Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།

1 occurrence of འར་བ་
[Clear Hits]


  
  
  
 
  
  
  
  
  
  
  
  
ལྷ་ཡི་ལྷར་གྱུར་པའི་ཡོན་ཏན།
  
  
  
  
  


1 occurrence of འར་བ་
[Clear Hits]

 
previousལྷ་ཡི་ལྷར་གྱུར་པའི་ཡོན་ཏན།next

ལྷ་ཡི་ལྷར་གྱུར་པའི་ཡོན་ཏན།

དེ་ནས་བཅུ་གཉིས་པ་ལྷ་ཡི་ལྷར་གྱུར་པའི་ཡོན་ཏན་ནི། རྗེ་བཙུན་འོམ་ཆུང་དཔལ་གྱི་ནགས་སུ་བཞུགས་པའི་དུས་སུ། དབྱར་ཁ་ཞིག་ལ་ཆར་པ་མ་བབ་པས་ཆུ་དཀོན་མོ་བྱུང་ནས་ཆུ་བཅད་དེ་ཡོན་བདག་རྣམས་འཁྲུག་པ་བྱུང་བས་གང་གིས་བསྡུམ་ཡང་འདུན་མ་མ་དུམ་པ་ལ་གཙོ་བོ་ཅིག་ན་རེ། འོ་སྐོལ་ཚོས་འཁྲུག་པ་དེ་སུས་བསྡུམ་ཡང་མི་དུམ་པ། ལྷ་འདྲེ་འཁྲུག་པ་ཡིན་ལས་ཆེ། ད་འདུན་མ་འདི་རྗེ་བཙུན་ལ་ཞུས་ན་འོང་ཟེར་ནས་གཙོ་བོ་བདུན་རྗེ་བཙུན་གྱི་སྤྱན་སྔར་སོང་ནས་ཞུས་པས། བླ་མས་ངས་འཇིག་རྟེན་གྱི་འདུན་མ་མི་ཤེས། ཁ་མཁས་ལྕེ་བདེའི་ཡ་བོ་མི་འོང་ཁྱོད་རང་ཚོ་དེར་སྡོད་དང་། ངས་བླ་མ་ལ་གསོལ་བ་ཞིག་འདེབས་གསུངས་ནས། ཆོས་འགལ་ཉེས་པ་རྒྱུ་བདུན་ལ་གཉན་པོ་རིམ་པ་བདུན་གྱི་མགུར་འདི་གསུངས་སོ། །ཡོན་ཏན་ཕུན་ཚོགས་དཔལ་གྱི་རི། །དགོས་འདོད་ཐམས་ཅད་འབྱུང་བའི་གནས། །སྒྲ་སྒྱུར་ལོ་ཙཱ་ཆེན་པོ་ཡི། །ཞབས་ལ་སྒོ་གསུམ་གུས་པས་བསྟོད། །སྤྱི་པ་བར་པ་གྲོས་འདེབས་གསུམ། །ཕྱོགས་རིས་ཟུག་རྔུ་སྐྱེ་བའི་རྒྱུ། །ཕྱོགས་རིས་རང་ས་ཟིན་འདོད་ན། །གཉེར་མེད་ལྐུགས་པ་མཁྱེན་ལགས་སམ། །ཕ་ཡུལ་དང་ནོར་རྫས་གཉེན་འབྲེལ་གསུམ། །ཁམས་གསུམ་འཁོར་བ་འཁྱམས་པའི་རྒྱུ། །སྡུག་བསྔལ་ཆུ་བོ་སྒྲོལ་འདོད་ན། །འཁྲི་བ་བཙན་གཅོད་མཁྱེན་ལགས་སམ། །རང་འདོད་དང་གཡོ་སྒྱུ་ཟོལ་ཟོག་གསུམ། །ངན་སོང་གསུམ་དུ་ལྟུང་བའི་རྒྱུ། །མཐོ་རིས་ཐར་ལམ་ཐོབ་འདོད་ན། །རང་སེམས་དྲང་པོར་མཁྱེན་ལགས་སམ། །བཤད་པ་འཆད་ཉན་སྒྲོགས་གླེང་གསུམ། །ང་རྒྱལ་ཕྲག་དོག་སྐྱེ་བའི་རྒྱུ། །དམ་ཆོས་ཉམས་སུ་ལེན་འདོད་ན། །དམན་ས་འཛིན་པ་མཁྱེན་ལགས་སམ། །ཐབ་ཀ་དང་ལས་ཀ་ངོ་སྲུང་གསུམ། རྣལ་འབྱོར་བསམ་གཏན་བཤིག་པའི་རྒྱུ། །གཉུག་མའི་ཡེ་ཤེས་སྐྱོང་འདོད་ན། །ཁྲེལ་མེད་འདོད་ཆུང་མཁྱེན་ལགས་སམ། །དཔོན་དང་གཡོག་དང་སློབ་རས་གསུམ། །གཡེང་བ་སེམས་བསྲལ་སྐྱེ་བའི་རྒྱུ། །གཅིག་པུར་ཉམས་སུ་ལེན་འདོད་ན། །མཐུ་དང་ནུས་པ་ཐོ་ཅོ་གསུམ། །རྣལ་འབྱོར་རང་སྲོག་སྐྱེལ་བའི་རྒྱུ། །དམ་ཆོས་མཐའ་རུ་འདོན་འདོད་ན། །འཇོལ་མོའི་རྣམ་ཐར་མཁྱེན་ལགས་སམ། །ཆོས་འགལ་ཉེས་པ་རྒྱུ་བདུན་ལ། །གཉེན་པོ་རིམ་པ་བདུན་གྱི་དབྱངས། །ཉམས་ལ་ཤར་ནས་བླངས་པ་ཡིན། །དགེ་བས་བྱང་ཆུབ་ཐོབ་པར་ཤོག །ཅེས་གསུངས་པས། དེ་ནུབ་གསོལ་བ་ཆེན་པོ་བཏབ་པས། ཆར་ཞག་བདུན་བབས་ནས་འཁྲུག་པ་ཐམས་ཅད་རང་ཞི་ལ་སོང་། དེར་གཙོ་བོ་རྣམས་དགའ་ནས་རྗེ་བཙུན་ལ་རྟ་ཡི་སྲབ་མདའ་གོས་ཡུག་ལ་བྱས་ནས་དྲིན་ལན་དུ་ཕུལ་བ་མ་བཞེས་ཏེ། བལ་པོའི་ཀ་ཏེའི་ཕུག་ཏུ་བྲོས་ནས་བྱོན་ཏེ་བཞུགས་ཙ། ཁུ་ཁོམ་དང་ཡེ་རང་གི་རྒྱལ་ས་ཆོས་རྒྱལ་ཅིག་བཞུགས་པའི་མནལ་ལམ་དུ། འཕགས་མ་སྒྲོལ་མས་ལུང་བསྟན་ཏེ་འདི་སྐད་གསུངས། ཀ་ཏེའི་ཕུག་གི་ནགས་ཁྲོད་དུ། །ཞི་བའི་ལམ་སྟོན་ཞི་བའི་དཔལ། བཟང་པོའི་ལམ་སྟོན་བཞད་པ་བཞུགས། །འགྲོ་བ་སྐྱོབ་པ་གཅིག་པུ་གཞོལ། །དེ་ལ་རས་འདི་འབུལ་བར་རིག །རྣམ་པར་རྒྱལ་བ་གཅིག་པུ་ཉིད། །བཞད་པ་ཡིན་གྱི་དཔང་པོ་ང་། །མི་བསླུ་བས་ན་སྨན་པའི་མཆོག །ཅེས་གསུངས་ནས། ཁྱོད་ཀྱི་མཛོད་ན་ཡོད་པའི་ཀ་ཤི་ཀའི་རས་ཡུག་དེ་དང་། ཨ་རུ་རྣམ་རྒྱལ་དེ་གཉིས་བལ་པོ་ཀ་ཏེའི་ཕུག་ལ་མི་ལ་རས་པ་བཞུགས་ཡོད་པ་ལ་ཕུལ་ཟེར་བ་རྨིས་པས། རྒྱལ་པོས་ཨེ་བཞུགས་ལྟ་རུ་བཏང་བས་བཞུགས་འདུག་པ་དང་ཕུལ་བས་རས་དེ་སྐུ་ལ་གསོལ། ཨ་རུ་རས་སྤྱན་ཕྱེ་ཞིང་ཡོད་ཙ། རས་ཆུང་པ་སླེབ་བྱུང་བས། བླ་མ་ལགས། སྔར་མེད་པའི་ན་བཟའ་དང་། སྨན་མཆོག་འདི་ཅི་ལགས་ཞུས་པས། ལྷ་ཡི་ལྷར་གྱུར་པའི་མགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་རླབས་དངོས་གྲུབ་ཤར། འོམ་ཆུང་དཔལ་གྱི་ནགས་འདབ་ཏུ། །ང་བོད་ཀྱི་རྣལ་འབྱོར་བསྒོམ་པའི་དུས། །དུས་སྙིགས་མའི་སེམས་ཅན་འཁྲུག་པ་ཤོར། །ངས་བྱམས་དང་སྙིང་རྗེས་གསོལ་བཏབ་པས། །འཁྲུགས་པ་རྩོད་མེད་རང་སར་ཞི། །ཁོང་དྲིན་ལེན་སྐྱེལ་བའི་མི་བདུན་བྱུང་། །ངས་ཟང་ཟིང་བསོད་ནམས་མི་འདོད་པས། །བལ་པོ་ཀ་ཏེའི་ཕུག་ཏུ་འོང་། །མི་ཡི་བདག་པོ་རིགས་ཀྱི་རྗེ། །ཡེ་རང་ཁུ་ཁོམ་རྒྱལ་ས་ན། །བཅོམ་ལྡན་འཕགས་མས་ཉེར་བཟུང་བའི། །རྒྱལ་པོ་ཆོས་ཀྱི་སྤྱན་ཅན་གྱིས། །ང་བོད་ཀྱི་མི་ལ་རས་པ་ལ། །ཤིང་བལ་དཀར་འཇམ་རས་གོ་ཕུལ། །གཏུམ་མོ་ལྷུན་གྲུབ་གྲོགས་སུ་བསྐུར། །རྣམ་རྒྱལ་མཆོག་གི་ཨ་རུ་ར། །འབྱུང་བ་ནད་ཀྱི་གཉེན་པོར་བསྐུར། །ལྷ་ཡི་ལྷར་གྱུར་ཡུལ་ཕྱོགས་འདིར། །ཀུན་ཏུ་ལོ་བདུན་ནད་དང་བྲལ། །ཞེས་གསུང་པ་དང་། རས་ཆུང་པས། ཨ་ལ་ལ་ཏེ་ཚོགས་སུ་ཆེ་ཟེར། ཡང་སྙེ་ནམ་དུ་འབྱོན་པར་ཞུ་ཞེས་ཞུས་པས། དེའི་ལེན་དུ་མགུར་འདི་གསུངས་སོ། །བུ་གཅིག་གསོན་དང་རས་ཆུང་པ། །མི་མེད་ལུང་པའི་རི་ཁྲོད་འདི། །ཕ་བླ་མ་བཞུགས་པའི་གདན་ས་ཡིན། །ཏུང་ཏུང་ཏུང་གི་འདོད་ཞུས་འདི། །སྒོམ་ཆེན་སྡུག་ཐུག་རྟགས་མཚན་ཡིན། །གྲྭ་པ་བུ་སློབ་ཨེ་མང་དེ། །དགེ་སྦྱོར་སྤུར་བའི་དཀྲུགས་ཤིང་ཡིན། །མི་ངན་ཟ་འདོད་ཀྱི་སློབ་མ་དེ། །ཁ་མཆུ་འཕོག་པ་བསྙད་ཚོལ་ཡིན། །ཟ་འདོད་དབང་གི་ཆོ་ག་དེ། །མ་མཁའ་འགྲོ་འཁྲུགས་པའི་ཚག་རྡོ་ཡིན། །ཁ་ལེན་མང་པོའི་ཟ་མ་དེ། །སྡུག་བསྔལ་འཁྲུགས་པའི་ཞི་མ་ཡིན། །གཞན་ཟས་གཤིན་པོའི་ཟ་མ་དེ། །དགེ་སྦྱོར་བསྒྲུབ་པའི་བཙན་དུག་ཡིན། །བུ་རང་ཟས་ཕྱེ་ཐང་ཚ་མོ་འདི། །དགེ་སྦྱོར་གསོ་བའི་སྨན་མཆོག་ཡིན། །ཆོས་ལ་སྡུག་བསྒྲུར་བྱེད་པ་འདི། །སྐྱིད་དང་འཕྲད་པའི་བསྐུལ་མ་ཡིན། །ཡེང་མེད་རྒྱུན་དུ་བསྒོམ་པ་དེ། །བསྐལ་པ་བཟང་པོས་ཟིན་པ་ཡིན། །བྱམས་དང་སྙིང་རྗེ་བསྒོམས་པ་དེ། །སྔོན་ནས་བསོད་ནམས་བསགས་པ་ཡིན། །མཚན་ལྡན་བླ་མ་རྙེད་པ་དེ། །འབྲེལ་པ་གོང་ནས་སོང་བ་ཡིན། །ཆོས་རྒྱལ་འཕགས་པས་མཆོད་པ་དེ། །བྱང་སེམས་ནང་དུ་བརྟན་པ་ཡིན། །མཐོང་ཐོས་ཐམས་ཅད་དད་པ་ཡིན། །རྟོགས་པ་སྙིང་རྗེ་རྒྱས་པ་ཡིན། །ཡིན་ལུགས་ཤེས་པའི་གླུ་དབྱངས་འདི། །དངོས་གྲུབ་གཏེར་ཁ་ཕྱེད་བ་ཡིན། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་པ། །སྐྱིས་ཕྱེད་དེ་མཛོད་ལ་ལྷ་ཆོས་མཛོད། །ཅེས་གསུངས་སོ། །དེ་ཐམས་ཅད་འོམ་ཆུང་ནགས་འདབ་མ་ཡི་སྐོར་རོ།། །།དེ་ནས་རྗེ་བཙུན་བཙན་གྱི་བྲིན་པོ་ནས། རས་ཆུང་པ་དང་དཔོན་སློབ་གཉིས་དྲོད་ཕུག་ན་བྱོན་ནས་བཞུགས་ཙ། དིང་རི་ན་རྒྱ་གར་ནག་ཆུང་། ལ་སྟོད་ན་གུ་རུ་ཚེམ་ཆེན། བལ་པོ་ན་ཤི་ལ་བྷ་རོ། རྒྱ་གར་ན་དྷརྨ་རཱ་ཛ་སྟེ་གྲུབ་ཐོབ་བཞི་ཡོད་པ་ལ། བོད་ཀྱི་མི་ལ་རས་པ་དང་ལྔ་བཞུགས་པས། ཤི་ལ་བྷ་རོ་དྷརྨ་བོ་དྷིར་བརྫུས་ནས་བོད་དུ་བྱོན་པ་བལ་པོར་སླེབ་པས། བལ་བོད་ཀྱི་མི་མང་པོ་མཇལ་དུ་འགྲོ་ཟེར་བ་ལ་ཆས་འདུག་པ་ལ། རས་ཆུང་པས་འགོས་བྱས་རས་པ་རྣམས་ཀྱང་འགྲོ་བར་སེམས་པས། བླ་མ་ལགས། གྲུབ་ཐོབ་ལ་མཇལ་བ་ལ་རང་རེ་ཡང་གཤེགས་སམ་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་རླབས་གྲུབ་ཐོབ་མང་། །ངོ་མཚར་སངས་རྒྱས་བསྟན་པ་དར། །བདེ་སྐྱིད་འགྲོ་བ་མི་ལ་ཤར། །རྗེ་གྲུབ་ཐོབ་དང་མཇལ་མི་མང་བ་དེ། །སྐལ་ལྡན་འགའ་རེ་འོང་འདོད་ཡིན། དིང་རིའི་རྒྱ་གར་ནག་ཆུང་དང་། །སྟོན་པ་གུ་རུ་ཚེམ་ཆེན་དང་། །བལ་པོ་ཤི་ལ་བྷ་རོ་དང་། །རྒྱ་གར་དྷརྨ་བོ་དྷི་དང་། །གུང་ཐང་མི་ལ་རས་པ་རྣམས། །སེམས་རྣམ་རིག་ཙམ་རེ་གང་ལའང་ཡོད། སྒོམ་རང་མགོ་ཐོན་པ་གང་ལའང་ཡོད། །སེམས་རང་གསལ་སེམས་ངོ་སུས་ཀྱང་ཤེས། །ལུས་སྤྲུལ་བསྒྱུར་ནུས་པ་སུས་ཀྱང་ཤེས། །ངག་རང་བྱུང་གདམས་ངག་ཁོང་ལའང་གསོལ། །སེམས་སྟོང་ཉིད་སྙིང་རྗེ་ངས་ཀྱང་འབྱོངས། །འཕྲལ་ངོ་མཚར་ལྟད་མོ་ཁོང་གིས་སྟོན། །ཞེན་ལོག་དང་སྙིང་རུས་ང་རང་ཆེ། །གཞན་ངེད་ཚོ་ཁྱད་པར་མ་མཆིས་པས། །ང་ད་རེས་མཇལ་དུ་མི་འགྲོ་ཡིས། །བུ་ཁྱོད་རྣམས་མཇལ་དུ་ཅེས་ཀྱང་སོང་། །གཞན་སྐྱོན་ཡོན་ཡོད་པ་མ་ཡིན་ཏེ། །ང་ན་སོ་རྒས་ནས་མ་ཐོན་པས། །དཔལ་ཨོ་རྒྱན་ཡུལ་དུ་མྱུར་དུ་མཇལ། །སེམས་ཐེ་ཚོམ་མི་དགོས་བློ་གདིངས་ཡོད། །ཅེས་གསུངས་པས། རས་ཆུང་པས་ཞུས་པ། སྐྱོན་མེད་ན་མི་རྣམས་ཀྱིས་མི་ལ་རས་པ་མི་འབྱོན་པ་ཆགས་སྡང་རེད་ཟེར་བས། གཤེགས་པ་ཞིག་འཐད་པར་འདུག་ལགས་ཞུས་པའི་ལེན་དུ་མགུར་འདི་གསུངས་སོ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །ཉེས་ལྟུང་དག་པར་བྱིན་གྱིས་རློབས། བུ་མི་ཁ་བྱུར་གྱི་ས་མདའ་ལ། །ཐེ་ཚོམ་ཟོས་ན་རང་ཉིད་འཁོར། །སྒོམ་སྒྲུབ་སྙིང་ནས་བསམ་དུས་སུ། །འགྲོ་འདུག་མང་ན་ལྟ་ཁ་རྡུག །བླ་མ་རྗེ་དང་མཇལ་དུས་སུ། །བཅོལ་མ་མང་ན་ལྷ་ཁ་འཁྲུགས། །གསང་སྔགས་ཟབ་མོའི་ཐབས་ལམ་ལ། །ཡིད་གཉིས་བྱས་ན་འགྲུབ་མི་འགྱུར། །གྲུབ་ཐོབ་བྱིན་རླབས་ཆེ་ལགས་ན། །འཁོར་དཔུང་མང་པོའི་ཚིག་པ་ཟ། །བུ་རས་ཆུང་གྲོགས་མཆེད་ཅེས་ཀྱང་སོང་། །ང་ད་རེས་ཅུང་ཞིག་མི་འགྲོ་ཨང་། །ཞེས་གསུངས་པས། རས་ཆུང་པས་ཞུས་པ། མི་ངན་པས་སྡིག་པ་གསོག་པར་འདུག་པས་ཅིས་ཀྱང་འབྱོན་པར་ཞུ་དང་། ངེད་ཚོ་ལ་ཡང་ཕན་ཞུས་པས། དེ་གོ་དྷརྨ་བོ་དྷིས་ཕྱག་ལེན་དུ་འགྲོ་གསུངས་པས། རས་ཆུང་པ་དགའ་ནས་ད་བླ་མ་འབྱོན་ཙ། གསེར་ཞིག་འབུལ་རྒྱུ་མེད་ན་ངོ་ཚ། རྒྱ་གར་གསེར་ལ་དགའ་བ་ཡིན། ཟེར་བའི་ལེན་དུ་མགུར་འདི་གསུངས་སོ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །བདག་བྱས་ཚད་ཆོས་སུ་འགྱུར་བར་ཤོག །བྱས་ཚད་ཆོས་སུ་མ་ཤར་ན། །སེམས་བྱང་སེམས་རྒྱས་པའི་དོན་མགོ་མེད། །སྒོམ་ཏིང་འཛིན་སྐྱེས་པས་རོགས་མི་འདོད། །སེམས་རང་གྲོལ་བར་བས་རོགས་འདོད་ན། །རྒྱུན་དུ་བསྒོམས་པ་དོན་མགོ་མེད། །ང་མི་ལ་རས་པས་ནོར་མི་འདོད། །མི་ལ་རས་པས་ནོར་བསགས་ན། །བྱ་བ་བཏང་བ་དོན་མགོ་མེད། །དྷརྨ་བོ་དྷིས་གསེར་མི་འདོད། །དྷརྨཱ་བོ་དྷིས་གསེར་འདོད་ན། །གྲུབ་པ་ཐོབ་པའི་དོན་མགོ་མེད། །རས་ཆུང་རྡོར་གྲགས་ཁེ་མི་འདོད། །རས་ཆུང་ཁེ་འདོད་གྲགས་འདོད་ན། །བླ་མ་བསྟེན་པ་དོན་མགོ་མེད། །ཅེས་གསུངས་ཏེ་རས་པ་དཔོན་སློབ་བཞི་ཅུ་ཙམ་བྱོན་པ་ལ། དགོང་མོ་ཁྲོམ་ཆེ་སྒང་གཅིག་ལ་ཕེབས་པས། །ཁྲོམ་རྣམས་ཀྱིས་མི་ལ་རས་པ་བྱོན་ཐལ་ཟེ་བས། དྷརྨཱ་བོ་དྷི་ཁྲི་ལས་བབ་ནས་མི་ལ་རས་པ་ལ་ཕྱག་བྱས་པས་དེ་ལ་ཕྱག་ལེ ན་མ་བྱས་པས་འཁོར་གཅིག་གིས་ཕྱག་ལེན་མི་མཛད་དམ་ཞུས་པས། རྗེ་བཙུན་གྱིས། ཡིད་འོང་བལ་པོའི་རྫོང་གསེབ་ན། བོད་ཀྱི་མི་ལ་རས་པ་ང་། །རྒྱ་གར་བོ་དྷི་རཱ་ཛ་ཡིས། །སྒྱུ་མ་ལུས་ཀྱི་ཕྱག་བྱས་ན། །ཟུང་འཇུག་ཐལ་སྦྱར་པུས་བཙུགས་ནས། །སྐུ་ཁམས་ཕྱག་རྒྱ་ཆེན་པོས་དྲིས། དེ་ལ་ངས་བརྗོད་དུ་མེད་པའི་གྲོང་ཁྱེར་དུ། །རྣལ་འབྱོར་སྐུ་ཁམས་བདེ་བར་མཆི། །གཉིས་སུ་མེད་པའི་དགོན་པ་ན། །རྣལ་འབྱོར་སྐུ་ཁམས་བཟང་ངམ་བྱས། །མི་རྣམས་ཀྱིས་མི་ལ་རས་པ་བཟང་བ་རེད་ཨང་ཟེར་རོ། །དེར་དྷརྨཱ་བཱོ་དྷི་དང་གསུངས་གླེང་བྱས་པས། དྷརྨཱ་བོ་དྷིས་ཁྱེད་རོགས་མི་འདོད་པར་འདུག་ཟེར་བས་ཁྱེད་ལ་གྲོགས་བཟང་པོ་ཇི་ལྟར་ཡོད་གསུངས་པས། རྗེ་མི་ལས། དྷརྨཱ་བོ་དྷི་དཔོན་སློབ་གསུམ། རས་ཆུང་པ་དང་ཁོང་རང་དཔོན་སློབ་གཉིས་དང་ལྔ་མིན་པ་མེད་པའི་གནས་གཅིག་བྱུང་བ་དང་མགུར་འདི་གསུངས་སོ། །བླ་མ་གསང་སྔགས་སྤྲུལ་པའི་སྐུ་ལ་གསོབ་བ་འདེབས། །བཀའ་བརྒྱུད་གྲུབ་ཐོབ་རྣམས་ལ་བྱིན་གྱིས་རློབས། །འདི་རུ་དཔོན་སློབ་ལྔ་བཞུགས་པ། །ཡེ་ཤེས་ལྔ་ཡི་དབྱངས་ལེན་པ། །སྤྲུལ་སྐུ་ལྔ་ཡི་ངོ་མ་ཆོག །རྩ་ཡོན་པོ་ལྔ་པོ་རླུང་གིས་བསྲང་། །རླུང་ལོག་པ་ལྔ་པོ་ལམ་དུ་བསད། །ཁམས་སྙིགས་མ་ལྔ་པོ་མེ་ལ་བསྲེགས། །སེམས་དུག་ཆེན་ལྔ་ཡི་སྡོང་པོ་བསྒྱེལ། །དགྲ་ལས་རླུང་རྣམ་རྟོག་དབུ་མར་བསད། །དགྲ་སྡང་བ་ཐུབ་པའི་དཔའ་བོ་ལ། །རོགས་ངན་པའི་འཁྲི་བཤལ་བྱ་རྒྱུ་མེད། །ཅེས་གསུངས་པས། དྷརྨཱ་བོ་དྷིས་དགྲ་འདུལ་ལུགས་བཟང་། དགྲ་ཐུལ་རྟིང་གཉེན་བཟང་པོ་དགོས་པས། གཉེན་བཟང་པོ་གང་བསྟེན་གསུངས་པ་ལ་མགུར་འདི་གསུངས་སོ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །གྲོགས་ནང་ནས་འཆར་བར་བྱིན་གྱིས་རློབས། །རྩ་དངས་མ་ལྔ་ཡི་ཨ་མ་དེ། །རླུང་དངས་མ་ལྔ་ཡི་ཕ་དང་འཕྲད། །ཁམས་དངས་མ་ང་ཡི་འབྲས་བུ་ལ། །སེམས་དངས་མ་ལ་ལྔ་ཡི་རང་ཞལ་མཐོང་། །འདི་རྒྱལ་ས་ཟིན་པའི་ཁ་པོ་དེ། །ཕོ་བྲང་དབུ་མའི་གཞལ་ཡས་ཁང་། །འཇའ་ས་འཁོར་ལོ་དྲུག་ལ་སྒྲོགས། །སྒྱུ་འཕྲུལ་དྲྭ་བའི་དམག་བསྡུས་པས། ཆད་འཛིན་མེད་པའི་ཁྲིམས་ཀྱིས་མནན། །གང་ཤར་རིག་པའི་རྟེན་འབྲེལ་ལ། །རང་ཤེས་ངོ་སྤྲོད་ཀྱི་གཉེན་དང་མཇལ། །ཁམས་གསུམ་སེམས་ཅན་ཐམས་ཅད་དེ། །བདག་གིས་གཉེན་ཉིད་དེ་ལ་བྱས། །དེ་རྣལ་འབྱོར་ང་ཡི་གཉེན་གྲོགས་ཡིན། །གཉེན་བཟང་བྱང་ཆུབ་སེམས་ཉིད་དང་། །དུས་ནམ་ཡང་འབྲལ་བ་མི་གདའོ། །ཞེས་གསུངས་པས་དྷརྨཱ་བོ་དྷི་མཉེས་ནས། ཁྱེད་རྣལ་འབྱོར་པའི་ཉམས་ལ་བཤད་པས་མི་ལོང་སྟེ། ལྟ་སྒོམ་སྤྱོད་པའི་གནད་འགག་ཇི་ལྟ་བུ་རིགས་གསུངས་པ་ཡང་མགུར་འདི་གསུངས་སོ། །ཡེངས་མེད་སེམས་ལ་ལྟ་ནུས་ན། །ཁ་ལྟ་སྐམ་པོ་ལབ་དོན་མེད། །རང་རིག་ཉམས་དང་འདྲེས་པ་ན། །བླུན་སྒོམ་རོ་ཉལ་འཁྲུལ་པ་ཡིན། །རྟེན་འབྲེལ་འཆར་ཚུལ་ཤེས་པ་ན། །ཆོས་བརྒྱད་སྤྱོད་པ་ཁྲམ་གཞི་ཡིན། །སེམས་ལ་ནོངས་འཁྲེས་མེད་པ་ན། །ཚུལ་འཆོས་ངོ་སྲུང་ཟོག་པོ་ཡིན། འཁོར་འདས་སྐུ་དང་ཡེ་ཤེས་ཏེ། །གྲུབ་འདོད་རྩོལ་བས་སྒྲུབ་པ་མེད། །ཅེས་གསུངས་པས། རྣལ་འབྱོར་པའི་ལྟ་སྒོམ་སྤྱོད་པ་ལེགས་གསུངས་པ་དང་། མི་ལའི་ཞལ་ནས། རང་རེ་ལ་ཡང་སྒོམ་གནད་བཟང་པོ་ཡོད་དམ་གསུངས་པས། དྷརྨཱ་བོ་དྷིས་མགུར་འདི་གསུངས་སོ། །ང་ལྟ་བ་བཟང་པོའི་སྒྲུབ་བརྒྱུད་ཅིག །འདིར་ཚོགས་སྐལ་ལྡན་གསོལ་བ་འདེབས། །ལས་ཀྱི་འབྲེལ་པ་བཟང་པོ་ལ། །མྱུར་དུ་མཇལ་བར་བྱིན་གྱིས་རློབས། རྣམ་རྟོག་བག་ཆགས་མ་ཞི་པའི། །སེམས་ལ་བལྟས་པས་ཅི་ལ་ཕན། བདག་འཛིན་སྐྱིད་འདོད་མ་སྤངས་པས། །ཡུན་དུ་བསྒོམས་པས་ཅི་ལ་ཕན། །འགྲོ་བའི་དོན་ལ་མི་བརྩོན་པའི། །ང་རྒྱལ་སྤྱོད་པས་ཅི་ལ་ཕན། །བླ་མའི་གསུང་ལ་མི་གནས་པའི། །དགའ་དུས་ཨ་རྒུན་ཅི་ལ་ཕན། །རང་སེམས་དཔང་པོ་མི་འཇོག་པའི། །ངོ་ལྐོག་གཡོ་སྒྱུ་ཁྲེལ་གྱི་གཞི། །འབྲས་བུ་ཁོ་ཐོན་མང་བྱས་ཀྱང་། །བླ་མ་མེད་པར་འགྲུབ་མི་འགྱུར། །ཡིན་ལུགས་བཤད་པས་གནོང་ལ་འཕོག །འཁྲུག་པ་བྱས་ན་ཕུང་གཞི་ཡིན། །ཁ་རོག་བསྡད་པས་གདམས་ངག་ཟབ། །ཁྱོད་བོད་ཀྱི་རྣལ་འབྱོར་དབྱངས་ལ་སྙན། །ང་གླུ་དབྱངས་མཁས་པ་མི་ཤེས་ཏེ། །སྤྲོ་བ་སྐྱེས་ནས་བླངས་པ་ལགས། །དཔལ་བདེ་བ་རྒྱལ་པོའི་ཞིང་ཁམས་སུ། །དབྱངས་ལེན་པར་སྤྲོ་ན་མྱུར་དུ་བྱོན། །ཞེས་གསུངས་ནས་མཉེས་པའི་གསུང་གླེང་མང་དུ་མཛད་དེ་དྷརྨཱ་བོ་དྷི་ཕར་ལ་བྱོན། མི་ལ་དཔོན་སློབ་སྙེ་ནམ་ཕུག་ཏུ་བྱོན་པ་ལ་ཡོན་བདག་རྣམས་མཇལ་དུ་འོང་ནས། དྷརྨཱ་བོ་དྷི་དང་མཇལ་ལུགས་དྲིས་པས་དེའི་ལེན་དུ་མགུར་འདི་གསུངས་སོ། །དགུང་ཉི་ཟླ་མཇལ་བས་འགྲོ་བ་གསལ། །མ་བུ་འཕྲད་པས་གདུང་སེམས་ཞི། །དབྱར་སྤང་མཇལ་བས་རྩི་ཐོག་རྒྱས། །ངེད་གྲུབ་ཐོབ་མཇལ་བས་རྒྱལ་ཁམས་བདེ། །བལ་པོ་རྫོང་གི་ནང་གསེབ་ཏུ། །དྷརྨཱ་བོ་དྷི་ཕྱག་ཕེབས་པས། །མི་ལ་རས་པ་མཇལ་དུ་སོང་། །ཁོང་དྷརྨཱ་བོ་དྷི་སྐུ་བཞེངས་ནས། །མི་ལ་ང་ལ་ཕྱག་བྱས་པས། །ཁྲོམ་གྱི་མི་རྣམས་ཐེ་ཚོམ་ཟོས། །ཁོང་སྒྱུ་མ་ལུས་ཀྱི་ཕྱག་རྒྱ་ཡིས། །ཟུང་འཇུག་ཐལ་སྦྱར་པུས་མོ་བཙུགས། །བསྙུན་དྲི་སྨྲས་ཆོས་ཀྱི་དབྱིངས་སུ་བྱས། །ལེན་ནི་ཕྱག་རྒྱ་ཆེན་པོས་བཏབ། །གཉིས་མེད་དག་པའི་དགོན་པ་ན། །འོད་གསལ་བརྗེད་མེད་གསུང་གླེང་བྱས། །སྨོན་ལམ་བཟང་པོའི་འབྲེལ་པ་དེ། །སྔོན་རྒྱལ་བའི་རིང་ནས་ཡོད་པ་ཡིན། །ངེད་གྲོགས་མཆེད་མཇལ་འཕྲད་མཛད་པ་དེ། །རྒྱལ་ཁམས་ཡོངས་ལ་གྲགས་པ་ཡིན། །ཞེས་གསུངས་སོ། །དེ་ཐམས་ཅད་བལ་ཡུལ་ནགས་མའི་སྐོར་རོ། ། ༈ དེ་ནས་ཡང་རེ་ཞིག་གི་ཚེ། རྗེ་བཙུན་མི་ལ་རས་པ་དཔལ་མོ་དཔལ་ཐང་ན་བྱོན་པའི་ཚེ། ཚོང་པ་འགའ་ཞིག་དང་འཕྲད་པས་རྣལ་འབྱོར་པ་ཁྱོད་རྒྱ་ཁམས་འགྲིམས་པ་ལ་གྲོགས་ཡོད་དམ་མེད་ཟེར་བ་ལ། དེའི་དུས་སུ་གྲོགས་བཟང་པོ་ཉི་ཤུ་རྩ་གཅིག་ཡོད་གསུངས་ནས་མགུར་བཞེངས་པ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐལ་ལྡན་བདག་ལ་བྱིན་གྱིས་རློབས། །ང་རྣལ་འབྱོར་རྒྱལ་ཁམས་འགྲིམ་པ་ལ། །གྲོགས་བཟང་པོ་ཉི་ཤུ་རྩ་གཅིག་ཡོད། །བླ་མ་རིན་པོ་ཆེ་དང་རྩ་གཉིས་ཡོད། །རྣལ་འབྱོར་རང་དང་རྩ་གསུམ་ཡོད། །དད་པ་དང་བརྩོན་འགྲུས་ཤེས་རབ་གསུམ། །ལྷ་ཆོས་བྱེད་པའི་གྲོགས་སུ་བཟང་། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །རྒྱབ་བརྟེན་བྱེད་པའི་གྲོགས་སུ་བཟང་། །འདུལ་བ་མདོ་སྡེ་མངོན་པ་གསུམ། །སློབ་གཉེར་བྱེད་པའི་གྲོགས་སུ་བཟང་། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །དངོས་གྲུབ་ཞུ་བའི་གྲོགས་སུ་བཟང་། །རྩ་དང་རླུང་དང་ཐིག་ལེ་གསུམ། །ཉམས་ལེན་བྱེད་པའི་གྲོགས་སུ་བཟང་། ལྟ་བ་སྒོམ་པ་སྤྱོད་པ་གསུམ། །སངས་ཆུང་རྒྱ་བའི་གྲོགས་སུ་བཟང་། །དཀའ་ཐུབ་བཅུད་ལེན་ཆུ་འཐུང་གསུམ། །རི་ཁྲོད་འགྲིམ་པའི་གྲོགས་སུ་བཟང་། །དེར་ཡང་གདམས་ངག་ལེའུ་གཅིག་ཐལ། །ད་རུང་གདམས་ངག་དབྱངས་སུ་ལེན། །རྩ་གསུམ་གྲོགས་དང་འགྲོགས་འགྲོགས་ནས། །སྐྱེལ་མ་ངང་གིས་བརྗེད་ནས་ཐལ། །མེ་ཆ་རྣོན་པོ་འཛིན་འཛིན་ནས། །ཁྱིམ་མཚེས་ངང་གིས་བརྗོད་ནས་ཐལ། །གཅིག་པུར་རི་ཁྲོད་འགྲིམས་འགྲིམ་ནས། །གྲོང་ཡུལ་ངང་གིས་བརྗེད་ནས་ཐལ། །རྟག་ཏུ་བག་ཡངས་སྡོད་སྡོད་ནས། །ངོ་ཚ་ངང་གིས་བརྗེས་ནས་ཐལ། །དཔོན་མེད་གཡོག་མེད་སྡོད་སྡོད་ནས། །ཞེས་ས་ངང་གིས་བརྗེད་ནས་ཐལ། །མེ་སྒྲ་འོང་གིས་འཇག་ཁྱིམ་ནས། །རླུང་སྒྲ་འོང་གི་སྦྲ་ཁྱིམ་པ། །ཆུ་སྒྲ་འོང་གིས་ས་ཁྱིམ་པ། །འཆི་བ་འོང་ངོ་སྐྱེས་བུ་ཀུན། མི་ལུས་ཐོབ་ནས་ཆོས་ཡོད་དགོས། །མི་ལུས་ཐོབ་ནས་ཆོས་མེད་ན། །བྱོལ་སོང་གི་རྩམ་པ་འགམ་པ་འདྲ། །དེར་ཡང་གདམས་ངག་ལེའུ་གཅིག་ཐལ། །ད་རུང་གདམས་ངག་དབྱངས་སུ་ལེན། །ནམ་སྲོད་ལ་དབང་པོ་གཞི་ལ་བཞག །དབང་པོ་གཞི་ལ་བཞག་ཙམ་ན། །མར་མེ་རླུང་གིས་མ་བསྐྱོད་འདྲ། །སེམས་གསལ་འགྲིབ་མེད་པའི་གདམས་ངག་བདོག །ནམ་གུང་ལ་ཤེས་པ་བུམ་པར་བཅུག །ཤེས་པ་བུམ་པར་བཅུག་ཙམ་ན། མཁར་གཞོང་ནང་གི་རུ་སྦལ་བཞིན། །སེམས་ཕྲག་ཕྲིག་མེད་པའི་གདམས་ངག་བདོག །ནམ་ཐོ་རངས་ལ་རང་སེམས་གསལ་ཅིག་འདེབས། །སེམས་ལ་གསལ་ཅིག་འདེབས་ཙ་ན། །དངུལ་དཀར་མེ་ལོང་ཕྱིས་པ་ལྟར། །སེམས་འོད་གསལ་ཆེན་པོའི་གདམས་ངག་བདོག །དེར་ཡང་གདམས་ངག་ལེའུ་གཅིག་ཐལ། །ད་རུང་གདམས་ངག་དབྱངས་སུ་ལེན། །ཕོ་རབ་ཅིག་ལ་ཆོས་ཤིག་དགོས། །ཕོ་རབ་ཅིག་ལ་ཆོས་མེད་ན། །གངས་སྟོད་ཀྱི་སེང་གེ་དཀར་མོ་འདྲ། །ཁོ་ལ་ཤི་བའི་དུས་ཤིག་བྱུང་ཙམ་ན། །དཔལ་རྩལ་ཆེ་ཡང་དོན་མགོ་ཆུང་། །ཕོ་འབྲིང་ཅིག་ལ་ཆོས་ཤིག་དགོས། །ཕོ་འབྲིང་ཅིག་ལ་ཆོས་མེད་ན། །སྡེ་པའི་གླང་བུ་རོལ་ཞུགས་འདྲ། །ཁོ་ལ་ཤི་བའི་དུས་བྱུང་ཙམ་ན། །རོ་ཆེན་ཅིག་བྱུང་ཡང་དོན་མགོ་ཆུང་། །ཕོ་ཐ་མ་ཅིག་ལ་ཆོས་ཤིག་དགོས། །ཕོ་ཐ་མ་ཅིག་ལ་ཆོས་མེད་ན། །ཚོང་པའི་བུ་ཆུང་ལམ་ཞུགས་འདྲ། །ཁོ་ལ་ཤི་བའི་དུས་ཤིག་བྱུང་ཙ་ན། །སྡུག་བསྲན་ཆེ་ཡང་དོན་མགོ་ཆུང་། །དེར་ཡང་གདམས་ངག་ལེའུ་གཅིག་ཐལ། །ད་རུང་གདམས་ངག་དབྱངས་སུ་ལེན། །མོ་རབ་ཅིག་ལ་ཆོས་ཤིག་དགོས། །མོ་རབ་ཅིག་ལ་ཆོས་མེད་ན། །རྨ་བྱའི་མདོངས་ལ་ལྟ་དང་མཚུངས། །མོ་ལ་ཤི་བའི་དུས་ཤིག་བྱུང་ཙ་ན། །ཁ་དོག་ལེགས་ཀྱང་དོན་མགོ་ཆུང་། །མོ་འབྲིང་ཅིག་ལ་ཆོས་ཤིག་དགོས། །མི་འབྲིང་ཅིག་ལ་ཆོས་མེད་ན། །རྩིག་གསེབ་ཀྱི་བྱི་བ་ཚང་ཉལ་འདྲ། །མོ་ལ་ཤི་བའི་དུས་ཤིག་བྱུང་ཙ་ན། །གསོག་འཇོག་རེམ་ཡང་དོན་མགོ་ཆུང་། །མོ་ཐ་མ་ཅིག་ལ་ཆོས་ཤིག་དགོས། །མོ་ཐ་མ་ཅིག་ལ་ཆོས་མེད་ན། །སྒོ་རྒྱབ་ཀྱི་ཁྱི་མོ་ཚང་མ་འདྲ། །མོ་ལ་ཤི་བའི་དུས་ཤིག་བྱུང་ཙ་ན། །སྒོ་ཚེ་རེམ་ཡང་དོན་མགོ་ཆུང་། དེར་ཡང་གདམས་ངག་ལེའུ་ཅིག་ཐལ། །ད་རུང་གདམས་ངག་དབྱངས་སུ་ལེན། །བྱ་རྒོད་པོ་རྙི་ལ་མ་ཟིན་ན། །བྲག་སྟོད་གཡང་ལ་བདེ་བདེ་འདྲ། །གཤོག་དྲུག་ལྡེམ་མེ་སྐྱིད་སྐྱིད་འདྲ། །སྐྱིད་སྐྱིད་འདྲ་ནས་འགྱིང་པ་ལགས། །ཤ་རུ་བཅུ་གདོས་ལ་མ་ཟིན་པ། །སྤང་སྟོད་ཡངས་ལ་བདེ་བདེ་འདྲ། །ཤ་རུ་བཅུ་ལྡེམ་མེ་སྐྱིད་སྐྱིད་འདྲ། །ཉ་མོ་རྒྱ་ལ་མ་ཟིན་པ། །མཚོ་སྟོད་ཡངས་ལ་བདེ་བདེ་འདྲ། །གསེར་མིག་ཀྱི་ལེ་སྐྱིད་སྐྱིད་འདྲ། །ཁྱོད་ཡོན་བདག་སེར་སྣས་མ་བཅིངས་དེ། །ཁོང་རྒྱ་ཁང་གི་ནང་དེར་བདེ་བདེ་འདྲ། །སྦྱིན་པ་ཕྱོགས་མེད་དུ་གཏོང་བས་སྐྱིད་སྐྱིད་འདྲ། །ང་རྣལ་འབྱོར་ཕ་ཡུལ་དུ་མ་ཆགས་པ་དེ། །རྒྱལ་ཁམས་ཡངས་ལ་འགྲིམས་པས་བདེ་བདེ་འདྲ། གདམས་ངག་དབྱངས་སུ་ལེན་པས་སྐྱིད་སྐྱིད་འདྲ། །བདེ་བདེ་འདྲ་ནས་བགྱིས་པ་ལགས། །སྐྱིད་སྐྱིད་འདྲ་ན་ཁྱེད་ཀྱང་མཛོད། །ཅེས་གསུངས་པས་ཚོང་པ་རྣམས་དད་པ་སྐྱེས་ཏེ་ཆོས་ཞུས་ནས་སྨོན་ལམ་བཏབ་བོ། །ཞེས་གསུངས་སོ། །དེ་ནས་རུ་ཡང་གི་སྟོན་པ་བྱ་བ་བལ་ཡུལ་ནས་ཚུར་འོང་བ་དང་འཕྲད་ནས་སྟོན་པ་ན་རེ། ཁྱེད་གླུ་ལ་མཁས་པ་ཡིན་ཟེར་བས་ཁྱེད་དག་གིས་ངེད་དག་ལ་དཔེ་མཛོད་ལ་གླུ་ཞིག་ལོང་དང་ཟེར་བ་ལ། རྗེ་བཙུན་གྱིས་ཁོ་ཡི་ལེན་གསུངས་པ། སེམས་ཉིད་འདི་ལ་དཔེ་མ་རྙེད། །སེམས་ཉིད་འདི་ལ་དཔེ་རྙེད་དུས། །ནམ་མཁའ་འདི་ལ་དཔེ་མི་གཏུབ། །ནམ་མཁའ་འདི་ལ་དཔེ་གཏུབ་རྒྱུས། །ནམ་མཁའ་རེག་མེད་སྟོང་པ་ཡིན། །སེམས་ཉིད་རིག་པ་སྟོང་པ་ཡིན། །སྟོང་པའི་ངང་ལ་མཉམ་ལགས་ཀྱང་། མཉམ་ལ་མི་མཉམ་ཁྱད་པར་མེད། །ཉི་ཟླ་འདི་ལ་དཔེ་མི་གཏུབ། །ཉི་ཟླ་འདི་ལ་དཔེ་གཏུབ་རྒྱུས། །ཉི་ཟླ་དངོས་པོ་གསལ་བ་ཡིན། །སེམས་ཉིད་དངོས་མེད་གསལ་བ་ཡིན། །གསལ་བའི་ཕྱོགས་ནས་མཉམ་ལགས་ཀྱང་། །མཉམ་ལ་མི་མཉམ་ཁྱད་པར་ཆེ། །རི་བོ་འདི་ལ་དཔེ་མི་གཏུབ། །རི་བོ་འདི་ལ་དཔེ་གཏུབ་རྒྱུས། །རི་བོ་ས་རྡོ་བརྩེགས་པ་མིན། །འཕོ་འགྱུར་མེད་པར་མཉམ་ལགས་ཀྱང་། །མཉམ་ལ་མི་མཉམ་ཁྱད་པར་ཆེ། །ཆུ་བོ་འདི་ལ་དཔེ་མི་གཏུབ། །ཆུ་བོ་འདི་ལ་དཔེ་གཏུབ་རྒྱུས། །ཆུ་བོ་ཆུ་ཕྲན་འདུས་པ་ཡིན། །སེམས་ཉིད་འདི་ལ་འདུས་པ་མེད། །རྒྱུན་ཆད་མེད་པར་མཉམ་ལགས་ཀྱང་། །མཉམ་ལ་མི་མཉམ་ཁྱད་པར་ཆེ། །སྐྱི་སེར་རླུང་ལ་དཔེ་མི་གཏུབ། །སྐྱི་སེར་རླུང་ལ་དཔེ་གཏུབ་རྒྱུས། །སྐྱི་སེར་འབྱུང་བ་བསྡོང་བ་ཡིན། །སེམས་ཉིད་འདི་ལ་བསྡོང་ཡ་མེད། །ངོས་བཟུང་མེད་པར་མཉམ་ལགས་ཀྱང་། །མཉམ་ལ་མི་མཉམ་ཁྱད་པར་ཆེ། །མི་ཁྱེད་ལ་ངེད་ཀྱིས་དཔེ་མི་གཏུབ། །ཁྱེད་དང་ངེད་ལ་དཔེ་གཏུབ་རྒྱུས། །ཁྱེད་ནི་འདུ་འཛི་གཡེང་བ་ཡིན། །ངེད་ནི་བྱ་བ་བཏང་བ་ཡིན། །མི་རྒྱུ་ཡིན་པ་མཉམ་ལགས་ཀྱང་། མཉམ་དང་མི་མཉམ་ཁྱད་པར་ཆེ། །ཞེས་གསུངས་པས། ཁོང་སྐྱེངས་ནས་བཟའ་དྲོངས་ཟེར་སྐད། ཡང་གསུངས་པ། རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཉོན་མོངས་དགྲ་ལ་ཞེ་ཟོན་གྱིས། །འགྲོ་དྲུག་གཡང་ལ་ལྷུང་ཉེན་ཡོད། །རྟག་ཏུ་རང་གི་སེམས་ལ་ལྟོས། །ལུང་མ་བསྟན་དུ་འགྲོ་ཉེན་ཡོད། །ལར་རྟག་ཏུ་རི་ཁྲོད་དགོན་པ་འགྲིམས། །ཡོན་ཏན་རང་ལ་འོང་སྟེ་མཆི། །ནགས་ཚལ་དགོན་པའི་ས་ཕྱོགས་སུ། །སྤྱོད་ལམ་དུས་བཞི་ཆ་སྙོམས་འཚལ། །ནང་གི་འབྱུང་བཞི་རོ་སྙོམས་འཚལ། །དགའ་བའི་དོན་ནི་ཤུགས་ལ་འཆར། །སེམས་ཉིད་འོད་གསལ་སྟོང་པ་འདི། །ཉི་ཟླའི་འོད་ནི་ཤར་ཞིང་ནུབ། །སེམས་ཉིད་འོད་གསལ་

