Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་རྒྱ་ཆེན་པོ་ངོ་འཕྲོད་པའི་ཡོན་ཏན།
   


 
previousཕྱག་རྒྱ་ཆེན་པོ་ངོ་འཕྲོད་པའི་ཡོན་ཏན། next

ཕྱག་རྒྱ་ཆེན་པོ་ངོ་འཕྲོད་པའི་ཡོན་ཏན།

རྗེ་བཙུན་མི་ལ་རས་པ་དེ་གུང་ཐང་གི་བྲག་དམར་སྤོ་མཐོན་དུ་བཞུགས་པའི་དུས་སུ། བུ་སློབ་རྣམས་ཀྱིས་གྲུབ་མཐའ་སྣ་ཚོགས་གླེང་བས་རྗེ་བཙུན་གྱིས་མགུར་བཞེངས་པ་ཡིན་སྐད། ཆོས་ཀྱི་དབྱིངས་ནས་དབྱངས་ཤིག་ལེན། །བརྗོད་དུ་མེད་པའི་ཚིག་གཅིག་བརྗོད། །དོན་ལ་བསམ་བརྗོད་མ་མཆིས་ཀྱང་། །ཉོན་མོངས་རྟ་རྒོད་ཐུལ་ཐབས་མེད། །རྗེ་གོང་མ་རྣམས་ཀྱི་མ་བསྐྱོན་ཅིག །ཆོས་སྙིང་པོ་དོན་མེད་ཀྱི་བཤད་གཞུང་དང་། །རྡོ་རྗེ་འཆང་གི་རྟོགས་ཚད་དང་། །དངོས་པོ་གཤིས་ཀྱི་འདུག་ཚུལ་གསུམ། །མ་བཅོས་རྣལ་མའི་མཁའ་ལ་འཛོམ། །སེམས་ཁྱབ་བརྡལ་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཆོས་ཕྱག་རྒྱ་ཆེན་པོའི་བཤད་གཞུང་དང་། བྲམ་ཟེ་ཆེན་པོའི་རྟོགས་ཚད་དང་། །རང་བཞིན་གཉུག་མའི་འདུག་ཚུལ་གསུམ། །ཡིད་བྱ་བྱེད་བྲལ་བའི་མཁའ་ལ་འཛོམ། །སེམས་ལྷུག་པར་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཆོས་རྫོགས་པ་ཆེན་པོའི་བཤད་གཞུང་དང་། །ཀུན་ཏུ་བཟང་པོའི་རྟོགས་ཚད་དང་། །རང་བྱུང་ཡེ་ཤེས་འདུག་ཚུལ་གསུམ། །ལྷུན་གྲུབ་ཕྱོགས་མེད་མཁའ་ལ་འཛོམ། །སེམས་རང་གྲོལ་དུ་ཞོག་དང་རྣལ་འབྱོར་པ་དང་། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་དུང་སེམས་ཉིད་གཏན་ལ་ཕོབ། །ཆོས་ཕྱག་རྒྱ་ཆེན་པོའི་བཤད་གཞུང་དང་། །རྡོ་རྗེ་སེམས་དཔའི་རྟོགས་ཚད་དང་། །སྨིན་གྲོལ་གཉིས་ཀྱི་འདུག་ཚུལ་གསུམ། ཐབས་ཤེས་དབྱེར་མེད་མཁའ་ལ་འཛོམ། །སེམས་རང་གྲོལ་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་དུང་སེམས་ཉིད་གཏན་ལ་ཕོབ། །ཆོས་ཕ་རོལ་ཕྱིན་པའི་བཤད་གཞུང་དང་། ཤཱཀྱ་ཐུབ་པའི་རྟོགས་ཚད་དང་། །རང་བཞིན་སྟོང་པའི་འདུག་ཚུལ་གསུམ། །རྣམ་དག་ཆེན་པོའི་མཁའ་ལ་འཛོམ། །སེམས་དམིགས་མེད་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་དུང་སེམས་ཉིད་གཏན་ལ་ཕོབ། །ཆོས་དབུ་མ་ཆེན་པོའི་བཤད་གཞུང་དང་། །འཕགས་པ་ཀླུ་སྒྲུབ་རྟོགས་ཚད་དང་། །མཐའ་བྲལ་ཆེན་པོའི་འདུག་ཚུལ་གསུམ། །ཁས་ལེན་མེད་པའི་མཁའ་ལ་འཛོམ། །སེམས་ཡུལ་མེད་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་དུང་སེམས་ཉིད་གཏན་ལ་ཕོབ། །ཆོས་སྡུག་བསྔལ་ཞི་བྱེད་བཤད་གཞུང་དང་། །རྗེ་དམ་པ་སངས་རྒྱས་རྟོགས་ཚད་དང་། རིག་པ་རྟེན་མེད་འདུག་ཚུལ་གསུམ། །ལྷག་མཐོང་རྗེན་པའི་མཁའ་ལ་འཛོམ། །སེམས་རང་སོར་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་དུང་སེམས་ཉིད་གཏན་ལ་ཕོབ། །ཆོས་ནཱ་རོ་ཆོས་དྲུག་གི་བཤད་གཞུང་དང་། །ལྷོ་བྲག་མར་པའི་རྟོགས་ཚད་དང་། །རྩ་རླུང་ཐིག་ལེའི་འདུག་ཚུལ་གསུམ། །རྩལ་གསུམ་འདུས་པའི་མཁའ་ལ་འཛོམ། །སེམས་ཉིད་བདེ་གསལ་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཆོས་བདུད་ཀྱི་སྤྱོད་ཡུལ་བཤད་གཞུང་དང་། །མ་ཇོ་མོ་ལབ་སྒྲོན་རྟོགས་ཚད་དང་། །ལུས་སེམས་འབྲལ་མེད་འདུག་ཚུལ་གསུམ། །བདུད་བཞི་འཇོམས་པའི་མཁའ་ལ་འཛོམ། །སེམས་འཕྲིག་མེད་ངང་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་དུང་སེམས་ཉིད་གཏན་ལ་ཕོབ། རྗེ་བླ་མ་རྣམས་ཀྱི་གསུང་སྒྲོས་དང་། །བཀའ་རྒྱུད་སྡེ་རྣམས་ཀྱི་དགོངས་པ་དང་། །རྣལ་འབྱོར་བདག་གི་རྟོགས་ཚད་གསུམ། །ཆོས་ཉིད་སོ་མའི་མཁའ་ལ་འཇོམ། །སེམས་ཐོག་བབས་སུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་དུང་སེམས་ཉིད་གཏན་ལ་ཕོབ། །ལྟ་བའི་ཞེ་འདོད་ཟད་པ་དང་། །སྒོམ་པ་གཟུང་འཛིན་རང་གྲོལ་དང་། །སྤྱོད་པ་བྱར་མེད་ལྷུག་པ་གསུམ། །ཉམས་མྱོང་འགྱུར་མེད་མཁའ་ལ་འཛོམས། སེམས་རྩོལ་མེད་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