Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་སྒྲོན་མེ་བལྟམས་པའི་ཡོན་ཏན།
   
   
   
   


 
previousཡེ་ཤེས་སྒྲོན་མེ་བལྟམས་པའི་ཡོན་ཏན།next

ཡེ་ཤེས་སྒྲོན་མེ་བལྟམས་པའི་ཡོན་ཏན།

དེ་ནས་བཅུ་གསུམ་པ་ཡེ་ཤེས་སྒྲོན་མེ་བལྟམས་པའི་ཡོན་ཏན་ནི། ཤེལ་སྟོད་ལྷ་མི་མགུལ། མེ་ཤེལ་བྲག་གི་རྐེད་ཕ་བོང་རྟ་སྒ་ཅན་གྱི་སྟེང་དུ་རྗེ་བཙུན་དཔོན་སློབ་བཞུགས་པ་ལ། རས་ཆུང་པ་ལ་ལྟ་བ་ཅི་འདུག་ལྟ་བའི་དོན་དུ་བསླུ་བ་བཅུ་གཉིས་ཀྱི་མགུར་འདི་གསུངས་སོ། །འཇིག་རྟེན་ཆོས་ཀྱིས་བསླུ་བསླུ་འདྲ། །ད་ཡང་དོན་ལ་ཉེར་ལེན་ན། །ཟང་ཟིང་གཡེང་བས་བསླུ་བསླུ་འདྲ། །ད་ནི་གཉིས་མེད་ཉམས་སུ་ལོང་། །འཁོར་དང་གཡོག་གིས་བསླུ་བསླུ་འདྲ། །ད་ནི་གཅིག་པུར་རི་ཁྲོད་འགྲིམ། །ནོར་དང་ཟས་ཀྱིས་བསླུ་བསླུ་འདྲ། །ད་ནི་ཡོད་ཚད་ཆོས་ལ་ཐོང་། །ཕྱི་སྣང་བའི་ཡུལ་གྱི་བསླུ་བསླུ་འདྲ། །ད་ནི་ནང་གི་སེམས་ལ་ལྟོས། །རྣལ་འབྱོར་རྟོག་པས་བསླུ་བསླུ་འདྲ། །ད་ནི་ཡེ་ཤེས་རྗེས་སུ་འབྲངས། །ཆོས་དྲང་བའི་དོན་གྱིས་བསླུ་བསླུ་འདྲ། །ད་ནི་ངེས་དོན་གཏན་ལ་ཕོབ། །ཡིག་ནག་དཔེ་ཆས་བསླུ་བསླུ་འདྲ། །ད་ནི་སྙན་བརྒྱུད་གདམས་ངག་སྒོམས། །ཐ་སྙད་བཤད་པས་བསླུ་བསླུ་འདྲ། །ད་ནི་མ་བཅོས་ལྷུག་པར་ཞོག །སྐྱེ་འཆི་གཉིས་ཀྱི་བསླུས་བསླུས་འདྲ། །ད་ནི་སྐྱེ་མེད་དོན་ལ་ལྟོས། །ཐ་མལ་ཤེས་པས་བསླུ་བསླུ་འདྲ། །ད་ནི་རིག་པའི་རྩལ་སྦྱངས་གྱིས། །སེམས་འཛིན་སྤྲོས་པས་བསླུ་བསླུ་འདྲ། །ད་ནི་གནས་ལུགས་སྟེང་དུ་ཞོག །ཞེས་གསུངས་པས་རས་ཆུང་པས་བླ་མ་ལ་བསླུ་བ་མེད། ང་ལ་དགོངས་ཟིན་བསམ་ནས་ལྟ་སྒོམ་གནད་དུ་དྲིལ་བའི་མགུར་འདི་ཕུལ་ལོ། །ཕ་བླ་མ་དམ་པ་སྙན་གསོན་དང་། །བདག་རྨོངས་པའི་བློ་འདི་ཡི་རེ་མུག །ཐུགས་རྗེའི་ཞགས་པས་བཟུང་དུ་གསོལ། །རྟག་ཆད་གཉིས་ཀྱི་སོ་མཚམས་སུ། །མཐའ་བྲལ་ལྟ་བ་སྟོང་སྟེ་ཐལ། །གནས་ལུགས་གཏན་ལ་མ་ཕེབས་སོ། །བྱིང་རྒོད་གཉིས་ཀྱི་སོ་མཚམས་ན། །བདེ་གསལ་སྒོམ་པ་སྟོར་ཏེ་ཐལ། །ཞེན་པ་ལོག་ཏུ་མ་འདོད་དོ། །བླང་དོར་གཉིས་ཀྱི་སོ་མཚམས་ན། །རང་ཤུགས་སྤྱོད་པ་སྟོར་ཏེ་ཐལ། འཁྲུལ་པ་འཇིག་ཏུ་མ་འདོད་དོ། །ཟོལ་ཟོག་གཉིས་ཀྱི་སོ་མཚམས་ན། །རྣམ་དག་དམ་ཚིག་སྟོར་ཏེ་ཐལ། །གཡོ་རྒྱུ་ཆམ་ལ་མ་ཕེབས་སོ། །འཁོར་འདས་གཉིས་ཀྱི་སོ་མཚམས་ན། །རང་སེམས་སངས་རྒྱས་སྟོར་ཏེ་ཐལ། །ཆོས་སྐུ་རྟོགས་སུ་མ་འདོད་དོ། །རེ་དོགས་གཉིས་ཀྱི་སོ་མཚམས་ན། །འབྲས་བུ་སྐུ་བཞི་སྟོར་ཏེ་ཐལ། །རང་ངོ་རང་གིས་མ་ཤེས་སོ། །བླ་མ་རྗེ་བཙུན་རིན་པོ་ཆེ། །སྔར་ཡང་ཐུགས་རྗེས་བཟུང་བཟུང་བས། །ད་ཡང་སྐུ་དྲིན་བསྐྱངས་དུ་གསོལ། །ཞེས་ཞུས་པས། བླ་མའི་ཞལ་ནས་རས་ཆུང་པ། ཁྱོད་ལ་དེ་བས་དྲག་པ་ཅིག་ཡོད། ང་ལ་གསང་དུ་མི་རུང་། རྟོགས་པ་ཕུལ་ཅིག་གསུངས་པས། རས་ཆུང་པས་རྙེད་པ་བདུན་གྱི་རྟོགས་པ་འདི་ཕུལ་ལོ། །བླ་མ་ཁྱེད་ཀྱི་བཀའ་དྲིན་གྱིས། །རྙེད་པ་བདུན་གྱི་དོན་ཅིག་རྟོགས། །སྣང་བའི་ནང་ནས་སྟོང་པ་རྙེད། །ད་དངོས་པོ་ཡོད་སྙམ་མི་བགྱིད་དོ། །སྟོང་པའི་ནང་ནས་ཆོས་སྐུ་རྙེད། །ད་བྱ་རྩོལ་ཡོད་སྙམ་མི་བགྱིད་དོ། །སྣ་ཚོགས་ནང་ནས་གཉིས་མེད་རྙེད། །ད་འདུ་འབྲལ་ཡོད་སྙམ་མི་བགྱིད་དོ། །དཀར་དམར་ནང་ནས་མཉམ་ཉིད་རྙེད། །ད་དགག་སྒྲུབ་ཡོད་སྙམ་བགྱིད་དོ། །སྒྱུ་ལུས་ནང་ནས་བདེ་ཆེན་རྙེད། །ད་སྡུག་བསྔལ་ཡོད་སྙམ་མི་བགྱིད་དོ། །ཀུན་རྫོབ་ནང་ན་དོན་དམ་རྙེད། ད་འཁྲུལ་པ་ཡོད་སྙམ་མི་བགྱིད་དོ། །རང་སེམས་ནང་ནས་སངས་རྒྱས་རྙེད། །ད་འཁོར་བ་ཡོད་སྙམ་མི་བགྱིད་དོ། །ཞེས་ཞུས་པས། བླ་མའི་ཞལ་ནས། དེ་ཉམས་མྱོང་ཀློང་དུ་གྱུར་པ་ནི་མ་ཡིན། ཉམས་འདི་འདྲ་ཞིག་དགོས་པ་ཡིན་གསུང་ནས་མགུར་འདི་གསུངས་སོ། །སྣང་དང་སྟོང་པ་དབྱེར་མེད་ན། །ལྟ་བ་ཀློང་དུ་གྱུར་པ་ཡིན། རྨི་ལམ་དང་ཉིན་པར་ཁྱད་མེད་ན། །སྒོམ་པ་ཀློང་དུ་གྱུར་པ་ཡིན། །བདེ་དང་སྡུག་བསྔལ་ཁྱེད་མེད་ན། སྤྱོད་པ་ཀློང་དུ་གྱུར་པ་ཡིན། །ཚེ་འདི་དང་ཕྱི་མ་ཁྱད་མེད་ན། གནས་ལུགས་ཀློང་དུ་གྱུར་པ་ཡིན། །སེམས་དང་ནམ་མཁའ་ཁྱད་མེད་ན། །ཆོས་སྐུ་ཀློང་དུ་གྱུར་པ་ཡིན། །སྐྱིད་དང་སྡུག་བསྔལ་ཁྱད་མེད་ན། །གདམས་ངག་ཀློང་དུ་གྱུར་པ་ཡིན། །ཉོན་མོངས་ཡེ་ཤེས་ཁྱད་མེད་ན། །རྟོགས་ཚད་ཀློང་དུ་གྱུར་པ་ཡིན། །རང་སེམས་དང་སངས་རྒྱས་ཁྱད་མེད་ན། །འབྲས་བུ་ཀློང་དུ་གྱུར་པ་ཡིན། །ཞེས་གསུངས་པས། རས་ཆུང་པས། མཐར་ཐུག་གི་སྐྱེལ་ས་འདི་ལས་མེད་བྱ་བ་འཁྲུངས་ཚད་ཀྱི་རྟོགས་པ། བར་དོ་དྲུག་ཏུ་དྲིལ་ནས་ཕུལ་བ་ཡིན་ནོ། །བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །སྣང་སྟོང་གཉིས་ཀྱི་བར་དོ་ན། །སྟོང་པའི་ལྟ་བ་ཡུལ་ན་མེད། །རྣམ་རྟོག་གྲུབ་མཐའ་ངས་མི་ཤེས། །ད་ལྟ་སྐྱེ་མེད་བློ་ལས་འདས། །འདི་ལྡོམ་བུ་བདག་གི་ལྟ་བ་ཡིན། །ཤེས་རབ་ཅན་འཛོམ་ཡང་གནོང་རྒྱུ་མེད། །བདེ་སྟོང་གཉིས་ཀྱི་བར་དོ་ན། །ཞི་གནས་ཆུ་རྒྱུན་ཡུལ་ན་མེད། །སྡུག་བཙིར་སེམས་འཛིན་ངས་མི་བྱེད། །མ་ཡེངས་གཉུག་མའི་ངང་ལ་འབྱམས། །འདི་ལྡོམ་བུ་བདག་གི་སྒོམ་པ་ཡིན། །གྲོགས་རྟོགས་ལྡན་འཚེངས་ཀྱང་གནོང་རྒྱུ་མེད། །ཆགས་ཆེན་ཆགས་བྲལ་བར་དོ་ན། །ཟག་བཅས་བདེ་བ་ཡུལ་ན་མེད། །ཚུལ་འཆལ་ལོག་འཚོ་ངས་མི་སྒྲུབ། །ད་ལྟ་ཅིར་སྣང་གྲོགས་སུ་འཆར། འདི་ལྡོམ་བུ་བདག་གི་སྤྱོད་པ་ཡིན། །གྲོགས་མཁས་བཙུན་འཛོམ་ཡང་གནོང་རྒྱུ་མེད། སྐྱོན་ཅན་སྐྱོན་མེད་བར་དོ་ན། །རྣམ་དག་དཀར་བའི་སེམས་ལས་མེད། །གཡོ་སྒྱུ་ཟོལ་ཟོག་ངས་མི་བྱེད། །ད་ལྟ་རང་སེམས་དཔང་དུ་བཙུགས། །འདི་ལྡོམ་བུ་བདག་གི་དམ་ཚིག་ཡིན། །གྲོགས་ཁྲིམས་ལྡན་ཚོགས་ཀྱང་གནོང་རྒྱུ་མེད། །འཁོར་འདས་གཉིས་ཀྱི་བར་དོ་ན། །སེམས་ཅན་སངས་རྒྱས་གཉིས་སུ་མེད། །ད་ལྟ་སྡུག་བསྔལ་བདེ་བར་ཤར། རེ་དོགས་འབྲས་བུ་ངས་མི་འདོད། །འདི་ལྡོམ་བུ་བདག་གི་འབྲས་བུ་ཡིན། །གྲོགས་གྲུབ་ཆེན་ཚོགས་ཀྱང་གནོང་རྒྱུ་མེད། །ཚིག་དང་དོན་གྱི་བར་དོ་ན། མཁས་པའི་ཐ་སྙད་ཡུལ་ན་མེད། །བློ་མ་རིག་ཐེ་ཚོམ་ངས་མི་བྱེད། །ད་ལྟ་སྣང་སྲིད་ཆོས་སྐུར་ཤར། །འདི་ལྡོམ་བུ་བདག་གི་རྟོགས་པ་ཡིན། །གྲོགས་སྟོན་ཆེན་ཚོགས་ཀྱང་གནོང་རྒྱུ་མེད། །ཅེས་ཕུལ་བས་བླ་མ་ཡང་མཉེས་ཏེ། རས་ཆུང་པ་ཁྱོད་སློབ་མ་དམ་ལྡན་ཡིན། ཁྱོད་ལ་དང་པོ་ཤེས་རབ་ཡོད། བར་དུ་ཐོས་བསམ་བྱས། ཐ་མར་ཟབ་མོ་གསང་སྔགས་བསྒོམས། ད་ཁ་ནང་དུ་ལྟོས་གསུངས་ནས་གསུང་བ་སུམ་ཅུ་མགུར་དུ་གསུངས་སོ། །བུ་རྟེན་དུ་དཀོན་མཆོག་བཟང་ངོ་གསུངས། །གྲོགས་སུ་དད་པ་བརྟན་ཅིག་གསུངས། གདོན་དུ་རྣམ་རྟོག་ཆེའོ་གསུངས། །བདུད་དུ་ང་རྒྱལ་ཆེའོ་གསུངས། །སྡིག་ཏུ་སྐུར་པ་ཆེའོ་གསུངས། །ལམ་དུ་ཕྲག་དོག་གནོད་དོ་གསུངས། །ཕུང་ཁྲོལ་ཆང་གིས་བྱེད་དོ་གསུངས། །སྡིག་པ་སྟོབས་བཞིས་མ་བཤགས་ན། །འགྲོ་བ་དྲུག་ཏུ་འཁྱམ་མོ་གསུངས། །བསོད་ནམས་འབད་ནས་མ་བསགས་ན། །ཐར་པའི་བདེ་བ་མི་འཐོབ་གསུངས། །མི་དགེ་བཅུ་པོ་མ་སྤོང་ན། །མཐོ་རིས་ཐར་པ་མི་འཐོབ་གསུངས། །སྟོང་ཉིད་སྙིང་རྗེ་མ་བསྒོམ་ན། །མཐར་ཐུག་སངས་རྒྱས་མི་འཐོབ་གསུངས། །ཚེ་འདིར་སངས་རྒྱས་འཐོབ་འདོད་ན། །རང་སེམས་ཡེང་མེད་ལྟོས་ཤིག་གསུངས། །རྒྱུད་ཀྱི་མཐར་ཐུག་བསྡུས་པའི་དོན། །རྣལ་འབྱོར་དྲུག་ལྡན་སྒོམས་ཤིག་གསུངས། །གདམས་ངག་མཐར་ཐུག་བསྡུས་པའི་དོན། །གསང་སྔགས་ཐབས་ལམ་སྒོམས་ཤིག་གསུངས། །རྙེད་དང་བཀུར་སྟི་གྲགས་འདོད་ན། །བདུད་ཀྱི་ཁ་རུ་ཚུད་དོ་གསུངས། །བདག་བསྟོད་གཞན་ལ་སྨོད་པ་ན། །འཇིགས་པའི་གཡང་སར་ལྷུང་ངོ་གསུངས། །སེམས་ཀྱི་གླང་པོ་མ་བཏུལ་ན། །གདམས་ངག་མཁན་གྱིས་བསླུའོ་གསུངས། །བསོད་ནམས་སེམས་བསྐྱེད་ཆེའོ་གསུངས། །ལྟ་བ་སྐྱེ་མེད་བཟང་ངོ་གསུངས། །ཉམས་ལེན་ཐབས་ལམ་བཟང་ངོ་གསུངས། །ལག་ལེན་རྩ་རླུང་གྱིས་ཤིག་གསུངས། །ལྷན་སྐྱེས་ངོ་ཡིས་ཟུངས་ཤིག་གསུངས། །དམ་པ་རྗེ་དང་སྤྱོད་ཅིག་གསུངས། །མི་ཚེ་ཕན་པ་མ་ཟད་གསུངས། །རང་སེམས་སྐྱེ་མེད་ལྟོས་ཤིག་གསུངས། །འཁོར་བར་བདེ་བ་མ་རེ་གསུངས། །སྡུག་བསྔལ་སྐྱོན་དུ་མ་ལྟ་གསུངས། །སེམས་རྟོགས་ན་སངས་རྒྱས་ཡིན་ནོ་གསུངས། །མང་དུ་སྤྲོས་པ་མི་དགོས་གསུངས། །དོན་དེ་ལས་ཟབ་པ་མེད་དོ་གསུངས། །གནད་དེ་ཆེའོ་བླ་མས་གསུངས། །ཡང་གསུངས་པ། སྣོད་ངན་གདམས་ངག་བྱིན་པ་འཕངས། །ཉམས་མྱོང་གླུ་རུ་ལེན་པ་འཕངས། །རྣལ་འབྱོར་གྲོང་དུ་འཁྱམས་པ་འཕངས། །འདི་ནི་འཕངས་པ་རྣམ་གསུམ་ཡིན། །གཅིག་ཏུ་མཁས་པའི་ཞབས་ཏོག་དགོས། །གཉིས་སུ་བླ་མའི་གདམས་ངག་དགོས། །གསུམ་དུ་སྒོམ་ལ་བསྲན་ཚུགས་དགོས། །འདི་ནི་དགོས་པ་རྣམ་གསུམ་ལགས། །དམ་ཚིག་ལྡན་པ་གྲོགས་སུ་གཅེས། །བདེ་སྟོང་དབྱེར་མེད་སེམས་ལ་གཅེས། །འདི་ནི་གཅེས་པ་རྣམ་གསུམ་ལགས། །འཕངས་གསུམ་གཅེས་གསུམ་དགོས་གསུམ་དགུ། །རྣལ་འབྱོར་བློ་ལ་ཤར་ནས་བླངས། ཡང་གསུངས་པ། འདུ་འཛི་སྤངས་པའི་དབེན་གནས་མེད། །ན་ཚ་མེད་པའི་ལུས་པོ་བདེ། །གྲང་དྲོ་མེད་པའི་རས་གོས་བདེ། །གཏུམ་མོ་སྦར་ན་ཡང་ཡང་བདེ། །རླུང་འགྲོ་འོང་མེ་ན་ཡང་ཡང་བདེ། །དྷུ་ཏིར་ཚུད་ན་ཡང་ཡང་བདེ། །ལུས་ལ་བདེ་བ་ཕེབས་ན་བདེ། །སེམས་ལ་འོད་གསལ་ཤར་ན་བདེ། །གཉིས་མེད་རྟོགས་ན་ཡང་ཡང་བདེ། །རླུང་གཉིས་ནང་དུ་ཞུགས་ན་བདེ། །སྨད་ན་གཏུམ་མོ་སྦར་ཏེ་བདེ། སྟོད་ན་བྱང་སེམས་ཕེབས་ཏེ་བདེ། །ལུས་ལ་བདེ་བ་རྒྱས་ཏེ་བདེ། །སེམས་ལ་འོད་གསལ་ཤར་ཏེ་བདེ། །ཉམས་མྱོང་ཆོས་ཉིད་འདྲེས་ཏེ་བདེ། །ཞེས་གསུངས། ཡང་རྗེ་བཙུན་གྱི་ཞལ་ནས། འཇིག་རྟེན་གྱི་བྱ་བ་ཀུན་སྤངས་ནས། །དལ་འབྱོར་ཐོབ་པའི་མི་ལུས་དཀའ། །འཁོར་བའི་ཆོས་ལ་ཡིད་འབྱུང་བས། །མྱ་ངན་འདས་ལ་དད་པ་དཀའ། །ལུང་རིགས་མན་ངག་ལྡན་པ་ཡི། །ཐུགས་རྗེ་ལྡན་པའི་བླ་མ་དཀའ། །དད་པ་སྐྱོ་ངལ་མེད་པ་ཡི། །ཉམས་སུ་ལེན་པའི་སློབ་མ་དཀའ། །འཇིགས་དང་འཚེ་བ་སྤངས་པ་ཡི། །ཕུན་སུམ་ཚོགས་པའི་དགོན་པ་དཀའ། །ལྟ་སྤྱོད་མཐུན་པར་གྱུར་པ་ཡི། །བསམ་པ་མཐུན་པའི་གྲོགས་པོ་དཀའ། །ན་དང་ཚ་བ་སྤངས་པ་ཡི། །བཀོལ་ཏུ་གཏུབ་པའི་ཕུང་པོ་དཀའ། །དེ་རྣམས་ཐམས་ཅད་ཀུན་འཛོམ་ཡང་། །རྩེ་གཅིག་པ་ཡི་བསམ་གཏན་དཀའ། །འདི་ནི་དཀའ་བའི་ཆོས་བརྒྱད་དེ། །དཀའ་ཡང་དཀའ་སྟེ་སྤྱད་ཀྱང་འཚལ། གསུང་སྐད། ཡང་གསུངས་པ་ལྟ་བ་རང་ངོ་ཤེས་ཙམ་ན། །གཞན་སྣང་མཚན་མ་རང་སར་གྲོལ། །བདག་གཞན་གཉིས་སུ་ཡོད་རེ་ཀན། །ལྟ་བའི་ཕྱོགས་སུ་གཟའ་གཏད་བྲལ། །སྒོམ་པ་རང་སོ་ཟིན་ཙམ་ན། །དགེ་སྡིག་མཚན་མ་རང་སར་གྲོལ། །བདེ་སྡུག་གཉིས་སུ་ཡོད་རེ་ཀན། །སྒོམ་པའི་ཕྱོགས་སུ་ཉམས་མྱོང་བྲལ། །སྤྱོད་པ་རང་རྒྱུད་ཟིན་ཙམ་ན། །དགྲ་ཟུན་མ་རང་སར་གྲོལ། །ཆགས་སྡང་གཉིས་སུ་ཡོད་རེ་ཀན། །སྤྱོད་པའི་ཕྱོགས་སུ་ཞེན་པ་བྲལ། འབྲས་བུ་རང་སར་གྲོལ་ཙམ་ན། །འཁོར་འདས་མཚན་མ་རང་སར་གྲོལ། །བླང་དོར་ཕྱོགས་སུ་རེ་དོགས་བྲལ། ཡང་གསུངས་པ། དམ་པའི་བརྒྱུད་པ་ཟིན་པ་དང་། །འཁྲུལ་པ་དབྱིངས་སུ་དག་པ་དང་། །བྱ་བ་གནས་སུ་ཐེང་བ་དང་། །འདི་གསུམ་ལྡན་ན་རྣལ་འབྱོར་ཡིན། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ། །མཚན་མའི་སེམས་འཛིན་དགོས་རྒྱུ་མེད། །སྤྲོས་བྲལ་ནང་ནས་ཤར་བ་ལ། །སྒྲ་དང་ཚད་མ་དགོས་རྒྱུ་མེད། །ཅེས་གསུངས། ཡང་གསུངས་པ། ལས་དང་སྐལ་པར་འཛོམ་པ་རྣམས། །བདུད་བཞིའི་དགྲ་ཡིས་མི་ཚུགས་ཤིང་། །སྣང་བ་ཧད་པོར་གྲོལ་བར་ངེས། །ཕྱི་རོལ་ཡུལ་ནི་རྟག་མི་ཐུབ། །རང་རིག་རང་གསལ་ངང་ལ་གནས། །བུམ་པའི་ནང་གི་མར་མེད་བཞིན། །ཤེས་པ་རང་གསལ་ཙམ་དུ་གནས། །ཐ་སྙད་ཚིག་ཏུ་བརྗོད་ཙ་ན། །འོད་གསལ་བྱ་རར་མིང་དུ་བཏགས། །བདེ་སྟོང་བྱ་བར་མིང་དུ་བཏགས། །རིག་སྟོང་བྱ་མར་མིང་དུ་བཏགས། །སྣང་སྟོང་བྱ་བར་མིང་དུ་བཏགས། །བཏགས་པ་ཙམ་དེ་ཚིག་ཏུ་ཟད། །ཚིག་ལ་བློ་བཞག་མ་ཉམས་ན། །བོགས་དང་གོམས་སྟོབས་ལས་བྱུང་བ། །ཀྱེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཉིད་ཀྱི་ཐུགས། །དགོངས་པའི་བརྡར་ཤ་བཅད་པ་ལ། །ཐུགས་འབྱུང་ཉིད་ཀྱིས་མ་བཅད་ན། །ཐོས་པ་མང་པོས་ག་ལ་ཕན། །ཞེས་གསུངས། ཡང་གསུངས་པ། ལྟ་བ་འཕང་ཚིག་ཏུ་ཤོར། །སེམས་སུ་འདྲེས་སུ་མ་འཚལ་ན། །སྒོམ་པ་བཏང་སྙོམས་པ་རུ་ཤོར། །སྒོམ་ཉམས་སྐྱེ་རུ་མ་འཚལ་ན། །སྤྱོད་པ་ཚུལ་འཆོས་ཐོ་ཅོར་ཤོར། །ཞེན་པ་ལོག་ཏུ་མ་འཚལ་ན། །འབྲས་བུ་རེ་དོགས་གཉིས་སུ་ཤོར། །རྟོགས་པ་ཤར་དུ་མ་འཚལ་ན། །རྣལ་འབྱོར་པ་ཡི་ཤོར་བཞི་ལགས། །ཞེས་གསུངས། ཡང་གསུང་པ། རྣམ་ཤེས་རླུང་གི་མན་ངག་གིས། །མི་རྟོག་ལྡིང་པོས་དགྲ་གཞོམ་འཚལ། །སྣང་བ་ཆོས་སྐུའི་མན་ངག་གིས། །འཁོར་འདས་གཉིས་ཀྱི་དགྲ་གཞོམ་འཚལ། །རིག་པ་རང་གསལ་མན་ངག་གིས། །སྒོམ་པ་སྐྱེ་མེད་དགྲ་གཞོམ་འཚལ། །ཞེས་གསུངས། ཡང་གསུངས་པ། ཡང་སྒོམ་ཆེན་ཁ་ལྟ་བ་རྣམས་ལ་གསུངས་པ། སྒོམ་ཆེན་མན་ངག་མེད་པ་དེ། །ཤུལ་རིང་མགྲོན་པོ་ལམ་སྟོར་འདྲ། །སྒོམ་ཆེན་ཞེན་པ་མ་སྤངས་པ། །བྱ་ཆེན་ཐོད་ལ་འཁོར་བ་འདྲ། །སྒོམ་ཆེན་ཐོས་པ་ཆུང་བ་དེ། བོད་ཕྲུག་རྟོད་ལ་མནན་པ་འདྲ། །སྒོམ་ཆེན་སྤྱོད་པ་ཉེས་པ་དེ། །བྱིས་པ་གཅེས་ཕྲུག་བསླབ་ཉེས་འདྲ། །སྒོམ་ཆེན་འཚོ་བས་མ་འབྱོངས་པ། །ཁྱི་རྒན་གྲོང་རྒྱུག་བྱེད་པ་འདྲ། །ཞེས་གསུངས། ཡང་གསུངས་པ། རྗེ་བྱིན་རླབས་ཅན་ལ་ཕྱག་འཚལ་ལོ། །ལྟ་བའི་ཟུང་འཇུག་བློ་རེ་བདེ། །སྒོམ་པའི་ཟུང་འཇུག་ཉམས་རེ་དགའ། །སྤྱོད་པའི་ཟུང་འཇུག་དང་རེ་སྤྲོས། །ཟུང་འཇུག་གསུམ་པོ་ངོ་མཚར་ཆེ། །ལྟ་བའི་ཟུང་འཇུག་མ་ཤེས་ན། །སྣང་སྲིད་ཆོས་སུ་ག་ལ་ཤེས། །སྒོམ་པའི་ཟུང་འཇུག་མ་ཤེས་ན། །སྡུག་བསྔལ་བདེ་བ་ཅི་ལ་སེལ། །སྤྱོད་པའི་ཟུང་འཇུག་མ་ཤེས་ན། །ཞེན་པ་རང་གྲོལ་ག་ལ་ཤེས། འགྲོ་དྲུག་གནས་པའི་སེམས་ཅན་དང་། །མྱ་ངན་འདས་པའི་ཡེ་ཤེས་གཉིས། །དབྱེར་མེད་ངང་དུ་ངོ་བོ་གཅིག །ལྟ་བའི་ཟུང་འཇུག་དེ་ལ་མཛོད། །སྣ་ཚོགས་སྣང་བ་དཀར་དམར་དང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། དབྱེར་མེད་ཆོས་སྐུར་ངོ་བོ་གཅིག །སྒོམ་པའི་ཟུང་འཇུག་དེ་ལ་མཛོད། །ཆུ་ཟླ་བཞིན་དུ་ཀུན་ལ་ཁྱབ། །འཇའ་ཚོན་བཞིན་དུ་ངོས་བཟུང་མེད། །མར་མེ་བཞིན་དུ་ཀུན་ལ་གསལ། །སྤྱོད་པའི་ཟུང་འཇུག་དེ་ལ་མཛོད། །དེ་ཕྱིར་སེམས་ཅན་ཡོངས་ལ་འདུད། །རྗེ་ཡི་ཟུང་འཇུག་རྣམ་གསུམ་ལགས། །ཞེས་གསུངས། ཡང་རྗེ་བཙུན་གྱིས་བཀྲ་ཤིས་མགུར་དུ་གསུངས་སོ། །རྡོ་རྗེ་འཆང་གི་བྱིན་གྱིས་རློབས། །རང་དོན་མཐར་ཕྱིན་གདུལ་བྱ་རྣམས། །བདེ་ལེགས་ས་ལ་འགོད་མཛད་པ། །ཏེ་ལོ་པ་ཡི་བཀྲ་ཤིས་ཤོག །མི་ཕྱེད་དད་བརྩོན་ལྡན་པས། །སྡུག་བསྔལ་ཁྱད་བསད་བཀའ་བཞིན་བསྒྲུབས། །ཚེ་འདིར་མཆོག་གི་དངོས་གྲུབ་བརྙེས། དཔལ་ནཱ་རོ་པ་ཡི་བཀྲ་ཤིས་ཤོག །དཀའ་བ་སྤྱད་པས་བླ་མ་མཆོག །བསྟེན་ནས་གདམས་ངག་བདུད་རྩི་འཐུངས། །གདོང་དམར་ཡུལ་དུ་གསལ་བྱེད་སྒྲོན། །སྒྲ་བསྒྱུར་ལོ་ཙཱའི་བཀྲ་ཤིས་ཤོག །བརྩོན་པའི་དམ་བཅས་རི་ཁྲོད་བརྟེན། །མཁའ་འགྲོས་བྱིན་བརླབས་འོད་གསལ་ཤར། །རྣམ་འཕྲུལ་མཛད་ནས་འགྲོ་བ་འདུལ། །རྗེ་བཙུན་རས་པའི་བཀྲ་ཤིས་ཤོག །འོད་གསལ་སྐྱེ་མེད་ངང་ལས་མི་གཡོ་བས། ཆོས་དབྱིངས་མཁའ་ལ་ཆགས་སྡང་གཏི་མུག་སྤྲིན། །ཡེ་ཤེས་རླུང་གིས་རྣམ་པར་སྟོར་གྱུར་ཅིང་། །སྣང་མེད་མཁའ་ལ་འོད་ཟེར་རབ་འཕྲོ་བའི། །བརྒྱུད་པའི་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །རི་དང་ས་གཞི་ཐམས་ཅད་སྣུམ་ཞིང་གཤིན། །ལྗོན་ཤིང་འབྲས་བུ་མེ་ཏོག་ཁུར་ཆེན་ཁྱེར། །ཆར་རྣམས་དུས་སུ་ལོ་ཏོག་སྐྱེད་ལ་མཁས། །འདི་ནི་བཀྲ་ཤིས་མཚན་མ་དང་པོའོ། །ལོ་དང་ཟླ་བ་དུས་རྣམས་ཐམས་ཅད་བཟང་། །གཟའ་དང་རྒྱུ་སྐར་ཐམས་ཅད་དགེ་བར་གྱུར། །ཕྱོགས་རྣམས་སྐྱོང་བ་ཐམས་ཅད་དཔལ་དང་ལྡན། །འདི་ནི་བཀྲ་ཤིས་མཚན་མ་གཉིས་པའོ། །སྐྱེ་བོ་ཐམས་ཅད་དད་པའི་སེམས་དང་ལྡན། །བྱམས་པ་ལྡན་ནས་སྡུག་ལ་ཕྲག་དོག་མེད། །ལོ་འདབ་བཞིན་དུ་དགེ་བ་ངང་གིས་འཕེལ། །འདི་ནི་བཀྲ་ཤིས་མཚན་མ་གསུམ་པའོ། །ལྷ་རྣམས་ཐམས་ཅད་མཁའ་ལ་མེ་ཏོག་འཐོར། །དྲི་ཟ་རྣམས་ཀྱིས་སྙན་པའི་གླུ་དབྱངས་ལེན། །རྒྱལ་ཆེན་བཞི་རྣམས་རིན་ཆེན་ཆར་དུ་འབེབས། །འདི་ནི་བཀྲ་ཤིས་མཚན་མ་བཞི་པའོ། །ཨུ་དུམ་ཝ་རའི་མེ་ཏོག་འཇིག་རྟེན་འབྱོན། །བྱང་ཆུབ་ལྗོན་ཤིང་རིན་ཆེན་མེ་ཏོག་རྒྱས། །གསལ་བའི་འོད་ཀྱིས་འཇིག་རྟེན་ཀུན་ཏུ་ཁྱབ། །འདི་ནི་འཇིག་རྟེན་བཀྲ་ཤིས་མཚན་མ་ལྔ་པའོ། །འཇིག་རྟེན་དུ་ནི་ཆོས་རྗེ་བླ་མ་བྱོན། །སྲིད་པ་གསུམ་ལ་རྒྱལ་བར་དམ་བཅའ་མཛད། །འགྲོ་བའི་དེད་དཔོན་ཉིད་དུ་ཞལ་གྱིས་བཞེས། །འདི་ནི་བཀྲ་ཤིས་མཚན་མ་དྲུག་པའོ། །བཤེས་གཉེན་དམ་པ་བྱང་ཆུབ་ཤིང་དྲུང་བཞུགས། །སངས་རྒྱས་ཡོད་ཏན་མ་ལུས་མངོན་དུ་གྱུར། །བསམ་པ་ཇི་བཞིན་དམ་ཆོས་བདུད་རྩི་འགྱེད། །འདི་ནི་བཀྲ་ཤིས་མཚན་མ་བདུན་པའོ། །བཀྲ་ཤིས་མཚན་མ་འདི་བདུན་བརྗོད་པ་ཡི། །སྐྱེ་བོ་ཐམས་ཅད་ཚེ་རིང་ནད་མེད་དང་། །དཔལ་དང་འབྱོར་པ་ཤིན་ཏུ་རྒྱས་པ་དང་། །སངས་རྒྱས་ཡོན་ཏན་མ་ལུས་ཐོབ་པར་ཤོག །ཅེས་གསུངས་སོ། །དེ་ཐམས་ཅད་བྲག་སྟེང་རྟ་སྒོ་ལ་སོགས་པའི་སྐོར་རོ། ། ༈ དེ་ནས་རྗེ་བཙུན་ཡབ་སྲས་དོམ་ལུང་བྱ་བའི་བྲག་གསེབ་ཅིག་ཏུ་བྱོན་ནས་བཞུགས་པ་ལ། རས་ཆུང་པས། བླ་མ་ལ་ཕྱག་འཚལ་བསྐོར་བ་བྱས་ཏེ། རྗེ་བཙུན་ཆེན་པོ་ཉིད་ལྷོ་བྲག་པ་ཆེན་པོའི་སྤྱན་སྔར་བྱོན་པ་ལ། གདམས་ངག་ཇི་ལྟ་བུ་ཞུས། ཁོང་གིས་ཀྱང་ཇི་ལྟར་གནང་། བདག་ལ་གསུང་བར་ཞུ་ཞུས་པ། རྗེ་བཙུན་ཆེན་པོའི་ཞལ་ནས། སྤྲོས་མེད་ཆོས་སྐུའི་ནམ་མཁའ་ལ། །འགགས་མེད་ཐུགས་རྗེས་སྤྲིན་བསྡུས་ཏེ། །ལུས་ཅན་སྐྱབས་གྱུར་འགྲོ་བའི་མགོན། །རྗེ་སྐུ་དྲིན་ཅན་སྐྱབས་སུ་མཆི། །དཔལ་དྲི་མ་མེད་པའི་ཞིང་ཁམས་སུ། །མི་ང་པོ་ཟེར་བ་མཐའ་ཡས་ཀྱང་། །ཡུལ་རྒྱ་གར་དབུས་ན་སྒྲ་ཆེ་བ། །འོད་ཉི་ཟླ་ལྟ་བུར་གསལ་བ་དེ། རྗེ་ནཱ་རོ་མཻ་ཏྲི་རྣམ་གཉིས་ལགས། ཕ་གྲུབ་ཐོབ་གཉིས་ཀྱི་ཐུགས་ཀྱི་སྲས། །དུས་གསུམ་སངས་རྒྱས་རྣམས་ཀྱི་བཅུད་བསྡུས་པ། །མཚན་ལྷོ་བྲག་མར་པ་ཞེས་སུ་གྲགས། །གནས་ཉིས་ཤུ་རྩ་བའི་ངོ་བོ་གཅིག །ཡོན་ཏན་གཏེར་ཆེན་འབྱུང་བའི་ས། །མཁའ་འགྲོ་འདུ་བའི་དབེན་གནས་སུ། །མཚན་སྙན་པའི་འབྲུག་སྒྲ་ཀུན་ནས་ཆེམས། །སྒྲ་དེ་ཐོས་ཁོ་བོ་མ་བཟོད་དེ། །སླར་འབད་རྩོལ་དྲག་པོའི་སྤྱན་སྔར་ཕྱིན། །སྐུ་མཐོང་བས་བ་སྤུ་གཏིང་ནས་གཡོས། ཁོང་ཚེ་སྔོན་གྱི་བླ་མ་ཡིན་པར་ངེས། །གསུང་ཐོས་པ་ཙམ་གྱིས་སྡིག་སྒྲིབ་ཟད། །སྤྱིར་ཀ་ཆེན་བཞི་ལ་ཁུང་ཕྱུང་ནས། །ལྟས་ངན་གཡང་དུ་བླངས་ནས་ཀྱང་། །མཚོན་ངར་མ་ལྟ་བུའི་རྣོ་བཞིན་དུ། །ལམ་སྲིད་པ་གསུམ་པོ་གཅོད་བྱེད་ཅིང་། ཚེ་གཅིག་བྱང་ཆུབ་འགྲུབ་པ་ཅིག །ཕ་སངས་རྒྱས་དེ་ལ་གདའོ་ཟེར། །དེ་དམན་པ་བདག་ལ་གནང་འཚལ་ཞུས། །ཕ་སངས་རྒྱས་དེ་ཡི་ཞལ་ནས་ཀྱང་། །ཤཱཀ་ཐུབ་བསྟན་པ་རྒུད་ལ་ཉེ། །སྙིགས་མའི་སེམས་ཅན་ཉོན་མོངས་རག །ཚེ་ཐུང་ནད་མེད་ལོངས་སྤྱོད་དབུལ། །མི་ཐར་པ་སྒྲུབ་པ་ཉིན་སྐར་ཙམ། །ཁྱོད་ཤེས་བྱའི་གཤིས་ལ་མི་འཆོར་ཞིང་། མི་ང་ལ་གདམས་ངག་ཡོད་དོ་གསུངས། །གསེར་ཞུན་མ་ལྟ་བུའི་གདམས་ངག་བསྟན། ཁྱོད་ལེ་ལོ་ལྟོ་ཕྱིར་མ་འབྲང་བར། །རྩེ་གཅིག་སྒྲུབ་པ་བྱས་པ་ན། །རིག་པ་མཐའ་སངས་ཉམས་མྱོང་དང་། །དོན་འབད་རྩོལ་སྒོམ་པའི་ཏིང་འཛིན་དང་། །སེམས་གཞི་རྩ་ཆོད་པའི་རྟོགས་པ་གསུམ། དུས་གཅིག་མཉམ་པ་ཉིད་དུ་འོང་། །གནད་དེ་ལ་འདྲིས་ཤིང་འཇག་གྱུར་པས། །འགྱུར་མེད་བརྟན་པོར་དག་གོ་གསུངས། །མི་ངས་ཟེར་གཅིག་པུར་བྱེད་པ་ན། །བུ་དཔའ་བོ་ཁྲོམ་ཤོག་ཅིག་འོང་ངོ་གསུངས། །མ་ངེད་ལ་འདྲིས་ཤིང་ཞེ་སྡང་ཚིག་འདི་ཡོད། །ཁྱོད་ད་རུང་ཉོན་ཅིག་སྐལ་ལྡན་བུ། །བྱ་ལོའི་མཆོད་རྫས་བཞིན་རྙིང་པས། །བཞིན་ལེགས་ཀྱང་ང་རྒྱལ་མ་ཆེ་བར། །སྙིང་རུས་རྡོ་ལ་ཡི་གེ་བྲིས། །ཞི་གནས་རྡེངས་པའི་གཉིད་མ་ལོག །གཟེར་གསུམ་རིག་པ་གསོ་ཡིས་ཐོབ། །ཡེ་ཤེས་མེ་སྟག་ཆུ་རིས་ལ། །དྲན་པའི་མེ་གསོས་མྱུར་དུ་རྣོན། །འཁོར་བའི་བཙོན་ར་སྒྲོལ་འདོད་ཅིང་། །མྱང་ངན་འདས་པར་མངོན་དགའ་ན། །མི་ངས་ཟེར་མ་ཉན་ཅི་བྱེད་ལྟོས། ལར་ངས་ཟེར་ཉོན་ལ་ང་ཕྱིར་འབྲོང་། །ཚེ་འདི་ལ་མ་དགའ་ཕྱི་མ་སོམ། །སྙིང་ནས་གྲུབ་པ་བགྱིས་ཙམ་ན། །དུས་གསུམ་སངས་རྒྱས་གཏིང་ནས་མཉེས། །རྗེ་ལོ་ཙཱ་ཆེན་པོའི་སྐུ་དྲིན་འཁོར། །མི་ང་ཡང་དགའ་ཞིང་བྲོད་པར་འོང་། །ཚེ་འདི་བས་ཕྱི་མ་ཤིན་ཏུ་བདེ། །ཞེས་གསུངས་པས། རས་ཆུང་པས་བླ་མ་ལགས། ཕ་ཡུལ་སྤངས་ནས་ཆོས་ཕྱེད་རྫོགས་ཟེར་བ་ཅིག་འདུག་པ་ཨེ་བདེན་ཞུས་པས། དེ་ལ་ངེས་པ་མི་འདུག །ཆོས་སྤྱོད་ལ་དེ་སྐད་ཟེར་ལོ་ཟེར་ཡང་ཕ་ཡུལ་ཇི་ལྟར་སྤངས་ལ་རག་ལས་ཏེ་གསུངས་ནས་མགུར་འདི་གསུངས་སོ། །རིགས་ཀྱི་བདག་པོའི་ངོ་བོ་ཉིད། །སྤྱི་གཙུག་བདེ་ཆེན་ཕོ་བྲང་ནས། །སྐྱོན་གྱི་མ་གོས་བླ་མ་དེ། །ཡོན་ཏན་ཚོགས་ཀྱིས་རབ་བརྒྱན་ཏེ། །སྐུ་ལྟ་བས་མི་ངོམ་རྗེ་ལ་བསྟོད། །ཕ་ཡུལ་སྤངས་པའི་མི་ལུས་ཡང་། །ངོ་སྲུང་ལུགས་དང་ཚུལ་བཞིན་དགོས། །གྲགས་དང་སྙན་པ་ཆེ་ན་དཀའ། །དེར་ཡང་འཇིག་རྟེན་ཆོས་ཀྱི་སླེབས། །ཟས་བཀུར་སྟི་སྤངས་པའི་སྤྲང་ཟས་དེ། །ཚོགས་གསོག་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་ཞིམ་ལ་མངར་ལ་དགའ། །དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །གོས་ཐེར་ཕྲུག་སྤངས་པའི་དུག་པོ་ཡང་། །ཚེམ་དྲུབས་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་དྲོ་ལ་ཡང་ན་དགའ། །དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །མཁར་ཁྱིམ་སྤངས་པའི་ས་ཕུག་ཡང་། །ཐིག་ཚགས་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་བཙན་ལ་རུབ་ན་དགའ། །དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །ཞིང་ཆེན་སྤངས་པའི་ཞིང་ཆུང་ཡང་། །སོ་ནམ་ལུགས་དང་ཚུལ་བཞིན་དགོས། །ལོ་ཐོག་བཟང་ལ་མང་ན་དགའ། །དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །འཁོར་བའི་ཆོས་ཉིད་གཞི་བྲལ་དེ། །བརྟགས་ན་ངོས་བཟུང་མེད་པ་ལ། །རྟོགས་ན་མྱ་ངན་འདས་པ་ཡིན། །ཐམས་ཅད་སྟོང་པ་ཆོས་ཉིད་ལ། །རྣལ་འབྱོར་རྟོགས་པས་མ་འཛིན་ཅིག །ཅེས་གསུངས་པས་རས་ཆུང་པས། ལགས་དེ་ལ་གོ་རྒྱུ་བཟང་པོ་ཅིག་བྱུང་། ཆོས་སྤྱི་ལ་བཤད་པ་དེ་ལ་གོ་རྒྱུ་ཡེ་ནས་མ་བྱུང་ཟིན་ཞུས་པས། འོ་བུ་དེ་བཞིན་རང་ཡིན། དོན་དང་ཚིག་འབྲེལ་པ་དཀའ་མོ་རང་ཡོད། ངེས་ཤེས་སེམས་ལ་མ་སྐྱེས་ན། ཁ་ལ་ལབ་རྒྱུ་མང་ཡང་འཆལ་གཏམ་ཡིན་གསུངས་ནས་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཆོས་སྙིང་རུས་ནུས་པར་ཐུགས་རྗེས་ཟུངས། །ཕྱི་རབས་གང་ཟག་ཐམས་ཅད་ང་ལ་ཉོན། །ཡོན་ཏན་ཐམས་ཅད་རབ་ལྡན་པའི། དུས་གསུམ་སངས་རྒྱས་བླ་མ་དེ། །ཆོས་སྐུ་རང་ལ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་པ། །ཞལ་ནས་གསུངས་པའི་གདམས་ངག་ལ། །དུག་ལྔ་བཅོམ་པའི་སྨན་མཆོག་དེ། །བདུད་རྩི་རང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་པ། །བླ་མའི་མཛད་སྤྱོད་རྣམ་ཐར་ལ། །མངོན་སྤྱོད་ལས་རྣམས་བསྒྲུབ་པ་ལ། །སྤྲུལ་སྐུ་ངང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་པ། །སེམས་མི་འགྱུ་དགུ་འགྱུའི་དྲན་རྟོག་འདི། །སེམས་ཀྱང་སྐྱེ་མེད་རྩ་བ་བྲལ། །དྲན་པ་ཡེངས་མེད་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་པ། །ཉོན་མོངས་དུག་མཚོའི་ཁ་རླངས་དེ། །ཤིང་ཐག་མེ་ཡིས་བསྲེགས་པ་བཞིན། ཉོན་མོངས་འཆིང་མེད་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་པ། །འདོད་ཁམས་ལྷ་ཡི་བདེ་བ་ཡང་། །ནམ་ཟླ་དུས་བཞིའི་འགྱུར་ལྡོག་བཞིན། །འཁོར་བར་སྐྱིད་མེད་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་པ། །མི་རྟག་ནམ་མཁའི་གློག་དང་འདྲ། །འབབ་ཆུ་དང་ནི་སྤོས་རྒྱ་བཞིན། །ཚེ་འདི་ལ་ལོངས་མེད་ཡིད་ཆེས་དགོས། བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་པ། །སྙིང་གཏམ་དུ་རང་གཞན་ཐམས་ཅད་འཆི། ཅིས་ཀྱང་མི་སྡོད་འཆི་བ་ལ། །འཆི་ཆོས་བསྒྲུབ་པས་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་པ། །ཞེས་གསུངས་པས། རས་ཆུང་པ་དང་འབྲི་སྒོམ་གཉིས་སྣང་བ་མཐོ་ལིང་ངེ་སོང་ནས་ཆོས་གཏམ་བྱས་ཏེ། རས་ཆུང་པས། ནཱ་རོ་པས་བསྒོམས་པའི་སྟེང་ནས་ལྟ་བ་རྟོགས་པས་བཞེད་པ་ལེགས་ཟེར། འབྲི་སྒོམ་གླིང་ཁ་བས་མེ་ཏྲི་པའི་ལྟ་བའི་སྟེང་ནས་བསྒོམས་པས་རྟོགས་པར་བཞེད་པ་ལེགས་ཟེར་ནས་རྩོད་པ་ལ། བླ་མའི་ཞལ་ནས། ཁྱེད་རང་གཉིས་ང་ཡི་གླུ་འདི་ལ་ཉོན་ལ་ད་གཟོད་རྩོད་ཅིག་གསུངས་ནས་མགུར་འདི་གསུངས་སོ། །འོ་ན་སྐྱིད་དོ་དེ་རིང་དགའ། །དྲིན་ཆེན་གྱི་བླ་མ་གཙུག་ན་བཞུགས། །འབྲལ་མེད་ཀྱི་རྟོགས་པ་རྒྱུད་ལ་སྐྱེས། །ཁྱོད་གཅོད་ཁམས་ཅན་གྱི་སྟོན་སྒོམ་གཉིས། །ཉེར་ལེན་ནང་ནས་མ་འཕྲོད་ན། །ཀུ་ཅོ་འདེབས་པ་ང་རྒྱལ་ཡིན། ལར་སྒྲོ་འདོགས་ནང་ནས་ཆོད་པ་ལ། །མཐའ་བྲལ་ལྟ་བ་མི་ཟེར་རམ། ཉམས་མྱོང་དང་འབྲེལ་པ་རྒྱན་དུ་ཆེ། །བདེ་སྟོང་ཉམས་མྱོང་སྐྱེས་པ་ལ། །སྙན་བརྒྱུད་ཀྱི་གདམས་ངག་མི་ཟེར་རམ། །དབང་བཞི་དང་འབྲེལ་པ་རྒྱན་དུ་ཆེ། །སྟོང་ཉིད་ཀྱི་གསལ་རིག་ཕྱེད་པ་ལ། །ས་ལམ་གྱི་རིམ་པ་མི་ཟེར་རམ། །ལམ་རྟགས་དང་འབྲེལ་པ་རྒྱན་དུ་ཆེ། །རང་སེམས་ཟད་སར་སྐྱེལ་བ་ལ། །ཚེ་གཅིག་གི་སངས་རྒྱས་མི་ཟེར་རམ། །སྐུ་བཞི་དང་འབྲེལ་པ་རྒྱན་དུ་ཆེ། །ལུང་རིགས་དང་མན་ངག་ལྡན་པ་ལ། །རྒྱུད་ལྡན་གྱི་བླ་མ་ཡིན་ནམ་ཟེར། །ཐུགས་རྗེ་དང་འབྲེལ་པ་རྒྱན་དུ་ཆེ། །དད་ལྡན་སྙིང་རྗེ་ཆེ་བ་ལ། །སྣོད་ལྡན་གྱི་སློབ་ལ་མི་ཟེར་རམ། །མོས་གུས་དང་འབྲེལ་པ་རྒྱན་དུ་ཆེ། །ལར་སེམས་ཐག་ལྟ་བས་གཅོད་པ་ཡིན། །ཉམས་སུ་སྒོམ་པས་ལེན་པ་ཡིན། །སྤྱོད་པས་མཐའ་རུ་འདོན་པ་ཡིན། །གྲོགས་སུ་གདམས་ངག་འཁྱེར་བ་ཡིན། །མངོན་དུ་སྐུ་བཞི་བྱེད་པ་ཡིན། །འབྲས་བུ་སེམས་སུ་འདོད་པ་ཡིན། །ཐམས་ཅད་གཅིག་ཏུ་རྩི་བ་ཡིན། །ཞེས་གསུངས་པས་ཁོང་གཉིས་རང་ཞི་ལ་སོང་སྟེ། ཆོས་མང་པོ་ཤེས་པས་ཅི་ལ་ཕན་བླ་མའི་མགུར་རེ་རེའི་སྣང་བ་ལིང་ལིང་འགྱུར་ཞིང་འདུག་ཞུས་པས། བླ་མའི་ཞལ་ནས་ངས་བྱས་པས་ཕན་ན་ལེགས་ཏེ་ངས་ནི་ད་རུང་སྒོམ་རང་འདོད་གསུངས་ནས་མགུར་འདི་གསུངས་སོ། །ལུང་རིགས་རྒྱ་མཚོའི་དགོངས་པ་ལ། །ལྟ་བའི་མདོ་འགག་མ་ནོར་ཅིག །བརྒྱ་ལ་མདོ་འགག་ནོར་བ་ན། །སྒོམ་ཆེན་སློབ་གཉེར་དྲན་དོགས་ཡོད། །ཉམས་ཟང་ཟིང་ལང་ལིང་མང་བ་ན། སྒོམ་ཆེན་ཐེ་ཚོམ་མ་ཟ་ཞིག །བརྒྱ་ལ་ཐེ་ཚོམ་ཟོས་པ་ན། །ཉམས་ལ་འདྲེ་རྡུང་བྱེད་ཉེས་ཡོད། །སྙིང་རུས་སྡུག་བསྲན་འབད་དུས་སུ། །སྡིག་སློང་ན་ཚ་འོང་ཉེན་ཡོད། །བརྒྱ་ལ་ན་ཚ་བྱུང་བ་ན། །ལོག་པའི་རིམ་གྲོ་བྱེད་ཉེན་ཡོད། །འབྲས་བུ་སངས་རྒྱས་ཐོབ་འདོད་ན། །ཉམས་ལང་ལིང་མཐོ་དམན་མང་པོ་ཡོངས། །དེ་ལ་རང་སོར་མ་བཞག་ན། །སྤང་བླང་བྱས་པས་སྒོམ་ཆེན་འཁྲུལ། །བླ་མའི་ངོ་སྤྲོད་མ་མཆིས་པའི། སྒོམ་ལོ་བྱས་ཀྱང་དོན་མི་རྟོགས། །མང་པོ་བཤད་ཀྱང་གོ་རྒྱུ་མེད། །མན་ངག་གནད་འགག་ཟིན་པ་གྱིས། །མི་མེད་ལུང་པ་སྟོང་པ་ན། །མི་ལ་རས་པ་ཉམས་མྱོང་སྐྱོང་། །མི་ལ་སྒོམ་བསྲན་མ་ཆུང་ཅིག །བརྒྱ་ལ་སྒོམ་བསྲན་ཆུང་བ་ན། །སེམས་ལེ་ལོའི་འདམ་དུ་བྱིང་ཉེན་ཡོད། །འདིར་ཁ་བཤད་ཆོས་གཏམ་མ་རྩོད་པར། །སེམས་སྒོམ་འདོད་ཡེང་བ་མེད་པར་བརྩོན། །ཞེས་གསུངས་སོ། །ཡང་རང་སེམས་གྲོས་འདེབས་ཀྱི་མགུར་འདི་གསུངས་པ། ན་མོ་གུ་རུ། དབེན་པའི་རི་ཁྲོད་མི་འགྲིམ་ནས། །ད་གྲོང་ཡུལ་གཡང་ཆགས་ཅིག་བྱེད་པ། །སྲད་མ་ཅན་ཁྱོད་ལ་དགོས་པ་ལགས་སོ། །ད་རུང་རྗེ་གོང་མའི་མཛད་སྤྱོད་མ་མཐོང་བར་འདུག་པ། །ད་མནོ་བསམ་ཅིག་ཐོང་ལ་སྙིང་རུས་ཤིག་བསྐྱེད་དང་། །རས་གོས་རྐྱང་པ་ཙམ་རེས་མི་གོན་པ་ནི། །ད་རུང་སྣལ་མའི་དུག་པོ་མི་འཚེམ་པ། །ལེ་ལོ་ཅན་ཁྱོད་ལ་དགོས་པ་ཅིག་ལགས་སོ། །ད་རུང་ལུས་ལ་གཏུམ་མོ་མེ་སྦར་བར་འདུག་པ། ད་མནོ་བསམ་ཅིག་ཐོང་ལ་སྙིང་རུས་ཤིག་བསྐྱེད་དང་། །ཟས་སུ་ཏིང་འཛིན་མི་གསོལ་བར་ནི། །ད་རུང་ཞིམ་བཅུ་མངར་དགུ་འདོད་པ། །ཞིམ་ལྟོ་ཅན་ཁྱོད་ལ་དགོས་པ་ཅིག་ལགས་སོ། །ད་རུང་ཟས་ནི་སྲེད་པ་མ་སྤངས་པར་འདུག་པ། །ད་མནོ་བསམ་ཅིག་ཐོང་ལ་སྙིང་རུས་ཤིག་བསྐྱེད་དང་། །སྤྲང་པོའི་དམན་ས་ཅིག་མི་འཛིན་པར་ནི། །ད་རུང་གཞན་གྱི་ཕྱེ་གཏོར་འགམ་པ། །ཚུལ་འཆོས་ཅན་ཁྱོད་ལ་དགོས་པ་ལགས་སོ། །ད་མནོ་བསམ་ཞིག་ཐོང་ལ་སྙིང་རུས་ཤིག་བསྐྱེད་དང་། །ཞེན་མེད་ཀྱི་ལྡོམ་བུ་མི་བྱེད་པར་ནི། །ད་རུང་རྙེད་པ་བཀུར་སྟི་འཚོལ་བ། ལོག་སྲེད་ཅན་ཁྱེད་ལ་དགོས་པ་ཅིག་ལགས་སོ། །ད་རུང་ཞེན་པ་ནང་ནས་མ་ལོག་པར་འདུག་པ། །ད་མནོ་བསམ་ཞིག་ཐོང་ལ་སྙིང་རུས་ཞིག་བསྐྱེད་དང་། །སྐྱེ་མེད་ཉམས་སུ་མི་ལེན་པར་ནི། །ད་རུང་མཐུན་འཇུག་གི་ཕོ་ཟོ་ཅིག་བསྐྱེད་པར། །སྒྲིག་ཀ་ཅན་ཁྱོད་ལ་དགོས་པ་ཅིག་ལགས་སོ། །ད་རུང་སྔར་གྱི་སྤྱོད་པ་མ་འགྱུར་བར་འདུག་པ། །ད་མནོ་བསམ་ཞིག་ཐོང་ལ་སྙིང་རུས་ཤིག་བསྐྱེད་དང་། །གཉེན་མེད་བཤེས་མེད་ཀྱི་ཡུལ་དུ་མི་འཁྱམས་པར་ནི། །ད་རུང་སྔར་འདྲིས་ཀྱི་ཡུལ་དུ་འདུག་པ། གདུང་སེམས་ཅན་ཁྱོད་ལ་དགོས་པ་ཅིག་ལགས་སོ། །ད་རུང་དགྲ་གཉེན་མ་ཤེས་པར་འདུག་པ། །ད་མནོ་བསམ་ཞིག་ཐོང་ལ་སྙིང་རུས་ཤིག་བསྐྱེད་དང་། །བརྗེད་མེད་ཀྱི་དོན་ལ་མི་ལྟ་བར་ནི། །ད་རུང་ཡིག་ནག་གི་དཔེ་ཆ་ཅིག་གསོག་པ། །ཟིན་བྲིས་ཅན་ཁྱོད་ལ་དགོས་པ་ཅིག་ལགས་སོ། །ད་རུང་སྣང་བ་དཔེ་ཆར་མ་ཤར་བར་འདུག་པ། །ད་མནོ་བསམ་ཞིག་ཐོང་ལ་སྙིང་རུས་ཤིག་བསྐྱེད་དང་། །ཞེས་གསུངས་སོ། །དེ་ཐམས་ཅད་དོམ་ལུང་བྲག་གསེབ་ཀྱི་སྐོར་རོ།། །།དེ་ནས་རྗེ་བཙུན་བྲིན་གྱི་སྤྲོ་བདེ་ཕུག་བྱ་བ་ན་བཞུགས་དུས། སློབ་མ་རས་པ་རྡོ་རྗེ་དབང་ཕྱུག་ཡོན་བདག་འགའ་བྱུང་ནས་ངེད་ཚོའི་ཉམས་ལེན་གང་ལ་བྱེད་ཞུས་པའི་ལེན་དུ་མགུར་འདི་གསུངས་སོ། །སེམས་ལས་གཞན་པའི་སངས་རྒྱས་མེད། །ལམ་རྩ་དང་རླུང་ལས་མྱུར་བ་མེད། །ཉམས་བདེ་སྟོང་གཉིས་ལས་བཟང་བ་མེད། །ལྷ་དཀོན་མཚོག་གསུམ་ལས་གཉན་པ་མེད། །དྲིན་བླ་མ་རྗེ་ལས་ཆེ་བ་མེད། །དེ་འགྲོ་བ་ཀུན་གྱི་སྤྱི་བོར་བཀུར། །མ་ནོར་ལམ་སྣ་མྱུར་དུ་འདྲེན། །ཡིད་ཆེས་དྲོད་རྟགས་འབྲལ་བ་མེད། །དེ་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན། །དྲོད་ཚད་ནང་ནས་ཤར་བ་ཡིན། །རེ་དོགས་གཉིས་པོ་མི་གདའ་ན། །རང་གི་སེམས་ཐག་ཆོད་པ་ཡིན། །ཐེ་ཚོམ་ཡིད་གཉིས་མི་གདའ་ན། །བརྒྱུད་པའི་གདམས་པ་ཐེབ་པ་ཡིན། །སྣང་སྲིད་སྒྱུ་མར་འབྱོངས་པ་ཡིན། །སྣང་བ་བྱིན་གྱིས་རློབས་པ་ཡིན། །སེམས་ཅན་སྙིང་རྗེས་ཟིན་པ་ཡིན། །བྱམས་པ་རྒྱུད་ལ་སྐྱེས་པ་ཡིན། །བླ་མ་སངས་རྒྱས་སུ་ཤེས་པ་ཡིན། །བྱིན་རླབས་ལག་བཅང་དུ་ཐག་པ་ཡིན། །ཟུར་སྡེབས་ཚིག་རྐང་གཅོད་པ་ཡིན། །གོ་བས་བསམ་ན་ཆོས་སུ་འདུག །མ་གོ་སྟོང་འགྱུར་དབྱངས་སུ་མཐོང་། །ཞེས་གསུས་ཏེ་གདམས་ངག་གནང་ནས་བསྒོམ་དུ་བཅུག་པས། སློབ་མ་དེ་རྣམས་ལ་ཉམས་རྟོགས་པ་སྐྱེས་ནས་ཁོང་རྣམས་ན་རེ། བླ་མའི་བཞུགས་གནས་གང་དུ་ཡོད། །དངོས་གྲུབ་དང་ཐུགས་དམ་གང་བཟང་། །བདེ་སྐྱིད་དང་སྤྲོ་བ་ཇི་ལྟ་བུ་སྐྱེས། །ཞེས་ཞུས་པས་ཡང་མགུར་འདི་གསུངས་སོ། །ང་ཡི་བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །ཡང་མེས་ཏེ་ལོ་བཟང་པོ་ཡིན། །མེས་པོ་ནཱ་རོ་པཎ་ཆེན་ཡིན། །ཕ་རྒན་མར་པ་ལོ་ཙྭ་ཡིན། །ང་རང་མི་ལ་རས་པ་ཡིན། །གདམས་ངག་འོད་གསལ་རྒྱུན་ཆགས་ཡིན། དེ་ནི་ཡིན་པ་རྣམ་དྲུག་ཡིན། །དྲུག་པ་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །གླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་ལན་མི་ལའི་རྫུན་དྲུག་འཆད། གནས་ཆུ་ཤིང་འཛོམ་པའི་དགོན་པ་ན། །འཁོར་ཉེ་གནས་ཟེར་བ་རྫུན་དུ་གདའ། །ཟ་རོགས་ངན་པ་དགོས་རྒྱུ་མེད། །གཏམ་ངན་མང་པོ་རྣ་བ་ཚ། །ལུས་ལ་གཏུམ་མོ་འབར་ཙ་ན། ཐེར་ཕྲུག་མང་པོ་རྫུན་དུ་གདའ། །དུག་ཧྲུལ་ཁྲེས་པོ་བྱ་རྒྱུ་མེད། །ཤི་དུས་གྲོགས་མཆོད་ཞེན་པ་མེད། །སྒོམ་ཏིང་འཛིན་རང་ས་ཟིན་ཙམ་ན། ཤ་ཆང་ཞིམ་ལྟོ་རྫུན་དུ་གདའ། བྲལ་བྲེལ་མང་པོས་སྣང་བ་སྤུན། །ཉལ་དུས་ཡི་མུག་དགེ་སྦྱོར་འཁྲུགས། །ཞེན་པ་ནང་ནས་ལོག་ཙ་ན། །ནོར་རྫས་མང་པོ་རྫུན་དུ་གདའ། །ཁེ་ཚོང་མང་པོའི་དགོས་པ་མེད། །ཅེས་ཀྱང་སྡིག་པའི་རྣམ་སྨིན་འགོ །སྙིང་རུས་སྒོམ་བསྲན་བསྐྱེད་དུས་སུ། །འཁོར་སློབ་ཟེར་བ་རྫུན་དུ་གདའ། །མཇལ་འཕྲད་མང་པོས་དགོས་པ་མེད། །ཅིས་ཀྱང་དགེ་སྦྱོར་འཆག་པ་ཡིན། །མཁའ་འགྲོའི་སྙན་བརྒྱུད་བསྒོམ་དུས་ན། །ཆོས་བཤད་མང་པོ་རྫུན་དུ་གདའ། །བཤད་པ་མང་པོའི་དགོས་པ་མེད། །ཅིས་ཀྱང་ང་རྒྱལ་སུས་ཀྱང་འདོད། རྫུན་དྲུག་མན་ངག་རྡོ་རྗེའི་མགུར། །ཤེས་པར་གྱིས་ལ་གོ་བ་ལོང་། །ཞེས་གསུངས་པས། ཡང་ཁོང་རྣམས་ཀྱིས་གནས་གང་སྤྲོ་དང་ཐུགས་དམ་གང་འཕེལ་ཞིག་གསུང་བར་ཞུ་ཞུས་པས། ད་རེས་ཕ་རྒན་གྱི་རྗེས་སུ་སློབ་དགོས་པས། ང་ཡི་གླུ་འདི་ལ་ཉོན་གསུངས་ནས་མགུར་འདི་གསུངས་སོ། །མི་ལ་མི་བདེ་མ་མཆིས་བདེ་མོར་མཆི། །ལར་ཡང་བདེ་སྟེ་འདི་ཡང་བདེ། །ང་མི་ལ་རས་པའི་ཆེ་དྲུག་འཆད། །མི་ལའི་ཆེ་དྲུག་འཆད་ཙམ་ན། བླ་མ་དཀོན་མཆོག་བཀའ་དྲིན་ཆེ། །ཡི་དམ་མཁའ་འགྲོ་བྱིན་རླབས་ཆེ། །ཆོས་སྐྱོང་མགོན་པོ་མཐུ་རྩལ་ཆེ། །སྙན་བརྒྱུད་གདམས་ངག་ཟབ་ཏིག་ཆེ། །མི་ལ་རས་པ་སྒོམ་བསྲན་ཆེ། །གྲྭ་དང་བུ་སློན་དད་པ་ཆེ། །མི་ལའི་ཆེ་དྲུག་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །གླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མི་ལའི་བདེ་དྲུག་འཆད། །མི་མེད་ལུང་པར་སྣང་བ་བདེ། །བླ་མའི་གདམས་ངག་སེམས་ལ་བདེ། འབོལ་ཆུང་དྲོན་མོ་འོག་ན་བདེ། །དབེན་ཁང་བདེ་མོ་སྟེང་ན་བདེ། །འགྲང་ལྟོགས་རན་པའི་སྒྱུ་ལུས་བདེ། །འཁྲུལ་འཁོར་ལུས་ཀྱི་བཅའ་ཐབས་བདེ། །མི་ལ་བདེ་དྲུག་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །གླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། ད་རེས་མི་ལའི་འདུས་དྲུག་འཆད། །མི་ལའི་འདུས་དྲུག་འཆད་ཙམ་ན། །རྩ་རླུང་དབུ་མའི་ནང་དུ་འདུས། །ཉིན་པར་མི་ཡི་ཚོགས་རྣམས་འདུས། །བྱང་སེམས་འཁོར་ལོ་སྲོག་ལ་འདུས། །ནུབ་མོ་མཁའ་འགྲོ་ཚོགས་སུ་འདུས། །རང་སེམས་སྙིང་རྗེའི་ཡུལ་དུ་འདུས། །ནང་ནུབ་ཟས་ནོར་ཚོགས་སུ་འདུས། །མི་ལ་འདུས་དྲུག་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །གླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མི་ལའི་རྫོང་དྲུག་འཆད། །མི་ལའི་རྫོང་དྲུག་འཆད་ཙམ་ན། །རག་མ་བྱང་ཆུབ་སྒྲུབ་པའི་རྫོང་། །སྤོ་རི་སྤོ་མཐོ་ནམ་མཁའ་རྫོང་། །བྲག་དམར་མཆོང་གླིང་ཁྱུང་གི་རྫོང་། །མོན་གྱི་སྐྱིད་ཕུག་ཉི་མ་རྫོང་། །ཀ་ཏེའི་ཤེལ་ཕུག་ཆུ་ཤིང་རྫོང་། །བྲག་དཀར་རྟ་སོ་དབུ་མའི་རྫོང་། །མི་ལ་རྫོང་དྲུག་འདི་དང་མ་བྲ་ལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །གླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མི་ལའི་རྫོང་དྲུག་འཆད། མི་ལའི་རྫོང་དྲུག་འཆད་ཙ་ན། །ཕྱག་རྒྱ་ཆེན་པོ་ལྟ་བའི་རྫོང་། །ནཱ་རོ་ཆོས་དྲུག་སྒོམ་པའི་རྫོང་། །ཐབས་ལམ་ཟབ་མོ་སྤྱོད་པའི་རྫོང་། སྐུ་གསུམ་ལྷུན་གྲུབ་འབྲས་བུའི་རྫོང་། །མི་ལ་རས་པ་དབྱངས་ཀྱི་རྫོང་། །བྲག་དཀར་སྤོ་མཐོ་གནས་ཀྱི་རྫོང་། །མི་ལ་རྫོང་དྲུག་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །གླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མི་ལའི་བཟང་དྲུག་འཆད་ཙམ་ན། །ཕྱག་རྒྱ་ཆེན་པོ་ལྟ་བ་བཟང་། །ནཱ་རོ་ཆོས་དྲུག་སྒོམ་པ་བཟང་། །ཐབས་ལམ་ཟབ་མོ་སྤྱོད་པ་བཟང་། །སྐུ་གསུམ་ལྷུན་གྲུབ་འབྲས་བུ་བཟང་། །བཀའ་བརྒྱུད་བླ་མའི་བྱིན་རླབས་བཟང་། །མི་ལའི་བཟང་དྲུག་འདི་དང་མ་བྲལ་ན། །མི་བདེ་མ་མཆིས་བདེ་མོར་མཆིས། །ཁྱེད་འདིར་བཞུགས་ཡོན་བདག་བུ་སློབ་རྣམས། ཕན་པའི་ཆོས་ལ་བྱེད་མཁན་མེད། །གནོད་པའི་སྡིག་ལ་ཧབ་ཐོབ་བྱེད། །སྡུག་བསྔལ་སྡིག་པའི་འབྲས་བུ་ཡིན། །སྡུག་པ་རང་གིས་བྱས་པ་ཡིན། །བདེ་བ་དགེ་བའི་འབྲས་བུ་ཡིན། །བདེ་སྐྱིད་རང་གི་རང་ལ་གྱིས། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་འཚལ། །ཞེས་གསུངས་སོ། །ཡང་གསུངས་པ། །དུས་གསུམ་སངས་རྒྱས་རྩ་བ་དེ། །བརྒྱུད་ལྡན་བླ་མ་རིན་ཆེན་ཡིན། །དགོས་འདོད་ཐམས་ཅད་འབྱུང་བ་ལ། །མོས་གུས་མི་བྱེད་སྙིང་མེད་པོ། །དལ་འབྱོར་བདེ་ལྡན་ལུས་པོ་འདི། །གཏན་གྱི་སོ་ནམ་མི་བྱེད་པར། །ལུས་རྫ་ཆག་བཞིན་དུ་བོར་བ་ལ། །རྟག་ཏུ་རེ་བའི་སྙིང་མེད་པོ། །དམ་ཆོས་འདི་ཀུན་སྤྱི་ནོར་ལ། །མི་དད་ལྡན་ཀུན་སོ་སོ་རང་རང་གིས། །འདོད་མོས་བགོ་བཤའ་བྱེད་ཙམ་ན། སྐལ་པ་མི་ལེན་སྙིང་མེད་པོ། །དམ་ཆོས་འདི་ཀུན་གྱི་སྤྱི་ནོར་ལ། །མི་དད་ལྡན་ཀུན་སོ་སོ་རང་རང་གིས། །འདི་མོས་བགོ་བཤའ་བྱེད་ཙམ་ན། །སྐལ་པ་མི་ལེན་སྙིང་མེད་པོ། །ཡི་དམ་ལྷ་ཡི་སྙིང་པོ་ལ། །མ་ཡེངས་ཐུན་བཞིར་མི་ཟླ་བར། །ཟད་པ་མེད་པའི་ལོང་གཏམ་གྱིས། །དུས་འདའ་བར་བྱེད་པའི་སྙིང་མེད་པོ། །རང་སེམས་ཡིད་བཞིན་ནོར་བུ་འདི། །འབྲལ་མེད་སྐུ་གསུམ་དུ་མི་བསྒོམ་པར། །རི་དྭགས་སྨིག་རྒྱུ་སྙེགས་པ་བཞིན། །ཚིག་ཕྱིར་འབྲང་བའི་སྙིང་མེད་པོ། །ཟང་ཟིང་ཟས་ནོར་བསགས་པ་དེ། །རང་གཞན་དོན་དུ་མི་གཏོང་བར། སྔར་འདྲིས་སེར་སྣ་གར་ཕྱིན་གྱིས། །སྦྱིན་མི་ཕོད་པའི་སྙིང་མེད་པོ། །ཚེ་ཡོངས་སུ་ཟད་པའི་ལྷག་མ་ལ། །ལོང་མེད་བརྩོན་འགྲུས་མི་རྩོམ་པར། མགུ་བ་མེད་པའི་ཕན་སེམས་ཀྱིས། །ཚེ་ལོང་མེད་དུ་སྐྱེལ་བའི་སྙིང་མེད་པོ། །ཞེས་གསུངས་པས་དེར་བཞུགས་པ་ཐམས་ཅད་སྣང་བ་འགྱུར་ཞིང་ཆོས་ལ་སྤྲོ་བར་གྱུར་ཏོ། །དེ་ཐམས་ཅད་བྲག་དཀར་རྟ་སོའི་སྐོར་རོ། ། ༈ དེ་ནས་ཐོང་ལའི་ཕར་ངོས་ན་དམ་པ་རྒྱ་གར། ཚུར་ངོས་ན་མི་ལ་རས་པ་བཞུགས། གཅིག་ལས་གཅིག་མཇལ་སྤྲོ་བས། དམ་པ་ལ་ཡི་ཕར་ངོས་ནས་ཡར་བྱོན། རྗེ་བཙུན་ཚུར་ངོས་ནས་ཡར་བྱོན། གཅིག་གི་གཅིག་འབྱོན་པ་ནི་མཁྱེན་ཏེ། མི་ལས་ངས་སྤྲུལ་པ་ཞིག་བྱས་ནས་ཨེ་ཤེས་ཡིན་དགོངས་ནས། ལ་ཁ་ཅིག་ན་ཤིང་སྲད་མའི་ཕུང་པོ་གཅིག་ཏུ་སྤྲུལ་ནས་བཞུགས་ཙ། དམ་པས་ཤིང་དེ་ལ་རྡོག་སུབ་ཅིག་བྱས་ནས། ཁྱོད་རྣལ་འབྱོར་པའི་གྲུབ་རྟགས་ཀྱང་ཁྱི་ལུད་གསོག་གི་མེ་ཏོག་འདི་རང་ཡིན་ཟེར་ནས་བྱོན་སོང་བས། མི་ལས་དམ་པའི་བལ་ཐུལ་གྱི་མཐུ་བ་ནས་བཟུང་བས། དམ་པས། མི་ལ་ཟེར་ལེ་ཁྱོད་མཁའ་འགྲོའི་སྲོག་སྙིང་གླུར་བླངས། བོན་དུ་གྱེར་བས་མཁའ་འགྲོ་འཁྲུགས་ནས། ད་ལྟ་ཤ་ཟའི་མཁའ་འགྲོ་མས་ཁྱོད་ཀྱི་དོན་སྙིང་དམར་ཙེ་རེ་རེ་ཁྱེར་བྱུང་བ་དང་འཕྲད། ད་ཞག་བདུན་ནས་ཁྱེད་འཆི་གསུངས་པས། རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །སེམས་མཐའ་བྲལ་ཆེན་པོའི་སེང་ཆེན་ལ། །བློ་ཡ་ང་མེད་པའི་གཡུ་རལ་རྒྱས། །འཁྱགས་ཞུ་མེད་པའི་གངས་ལ་ཉལ། །རྣལ་འབྱོར་ལྟ་བ་མཁན་དེ་ཤི་ན་ཡང་ཤི། །ཤི་ན་ཡང་རང་དགའ་བདེ་བའི་རྒྱུ། །ཤི་ན་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨང་ངེ་དམ་པ་རྗེ་བཙུན་པ། །སེམས་མི་གཡོ་རྒྱུད་ཀྱི་ཤ་ཕོ་ལ། །ཉམས་དུ་མ་རོ་གཅིག་གི་རུ་བཅུ་རྒྱས། །བདེ་གསལ་ཆེན་པོའི་སྤང་ལ་ནལ། །རྣལ་འབྱོར་སྒོམ་པ་མཁན་དེ་ཤི་ནའང་ཤི། །ཤི་ན་ཡང་དགའ་བདེ་བའི་རྒྱུ། །ཤི་ན་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨ་ངེ་དམ་པ་རྗེ་བཙུན་པ། །རང་དོན་ལྷུར་ལེན་སྟག་མོ་ལ། །གཞན་དོན་ལྷུར་ལེན་རི་མོ་རྒྱས། །བདེ་གསལ་ཆེན་པོའི་ནགས་ལ་ཉལ། །རྣལ་འབྱོར་སྤྱོད་པ་མཁན་དེ་ཤི་ནའང་ཤི། །ཤི་ནའང་རང་དགའ་བདེ་བའི་རྒྱུ། །ཤི་ན་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨང་ངེ་དམ་པ་རྗེ་བཙུན་པ། །དགེ་བཅུ་འབྲལ་མེད་ཀྱི་ཉ་མོ་ལ། །སྡིག་བཅུས་མ་གོས་གསེར་མིག་འཁྱིལ། །རྒྱུན་ཆད་མེད་པར་ཆུ་བོའི་གཞུང་ལ་འཕྱོ། །རྣལ་འབྱོར་དམ་ཚིག་ཅན་དེ་ཤི་ནའང་སྐྱིད། །ཤི་ནའང་རང་དགའ་བདེ་བའི་རྒྱུ། །ཤི་ནའང་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨང་ངེ་དམ་པ་རྗེ་བཙུན་པ། ཕྱི་སྣང་བ་དཀར་དམར་གྱི་ཤོག་བུ་ལ། །ནང་རིག་པ་སེམས་ཀྱི་ཡི་གེ་བྲི། །འགྱུར་མེད་བརྟན་པོར་ཉམས་སུ་བླངས། །རྣལ་འབྱོར་དམ་ཆོས་མཁན་དེ་ཤི་ནའང་ཤི། །ཤི་ནའང་རང་དགའ་བདེ་བའི་རྒྱུ། །ཤི་ན་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨང་ངེ་དམ་པ་རྗེ་བཙུན་པ། སེམས་འགྱུ་བ་དང་སངས་ཀྱི་ཁྱུང་ཆེན་ལ། །བློ་རེ་དོགས་མེད་པའི་གཤོག་དྲུག་རྒྱས། འདུས་མ་བྱས་ནམ་མཁའི་དབྱིངས་སུ་འཕུར། །རྣལ་འབྱོར་འབྲས་བུ་མཁན་དེ་ཤི་ནའང་ཤི། །ཤི་ནའང་རང་དགའ་བདེ་བའི་རྒྱུ། །ཤི་ན་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨང་ངེ་དམ་པ་རྗེ་བཙུན་པ། །རྒྱུད་ལ་ཐེབ་པའི་གདམས་ངག་ལ། །འཕེལ་འགྲིབ་མེད་པའི་སྣང་བ་རྒྱས། །དེ་ལྟ་བུ་ཡི་རྟོགས་པ་འཁྲུངས། །གདམས་ངག་མཁན་དེ་ཤི་ནའང་བདེ། ཤི་ན་ཡང་རང་དགའ་བདེ་བའི་རྒྱུ། །ཤི་ན་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨང་ངེ་དམ་པ་རྗེ་བཙུན་པ། །ང་རྦབ་ཏུ་འདྲིལ་བས་བདེ་སར་ཆགས། །ཆུ་ཡིས་ཁྱེར་བས་སྐམ་སར་ཐོན། རླུང་གིས་ཁྱེར་བས་དགུང་དང་མཉམ། །མགོ་བོ་གཏུམ་པས་རྒྱང་མིག་གསལ། །ཁ་རྗེ་ལོག་པས་ཟས་དང་འཕྲད། །དངོས་གྲུབ་མཁན་དེ་ཤི་ནའང་བདེ། །ཤི་ན་ཡང་རང་དགའ་བདེ་བའི་རྒྱུ། །ཤི་ན་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨང་ངེ་དམ་པ་རྗེ་བཙུན་པ། །ཞེས་ཤི་བ་བདེ་དྲུག་གི་མགུར་འདི་ཕུལ་བས། དམ་པའི་ཞལ་ནས། ཁྱེད་རྣལ་འབྱོར་པའི་ཉམས་ལ་རྒྱ་མཚོ་ལ་སྣག་ཚ་བྱས། རྩི་ཤིང་ལ་མྱུ་གུ་བྱས། ཡུལ་དང་ཐེལ་ལ་ཤོག་བུ་བྱས་ནས། སེམས་ཅན་ཐམས་ཅད་བྲི་མཁན་བྱས་ཀྱང་བྲི་བ་དང་བརྗོད་པས་མི་ལང་། ཁྱོད་སྐྱེ་འཆི་གཉིས་ལ་མི་འཇིགས་པ་ཐག་ཆོད་པ་ཅིག་དགོས་པ་ཡིན་གསུངས་པས། དེའི་ལན་དུ་ཐག་ཆོད་དྲུག་གི་མགུར་འདི་གསུངས་སོ། །ལྟ་བ་སྐྱེ་མེད་ཀྱི་ངང་ལ་འཆི་མེད་འཕྱོ། །སྐྱེ་འཆིའི་མཚན་མ་རང་སར་གྲོལ། །ལྟ་བ་ཐག་ཆོད་བློ་རེ་བདེ། །སེམས་མ་བཅོས་པ་འདི་བདེ་མོར་གདའ། །སྒོམ་མེད་ངང་ལ་ཡེང་མེད་འཕྱོ། །བྱིང་རྒོད་ཀྱི་མཚན་མ་རང་སར་གྲོལ། །སྒོམ་པའི་ཐག་ཆོད་བློ་རེ་བདེ། །སེམས་མ་བཅོས་པ་འདི་བདེ་མོར་གདའ། །སྤྱོད་པ་འགགས་མེད་ངང་ལ་ཤུགས་འཕྱུང་འཕྱོ། །ཚུལ་འཆོས་ཀྱི་མཚན་མ་རང་སར་གྲོལ། །སྤྱོད་པའི་ཐག་ཆོད་བློ་རེ་བདེ། །སེམས་མ་བཅོས་པ་འདི་བདེ་མོར་གདའ། །དབང་བསྐུར་མེད་ངང་ལ་ཐོབ་མེད་འཕྱོ། །ལྷ་སྐུའི་མཚན་མ་རང་སར་གྲོལ། །དབང་བསྐུར་གྱི་ཐག་ཆོད་བློ་རེ་བདེ། །སེམས་མ་བཅོས་པ་འདི་བདེ་མོར་གདའ། །དམ་ཚིག་བསྲུང་མེད་ངང་ལ་ཉམས་མེད་འཕྲོ། །སྲུང་སྡོམ་གྱི་མཚན་མ་རང་སར་གྲོལ། །དམ་ཚིག་ཐག་ཆོད་བློ་རེ་བདེ། །སེམས་མ་བཅོས་པ་འདི་བདེ་མོར་གདའ། འབྲས་བུ་རེ་མེད་ངང་ལ་དོགས་མེད་འཕྱོ། །རེ་དོགས་ཀྱི་མཚན་མ་རང་སར་གྲོལ། འབྲས་བུའི་ཐག་ཆོད་བློ་རེ་བདེ། །སེམས་མ་བཅོས་པ་འདི་བདེ་མོར་གདའ། །ཞེས་གསུངས་པས་དམ་པ་མཉེས་ཏེ། བོད་ཀྱི་རྣལ་འབྱོར་པ་ལ་ཐག་ཆོད་མོ་འདུག་གསུངས་པས། རྗེ་བཙུན་གྱིས་ཞུས་པ། ཕ་དམ་པ་ཁྱེད་ལ་དམ་ཆོས་སྡུག་བསྔལ་ཞི་བྱེད་བྱ་བ། ཁ་ནང་དུ་ལོག་ནས་སེམས་ལ་བལྟས་པས། སངས་རྒྱས་ཀྱི་དགོངས་པ་ཅིག་ཆོད་དུ་རྟོགས་པའི་གདམས་ངག་ཟབ་མོ་ཡོད་པ་དེ་བདག་ལ་གནང་བར་ཞུ་ཞུས་པས། ཕ་དམ་པའི་ཞལ་ནས་མགུར་འདི་གསུངས་སོ། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །གདོན་གནོད་སྦྱིན་ཕོ་འདུས་ཙམ་ན། །བརཏལ་ཞུགས་འཁྲུལ་འཁོར་བཅའ་བ་ཡིན། །ལུས་ལ་ན་ཚ་བྱུང་ཙམ་ན། །དབྱིངས་རིག་གཅིག་ཏུ་བསྲེ་བ་ཡིན། །རྣམ་རྟོག་ཕྲ་མོ་སྐྱེས་ཙམ་ན། །ཉོན་མོངས་འབུར་འཇོམས་བྱེད་པ་ཡིན། །གཅིག་པུར་ལྐོག་ཏུ་ཉལ་ཙམ་ན། །རིག་པ་ལྗེན་པར་འཇོག་པ་ཡིན། །མང་པོའི་ནང་དུ་སྡོད་ཙམ་ན། །གང་ཤར་རང་ངོ་ལྟ་བ་ཡིན། །བྱིང་བ་ཕཊ་ཀྱིས་བསྲིང་བ་ཡིན། །འཕྲོ་ན་རྩ་བ་གཅོད་པ་ཡིན། །རྒོད་ན་དབྱིངས་སུ་འཇོག་པ་ཡིན། །ཤེས་པ་ཡུལ་ཕྱིར་འཕྲེང་ཙམ་ན། །དེ་ཉིད་དོན་ལ་ལྟ་བ་ཡིན། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །ལྟས་ངན་བྱུང་ན་གཡང་དུ་ལེན། །རྣམ་རྟོག་ཇི་ལྟར་དགྱེས་དགྱེས་མཛོད། །ན་ཚ་བྱུང་ན་བོགས་སུ་འདོན། །འབྱུང་བཞི་ཇི་ལྟར་དགྱེས་དགྱེས་མཛོད། །འཆི་བ་བྱུང་ན་ལམ་དུ་སློང་། །འཆི་བདག་ཇི་ལྟར་དགྱེས་དགྱེས་མཛོད། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །དུས་གསུམ་རྒྱལ་བའི་དགོངས་པ་ཡིན། རྡོ་རྗེ་འཆང་གི་གསང་ཚིག་ཡིན། །མཁའ་འགྲོ་སྡེ་བཞིའི་སྲོག་སྙིང་ཡིན། །རྒྱུད་སྡེ་བཞི་ཡི་གདམས་པ་ཡིན། །སྙན་བརྒྱུད་གནད་ཀྱི་མན་ངག་ཡིན། །མན་ངག་ཐབས་ཀྱི་ལྡེའུ་མིག་ཡིན། །དམ་ཆོས་སྡུག་བསྔལ་ཞི་བྱེད་ལགས། །ཞེས་གསུངས་ནས་རྩ་འཇག་གི་སྟེང་དུ་སྐྱིལ་ཀྲུང་བཅས་ནས་བཞུགས་པ་དང་། རྗེ་བཙུན་ཡང་རྩྭ་འཇག་མ་གཅིག་ཚལ་བ་བརྒྱད་དུ་བཏང་བ་ཅིག་གི་སྟེང་དུ་སྐྱིལ་ཀྲུང་བཅས་ནས་བཞུགས་པས། དམ་པ་སངས་རྒྱས་ངོ་མཚར་སྐྱེས་ནས་སྤྱན་ཟིམ་མེ། དབུ་ཟིལ་པ་ཕྲོམ་མེ་སོང་འདུག་པས། རྗེ་བཙུན་ལ་ཁྱེད་ཅི་མཛད་པ་ཡིན་ཞུས་པས། དམ་པའི་ཞལ་ནས་རྣལ་འབྱོར་པ་ཁྱེད་ཅི་མཛད་པ་ངོ་མཚར་བའི་གཏམ་སྙན་རྒྱ་གར་དུ་སྐྱེལ་སོང་བས། རྒྱ་གར་དུ་མཁའ་འགྲོ་མ་རེ་རེས་ཀྱང་ཚོགས་ཀྱི་དགའ་སྟོན་རེ་རེ་བྱེད་པར་ཡོད། བོད་ལ་རྣལ་འབྱོར་པ་ཁྱེད་འདྲ་བ་འོང་བ་ཨང་། ང་ལ་ཡང་ཁྱེད་མི་དགོས། ཁྱེད་ལ་ཡང་ང་མི་དགོས་པར་འདུག་གསུངས་ནས་བྱོན་སོང་ངོ་། །ཡང་དུས་རེ་ཞིག་གི་ཚེ་ན་རྗེ་བཙུན་དང་དམ་པ་རིན་པོ་ཆེ་གཉིས་ཐོང་ལ་ན་མཇལ་བས། རྗེ་བཙུན་གྱིས་སྨྱོ་བརྫུ་མཛད་པས། དམ་པས་བྲིན་པའི་གླུ་མཁན་སྨྱོས་སམ་གསུངས་པས། ལན་དུ་མགུར་གསུངས་པ། བརྒྱུད་པ་རྡོ་རྗེ་འཆང་ཆེན་སྨྱོ། །ཕ་སྨྱོ་བུ་སྨྱོ་མེས་པོ་སྨྱོ། །ཡང་མེས་ཏེ་ལོ་བཟང་པོ་སྨྱོ། །ཆོས་ཕྱག་རྒྱ་ཆེན་པོའི་གདོན་གྱིས་བརླབས། །མེས་པོ་ནཱ་རོ་པཎ་ཆེན་སྨྱོ། །ཆོས་རིག་པ་བརཏལ་ཞུགས་ཀྱི་གདོན་གྱིས་བརླབས། །ཕ་རྒན་མར་པ་ལོ་ཙཱ་སྨྱོ། །ཆོས་རྒྱུད་སྡེ་བཞི་ཡི་གདོན་གྱིས་བརླབས། །ང་རང་མི་ལ་རས་པ་སྨྱོ། །ཆོས་རླུང་སེམས་གཉིས་ཀྱི་གདོན་གྱིས་བརླབས། ལྷུན་གྲུབ་འགྱུར་མེད་ཀྱི་ལྟ་བ་སྨྱོ། །སྟོང་གསལ་འཛིན་མེད་ཀྱི་སྒོམ་པ་སྨྱོ། །ཤུགས་འབྱུང་འགགས་མེད་ཀྱི་སྤྱོད་པ་སྨྱོ། །རང་སེམས་ཟག་མེད་ཀྱི་དམ་ཚིག་སྨྱོ། །སྐུ་གསུམ་ལྷུན་གྲུབ་འབྲས་བུ་སྨྱོ། །གདམས་པ་ནཱ་རོ་ཆོས་དྲུག་སྨྱོ། །གསུངས་པས། སྨྱོ་ལུགས་དག་དགའ་མོ་ཡིན། གདོན་ལུགས་ཤོད་གསུངས་པས། ཡང་རྗེ་བཙུན་གྱིས་གསུངས་པ། ང་སྨྱོ་ནས་མི་ཆོག་འདྲེ་ཅིག་གདོན། །ཕ་གདོན་བླ་མའི་གདམས་ངག་གདོན། །མོ་གདོན་ཌཱ་ཀིའི་བྱིན་རླབས་གདོན། །བདུད་དུ་ལྷག་མཐོང་ཡེ་ཤེས་གནས། །བློ་བདེའི་འགོང་པོ་སྙིང་ལ་གནས། །རྟོགས་པའི་འདྲེ་མོ་རྒྱུན་པར་གནས། །རྒྱབ་བརྟེན་དཀོན་མཆོག་གསུམ་གྱིས་བྱས། གསུངས་པས། གདོན་ལུགས་དགའ་མོ་ཡིན། ན་ལུགས་ཤོད་གསུངས་པས། ང་སྟོད་དུ་ཕྱག་ཆེན་གྱི་ཚད་པས་ན། །སྨད་དུ་ཆོས་ཉིད་ཀྱི་གྲང་བས་ན། རྒྱབ་ན་ཡེ་ཤེས་རླུང་དམར་འབུད། །ཆོས་ཉིད་བདེ་ཆེན་གྱི་བྱང་ཁོག་རྒྱས། །སྙིང་ལ་དམ་ཆོས་ཆུ་རྒྱུན་འབྲུབ། །སེམས་ལ་འོད་གསལ་རྒྱུན་པར་གནས། །ལུས་ལ་གཏུམ་མོ་མེ་ལྟར་འབར། །ཁ་ནས་གདམས་ངག་ཁྲག་ལྟར་སྐྱུགས། སྙིང་རླུང་བྱམས་དང་སྙིང་རྗེ་ཞུགས། །ནད་འཚོ་བར་དཀའ་བའི་རྟོགས་པ་ཞུགས། གསུངས་པས། །ན་ལུགས་དགའ་མོ་ཡིན། འཆི་ལུགས་ཤོད་གསུངས་པས། ཡང་གསུངས་པ། ད་ན་ཡང་མི་ཆོག་འཆི་ཡང་འཆི། །དོན་དམ་ངང་དུ་ཀུན་རྫོབ་འཆི། །ཆོས་སྐུའི་ངང་དུ་རྣམ་རྟོག་འཆི། །མྱང་འདས་ཀྱི་ངང་དུ་འཁོར་བ་འཆི། །ལྟ་བའི་ངང་དུ་ཕྱོགས་རིས་འཆི། །སྒོམ་པའི་ངང་དུ་བྱིང་རྒོད་འཆི། །སྤྱོད་པའི་ངང་དུ་ཚུལ་འཆོས་འཆི། །འབྲས་བུའི་ངང་དུ་རེ་དོགས་འཆི། ལྷག་མཐོང་ངང་དུ་ཞི་གནས་འཆི། །མཉམ་བཞག་གི་ངང་དུ་རྗེས་ཐོབ་འཆི། །སྐུ་གསུམ་ངང་དུ་རྣལ་འབྱོར་འཆི། གསུངས་པས། འཆི་ལུགས་དགའ་མོ་ཡིན། རོ་ལེགས་པོ་ཅིག་འོང་བ་འདི་སུས་སྐྱེལ་གསུང་པས། ཡང་གསུངས་པ། ང་རྣལ་འབྱོར་འཆི་བའི་ནང་པ་དེར། །ལས་ངན་བཟའ་རོགས་མ་ལགས་པའི། །རིག་པའི་ཁྱེའུ་ཆུང་ཡར་བཞེངས་ལ། །ང་རྣལ་འབྱོར་ཤི་བའི་རོ་དེ་ཁུར། །རས་གོས་རྐྱང་གཅིག་མ་ལགས་པའི། །ཕྱི་སྣང་བ་ཁྲ་བོའི་རས་ལ་དྲིལ། །རྩཱ་ཐག་དྲེས་མ་མ་ལགས་པའི། །རྩ་དབུ་མ་རོ་རྐྱང་གི་ཐག་པས་དྲིལ། རྩ་ཕྲན་བརྒྱད་ཅུའི་དྲ་བར་བཅུག །ཤིད་སྐྱོག་སྐས་ཁྲི་མ་ལགས་པའི། ཐེག་པ་ཆེན་པོའི་ཁྲི་ལ་ཐེག །ས་ལམ་སྐྱ་མོ་མ་ལགས་པའི། །བྱང་ཆུབ་རྒྱུད་ལམ་དཀར་པོ་དྲོངས། །གངས་རི་དང་གཡའ་རི་མ་ལགས་པའི། །ཆོས་ཉིད་ཆེན་པོའི་རི་ལ་སྐྱོལ། །དུར་ཁྲོད་ཝ་སྤྱང་མ་ལགས་པའི། །ཐབས་ཤེས་གཉིས་མེད་ཅེ་སྤྱང་རོལ། །ཤ་དེ་གཉིས་སུ་མེད་པར་ཟོས། །ཁྲག་དེ་རྫོགས་པ་ཆེན་པོར་འཐུང་། །རོ་དེ་བདེ་བ་ཆེན་པོས་མྱོང་། །རུས་པའི་ཚོགས་དྲུག་ལྷུག་པར་ཞོག །རྩིས་མཁན་མཁའ་འགྲོ་རྣམས་ཀྱིས་གྱིས། །རོ་སྣ་བཀའ་བརྒྱུད་བླ་མས་དྲོངས། །ཀུན་ཏུ་བཟང་པོའི་རི་ཁ་ལ། །རྡོ་རྗེ་འཆང་གི་དུར་སར་སྐྱོལ། །ཕྱིར་མི་ལྡོག་པའི་དུར་གཅིག་ཐོབ། །དུས་གཏན་གྱི་སོ་ནམ་ཟིན་དུ་ཆུག །ཅེས་གསུངས་པས། དམ་པས་དེའི་ལེན་དུ་ཟ བ་མོ་བཞི་མགུར་དུ་གསུངས་ནས་དམ་པ་ཡར་གཤེགས་པར་གདའ། དེ་ཐམས་ཅད་ཐོང་ལའི་སྐོར་རོ།། །།དེ་ནས་རྗེ་བཙུན་གངས་ཏི་སེ་ལ་འགྲོ་གསུངས་ནས་དཔོན་གཡོག་བྱོན་ནས། གློ་བོའི་མཚོ་བར་དུ་སླེབ་ཙམ་ན། སྒོམ་མ་ཅིག་ན་བརྫུ་བྱས་ནས་འགྲོར་མ་ཉན་པས་འགྲོས་ཆག་སྟེ་དབྱར་དེ་གློ་བོའི་ཁ་སྟོད་དུ་ཆོས་གསུངས་ཞིང་བཞུགས། ནམ་ཟླ་སྟོན་སེར་དུ་སོང་ནས་མར་ལོག་ནས་བྱོན་པས། ཡུལ་པའི་ཉ་མ་ཕོ་མོ་རྣམས་ཀྱིས་བྱོན་སྐྱེམས་དྲངས་ནས། ཀོ་ར་ལ་ཐོག་ཏུ་བསྐྱལ། ཕྱག་འཚལ་བསྐོར་བ་བྱ་ནས་བདག་ཅག་རྣམས་དང་ཕྱིན་ཆད་ཨེ་མཇལ་ངེས་པ་མེད་པས། གདམས་ངག་ཞིག་གསུངས་པར་ཞུ་ཞུས་པས་མགུར་འདི་གསུངས་སོ། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁྱེད་འདིར་བཞུགས་ཀྱི་ཡོན་བདག་ཕོ་མོ་རྣམས། །མི་ང་དང་ང་སྟེ་ང་གཅིག་ཡིན། །ང་དང་བོད་ཀྱི་རྣལ་འབྱོར་ཡིན། ང་དང་མི་ལ་རས་པ་ཡིན། །ང་ཐོས་ཆུང་གདམས་ངག་ཆེ་བ་ཡིན། །སེམས་ཆུང་སྙིང་རུས་ཆེ་བ་ཡིན། །གཉིད་ཆུང་སྒོམ་བསྲན་ཆེ་བ་ཡིན། །གཅིག་ཤེས་ཀུན་ལ་མཁས་པ་ཡིན། །ཀུན་ཤེས་གཅིག་ཏུ་གོ་བ་ཡིན། །ཡང་དག་དོན་ལ་མཁས་པ་ཡིན། །མལ་ཆུང་བརྐྱང་བསྐུམ་བདེ་བ་ཡིན། །གོས་སྲབ་ལུས་པོ་དྲོ་བ་ཡིན། །ཟས་ཆུང་ལྟོ་བ་འགྲངས་པ་ཡིན། །ང་སྒོམ་ཆེན་ཀུན་གྱི་གཏུགས་ས་ཡིན། །དད་པ་ཅན་གྱི་འཚོགས་ས་ཡིན། །སྐྱེ་འཆིའི་འཇིགས་པའི་འཁྲིད་ས་ཡིན། །ང་ཡུལ་ལ་ཕྱོགས་རིས་མེད་པ་ཡིན། །གནས་ལ་ངེས་པ་མེད་པ་ཡིན། །སྤྱོད་པ་གཟའ་གཏད་མེད་པ་ཡིན། །རྫས་ལ་འཛིན་ཆགས་མེད་པ་ཡིན། །ཟས་ལ་རྨེ་གཙང་མེད་པ་ཡིན། །ཉོན་མོངས་ཟུག་རྔུ་ཆུང་བ་ཡིན། །ཆོག་ཤེས་འདོད་པ་ཆུང་བ་ཡིན། །གཟུང་འཛིན་ཆགས་ཞེན་ཆུང་བ་ཡིན། །མྱང་འདས་ས་བདུན་བར་ཆད་ཡིན། །རྒན་རྒོན་རྣམས་ཀྱི་སྐྱོ་རོགས་ཡིན། །བྱིས་པ་རྣམས་ཀྱི་རྩེ་རོགས་ཡིན། །ང་རྣལ་འབྱོར་རྒྱལ་ཁམས་ཡོངས་སུ་འགྲིམས། །ཁྱེད་ལྷ་མི་སྐུ་ཁམས་ཅི་བདེར་བཞུགས། །ཞེས་གསུངས་པས། ཡང་ཁོང་རྣམས་ན་རེ། རྗེ་བཙུན་ཁྱེད་ཀྱི་མཛད་སྤྱོད་དེ་ལྟར་ལགས་ན། ངེད་རྣམས་ཇི་ལྟར་བགྱི་ཞུས་པས། ཡང་འདི་གསུངས་སོ། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁྱེད་ཉ་སྐྱེས་འབྲོག་གི་ལྷ་མི་རྣམས། །ནན་ཏན་ལྷ་ཆོས་བགྱིད་མི་བགྱིད། །དད་པ་སྙིང་ནས་སྐྱེས་མ་སྐྱེས། །སྙིང་ནས་དམ་ཆོས་བགྱིད་སྙམ་ན། དད་པ་འགྱུར་ལྡོག་མི་བདོག་ན། །དཔེ་དེ་ཀུན་ཀུན་རྫོབ་འཁོར་མོའི་མཚོན། །དོན་དེ་རང་གི་སེམས་ལ་དྲིས། །ཕྱི་སྣང་བ་དཔེ་རུ་བསྟེན་མི་བསྟེན། །གསེར་ལོ་ཐང་དཀར་དེ་དང་གཅིག །གཡུ་ལོ་མེ་ཏོག་དེ་དང་གཉིས། ཕུ་ཡི་ཤེའུ་ཆུང་དེ་དང་གསུམ། །མདའ་ཡི་འབྲས་དྲུག་དེ་དང་བཞི། །ཟ་འོག་དྲི་བསེ་དེ་དང་ལྔ། །ནོར་བུ་རིན་ཆེན་དེ་དང་དྲུག །ཚེས་གསུམ་ཟླ་བ་དེ་དང་བདུན། །མིའུ་རིན་ཆེན་དེ་དང་བརྒྱད། །སྔོན་ཆད་གླུ་ལ་སྐྱོལ་མ་མྱོང་། གླུ་དེ་ཕྱིར་ལ་མ་ལོག་ན། །ཚིག་དེ་དོན་གྱི་བརྡ་མི་འབྱོར། །ཚིག་དེ་དོན་ལ་སྦྱོར་ཙམ་ན། །གསེར་ལོ་ཐང་དཀར་དགུང་ལ་ཡལ། །དེས་ཀྱང་སྒྱུ་མའི་དཔེ་ཅིག་མཚོན། དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སོམ་ལ་ལྷ་ཆོས་མཛོད། །གཡུ་ལོ་མེ་ཏོག་སད་ཀྱིས་ཁྱེར། །དེས་ཀྱང་སྒྱུ་མའི་དཔེ་ཅིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སོམ་ལ་ལྷ་ཆོས་མཛོད། །ཕུ་ཡི་ཤེའུ་ཆུང་མདའ་ཡི་བསད། །དེས་ཀྱང་སྒྱུ་མའི་དཔེ་ཞིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སོམ་ལ་ལྷ་ཆོས་མཛོད། །མདའ་ཡི་འབྲས་དྲུག་ཟོར་བས་བརྔས། །དེས་ཀྱང་སྒྱུ་མའི་དཔེ་ཅིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སོམ་ལ་ལྷ་ཆོས་མཛོད། ཟ་འོག་དྲི་བསེ་བཟོང་གིས་དྲས། །དེས་ཀྱང་སྒྱུ་མའི་དཔེ་ཅིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སོམ་ལ་ལྷ་ཆོས་མཛོད། །ནོར་བུ་རིན་ཆེན་རྙེད་ནས་སྟོར། །དེས་ཀྱང་སྒྱུ་མའི་དཔེ་ཅིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སེམས་ཤིང་ལྷ་ཆོས་མཛོད། །ཚེས་གསུམ་ཟླ་བ་ཤར་ནས་འགྲིབ། །དེས་ཀྱང་སྒྱུ་མའི་དཔེ་ཅིག་མཚོན། །དོན་དེ་ལ་སོམ་ལ་ལྷ་ཆོས་མཛོད། །མིའུ་རིན་ཆེན་སྐྱེ་ནས་འཆི། །དེས་ཀྱང་སྒྱུ་མའི་དཔེ་ཅིག་མཚོན། །དེ་ཡང་མི་རྟག་ཚུལ་དུ་གདའ། །དོན་དེ་ལ་སེམས་ཤིང་ལྷ་ཆོས་མཛོད། །ངོ་མཚར་ཅན་གྱི་དཔེ་བརྒྱད་པོ། །ཁྱེད་སྐྱེལ་མི་རྣམས་ཀྱིས་འགྲོ་ཆོས་མཛོད། །ལར་བྱས་པའི་ལས་ལ་ཟིན་པ་མེད། །གར་དགར་ཞོག་ལ་ལྷ་ཆོས་མཛོད། །ལོངས་སྤྱོད་སྙམ་པ་མི་མཛད་འཚལ། །ཚོད་ཡོད་ལས་ལ་མི་ཚེ་ཟད། །ཅེས་མི་རྟག་དཔེ་བརྒྱད་ཀྱི་མགུར་དེ་གསུངས་པས། ཐམས་ཅད་དད་པ་སྐྱེས་ནས་ཕྱག་གྱང་འགྱེལ་བ་ལྟར་འཚལ། མཆི་མ་ལུད་པར་བྱུང་བས་དེ་རྣམས་ཀྱི་ནང་ནས་སྐྱེས་པ་གཞོན་པ་གསུམ། ངེད་བླ་མའི་ཆག་ཕྱིར་ཁྲིད་པར་ཞུ་ཟེར་བ་ལ་ཡང་མགུར་འདི་གསུངས་སོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕན་སེམས་མེད་པའི་ཆོས་པ་ཡི། །མི་ནག་འདུལ་བར་དཀའ་བར་གདའ། །ཆོས་རྒྱུད་ལ་མ་སྐྱེས་སྟོན་པ་དེས། །སྐུ་བསོད་རེ་བ་དཀའ་བར་གདའ། །སྙིང་རུས་མེད་པའི་སྒོམ་ཆེན་ལ། །དྲོད་རྟགས་སྐྱེ་བ་དཀའ་བར་གདའ། །འདུལ་ཁྲིམས་མེད་པའི་རབ་བྱུང་ལ། །བསྙེན་བཀུར་ཞབས་ཏོག་དཀའ་བར་གདའ། །དམ་ཚིག་མེད་པའི་སྔགས་པ་ལ། །སྐུ་མཐུ་བྱིན་རླབས་དཀའ་བར་གདའ། །སེར་སྣས་བཅིངས་པའི་ཡོན་བདག་ལ། །གཏམ་སྙན་གྲགས་པ་དཀའ་བར་གདའ། །ཐོ་ཅོ་བྱེད་པའི་རྣལ་འབྱོར་ལ། །རྟེན་འབྲེལ་ནུས་པ་དཀའ་བར་གདའ། །ལས་རྒྱུ་འབྲས་མ་བསམ་ཉ་མ་ཡིས། །སྟོང་ཉིད་གོ་བ་དཀའ་བར་གདའ། །ཆོས་དང་འཁོན་པའི་ཆོས་པ་ལ། །དངོས་གྲུབ་འབྱུང་བ་དཀའ་བར་གདའ། །ཁྱོད་དང་མགོན་པའི་བུ་མེད་ལ། །ཁྱིམ་ཐབས་རྙེད་པ་དཀའ་བར་གདའ། །ཁྱོད་གཅེས་ཕྲུག་དད་པ་སྐྱེས་མོད་ཀྱང་། །རང་དབང་ཐོབ་པ་དཀའ་མོར་གདའ། །ང་ད་ལྟ་ལོང་མེད་རྒྱུད་ལ་སྐྱེས། །བུ་ཁྱོད་ཀྱང་བྱོན་པས་འགྱོད་པ་ཆེ། །དུས་ལན་གཅིག་འཛོམ་པའི་སྨོན་ལམ་འཚལ། །ལས་འབྲས་དབང་གི་འཕྲད་དེ་མཆི། །དེ་ཡང་མ་འཛོམ་བར་དུ་ཡང་། །རྣལ་འབྱོར་ང་ཡང་ངག་བཙུན་ཞིང་། །ཡོན་བདག་ཁྱེད་ཀྱང་བཀྲ་ཤིས་ལ། །ལུས་ལ་ནད་དང་རྨ་མེད་ཅིང་། །ཚེ་ལ་བར་ཆད་རྐྱེན་མེད་དོ། །ཕ་དང་བུ་རྒྱུད་འཕྲད་པར་ཤོག །ང་རྣལ་འབྱོར་དབྱར་ཁམས་སྙོམས་ཏེ་མཆི། །ཁྱེད་གཅེས་ཕྲུག་ཡུལ་དུ་ལོག་པ་བཞུད། །ཅེས་དགའ་བའི་མདོ་བཅུ་མགུར་དུ་གསུངས་ནས་སྐྱེལ་ཐུང་པ་རྣམས་ཡུལ་དུ་སོང་ངོ་། །དེ་ནས་དཔོན་སློབ་ལ་སྟོད་དུ་བྱོན་ཅིང་། ཚོང་པ་ཚན་པ་ཅིག་དང་འཕྲད་པས་རས་ཆུང་པས་མགུར་ཅིག་མཛད་དེ་བསོད་སྙོམས་བསླངས་པས། ཚོང་པ་དེ་རྣམས་ཤིན་ཏུ་དད་དེ་དྲོ་ལེགས་པོ་དྲངས། དེ་ནས་དྲོད་སྨན་བསྡུས་ནས་ཕུལ་བས་མ་བཞེད་དེ། རྗེ་བཙུན་གྱིས་མགུར་གསུངས་པ། བླ་མ་རྣམས་ལ་ཕྱ་འཚལ་ལོ། །ང་མི་ལ་རས་པ་ཞེས་པ་ཡིན། །དེང་སང་ནོར་ལ་འདོད་པ་མེད། །ཟང་ཟིང་ཚོགས་སུ་མ་འཚལ་ཏེ། །དང་པོ་གསོག་བྲུན་སྡུག་བསྔལ་མེད། །བར་དུ་སྲུང་སྐྱོབས་སྡུག་བསྔལ་མེད། །ཐ་མ་ཆགས་ཞེན་སྡུག་བསྔལ་མེད། །བར་དུ་ཟང་ཟིང་མེད་དེ་ལེགས། །དེང་སང་གཉེན་གྲོགས་ཀྱི་འདོད་པ་མེད། །བྱམས་སྡུག་འཁོར་དུ་མ་འཚལ་ཏེ། །དང་པོ་འཛིན་གྱི་སྡུག་བསྔལ་བྲལ། །བར་དུ་ལན་ཆགས་ཀྱི་སྡུག་བསྔལ་བྲལ། །ཐ་མལ་འབྲལ་བའི་སྡུག་བསྔལ་མེད། །བྱམས་སྡུག་མེད་པ་མེད་དེ་བདེ། །དེ་སང་ཁེ་གྲགས་ཀྱི་འདོད་པ་མེད། གཏམ་སྙན་འཁོར་དུ་མ་མཚར་ཏེ། །དང་པོ་རྩོལ་སྒྲུབ་སྡུག་ལ་བྲལ། །བར་དུ་ཕྱར་ཁའི་འཇིགས་པ་མེད། །ཐ་མལ་ཉམས་ཀྱི་དོགས་པ་མེད། །གཏམ་སྙན་མེད་པ་མེད་དེ་བདེ། །དེང་སང་ཡུལ་ལ་འདོད་པ་མེད། །སྡོད་པ་ངེས་སུ་མ་འཚལ་ཏེ། །དང་པོ་ཕྱོགས་འཛིན་སྡུག་བསྔལ་མེད། །བར་དུ་ཡུལ་སྲིད་སྡུག་བསྔལ་མེད། །ཐ་མ་ངོ་སྲུང་སྡུག་བསྔལ་མེད། །སྡོད་པ་མེད་དེ་མེད་དེ་ལགས། །ཞེས་གསུངས་སོ། །དེ་ཐམས་ཅད་ཀོ་ར་ལ་ཐོག་གི་སྐོར་རོ།། །།དེ་ནས་ཁུ་བྱུག་དབེན་པ་རྫོང་ལ་བྱོན་པའི་ལམ་དུ་ཡོན་བདག་རྒན་པོ་གཅིག་གཤིས་ངན་པ། ནོར་ཆེ་བ་འཁོར་མང་པོའི་དབུས་སུ་བསྡད་ནས་ཐམས་ཅད་སྨྲ་བ་ཅིག་སྦྲ་ཆེན་པོ་ཅིག་གི་ནང་དུ་འདུག་པ་ལ། རྗེ་བཙུན་ཆེན་པོ་དཔོན་སློབ་གཉིས་ཀྱི་བསོད་སྙོམས་ཞུས་པས་རྒད་པོ་དེ་ན་རེ། ཡུད་ཅིག་སྡོད་ང་ཡི་ཁ་བརྡ་མ་ཚར་ཟེར། ཡང་ཞུས་པས། རས་པ་འདི་ལས་འདོད་ཐག་ཉེ་བ་རིང་སྟབས་ཆེ་བ། ཁྱོད་ཅིག་དེ་ཙམ་ཅི་ལ་རེད། བྲེལ་བ་དེ་ཙམ་འོང་བ་ཟེར་བ་ལ། རྗེ་བཙུན་གྱིས། ཉོན་ཅིག་གསོན་ཅིག་བགྲེས་པོ་བ། །ང་བྲེལ་ཚབ་ཆེ་བ་བདེན་པར་ཡོད། །ང་མི་ལ་རས་པ་འཆི་བར་ཡོད། །དེ་ཡང་མྱུར་དུ་མྱུར་དུ་འཆི། །ཡོན་བདག་ཁྱོད་དག་མ་འཆི་སྟེ། །ཁྱོད་ཀྱང་རྟག་ཏུ་རྟག་ཏུ་འཆི། ཁྱོད་སྡོད་པས་སྡོད་པའི་ཆོས་ལ་འབུངས། །ཆོས་ཐོག་ཏུ་ཕེབ་ན་ང་ཡིས་ལེན། །ཞེས་གསུངས་པས་རྒད་པོ་ན་རེ། རྣལ་འབྱོར་པ་ཁ་གཅོལ་མཁན་ཟེར་བས། ཡང་གསུངས་པ། ང་དད་ཁ་བཅོལ་མི་འཆད་དེ། །ཡོན་བདག་ཁ་བཅོལ་རྐེ་ཡི་བསྐྱེད། །ང་དང་རྫུན་པོའི་མི་སྨྲ་སྟེ། །བགྲེས་པོ་རྫུན་པོའི་མི་སྨྲ་སྟེ། །བགྲེས་པོ་རྫུན་གྱི་འཁོར་གྱིས་བསྐོར། །ཁོ་དེ་ཡོན་བདག་བགྲེས་པོ་བ། །ཁྱོད་ཀྱིས་འཆི་བ་མ་གཟིགས་ན། །ཕ་མ་ལ་སོགས་ག་ན་བཞུགས། །ཡང་ན་བགྲེས་པོས་ཚེ་བུན་བཏང་། །ཚེ་ཡི་བུན་སྐྱེད་ལེན་པ་རན། །རན་པ་ལས་ཀྱང་འཕྱིས་པ་ཙམ། འཕྱིས་སམ་མ་འཕྱིས་དབུ་ལ་གཟིགས། །ཤོ་མེད་ཀྱང་བྲེ་མོ་བགྱིས་པ་ལགས། །ཡོན་བདག་བགྲེས་པོ་ག་ལ་འཆི། །མར་མེ་རླུང་གིས་ག་ལ་བསྐྱོད། །ཆུ་ཡི་སྦུ་བ་ག་ལ་ཡལ། །ཆུ་ཤིང་སྙིང་པོ་ལྕགས་ལས་མཁྲེགས། །དེ་གོ་བར་གདའམ་བློ་བདེའོ། །མཁྱེན་པར་གདའམ་ཕྱི་ཆོས་ཅན། །ཞེས་གསུངས་ནས་ཁུ་བྱུག་དབེན་པ་རྫོང་ལ་བྱོན། དེར་ལོ་ཧྲིལ་བ་གཅིག་བཞུགས་པས། བུ་སློབ་བཟང་དག་ཅོག་རྣམས་ཀྱང་དེར་བྱུང་སྟེ་རས་པ་དཔོན་གཡོག་སུམ་ཅུ་ཙམ་བྱུང་དེ་རྣམས་དབྱར་དེར་བདེ་མཆོག་སྙན་བརྒྱུད་ཀྱི་བུམ་དབང་དང་འབྲེལ་པས་ཐུན་མོང་ཡིད་བཞིན་ནོར་བུ། གསང་དབང་དང་འབྲེལ་པ་སྟེང་སྒོ་རྣམ་གྲོལ་གྱི་ཆོས་དྲུག །གསུམ་པ་དང་འབྲེལ་བ་འོག་སྒོ་བདེ་བ་ཆེན་པོ། ཚིག་དབང་དང་འབྲེལ་བ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་གནང་བའི་རྗེས་སུ་གསུངས་པ། བྱིན་རླབས་སྒྲུབ་པའི་རྩལ་དང་ལྡན། །ཉམས་དང་རྟོགས་པའི་མཆོག་དང་ལྡན། །མོས་གུས་གདམས་པའི་སྣོད་དང་ལྡན། །བུ་ཅིག་རས་ཆུང་རྡོ་རྗེ་གྲགས། །ང་ཡི་གདམས་པ་ཁྱད་འཕགས་འདི། །མཁའ་འགྲོའི་ལུང་བསྟན་བྱུང་ནས་ནི། །དད་གུས་སྣོད་དང་ལྡན་པའི་ཕྱིར། །རིན་ཆེན་གསེར་གྱི་ག་བུ་རུ། །ནོར་བུས་བཀང་བ་འདྲ་བ་འདི། རས་ཆུང་ལག་ཏུ་གཏད་པ་ཡིན། །ཡིད་ཆེས་གྱིས་ལ་སེམས་ལ་ཆོངས། །ཀུན་གྱི་ཐུན་མོང་མ་ཡིན་པས། །དཀོན་ནོད་རྒྱལ་ཁམས་མི་ལ་དྲིས། །བདེན་རྫུན་ལག་ཏུ་ལོང་ལ་ལྟོས། །འབྲས་བུ་ཕྱི་དུས་འགྱང་གྱུར་ན། །རྣལ་འབྱོར་ང་ཡིས་བསླུས་པ་ཡིན། །སེམས་བསྐྱེད་ཆུང་བ་མ་ཡིན་ཏེ། །མཁའ་འགྲོའི་ཚོགས་རྣམས་ཀོ་ལོང་དོམ། །བླ་མ་བརྒྱུད་པའི་བཀའ་རྒྱ་ཡོད། །ཆོས་བདག་མཁའ་འགྲོའི་དམ་ཚིག་ཡོད། །ང་ཡི་ཚེ་ལ་ཁར་མི་འདོན། ཉམས་ཀྱི་དྲོད་ཚད་སྤེལ་བ་དང་། །དུས་ཕྱིས་འགྲོ་དོན་དར་བའི་ཕྱིར། །གཅིག་བརྒྱུད་གནད་དུ་ཤེས་པར་བྱ། །དྲིན་དང་ལྡན་པའི་སློབ་དཔོན་དང་། །བརྩེ་གདུང་ཅན་གྱི་མཆེད་ལྕམ་དང་། །ཟས་ནོར་ཅན་གྱི་འཕན་པོ་དང་། །ཁེ་གྲགས་ཅན་གྱི་བཙན་པོ་དང་། །བྱས་ཡུས་ཅན་གྱིའང་མི་སྦྱིན་པ། །གཞན་མ་རྣམས་ལ་སྨོས་ཅི་དགོས། །མཁའ་འགྲོའི་ལུང་བསྟན་བྱུང་བ་ཡི། །རང་ལ་དད་ཅིང་གུས་པར་ལྡན། །སྣོད་ལྡན་སྤྲང་པོ་ཡིན་ཀྱང་བྱིན། །ཀྱེ་ཧོ་རས་ཆུང་རྡོ་རྗེ་གྲགས། །དཔེར་ན་ནོར་བུ་རིན་ཆེན་ནི། །ཚོགས་མ་བསགས་དང་འཕྲད་པ་མེད། །བསོད་ནམས་ལྡན་པའི་སྤྱོད་ཡུལ་ཡིན། །དེས་ན་སྙན་བརྒྱུད་གདམས་པ་འདི། གདུལ་བྱ་བསགས་པ་དམན་པ་ཡི། །སྐལ་མེད་རྣམས་དང་འཕྲད་པར་དཀའ། །ལས་ཅན་འགའ་ཡི་སྤྱོད་ཡུལ་ཡིན། །དད་མེད་སྐྱེ་བོ་རུ་ཤིང་རག །སྐལ་མེད་རྒྱུད་ངན་ལོག་རྟོག་སྐྱེད། །གོ་མེད་ཆོས་ལ་གཤེ་སྐུར་འདེབས། །དེ་ཕྱིར་ཀུན་ལ་ཤིན་ཏུ་གསང་། །དབང་ཁྲིད་གདམས་པ་བཞི་པོ་འདི། །ཁྲིད་དུ་རྫོགས་པར་མ་ཐོབ་བར། །དཔེ་ཐོབ་ལུང་ཐོབ་བྱེད་པའི་མིས། །བླ་མ་ལྟས་ངན་མཐོང་བཞིན་གསང་། །ཆོས་འདི་མཐོང་ན་གཞོག་ངོམ་བྱེད། །ཉམས་སུ་མི་ལེན་འཆད་སེམས་ཅན། །དམ་ཉམས་སློབ་མ་བྱུང་སྲིད་ན། །ནག་པོ་ཆེན་པོས་ཆད་པ་ཆོད། །ཟ་བྱེད་མཁའ་འགྲོས་བཀའ་ཆད་ཕོབ། །ལས་ཅན་གུས་ལྡན་སློབ་མ་ཡི། །ཆོས་འདི་གཙོ་བོར་འཛིན་གྱུར་ན། ལུས་དང་གྲིབ་བཞིན་སྡོང་གྲོགས་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བླ་མ་བདེ་མཆོག་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །མི་ལ་རས་པ་མི་རྫུན་པས། །འཁོར་བ་ཇི་སྲིད་མ་སྟོངས་པར། །ཆོས་འདི་དར་ཞིང་རྒྱས་པར་ཤོག །དེ་སོགས་དགེ་བའི་རྩ་བ་འདིས། །སངས་རྒྱས་བསྟན་པ་དར་བ་དང་། །ནག་པོའི་ཕྱོགས་རྣམས་ཕམ་པར་ཤོག །མཁའ་མཉམ་རྡོ་རྗེ་འཛིན་ཐོབ་ཤོག །སྙན་བརྒྱུད་ཡི་གེ་མེད་པ་འདི། །བླ་མ་མཁའ་འགྲོས་གསུང་བཞིན་དུ། །སྙེ་ནམ་དྲོད་ཕུག་དགོན་པ་རུ། །རྡོ་རྗེ་རྒྱལ་མཚན་བརྩེ་བས་བྲིས། །ཕྱོགས་ཡུལ་བདེ་ལེགས་ལྡན་གྱུར་ཅིག །རྗེ་བཙུན་མི་ལ་རས་ཆེན་གྱིས། །རས་ཆུང་ཁྱོད་ལ་གཏད་དོ་རྒྱ། །ན་མོ་གུ་རུ། རྒྱུད་སྡེ་མི་ཤེས་ཚོགས་འཁོར་དཀའ། །གྲུབ་མཐའ་མི་ཤེས་ལྟ་བ་དཀའ། །ནུས་པ་མ་ཐོབ་སྤྱོད་པ་དཀའ། །བརྒྱུད་པ་མི་ལྡན་གདམས་ངག་དཀའ། །སྒོམ་སྒྲུབ་མ་བྱས་དངོས་གྲུབ་དཀའ། །ཕྱོགས་ཆ་མ་སྤངས་རྣལ་འབྱོར་དཀའ། །ཉོན་མོངས་མ་སྤངས་ཆོས་པ་དཀའ། །རྒྱུད་ལ་མ་བརྟེན་འབྲས་བུ་དཀའ། །རླན་ལ་མ་བརྟེན་མེ་ཏོག་དཀའ། །གནད་དུ་མ་ཕོག་སེམས་འཛིན་དཀའ། །དེ་ནི་མི་ལའི་དཀའ་བཅུ་ལགས། །ཞེས་གསུངས། ཡང་རྗེ་བཙུན་གྱིས་གདིང་རྙེད་བཞིའི་མགུར་གསུངས་པ། ངས་སྐྱེ་བ་མེད་པའི་གདིང་ཅིག་རྙེད། །ཚེ་སྔ་ཕྱི་གཉིས་ཀྱི་འཛིན་པ་དག །རིགས་དྲུག་སྣང་བ་རྫུན་དུ་གདའ། །སྐྱེ་འཆི་གཉིས་ཀྱི་སྒྲོ་འདོགས་ཆོད། །གཉིས་སུ་མེད་པའི་གདིང་ཅིག་རྙེད། །ཡུལ་སེམས་གཉིས་སུ་འཛིན་པ་དག །ཚོགས་དྲུག་གི་ཉམས་སྣང་རྫུན་དུ་ཐལ། །དངོས་པོར་འཛིན་པའི་སྒྲོ་འདོགས་ཆོད། །མཉམ་པ་ཉིད་ཀྱི་གདིང་ཅིག་རྙེད། བདེ་སྡུག་གཉིས་སུ་འཛིན་པ་དག །འཁོར་བའི་ཉམས་མྱོང་རྫུན་དུ་ཐལ། །སྤང་བླང་མེད་པར་སྒྲོ་འདོགས་ཆོད། །དབྱེ་རུ་མེད་པའི་གདིང་ཅིག་རྙེད། །འཁོར་འདས་གཉིས་སུ་འཛིན་པ་དག །ས་ལམ་སྐྱོང་བ་རྫུན་དུ་གདའ། །ཞེས་གསུངས་སོ། །དེ་ཐམས་ཅད་ཁུ་བྱུག་དབེན་པ་རྫོང་གི་སྐོར་རོ། ། ༈ དེ་ནས་རྗེ་བཙུན་ཆེན་པོ་སྐྱི་ཤང་གི་བྲག་སྐྱིད་ཕུག་ཉི་མ་རྫོང་དུ་གཅིག་པུར་བྱོན་ནས་བཞུགས་ཙ་ཉི་མ་ཕྱེད་སྒྲ་ཆེན་པོ་ཅིག་བྱུང་བ་ལ་གཟིགས་ཙ། ཤ་བ་ཕོ་གཅིག་རྡུལ་རྫབ་སེ་བྱུང་བས། བཟོད་གླག་མེད་པའི་སྙིང་རྗེ་སྐྱེས་ཏེ། སྤྱིར་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། ཁྱད་པར་དུ་སེམས་ཅན་གླན་པ་འདི་སྙིང་རེ་རྗེ། དེའི་ནང་ནས་ཤ་བ་འདིས་སུ་ལ་ཉེས་བྱས་པ་མེད་པ་ལ་འཇིགས་སྣང་ཅན། མི་ཐམས་ཅད་ཀྱིས་སྡང་བ་ཅིག་འདུག་དགོངས་ནས། ཤ་བའི་རྔུལ་སེལ་བའི་དོན་དུ་སྐྱོ་ཤས་སྙིང་རྗེའི་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཤ་བའི་ལུས་ལ་ཚེར་མའི་མགོ །ཤ་ལུས་ཚེར་མགོ་ང་ལ་ཚུར་ཉོན་དང་། །ཕྱི་སྣང་བའི་ཡུལ་ལ་བྲོས་བྲོས་ནས། །འཁྲུལ་སྣང་མ་རིག་ནང་ནས་ཐར་དུས་མེད། །ཕྱི་ལུས་སེམས་སྤངས་པས་མི་སྤངས་པས། །འཁྲུལ་སྣང་མ་རིག་སྤངས་པའི་དུས་ལ་བབ། །ལས་རྣམ་སྨིན་བདེན་པ་མགྱོགས་དྲག་པས། །ཁྱོད་བྲོས་པས་ཐར་བ་ག་ལ་སྲིད། །སྔོན་ལས་ངན་སྡིག་པ་བསགས་བསགས་པས། །ད་ལུས་སེམས་འཇིགས་སྐྲག་སྡུག་བསྔལ་སྤྱོད། །ད་བྲོས་པས་ཐར་འདོད་འཁྲུལ་པ་ཡིན། །སེམས་འཁྲུལ་པ་ཤིག་ལ་འདི་ན་སྡོད། །ཅེས་སྐྱོ་ཤས་སྙིང་རྗེའི་དབྱངས་སྙན་ཚོར་བས་ཉན་པའི་ཚུལ་དུ་གཡས་ཕྱོགས་དེར་ཉལ་ནས་བསྡད་དེ། མིག་ནས་མཆི་མ་ཕྲུལ་ལེ་བྱུང་ནས་ན་བཟའ་ལ་མཚུར་པ་གཏད་ནས་ཉལ་ལོ། །རྗེ་བཙུན་གྱིས་སྙིང་རེ་རྗེ་སེམས་ཅན་འདི་ལ་གནོད་པ་བྱེད་པ་མཁན་ཅིག་འདུག་དགོངས་ཙ། ཁྱི་མོ་དམར་མོ་རྔ་མ་དཀར་དམར་གྱིས་བརྒྱན་པ་ཅིག་བྱུང་བས་དེ་ལ་སྙིང་རྗེ་རང་དབང་མེད་པར་སྐྱེས་ནས་དབྱངས་སྙན་པའི་མགུར་འདི་གསུངས་སོ། །རྗེ་ལྷོ་བྲག་མར་པའི་ཞབས་ལ་འདུད། །སེམས་ཞེ་སྡང་ཞི་བར་བྱིན་གྱིས་རློབས། །ཁྱི་ཡི་ལུས་ལ་སྤྱང་ཀིའི་ཁ། །ཁྱི་ལུས་སྤྱང་ཁ་བ་ཁྱོད་ང་ལ་ཉོན། །ཁྱོད་སྣང་བ་གང་མཐོང་དགྲར་ལེན་པའི། །ཞེ་སྡང་གི་བསམ་ངན་ཡིད་ལ་ཟུག །སྡིག་པ་ཅན་ཁྱི་ཡི་ལུས་ལ་སྐྱེས། །སྡུག་བསྔལ་ལྟོགས་པའི་ངང་དུ་སྡོད། །ད་གཟུང་འཛིན་ལྕགས་སྒྲོགས་མ་གྲོལ་ན། །ངན་སོང་འཇིགས་ལས་ཐར་དུས་མེད། །ལུས་སེམས་དད་པས་མི་ཟིན་ཏེ། །ནང་རང་སེམས་རང་གིས་འཛིན་རེ་རན། །ཞེས་གསུངས་པས་ཁྱི་མོ་དེ་གཡོན་ཕྱོགས་སུ་མཚུར་པ་གཏད་ནས་རྣ་བ་ཕབ། །རྔ་མ་བསྙལ་ནས་ཉལ་ནས་བསྡད་དེ་མཆི་མ་སྔོ་ཁྲལ་ལེ་སོང་ནས། ཤ་བ་དང་ཁྱི་གཉིས་ནི་མ་བུའི་ཚུལ་དང་འདྲ་བར་བྱུང་བས། བླ་མའི་ཐུགས་དགོངས་ལ་ཁྱི་འདིའི་བདག་པོ་མི་གཅིག་འོང་བས་བསམ་ཤེས་པས་དྲག་དགོངས་ཙ། མི་སྔོན་པོ་རས་སྐེད་ལ་དཀྲིས་པ། ཞགས་པ་དང་རྒྱ་ཁྲེས་ཁུར་བ། མདའ་ལྔ་དང་གཞུ་གཅིག་བཟུང་ནས་བྱུང་བ་ལ་མགུར་འདི་གསུངས་སོ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །དུག་ལྔ་ཞི་བར་བྱིན་གྱིས་རློབས། །ཁྱོད་མི་ཡི་ལུས་ལ་གཤིན་རྗེའི་མགོ །མི་ལུས་གཤིན་མགོ་བ་ཁྱོད་ང་ལ་ཉོན། །མི་ལུས་རིན་ཆེན་དཀོན་གསུངས་ཏེ། །ཁྱོད་འདྲ་མཐོང་ན་དཀོན་རྒྱུ་མེད། །སྲིན་པོའི་གཟུགས་ཀྱི་སྡིག་པ་ཅན། །སྡུག་བསྔལ་ངན་སོང་ཁྱོད་ཨེ་འཚོལ། །སྡིག་པ་འདོད་པས་མི་འགྲུབ་སྟེ། །ནང་ཞེན་པ་ལོག་ན་དངོས་གྲུབ་འཐོབ། །ཕྱི་སྣང་བ་བཏུལ་བས་མི་ཐུལ་ཏེ། །ནང་སྡིག་སེམས་འདུལ་བའི་དུས་ལ་བབ། །ཁྱོད་ཤ་བ་བསད་པས་མི་བརྒྱགས་ཏེ། །ནང་དུག་ལྔ་བསད་ན་ཅི་བསམ་འགྲུབ། །ཕྱི་དགྲ་བོ་བཏུལ་བས་ཇེ་མང་འགྲོ། །ནང་རང་རྒྱུད་བཏུལ་ན་དགྲ་བོ་མེད། །མི་ཚེ་སྡུག་ལ་མ་སྐྱེལ་བར། །དམ་པའི་ཆོས་ཤིག་བྱས་ན་བཟང་། །ཞེས་གསུངས་པས། མདུན་དུ་བལྟས་ནས་བསྡད་དེ་ཁོ་ཡི་བསམ་པ་ལ། མགུར་ལ་ངེས་པ་མེད་དེ་ཁྱི་འདིའི་སྔར་ངས་མ་སླེབ་ན་ཤ་བའི་ཕྱེད་དེ་ཟོས་ནས་སོང་བ་ལ་དེ་རིང་མ་བུ་འདྲ་བར་སྣང་བས་ཤ་བའི་སྲོག་ཕུལ་ན་འཐད་དེ། བུ་སྨད་ཀྱང་ལྟོགས་གྲིར་མང་ཨེ་འཆི། འོན་ཀྱང་བསྡིག་མོ་ཞིག་བྱེད་དགོས་བསམ་ནས་མདའ་བཀང་སྟེ། རྣལ་འབྱོར་པ་རྒད་པོ་ང་ཡི་ཁྱི་དང་ཤ་བ་ཐོང་། ཁྱོད་ཀྱི་རས་གོས་ཀྱི་ང་ཡིས་མདའ་མི་རྟེན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ཁྱོན་ཉོན་དང་གསོན་དང་ཁྱི་ར་བ། །འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་ཡིན། །འཇའ་ཁ་དོག་ལེགས་ཀྱང་ཡལ་རྒྱུ་ཡིན། །འཇིག་རྟེན་ཉམས་དགའ་འདྲ་ཡང་རྨི་ལམ་ཙམ། །འཁོར་བ་དགའ་དགའ་འདྲ་ཡང་སྡོད་དབང་མེད། །འདུས་བྱས་འདི་ནི་མི་རྟག་པ། །རྫ་ཁར་སོང་ཡོད་ཀྱང་དེ་རིང་ཆག །མི་ན་ནིང་སྐྱེས་པ་ད་ལོ་འཆི། །ནོར་རང་ལ་ཡོད་པ་དགྲ་ལ་འཆོར། །ཟས་ཕན་པར་ཟོས་པ་དུག་ཏུ་ན། །གྲོགས་བཟང་པོ་ཡོད་པ་དགྲ་ལ་ལྡངས། །དྲིན་བཟང་པོས་བསྐྱངས་ལས་ཁ་པོ་བྱེད། །སྡིག་པ་རང་བྱས་རང་ལ་སྡིག །དམོད་མོ་ལེན་མེད་རང་ལ་འཁོར། །ཁྱོད་མགོ་བརྒྱའི་ནང་ནས་རང་མགོ་གཅེས། །ཕྱག་སོར་མོ་བཅུ་ལས་གང་བཅད་ཚ། །བཟའ་ཚང་མི་ལྔའི་ནང་ནས་རང་མགོ་གཅེས། །རང་མགོ་རང་གིས་འདོན་པའི་དུས་ལ་བབ། །ཚེ་འདི་མི་རྟག་མྱུར་དུ་འཇིག །རང་སེམས་འོད་གསལ་བསྒོམ་པའི་དུས་ལ་བབ། །འགྲོགས་པའི་གཉེན་གྱིས་འཁོར་བར་འཕེན། །དཔལ་ལྡན་བླ་མ་བརྟེན་པའི་དུས་ལ་བབ། །ལར་ཅིག་སོང་གཉིས་སོང་སྡོད་དབང་མེད། །ཐམས་ཅད་འགྲོ་ཞིང་འདུག་པ་མ་མཐོང་ངམ། ཚེ་འདི་ཡང་བདེ་ལ་ཕྱི་མ་སྐྱིད། །འདི་ཕྱི་གཉིས་ཀ་སྐྱིད་པ་དམ་པའི་ཆོས། །དམ་པའི་ལྷ་ཆོས་བྱེད་པའི་དུས་ལ་བབ། །ཅེས་གསུངས་པས། ཁོ་དད་པ་སྐྱེས་ཏེ། ཨ་རེ་བདེན། ང་ལས་ལོད་པ་མི་འདུག་སྙམ་སྟེ། མདའ་གཞུ་ཐང་ལ་བཞག་ནས་ཕྱག་ཕུལ་སྟེ། ཤ་བའི་སྲོག་དང་ཁྱི་དང་བྱ་དང་མདའ་དང་གཞུ་ཐམས་ཅད་ཕུལ་ནས་བྲོ་མ་དབྱངས་འདི་ཕུལ་ལོ། །རྗེ་བཙུན་ཆེན་པོ་སྙན་གསོན་དང་། སྤྲུལ་སྐུ་རས་ཆེན་ཐུགས་གཏད་འཚལ། །ང་ཡིས་ལག་གཡས་ན་ཐོགས་པ་ཉག་ཕྲན་མདའ། །ཉག་ཕྲན་མདའ་མོ་སྒྲོ་མཚལ་ཁ་རྒྱན་ཅན། མདེའུ་ངར་མ་བཙན་དུག་ངར་མས་བྱུགས། །ལག་པ་གཡོན་ན་བཟུང་བ་མཆོག་དཀར་གཞུ། །ཧོར་གཞུ་ངར་མ་སིང་རྒྱུད་ཁ་རྒྱན་ཅན། །དྲོ་བ་དཀར་མོ་མཛེས་པའི་གསལ་གདོངས་ཅན། ཞགས་པ་ནག་པོ་ཨ་ལོང་སྔོན་པོའི་ཁ་རྒྱན་ཅན། །འདམ་དྲུག་བཤལ་བདུན་བཤལ་ཅིང་ཕྲ་ལ་དྲིལ། །རྒྱ་ཁྲོས་ཁྲ་བོ་སྣལ་ཆུ་སེར་པོའི་ཁ་རྒྱན་ཅན། །ཁྱི་མོ་དམར་མོ་རྔ་མ་དཀར་དམར་གྱི་ལ་ཚོམ་ཅན། །གློགས་ལྕམ་འཕར་མ་ནམ་མཁའི་བྱ་ཟིན་མ། །ཤ་བ་སྨུག་པོ་དུང་རུ་དཀར་པོའི་ཁ་རྒྱན་ཅན། །འབུལ་བ་སྣ་དྲུག་བླ་མ་ཁྱེད་ལ་འབུལ། །ཁྱི་མོ་དམར་མོ་ཐར་པའི་ལམ་ལ་ཐོང་། །ཤ་བ་སྨུག་པོ་བྱང་ཆུབ་ལམ་ལ་ཆུག །ང་ཁྱི་ར་བ་མགོན་པོ་རྡོ་རྗེ་དམྱལ་བ་མི་གཏོང་འཚལ། །ངས་སྔར་བྱས་སྡིག་པ་འགྱོད་སེམས་སྐྱེས། །ད་ཕྱིན་ཆད་མི་བྱེད་དམ་བཅའ་འབུལ། །ཞེས་ཞུས་པས། རྗེ་བཙུན་མཉེས་སྟེ། ཁོའི་བྲོད་པ་བསྐྱེད་པའི་དོན་དུ་མགུར་འདི་གསུངས་སོ། །མི་ང་ངོ་ཁྱེད་ཀྱིས་མ་ཤེས་ན། །གུང་ཐང་མི་ལ་རས་པ་ཡིན། །ཆོས་ལྟ་བ་གང་ཡིན་ཟེར་ཙ་ན། །ལྟ་བ་སྣང་སྟོང་མཐའ་བྲལ་ཡིན། །དེ་ལུང་རིག་གཉིས་ཀྱིས་བར་ན་རྙེད། །བུ་སྐྱེ་ཤིས་འཇིགས་ན་ཡར་ལ་ལྟོས། །སྐྱེ་ཤི་འཇིགས་ན་ང་ཕྱིར་འབྲང་། །སྒོམ་པ་གང་ཡིན་ཟེར་ཙ་ན། །སྒོམ་པ་འོད་གསལ་གཉིས་མེད་ཡིན། །བདེ་སྟོང་གཉིས་ཀྱིས་བར་ན་རྙེད། །བུ་སྐྱེ་ཤི་འཇིགས་ན་ཡར་ལ་ལྟོས། །སྐྱེ་ཤིས་འཇིགས་ན་ང་ཕྱིར་འབྲོང་། །སྤྱོད་པ་གང་ཡིན་ཟེར་ཙ་ན། །སྤྱོད་པ་མ་བཀག་ལྷུན་གྲུབ་ཡིན། །དེ་རྟེན་འབྲེལ་གཉིས་ཀྱིས་བར་ན་རྙེད། །བུ་སྐྱེ་ཤིས་འཇིགས་ན་ཡར་ལ་ལྟོས། །སྐྱེ་ཤི་འཇིགས་ན་ང་ཕྱིས་འབྲོང་། །འབྲས་བུ་གང་ཡིན་ཟེར་ཙ་ན། །དེ་འཁོར་འདས་གཉིས་ཀྱི་བར་ནས་རྙེད། །བུ་སྐྱེ་འཆིའི་འཇིགས་ན་ཡར་ལ་ལྟོས། །སྐྱེ་འཆིའི་འཇིགས་ན་ང་ཕྱིར་འབྲོང་། །ཆོས་ལྟ་སྒོམ་སྤྱོད་འབྲས་རྡོ་རྗེའི་དབྱངས། །ཁྱོད་སྒོམ་པར་ནུས་ན་རྟོགས་པ་འཆར། །བཟའ་ཚོ་དྲུག་གི་ཁྱིམ་ཐབས་རྣམས། སྤངས་པར་ནུས་ན་ངོ་མཚར་ཆེ། །རང་ཉིད་གཅིག་པུར་འཆི་བ་ལ། །ཆོས་ཤིག་ནུས་ན་སོ་ནམ་ཚར། །ཞེས་གསུངས་པས་ཁོ་ཤིན་ཏུ་དད་དེ། བླ་མ་ལགས། ཁྱེད་གར་བཞུགས། གྲོགས་ཅི་འདྲ་ཡོད། འཚོ་བ་ཅི་འདྲ་གསོལ། ང་ཡང་ཆགས་ཕྱི་ལ་འགྲོ་བ་ལགས། བུ་སྨད་ཡང་ཅི་རེད་རེད་ཅེས་ཞུས། དེའི་ལན་དུ་མགུར་འདི་གསུངས་སོ། །བླ་མ་དང་རང་སེམས་སངས་རྒྱས་གསུམ། །འདུ་འབྲལ་མེད་པར་གསོལ་བ་འདེབས། །གནས་གཡའ་རི་དང་གངས་རི་རྫ་རི་གསུམ། །འདི་གསུམ་རྣལ་འབྱོར་ང་ཡི་སྒྲུབ་གནས་ཡིན། གནས་དེ་གསུམ་ལ་སྤྲོ་ན་ང་ཕྱིར་གཤེགས། །ཤ་བ་དང་གནའ་བ་དགོ་བ་གསུམ། །འདི་གསུམ་རྣལ་འབྱོར་ངའི་དཀོར་ནོར་ཡིན། །ནོར་དེ་གསུམ་ལ་དགའ་ན་ང་ཕྱིར་གཤེགས། །བྱ་གོང་མོ་དང་འཇོལ་མོ་ཀྲི་ཀ་གསུམ། །དེ་གསུམ་རྣལ་འབྱོར་ང་ཡི་ཁྱིམ་མཚེས་ཡིན། །ཁྱིམ་མཚེས་དེ་གསུམ་དང་འགྲོགས་ན་ང་ཕྱིར་གཤེགས། །སྔོ་ཟྭ་དང་རུག་པ་ཐུལ་པ་གསུམ། །འདི་གསུམ་རྣལ་འབྱོར་ངའི་ཆོས་བརྒྱགས་ཡིན། །ཟས་འདི་གསུམ་གྱི་འགྲངས་ན་ང་ཕྱིར་གཤེགས། །རྫ་ཆུ་དང་གཡའ་ཆུ་གངས་ཆུ་གསུམ། །འདི་གསུམ་རྣལ་འབྱོར་ང་ཡི་བཏུང་ཆུ་ཡིན། །སྐོམ་འདི་གསུམ་གྱི་ཆོག་ན་ང་ཕྱིར་གཤེགས། །ཕ་བླ་མ་དང་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་ངེད་ཀྱི་རྒྱབ་བརྟེན་ཡིན། །འདི་གསུམ་ལ་དད་ན་ང་ཕྱིར་གཤེགས། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འདི་གསུམ་རྣལ་འབྱོར་ང་ཡི་སྐྱབས་གནས་ཡིན། །ཁྱོད་འདི་གསུམ་ལ་དད་ན་ང་ཕྱིར་གཤེགས། །ཅེས་གསུངས། ནོར་ཡོད་ནས་ཟས་མེད་པ་ཡི་དྭགས་སུ་སྐྱེ་འདོད་ཡིན། རྒྱ་མཚོའི་འགྲམ་ན་ཡི་དྭགས་སྐོམ་ཟེར་ཙ། །དེང་སང་ནས་བྱེད་པ་རྒྱུ་མཐུན་གྱི་སྔ་མས་སླེབ་འོང་བ་ཡིན། ད་དོན་དང་གཉེན་ཐམས་ཅད་ལ་ཐེ་ཚོམ་མ་བསྐྱེད་པར་ཉོན་ཅིག་གསུངས་ནས་མགུར་འདི་གསུངས་སོ། །ཕོ་ཡ་མ་ཅན་རི་ཁྲོད་རས་པ་ང་། །དབྱར་ཟླ་གསུམ་རི་ཁྲོད་ཀྱི་གངས་ལ་བསྒོམས། །ཁམས་སྨུག་པ་བཟང་བའི་བསིལ་ངད་བཟང་། །སྟོན་ཟླ་གསུམ་རོ་སྙོམས་ཀྱི་ལྡོམ་བུ་བྱེད། །ལུས་འབྱུང་བཞི་གསོ་བའི་འབྲུ་རྩམ་མེད། །དགུན་ཟླ་གསུམ་ནག་མའི་ཕུགས་སུ་བསྒོམས། །རླུང་གདུག་ཅན་ངར་མའི་སྒྲིབ་གཡེང་ཡིན། །དཔྱིད་ཟླ་གསུམ་གཡའ་དག་གངས་ལ་བསྒོམས། །རླུང་བད་ཀན་མཁྲིས་པའི་བཅག་པ་ཡིན། །དབྱར་དགུན་མེད་པར་བསྒོམ་ལ་བརྩོན། །ལུས་འབྱུང་བཞི་འཇིག་པའི་སྡུག་ཆོས་ཡིན། །དུས་རྒྱུན་དུ་ཡེངས་མེད་བྱ་བ་བཏང་། །ཉོན་མོངས་དུག་ལྔའི་དམག་དོགས་ཡིན། །འཚོ་བ་གང་བྱུང་ཟ་བ་དེ། འདོད་སྲེད་ཆུང་བའི་སྐྱིད་རྟགས་ཡིན། །དུས་རྒྱུན་དུ་ཆོས་ལ་འབད་པ་ཡིན། །རང་རྒྱུད་དཀར་པོའི་རྣམ་ཐར་ཡིན། །བུ་ཆོས་བརྒྱགས་ལ་སེམས་ཁྲལ་མ་བྱེད་དང་། །ཆོས་པ་ལྟོགས་གྲིར་མི་འཆི་བ། །སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །གྲུབ་ཐོབ་རྣམས་ཀྱི་སྙིང་གཏམ་ཡིན། །མ་དང་མཁའ་འགྲོའི་མཛད་པ་ཡིན། །རྣལ་འབྱོར་ང་ཡི་རྟོགས་པ་ཡིན། །ཆོས་སྐྱོང་སྤྱི་ཡི་དམ་ཚིག་ཡིན། །ཞེས་གསུངས་པས། འོ་ན་སླ་ནས་འདུག་བསམ་ནས། ད་ང་ལ་ཁྲིད་གནང་བར་ཞུ་ཞུས་པ་མགུར་འདི་གསུངས་སོ། །བླ་མ་དམ་པ་མཉེས་པ་དེ། །ཡང་དང་ཡང་དུ་གསོལ་བ་ཐོབ། །ཡི་དམ་མཁའ་འགྲོ་བསྒོམ་པ་དེ། །ཡང་ཡང་དྲན་ཞིང་གནས་པར་གྱིས། །འཆི་བ་མི་རྟག་བསྒོམ་པ་དེ། །ཡང་ནས་ཡང་དུ་དྲན་པར་གྱིས། །ཕྱག་རྒྱ་ཆེན་པོ་བསྒོམ་པ་དེ། །ཆུང་ངུ་ཆུང་ངུ་ཡང་ཡང་སྒོམ། །སེམས་ཅན་ཕ་མར་གྱུར་པ་དེ། །ཡང་ཡང་སེམས་ལ་དྲན་པར་གྱིས། །སྙན་བརྒྱུད་ཟབ་མོ་བསྒོམ་པ་དེ། །སྙིང་ལ་རུས་པ་ཐོན་པར་གྱིས། །དམ་ཆོས་མཐའ་རུ་འདོན་པ་དེ། །མཐོ་དམན་མེད་པར་ན་རེ་སྐྱོང་། །ཆོས་དང་ཨེ་མཐུན་ལྟ་བ་དེ། །རྩབ་རྩུབ་མེད་པར་གཅིག་ལ་དྲིལ། །སོ་ནམ་ལྷ་ཆོས་བྱེད་པ་དེ། །ཁྱིམ་པའི་འབྲལ་འབྲིལ་གཏིང་ལ་བྱེད། །ཆོས་བརྒྱགས་ལྷ་ཡིས་སྤྲོད་པ་ལ། །སྡུག་གསོག་བྱས་པས་ཕན་གནོད་མེད། །གསོག་མིས་སྤྱོད་དུ་མི་འཇུག་པ། །མཁའ་འགྲོ་སྤྱི་ཡི་གདམས་ངག་ཡིན། །ཞེས་གསུངས་ཏེ་སྙན་བརྒྱུད་ཀྱི་ཁྲིད་གནང་ནས་བསྒོམས་པས་ཉམས་དང་རྟོགས་པ་སྐྱེས་ནས་གཉའ་ཤང་སྒང་ཁྱི་ར་རས་པ་བྱ་བ་འཇིག་རྟེན་གྱི་བྱ་བ་ཐོང་བ་ཐུགས་ཀྱི་སྲས་བརྒྱད་ཡོད་པའི་ཡ་བ་གཅིག་བྱུང་སྟེ། བུ་སྨད་དང་ཡང་དེ་ཉིན་ནས་མ་འཕྲད། དེ་སྔར་བས་ཀྱང་ཇེ་བརྒྱགས་ཇེ་སྐྱིད་ལ་སོགས་ཏེ་བསམ་པ་ཆོས་དང་མཐུན་པ་བྱུང་ངོ་། །ཁྱི་དང་ཤ་བ་གཉིས་ཀྱང་རྗེ་བཙུན་ཡབ་སྲས་གར་འབྱོན་པའི་སར་ཆགས་ཕྱི་ལ་འགྲོ་བ་དང་། ཕྱིས་ཀྱང་རྫ་ཕུག་དེ་ཉིད་དུ་ཁྱི་དང་ཤ་བའི་རྩིང་ཁོག་དང་། མདའ་ཆག་དང་གཞུ་ཆག་རྣམས་ད་རུང་ངོ་མཚར་བའི་ལྟས་ལ་ཡོད་དོ། །ཡང་ལོ་རྒྱུས་གཅིག་ལ་ཁྱི་ར་བས་མདའ་གཞུ་སོགས་ཕུལ་བ་རྣམས་ཚར་ནས་སྡིག་པ་མི་བྱེད་པའི་དམ་བཅའ་ཞིང་ཉིད་གར་འབྱོན་དུ་ཆགས་ཕྱིར་འབྲངས་ལགས། ཚེ་གཅིག་གི་གྲོལ་བའི་གདམས་ངག་ཅིག་ཐུགས་རྗེས་བཟུང་ཞེས་ཞུས་ནས། རྗེ་བཙུན་གྱི་དྲུང་དུ་པུས་མོ་བཙུགས་ཐལ་མོ་སྦྱར་ནས་འདུག་པའི་ཚེ། ཁྱི་ར་བའི་བུད་མེད་དེས་སྐེད་དུ་ཧྶ་རེ་གཅིག་བཅུག །རྒྱབ་ཏུ་སིལ་པོ་ཞིག་ཁུར། ལག་ཏུ་ཐག་ཞགས་གཅིག་བཟུང་ནས་བྱུང་སྟེ། རྣལ་འབྱོར་པ་རྟོག་འབྱོར་པ་འདི་ཚོས་གར་ཡང་སླེབ་འདུག །ལུང་ཕུག་ན་ཡང་འདི་ཚོས་སླེབ་འདུག །ཁྱེད་ཀྱིས་ང་ཡི་མི་ཁྱི་གཉིས་དེ་བཟུང་ནས་འདུག་པ་ཅི་ཡིན། ངེད་བཟའ་མི་བདུན་ཡོད་པ་དེ་ཁྱོད་ཀྱི་གསོ་ཆེས་ཨེ་ཡིན། རྐེ་དེ་ལ་ཐག་པ་འདིས་བཏགས་ཏེ་མགོ་ལ་ཧྶ་རེ་འདིས་གཅིག་བརྒྱབ་ན་ཉོ་བར་འདུག་ཟེར་བ་ལ། རྗེ་བཙུན་གྱིས་མོ་ལ་མགུར་འདི་གསུངས་སོ། །ཁྱོད་ནག་མོའི་ལུས་ལ་སྲིན་མོའི་གདོང་། །ནག་ལུས་སྲིན་གདོང་མ་ང་ལ་ཚུར་ཉོན་དང་། །ཁྱོད་རེ་བ་ཤ་བ་ཆོས་ཀྱི་རེ། །དོགས་པ་ཤ་བ་ཤོར་ཀྱི་དོགས། །རེ་དོགས་ཀྱི་བར་དེར་འཁོར་བར་འཁྱམས། །ཁྱོད་ཤ་བ་བསད་ཀྱིས་མི་གསོད་དེ། །ནང་སེམས་ཉིད་འཛིན་པའི་དུས་ལ་བབ། །སྒོམ་འོད་གསལ་བསྒོམ་པའི་དུས་ལ། །ནག་མོ་ཚེ་འདི་སྐྱིད་ལ་ཕྱི་མ་བདེ། །གཉིས་ཀ་བདེ་བའི་ལྷ་ཆོས་མཛོད། །ཅེས་གསུངས་པས། མོ་ན་རེ། ཁྱོད་ཆོས་ཀུན་ཅི་ཆ་ཡོད། །ཁྱེད་ལྷ་ཆོས་བྱ་བས་སྤྲང་པོ་ཅིག་གྲུབ་ནས་སྣང་། །ངེད་ཀྱི་ཁྱི་ཤ་བ་འདི་གཉིས་ཁྱོད་ཀྱིས་འཕྲོག་ཟེར་བ་ཨེ་ཡིན་ཟེར་ནས་མོ་རང་གིས་མི་ལ་ཁྱོད་ཆོས་ཉན་པ་ཕར་ཞོག །བྱེད་ཟེར་ན་ཤ་བ་འདི་སོད་ལ་ཤ་རྣམས་ཁུར་ལ་འོང་ཟེར་ཞིང་། ཤ་བའི་མགོ་ལ་ཐག་པ་བཏགས་ཏེ་ཤིང་ཕུང་ལ་བཀོར་བས་བཞག །མོ་རང་གི་མི་ལ་རྡོག་ཐོ་བརྒྱབ་ནས་ཁྱོད་ཤ་བ་གསོད་པ་འདམ་མམ། ངས་ཁྱོད་ཀྱི་མགོ་ལ་སྟ་རེ་འདིས་བརྒྱབ་པ་འདམ་ཟེར་བ་ལ། ཡང་རྗེ་བཙུན་གྱིས་མོ་ལ་མགུར་འདི་གསུངས་སོ། །ཁྱོད་ནག་མོའི་ལུས་ལ་བདུད་མོའི་སེམས། །ལས་ངན་མ་བདག་ལ་ཚུར་ཉོན་དང་། །འོ་སྐོལ་འགྲོ་བ་འཇིག་རྟེན་པ། །འཇིག་རྟེན་པ་ལ་ཕར་བལྟས་པས། །སྐྱེ་རྒ་ན་འཆིའི་ཆུ་བོ་བཞི། །ཆུ་བཞི་སྡུག་བསྔལ་གྱི་རྦ་ལ་གཡེང་། །དུས་གཏན་དུ་གཡེང་བ་མ་ཚོར་རམ། །བདེ་བའི་གནས་སྐབས་མི་གདའ་ན། །སྐྱེ་བའི་སྡུག་བསྔལ་བཤད་ཙམ་ན། །བར་དོ་ཀུན་གཞི་འཁྱམས་པ་དེ། །མ་ཡི་མངལ་དུ་ཞུགས་ཙམ་ན། །ཁྲག་དང་ཆུ་སེར་ནང་དུ་ཉལ། །མི་གཙང་བ་ལ་སྔས་སྟན་བྱས། །ལས་ངན་དབང་གིས་ལུས་ངན་ལེན། །གནས་ངན་ནང་དུ་སྡུག་བསྔལ་མྱོང་། ཚེ་སྔ་ཕྱི་དྲན་ཡང་སྨྲ་མ་ཤེས། །སྡུག་བསྔལ་ཆེ་ཡང་སྐད་མ་ཐོན། །ཚ་གྲང་གི་སྡུག་བསྔལ་སྣ་ཚོགས་སྐྱེས། །ཟླ་བ་དགུ་ལ་དམྱལ་བར་སྲེག །མངལ་ན་སྐྱེས་པའི་དུས་ཙམ་ན། །ལུས་པོ་ཚེར་མའི་ནང་དུ་བསྒྱུར་བ་འདྲ། །མ་ཡི་པང་དུ་བླངས་ཙམ་ན། །བྱིའུ་ཁྲ་ཡིས་ཁྱེར་བ་འདྲ། །མ་ཡིས་རྐན་མར་བྱིན་པའི་དུས། །བཙན་དུག་ངར་མ་ཟོས་པ་འདྲ། །ཚེམ་མེ་ནང་དུ་བཞག་པའི་ཚེ། །བཙོན་དོངས་ནང་དུ་བཙུག་པ་འདྲ། །ལར་སྐྱེ་མེད་དོན་གཅིག་མ་རྟོགས་ན། །སྐྱེ་བའི་སྡུག་བསྔལ་བསམ་མི་ཁྱབ། །རྒས་པའི་སྡུག་བསྔལ་བཤད་ཙམ་ན། །ཡན་ལན་གཙོ་བོ་མགོ་བོ་འཁོར། །རྣ་བ་སྒྲ་ཡི་རྒྱལ་པོ་འོན། །པགས་པའི་ལོ་མ་སྐྲ་ཡང་དཀར། །མཛེས་པའི་བཞིན་ཡང་གཉེར་མ་བྱུང་། །དབང་པོའི་དངས་མ་མིག་ཀྱང་འགྲིབ། །བྱད་ཀྱི་རྒྱལ་པོ་སྣ་ཡང་ཞོམ། །མཁུར་ཚོས་ཁྲག་གི་རྒྱ་མཚོ་སྐེམ། །རུས་པའི་རྒྱལ་པོ་སོ་ཡང་བུད། །བདེན་ལ་འཐད་པའི་གཏམ་སྨྲས་ཀྱང་། །བཅོལ་གཏམ་ཟེར་ནས་ཉན་མཁན་མེད། །རོ་ལ་ཡང་པའི་གོས་བགོས་ཀྱང་། །གྲང་ལ་ལྕི་བའི་དུག་པོ་དཀོན། །དྲང་པོར་སྐྱེད་པའི་ལུས་པོ་རྒུད། །བརྟན་པོར་སྤོས་པའི་གོམ་པ་འཁྱོར། །ཤིག་དང་བུ་ལོན་བསད་ཀྱང་འདུ། །ཟས་དང་གཉེན་འདུན་བཏུ་ཡང་གྱེས། །ན་བའི་སྡུག་བསྔལ་བཤད་ཙམ་ན། །ཁྱོད་ལན་གཅིག་ན་བའི་དུས་བྱུང་ཚེ། །ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་། །ཟུག་གཟེར་བྱེད་པའི་དགྲ་རུ་ལང་། །རླུང་མཁྲིས་བད་ཀན་བདུད་དུ་བབ། །ཁྲག་དང་ཆུ་སེར་རྒྱུན་དུ་བབས། །ལུས་ན་ཚའི་དབང་དུ་སོང་བའི་ཚེ། །སྟན་འབོལ་པོ་བཏིང་ཡང་འོག་ནས་མཁྲང་། །སྔས་མཐོན་པོ་བཞག་ཀྱང་མཇིང་པ་ན། །ཞིམ་ལ་མངར་བའི་ཟས་བསྟེན་ཀྱང་། །མཐོང་བ་ཙམ་གྱི་སྐྱུགས་སུ་བྲོ། །བྱམས་པའི་གཉེན་གྱིས་མཐའ་བསྐོར་ཡང་། །ན་ཚ་ཟུག་གཟེར་བགོ་བློ་མེད། །མགོ་བོ་མི་ཡི་དཔང་དུ་བཞག །ཟས་རྣམས་ཐུར་མས་ཁ་ལ་སྙོད། །སྐོམ་རྣམས་སྦུ་གུའི་རྒྱུད་ནས་འཇིབ། དེ་ཡི་ནད་ལ་ཕན་ཐབས་མེད། །བརྒྱ་འགྲོ་སྟོང་འགྲོ་མཐོང་བ་མེད། །ཁྲི་འབོད་སྟོང་འབོད་ཐོས་པ་མེད། །ན་བའི་སྡུག་བསྔལ་དེ་ཙམ་མོ། །ཁྱོད་ལན་གཅིག་ཤི་བའི་དུས་བྱུང་ཚེ། །ཕྱུག་པོའི་ནོར་གྱི་བསླུ་ས་མེད། །ལྕེ་བདེས་ལོ་རྒྱུས་བཀྲོལ་ཐབས་མེད། །དཔའ་བོའི་སྟག་འཐབ་བྱེད་ས་མེད། སྡར་མ་ཝ་བྲོས་བྱེད་ས་མེད། །ངན་པས་ཨུ་ཚུག་བྱེད་ས་མེད། །མཛངས་མས་ཟས་ཀྱིས་བསླུ་ས་མེད། །ངན་པས་རྣོ་གཅོད་བྱེད་ས་མེད། །འཕྱོར་མོས་བྱད་ཀྱིས་འབྲིད་ས་མེད། ཡན་ལག་རྩ་རྣམས་མཐའ་ནས་སྡུད། །ཁུར་ཐག་ལམ་གྱི་མཐའ་ནས་བྲེས། །གཅེས་པར་བསྐྱངས་པའི་ཤ་རུས་ཀྱང་། །བྱ་ཁྱི་ཀུན་གྱི་གཟན་དུ་འགྱུར། །ཁྱོད་དེ་འདྲ་ཡི་དུས་ཤིག་བྱུང་ཙ་ན། །ནོར་ཟང་ཟིང་མང་ཡང་གཞན་གྱིས་སྤྱད། །གཉེན་བུ་མང་ཡང་གཅིག་པུར་འགྲོ། །མཁར་ཁང་ཁྱིམ་མང་ཡང་སྒོ་རུ་འཕུད། །དེ་བཟོད་པར་གདའམ་སྐལ་ལྡན་ཀུན། །གཅེས་པས་གསོས་པའི་ལུས་པོ་ཡང་། །ལ་ལ་མེ་ཡི་ནང་དུ་བསྲེག །ལ་ལ་ཆུ་ཡི་ནང་དུ་སྐྱུར། །ལ་ལ་དོང་དུ་ས་དང་བསྲེ། ལ་ལ་བྱ་དང་སྤྱང་ཀིས་ཟ། །བསམ་བློ་ཐོང་དང་སྐལ་ལྡན་ཀུན། འཛམ་གླིང་ནོར་ལ་དབང་མོད་ཀྱང་། །ཚེ་ལ་ཞིང་བསླུ་ཡང་མ་ནུས་པས། །སེར་སྣ་བྱས་པས་ཅི་ལ་ཕན། །རང་གཅིག་པུར་འགྲོ་བའི་དུས་ལ་བབ། །ཟླ་བོ་སུ་དང་འགྲོགས་ནས་འགྲོ། དམིགས་གཏད་སུ་ལ་བྱེད་ནས་འགྲོ། །རྒྱབ་ཏུ་ཅི་ཞིག་འཁྱེར་ནས་འགྲོ། །འགྲོ་རོགས་ཟླ་རོགས་སུ་ཞིག་ཡོད། །བསམ་མནོ་མེད་དམ་བློ་རེ་བདེ། །དམ་པའི་ལྷ་ཆོས་མ་ལགས་པའི། །སུས་ཀྱང་ཕན་པར་མི་གདའ་ན། །ལས་ཀྱི་མེ་ལོང་གསལ་བ་དང་། །ལས་དགེ་སྡིག་གང་བྱས་དེ་ལ་གནས། །གཤིན་རྗེ་ཆོས་རྒྱལ་ཞེ་རེ་གནག །ཨ་ཝ་གླང་མགོ་སྙིང་རྗེ་མེད། །ཟངས་དམར་ཁ་སྦྱོར་ཡངས་ཤོང་ཆེ། །ལུས་ལ་ཐིག་ནག་འདེབས་སུ་འོང་། །གདུག་པའི་སོག་ལེས་འདྲ་ནས་འོང་། །ཁྲོ་ཆུ་འཁོལ་མ་འཐུང་དགོས་འོང་། །མེ་མ་མུར་ལ་འབོག་དགོས་འོང་། །གཤིན་རྗེ་ཆོས་རྒྱལ་དམག་ཚོགས་ཀྱིས། །ལུས་ལ་མཚོན་ཆ་བཏབ་ནས་འོང་། །ད་ལྟ་ཤི་ཡང་ད་ལྟ་སོས། །ཁྱོད་ལ་དེ་ལྟ་བུ་ཡི་དུས་བྱུང་ཚེ། །མི་བདག་བུ་ཡི་ཕན་པ་མེད། །ནོར་ལོངས་སྤྱོད་མང་ཡང་འཁྱེར་དབང་མེད། །དེ་བས་ད་ལྟ་བདེ་དུས་འདིར། །ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །བླ་མ་རྗེ་ལ་གསོལ་བ་ཐོབ། །ལྷ་བསྐྱེད་རྫོགས་གཉིས་ལ་ནན་ཏན་མཛོད། །རྗེས་ཐོབ་བྱམས་དང་སྙིང་རྗེ་བསྒོམ། །རང་ཤི་དུས་གདིང་དང་ལྡན་པར་མཛོད། །ཅེས་གསུངས་པས་མོ་ཡང་དད་པ་ཐོབ་སྟེ་བཟའ་པ་བདུན་པོས་ཆོས་ཞུས་ནས་གྲུབ་པ་ཐོབ་པར་གྱུར་སྐད་དོ། །དེ་ཐམས་ཅད་ཁྱི་ར་རས་པའི་སྐོར་རོ།། །།དེ་ནས་རྗེ་བཙུན་ཆེན་པོ་མི་ལ་རས་པ་དེ་ཉིད་གསང་སྟེ་བཀྲ་ཤིས་སྒང་དུ་ཐུགས་ཉམས་སྐྱོང་ཞིང་བཞུགས་པའི་དུས་སུ། དེང་མ་བའི་ར་རྫི་དེ་བྱུང་ནས་རྣལ་འབྱོར་པ་གླུ་ཞིག་ལོང་དང་ཟེར་བ་ལ། ཁོང་གིས་མ་གསན་པ་ལྟར་མཛད་པས་ཁོ་ཁྲོས་ཏེ་ར་ཐུལ་གྱི་ཐུ་བ་སྤྲུགས་ནས་རྣལ་འབྱོར་ཁྱོད་ཀྱི་གླུ་ཞིག་ལོང་དང་བྱས་པ་མ་ཉན། མི་དགོས་པའི་དུས་སུ་ལུང་སྟོང་ཅོལ་གྱིས་བཀང་། ད་ཕྱིན་ཆད་སྲུས་ཤོག་དང་ངས་རྡོ་དེད་མ་བྱས་ན་ཟེར་བས། རྗེ་བཙུན་གྱིས་ཁོང་གི་ར་ཐུལ་གྱི་ཐུ་བ་འགྱུས་ཏེ་མགུར་འདི་གསུངས་སོ། །ཕྱིར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ། །ཡིད་སྐྱོ་བ་སྐྱེ་བའི་ཆོས་བཤད་ཀྱང་། །བློ་ཞེན་པ་ལོག་པའི་མི་རེ་ཉུང་། །དེ་ལ་གླུ་བླང་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མི་ལེན། །ནོར་རྫས་འདི་སྦྲང་མའི་སྦྲང་རྩི་འདྲ། །ནོར་རང་གིས་བསགས་ཀྱང་གཞན་གྱིས་སྤྱད། །རང་གིས་སྤྱད་ན་སེར་སྣས་འཆིང་། །གཞན་གྱིས་སྤྱན་ན་ཆགས་སྡང་སྐྱེ། །ཆགས་མེད་སྦྱིན་པ་གཏོང་བའི་མི་རེ་ཉུང་། །དེ་ལ་གླུ་ཞིག་བླང་བས་ཕན་པ་མི་གདའ་ན། །དེས་ཕན་གླུ་ཆུང་ཅིས་མ་ལེན། །དམ་ཆོས་ཕྱག་རྒྱ་ཆེན་པོ་ཡང་། །ངོ་སྤྲོད་དམར་ཁྲིད་བགྱིས་ལགས་ཀྱང་། །སེམས་ངོ་ཤེས་པའི་མི་རེ་ཉུང་། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མི་ལེན། །སྙན་བརྒྱུད་ཀྱི་གདམས་ངག་ཟབ་མོ་རྣམས། །འཕངས་སེམས་མེད་པར་བསྟན་ལགས་ཀྱང་། །དོན་ཉམས་སུ་ལེན་པའི་མི་རེ་ཉུང་། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མི་ཕན། །རྗེ་གོང་མའི་བཞུགས་གནས་རི་ཁྲོད་ལ། །དུས་རྟག་ཏུ་སྤྲོ་བ་བསྐྱེད་ལགས་ཀྱང་། །འདུག་ཚུགས་ཐུབ་པའི་མི་རེ་ཉུང་། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མི་ལེན། དལ་འབྱོར་མི་ལུས་ཐོབ་དུས་འདིར། །གཏན་ཁྲིམས་བསྲུང་བ་དཀའ་ལགས་ཀྱང་། །ཉིན་རེའི་བསྙེན་གནས་མི་སྲུང་ན། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། དེས་ཕན་ན་གླུ་ཆུང་ཅིས་མི་ལེན། །ཚེ་ཡོངས་སུ་ཟད་པའི་ལྷག་མ་ལ། །སྡོད་ལོང་མེད་པར་བགྱིས་ལགས་ཀྱང་། །ཆོས་སྒོར་ཞུགས་པའི་མི་རེ་ཉུང་། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མི་ལེན། །ཁྱེད་ཤན་པ་རྣམས་ལ་ཕར་བལྟས་པས། །དྲང་དོན་དགེ་བའི་ཆོས་བཤད་ཀྱང་། །སྡིག་ལ་འཛེམ་པའི་མི་རེ་ཉུང་། །དེ་ལ་གླུ་བླངས་པས་ཕན་པ་མི་གདའ་ན། །དེས་ཕན་ན་གླུ་ཆུང་ཅིས་མི་ཕན། །ཚེ་འདི་ཡི་འདུན་མ་ལིང་སྟེ་ཐོང་། །ལྟོ་གོས་གཉིས་ཞེན་པ་དོར། །སྐྱིད་སྡུག་གཉིས་ལ་རོ་སྙོམས་མཛོད། །ལེགས་ཉེས་བླ་མ་མཁྱེན་ལ་གཏུགས། །དམིགས་རྩེ་ལམ་ཟས་འདི་ལ་གཏོད། །ཆོས་སྙིང་ནས་བྱེད་ན་འདི་རྣམས་མཚར། །ཞེས་གསུངས་པས་ཁོ་དད་པ་སྐྱེས་ནས་ཕྱག་མང་དུ་འཚལ། བསྐོར་བ་བྱས་ཉིན་ཕྱེད་ལ་ར་དུམ་ཁྱིམ་དུ་དེད་ནས་བདག་པོ་རྣམས་ལ་འོ་ཁྱེད་རང་རྣམ་པའི་ར་གཏད། ང་ནི་རྣལ་འབྱོར་པ་གཅིག་གི་རྒྱབ་ཏུ་འགྲོ་བ་ཡིན་ཟེར་ནས་འོང་སྟེ། རྗེ་བཙུན་གྱི་ཆགས་ཕྱིར་འབྲང་བར་བྱ་བ་ཡིན་བཏང་བ་ལ་ར་རྫི་རས་པ་བྱ་བ་གྲུབ་པ་ཐོབ་པ་ཅིག་བྱུང་ངོ་། །དེ་ཐམས་ཅད་ར་རྫི་རས་པའི་སྐོར་རོ།། །།དེ་ནས་ཡང་རྗེ་བཙུན་དཔོན་སློབ་གསུམ་ལྷོ་བྲག་མཁར་ཆུའི་ཡུལ་ཁར་ལྡོམ་བུ་ལ་བྱོན་པའི་དུས་སུ་ལུག་རྫི་རྒན་པོ་ཅིག་གིས་ལུག་འཚོ་བ་དང་ཕྲད་དོ། །ལུག་རྫི་དེས་རྣལ་འབྱོར་པ་ཁྱེད་རྣམས་གླུ་འདྲ་བ་ཤེས་སམ་ཟེར་བའི་དུས་སུ། རྗེ་བཙུན་གྱིས་མགུར་འདི་གསུངས་སོ། །འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ལ། །ཡིད་སྐྱོ་བ་སྐྱེ་བའི་ཆོས་བཤད་ཀྱང་། །བློ་ཞེན་པ་ལོག་པ་དེ་ཉུང་བར་གདའ། །གླུ་བླངས་པས་ཀྱང་ཕན་པར་མི་གདའ་ན། །ཕན་ན་གླུ་ཆུང་ཅིས་མ་ལེན། །མི་ཚེ་རྩྭ་ཁའི་ཟིལ་པ་དང་འདྲ། །ཚེ་སྐད་ཅིག་ཀྱང་སྡོད་ལོང་མེད་ལགས་ཀྱང་། །བློ་ཆོས་ལ་འགྲོ་བ་དེ་ཉུང་བར་གདའ། །གླུ་བླངས་པས་ཀྱང་ཕན་པར་མི་གདའ་ན། །ཕན་ན་གླུ་ཆུང་ཅེས་མི་ལེན། ཟས་ནོར་འདི་སྦྲང་མའི་སྦྲང་རྩི་འདྲ། །ནོར་རང་གིས་བསགས་ཀྱང་གཞན་གྱིས་སྤྱད། །རང་གིས་སྤྱད་ན་སེར་སྣས་བཅིངས། །གཞན་གྱིས་སྤྱད་ན་ཆགས་སྡང་སྐྱེ། །ཆགས་མེད་ཀྱི་སྦྱིན་པ་གཏོང་མི་ཉུང་། །གླུ་བླངས་པས་ཀྱང་ཕན་པར་མི་གདའ་ན། །ཕན་ན་ལྟ་གླུ་དག་ཅིས་མི་ལེན། །དོན་མཐར་ཐུག་ཕྱག་རྒྱ་ཆེན་པོ་ལ། །ངོ་སྤྲོད་དང་དམར་ཁྲིད་བགྱིད་ལགས་ཀྱང་། །ཉམས་སུ་ལེན་པ་འདི་ཉུང་བར་གདའ། །གླུ་བླངས་པས་ཀྱང་ཕན་པ་མི་གདའ་ན། །ཕན་ན་ལྟ་གླུ་དག་ཅིས་མི་ལེན། །རྗེ་གོང་མའི་སྒྲུབ་གནས་རི་ཁྲོད་འདིར། །དུས་གཏན་དུ་སྤྲོ་བ་སྐྱེ་ལགས་ཀྱང་། །འདུག་ཚུགས་ཐུབ་པ་འདི་ཉུང་བར་གདའ། །གླུ་བླངས་པས་ཀྱང་ཕན་པ་མི་གདའ་ན། །ཕན་ན་ལྟ་གླུ་དག་ཅིས་མི་ལེན། །ཕ་ཡུལ་ལྷོ་བྲག་གི་ཡུལ་ཁ་ན། །ཁྱོད་ལུག་རྫི་རྒད་པོས་གླུ་ལོང་ཟེར། །ངག་སྙན་པས་དཔེ་དོན་སྤྲད་ན་ཡང་། །དོན་གནས་ལུགས་གོ་བ་འདི་ཉུང་བར་གདའ། །གླུ་བླངས་པས་ཕན་པར་མི་གདའ་ན། །ཕན་ན་ལྟ་གླུ་དག་ཅིས་མི་ལེན། །ཞེས་གསུངས་པས་ལུག་རྫི་རྒན་པོ་དེ་རྗེ་བཙུན་ལ་དད་པ་སྐྱེས་ནས་ཕྱི་དྲོ་ཁ་ལུག་དེད་ནས་ཁྱིམ་དུ་ཕྱིན་པ་ལ། ལུག་བདག་ཀུན་ན་རེ་ཁྱོད་ལ་ཅི་རེད་པ་ཡིན་ཟེར་བས། ཁོ་ན་རེ། ཅི་རེད་ལ་ཅི་རེད་རྒྱུ་མེད་ཟེར་ནས་ལུག་སླས་ལ་མར་རྒྱབ། ཕྱིད་པ་ལ་ཕྱེ་ཤལ་བྱས་ནས་གླ་ཡང་མ་བསྙགས་ནས་རྗེ་བཙུན་གྱི་ཆགས་ཕྱིར་འབྲངས་ནས་སྒྲུབ་པ་བྱས་པས། རྗེ་བཙུན་མཉེས་པའི་རས་པ་གཤའ་མ་ཅིག་བྱུང་སྐད་དོ། །དེ་ནི་ལུག་རྫི་རས་པའི་སྐོར་རོ།། །།དེ་ནས་རྗེ་བཙུན་དཔོན་སློབ་གཙང་ར་ཁ་ཆེའི་མགྲོན་ཁང་དུ་བསོད་སྙོམས་ལ་བྱོན་པས་ཚོང་དཔོན་ཟླ་བ་ནོར་བུ་དང་། དགེ་བཤེས་གཡག་རུ་ཐང་པ་དང་། མི་མང་པོ་འཚོགས་ནས་འདུག་པས། གཡག་རུ་ཐང་པས་ཆོས་གསུང་ཞིང་ཡོད་པ་ལ། རྗེ་བཙུན་འགོལ་པ་ཅིག་གཟིམས་ནས་བཞུགས་པས། དགེ་བཤེས་གཡག་རུ་ཐང་པ་ན་རེ། རྣལ་འབྱོར་པའི་ཉལ་ལུགས་ལ། མི་ལུས་ཐོབ་པ་ཆུད་ཟོས་ལ་སོང་བར་འདུག །ཆོས་མི་ཉན་པ་མགོ་གཏུམ་ནས་ལྟོས་དང་ཟེར་བས། རྗེ་བཙུན་ཡར་བཞེངས་ནས་མགུར་འདི་གསུངས་སོ། །ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །རྗེ་བླ་མས་བྱིན་རླབས་ཐུགས་རྗེས་ཟུང་། །དགེ་བའི་བཤེས་གཉེན་ཆོས་འཆད་མཁན། །ནང་རང་རྒྱུད་སེམས་ཉིད་མ་ཐུལ་བའི། །ཕྱི་སེམས་ཅན་དམུ་རྒོད་ག་ལ་ཐུལ། །གདུང་དང་རྨ་བྱ་ལྡིང་ཁང་རྣམས། །མི་རྟག་ནམ་མཁའི་གློག་དང་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །གྲོང་ལྟག་གི་དགོན་པའི་ཇ་ཐབ་དེ། །མགོ་གཡོག་ཕུང་བའི་གཡབ་མོ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །མགོ་ནག་མི་ཡི་འདུ་འཛི་དེ། །སྡང་བ་དགྲ་ཡི་སྐོར་རྒྱུག་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །རྟ་ནོར་ལུག་གསུམ་འཚོ་སྐྱོང་དེ། །རྩྭ་ཐོག་ཟིལ་པའི་རླུང་དམར་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །སྒྱུ་ལུས་ཉོན་མོངས་ཕུང་པོ་དེ། །མི་རོ་གསེར་ཆུས་བྱུགས་པ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །མ་ཇོ་མོ་སྒོམ་མའི་ཚོགས་དཔོན་དེ། །ཡ་ཚུལ་ཟད་པའི་མ་རབ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །ཁ་ཟ་འདོད་ཚོགས་ཀྱི་འཁོར་ལོ་འདི། ཁྲལ་འུ་ལག་སྡུད་པའི་ཧོར་འདྲ་འདྲ། །དེ་ཨེ་འདྲ་དགེ་བཤེས་རང་སོམ། །མོ་བོན་རྩིས་གསུམ་གྲོང་ཆོག་འདི། །ཧབ་རྫིས་ཐེབ་པའི་ཏྲང་ས་འདྲ། །དེ་ཨེ་འདྲ་དགེ་བཤེས་རང་སོམ། །ཉ་མ་མགོ་སྐོར་གླུ་ཆུང་དེ། །འདོད་ལྡན་བྱི་ལའི་གསུང་ངག་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །ཕ་ཡུལ་ཞིང་ཁང་བདག་པོ་དེ། །འཇའ་ལ་བྱིས་པས་བལྟས་པ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །ཁྲམ་པ་འདུས་པའི་བུ་སློབ་དེ། །དཔོན་པོ་མང་པོའི་གཡོག་པོ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །དོན་འཛིན་པ་མེད་པའི་ཆོས་བཤད་དེ། །དབང་ཆུང་ཁ་ཏ་བྱེད་པ་འདྲ། །དེ་ཨེ་འདྲ་དགེ་བཤེས་རང་སོམ། །ལར་རང་དོན་སོ་ནམ་མ་གྲུབ་པའི། །གཞན་དོན་འགྲུབ་པ་དཀའ་མོ་ཡིན། །ཞེས་གསུངས་པས་དགེ་བཤེས་གཡག་རུ་ཐང་པ་ཁྲི་ལས་བབ་ནས། རྗེ་བཙུན་ལ་ཕྱག་འཚལ་ནས་མཆི་མ་ལྷུག་པར་བྱུང་ནས། ཁྱེད་རེ་བདེན་ཟེར་ཏེ་གདམས་ངག་ཞུས་པས་བྱིན་རླབས་ཞུགས་ཏེ། སྟོན་སྒོམ་ཁྱད་པར་དུ་འཕགས་པའི་རས་པ་བཟང་པོ་ཅིག་བྱུང་ངོ་། །དེ་ནས་དེ་ནུབ་དེར་རྗེ་བཙུན་གཟིམས་ནས་བཞུགས་ཙ། སྟོན་པ་མང་པོ་འདུས་ནས་ཁ་ཐོན་དང་ཆོས་སྤྱོད་མང་པོ་ནམ་སྟོད་ལ་བྱས། ཕྱི་ནང་ཚ་བ་རན་དུས་སྟོན་པ་གཅིག་ན་རེ། རྣལ་འབྱོར་པ་འདི་ལ་སྡུས་ལ་བྱིན། དགེ་སྦྱོར་བྱེད་རྒྱུ་ནི་མི་འདུག །ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །རྗེ་ཀུན་ནས་གྲུབ་པའི་དཀོན་མཆོག་གསུམ། །རྟེན་གྲུབ་མེད་རིག་པའི་ངང་དུ་གྲོལ། །དེ་ལ་སྐྱབས་འགྲོ་བྱེད་ས་མ་རྙེད་ན། །ངག་སྨྲ་བརྗོད་བྲལ་བའི་རྣལ་འབྱོར་སྐྱིད། །མཆོག་གི་དངོས་གྲུབ་བརྙེས་པ་ཡི། །ཡི་དམ་ལྷ་སྲུང་འོད་གསལ་ངང་དུ་གྲོལ། །དེ་ལ་བསྐྱེད་རིམ་བསྒོམ་ཡང་མ་དགོས་ལགས། །ཡིད་སྤྲོ་བསྡུ་དང་བྲལ་བའི་རྣལ་འབྱོར་སྐྱིད། རྐྱེན་བར་ཆད་སེལ་བ་མཁའ་འགྲོའི་ཚོགས། །མཁའ་འགྲོ་རང་བཞིན་གཉུག་མའི་ངང་དུ་ཤར། །དེ་ལ་གསོལ་བ་གདབ་ཡང་མ་དགོས་སོ། །ཚོགས་དྲུག་རང་སར་གྲོལ་བའི་རྣལ་འབྱོར་སྐྱིད། །འདྲེ་ང་བདག་བགེགས་དང་འབྱུང་པོའི་ཚོགས། །འདྲེ་དོགས་མེད་ཆོས་ཉིད་གཟུགས་སུ་ཤར། །དེ་ལ་ཛ་རྡུང་བྱེད་ཀྱང་མ་དགོས་སོ། །རྣམ་རྟོག་ཆོས་སྐུར་ཤར་བའི་རྣལ་འབྱོར་སྐྱིད། །ཁྱོད་སྟོན་པ་ཚིག་གི་ཐ་སྙད་མཁན། །ཚིག་ལྡབ་ལྡིབ་ཉམས་མྱོང་ངང་དུ་གྲོལ། །དེ་ལ་སློབ་གཉེར་བྱེད་ཐབས་མ་རྙེད་དོ། །ཚིག་ཐ་སྙད་བྲལ་བའི་རྣལ་འབྱོར་སྐྱིད། །ཅེས་གསུངས་པས། སྟོན་པ་དེ་རྣམས་ཀྱི་ནང་ནས་སེ་བན་སྟོན་ཆུང་བྱ་བ་ཅིག་དད་པ་སྐྱེས་ནས། སྙན་བརྒྱུད་ཀྱི་གདམས་ངག་གནང་ནས་བསྒོམས་པས་རྟོགས་པ་སྐྱེས་ཏེ་ཐུགས་སྲས་བཞི་ཡི་ཡ་བར་གྱུར་པ། མདོ་བཀྲའི་སེ་བན་རས་པ་བྱ་བ་ཅིག་བྱུང་ངོ་། །དེ་ནས་ཡོན་བདག་འབྲོ་ཆོས་བཟང་བྱ་བ་ཅིག་གི་མདང་ཞག་ཁམས་ཅིག་མ་བདེ་བས། ཡིད་སྐྱོ་ཤས་དྲག་པོ་སྐྱེས་ཏེ་སྙིང་མ་དགའ་བས། བསྒོམ་ཀྱང་ཡོན་ཏན་མ་བྱུང་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ཡུལ་ཕ་གིའི་རི་ཁྲོད་དགོན་པ་ན། །བླ་མ་ལྟ་སྤྱོད་ལྡན་པའི་རིན་པོ་ཆེ། །དེ་ལ་དད་ཅིང་གུས་པས་གསོལ་བ་ཐོབ། །དོན་མ་ནོར་ཉམས་སུ་ལེན་པ་ཀུན། །བློ་རྒོད་ཙ་ལྟ་བའི་ཐོག་རྫིས་ཐོང་། །སེམས་མཚན་མ་རང་གྲོལ་འདི་ངོ་མཚར་ཆེ། །སེམས་མ་བདེ་རོ་སྙོམས་ལྡོམ་བུ་མཛོད། །ཡུལ་སྣ་ཚོགས་རང་གྲོལ་འདི་ངོ་མཚར་ཆེ། །ཉམས་མི་དགའ་ཉམས་ཆེན་གོ་བསྡུར་མཛོད། །བུ་ཉམས་ཆེན་གོ་བསྡུར་སེམས་ལ་ཕན། །ཡིད་མ་སྐྱེས་རྒྱལ་བའི་བཀའ་ལ་གཟིགས། །བཀའ་བདེན་པའི་ཚིག་ལ་ངེས་ཤེས་བསྐྱེད། །སྙིང་མ་དགའ་རྗེ་ལ་གསོབ་བ་འདེབས། །ཕ་བླ་མའི་གདམས་ངག་སེམས་ལ་ཕན། །ལར་མི་དད་མེད་ཅིག་ལ་ཕར་བལྟས་ཙ། །གཞི་འཁོར་བའི་འདམ་དུ་ལུས་པོ་ཉལ། །ནད་དེ་ལ་ཕན་པའི་སྨན་པ་ཚོལ། །སྒོ་གསུམ་མོས་གུས་ཕྱག་རྟེན་ཐོང་། །བླ་མའི་སྨན་ལ་བཟང་དྲུག་མང་། །སྐུ་གསུམ་ངོ་སྤྲོད་སྨན་སྦྱོར་མཛད། །ཉོན་མོངས་ནད་ཀྱི་དུག་ལྔ་སོད། །ཅེས་གསུངས་ཏེ་ཡོན་བདག་ལ་གདམས་ངག་བསྟན་པས། ཉམས་བཟང་པོ་སྐྱེས་པས་ངོ་མཚར་བ་ཅིག་བྱུང་ངོ་། །དེ་ནས་ཚོང་དཔོན་ཟླ་བ་ནོར་བུས། བདག་ལ་ཡང་མི་རྟག་པའི་ཆོས་ཤིག་གནང་བར་ཞུས་པས། དྲན་ནེ་བརྒྱད་ཀྱི་མགུར་འདི་གསུངས་སོ། །ཁྱོད་ད་ལྟ་མཁར་ཁང་ཞོལ་ཁྱིམ་འཛོམ་པ་དགའ་སྟེ། །རང་ཤི་ཙ་ན་རང་ཤུལ་སྟོང་པ་འགྲོ་བ་འདི་དྲན་ནེ། །ཁྱོད་ད་ལྟ་ཁས་གྲགས་དཔུང་པ་འཛོམས་པ་དགའ་སྟེ། །རང་ཤི་ཙ་ན་མགོན་མེད་སྐྱབས་དང་བྲལ་བ་འདི་དྲན་ནེ། །ཁྱོད་ད་ལྟ་ཕ་ཚན་དང་ཉེ་འཁོར་མང་བ་ལ་དགའ་སྟེ། །རང་ཤི་ཙ་ན་ཉེ་མེད་བཤེས་དང་བྲལ་བ་འདི་དྲན་ནེ། །ཁྱོད་ད་ལྟ་འཁོར་གཡོག་བུ་ནོར་འཛོམ་པ་ལ་དགའ་སྟེ། །རང་ཤི་ཙ་ན་གྲོགས་མེད་གཅི་པུར་འགྲོ་བ་འདི་དྲན་ནེ། །ཁྱོད་ད་ལྟ་གོས་ཟས་གསེར་གཡུ་འཛོམ་པ་ལ་དགའ་སྟེ། །རང་ཤི་ཙ་ན་ནོར་མེད་གཅེར་པུར་འགྲོ་བ་འདི་དྲན་ནེ། །ཁྱོད་ད་ལྟ་རྒྱུད་ཤེད་དཔའ་རྩལ་འཛོམས་པ་ལ་དགའ་སྟེ། རང་ཤི་ཙ་ན་ལུས་པོ་གསུམ་ལྟེབ་བྱེད་པ་འདི་དྲན་ནེ། །ཁྱེད་ད་ལྟ་དབང་པོ་དང་ཤ་བཀྲག་གསལ་བ་ལ་དགའ་སྟེ། །རང་ཤི་ཙ་ན་རིག་པ་རང་དབང་མེད་པ་འདི་དྲན་ནེ། །ཁྱོད་ད་ལྟ་ཁ་ཟས་ཞིམ་མངར་འཛོམ་པ་ལ་དགའ་སྟེ། །རང་ཤི་ཙ་ན་ཁ་རུ་ཆུ་ལས་མི་འགྲོ་བ་འདི་དྲན་ནེ། །དྲན་ནེ་བརྒྱད་ཀྱི་མགུར་མ་འདི། །གཙང་ཁ་རག་ཁ་ཆེའི་མགྲོན་ཁང་དུ། །དབང་ཕྱུག་མི་ལ་ང་ཡིས་བླངས། །ཉམས་དགེ་བསྐུལ་གྱི་མཆོད་དབྱངས་དེ་ལ་མཛོད། །ཅེས་གསུངས་པས། ཁོ་དད་པ་སྐྱེས་ཏེ་དངོས་པོ་ཐམས་ཅད་ཚོགས་སུ་བཏང་། གདམས་ངག་ཞུས་པས་ཆོས་པ་བཟང་པོ་ཅིག་བྱུང་ངོ་། །དེ་ཐམས་ཅད་གཙང་གཡས་རུའི་སྐོར་རོ།། །།


previousཡེ་ཤེས་སྒྲོན་མེ་བལྟམས་པའི་ཡོན་ཏན།next