ མ་ལྡེམ་མཛད་ནས་རས་ཆུང་པ་ལ་མགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་རླབས་ལུས་ལ་ཞུགས། །ལུས་ཐ་མལ་དུ་སྡོད་པ་སྒོམ་ཆེན་མིན། །རྫུ་འཕྲུལ་ལུས་ཀྱི་བཀོད་པ་ལ། །ཕྱག་བསྐོར་བ་གྱིས་ཤིག་རས་ཆུང་པ། །བླ་མའི་བྱིན་རླབས་ངག་ལ་ཞུགས། །ངག་འཆལ་ཚིག་སྨྲ་བ་སྒོམ་ཆེན་མིན། །གདམས་ངག་གླུ་ཡི་དཀོར་མཛོད་ལ། །དོན་ཡིད་ལ་ཟུངས་ཤིག་རས་ཆུང་པ། །བླ་མའི་བྱིན་རླབས་སེམས་ལ་ཞུགས། །སེམས་རྟོག་ངན་དུ་འཁྱམས་པའི་སྒོམ་ཆེན་མིན། །མངོན་ཤེས་རིག་པའི་རྟེན་འབྲེལ་ལ། །དད་གུས་བསྐྱེད་ཅིག་རས་ཆུང་པ། །བུ་རས་ཆུང་གི་ལྟ་བ་རྒོད་པོ་འདྲ། །རེས་འགའ་མཐོ་སྟེ་རེས་འགའ་དམའ། །ལྟ་བ་མཐོ་དམན་གྱི་བར་དུ་བསམ་བློ་ཐོང་། །བློ་ཚབ་ཚུབ་མ་མང་རས་གོས་འབངས། །བུ་རས་ཆུང་གི་སྒོམ་པ་ཉི་ཟླ་འདྲ། །རེས་འགའ་གསལ་ཏེ་རེས་འགའ་འགྲིབ། །སྒོམ་པ་གསལ་འགྲིབ་གྱི་བར་དུ་བསམ་བློ་ཐོང་། །བློ་ཚབ་ཚུབ་མ་མང་རས་གོས་འབངས། །བུ་རས་ཆུང་གི་སྤྱོད་པ་སྐྱི་སེར་འདྲ། །རེས་འགའ་དལ་ཏེ་རེས་འགའ་བྲེལ། སྤྱོད་པ་དལ་བྲེལ་གྱི་བར་དུ་བསམ་བློ་ཐོང་། །བློ་ཚབ་ཚུབ་མ་མང་རས་གོས་འབངས། །བུ་རས་ཆུང་གི་འབྲས་བུ་ལོ་ཐོག་འདྲ། །རེ་འགའ་ཡག་སྟེ་རེས་འགའ་ཉེས། །འབྲས་བུ་ཡག་ཉེས་གྱི་བར་དུ་བསམ་བློ་ཐོངས། །བློ་ཙབ་ཙུབ་མ་མང་རས་གོས་འབངས། །བུ་རྐྱེན་ཕྲའུ་སེར་བའི་གློ་རྒྱག་ལ། །མཁར་བཙན་པོ་གཡག་རུའི་ནང་ན་སྐྱིད། །ཕ་ཡིས་བུ་ལ་འབོད་པས་འབྱོན་པར་ཞུ། །བུ་ཕ་ཁྱིམ་དུ་མི་འབྱོན་འཐད་རྒྱུ་མེད། །ཕ་གཡག་རུའི་ཕྲ་སར་འཁྲུལ་འཁོར་བཞུགས། །བུ་གཡག་རུའི་སྦོམ་སར་འབྱོན་པར་ཞུ། །ཞེས་གསུངས་པས། རས་ཆུང་པས་ལག་མགོ་ཤོང་ཡོད་པ་ཨེ་ཡིན་བསམ་ནས་འཛུལ་སོང་ཙ་ལག་མགོ་ཡང་མ་ཐར་བས། དེ་རིང་འདི་ཅི་ཡིན་བསམ་ནས་གསུང་ལན་མགུར་འདི་ཕུལ་ལོ། །བླ་མ་རྗེ་བཙུན་སྙན་གསོན་དང་། །ང་ཡི་ལྟ་བ་མཐོ་ཡང་མི་མཐོ་རང་སར་གདའ། །དམའ་ཡང་མི་དམའ་རང་སར་གདའ། །ལྟ་བ་མཐོ་དམན་མེད་པའི་ངང་ལ་གདའ། །རས་གོས་སྐམ་རུང་རློན་རུང་གསོལ་བ་འདེབས། །ང་སྒོམ་པ་གསལ་ཡང་མི་གསལ་རང་སར་གདའ། །འགྲིབ་ཀྱང་མི་འགྲིབ་རང་སར་གདའ། །གསལ་འགྲིབ་མེད་པའི་ངང་ནས་གསོལ་བ་འདེབས། །རས་གོས་སྐམ་རུང་རློན་རུང་གསོལ་བ་འདེབས། ང་ཡི་སྤྱོད་པ་དལ་ཡང་མི་དལ་རང་སར་གདའ། །བྲེལ་ཡང་མི་བྲེལ་རང་སར་གདའ། །དལ་བྲེལ་མེད་པའི་ངང་ལ་གསོལ་བ་འདེབས། །རས་གོས་སྐམ་རུང་རློན་རུང་གསོལ་བ་འདེབས། །ང་ཡི་འབྲས་བུ་ཡག་ཀྱང་མི་ཡག་རང་སར་མདའ། །ཉེ་ཀྱང་མི་ཉེ་རང་སར་མདའ། །ཡག་ཉེས་མེད་པའི་ངང་ནས་གསོལ་བ་འདེབས། །ཞེས་ཞུས་པས། བླ་མ་གཡག་རུའི་ནང་ནས་ཕྱིར་བཞེངས་ཏེ། ནམ་མཁའ་ལྟ་སྟངས་ཞིག་མཛད་པས་སྤྲིན་རྣམས་སོ་སོར་དེང་ནས། ཉི་མ་ཚ་ལྷེམ་པ་ཞིག་བྱུང་བ་ལས། རས་གོས་བསྐམ་ནས། དར་ཙམ་ཞིག་དཔོན་སློབ་གཉིས་བཞུགས་ཙ། ཉི་མ་ཡང་ལ་འདས་ནས་ཐལ་བས་རས་ཆུང་པའི་བསམ་པ་ལ་ངས་རྒྱ་གར་ནས་ང་སྔགས་མང་པོ་འཁྱེར་ནས་འོང་དགོངས་ནས། བླ་མས་ཀྱང་སེར་བ་འབེབ་པ་བསླབ་འདུག་བསམ་ནས། བླ་མ་ལགས། དེ་རིང་སེར་བ་དེ་འབབ་དོན་མེད་པ་ལ་བབས། ད་འགྲང་ལྟོགས་གཉིས་ཀ་འཛོམ་པས། ཕ་རིའི་རུ་བ་དེ་ལ་བསོད་སྙོམས་ལ་སོང་ན་ཞུས་པས། སེར་བ་བབས་པ་ང་ལེན་པ་མིན། བསོད་སྙོམས་དུས་ལ་མ་འབབ་པས། མི་འགྲོ་མི་ངན་པས་ལབས་གསུངས་པས། ལྟོགས་པའི་དུས་འདི་དུས་ཡིན། བསོད་སྙོམས་ལ་འབྱོན་པར་ཞུ་ཞུས་པས། བླ་མའི་ཞལ་ནས། འོ་ན་མདུན་གྱི་དང་པོ་ལ་རྟེན་འབྲེལ་གྱི་གསུམ་གཉིས་ཡོད་བྱ་བ་ཡིན་པས། ཡར་གྱི་སྦྲ་མོ་ཆེ་ལ་གཏོད་མ་འདོང་གསུངས་པས། བླ་མ་ལགས། སྦྲ་མོ་ཆེ་རིང་བར་འདུག །ཆེན་པོ་ལ་མ་རྔམས། ཆུང་ངུ་ལ་མ་བརྙས་བྱ་བ་ཡིན་པས། རུ་སྣའི་སྦྲ་ཆུང་སེར་པོ་འདི་ནས་ཡར་འདོང་དགོས་ལགས་བྱས་ནས། མར་གྱི་སྦྲ་ཆུང་སེར་པོའི་སྒོར་སོང་བ་ལ། ནང་ནས་རྒན་མོ་ཞིག་བྱུང་སྟེ། མོ་ན་རེ། རྣལ་འབྱོར་པ་སྤྲང་བའི་དུས་མི་ཤེས་པས། ད་ཞགས་སུ་ལ་ཡང་ཙ་མེད། ཁྱེད་ཚོ་ཟ་འདོད་པས་ཆོག་པ་མིན་ཟེར་ནས་ངན་སྨད་སྨྲས་བྱས་པས། བླ་མའི་ཞལ་ནས་རས་ཆུང་པ། དོ་ནུབ་བཟའ་མི་ཟོས་པར་འདུག་གསུངས་ནས། ཕ་ཟད་ཅིག་ཏུ་སོང་ནས་གཟིམས་ཙ། ནམ་ཕྱེད་རུ་བ་དེ་རྣམས་ཀུ་ཏི་རི་རི་བྱུང་བས། བླ་མས་རས་ཆུང་པ་ལ་ནམ་ལངས་པ་དང་། རས་ཆུང་བ་མདང་རུ་བ་དེ། ཀུ་ཅོ་ཆེ་བས་ཅི་རེད་ལྟོས་དང་གསུངས་པས་བལྟས་ཙ། མདང་གི་ཨ་ལྡིང་སེར་པོ་དེ་མིན་གྱི་རུ་བ་རྣམས་གར་ཡང་མི་འདུག་ཞུས་པས། འོ་ན་དེར་འདོང་ཞིག་གསུངས་ནས་དཔོན་སློབ་གཉིས་བྱོན་པ་ལ། རྒན་མོས་དེ་ནུབ་ཡུལ་གཉེན་པོ་ལ་ངན་སྨྲས་བྱས་པའི་ཆད་པས་ཤི་ནས་འདུག །ནོར་རྣམས་རུ་བས་ཁྱེར་ནས་ཟ་རྒྱུ་མར་ཐུད་རྩམ་པ་མང་ཞིག་དང་ཞོ་ཟོ་བ་གང་བསྙལ་རུང་ལ་ལུས་འདུག་པས། བླ་མའི་ཞལ་ནས། རས་ཆུང་པ་ཐམས་ཅད་འདི་དང་འདྲ། མདང་མོ་ལ་འདི་རྣམས་འཕངས་མོ་ཡོད་དེ་ད་ནང་འོ་ཅག་གཉིས་ལ་བཞག་འདུག་པས། ཁ་ཟས་དོད་པ་དང་ད་ཕྱིར་སྤྲོད་ཅིག་གསུངས་པ་ལ། རས་ཆུང་པས་བླ་མའི་ཞལ་ལ་བལྟས་ནས་བསྡད་པས་ད་མ་སྡོད་པར་འཚོ་བ་དྲོངས་ཤིག་གསུངས་ནས་དེ་རྣམས་ལ་འཚོ་བ་བཟང་པོ་དྲངས་ནས་ལྷག་མ་བྱུང་བ་རྣམས་ཁྲེས་པོར་བརྫེབ་ནས་ད་འབྱོན་ལགས་ཞུས་པས། བླ་མའི་ཞལ་ནས། རས་ཆུང་པ་རོ་ཟས་ཟོས་ནས་རོ་ཆོག་མ་བྱས་པས་མི་འོང་། ཟས་ཟ་བ་རྒན་གྱིས་ཟོ། ལས་བྱེད་པ་དེ་གཞོན་གྱིས་བྱེད་བྱ་བ་ཡིན་པས་ཁྱོད་ཀྱིས་རོ་ཁུར། ངས་རོ་སྣ་བྱེད་གསུངས་པས། རས་ཆུང་པའི་ཐུགས་དགོངས་ལ། བླ་མས་གང་མིན་མིན་བྱེད་པར་འདུག །རྒན་མོས་འདིའི་རོ་ཁུར་བས་གྲིབ་ཅིག་ཀྱང་ཨེ་འོང་བསམ་ཞིང་། མ་ངམ་ཙམ་ཞིག་ལ་ཁུར་ནས་སོང་སྟེ། སྤང་ཁ་ཞིག་ཏུ་སླེབ་པ་དང་ད་འདིར་ཞོག་གསུངས་ནས། སྦ་ཡི་བེར་མ་ལྕག་དེ་རྒན་མོའི་སྙིང་ཁར་བཙུགས་ནས་འོ་རས་ཆུང་པ། འདི་ལྟ་བུའི་མི་རྟག་པ་སྐྱེ་འགྲོ་ཐམས་ཅད་ཀྱི་སྟེང་དུ་གནས། སྒོས་སུ་འོ་ཅག་གཉིས་ལ་མྱུར་དུ་འོང་བ་མི་ཤེས་ང་ཚོའི་སྐལ་པ་ཆད་ངེས་པས་དོགས་ཟོན་ཚ་མོ་ཞིག་དགོས་གསུང་ནས་མི་རྟག་སྒྱུ་མའི་དཔེ་དྲུག་འདི་མགུར་དུ་གསུངས་སོ། །རྗེ་བླ་མའི་སྐུ་དྲིན་བསམ་ལས་འདས། །མི་རྟག་རྒྱུད་ལ་སྐྱེས་པས་བྱས་ཚད་ཆོས་སུ་སོང་། །འཆི་བ་ཡང་ཡང་དྲན་པས་ལེ་ལོའི་བདུད་ལས་རྒྱལ། །ནམ་འཆི་ཤེས་རྒྱུ་མེད་པས་མདང་གི་རྒན་མོ་འདྲ། །རས་ཆུང་སྣང་བ་མ་འགྱང་བླ་མའི་གླུ་འདི་ཉོན། །ཕྱི་སྣང་བའི་ཡུལ་ལ་ཕར་བལྟས་ཙ། །སྣང་བ་མི་རྟག་མདང་གསུམ་རྨི་ལམ་འདྲ། །རྨི་ལམ་དྲན་ཞིང་འཁྲུལ་པས་བློ་མ་བདེ། །འཁྲུལ་པ་རྩད་ནས་ཆོད་དམ་རས་ཆུང་པ། བདག་བསམ་ཞིང་བློ་སེམས་བདེ་བ་ཞིག་བྱུང་། །ནང་སྐྱིད་འདོད་གཟུགས་ཀྱི་ཐོ་ཡོང་འདི། །ཅི་ཕན་ཕན་སྒྲུབ་སྙམ་སྡུག་བསྔལ་སྤྱོད། །མི་གཙང་རྫས་ཀྱི་ཐོ་ཡོང་ལ། །རང་རྩིས་མ་ཆེ་གླུ་འདི་ཉོན། །རང་གི་ལུས་ལ་ཚུར་བལྟས་ཙ། །ལུས་མི་རྟག་རྩ་ཐོག་ཟིལ་པ་འདྲ། །ལུས་བླངས་ཤིང་འཇིགས་པས་བློ་མ་བདེ། །སྐྱེ་ཤི་རྩད་ནས་ཆོད་དམ་རས་ཆུང་པ། །བདག་བསམ་ཞིང་བློ་སེམས་བདེ་བ་ཞིག་བྱུང་། །སེམས་ངན་པའི་མི་ལ་སྐྱིད་ཐབས་མེད། །ཚབ་ཚུབ་ཀྱི་བློ་མང་གྱོད་དང་འཕྲད། །རང་གཤིས་ངན་པ་རང་གིས་བྱུར། སེམས་རྟོག་འདོད་མ་ཆེ་གླུ་འདི་ཉོན། །ནང་འཛིན་པའི་སེམས་ལ་ཚུར་བལྟས་ཙ། སེམས་མི་རྟག་སྒང་ཁའི་བྱིལ་དང་འདྲ། །སེམས་བཞག་སར་མི་སྡོད་བློ་མ་བདེ། །སེམས་ཉིད་བཙན་ས་ཟིན་ནམ་རས་ཆུང་པ། །བདག་བསམ་ཞིང་བློ་སེམས་བདེ་བ་ཞིག་བྱུང་། །ནང་སྲོག་དབུགས་རྟ་རྔའི་ཉག་མ་ཙམ། །ཆད་ལ་ཁས་ཀྱི་སྤྲིང་སྤྲིང་པོ། རྐྱེན་ཟུར་ཙམ་མི་བརྟན་རྒན་མོའི་དབུགས་དང་འདྲ། །ཚེ་འདི་ལ་མ་ཞེན་གླུ་འདི་ཉོན། །ནང་འགྱུ་བའི་དབུགས་ལ་ཚུར་བལྟས་ཙ། །དབུགས་མི་རྟག་ནམ་མཁའི་ན་བུན་འདྲ། །ན་བུན་ཡལ་ནས་འགྲོ་བས་བློ་མ་བདེ། །འགྱུ་བ་རང་སངས་ཕྱེད་དམ་རས་ཆུང་པ། །བདག་བསམ་ཞིང་བློ་སེམས་བདེ་བ་ཞིག་བྱུང་། །རིགས་ངན་གྱི་ཉེ་བ་འགྲོགས་ཤིང་སྡང་། །མི་ངན་གྱི་གྲོགས་པོས་དམེ་ངན་སློང་། །ཕན་ཨེ་ཐོག་རྒན་མོའི་ཁྱིམ་མཚེས་འདྲ། །བུ་རེ་བ་མ་ཆེ་གླུ་ལ་ཉོན། །འདུས་པའི་གྲོགས་ལ་ཚུར་བལྟས་ཙ། གྲོགས་མི་རྟག་ཚོང་འདུས་མགྲོན་པོ་འདྲ། གྲོགས་འདུས་ནས་འབྲལ་བ་བློ་མ་བདེ། འབྲེལ་པ་གོང་དུ་ཞོག་གམ་རས་ཆུང་པ། །བདག་བསམ་ཞིང་བློ་སེམས་བདེ་བ་ཞིག་བྱུང་། །ནོར་བསགས་ཚད་བདག་པོས་མི་སྤྱོད་པ། །སྲིད་པ་ལས་ཀྱི་བདེན་པ་ཡིན། །སེར་སྣས་བསགས་པའི་ནོར་རྫས་རྣམས། །རྒན་མོའི་སྔས་ཀྱི་ཕྱེ་ཐུད་འདྲ། །བུ་ཞེན་པ་མ་ཆེ་གླུ་ལ་ཉོན། །རང་གིས་བསགས་པའི་ནོར་ལ་ཚུར་བལྟས་ཙ། །ནོར་མི་རྟག་སྦྲང་མ་ཡི་སྦྲང་རྩི་འདྲ། །བདག་བསགས་གཞན་གྱིས་སྤྱད་པས་བློ་མ་བདེ། །སེམས་ཉིད་གཏེར་ཁ་ཕྱེད་དམ་རས་ཆུང་པ། །བདག་བསམ་ཞིང་བློ་སེམས་བདེ་བ་ཞིག་བྱུང་། །ཞེས་གསུངས་ཏེ། རས་ཆུང་པ། འོ་སྐོལ་གཉིས་འཇིག་རྟེན་འདི་ན་སྡོད་པའི་ལོང་མེད། གངས་ཏི་སེ་ལ་བསྒོམ་དུ་འགྲོ་གསུང་པས། རས་ཆུང་པས་ཞུས་པ། བདག་རྒྱ་གར་ནས་དཀའ་བ་སྤྱད་ནས་བོད་དུ་སླེབ་པས་ལུས་ངན་ཅིང་ངལ་དུབ་མ་གསོས་པས། བསོད་སྙོམས་བྱེད་ནས་དགོན་པ་ཐག་ཉེ་བ་ཞིག་ཏུ་བསྡད་ན་མིན་པ་སྒོམ་ནུས་ལེ་མེད་ལགས་ཞུས་པས། བླ་མའི་ཞལ་ནས། ཆོས་སྙིང་ནས་བྱེད་བསམ་ན་འདི་བཞིན་བྱེད་པས་ཆོག་གསུངས་ནས་ཆོག་པ་བརྒྱད་ཀྱི་མགུར་འདི་གསུངས་སོ། །བུ་དགོན་པ་རང་གི་ལུས་ཀྱི་ཆོག །ལུས་གནད་ལྷ་ཡི་ཕོ་བྲང་ཡིན། །བླ་མ་རང་གི་སེམས་ཀྱིས་ཆོག །ངེས་ཤེས་དམ་པའི་སྐྱེས་མཆོག་ཡིན། །དཔེ་ཆ་ཕྱི་སྣང་ཡུལ་གྱི་ཆོག །སྣ་ཚོགས་ཐར་པའི་ལམ་དཔེ་ཡིན། །ཟས་སུ་ཏིང་འཛིན་ཟ་བས་ཆོག །ཞི་གནས་ལྷ་ཡི་ཕ་འབབ་ཡིན། །གོས་སུ་གཏུམ་མོ་གྱོན་པས་ཆོག །བདེ་དྲོད་མཁའ་འགྲོའི་རས་གོས་ཡིན། །གཉེན་ལ་འབྲེལ་ཐག་གཅོད་པས་ཆོག །གཅིག་པུ་ལྷ་ཡི་ཚོགས་དཔོན་ཡིན། །སྡང་བའི་དགྲ་ལ་བྱོལ་བས་ཆོག །དགྲ་བོ་མགྲོན་པོ་ལམ་འཁྱམས་ཡིན། །བགེགས་ལ་སྟོང་ཉིད་བསྒོམ་པས་ཆོག །སྣ་ཚོགས་ཆོ་འཕྲུལ་ཉམས་སྣང་ཡིན། །ཡིན་ལུགས་སྤྱོད་ན་དེ་ལྟར་མཛོད། །མེད་བཞིན་སྤྱོད་པ་ལོག་པའི་ལམ། །ང་མི་རྒན་འཆི་ཆེད་བྱེད་པ་ལ། །ཁྱོད་དང་ཡུན་རིང་ལབ་མི་ཁོམ། །ཁྱོད་གཞོན་ནུ་ཤ་སྙིང་ཁྲག་རྒྱས་ལ། །ཕན་པར་ལབ་ཀྱང་ཁར་མི་ཉན། །རང་རྩིས་ཆེ་ཡུས་ལོག་པ་ལ། །དྲང་པོར་སྨྲ་བ་ཆུད་ཟོས་ཡིན། །སྒོམ་ན་ང་ཡི་ཕྱི་ལ་འདོང་། །མི་སྒོམ་ཁྱེད་རང་ཅི་བསམ་གྱིས། །ཞེས་གསུངས་ནས་བྱོན་སོང་བ་ལ། རས་ཆུང་པ་བླ་མའི་ཐུ་བ་ལ་འཇུས་ནས་མི་ཆོག་པ་བརྒྱད་ཀྱི་མགུར་འདི་ཕུལ་ལོ། །དགོན་པ་རང་གི་ལུས་ཀྱི་ཆོག་ལགས་ཀྱང་། །ཉལ་ས་བླ་གབ་གར་ཡང་དགོས། །ཆར་ཆུ་དགྲ་བོས་སུ་ལའང་གནོད། །དེར་ཡང་མ་ཆོག་པ་ཞིག་བྱུང་། །བླ་མ་རང་གི་སེམས་ཀྱིས་ཆོག་ལགས་ཀྱང་། །ངོ་སྤྲོད་བླ་མ་ཅིས་ཀྱང་དགོས། །གསོལ་བ་འདེབས་ཡུལ་མེད་ཐབས་མེད། དེར་ཡང་མ་ཆོག་པ་ཞིག་བྱུང་། །དཔེ་ཆ་ཕྱི་སྣང་ཡུལ་གྱི་ཆོག་ལགས་ཀྱང་། །ཐེ་ཚོམ་བར་ཆད་གང་ཡང་སླེབ། །གསོལ་འདེབས་དཔེ་བུམ་མེད་ཐབས་མེད། །དེར་ཡང་མ་ཆོག་པ་ཞིག་བྱུང་། །ཟས་སུ་ཏིང་འཛིན་ཟ་བས་ཆོག་ལགས་ཀྱང་། །འཚོ་བ་ལུས་འཚོ་ཙམ་ཞིག་མེད་ཐབས་མེད། །སྒྱུ་མའི་ལུས་པོ་རྫས་ལ་བརྟེན། །དེར་ཡང་མ་ཆོག་པ་ཞིག་བྱུང་། །གོས་སུ་བདེ་དྲོད་གྱོན་པས་ཆོག་ལགས་ཀྱང་། །ངོ་ཚའི་དྲི་མས་གང་ཡང་སླེབ། །ཁྲེལ་དང་ངོ་ཚ་གང་ལའང་འཇིགས། །དེར་ཡང་མ་ཆོག་པ་ཞིག་བྱུང་། །གཉེན་ལ་འབྲེལ་ཐག་བཅད་པས་ཆོག་ལགས་ཀྱང་། །མཐུན་འཇུག་སྤྱོད་པ་གར་ཡང་དགོས། །གྲོགས་ལ་བཟང་ངན་སུ་ལའང་ཡོད། དེར་ཡང་མ་ཆོག་པ་ཞིག་བྱུང་། །སྡང་བའི་དགྲ་ལ་བྱོལ་བས་ཆོག་ལགས་ཀྱང་། །མི་ངན་ལམ་སྒོ་གར་ཡང་ཚུགས། །ཞེ་སྡང་དགྲ་བོ་གར་ཡང་སླེབས། །དེར་ཡང་མ་ཆོག་པ་ཞིག་བྱུང་། །བགེགས་ལ་སྟོང་ཉིད་བསྒོམ་པས་ཆོག་ལགས་ཀྱང་། །འབྱུང་པོ་ཡི་དྭགས་བསམ་པ་ངན། །ངར་འཛིན་འབྱུང་པོ་ཐུལ་བར་དཀའ། །དེ་ཡང་མ་ཆོག་པ་ཞིག་བྱུང་། །ལར་བླ་མའི་དྲུང་དུ་འཚམས་པར་སླེབས། །གང་བྱས་ཀྱང་བདེ་ཞིང་སྐྱིད་པར་ངེས། །ཞེས་ཞུས་པས་ཏི་སེ་ལ་འགྲོ་བ་བཤོལ་ནས་མཆོང་ལུང་གི་བྲག་ལ་དཔོན་སློབ་གཉིས་བྱོན་ནོ། །དེ་ཐམས་ཅད་གཡག་རུའི་སྐོར་རོ།། །།དེ་ནས་མཆོང་ལུང་དུ་སླེབ་པ་དང་བླ་མས་བྲག་གི་གསེབ་ནས་རྫིའུ་གཉིས་བཏོན་ནས་བྱུང་བ་དང་། རས་ཆུང་པ་དཔེ་ཆ་རྣམས་ང་ལ་ཐོང་དང་ཆུ་མིག་འདིས་ང་ཡི་མིག་ལ་གཟན་པར་བྱུང་བས་གོས་ཆུ་ཕ་ཀི་ནས་ཆུ་ཞིག་ལོང་ལ་ཤོག་གསུངས་ཏེ་རས་ཆུང་པ་ཆུ་ལེན་དུ་བཏང་བས། དེའི་ཤུལ་དུ་བླ་མས་མེ་ཞིག་བུས་ནས་དཔེ་ཆའི་གླེགས་ཤིང་གཡས་གཡོན་དུ་བཞག་ནས་འདི་གསུངས་ཏེ། ངས་རྒྱ་གར་དུ་ཆོས་འཚོལ་དུ་བཏང་བའི་ལུས་མེད་མཁའ་འགྲོའི་ཆོས་སྐོར་ཐམས་ཅད་མཁའ་འགྲོ་མ་རྣམས་ཀྱི་བྲག་གི་གསེབ་ཏུ་གདན་དྲོངས་ཤིག །གཞན་མུ་སྟེགས་ཀྱི་ངན་སྔགས་རྣམས་ཕྱིང་ཁུག་འདིར་སྡོད་ཅིག་གསུངས་ནས་ངན་སྔགས་ཐམས་ཅད་མེ་ལ་བསྲེག་ནས་བཞག །དེར་རས་ཆུང་པ་ཆུ་ཁ་ན་སོང་ཙ། ཕ་རིའི་ཐང་ཞིག་ན་རྐྱང་མ་བུ་བདུན། སྤྱང་མ་བུ་བདུན། རྩེད་མོ་རྩེ་ཞིང་འདུག་པ་ལ་བལྟས་པས། རྐྱང་ཕྲུག་ཁྲིད་མ་ཁད་ཀྱི་སྤྱང་ཀི་ལ་འབྲེལ་ཤེས་སྤྱང་ཕྲུག་ཁྲིད་མ་ཁད་ཀྱིས་རྐྱང་འདེད་ཤེས་པར་འདུག་པས། ཨ་མཚར་པོ་བག་ཆགས་གོམས་པ་ལ་ཕ་ཀི་འདྲ་ཡི་ནུས་པ་འདུག་བསམ་ཞིང་ཡུན་རིང་པོ་ཞིག་སོང་བའི་བར་དུ་ཡེངས་ནས་སོང་འདུག་པས། ཨ་ཨེ་དེ་མ་བཟང་བླ་མ་མ་མཉེས་དགོངས་ནས་མགྱོགས་པར་འོང་བས་གནམ་སྒོར་སླེབ་ཙ་ན། ཤོག་བུའི་དྲི་མ་ཆིལ་ལེ་འདུག་པ་དང་། རས་ཆུང་པའི་བསམ་པ་ལ། ང་ཡི་བླ་མ་འདིས་སྨྱོ་སྤྱོད་བྱེད་ཨེ་ཡིན། དཔེ་ཆ་རྣམས་བསྲེག་ལས་ཆེ་བསམ་ཞིང་སྟེང་དུ་ཕྱིན་ཙ། ཤོག་བུའི་དུད་པ་ཆི་ལེ་བསྲེག་ནས་འདུག་པས། རས་ཆུང་པས། བླ་མ་ལགས། ཁྱེད་རང་གིས་སྟོན་པའི་ཆོས་སྐད་ལ་ལེན་མ་ཐེབ་པས་ངས་རྒྱ་གར་དུ་དཀའ་བ་དེ་ཙམ་ཞིག་ལ་གཏད་དོན་མི་འདུག །ལུས་མེད་མཁའ་འགྲོའི་ཆོས་སྐོར་མེ་ལ་བསྲེག་ཀྱང་མི་རུང་ཙ་ཟེར་ནས། སྔར་དད་པ་ལོག་པའི་སྟེང་དུ་དེ་རིང་རང་དབང་མེད་པའི་དད་པ་ལོག་ནས་གནམ་སྒོའི་སྟེང་དུ་རྐང་པ་བརྐྱངས་ནས་མིག་གི་དཀར་ས། ལྟག་པའི་ནག་ས་བསྟན་པ། རྗེ་བཙུན་གྱི་ཁོང་རང་གི་སྤྱི་བོའི་གཙུག་ཏུ། རྩ་བ་བརྒྱུད་པའི་བླ་མ་རྣམས་སྐད་ཅིག་ལ་སྤྲུལ་ནས་མགུར་འདི་གསུངས་སོ། །བུ་ཉོན་དང་གསན་དང་རས་ཆུང་པ། །ཕ་རྗེ་བཙུན་བཞུགས་པའི་སྤྱི་གཙུག་ན། །ཉི་ཟླ་པད་མའི་གདན་སྟེང་ན། །བླ་མ་ཏེ་ལོ་དང་ནཱ་རོ་མར་པ་གསུམ། །དེ་གསུམ་འདུ་འབྲལ་མེད་པར་བཞུགས། །མུ་ཏིག་རྩར་ལ་བརྒྱུས་པ་བཞིན། །ཁྱོད་དད་པའི་སེམས་ཀྱིས་ལྟ་ཤེས་ན། མོས་གུས་ལྟད་མོ་དེ་ལ་ལྟོས། །བྱིན་བརླབས་དངོས་གྲུབ་ཟད་པ་མེད། །རྗེ་དང་ཐུགས་ཡིད་བསྲེས་ཤིག་རས་ཆུང་པ། །ཁྱོད་ལྟད་མོ་དང་གཟིགས་མོ་འདི་ལ་ལྟོས། །རྐྱང་ལ་ལྟད་མོ་ལྟ་རྒྱུ་མེད། །རྐྱང་ཕྲུག་འོ་མས་འགྲངས་པས་བསམ་རླག་ཡིན། །སྤྱང་ཕྲུག་ཤ་ཡིས་བརྒྱགས་པ་འབྱུང་པོ་ཡིན། །དེ་ལ་ལྟད་མོ་ལྟ་བ་འབྱུང་པོ་ཡིན། །ལྟོས་ཤིག་ལྟོས་ཤིག་ཡར་ལ་ལྟོས། བདག་གི་སྤྱི་གཙུག་སྟེང་དུ་ལྟོས། །ཞེས་གསུངས་པས། རས་ཆུང་པས། ཡར་ལ་ཟུར་མིག །ཅིག་བལྟས་པས། བླ་མ་བརྒྱུད་པ་དང་བཅས་པ་ཞལ་གཟིགས། བླ་མ་རྗེ་བཙུན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་སྐད་ཅིག་ཀྱང་འདུ་འབྲལ་མེད་ཀྱང་བླ་མ་ཁྱེད་ཀྱི་གྲུབ་རྟགས་བསྟན་པ་ངོ་མཚར་ཆེ་སྟེ། མཁའ་འགྲོའི་ཆོས་སྐོར་ཚོ་མེ་ལ་བསྲེགས་པས་བློ་མ་བདེ། རྐྱང་མ་བུ་ལ་ལྟ་འདོད་ཞུས་པས། ཡང་རྗེ་བཙུན་གྱིས། བུ་ཉོན་དང་གསོན་དང་རས་ཆུང་པ། ཕ་བླ་མའི་སྤྱན་མིག་གཡས་གཡོན་ན། །གདུགས་ཉི་ཟླ་ཟུང་གཅིག་གུར་ཁང་ན། །འཇའ་ཚོན་སྣ་ལྔའི་ཁྱོན་ཐག་འཐེན། །བྱང་སེམས་དཀར་དམར་འོད་ཟེར་འཕྲོས། །སྐྱབས་མཆོག་ལོ་ཙཱ་དེ་ན་བཞུགས། །ཆེ་ན་ངོ་མཚར་དེ་ཆེ་མོད། །རྐྱང་ལ་ངོ་མཚར་ཆེ་རྒྱུ་མེད། །ཅེས་གསུངས་པས་འོད་ཟེར་གྱིས་མཛད་པ་ཇི་ལྟ་བ་བཞིན་མཐོང་། བླ་མའི་མཛད་པ་མཐའ་ཡས་ཀྱང་སེམས་ཅན་ལས་ལས་གྲུབ་པ་འདི་ཀུན་ཀྱང་ཡ་མཚན་ཆེ་སྙམ་པ་ལ། བུ་དེ་ཀུན་སྐུའི་གྲུབ་རྟགས་བསྟན་པ་ཙམ་ཡིན། ད་འདི་ནས་ལྟོས་གསུངས་ནས། ལྗགས་ཀྱི་སྟེང་དུ་གསུང་གི་གྲུབ་རྟགས་ལ། ཤེལ་གྱི་མཆོད་རྟེན་རྩེ་དགུ་པ་སྣང་ལ་རང་བཞིན་མེད་པ་འོད་དང་ཐིག་ལེའི་གུར་ཕུབ་པ་ཞིག་བསྟན་པ་དེ་ལ་མ་དང་མཁའ་འགྲོས་ཕྱག་འཚལ། ལྷ་སྲིན་སྡེ་བརྒྱད་ཀྱི་སྐོར་བ་བྱེད་པ་ཞིག་བསྟན་ནས་མགུར་འདི་གསུངས་སོ། །བུ་གཅིག་ཉོན་དང་རས་ཆུང་པ། །ཕ་བླ་མ་བཞུགས་པའི་ལྗགས་དཀྱིལ་ན། །ཤེལ་གྱི་མཆོད་རྟེན་རྩེ་དགུ་པ། །སྣང་ལ་རང་བཞིན་མེད་པར་གསལ། །ཕྱི་ནས་བལྟས་ན་ནང་ཡང་གསལ། །ནང་ནས་བལྟས་ན་ཕྱི་ཡང་གསལ། །ཕྱི་ནང་གསལ་བའི་ཆོས་ཀྱི་སྐུ། །དེ་ལ་སྔོན་པོ་གཡུ་ཡི་ཁ་བད་བཏང་། །དཀར་པོ་དུང་གི་མཎྜྻལ་བཀོད། །འཇའ་འོད་གུར་ཁང་ཐིག་ལེའི་ནང་། །ཡི་གེ་རང་སྒྲ་མཆོད་པའི་དབྱངས། །མ་དང་མཁའ་འགྲོས་བསྐོར་བ་བྱེད། །ལྷ་སྲིན་སྡེ་བརྒྱད་ཕྱག་ཀྱང་འཚལ། །ཁྱོད་དག་པའི་སྙན་པ་བརྗོད་ཤེས་ན། །ཆོས་རྣམས་རང་གིས་ངག་ལ་གྲགས། །ཁ་ནས་གང་སྨྲས་ཆོས་ཀྱི་སྒྲ། །ངག་ལ་ནུས་པ་ཐོན་ཅིག་རས་ཆུང་པ། ཁྱོད་ལྟད་མོ་དང་གཟིགས་མོ་འདི་ལ་ལྟོས། །རྐྱང་ལ་ཡ་མཚན་ཆེ་རྒྱུ་མེད། །རྐྱང་མ་བུ་དུད་འགྲོ་ཤ་སྒྱེ་ཡིན། །སྤྱང་མོ་ཤ་ཟན་སྲིན་མོ་ཡིན། །དེ་ལ་ལྟ་བ་ཡི་མུག་ཡིན། །ལྟོས་ཤིག་ལྟོས་ཤིག་ཡར་ལ་ལྟོས། །བུ་བདག་གི་ལྗགས་ཀྱི་སྟེང་དུ་ལྟོས། །ཞེས་གསུངས་པས་དེ་ཡང་ཇི་ལྟ་བ་བཞིན་མཐོང་། བླ་མའི་འཕྲིན་ལས་བསམ་གྱིས་མི་ཁྱབ། ཁྱད་པར་གསུང་གི་རྣམ་འཕྲུལ་བརྗོད་ཀྱིས་མི་ལག་ཀྱང་། དཔེ་ཆ་བསྲེག་པ་ལ་ཡིད་ཏུང་ངེ་ཐེག་པས། བླ་མའི་ཞལ་ནས། བུ་ཁྱོད་ཀྱིས་བྱེ་མ་ལ་སྣག་བཙིར་བ་ཅིག་སྣང་། ངས་ལྟད་མོ་ཞིག་སྟོན་གསུངས་ནས་གྲི་གུག་གཅིག་གིས་ཐུགས་ཀ་ནས་བཤགས་ཀྱི་བཤགས་ནས་ཕྱག་གཉིས་ཀྱི་ཕ་ཡར་བརྒྱངས་པར་མཛད་དེ་གྱེས་རྡོར་སྤྲུལ་པའི་ལྷ་དགུའི་དཀྱིལ་འཁོར་གསལ་བར་གར་དང་གར་སྟབས་ཁྲིག་གེ་བ་བསྟན་ནས་མགུར་འདི་གསུངས་སོ། །བུ་ཅིག་ཉོན་དང་རས་ཆུང་པ། །ཕ་རྗེ་བཙུན་བཞུགས་པའི་ཐུགས་ཁ་ནས། །དགྱེས་རྡོར་སྤྲུལ་པའི་ལྷ་དགུ་རྣམས། །ཅུང་ཟད་མ་རིག་རིག་ལ་ཁད། །དཔའ་བོའི་གཡས་གྲལ་གཡས་ནས་བྱ། །དཔའ་མོའི་གཡོན་གྲལ་གཡོན་ནས་བྱས། །འཇའ་ཡི་གུར་ཕུབ་ལྟ་བུར་བཞུགས། །ལས་ཀྱི་མཁའ་འགྲོས་ལག་བདེ་བྱེད། ཁྱེད་རང་ལུས་ལྷ་སྐུར་བསྒོམ་ཤེས་ན། །དོན་གསལ་འགྲིབ་མེད་པར་དངོས་སུ་འཆར། །ཐ་མར་ལུས་པོ་འཇའ་ལུས་འགྲུབ། །བསྐྱེད་རིམ་ལུས་ལ་སྒོམས་ཤིག་རས་ཆུང་པ། །བུ་ལྟད་མོ་དང་གཟིགས་མོ་འདི་ལ་གྱིས། །རྐྱང་ལ་ངོ་མཚར་ཆེ་རྒྱུ་མེད། །རྐྱང་སྨད་གླན་པ་ཤ་རྐྱལ་ཡིན། །སྤྱང་སྨད་སྡིག་པ་རོ་སྦྲེལ་ཡིན། །དེ་ལ་ལྟ་བ་རྔོན་པ་ཡིན། །ལྟོས་ཤིག་ལྟོས་ཤིག་ཚུར་ལ་ལྟོས། །བདག་གི་སྙིང་གའི་ནང་དུ་ལྟོས། །ཞེས་གསུངས་ནས། ཐུགས་ཀྱི་གྲུབ་རྟགས་སུ་བསྟན་ཙ། རས་ཆུང་པས། བླ་མ་ལགས། གྲུབ་རྟགས་གཅིག་དང་གཉིས་ལ་ཁྱད་པར་མེད། །རྩྭ་ཁུར་བ་ལ་ཟོར་བས་ཡང་ལྗི་དང་འདྲ། སྣང་བ་དུམ་པ་མ་ཞིག་མ་བདེ་ཞུས་པས། བུ་ཁྱོད་ལོག་ལྟ་རེ་ཆེ་གསུངས་ནས་མགུར་འདི་གསུངས་སོ། །བུ་གཅིག་ཉོན་དང་རས་ཆུང་པ། །ཕ་རྗེ་བཙུན་བཞུགས་པའི་སྐུ་སྨད་ན། །མ་དང་མཁའ་འགྲོའི་ཚོགས་འཁོར་བསྐོར། །སེམས་དཔའ་བཅུ་དང་སེམས་མ་བཅུ། སྒོ་བ་བཞི་དང་སྒོ་མ་བཞི། །དུར་ཁྲོད་ཆས་བརྒྱད་ཚང་བར་བཞུགས། །ཟབ་མོ་ཚོགས་ཀྱི་འཁོར་ལོ་ལ། །ལས་ཀྱི་མཁའ་འགྲོས་ཕྱག་བདེ་བྱེད། །བུ་ལྟད་མོ་ལྟ་ན་དེ་ལ་ལྟོས། གཟིག་མོ་མཛད་ན་དེ་ལ་མཛོད། །བུ་རྐྱང་ལ་ཡ་མཚན་ཆེ་རྒྱུ་མེད། དེ་སྐད་ཅེས་གསུངས་ནས་སྤྲུལ་པ་མཛད་ཀྱང་། ཁོ་དད་པར་མ་གྱུར་ནས་བླ་མ་འདི་འདི་ཙམ་གྱིས་མིག་འཕྲུལ་བསླབ་འདུག་བསམ་པས། ཡང་རྗེ་བཙུན་གྱིས་མདའ་མ་ཀི་ན་ཕ་བོང་ཆེན་པོ་ཞིག་ཡོད་པ་དེ་མགར་བ་གང་གིས་ཀྱང་གསེ་མ་ཐུབ་པ་ཡོད་པ་དེའི་སྟེང་དུ་འཕུར་ནས་བྱོན་ཏེ། ཟན་བཞིན་དུ་བཅད། ཆུ་བཞིན་དུ་ཕྱར། རྫས་བཞིན་དུ་རྫི་མཛད་ཅིང་མགུར་འདི་གསུངས་སོ། །བུ་གཅིག་གསོན་དང་རས་ཆུང་པ། །བྲག་ལིང་པ་མཐིལ་གྱི་ཐང་ཤེད་ན། རྡོ་ལིང་པ་ཐང་གི་ཐང་དཀྱིལ་ན། །ལྕགས་ཀྱི་ཕ་བོང་གཡག་ཤད་ཙམ། མགར་ཐོ་ཐོགས་བརྒྱ་ཡི་ཆོག་པ་མེད། །སྦུད་ཐོགས་བརྒྱ་ཡིས་ཞུ་ས་མེད། །ངས་འདམ་ལྟར་རྫི་ན་འདི་ལྟར་རྫི། །ཟན་ལྟར་གཅོད་ན་འདི་ལྟར་གཅོད། ཆུ་ལྟར་ཕྱར་ན་འདི་ལྟར་ཕྱར། །ཁྱོད་སྣང་བ་ལ་ཞེན་པ་ལོག་ཤེས་ན། །མི་འདོད་བཞིན་འདོད་དགུ་ཆར་ལྟར་འབེབས། །གང་དགོས་ཀྱི་ལོངས་སྤྱོད་གཏེར་ཁ་ཕྱེ། །བུ་སྣང་བ་འགྱུར་ཅིག་རས་ཆུང་པ། །ཁྱོད་ལྟད་མོ་དང་གཟིགས་མོ་འདི་ལ་མཛོད། །རྐྱང་ལ་འདི་ཡིན་རྩྭ་ཙམ་མེད། རྐྱང་དང་རི་དྭགས་སྡིག་ཅན་ཟས། །སྤྱང་ཁུ་གཅན་གཟན་ལས་ངན་ལུས། །དེ་ལ་ལྟ་བ་སྡིག་པ་ཡིན། །ལྟོས་ཤིག་ལྟོས་ཤིག་བདག་གི་ལུས་ལ་ལྟོས། །ཞེས་གསུངས་ནས། ཡོན་ཏན་གྱི་གྲུབ་རྟགས་སུ་བསྟན་ཙ། རས་ཆུང་པས། ཁྱེད་རང་ལུས་ཀྱི་བཀོད་པ་གཅིག་མི་དགོས། །བརྒྱ་མཛད་ཀྱང་དབང་ཆེ། །རྐྱང་མ་བུ་ལ་བུད་ནས་ཐལ་བས་མི་ལྟ་སྟེ། སེམས་འདི་ཡེ་ནས་འགྱུར་མི་ཐུབ་པར་འདུག་པས། ཅི་དྲག་ནས་ཟེར་བས། བླ་མ་རྗེ་བཙུན་གྱི་རས་ཀྱི་ན་བཟའ་ལ་གཤོག་པ་མཛད་ནས། ནམ་མཁའ་ལ་འཕུར་ནས་ཇེ་མཐོ་ཇེ་མཐོ་ལ་སོང་ནས་མགུར་འདི་གསུངས་སོ། །བུ་ཅིག་གསན་དང་རས་ཆུང་པ། །མཆོང་ལུང་བྲག་དམར་ཁྱུང་གི་རྫོང་། །སྔར་ཡང་མི་ནི་འཕུར་མ་མྱོང་། །ད་ཡང་མི་ནི་འཕུར་མི་སྲིད། །བྱ་རྒོད་པོ་འཕུར་ཡང་གཤོག་རྩེ་འདར། །བྱ་ཕྲན་འཕུར་ན་ལྟག་པ་འཆག །ང་མི་ལ་འཕུར་ན་འདི་ལྟར་འཕུར། །ང་བྱ་ལྟར་ལྡིང་ན་འདི་ལྟར་ལྡིང་། །ཁྱུང་ལྟར་འཕྱོ་ན་འདི་ལྟར་འཕྱོ། །ཁྱོད་རྟེན་འབྲེལ་ལུས་ཀྱི་རྫུ་འཕྲུལ། །དབང་བསྐུར་དང་འཁོར་འདས་བསྲེ་ཤེས་ན། །བདག་དང་གཞན་ལ་གཉིས་སུ་མེད། །བུ་རང་རྒྱུད་སྦྱོངས་ཤིག་རས་ཆུང་པ། །ཁྱོད་ལྟད་མོ་དང་གཟིགས་མོ་འདི་ལ་ལྟོས། །རྐྱང་ལ་ལྟས་པས་ཅི་ལ་ཕན། །རྐྱང་ནི་རི་ཡི་འབྱུང་པོ་ཡིན། །སྤྱང་ཁུ་ལས་ཀྱི་ཤན་པ་ཡིན། །དེ་ལ་ལྟ་བ་ཡི་དྭགས་ཡིན། །ལྟོས་ཤིག་ནམ་མཁའི་དབྱིངས་སུ་ལྟོས། །ཞེས་གསུངས་པས། རས་ཆུང་པས། ནམ་མཁའ་ལ་བལྟས་པས། །བླ་མ་མི་རིག་ལ་ཁད་དུ་ཇེ་མཐོ་ལ་སོང་ནས། ཨེ་ཤེས་ཕ་བླ་མ་མཁའ་སྤྱོད་དུ་འགྲོ་བ་རེད། ང་དེ་རིང་ཅི་རེད་ན་དགོངས་ཏེ་ཧ་ལས་ནས་རང་དབང་མེད་པའི་དད་པ་སྐྱེས་ནས་མཆི་མ་མང་པོ་བྱུང་ནས་ངས་བླ་མ་གར་སོང་ཡང་མི་རྙེད་པ་ཨེ་མ་ཡིན་བསམ་པ་ལ། ཡང་བླ་མ་རྗེ་བཙུན་ནམ་མཁའ་ལ་བྱོན་ནས་མགུར་འདི་གསུངས་སོ། །བུ་གཅིག་གསོན་དང་རས་ཆུང་པ། །སྲ་མོའི་ཤིང་དང་གྱོང་པོའི་རྭ། བཀུག་ན་འདི་ཉིད་ཁུག་ཚོད་འདུག་སྟེ། །རང་སེམས་གྱོང་པོ་འདི་ལ་ཁུག་དུས་མེད། རང་སེམས་གྱོང་པོ་ཁུག་ཅིག་རས་ཆུང་པ། །ལྷོ་ཁའི་སྟག་དང་བྱང་ཁའི་འབྲོང་། །བཏུལ་ན་འདི་གཉིས་ཀྱང་ཐུལ་ཚོད་གདའ་སྟེ། །བདག་འཛིན་དྲེགས་པ་འདི་ལ་ཐུལ་དུས་མེད། །བདག་འཛིན་དྲེགས་པ་ཐུལ་ཅིག་རས་ཆུང་པ། ཆོས་ཐོས་པ་དང་བསམ་པ་བསྒོམ་པ་གསུམ། །བསླབ་ན་འདི་གསུམ་ཡང་ལོབ་ཚོད་གདའ་སྟེ། །རང་སེམས་དངོས་པོ་འདི་ལ་རྟོགས་དུས་མེད། །སེམས་ཉིད་སྟོང་པ་སྒོམས་ཤིག་རས་ཆུང་པ། །དྲིན་གྱི་ཕ་མ་བྱམས་པའི་གཉེན། །བསྐྱུར་ན་འདི་གཉིས་ཀྱང་བསྐྱུར་ཚོད་གདའ་སྟེ། གཤིས་ངན་རང་བདེ་འདི་ལ་སྒྱུར་དུས་མེད། །ཁ་གཤིས་ངན་པ་བསྐྱུར་ཅིག་རས་ཆུང་པ། །ཕ་ཡུལ་གྱི་མཁར་དང་རེའུ་ལུག་ནོར། །སྤངས་ན་འདི་གཉིས་ཀྱང་སྤངས་ཚོད་གདའ་སྟེ། །སྐྱིད་འདོད་སོ་གསོད་འདི་ལ་སྤངས་དུས་མེད། །ཡང་ཡེངས་འགྱུ་དལ་སྤོངས་ཤིག་རས་ཆུང་པ། འཁྱོར་པོའི་གོས་དང་མཛེས་པའི་གྲོགས། །སྤངས་ན་འདི་གཉིས་སྤང་ཚོད་གདའ་སྟེ། །མལ་བདེ་དྲོ་འཇམ་འདི་ལ་སྤངས་དུས་མེད། །གཏིང་མུག་དྲོ་ཉལ་སྤོངས་ཤིག་རས་ཆུང་པ། །ཕ་རིའི་རི་དང་ཚུ་རིའི་བྲག །གཟད་ན་འདི་གཉིས་ཀྱང་ཟད་ཚོད་གདའ་སྟེ། སྲེད་པའི་ཞེ་འདོད་འདི་ལ་འཛད་དུས་མེད། །སྲེད་པ་ནང་ནས་ཟོད་ཅིག་རས་ཆུང་པ། རྒྱལ་པོའི་ལུང་དང་བཙུན་མོའི་ཚིག །ཞུས་ན་འདི་གཉིས་ཀྱང་གནང་ཚོད་གདའ་སྟེ། །འཆི་བདག་གཤིན་རྗེ་འདི་ལ་ཞུ་ས་མེད། །འཆི་བ་ལམ་དུ་སློངས་ཤིག་རས་ཆུང་པ། །ཁྱོད་རང་རྒྱུད་ངན་པའི་སྣང་བ་ཟློག །སྤྱོད་པ་ངན་པའི་རྣམ་འགྱུར་ཞོག །ཞེ་སྡང་རྩུབ་མོའི་བསམ་པ་སྤོངས། །ཞེས་གསུངས་ནས་མཆོང་ལུང་གི་བྲག་གསེབ་བྱ་མིན་པ་མི་ཐོན་པ་ཞིག་ཏུ་བྱོན་ནས་གར་ཡོད་ཀྱང་མི་མཐོང་བར་འདུག་པས། རས་ཆུང་པའི་དགོངས་པ་ལ་དེ་རིང་བླ་མས་གྲུབ་རྟགས་དེ་ཚན་ཞིག་བསྟན་པ་ལ། ང་སྣང་བ་ལོག་རུང་ལ་བསྡད་པ་དེ་སྡིག་པའི་ལས་ངན་པ་ཞིག་གིས་ཟིན་པས། ད་ངས་བླ་མ་ཡང་མ་མཐོང་བས་བྲག་འདི་ལ་ཤི་བ་ཞིག་བྱེད་དགོས་དགོངས་ནས་བྲག་ལ་ལྕིབས་པའི་དོད་ལ་དེ་རིང་མི་རུང་བ་བྱས་པས། རྗེ་བཙུན་གྱི་བཀའ་ཡི་ཆད་པས་ཤི་བར་གྱུར་ཅིག །བསམ་པའི་བློ་ཐེ་ཚོམ་མེད་པར་དད་པ་རང་དབང་མེད་པར་སྐྱེས་པས། སྐད་ཆེན་པོའི་འོ་དོད་བོས་ནས། རྗེ་བཙུན་ང་ཅི་བྱེད་ན་བྱས་ནས་འཛེག་པ་ལ། ཕྱད་ཕྱོད་སོང་བའི་སྣང་བ་ལ། མཆོང་ལུང་གི་རྩེ་ལ་བྲག་ཕུག་བདེ་མོ་ཞིག་རང་འགྲུབ་དུ་འདུག་པའི་ནང་དུ་རྗེ་བཙུན་གང་ཡིན་མི་ཤེས་པའི་སྐུ་གསུམ་སྤྲུལ་ནས་འདུག་པས་གཡས་གཡོན་གཉིས་ཀྱིས་རམ་འདེགས་ཚུལ་དུ་མཛད། དབུས་མས་དཔོན་གྱི་ཚུལ་དུ་མཛད་ནས་མགུར་འདི་རས་ཆུང་པ་ལ་གསུངས་སོ། །བུ་གཅིག་གསོན་དང་རས་ཆུང་པ། རྗེ་བཙུན་གཅིག་ལ་རྗེ་བཙུན་གཉིས། །རྗེ་བཙུན་གཉིས་ལ་རྗེ་བཙུན་གསུམ། །རྣམ་འཕྲུལ་གསུམ་དུ་བཞུགས་པ་ལ། །ཕྱག་མཆོད་པ་འབུལ་ན་གང་དུ་འབུལ། །བསྙུན་དྲི་རྨེད་བྱེད་ན་གང་ལ་བྱེད། །སྡིག་བཤགས་ཀྱི་བཤགས་ཡུལ་གང་ལ་བྱེད། །རྒྱུད་སྡོམ་པའི་ལེན་ཡུལ་གང་ལ་བྱེད། །བརྡ་ཟབ་མོའི་དབང་བསྐུར་གང་ལ་ཞུ། །དོན་ཟབ་མོའི་ངོ་སྤྲོད་གང་ལ་ཞུ། །སྐྱབས་ཟབ་མོའི་གསོལ་བ་གང་ལ་འདེབས། །བློ་རེ་བའི་ཟབ་མོ་གང་ལ་བཅའ། །བུ་སྤྲུལ་བསྒྱུར་ལུས་ཀྱི་བཀོད་པ་ལ། །དད་པ་སྐྱེས་ན་ཁོང་ཡུས་ཤོད། །བློ་ལོག་བདུད་ཀྱི་བར་ཆོད་ལ། །འགྱོད་པ་སྐྱེས་ན་དྲང་པོར་སྨྲོས། །སྤྱོད་ངན་གཤིན་རྗེའི་ལག་རྟགས་ལ། འཇིགས་པ་སྐྱེས་ན་མྱུར་དུ་སྤོངས། །ཞེས་གསུངས་པས། རས་ཆུང་པས་མགུར་འདི་ཡར་ཕུལ་བར་གདའོ། །བྲག་དཀར་རྟ་སོ་དབུ་མའི་རྫོང་། །དབུ་མ་རྫོང་གི་ནང་ཤེད་ན། །ཕ་རྗེ་བཙུན་གསུམ་དུ་བཞུགས་པ་ལ། །ཕྱག་མཆོད་པ་འབུལ་ན་དབུས་མར་འབུལ། །དབང་གདམས་ངག་ཞུས་ན་དབུས་མར་ཞུ། །གཡས་པ་ཆོས་སྐུ་སྐྱེ་བ་མེད། །གཡོན་པ་ཅི་ཡང་སྤྲུལ་པའི་སྐུ། །དབུས་མ་ལོངས་སྐུ་ཉིད་ལ་ཞུ། །ཞེས་ཞུས་པས། གཡས་གཡོན་གྱི་སྐུ་གཉིས་པོ་དབུས་མ་ལ་ཐིམ་ནས་གཅིག་ཏུ་གྱུར་དང་། བྲག་ཕུག་དང་བླ་མ་མཐོང་སྣང་བཞིན་དུ་སོང་ནས་དཔེ་ཆ་བསྲེགས་པའི་ཐལ་བའི་རྩ་ན་ཡབ་སྲས་གཉིས་རང་འདུག་པས། རྗེ་བཙུན་གྱི་ཞལ་ནས། ངས་དེ་རིང་གྲུབ་རྟགས་དེ་ཙམ་ཞིག་བསྟན་པ་ལ་ཁྱོད་སྣང་ལོག་བྱས་ནས་སྣང་བ་སྐད་ཅིག་ཀྱང་འགྱུར་དུ་མ་གཏུབ་པ་དེ་ཤིན་ཏུ་མ་བཟང་། ལར་ཆོས་འདི་ཤིན་ཏུ་དཀའ་བར་འདུག །ཁྱོད་གདམས་ངག་ཚུལ་དུ་བཏང་ཙ། ངན་སྔགས་ཁྱེར་ནས་བྱུང་། ཁྱོད་ལ་མཐུ་ངན་སྔགས་མཁན་ཞིག་འོང་གིས་དོགས། མཐུ་ང་བས་ཆེ་བ་མེད་དེ། ངས་སྡིག་པ་མ་བྱང་བས་དཀའ་ལས་ཆེན་པོ་ལ་གཏད། ལར་མཐུ་བྱེད་པའི་མི་རྣམས་ཚེ་འདི་པ་སྐྱབས་ཡིན། དེ་བས་ང་ཡི་གླུ་འདི་ཉོན་གསུངས་ནས་མགུར་འདི་གསུངས་སོ། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་པ། ཁྱེད་གདམས་ངག་ལེན་དུ་བཏང་བ་ལ། །དཔེ་ཆ་འདི་ཡི་མང་ལུགས་ཀྱི། །ཁྱོད་གཞུང་བཤད་མཁན་གཅིག་བྱུང་གིས་དོགས། །ཁྱོད་ལྟ་རྟོག་རང་གི་སེམས་ལ་གྱིས། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་པ། །སྒོམ་ཆེན་སྟན་རྡོལ་རེ་བ་ལ། །བཤད་པ་འདི་ཡི་མང་ལུགས་ཀྱི། སྟོན་ཆེན་ལྷམ་རྡོལ་ཅིག་བྱུང་གིས་དོགས། །ཁྱོད་ལྟ་རྟོག་རང་གི་སེམས་ལ་གྱིས། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་པ། །ཁྱོད་གཅིག་ཤེས་ཀུན་གྲོལ་ཅིག་རེ་བ་ལ། །ཐ་སྙད་འདི་ཡི་མང་ལུགས་ཀྱི། །ཀུན་ཤེས་གཅིག་སྡུག་ཅིག་བྱུང་གིས་དོགས། །ཁྱོད་ལྟ་རྟོག་རང་གི་སེམས་ལ་གྱིས། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་པ། །ཁྱོད་དམ་ཆོས་འཚོལ་དུ་བཏང་བ། །སྒྲུབ་ཡིག་འདི་ཡི་མང་ལུགས་ཀྱི། །རྒྱུད་ཆགས་སྡང་མཁན་གཅིག་བྱུང་གིས་དོགས། །ཁྱོད་ལྟ་རྟོག་རང་གི་སེམས་ལ་གྱིས། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་པ། །ཁྱོད་འཚོལ་དུ་བཏང་བའི་གདམས་ངག་རྣམས། འཕུར་ནི་བྲག་གི་གསེབ་ལ་ཡོད། །ད་ལྟ་མཁའ་འགྲོའི་ཕྱག་ཏུ་བསྣམས། །ཁྱོད་གསོལ་བ་ཐོབ་དང་འབྱོན་ཏེ་མཆིས། །མཐུ་གཏད་ལ་སོགས་ངན་སྔགས་རྣམས། །ཞུགས་ན་འབར་བའི་མེ་ལ་བསྲེགས། །བཅོམ་ལྡན་མེ་ལྷའི་ཞལ་དུ་ཕུལ། །བུ་ཞེ་སྡང་མ་ཆེ་རང་རྒྱུད་སྲེག །སྡུག་བསྔལ་མ་བྱེད་ལུས་སེམས་ཀློད། །སེམས་རང་ལུགས་སུ་གཉེན་པས་ལྷན་ནེ་བརྟན་ཅེས་གསུངས་པས། རས་ཆུང་པས་ཨེ་བདེན་བསམ་ནས་གསོལ་བ་བཏབ་པས། ལུས་མེད་མཁའ་འགྲོའི་ཆོས་སྐོར་རྣམས་ཚང་བར་པང་དུ་ལིང་ངེ་བྱུང་བ་དང་། རས་ཆུང་པས་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་ནས་རང་དབང་མེད་པའི་མོས་གུས་སྐྱེས་ཏེ་ངས་དེ་སྔ་བླ་མའི་ཞབས་ཏོག་ལོ་བཅུ་དྲུག་བྱས། ད་ཡང་ལོ་བཅུ་དྲུག་གིས་ཞབས་ཏོག་བྱེད་ཟེར་བའི་དམ་བཅའ་ཡང་ཕུལ་ཞིང་། དེ་ཕྱིས་ནས་མོས་གུས་འདུ་འབྲལ་མེད་པ་སྐྱེས་སོ། །དེ་ནས་བླ་མ་རྗེ་བཙུན་དང་དཔོན་སློབ་གཉིས་རི་ཁྲོད་འགྲིམ་ཞིང་ཉམས་མྱོང་སྐྱོང་བ་ལ། གཏུམ་མོའི་ཡོན་ཏན་ནི་སྐྱེས། ཕྱག་རྒྱ་ཆེན་པོའི་རྟོགས་པ་མ་ཤར་བ་ལ་བླ་མའི་ཐུགས་དགོངས་ལ། རས་ཆུང་པ་འདི་ལ་ཐ་སྙད་ཀྱི་བླ་མ་འགའ་རེ་ཡོད་ཀྱང་། ངོ་སྤྲོད་ཀྱི་བླ་མ་མེད། ང་གཅིག་ཆར་པའི་ངོ་སྤྲོད་ཀྱི་བླ་མ་ཡིན་ཀྱང་མོས་གུས་མ་སྐྱེས་པས་ལེན། དེ་རིང་རང་ལ་ཁོ་ཡིད་ཆེས་པར་བྱ་བའི་ཕྱིར་སྤྲུལ་པ་ཅིག་སྟོན་དགོས་དགོངས་ཏེ། རས་ཆུང་པ་སྐྱོ་སངས་ལ་འགྲོ་འདོད་པ་ཅིག་བྱུང་སྟེ་སོང་བ་ལ། སྟོད་ནེའུ་ཐང་ཆེན་པོ་ཞིག་གི་དཀྱིལ་ན་རྐྱང་ཅིག་ལ་ཕྲུ་གུ་གཅིག་སྐྱེས་ནས་ལུས་པོ་ཕྲུ་མ་དང་མ་བྲལ་བར་མ་ཡི་ཕྱིར་འབྲང་ཞིང་འདུག་པ་ལ། སྤྱང་ཀི་ཅིག་བྱུང་བས་རྐྱང་ཕྲུག་ལ་ཚ་རག་རྒྱུག །རྐྱང་མས་ཀྱང་སྤྱང་ཀི་བདས་དེ་རང་ཉི་མ་ལ་ལྟད་མོ་ངོ་མཚར་སྐྱེས་ཏེ། འདི་ནི་སློབ་དཔོན་ལ་ལེན་མོ་ཟློ་དགོས་སྙམ་ནས་དྲུང་དུ་འོང་ཙ་ན། སློབ་དཔོན་སྐུ་གཟི་མདངས་སྐྱིལ་ཀྲུང་བཅས་ནས་སྣང་། སློབ་དཔོན་གྱི་མདུན་དུ་བསྡད་ནས་ལེན་མོ་ཟློ་རྒྱུ་རྣམས་ཚུར་ལ་གསུངས་པ། བུ་རས་ཆུང་པ་ཤེས་པ་ཡུལ་ལ་མ་ཡེངས་པར་སེམས་ལ་ལྟོས། དུད་འགྲོ་ལ་ལ་སྐྱེས་ནས་ཀྱུ་བ་དེ་ཕལ་གྱི་ཆོས་ཉིད་ཡིན་པས། ཁྱོད་ང་ཡི་གླུ་དང་ལུས་ཀྱི་བཀོད་པ་འདི་ལ་ལྟོས་གསུངས་ནས། རྗེ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཆང་གི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་ཡིས། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བུ་ཅེར་རེ་གསོན་དང་རས་ཆུང་པ། །རྐྱང་ལ་ངོ་མཚར་ཆེ་རྒྱུ་མེད། །ཕ་རྗེ་བཙུན་སྤྱི་བོའི་ཡང་སྟེང་ན། །ཉི་མའི་དཀྱིལ་འཁོར་གདུགས་ཤིག་འཁྱིལ། །རྐྱང་ངོ་མཚར་ཆེ་ན་དེ་ཆེ་མོད། །ཕ་རྗེ་བཙུན་དཔྲལ་བའི་སུམ་མདོ་ན། །གསེར་གྱི་མཆོད་རྟེན་ཁྲུ་གང་པ། །འོད་ཟེར་སྟོང་ཕྲག་ཕྱོགས་བཅུར་འཕྲོ། །རྐྱང་ངོ་མཚར་ཆེ་ན་དེ་ཆེ་མོད། །ཕ་རྗེ་བཙུན་ཐུགས་ཀྱི་དཀྱིལ་འཁོར་ནས། །ཡི་དམ་ལྷ་ཡི་དཀྱིལ་འཁོར་བཀྲ། །རྐྱང་ངོ་མཚར་ཆེ་ན་དེ་ཆེ་མོད། །ཕ་རྗེ་བཙུན་རས་གོས་ནང་ཕྱོགས་ན། །ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་བཀྲ། །རྐྱང་ངོ་མཚར་ཆེ་ན་དེ་ཆེ་མོད། །ཕ་རྗེ་བཙུན་ལྟེ་བའི་དཀྱིལ་འཁོར་ན། །གནས་ཉི་ཤུ་རྩ་བཞི་མཁའ་འགྲོ་རྣམས། །ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་ཡོད། །རྐྱང་ངོ་མཚར་ཆེ་ན་དེ་ཆེ་མོད། བྲག་ལོང་ཕ་བོང་གུར་དཀར་ཙམ། །མགར་ཐོ་ཐོགས་སྟོང་གིས་མ་ཤིགས་པ། །ང་རྗེ་བཙུན་ཞབས་ཏིས་འདི་ལྟར་གསེ། །རྐྱང་ངོ་མཚར་ཆེ་ན་དེ་ཆེ་མོད། །བྲག་དམར་སྤོ་མཐོན་ནམ་མཁའ་རྫོང་། །བྱ་རྒོད་པོ་ཕུར་ཡང་གླད་ཡུ་འཁོར། །ཕ་རས་པས་བགྲོད་ན་འདི་ལྟར་འགྲོ། །ཕ་རྗེ་བཙུན་སྤྲུལ་སྐུ་གསུམ་དུ་བཀོད། །ཁྱོད་ལྷ་ཕྱག་འཚལ་ན་གང་ལ་འཚལ། །བསྐོར་བ་ཅིག་བྱེད་ན་གང་ལ་བྱེད། གདམས་ངག་ཅིག་ཞུ་ན་གང་ལ་ཞུ། །ཞེས་གསུངས་པས། རས་ཆུང་པས་ཀྱང་བླ་མས་ཇི་ལྟར་གསུངས་པ་བཞིན་རིམ་པར་མཐོང་སྣང་རེ་རེ་མཐོང་ཙ་ན་དད་གུས་སིང་སིང་པ་རྒྱུད་ལ་སྐྱེས་ཤིང་། ཕྱི་ཏ་རེས་སྐུ་ཡི་བཀོད་པ་གང་ལ་ཡང་ཕྱག་འཚལ་བ་དང་། གདམས་ངག་ཞུ་བ་ངོ་མ་ཤེས་ཏེ། དུས་དེ་སྐད་ཅིག་མ་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐད་ཅིག་དེ་ཉིད་ལ་ཐུགས་ལ་འཁྲུངས་པ་ཡིན་སྐད། དེ་ནི་ཐམས་ཅད་རྐྱང་མགུར་གྱི་སྐོར་རོ།། །།དེ་ནས་རས་ཆུང་པས་རྒྱ་གར་ནས་ཕེབས་ཤིང་སྣེ་ལེན་ལ། ཚོགས་འཁོར་ཞིག་མཛད་ནས་མཉེས་མཉེས་མཛད་ཅིང་། གསུང་གླེང་མང་དུ་མཛད་པ་ལ། འབྲི་སྒོམ་དང་། སེ་བེན་གཉིས་ལ་ཆོས་གཏམ་གྱིས་གསུངས་པས། རས་ཆུང་བ་རྒྱ་གར་ནས་བྱོན་པའི་མཁས་པ་ཡིན་པས་གཏམ་མ་ནུས། རྗེ་བཙུན་གྱི་རས་ཆུང་པ་ཁོང་གཉིས་སྤོབས་པ་ཞེན་ཟིན། ཁྱེད་རང་རས་ཆུང་པ་རྒྱ་གར་ནས་གདམས་ངག་འོང་ནས་བོད་དུ་རྩོད་པ་ཇི་ལྟར་ཟློག་བལྟ་གསུངས་པས། རས་ཆུང་པས། ཐ་སྙད་ཚིག་གིས་བརྒོལ་བ་ལ་ཟློག་ཅིག་མི་འདུག །ཚིག་སྒྲ་བཅད་པས་འདི་ཡིན་མེད། གཞན་གྱི་རྒོལ་བ་ཟློག་ན་འདི་ལྟར་ཟློག །ཞུས་ནས་མགུར་འདི་ཕུལ་ལོ། །ང་ཡི་བརྒྱུད་པ་རྡོ་རྗེ་འཆང་ཆེན་གྱིས། །རྒྱུད་ངན་ཆད་པའི་རྩོད་པ་ཟློག །བླ་མ་སངས་རྒྱས་རས་པ་ཡིས། །འདོད་ལྡན་བླ་མའི་རྒོལ་བ་ཟློག །གདམས་ངག་ཐབས་ལམ་སྙན་བརྒྱུད་ཀྱི། བློས་བྱས་བདུད་ཀྱི་རྒོལ་བ་ཟློག །རོ་སྙོམས་ཕྱིའི་མེ་ལོང་གིས། །སྐྱོན་ཅན་ལྐུགས་པ་མཐའ་ནས་ཕུད། །བདེན་ཚིག་གསུང་གི་རིན་ཆེན་གྱིས། །རྣམ་རྟོག་ཡེ་ཤེས་མེ་ལ་བསྲེག །རྩ་རླུང་དྲ་མིག་འཁོར་ལོ་ཡིས། །བྱིང་རྒོད་ཧད་པོ་མེད་པར་བྱེད། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཡིས། །རྒོལ་ངན་ངར་འཛིན་འགོང་པོ་འདུལ། །རིག་པ་ཡེ་ཤེས་སྒྲོན་མེ་ཡིས། །སྙོམས་ལས་མ་རིག་མུན་པ་སེལ། །སྤྱོད་པ་ཆུ་ལ་རལ་གྲི་ཡིས། ཆོས་བརྒྱད་མདུད་པ་རང་སར་གྲོལ། །ཅེས་ཞུས་པས། རྗེ་བཙུན་མཉེས་ཏེ། ཁྱོད་ཀྱི་རྩོད་པ་ཟློག་ལུགས་ཡག །མིང་ཡང་རྩོད་པ་ཟློག་པའི་རིན་ཆེན་བྱ་བར་ཐོགས་གསུངས་སོ། །ལར་ཁྱོད་ཀྱི་གདམས་ངག་གི་གནད་དེ་ལྟར་ཤེས་པ་ལ། ལྟ་སྒོམ་སྤྱོད་པའི་གནད་འདི་རྣམས་གལ་ཆེ་གསུངས་ནས་མགུར་འདི་གསུངས་སོ། །ལྟ་བ་སྟོང་པའི་ཡེ་ཤེས་ཡིན། སྒོམ་པ་འོད་གསལ་འཛིན་མེད་ཡིན། །སྤྱོད་པ་ཆགས་མེད་རྒྱུན་ཞིག་ཡིན། །འབྲས་བུ་དྲི་མེད་གཅེར་བུ་ཡིན། །ལྟ་བ་སྟོང་པའི་ཡེ་ཤེས་དེ། །ཁ་ལྟ་རྐྱང་པར་འཆོར་ཉེན་གདའ། །དོན་ལ་ངེས་ཤེས་མ་སྐྱེས་ན། །ཁ་ལྟས་བདག་འཛིན་གྲོལ་བ་མེད། དེ་ལ་ངེས་ཤེས་དག་པ་སྐྱེས། །སྒོམ་པ་འཛིན་མེད་འོད་གསལ་དེ། །གནས་པ་རྐྱང་པར་འཆོར་ཉེན་གདའ། །ཡེ་ཤེས་ནང་ནས་མ་ཤར་ན། །གནས་པ་འཐུག་ཀྱང་ཕན་པ་ཆུང་། །བྱིང་རྒོད་ལ་ཡེ་ཤེས་མི་སྐྱེ་བས། །དེས་ན་མ་སྤངས་དྲན་པ་གཅེས། །སྤྱོད་པ་ཆགས་མེད་རྒྱུན་ཞིག་དེ། །ཐོ་ཅོ་རྐྱང་པར་འཆོར་ཉན་གདའ། །ལྟ་སྒོམ་གྲོགས་སུ་མ་ཤར་ན། བརཏལ་ཞུགས་སྤྱད་ཀྱང་ཕན་པ་ཆུང་། །དེས་ན་ཞེན་པ་བྲལ་བ་གཅེས། འབྲས་བུ་དྲི་མེད་གཅེར་བུ་དེ། མཚན་མའི་ན་བཟའ་གསོལ་ཉེན་གདའ། །འཁྲུལ་པ་ནང་ནས་མ་ཞིག་ན། །བརྩོན་འགྲུས་བྱས་ཀྱང་ཕན་པ་ཆུང་། །དེས་ན་འཁྲུལ་པ་ཞིག་པ་གཅེས། །ལྟ་བ་སེམས་ཀྱི་གཅོད་པ་ཡིན། སྒོམ་པ་སེམས་ཀྱི་བརྒྱང་ཤིང་ཡིན། །དམ་ཚིག་སེམས་ཀྱི་གཉའ་གནོན་ཡིན། །མན་ངག་སེམས་ཀྱི་ལྡེའུ་མིག་ཡིན། །ཞེས་གསུངས་པས། རས་ཆུང་པ་ངེས་ཤེས་སྐྱེས་ནས་དེ་ནུབ་གཟིམས་པའི་རྨི་ལམ་ན། མཁའ་འགྲོ་མ་མང་པོ་བྱུང་ནས་མགུར་མང་པོ་གསུང་ཞིང་འདུག་པ་ལ། རང་དབང་མེད་པར་ཉན་ཅིང་བསྡད་པ་ལ་ལན་རེ་རྗེ་བཙུན་ཡིན་དུ་ཡང་གོ རྗེ་བཙུན་གྱི་མགུར་འདི་གསུངས་པས། དེས་རྐྱེན་བྱས་ཏེ་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་གསུངས་སོ། །བུ་གཅིག་གསོན་དང་རས་ཆུང་པ། །འཁོར་འདས་རྐྱེན་ལས་རག་ལས་པས། །བླ་མ་དམ་པ་བརྟེན་ནུས་ན། །འབད་མེད་ཡོན་ཏན་ཤུགས་ལས་འབྱུང་། །བུ་གཅིག་གསོན་དང་རས་ཆུང་པ། ཁྱོད་ཡུལ་ལ་ཆགས་སེམས་སྤོང་ནུས་ན། །རི་ཁྲོད་དགོན་པ་འགྲིམ་ནུས་ན། རྩོལ་མེད་དངོས་གྲུབ་ཤུགས་ལས་འབྱུང་། །བུ་གཅིག་གསོན་དང་རས་ཆུང་པ། །ལས་ངན་འཛིན་པའི་རྩ་བ་ཅན། །ནོར་ལ་ཆགས་སེམས་སྤངས་ནས་ཀྱང་། །ཆགས་མེད་ཞེན་མེད་བྱེད་ནུས་ན། །བདེ་ཆེན་ལམ་སྣ་ཤུགས་ལས་འབྱུང་། །བུ་གཅིག་གསོན་དང་རས་ཆུང་པ། འཁོར་བར་སྐྱེ་བའི་རྩ་བ་ཅན། །བུ་ཚའི་འཁྲི་བ་གཅོད་ནུས་ཤིང་། །རང་ཉིད་གཅིག་པུར་སྡོད་ཟུག་ན། །ཞིང་ཁམས་རྣམ་དག་ཤུགས་ལས་འབྱུང་། །བུ་གཅིག་གསོན་དང་རས་ཆུང་པ། །ད་ལྟ་དམ་ཆོས་དར་ལགས་ཀྱང་། །ཆོས་འདྲ་མིན་མང་པོ་བསྲེ་བསླད་བྱས། །བླ་མ་སློབ་དཔོན་བྱེད་མི་མང་། །ཁ་བཟང་འདོད་གཏམ་ཆགས་པ་སྨྲ། །བརྒྱུད་པ་བཟང་དགུ་འདོམས་ཤིག་ཕ་ཡི་བུ། །བུ་གཅིག་གསོན་དང་རས་ཆུང་པ། །སྙིང་ནས་དམ་ཆོས་མཛད་དགོངས་ན། །ཆོས་ཉོན་མོངས་གཉེན་པོར་འགྲོ་དགོས་པས། ཁ་བཤད་ཀྱི་ངོས་ལྐོག་མ་ཆེ་བར། །ཞེ་ཕུག་གིས་སྐྱིད་འདོད་ཕྲ ལ་བ་གཅེས། །བུ་གཅིག་གསོན་དང་རས་ཆུང་པ། །འབྲས་བུ་སངས་རྒྱས་ཐོབ་འདོད་ན། །ཚེ་འདི་ཡི་བདེ་སྐྱིད་མ་བསམ་པར། །རང་སེམས་རྩ་བ་མ་ཤོར་བར། །སྒོམ་པ་རྒྱུད་ལ་བརྟན་ན་ཨང་། །ཞེས་གསུངས་པས་གཉིད་སད་པ་དང་། དགའ་ཡ་ལེ་ཚིག་རྣམས་མ་བརྗེད་པར་འདུག་པས་དེ་ཕྱིན་ཆོས་དང་རྒྱུད་བསྲེས་པས་དུམ་པ་འདྲེས་ཐུབ་པ་བྱུང་སྐད་དོ། །དེ་རྣམས་མཆོང་ལུང་གི་སྐོར་རོ།། །།


previousརྩོད་པས་མི་རྫི་བའི་ཡོན་ཏན།next