་དུང་སེམས་ཉིད་གཏན་ལ་ཕོབ། །འཇིག་རྟེན་གྱི་བྱ་བ་བཏང་བ་དང་། །ཐོས་བསམ་གྱི་སྒྲོ་འདོགས་ཆོད་པ་དང་། །འདོད་ཡོན་ལ་ཞེན་པ་ལོག་པ་གསུམ། །དལ་འབྱོར་རྙེད་དཀའི་མཁའ་ལ་འཛོམ། །སེམས་བློ་བྲལ་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་རུང་སེམས་ཉིད་གཏན་ལ་ཕོབ། །སྣང་བ་འདི་དཔེ་ཆར་ཤར་བ་དང་། གྲུབ་མཐའ་ལ་ཞེ་འདོད་མེད་པ་དང་། །གཅིག་པུར་ཉམས་སུ་ལེན་དང་གསུམ། །རི་ཁྲོད་དགོན་པའི་མཁའ་ལ་འཛོམ། །སེམས་དོན་ལ་ལྟོས་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་དུང་སེམས་ཉིད་གཏན་ལ་ཕོབ། །གོ་ལོག་བརྡ་ཡི་མཚོན་པ་དང་། །མིང་མེད་བརྡ་ཡི་ལྟ་སྟངས་དང་། །མིང་ཅན་བརྡ་ཡི་ཐ་སྙད་གསུམ། །སྐལ་ལྡན་བདག་གི་སེམས་ལ་འཛོམ། །དོན་བྱར་མེད་དུ་ཞོག་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། ད་དུང་སེམས་ཉིད་གཏན་ལ་ཕོབ། །སྤྲང་པོའི་རི་ཁྲོད་འགྲིམ་པ་དང་། །སྐལ་ལྡན་ལས་འཕྲོ་སད་པ་དང་། །སྔོན་སྦྱངས་སྨོན་ལམ་བཏབ་པ་དང་། །བྲག་དམར་སྤོ་མཐོན་མཁའ་ལ་འཛོམ། །དེ་དགའ་བར་སེམས་དང་རྣལ་འབྱོར་པ། །དེ་སེམས་ལ་འཐད་དམ་སྐལ་ལྡན་ཀུན། །ད་དུང་སེམས་ཉིད་གཏན་ལ་ཕོབ། །ཅེས་འཛོམ་པ་བཅོ་ལྔའི་དབྱངས་ཆུང་འདི། བྲག་དམར་སྤོ་མཐོན་གྱི་མཁའ་ལ་བཞེངས་སྐད། ཡང་རས་ཆུད་པ་དང་ཁོང་གི་ཟླ་བོ་གཅིག་དང་སྒྲོ་གླེང་དུམ་པ་གཅིག་བྱས་པས། ཡང་རྗེ་བཙུན་གྱིས། ལབ་བེ་ལོབ་བེ་མང་བར་གདའ་ཡིས། །ངེད་ཞ་ཆེན་པོ་མཁས་པར་གདའ་ཡི། །སུ་ལ་བསྡིག་པའི་དེང་ཞ་ཡིན་ནོ། །གཤིན་རྗེ་ཡི་ཕོ་ཉ་བྱུང་དུས་དང་། །མི་མེད་འཆི་བ་བྱུང་དུས་དང་། །རྒྱུས་མེད་མུན་པར་ལྷུང་དུས་དང་། །ངས་ལུས་རྡོ་བཞིན་དུ་སྐྱུར་དུས་དང་། །ཉེ་དུའི་རེ་ཐག་ཆད་དུས་དང་། །དབང་མེད་དུས་ལ་བབ་དུས་སུ། །ངུས་པས་མི་ཕན་ནོར་གྱིས་ཅི། །དམག་གིས་མི་ཕན་དབང་གིས་ཅི། །གཉེན་གྱིས་མི་ཕན་མངའ་ཐང་ཅི། །ཐ་སྙད་མི་ཕན