ཤར་ནུབ་མེད། །ཅེས་གསུངས་སོ། །ཡང་གསུངས་པ། སྣང་བ་ཆོས་སྐུར་ཤར་བ་དང་། །འཁོར་འདས་དགག་སྒྲུབ་མེད་པ་སྟེ། །གྲུབ་མཐའི་ཁས་ལེན་མེད་པ་གསུམ། །འདི་གསུམ་ལྟ་བའི་མཐར་ཐུག་ཡིན། སེམས་ཉིད་དྭངས་སྙིགས་ཕྱེད་པ་དང་། །གཉུག་མ་རང་ས་ཟིན་པ་གཉིས། །མཉམ་རྗེས་མེད་པ་བརྡ་དང་གསུམ། །འདི་གསུམ་སྒོམ་པའི་མཐར་ཐུག་ཡིན། །ཞེན་པ་ནང་ནས་ལོག་པ་དང་། ཆོས་བརྒྱད་མགོ་བོ་སྙོམས་པ་དང་། །སྤྱོད་ལམ་རང་དགའ་རང་ཚུགས་གསུམ། །འདི་གསུམ་སྤྱོད་པའི་མཐར་ཐུག་ཡིན། །སེམས་ཉིད་ཡེ་སངས་རྒྱས་པ་དང་། །རྟོགས་པ་མངོན་དུ་གྱུར་པ་གཉིས། །འགྱུར་མེད་ཁོང་དུ་ཆུད་པ་གསུམ། །འདི་གསུམ་འབྲས་བུའི་མཐར་ཐུག་ཡིན། །ཅི་བྱེད་ཆོས་དང་བསྟུན་པ་དང་། །སྤྱོད་ལམ་མངོན་ལྐོག་མེད་པ་དང་། །བླ་མའི་གསུང་བཞིན་བྱེད་པ་གསུམ། །འདི་གསུམ་དམ་ཚིག་མདོར་བསྡུས་ཡིན། ཡང་གསུངས་པ། སྣང་དང་སྟོང་དང་དབྱེར་མེད་གསུམ། །འདི་གསུམ་ལྟ་བའི་མདོར་བསྡུས་ཡིན། །གསལ་དང་མི་རྟོགས་མ་ཡེངས་གསུམ། །འདི་གསུམ་སྒོམ་པའི་མདོར་བསྡུས་ཡིན། །མ་ཆགས་མ་ཞེན་ལྷུག་པ་གསུམ། །འདི་གསུམ་སྤྱོད་པའི་མདོར་བསྡུས་ཡིན། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །འདི་གསུམ་འབྲས་བུའི་མདོར་བསྡུས་ཡིན། །ཡང་གསུངས་པ། ལྟ་བ་སྟོང་པའི་ཡེ་ཤེས་ཡིན། །སྒོམ་པ་རང་གསལ་འཛིན་མེད་ཡིན། །སྤྱོད་པ་ཆགས་སྡང་རྒྱུད་ཞི་ཡིན། །འབྲས་བུ་དྲི་མེད་གཅེར་བུ་ཡིན། །ལྟ་བ་སྟོང་པའི་ཡེ་ཤེས་དེ། །ཁ་ལྟ་ཕུགས་སུ་འཆོར་ཉེན་གདའ། །ཁ་ལྟས་དངོས་པོ་གྲོལ་བ་མེད། །ལྟ་བ་མཐོ་ཡང་ཕན་པ་ཆུང་། །དེ་ཕྱིར་རྣམ་པར་དག་པ་མཛད། །སྒོམ་པ་རང་གསལ་འཛིན་མེད་དེ། །གཏི་མུག་གི་དབང་དུ་འཆོར་ཉེན་གདའ། །གཏི་མུག་ལ་ཡེ་ཤེས་སྐྱེས་པ་མེད། །ཤེས་བཞིན་གྱི་དྲན་པས་མ་ཟིན་ན། །ཞི་གནས་འཐུག་ཀྱང་ཕན་པ་ཆུང་། །དེ་ཕྱིར་དྲན་པས་ཟིན་པར་མཛོད། །སྤྱོད་པ་ཆགས་སྡང་རྒྱུད་ཞི་དེ། །ཐོ་ཅོའི་སྤྱོད་པར་འཆོར་ཉེན་གདའ། །ཐོ་ཅོ་ལ་ངེས་ཤེས་སྐྱེས་པ་མེད། །ལྟ་སྒོམ་གྱི་གྲོགས་སུ་མ་ཤར་ན། །བརཏལ་ཞུགས་སྤྱད་ཀྱང་ཕན་པ་ཆུང་། །དེ་ཕྱིར་རོ་སྙོམས་ཤེས་པར་མཛོད། །འབྲས་བུ་དྲི་མེད་གཅེར་བུ་དེ། །མཚན་མའི་གོས་ཀྱིས་མ་དཀྲིས་སམ། །མཚན་མས་འཁྲུལ་པས་བཤིག་པ་མེད། །ངེས་ཤེས་རྒྱུད་ལ་མ་སྐྱེས་ན། །རྩོལ་སྒྲུབ་བྱས་ཀྱང་ཕན་པ་ཆུང་། །དེ་ཕྱིར་ལྷུན་གྱིས་གྲུབ་པར་མཛོད། །ལྟ་བ་སེམས་ཀྱིས་གཅོད་པ་ཡིན། །སྒོམ་པ་སེམས་ཀྱི་བརྒྱང་ཤིང་ཡིན། །སྤྱོད་པ་སེམས་ཀྱི་སྲོག་ཤིང་ཡིན། དམ་ཚིག་སེམས་ཀྱི་གཉའ་གནོན་ཡིན། །མན་ངག་སེམས་ཀྱི་ལྡེའུ་མིག་ཡིན། །ཞེས་གསུངས་སོ། །ཡང་གསུངས་པ། སྟོང་པ་ཉིད་ཀྱི་གཞུ་མོ་ལ། །མཉམ་པ་ཉིད་ཀྱི་རྒྱུས་ཀྱིས་བརྒྱུས། །རང་རིག་གསལ་བའི་མདའ་སྨྱུག་ལ། །ཚད་མེད་བཞི་ཡི་སྒྲོ་ཡིས་བསྒྲོན། །རྣམ་རྟོག་འབན་དུ་བཙུགས་བཙུགས་ནས། །ཟུང་འཇུག་གཉིས་ཀྱི་འཐེན་འཐེན་ནས། །རྣམ་རྟོག་ཏལ་གྱིས་མི་གཏོང་ཏེ། །ཞེས་གསུངས་སོ། །དེ་ཐམས་ཅད་དཔལ་མོ་དཔལ་ཐང་ལ་སོགས་པའི་སྐོར་རོ།། །།དེ་ནས་གུང་ཐང་སྣ་རྩེའི་ཕུག་ཏུ་སྒོམ་ཞིང་བཞུགས་ཙ་ན། ཉིན་གཅིག་བྱ་ཕུག་རོན་གཅིག་ལ་གསེར་གྱི་རྣ་ཆ་འཆང་བ་ཅིག་དྲུང་དུ་འོང་ནས་ཕྱག་དང་བསྐོར་བ་བྱེད་ཅིང་འདུག་པས་མཚར་བ་ཞིག་བྱུང་ནས། རྗེ་བཙུན་གྱིས་ཁྱོད་ང་འབོད་དུ་འོང་བ་ཨེ་ཡིན་གསུངས་པས། རྐེ་དགྱེ་རྒུ་མང་པོ་བྱས་ནས་ཡིན་ཟེར་བའི་བརྡ་བྱས་ཏེ་ཕར་རིའི་བྲག་གསེབ་ཏུ་འཕུར་སོང་བས། རྗེ་བཙུན་ཡང་དེར་བྱོན་ཙ། བྲག་རྩ་ཞིག་ན་འབྲས་དཀར་མོ་ཁལ་གཅིག་བྲེ་གང་སྤུངས་འདུག་པ་ལ། མཆུ་ཚུག་བྱས་ནས་འཕུར་སོང་བ་དང་། བླ་མས་ཀྱང་འབྲས་གསོལ་ཞིང་སུས་མ་མཐོང་བར་བཞུགས་པས། ཐུགས་དམ་འཕེལ་བར་བྱུང་བས་ལྟ་སྒོམ་བདེ་བའི་མགུར་འདི་གསུངས་སོ། །ཨེ་མ་ཧོ། དྲིན་ཆེན་མར་པ་ལྷོ་བྲག་པ། །སྙིང་ནས་དྲན་པས་སྙིང་དུ་བསྒོམས། ཡང་ཡང་དྲན་པས་འབྲལ་བ་མེད། །ང་དང་བླ་མ་འདྲེས་པས་བདེ། །ཨ་ལ་ལ་གཤིས་ཀྱི་ཏིང་འཛིན་འདི། །སྐྱེ་མེད་ཆོས་སྐུར་ངོ་སྤྲད་ནས། །མ་བཅོས་ཆོས་སྐུའི་ངང་དུ་འདྲེས། །ལྟ་བ་མཐོ་དམན་རྩིས་གདབ་མེད། །སེམས་མ་བཅོས་པ་འདི་བདེ་མོར་གདའ། །ཡེ་ཤེས་སྟོང་གསལ་སེམས་ཀྱི་ཏིང་འཛིན་འདི། །གསལ་སྟོང་རིག་པ་ངོ་སྤྲད་ནས། །མ་བཅོས་གཉུག་མའི་ངང་དུ་འདྲེས། །སྒོམ་པ་བཟང་ངན་གྱི་རྩིས་གདབ་མེད། །སེམས་མ་བཅོས་པ་འདི་བདེ་མོར་གདའ། །ཚོགས་དྲུག་རང་སར་དེངས་པ་ལ། །བདེ་སྡུག་གཉིས་པོ་རང་སར་འདྲེས། །མ་བཅོས་གཉུག་མའི་ངང་ལས་འདས། །སྤྱོད་པ་ཡིན་མིན་རྩིས་གདབ་བྲལ། །སེམས་མ་བཅོས་པ་འདི་བདེ་མོར་གདའ། འབྲས་བུ་ཆོས་སྐུའི་རང་བཞིན་འདི། །སྣ་ཚོགས་སྤྲུལ་སྐུར་ངོ་སྤྲད་ནས། །གོམས་པ་འདྲེས་འཇགས་ཀྱི་ངང་དུ་འདྲེས། །འབྲས་བུ་ཚུར་ཤོག་གི་ཡིད་སྨོན་མི་གདའ་ན། །སེམས་མ་བཅོས་པ་འདི་བདེ་མོ་ཅིག་བྱུང་། །ཞེས་གསུངས་ཤིང་ཡོད་ཙ་ཕུག་རོན་སྔོན་མ་དེས་ཕུག་རོན་འདྲ་འདྲ་བདུན་ཁྲིད་ནས་བྱུང་། མོ་རང་དང་བརྒྱད་ཀྱིས་ཕྱག་དང་བསྐོར་བ་བྱེད་ཅིང་འདུག་པ་ལ། བླ་མས་ཅི་ཡིན་དུད་འགྲོས་འདི་འདྲ་ཤེས་པ་སྤྲུལ་པའི་བྱ་ཞིག་རེད་དགོངས་ནས། ཅི་ཡིན་ཁྱེད་ཚོས་ང་ལ་ཆོས་ཞུ་བ་ཨེ་ཡིན་གསུངས་པས། ཡིན་ཟེར་བའི་བརྡ་བྱེད་ཅིང་མགོ་ཞུང་ངེ་བྱས་པས་བླ་མས་མགུར་འདི་གསུངས་སོ། །རྗེ་ངོ་མཚར་སྤྲུལ་པའི་བླ་མ་དེ། །ཐུགས་རྗེ་མ་ཆུང་བྱིན་གྱིས་རློབས། །ཁྱོད་ཕུག་རོན་སྔོན་མོ་གཟུགས་བཟང་འདི། །རྣམ་འཕྲུལ་གྲུང་གྲུང་གི་སྤྱོད་པ་ཅན། །གླུ་འདི་དོན་ཡིད་ལ་འཛིན་པར་ཞུ། །སྤྱིར་འཇིག་རྟེན་སྐྱིད་པའི་བདེ་བ་འདི། །སྐྱིད་སྐྱིད་འདྲ་ཡང་མྱུར་དུ་འབྲལ། །མོ་བཙུན་བཟང་མོའི་སྣང་བ་འདི། །མཐོ་མཐོ་འདྲ་ཡང་གཏད་ས་མེད། །འཁོར་བ་སྡུག་བསྔལ་གྱི་ཁྱིམ་ཐབ་འདི། །འཐད་འཐད་འདྲ་ཡང་སྡུག་བསྔལ་མང་། །རིགས་རྒྱུད་བཟང་པོའི་བྱ་ཕྲུག་དེ། རང་མཁོས་མེད་ན་མེད་ངན་ཆེ། །བླ་མ་བཟང་པོའི་སློབ་མ་དེ། །སྤྱོད་པ་ངན་ན་འཁོར་བར་ལྟུང་། །ཕུག་རོན་སྔོན་མོའི་ཡོན་བདག་དེ། །ཞབས་ཏོག་བཟང་ཡང་ཡིད་མ་ཆེས། །ཁྱོད་དད་པ་ཅན་གྱི་ཕུག་རོན་བརྒྱད། །དམ་ཆོས་དགོས་ན་རྣམ་འཕྲུལ་ཤིག །ཅེས་གསུངས་པ་ཕུག་རོན་བརྒྱད་པོ་བུ་མོ་བརྒྱད་དུ་འཛུམ་འཛུམ་བྱེད། ཁྱེད་རྣམས་སུ་ཡིན་བྱས་པས། ངེད་རྣམས་དང་པོ་མཇལ་སྔ་བ་དེ་ལྷ་ཡི་བུ་མོ་ཡིན། ངེད་འོག་མ་བདུན་པོ་དེ་ཡང་ལྷ་ཡི་བུ་རེ་རེའི་བུ་མོ་ཡིན་ལགས་ཟེར། ཁྱེད་རྣམས་ཕུག་རོན་དུ་འོང་བ་ཅི་ཡིན་གསུངས་པས། ཁྱེད་མི་ཡི་ཡུལ་དུ་བཞུགས་པས། མི་སྤྱོད་པ་ངན་པས་ཡིད་མ་ཆེས་ཏེ་སྤྲུལ་པ་བྱས་ནས་འོང་བ་ཡིན་ཟེར་ནས། ཕུག་རོན་སླུད་བུ་བརྒྱད་རྣམས་ཕྲག་ཏུ་བཅུག་སོང་དེ་ཅི་ཡིན་གསུངས་པས་མི་ངན་པས་གཤིས་ངན་བསླབ་པ་ཡིན་ཟེར། ཁྱེད་གཅིག་པུ་ལ་བཞུགས་པས་ངེད་ལྷ་རྣམས་འོང་བས་དགའ། ད་ཁྱེད་ལྷ་ཡུལ་དུ་འབྱོན་པར་ཞུ། སྔར་ཡང་འབྱོན་པས་བཀའ་དྲིན་ཆེ་ཟེར་བས། བླ་མའི་ཞལ་ནས། ང་མི་ཡི་འགྲོ་བ་འདུལ་དགོས་པས་འགྲོ་བ་མི་འོང་ཁྱེད་རང་ཚོ་ང་ཡི་གླུ་འདི་ཉོན་གསུངས་ནས་མགུར་འདི་གསུངས་སོ། །རྗེ་ལྷོ་བྲག་མར་པའི་ཞབས་ལ་འདུད། །ཕ་བླ་མ་བྱིན་རླབས་དངོས་གྲུབ་ཤར། །ཁྱོད་ལྷ་ཡི་བུ་མོ་སྔོན་མོ་བརྒྱད། །འབྲས་དཀར་མོ་དངོས་གྲུབ་བསམ་གཏན་ཟས། །ཁམས་གསོས་པར་གྱུར་པས་ཐུགས་དམ་འཕེལ། །ད་གདབ་ལེན་ཆོས་ཀྱིས་འཇལ་བ་ལ། །སྙན་ལྷན་ནེ་གསོན་ལ་ཡིད་ལ་ཞོག །དཀར་པོ་ལྷ་ཡི་རྒྱལ་ས་དེ། འཛིན་སྙིང་འདོད་ཀྱང་སྙིང་པོ་མེད། །ལྷ་བུ་གཞོན་ནུའི་བརྩེ་གདུང་དེ། །སྣང་བ་སྐྱིད་ཀྱང་མྱུར་དུ་འབྲལ། །སྒྱུ་འཕྲུལ་སྒྱུ་མའི་ཟོལ་ཟོག་དེ། །ལོངས་སྤྱོད་ཆེ་ཡང་ལྟུང་བའི་རྒྱུ། །འགྲོ་དྲུག་འཁོར་བའི་སྡུག་བསྔལ་དེ། །བསམ་ན་སྙིང་རླུང་དྲག་པོ་ལྡང་། །ཁྱེད་དེང་སང་ལྷ་ཆོས་བྱེད་བསམ་ན། །སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་ཐོབ། །འགྲོ་དྲུག་སེམས་ཅན་ཕ་མར་བསྒོམ། །མཆོད་པ་བླ་མ་རྗེ་ལ་འབུལ། །སྦྱིན་པ་ཁམས་གསུམ་ཡོངས་ལ་བསྔོས། །རང་ལུས་ལྷ་ཡི་དམ་ལྷ་ཡི་ངང་། །བརྗོད་པ་ཟབ་མོ་སྔགས་ལ་གྱིས། སྙིང་ལས་མི་རྟག་སྐྱོ་བ་བསྐྱེད། །ད་རུང་རང་སེམས་དཔང་པོར་ཞོག །ཅེས་གསུངས་པས་ཁོང་རྣམས་ན་རེ། ངེད་འཇིག་རྟེན་པའི་འགྲོ་བ་འདི། ཅིས་ཀྱང་སྡུག་བསྔལ་རང་ལ་སྤྱོད་ཅིང་། བདེ་བ་ཡན་དུ་གོ་བ་ཅིག་འདུག་པས། སྒོམ་མི་ནུས་ཀྱང་སྒོམ་རང་ལ་དད་པས། ངེས་པར་སྒོམ་ལུགས་གཅིག་གསུངས་པར་ཞུ་ཟེར་བས། ཡང་བླ་མས་གཉེན་བཟང་པོ་ཟབ་མོའི་བསྒོམ་ལུགས་འདི་མགུར་འདི་གསུངས་སོ། །དྲིན་ཆེན་བླ་མ་རྣམས་ལ་གསོལ་བ་འདེབས། །སྒོམ་ཟབ་མོ་སྐྱེ་བར་ཐུགས་རྗེས་ཟུངས། །རྟག་ཏུ་རང་སེམས་བསྒོམ་པ་ལ། །ནང་དུ་ཞི་གནས་བསམ་གཏན་བསྒོམ། །བྱ་བ་བཏང་བ་ཅིག་རྒྱན་དུ་ཆེ། །ཕྱི་རུ་གཉེན་པོས་ཏུ་རེ་ཟུངས། །ལུས་ངག་དལ་བ་ཅིག་རྒྱན་དུ་ཆེ། །རྒྱུན་དུ་དྲན་པའི་རང་སོ་ཟུངས། བྱ་བྱེད་ཉུང་བ་ཅིག་རྒྱན་དུ་ཆེ། ལར་རྐྱེན་ངན་བློ་རྒྱག་བྱུང་ཙ་ན། །ཞེ་སྡང་ལང་དོགས་འཛུམ་མེ་གྱིས། །འདོད་པའི་ནོར་དང་འཕྲད་དུས་སུ། འདོད་ཆགས་སྐྱེས་དོགས་རྒྱང་ངེ་གྱིས། །ཚིག་ངན་གཏམ་ངན་ཟེར་དུས་སུ། སྣང་བ་འཁྲུགས་དོགས་རྒྱང་ངེ་གྱིས། །བདག་དང་མཉམ་དུ་འགྲོགས་དུས་སུ། །ཕྲག་དོག་སྐྱེས་དོགས་ཡང་ངེ་གྱིས། །རང་ལ་བཀུར་སྟི་བྱས་དུས་སུ། །ང་རྒྱལ་སྐྱེས་དོགས་ཀུམ་མེ་གྱིས། དུས་དང་རྣམ་པ་ཐམས་ཅད་དུ། རང་རྒྱུད་དལ་བར་ལྷན་ནེ་སྡོད། །བསྒོམ་དུས་ཟ་དུས་ཉལ་དུས་དང་། །འགྲོ་སྤྱོད་གནས་པ་ཅི་བྱེད་ཀྱང་། །སྟོང་ཉིད་རང་སྒྱུ་མར་བསྒོམ། མཁས་བཙུན་བརྒྱ་ཡི་ཞལ་ཕྱེས་ཀྱང་། །དོན་འདི་ལས་ཟབ་པ་ཡོད་པ་མིན། །ཁྱོད་དགའ་བར་སོམས་ལ་ལྷ་ཆོས་མཛོད། །ཅེས་གསུངས་པས་ཐམས་ཅད་དད་དོ། །ད་ཕྱིན་ཆད་ཀྱང་འཚོ་བ་འདྲེན་ཟེར་ནས། ཕུག་རོན་གྱི་སླུད་བུ་རེ་རེ་རྣམས་བཏོན་ཏེ་ནམ་མཁའ་ལ་འཕུར་ནས་སོང་ངོ་། །དེ་ཐམས་ཅད་ཕུག་རོན་སྔོན་མོའི་སྐོར་རོ། ། ༈ རྗེ་བཙུན་ཆེན་པོ་དང་བུ་མོ་ཡིད་འཕྲོག་མ་གཉིས་ཀྱི་ཞུས་ལེན་འདིར་བཞུགས་སོ། །ཨོཾ་སྭ་སྟི། ཡོན་ཏན་མཆོག་མངའ་རྒྱལ་བ་བཀའ་དྲིན་ཅན། དཔལ་དང་སྙན་པས་ཕྱོགས་བཅུ་ཁྱབ། མཚུངས་མེད་བདེ་གཤེགས་བཀའ་དྲིན་ཅན། མཁས་པ་ཆེན་པོ་དེ་ལ་འདུད། །བདག་དགོན་པ་ཅིག་ཏུ་འདུག་ཙམ་ན། །དེ་འདྲའི་བུ་མོ་ཡ་མཚན་ཅན། མཉེན་ལྕུག་འཁྲིལ་བའི་སྐུ་ལུས་ལ། །ན་བཟའ་ཤེལ་དར་ཧ་ལོ་རིས། དར་ཟབ་གཉིས་ཀྱི་ཆ་ག་ཅན། །འོད་ཆགས་གསེར་གྱི་ཐེག་ལེས་སྤྲས། །གོང་བ་ཐོ་ཏི་རྒྱ་མཚོ་སྤྲིན། །མཛེས་སྡུག་འཇམ་མཉན་འཁྲིལ་པ་གྱོན། །སྐ་རག་གསེར་ལ་སྐ་ནན་གཡུ། །བཻ་ཌཱུར་མུ་ཏིག་ཙར་ཙར་ཅན། །ཆབ་མ་དངུལ་ལ་ཆབ་ལྕེ་དུང་། །དངུལ་དཀར་མེ་ལོང་སྐ་གསེབ་བཅུག །རིན་ཆེན་མཛེས་པའི་གོས་ལ། །སྒྲོག་ཟུང་སེར་པོ་གསེར་ལ་བྱས། །སྒྲོག་རྟེན་སྨུག་པོ་མཆོང་ལ་བྱས། །ཕྱི་ནང་ལྡེམ་གྱོན་འོད་དང་ལྡན། །ཆག་ལྷམ་ཟ་འོག་པད་ཀ་རིས། །སྐྱིད་འཐི་དམར་པོའི་བྷམ་མཐིལ་ཅན། །ལྷམ་སྒྲོག་ནན་ཏན་ཤེལ་ལ་བྱས། །ཨ་ལོང་མུ་མན་ཆབ་མ་མིག །མཐོན་ནག་པོའི་དབུ་སྐྲ་ལ། །གསེར་གྱི་མེ་ཏོག་སེར་པོས་སྤྲས། །མཚོ་རོ་གཡུ་ཡི་ཟུར་ཕུད་ཅན། རིན་ཆེན་སྣ་ཚོགས་རྒྱན་དང་ལྡན། །དུང་སྒོང་དཀར་པོའི་དོ་ཤལ་ཅན། །བྱུ་རུ་དམར་པོའི་ཕྲ་ར་དགོས། །རྣ་ལོང་ཨ་ལོང་གསེར་དང་གཡུ། །མགུལ་དོ་གཟི་དང་སྤུག་ལ་བྱས། །དངུལ་དཀར་ཞུན་མའི་དོར་གདུབ་ལ། །རྭ་ག་དམར་པོའི་ཕྲ་ར་ཅན། །ར་གན་མཛེས་པའི་གདུ་བུ་ལ། །ཀེ་ཀེ་རུ་ཡི་སྤར་ཁེབ་བྱས། །སྨིན་མ་ནག་ཕྲན་བར་མ་ཆད། །སྣ་རྒྱུད་དྲང་ཞིང་སྒྲོ་རྩེ་དམར། །དུང་སོ་མཚམས་མེད་ཤིན་ཏུ་དཀར། །རྫི་མ་མ་འདྲེས་བ་ཡི་འདྲ། །དཀར་ལ་དམར་བའི་མདངས་ཆགས་པ། །ལི་ཁྲི་མཚལ་གྱི་ཐིག་ལེ་བྱས། །བཞིན་མཛེས་མདངས་ཆགས་འོད་ཀྱང་ཆགས། །སྐེད་སྐབས་ཕྲ་ཞིང་ལུས་པོ་རན། །སྦ་གླིང་དཀར་པོ་འབུད་པའི་སྒྲས། །རང་དབང་མེད་པར་སེམས་ཡིད་འཕྱོ། །སྟབ་སྡུག་མཛེས་པའི་ཡིད་འཕྲོག་མ། ཁོ་བོའི་མདུན་དུ་བྱུང་ནས་འདུག །དེ་ལ་བདག་གིས་འདི་སྐད་དྲིས། །མཛེས་སྡུག་ལྷ་མོའི་ཆ་བྱད་ཅན། །སྔོན་ཆད་ཁྱོད་འདྲ་མཐོང་མ་མྱོང་། །བཀའ་མཆིད་མ་ཡོ་དྲང་དུ་སྨྲོས། །ཁྱོད་དང་པོ་སྐྱེས་པའི་ཡུལ་དེ་གང་། །འགྲོ་ས་འདུག་གནས་ཇི་ལྟ་བུ། །རིགས་སམ་མཚན་ཉིད་ཇི་ལྟ་བུ། །སྤྲུལ་པ་ཡིན་ནམ་རང་རྒྱུད་པ། །བུ་མོ་དེ་ཡིས་འདི་སྐད་ཟེར། །ཀྱེ་ཧོ་གསོན་དང་རིགས་ཀྱི་བུ། །ང་སྐྱེས་པ་ཐོག་མ་མེད་ནས་སྐྱེ། །ཡུལ་ནི་ངེས་མེད་འཇིག་རྟེན་ཁམས། །འགྲོ་བ་ཐོགས་པ་མེད་པར་འགྲོ། །འདུག་གནས་འགྲོ་དྲུག་ཀུན་གྱི་སེམས། །རིགས་ནི་མཐོ་དམན་མེད་པ་ཡིན། །མཚན་ཉིད་ཁྱེད་རང་རང་ལ་དྲིས། །ཅིར་ཡང་བྱུང་བས་སྤྲུལ་པ་ཡིན། །བག་ཆགས་བརྒྱུད་པས་རང་རྒྱུད་ཡིན། འཁོར་འདས་གཉིས་ཀྱི་འཕྲིན་པ་ཡིན། །ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །བན་སྤྲང་བདག་ལ་སྙན་གསོན་དང་། །ཁྱེད་མཛེས་བཙུན་ཆས་བཟང་འཛོམ་པ་དེ། །རིགས་ལྡན་མ་ཅིག་ཡིན་པར་ངེས། །སྔོན་ཆད་འདྲིས་པ་སུ་དང་འདྲིས། །མཛད་སྤྱོད་འབྱོར་པ་ཅི་དང་ལྡན། །ཁྱེད་ལ་རང་དབང་ཅི་ཙམ་ཡོད། །སྐུ་ཚེ་རིང་ཐུང་ཅི་ཙམ་གནས། །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །དུས་གསུམ་སངས་རྒྱས་མན་ཆད་ནས། །རྡོ་རྗེ་དམྱལ་བ་ཡན་ཆད་ཀྱི། །འཁོར་འདས་གཉིས་དང་སྔ་ནས་འདྲིས། །བཟང་ངན་བདེན་རྫུན་མཐོ་དམན་མེད། །ཐམས་ཅད་མ་ལུས་ང་ཡིས་བྱེད། ལ་ལ་ཐར་པའི་ཡུལ་དུ་བསྐྱལ། །ལ་ལ་འབྱུང་བའི་ལམ་ཡང་བསྟན། །ལ་ལ་མཐོ་རིས་གནས་སུ་བསྐྱལ། །ལ་ལ་ངན་སོང་གནས་སུ་ཁྲིད། །ལ་ལ་མཐོན་པོ་དམའ་མོར་གཏོང་། །ལ་ལ་དམའ་མོ་མཐོན་པོར་གཏོང་། །ལ་ལ་ཕྱུག་པོ་དབུལ་པོར་གཏོང་། །ལ་ལ་དབུལ་པོ་ཕྱུག་པོར་བཏང་། །འཁོར་འདས་ལོངས་སྤྱོད་ཇི་སྙེད་པ། །བུ་མོ་ང་ཡི་འབྱོར་པ་ཡིན། །དག་དང་མ་དག་འཇིག་རྟེན་ན། །བུ་མོ་ང་བས་དབང་ཆེ་མེད། །འདས་དང་མ་བྱོན་ད་ལྟར་གྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་ཇི་སྙེད་པ། །ས་ལམ་མ་ལུས་ཉེར་བགྲོད་ནས། །འབྲས་བུའི་མཆོག་རྣམས་ཐོབ་པ་ཡང་། །ང་ཡིས་དབང་གིས་ཐོབ་པ་ཡིན། །ལྷ་དང་ལྷ་མིན་ཐམས་ཅད་ཀྱི། །བདེ་དང་སྡུག་བསྔལ་ཇི་སྙེད་པ། །བུ་མོ་ང་ཡི་དབང་གིས་བྱུང་། །ཕུང་འཚེ་གཉིས་ཀ་ང་ཡིས་བྱས། །གླ་པ་ཀུན་གྱི་སྙིང་ལ་ཞུགས། །ཉིན་མཚན་མེད་པའི་སྡུག་བསྔལ་གྱིས། །དཔུང་ཤེད་མི་ལ་ཕུལ་པའི་རིན། །ཟད་ནས་སྟོང་པར་འགྲོ་བར་བྱས། །མགྲོན་པོ་ཀུན་གྱི་སྙིང་དུ་ཞུགས། །སྡིག་སྡུག་མང་པོའི་བསགས་པའི་ནོར། །དོན་མེད་ང་ཡིས་དབང་བྱས་ནས། །ཟད་ནས་སྤྲང་དུ་འགྲོ་བར་བྱས། །དཔེར་ན་ནོར་མེད་སྤྲང་པོ་ཅིག །ནུབ་གཅིག་གཉིད་པའི་རྨི་ལམ་ན། །ནོར་མང་རྙེད་ནས་དགའ་གྱུར་ཀྱང་། །སད་ནས་སྟོང་པ་དེ་བཞིན་ཏེ། །འཕྱོར་པོ་ཀུན་གྱི་སྙིང་ལ་ཞུགས། །ལ་ལ་རིན་ཆེན་སྤྱན་དང་བྲལ། །ལ་ལ་འཕངས་པའི་སྲོག་དང་ཕྲལ། །ལ་ལ་ནོར་ཤོར་གཅེར་བུར་བཏང་། །འཕྱོར་མ་ཀུན་གྱི་སྙིང་ལ་ཞུགས། །རྩིས་ངན་ངན་པར་ལྷུང་བར་བྱས། །འབྲིང་པོ་ཁྱི་དང་འཐབ་ཏུ་བཅུག །རྩིས་མེད་རྔན་གྱི་ཚེ་སྲོག་བཀུམ། སྔགས་པ་ཀུན་གྱི་སྙིང་ལ་ཞུགས། །དམ་ཚིག་ས་ཡ་འབུམ་སྡེ་དེ། །མཛེས་མ་ང་ཡི་དབང་དུ་སོང་། །ཐུན་བཞིའི་སྒྲུབ་པ་བཤོལ་བར་བྱས། །མི་ཆེན་ཀུན་གྱི་སྙིང་དུ་ཞུགས། །བཟང་འདོད་བསམ་པ་གཉན་པོ་དེ། མཛེས་མ་ང་ཡི་དབང་དུ་སོང་། །རྒྱལ་པོ་ཁྲི་ལས་ལྷུང་བར་བྱས། །རབ་བྱུང་ཀུན་གྱི་སྙིང་དུ་ཞུགས། །ལྷག་པའི་ཚུལ་ཁྲིམས་དྲི་མེད་དེ། །མཛེས་མ་ང་ཡི་དབང་དུ་སོང་། །འདི་ཕྱི་གཉིས་ཀ་མེད་པར་བྱས། །བླ་མ་ཀུན་གྱི་སྙིང་ལ་ཞུགས། །རང་གཞན་གཉིས་ཀྱི་དོན་ཆེན་དེ། །མཛེས་མ་ང་ཡི་དབང་དུ་སོང་། །སོ་སོ་སྐྱེ་བོ་སྨོད་པར་བྱ། །སྒོམ་ཆེན་ཀུན་གྱི་སྙིང་ལ་ཞུགས། །ཞི་གནས་ལྷག་མཐོང་ཟུང་འབྲེལ་དེ། །མཛེས་མ་ང་ཡི་དབང་དུ་སོང་། །ཐ་མལ་གྲོང་པས་བཞད་གད་བྱ། །རྣལ་འབྱོར་ཀུན་གྱི་སྙིང་དུ་ཞུགས། །ཆགས་མེད་རིན་ཆེན་ནོར་མཆོག་དེ། །མཛེས་མ་ང་ཡི་དབང་དུ་སོང་། །ཐེར་ཟུག་སྲེད་བུས་བཅིངས་ནས་བཞག །དགེ་བཤེས་ཀུན་གྱི་སྙིང་དུ་ཞུགས། ཐོས་བསམ་སྒོམ་གསུམ་ཤེས་རབ་དེ། །མཛེས་མ་ང་ཡི་དབང་དུ་སོང་། །སེང་གེ་ཁྲི་ལས་ལྷུང་བར་བྱས། །ནམ་མཁའ་མཐའ་མ་གང་ཡིན་དང་། །འཁོར་བའི་རྒྱ་མཚོ་ཅི་གནས་པར། །མཛེས་མ་ང་ཡི་ཚེ་ཡི་ཚད། །དེ་སྲིད་བར་དུ་གནས་པ་ཡིན། །ཁྱེད་ཀྱི་བསམ་པའི་རང་ཟུགས་དེ། །མཛེས་མ་ང་ཡི་དབྱེར་མི་ཕྱེད། །བདེན་ནམ་མི་བདེན་རང་ལ་དྲིས། །བདེན་པར་གོ་ན་དོན་ཆེན་འགྲུབ། །ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །དགེ་དང་མི་དགེའི་མཚན་ཉིད་གང་། །སེམས་ཀྱི་མཚན་ཉིད་ཇི་ལྟ་ལགས། །བདུད་རིགས་གང་གི་ཡུལ་ལ་འཇུག །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ཕན་སེམས་གཞན་དོན་སྙིང་རྗེ་ཡི། །མི་དགེ་སྤྱོད་པ་ལྟར་སྣང་མང་། །དགེ་བའི་རྩ་བ་རྩིར་གྱི་ཟུངས། །ཀུན་སློང་རིག་པའི་སེམས་ཀྱིས་སུ། །གཡོ་སྒྱུ་འདོད་པའི་ལས་དབང་གིས། །དགེ་བ་སྤྱོད་པ་ལྟར་སྣང་ཡང་། །དེ་ནི་མི་དགེར་ཤེས་པར་བྱ། །སེམས་ཀྱི་མཚན་ཉིད་ནམ་མཁའ་འདྲ། །ནམ་མཁའི་མཚན་ཉིད་ང་ལ་དྲིས། །ང་ཡི་རང་བཞིན་ཤེས་པ་ན། །བཅིངས་པའི་དྲ་བ་རང་སར་གྲོལ། །བཤེས་གཉེན་མཁས་དང་མི་ལྡན་ཞིང་། །ཤེས་རབ་རྣམ་གསུམ་མཚོན་ཆ་དེ། །རང་ལ་རང་དབང་མ་ཐོབ་ན། །བདུད་རྣམས་དེ་ཡི་ཡུལ་ལ་འཇུག །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ཉོན་མོངས་བདུད་ཀྱི་དམག་དཔུང་དེ། ཁྱོད་ཀྱིས་བཟློག་ན་ཇི་ལྟར་ཟློག །མགུལ་གྱི་བུམ་པར་གླུ་རུ་གསུངས། །ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །རྣམ་པར་ཤེས་པའི་སྒྱུ་འཕྲུལ་དེ། །དོན་མེད་ཡུལ་དུ་སྟོང་སྐོར་བྱེད། །ཁྱོད་དྲན་པ་རྩེ་གཅིག་ཏུར་རེ་སྟོན། །ཐོས་པའི་ཤེས་རབ་རལ་གྲི་དེས། །སྒྲོ་འདོགས་ཡིད་གཉིས་ཐག་ཕྱི་ནང་། །མེད་པར་རྦད་དེ་བཅད། ཐ་དད་ཀྱི་བདུད་ལ་ཉམ་མི་ང་། །བསམ་པའི་ཤེས་རབ་བཤན་བུ་དེས། །ཡིན་མིན་སྲེད་བུ་གསུམ་བསྒྲིལ་དེ། །ངེས་ཤེད་ངང་དུ་རྦད་ཀྱིས་བཅད། །ཐེ་ཚོམ་བདུད་ལ་ཉམ་མི་ང་། །སྒོམ་པའི་ཤེས་རབ་མདའ་མོ་ཆེས། དམིགས་པའི་ཕུབ་མོ་གསུམ་རིམ་དེ། །འོད་གསལ་རྒྱུན་གྱིས་ཏལ་གྱི་ཕུག །མཚན་མའི་བདུད་ལ་ཉམས་མི་ང་། །རང་ལུས་ལྷ་སྐུའི་རང་བཞིན་ལ། །ཐུན་བཞིའི་རྣལ་འབྱོར་གསལ་བཏབ་ཅིང་། །འཇའ་ཚོན་ལྟ་བུར་རྟོགས་པ་ལ། །ཕུང་པོའི་བདུད་ལ་ཉམས་མི་ང་། །སེམས་ཉིད་རིག་པ་འོད་གསལ་འདི། །རྒྱུན་ཆད་མེད་པའི་རང་བཞིན་ལ། །དངོས་པོ་མེད་པར་འདུག་པ་ལ། །འཆི་བདག་གི་བདུད་ལ་ཉམ་མི་ང་། །སེམས་ཉིད་ནམ་མཁའ་དངས་པ་ལ། རྣམ་རྟོག་སྤྲིན་ལྟར་ངང་དུ་ཞི། །ཐམས་ཅད་གྲོགས་སུ་གྱུར་པ་ལ། །ཉོན་མོངས་བདུད་ལ་ཉམ་མི་ང་། །བཟང་ངན་བདེ་སྡུག་ཐམས་ཅད་ཀུན། །ཆོས་ཉིད་ངང་དུ་དབྱེར་མེད་ཅིང་། །རོ་སྙོམས་བྱེད་པའི་རྣལ་འབྱོར་ལ། །ལྷ་ཡི་བདུད་ཀྱི་ཉམ་མི་ང་། །འཁོར་བ་མྱང་ངན་འདས་པ་ཀུན། །ཐམས་ཅད་སེམས་ཉིད་རིག་པར་བཅས། །སེམས་ལ་རང་དབང་ཐོབ་པ་ལ། །བདུད་རིགས་ཐམས་ཅད་སྡུག་པར་མཆིས། །འདི་མཁས་པ་ཆེན་པོས་གསུང་སྒྲོས་ཡིན། །རྣལ་འབྱོར་བདག་གི་ཉམས་རྟོགས་ཡིན། །མཛེས་མ་ཁྱེད་ལ་བཟླས་པ་ཡིན། །རིན་ཆེན་སེམས་ཀྱི་ཡོན་ཏན་ཡིན། །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ངོ་མཚར་རྨད་ཀྱི་གླུ་བླངས་པས། །རྣམ་པར་ཤེས་པའི་སྐྱོ་ངལ་སྤངས། །ང་ཡི་རང་བཞིན་ཁྱེད་ཤེས་ཟིན། །གཉེན་འདུན་བདུད་ཀྱི་ཇག་པ་ཡིན། དགྲ་སྡང་བྱམས་པའི་སག་དར་ཡིན། །ཆུང་མ་ཐར་མེ་རྩ་བ་ཡིན། །སྲས་བུ་འཁོར་བའི་གཏིང་རྡོ་ཡིན། །བསོད་ནམས་བདུད་ཀྱི་ཕྱེ་གཏོར་ཡིན། །མངའ་རིས་གཤིན་རྗེའི་འཇིགས་པ་ཡིན། །ཟས་ནོར་དུག་གི་སྡོང་པོ་ཡིན། །ང་ཡི་རང་བཞིན་མ་བརྗེད་མཛོད། །ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །འཁོར་བ་སྤོང་ན་ཇི་ལྟར་སྤངས། །མྱ་ངན་འདས་པ་ཇི་ལྟར་བསྒྲུབ། །རང་གཞན་དོན་གཉིས་ཇི་ལྟར་བྱ། །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །འཁོར་བའི་རང་བཞིན་མྱ་ངན་འདས། །དེ་ཉིད་རྟོགས་ན་ཐར་པ་འཐོབ། །གཉིས་མེད་དོན་འདི་གོ་ལགས་སམ། །བྱམས་པ་སྙིང་རྗེའི་རང་བཞིན་གྱིས། །རྟག་ཏུ་བྱང་ཆུབ་སེམས་བསྒོམ་ཞིང་། །གཞན་དོན་གཙོ་བོར་བྱས་པ་ན། །རང་དོན་ཤུགས་ལས་འབྱུང་སྟེ་མཆི། །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ལར་འཁྲུལ་པའི་རྩ་བ་མ་ཆོད་ན། །བྱས་པ་ཐམས་ཅད་དོན་མེད་ཡིན། །དེ་བས་འཁྲུལ་པ་རྩད་ནས་ཆོད། །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ཁྱོད་ཀྱི་བརྒྱུད་པ་ཅི་ལྟ་བུ། །དྲིན་ཅན་བླ་མ་ཇི་སྐད་བྱ། །གདམས་པའི་གཙོ་བོ་གང་ལ་བྱེད། །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །ཁྱོད་ཀྱི་གསན་ན་ཇི་ལྟར་རྟོགས། །མཛེས་མ་ང་ལ་དྲང་དུ་སྨྲོས། །ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །ང་ཡི་བརྒྱུད་པའི་བླ་མ་རྣམས། །ལ་ལར་བཤད་པའི་བརྒྱུད་པར་ཞུས། །སྒྲོ་འདོགས་ཆོད་པ་དེ་ལྟར་ལགས། །ལ་ལར་ཚིག་གི་བརྒྱུད་པར་ཞུས། །སྡེབ་སྦྱོར་མཁས་པ་དེ་ལྟར་ལགས། །ལ་ལ་གདམས་ངག་གི་བརྒྱུད་པར་ཞུས། །ཉམས་ལེན་མཁས་པ་དེ་ལྟར་ལགས། །ལ་ལ་བྱིན་རླབས་ཀྱི་བརྒྱུད་པར་ཞུས། །བར་ཆད་སེལ་བ་དེ་ལྟར་ལགས། །ལ་ལ་སེམས་བསྐྱེད་ཀྱི་བརྒྱུད་པར་ཞུས། །གཞན་དོན་བྱེད་པ་དེ་ལྟར་ལགས། །ལ་ལ་ཉམས་ཀྱི་བརྒྱུད་པར་ཞུས། །གོལ་ས་མེད་པ་དེ་ལྟར་ལགས། །ལ་ལ་རྟོགས་པའི་བརྒྱུད་པར་ཞུས། །གཉིས་འཛིན་མེད་པ་དེ་ལྟར་ལགས། །ཡོན་ཏན་རྒྱུད་ལ་སྐྱེས་པའི་ཕྱིར། །དྲིན་ཆེན་གྱི་བླ་མ་དེ་ཀུན་ཡིན། །གདམས་ངག་དེ་རྒྱུ་འབྲས་མངོན་གྱུར་ཡིན། །ལམ་ནོར་ས་མེད་པ་དེ་ལྟར་ཡིན། །ལྟ་བ་ཕྱོགས་འཛིན་མེད་པ་ཡིན། །སྒོམ་པ་བསམ་གཏན་ཡེང་མེད་ཡིན། །སྤྱོད་པ་བཅོས་མ་མེད་པ་ཡིན། །འབྲས་བུ་འཁོར་འདས་ལྷུན་གྲུབ་ཡིན། །མི་ང་ཡི་གནས་ལུགས་དེ་ལྟར་རྟོགས། །མཛེས་མ་ཁྱོད་ལ་བཤད་པ་ཡིན། །དེ་བས་གདམས་ངག་ཡོད་པ་ཡིན། །རྣལ་འབྱོར་བདག་ལ་གསུང་བར་ཞུ། །ཞེས་གསུང་པས་ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། །ལར་ནི་དྲི་རྟོག་བྱེད་པ་ལེགས། །དེང་སང་ལྔ་བརྒྱའི་སྙིགས་མ་ལ། །སེམས་ཅན་ལོག་པའི་དབང་སོང་བས། །བདེན་པར་གསུངས་པའི་སངས་རྒྱས་པས། །རྫུན་ལ་བརྟེན་པའི་མུ་སྟེགས་འདོད། །བདེ་ལེགས་འབྱུང་བའི་དམ་ཆོས་བས། །སྡུག་བསྔལ་འབྱུང་བའི་བོན་པོ་འདོད། །བསྟན་པ་འཛིན་པའི་དགེ་འདུན་བས། །བསྟན་པ་བསྣུབ་པའི་རྟགས་འཛིན་འདོད། །ཆོས་པ་འདོད་པའི་དུག་ལ་སྤྱོད། །སྒོམ་ཆེན་འདུ་འཛི་གཡེང་བ་བསྒྲུབས། །སྟོན་པ་ཚིག་དང་དོན་དུ་འཛོལ། །གཞན་དོན་རང་ཆེ་ཞེ་ཕུག་བཞག །བཙུན་པས་ཚུལ་ཁྲིམས་དམག་དཔོན་བྱེད། །སྔགས་པ་དམ་མེད་ནང་འགྲས་བྱེད། །རྣལ་འབྱོར་རྫུན་གྱི་ལྟོ་རྒྱབ་འཚོལ། །གསང་སྔགས་ཟབ་མོ་བོན་དུ་གྱེར། །གྲུབ་ཐོབ་མགོ་སྐོར་ཟས་ནོར་འཚོལ། །བླ་མ་ཆོས་བརྒྱད་རྟ་ཁས་ཁྱེར། །ཚོགས་གསོག་ཁ་ལེན་རླུང་གི་ཁྱེར། །ཡོན་ཏན་རིན་ཆེན་འོད་དུ་ནུབ། །གསེར་མདོག་ཅན་གྱི་བསྟན་པ་ལ། །ཚུལ་བཞིན་སྒྲུབ་པ་ཤིན་ཏུ་ཉུང་། །ཨ་མྲའི་འབྲས་བུ་བརྟགས་དཀའ་ལྟར། །ཡོན་ཏན་གང་ལ་ཡོད་པ་དང་། །སྐྱོན་རྣམས་གང་ལ་ཡོད་པ་རྣམས། །མངོན་དུ་བྱུང་ཡང་ཤེས་མི་མེད། །བརྒྱ་ལ་འགའ་ཞིག་སྒྲུབ་མོད་ཀྱང་། །བླ་མ་མཁས་པས་མ་ཟིན་པའི། །ཤེས་རབ་གསུམ་དང་མི་ལྡན་པས། བྱམས་པ་ལམ་དུ་འགྲོ་བ་ཉུང་། །དང་པོ་མཚན་མེད་ལྟ་བར་བཟུང་། །བར་དུ་སྤྱོད་མེད་སྤྱོད་པར་བཟུང་། །ཐ་མ་ཐོབ་མེད་འབྲས་བུར་བཟུང་། །དེ་ལྟར་འཆིང་འགྱུར་གྲོལ་མི་འགྱུར། །མི་རྣམས་འདྲིས་ཤིང་ངན་དུས་འདིར། །སྤྲང་པོའི་ཚུལ་འཛིན་འདྲིས་མི་བྱ། །མི་རྣམས་ལོག་རྟོག་ཆེ་དུས་འདིར། །ཡོན་ཏན་གཞན་ལ་གསང་བར་བྱ། །མི་རྣམས་འགྲོགས་ཤིང་འཚེ་དུས་འདིར། །གཅིག་པུར་གྲོགས་མེད་ལྡུམ་བུར་བྱ། །མི་རྣམས་རང་བཞིན་ངན་དུས་འདིར། །རི་ཁྲོད་དགོན་པར་བསྡད་པར་བྱ། །མི་རྣམས་མུ་ཅོར་སྨྲ་དུས་འདིར། །རྣལ་འབྱོར་རང་དབང་ཐོབ་པར་བྱ། །ངག་འཆལ་མི་དགེའི་རྒྱུ་ཡིན་ཕྱིར། །སྨྲ་བ་ངག་རྣམས་བསྡམ་པར་བྱ། །ཡོད་པ་སྡུག་བསྔལ་ཡིན་པའི་ཕྱིར། །སྤྲང་ཟས་ཁམ་རེས་ཆོག་པར་བྱ། །བྱས་པ་མི་རྟག་ཆོས་ཡིན་ཕྱིར། །བྱར་མེད་རང་སར་བཞག་པར་བྱ། །ཡོན་ཏན་ཐམས་ཅད་འབྱུང་བའི་ཕྱིར། །བཤེས་གཉེན་དམ་པ་བསྟེན་པར་བྱ། །ཕྱི་མ་ནམ་ཡིན་ཆ་མེད་ཕྱིར། །དེ་རིང་ཉིད་ནས་བསྒྲུབ་པར་བྱ། །གཞན་དོན་ཀུན་མཁྱེན་རྒྱུ་ཡིན་ཕྱིར། །བྱང་ཆུབ་སེམས་མཆོག་བསྒོམ་པར་བྱ། །བསོད་ནམས་ཚོགས་གསོག་རྒྱུ་ཡིན་ཕྱིར། །ལུས་ངག་དགེ་སྦྱོར་རྟག་ཏུ་བྱ། །སངས་རྒྱས་གཞན་ནས་མེད་པའི་ཕྱིར། །རང་སེམས་ངོ་བོ་རྟོགས་པར་བྱ། །ཐམས་ཅད་མཚན་མའི་ཆོས་ཡིན་ཕྱིར། །ཕྱག་རྒྱ་ཆེན་པོ་བཞག་པར་བྱ། །གཞན་གྱིས་དྲིས་ཀྱང་ཁར་མ་འདོན། །དེ་ཙམ་ཤེས་པར་གྱུར་པ་ན། །ཁྱེད་རང་འདི་ལྟར་འདུག་པ་ཅིག །ཞེས་ནི་ངེས་པར་ཟེར་བར་འགྱུར། །ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །དེ་སྔ་གསུངས་པ་ཐམས་ཅད་དོ། །ཁོ་བོ་རང་གིས་ཤེས་པར་བྱ། །གདམས་ངག་ཡོད་ན་ད་རུང་གསུངས། །ཀྱེ་ཧོ་གསོན་དང་རྣལ་འབྱོར་པ། ཁྱོད་ཀྱིས་དེ་ལྟར་ཤེས་མོད་ཀྱང་། །རྟག་ཏུ་སྡོད་ཆོས་བྱེད་པ་ལ། །མི་རྟག་ཤེས་པས་ཅི་ལ་ཕན། །འཁོར་བའི་སྡུག་བསྔལ་སྒྲུབ་པ་ལ། །རྒྱུ་འབྲས་ཤེས་པས་ཅི་ལ་ཕན། །གྲགས་ལ་ཆགས་ཤིང་ཞེན་པ་ན། གདུང་འབྲས་ཤེས་པས་ཅི་ལ་ཕན། །རྟག་ཏུ་སྡིག་པ་སྤྱོད་པ་ལ། །དགེ་བ་ཤེས་པས་ཅི་ལ་ཕན། །དགེ་བ་ཅུང་ཟད་མི་སྒྲུབ་པའི། །ལེགས་ཉེས་ཤེས་པས་ཅི་ལ་ཕན། །བཀའ་ལུང་དགོངས་པ་མི་ཁྲོལ་བའི། །ཆོས་རྒྱུད་ཤེས་པས་ཅི་ལ་ཕན། །ཆོས་ལ་བྱན་མོ་མི་ཆུད་ན། །ཆོས་མང་ཐོས་པས་ཅི་ལ་ཕན། །རང་གི་རྒྱུད་ལ་མ་ཕན་ན། །བཤད་པ་བྱས་པས་ཅི་ལ་ཕན། །ཚུལ་ཁྲིམས་སྣ་གཅིག་མི་སྲུང་བའི། །རབ་ཏུ་བྱུང་བས་ཅི་ལ་ཕན། །ཁྱད་པར་བཞི་དང་མི་ལྡན་པའི། །སྔགས་པ་ཡིན་པས་ཅི་ལ་ཕན། །ཡོན་ཏན་གོང་མ་མ་སྐྱེས་པའི། །རྣལ་འབྱོར་ཡིན་པས་ཅི་ལ་ཕན། །གཞན་དོན་བག་ཙམ་མི་བྱེད་པའི། །སེམས་བསྐྱེད་བྱས་པས་ཅི་ལ་ཕན། །ཚུལ་བཞིན་ཉམས་སུ་མི་ལེན་པའི། །དགོན་པ་བསྟེན་པས་ཅི་ལ་ཕན། །བསྟན་པའི་སྤྱི་རྒྱ་མི་འཚོ་བའི། །གནས་གཉིས་བྱས་པས་ཅི་ལ་ཕན། །དེ་ནས་ཉམས་སུ་མི་ལེན་པའི། །བྱ་བསམ་ཡོད་པའི་ཅི་ལ་ཕན། །དམ་ཚིག་ཚུལ་བཞིན་མི་བསྲུང་བའི། །དབང་བསྐུར་བྱས་པས་ཅི་ལ་ཕན། །སྣོད་མིན་རྣམས་ལ་གསང་བ་བསྒྲགས། །གཉེན་པར་ཤེས་པས་ཅི་ལ་ཕན། །བདག་གཞན་གང་ལའང་མི་ཤེས་པའི། །དཔེ་ཆ་མང་པས་ཅི་ལ་ཕན། །བསོད་ནམས་རྒྱ་ཆེན་མ་བསགས་པའི། །ནོར་མང་ཡོད་པས་ཅི་ལ་ཕན། །ཆགས་སྡང་གཉིས་ལ་གནས་པ་ཡི། །མཉམ་ཉིད་ཤེས་པ་ཅི་ལ་ཕན། །འདོད་ཆགས་དུག་ལ་སྤྱོད་པ་ཡི། །གཉེན་པོ་ཤེས་པས་ཅི་ལ་ཕན། རྟག་ཏུ་ཞེ་སྡང་རྒྱུད་སྦྱངས་པས། །བྱམས་པ་ཤེས་པས་ཅི་ལ་ཕན། །དགེ་སྡིག་ཁྱད་པར་མི་ཤེས་པའི། །ཤེས་རབ་ཆེ་བས་ཅི་ལ་ཕན། །ང་རྒྱལ་མིན་པ་མི་བསམ་པའི། །དམན་སྤྱོད་ཤེས་པས་ཅི་ལ་ཕན། །ཁ་གྲང་འབའ་ཞིག་གཙོར་བྱེད་པའི། །འདུ་བྱས་དགེ་བས་ཅི་ལ་ཕན། །རྟག་ཏུ་སྡིག་པ་འཕེལ་བ་ཡི། །གྲོགས་པོ་བསྟེན་པས་ཅི་ལ་ཕན། །སྡུག་བསྔལ་ཆེ་ཞིང་གྲོག་སྦུར་འཆི། །མཁར་ལས་བྱས་པས་ཅི་ལ་ཕན། །འཁྲི་བ་རྦད་ཀྱིས་མི་གཅོད་པའི། །སྐྱོ་བ་སྐྱེས་པས་ཅི་ལ་ཕན། །རང་ཉིད་ཉམས་སུ་མི་ལེན་པས། །གདམས་ངག་ཤེས་པས་ཅི་ལ་ཕན། །ཟས་ནོར་རང་གི་སྲོག་བས་འཕང་། །འདོད་པ་སྤངས་པས་ཅི་ལ་ཕན། །གནས་ལུགས་གཏན་ལ་མི་ཕེབ་པའི། །ལྟ་བ་མཐོ་བས་ཅི་ལ་ཕན། །སེམས་ཉིད་ངོ་བོ་མི་ཤེས་པའི། །ཡུན་རིང་བསྒོམས་པས་ཅི་ལ་ཕན། །དགེ་སྦྱོར་གྲོགས་སུ་མི་འགྲོ་བའི། །སྤྱོད་པ་བྱས་པས་ཅི་ལ་ཕན། །ཟག་མེད་བདེ་བ་མི་འཐོབ་པའི། །འབྲས་བུ་ཐོབ་པས་ཅི་ལ་ཕན། །དཀོན་མཆོག་གསུམ་ལ་མི་བརྟེན་པའི། །དད་པ་ཆེ་བས་ཅི་ལ་ཕན། །རང་ལ་རང་ཡིད་མ་ཆེས་པའི། །གཞན་གྱིས་བསྟོད་པས་ཅི་ལ་ཕན། །རང་གི་ཅི་ངན་བྱེད་པ་ཡི། །བླ་མ་བཟང་བས་ཅི་ལ་ཕན། །སེམས་ཅན་གཞན་ལ་མནར་སེམས་པའི། །སྙིང་རྗེ་བསྒོམ་པས་ཅི་ལ་ཕན། །བདུད་བཞིའི་བར་ཆད་མི་སེལ་བའི། །བྱིན་རླབས་ཆེ་བས་ཅི་ལ་ཕན། །ཉོན་མོངས་གཡུལ་ངོ་མི་ཟློག་པའི། །དཔའ་བོ་ཡིན་པས་ཅི་ལ་ཕན། །འཁོར་བའི་གཡང་ས་མི་ཆོད་པའི། །ཡང་རྩལ་ཆེ་བས་ཅི་ལ་ཕན། །མ་རིག་མུན་པ་མི་སེལ་བའི། །རིག་པ་རྣོ་བས་ཅི་ལ་ཕན། །རང་སྐྱོན་སྣ་གཅིག་མི་རྟོགས་པའི། །མཛངས་པ་ཡིན་པས་ཅི་ལ་ཕན། །གཞན་སྐྱོན་འབའ་ཞིག་བརྗོད་པ་ཡི། །མཐུན་པ་འདོད་པས་ཅི་ལ་ཕན། །ཐ་མར་ཅིས་ཀྱང་འཆི་བ་ལ། །ད་ལྟ་ཆགས་པས་ཅི་ལ་ཕན། །རང་སེམས་སངས་རྒྱས་ཡིན་པ་ལ། །གཞན་དུ་བཙལ་བས་ཅི་ལ་ཕན། །ཆོས་རྣམས་སེམས་སུ་མ་ཤེས་ན། །གྲུབ་མཐའ་ཤེས་པས་ཅི་ལ་ཕན། །གོ་བར་གྱིས་ལ་རྒྱུད་ལ་སྦྱོར། །དེ་ལྟར་གོ་བར་མ་གྱུར་ཅིང་། །རང་གི་རྒྱུད་ལ་མ་སྦྱང་ན། །བདེ་བ་རྙེད་པ་དཀའ་མོར་གདའ། །ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །ཕྱི་བཟུང་བའི་ཡུལ་དུ་སྣང་བ་འདི། །ནང་འཛིན་པའི་སེམས་སུ་བློ་ཐག་ཆོད། །ཐ་དད་འདུག་ཀྱང་གང་དགར་ཐོགས། །སེམས་ཉིད་སྐྱེ་འགག་མེད་པར་རྟོགས། །ཐམས་ཅད་སྟོང་ཉིད་རང་བཞིན་ལ། །དྲན་པའི་རྣམ་རྟོག་འཕྲུལ་ཉིད་བྱུང་ཡང་། །ནམ་མཁའི་སྤྲིན་བཞིན་གང་དགར་ཐོང་། །སེམས་ཉིད་བདེ་བ་ཆེན་པོར་རྟོགས། །བདེ་ཆེན་ཟུང་འཇུག་སྤྱོད་པ་ལ། །རྟག་ཆད་མཚན་མ་ཅི་བྱུང་ཡང་། །མཉམ་ཉིད་ཆེན་པོར་གང་དགར་ཐོང་། །འཁོར་བ་མྱང་ངན་འདས་པ་རྣམས། །ཐ་མལ་ཤེས་པ་ངང་དུ་རྫོགས། །འབྲས་བུ་ཐོབ་དང་མ་ཐོབ་དག །དབྱིངས་དག་པའི་ངང་དུ་གང་དགར་ཐོགས། །ལེགས་སོ་མཛེས་སྡུག་ཡིད་འཕྲོག་མ། །ཐུགས་མ་ཡེངས་ལྷན་ནེ་སྙན་གསོན་དང་། །རྣལ་འབྱོར་བདག་གི་རིག་པ་ལ། །ཉམས་དང་རྟོགས་པ་འདི་ལྟར་ཤར། །སེམས་ཉིད་ནམ་མཁའ་དངས་པ་ལ། །གྲུབ་མཐའ་ས་ལམ་བྱེ་བྲག་རྣམས། །དབྱེར་མེད་རིག་པའི་ངང་དུ་རྫོགས། །སྤྲོས་དང་བྲལ་བའི་རྣལ་འབྱོར་ལགས། །སེམས་འཕོ་འགྱུར་མེད་པའི་རི་བོ་ལ། །གཞན་དོན་ལྷུན་གྲུབ་རྩི་ཤིང་རྒྱས། །བདེ་ཆེན་ལོ་གདབ་འབྲས་བུ་སྨིན། །རྩོལ་སྦྲུབ་བྲལ་བའི་རྣལ་འབྱོར་ལགས། །སེམས་མི་གཡོ་རྒྱ་མཚོ་ཆེན་པོ་ལ། །གཞན་དོན་ཡིད་བཞིན་ནོར་བུ་གང་། །ཅི་འདོད་དགོས་དགུ་ཐམས་ཅད་འབྱུང་། །འབྱོར་པར་ལྡན་པའི་རྣལ་འབྱོར་ལགས། །སེམས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ། །ཐེག་ཆེན་གསུང་མཆོག་རྒྱུན་སྒྲ་ཡིས། །རྟག་ཆད་ཐེ་ཚོམ་གཅོད་པར་བྱེད། །བར་ཆད་མེད་པའི་རྣལ་འབྱོར་ལགས། །སེམས་འོད་གསལ་ཉི་ཟླ་རྒྱས་པ་ལགས། །གཞན་དོན་ཐུགས་རྗེའི་འོད་ཟེར་འཕྲོ། །གདུལ་བྱ་མ་རིག་མུན་པ་སེལ། །འོད་གསལ་ཆེན་པོའི་རྣལ་འབྱོར་ལགས། །སེམས་འོད་གསེར་གྱི་སྒྲོམ་བུ་ལ། །ཡིད་ཆེས་མངོན་གྱུར་ཞུན་དང་ལྡན། །ཡོན་ཏན་འབྱུང་གནས་རྒྱན་དུ་ཆེ། །གང་དང་འབྱོར་པའི་རྣལ་འབྱོར་ལགས། །སེམས་གདོད་ནས་རང་བྱུང་རྫོགས་སངས་རྒྱས། སེམས་དགོས་འདོད་རྩོལ་སྒྲུབ་མཐའ་ལས་འདས། །འགྱུར་མེད་དུས་གསུམ་མཉམ་ཉིད་གནས། །ལྷུན་གྱིས་གྲུབ་པའི་རྣལ་འབྱོར་ལགས། །ཚིག་ཚོགས་མང་པོའི་དགོས་པ་མེད། །ད་ནི་དོན་ལ་དྲིལ་ལ་ཐོང་། །དགེ་བ་དག་ནི་སྡིག་པའི་ཆོས། །བསམ་པ་བཟང་ངན་ཁྱད་པར་ཡིན། །བཀའ་དང་བསྟན་བཅོས་གདམས་ངག་དང་། །ཆོས་ཀྱི་རྣམ་གྲངས་ཇི་སྙེད་པ། །མིང་གི་རྣམ་གྲངས་སོ་སོ་ཡང་། །སེམས་ལ་རྟོགས་པར་གསུངས་པ་ཅིག །དཔེར་ན་ཤིང་རིགས་ཐ་དད་ཀྱང་། །གྲིབ་མ་གཅིག་པ་དེ་བཞིན་ནོ། །དེ་ལ་གང་ཟག་ལོག་སྲེད་ཅན། །བཟང་ངན་འདོད་ན་འཁྲུལ་པའི་ལམ། །འཁོར་བའི་སྐྱོན་རྣམས་ཐམས་ཅད་དང་། །མྱ་ངན་འདས་པའི་ཡོན་ཏན་རྣམས། །རང་རིག་སེམས་ཀྱི་ངང་དུ་རྫོགས། །དེ་བས་ལྷག་པ་མེད་དོ་སྙམ། །རྗེ་བཙུན་མི་ལ་རས་པ་དང་བུ་མོ་ཡིད་འཕྲོག་མ་གཉིས་ཀྱི་ཞུས་ལེན་མགུར་དུ་གསུངས་པའི་སྐོར་རོ། །


previousལྷ་ཡི་ལྷར་གྱུར་པའི་ཡོན་ཏན།next