་སྒྲོགས་གླེང་ཅི། །ཞེས་སོགས་གསུངས་པས། རས་ཆུང་པས། འོ་ན་མཁས་པས་མི་ཕན་ནམ། ཞུས་པས། ཁ་མིག་གསལ་པོར་ཡོད་བཞིན་དུ། གཡང་སར་མཆོང་བ་ཆེས་ཆེར་བླུན། །རང་ལ་བདོག་པ་ཡོད་བཞིན་དུ། །དུར་མཚོར་ནོར་ལེན་ཆེས་ཆེར་བླུན། །དམ་ཆོས་ཉེར་ལེན་ཤེས་བཞིན་དུ། །ཉམས་སུ་མི་ལེན་ཆེས་ཆེར་བླུན། །ཞེས་པ་དང་། རང་གི་ཉམས་སུ་མི་ལོན་པའི། །བློ་ཁ་རྣོ་བས་ཅི་ལ་ཕན། །སླར་ལ་ཕྲག་དོག་སྐྱེ་བའི་རྒྱུ། །རང་གིས་སྤྱོད་པར་མི་ནུས་པའི། །འབྱོར་པ་ཆེ་བས་ཅི་ལ་ཕན། །སླར་ལ་ཡི་དྭགས་སྐྱེ་བའི་རྒྱུ། །བྱང་ཆུབ་སེམས་དང་མི་ལྡན་པའི། །བསམ་རྒྱ་ཆེ་བས་ཅི་ལ་ཕན། །སླར་ལ་འཁོར་བའི་ས་བོན་རྒྱུ། །བསོད་ནམས་ཚོགས་ཆེན་མི་གསོག་པའི། །མངའ་ཐང་ཆེ་བས་ཅི་ལ་ཕན། །སླར་ལ་བསོད་ནམས་འཛད་པའི་རྒྱུ། །དགེ་བ་ཚུལ་བཞིན་མི་སྒྲུབ་པའི། །ཤེས་རྒྱ་ཆེན་པོས་ཅི་ལ་ཕན། །སླར་ལ་ཤེས་པས་འཕྱོ་བའི་རྒྱུ། །དཀོན་མཆོག་ཚུལ་བཞིན་མི་མཆོད་པའི། །སྡེ་དགོན་འབངས་ཀྱིས་ཅི་ལ་ཕན། །སླར་ལ་ངན་སོང་སྐྱེ་བའི་རྒྱུ། །ཆགས་པའི་ཞེན་པ་མ་ལོག་པའི། །བཙུན་ཁྱད་ཆེན་པོས་ཅི་ལ་ཕན། །སླར་ལ་དད་ཟས་ངན་སོང་རྒྱུ། །རང་སེམས་འགོང་པོ་མི་ཐུལ་བའི། །ཕ་རོལ་ཚིག་ཆོམ་ཅི་ལ་ཕན། །སླར་ལ་ངན་སོང་སྐྱེ་བའི་རྒྱུ། །རྒྱུ་འབྲས་ལས་ལ་མི་རྟོགས་པར། །གཞལ་བྱ་བཏགས་པས་ཅི་ལ་ཕན། །སླར་ལ་སྣ་ཚོགས་འཚུབ་པའི་རྒྱུ། །ཞེས་གསུངས་པས། ཟླ་བོ་སྟོན་པ་དེ་ཅུང་མ་དགའ་བའི་རྣམ་འགྱུར་མཐོང་ནས་ཡང་རྗེ་བཙུན་ཆེན་པོ་ཀགས་ཀྱིས་བཞེངས་ནས། ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁྱེད་ལེགས་པར་ཉོན་དང་རབ་བྱུང་རྣམས། །ཤོ་མེད་ཀྱང་བྲེ་མོད་བགྱིས་པ་ལགས། །རྩ་བ་སོ་ཐར་གྱི་ཚུལ་ཁྲིམས་དེ། །བསྟན་པ་ཁང་ཆེན་ཀ་བ་སྟེ། །གཡོ་མེད་དྲང་པོར་སྲོང་ཅིག་ཨང་། །ལུང་རིགས་གཉིས་ཀྱི་ཉན་བཤད་དེ། །བསྟན་པ་ནོར་བུའི་དོར་ལགས། །མ་རིག་གཡའ་དང་ཕྲོལ་ཅིག་ཨང་། །བསླབ་པ་གསུམ་གྱི་རྒྱུ་མཚན་དེ། །སངས་རྒྱས་བསྟན་པའི་བཤེས་གཅིག་ལགས། །བཤེས་གཅིག་དགྲ་རུ་མ་ལེན་ཨང་། །ལུང་རིགས་སྒྲོགས་གླེང་ཐེག་ཆེན་དེ། །ཕྱིར་རྒོལ་བླུན་པོའི་ཀླད་འཇོམས་ལགས། །མི་ནག་སྣང་བ་བསྒྱུར་ཅིག་ཨང་། །ཞེས་གསུངས་པས། སྟོན་པ་དེས། རྒྱ་གར་ནས་པཎྜྻི་ཏ་བསྟན་པའི་སོ་མཚམས་སྲུང་མི་ཡིན། །ཞེས་ཞུས་པས། སྤྱིར་རྒྱལ་བ་མི་ཡི་དབང་པོ་དེས། ཆོས་རྣམས་ཆོས་བརྒྱད་འཇོམས་ཕྱིར་གསུངས། །ད་ལྟའི་མཁས་པར་བསླབ་པ་རྣམས། །ཆོས་བརྒྱད་ཆེ་རུ་མ་སོང་ངམ། །རྒྱལ་བའི་ཚུལ་ཁྲིམས་བསྲུང་བ་དེ། །འཇིག་རྟེན་བྱ་བྲལ་ཆེད་དུ་གསུངས། །ད་ལྟ་ཚུལ་ཁྲིམས་བསྲུང་བ་རྣམས། །བྱ་བཞག་མཁས་སུ་མ་སོང་ངམ། །སྔོན་དུ་དྲང་སྲོང་ཆ་ལུགས་དེ། །ཉེ་དུའི་འབྲེལ་ཐག་ཆོད་པ་སྟེ། །ད་ལྟའི་དྲང་སྲོང་ཆས་འཛིན་རྣམས། །གཉེན་སྐྱོང་ཆེ་རུ་མ་སོང་ངམ། །ཞེས་གསུངས་པས་སྟོན་པ་དེ་སླར་དད་ནས་རས་པ་བཟང་པོ་ཅིག་བྱུང་ངོ་། །ཡང་གསུངས་པ། གནམ་མཚོ་ཆེན་པོའི་དོ་གླིང་ལ། སྤྲང་པོ་ངེད་ཀྱང་སེར་བ་བསྒྲུབས། །དད་པ་རྣམས་གསུམ་དཀྱིལ་འཁོར་དུ། །ཤེས་རབ་རྣམ་གསུམ་གཏའ་གསུམ་བཅས། །ལྟ་སྒོམ་ཟུང་འབྲེལ་ཐུན་གྱིས་བྲབ། །ཞི་གནས་ལྷག་མཐོང་མཚན་མ་བརྟགས། །མཉམ་བཞག་རྗེས་ཐོབ་མཚན་མ་བརྩིགས། །བསམ་གཏན་ཀུན་གཞིའི་གཡང་ཆགས་པ་དེར་མ་བྲིན། །ཟོང་འདོད་དགུ་འབྱུང་བ་རིན་པོ་ཆེའི་ཚོང་འདུས། །ཀླུ་ཡི་རྒྱལ་པོ་དུང་སྒྲ་གནས་པའི་ཕོ་བྲང་། །ནོར་ལོངས་སྤྱོད་རང་བཞིན་གྱིས་འཕེལ་བའི་ས་གཞི། བྲག་སྲིན་མོ་སེང་གེ་འགྱིང་འདྲའི་ཤར་ཕྱོགས། །ཇོ་མོ་བཀྲ་ཤིས་ཚེ་རིང་མའི་གཡོན་ཟུར། །གངས་ལྷ་གཉན་ཤེར་གྱི་ར་བས་བསྐོར་བའི་དབུས། །འབྲོག་རྨ་གཡང་འབབ་པའི་སྨན་ལུང་། །ཆུ་བོ་ལོ་ཧན་ཡི་ཀླུང་འགྲམ། གནས་བྱིན་གྱིས་བརླབས་པའི་སྨན་ལུང་ཆུ་བར་གྱི་དབེན་གནས་ན། རྗེ་རས་པ་ཆེན་པོ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བཞུགས་ལ། ཆུ་ཕོ་འབྲུག་གི་ལོ་དབྱར་ཟླ་ར་བའི་ཡར་ངོ་། །དགུང་ཚེས་བརྒྱད་ཀྱི་ནམ་གུང་ཡོལ་ཙམ་ན། གདོན་ཆེན་བཅོ་བརྒྱད་ཀྱི་གཙོ་བྱས་པའི་སྣང་སྲིད་ཀྱི་ལྷ་མ་སྲིན་མ་འཚོགས་པ་གཅིག་ཀྱང་མེད་དེ། གནམ་འགྱུར་བ་དང་། ས་གཡོ་བ་ལ་སོགས་པའི་ལྟས་དང་། ཆོ་འཕྲུལ་སྣ་ཚོགས་པ་སྟོན་དུ་བྱུང་། དེ་རྣམས་ཀྱི་ནང་ནས་ཤིན་ཏུ་འཇིགས་པའི་མི་བསྲུན་པའི་ཤ་ཟ་ཆེན་ལྔས། མི་སྡུག་པའི་གཟུགས་སྣ་ཚོགས་སྟོན་ཅིང་བསམ་གཏན་ལ་བོག་བརྟེན་བྱེད་དུ་བྱུང་བ་ལ། དེའི་དུས་སུ་རྗེ་བཙུན་གྱིས་ལྷ་དང་མཁའ་འགྲོ་ལ་གསོལ་བ་འདེབས་པའི་མགུར་འདི་བཞེངས་པ་ཡིན་གསུངས་སོ། །རྗེ་སུམ་ལྡན་གྱི་བླ་མ་རིན་པོ་ཆེ། །མཚན་ཡོངས་སུ་གྲགས་པའི་ལྷོ་བྲག་པ། སྐལ་ལྡན་གདུང་བས་གསོལ་བ་འདེབས། །ཕ་མི་མངོན་དབྱིངས་ནས་ཐུགས་དགོངས་འཚལ། །ཡང་དབེན་པ་བྲིན་གྱི་ཆུ་བར་ན། །ང་བོད་ཀྱི་རྣལ་འབྱོར་རས་པ་ཡིན། །རྩེ་གཅིག་བསམ་གཏན་བསྒོམ་དུ་འོངས། །ཁམས་འདུས་པ་ཉམས་ཀྱི་སྣང་བ་ལ། །ངོ་མཚར་ལྟད་མོ་མཚར་དགུ་མཐོང་། སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །འདིར་མ་འཚོགས་པ་ནི་གཅིག་ཀྱང་མེད། །ཁྱད་པར་སྤྲུལ་པ་བུད་མེད་ལྔ། །མི་སྡུག་སྤྲུལ་པའི་གཟུགས་འཆང་བ། །མི་བདག་ལ་ཐོད་འཚམས་གླག་ཚོལ་ནས། །བར་ཆད་ཐོག་རྒྱུག་བྱེད་དུ་བྱུང་། །ཀེང་རུས་བཞད་པའི་བུད་མེད་གཅིག །རི་རབ་པང་གིས་འདེབས་པ་མཐོང་། །དམར་མོ་ཁྲག་འཛག་ཅེ་སྤྱང་གདོང་། །རྒྱ་མཚོ་ཧུབ་ཀྱིས་འདེབས་པ་མཐོང་། །རབ་འཇིགས་གཤིན་རྗེའི་གཟུགས་ཅན་མ། ཉི་ཟླ་ཆ་ལང་སྡེབས་པ་མཐོང་། །སོལ་བའི་བུད་མེད་གད་རྒྱང་ཅན། །གཟའ་སྐར་ཐང་ལ་འབེབས་པ་མཐོང་། །ཤིན་ཏུ་སྒེག་པ་ལྷ་མོའི་གཟུགས། །ལྟ་བས་མི་ངོམ་བུད་མེད་གཅིག །འཛུམ་ཞིང་བསླུ་བྲིད་བྱེད་པ་མཐོང་། གཞན་ཡང་སྤྲུལ་པའི་གནོད་སྦྱིན་རྣམས། །གཟུགས་མེད་ལག་པ་བརྐྱང་བ་མཐོང་། །རྩེ་ཤིང་ནགས་ཚལ་འགུལ་བ་མཐོང་། །ཕྱོགས་བཞི་འོབས་ཀྱིས་བསྐོར་བ་མཐོང་། །མཚམས་བཞི་གྱད་ཀྱིས་བསྲུང་བ་མཐོང་། །ནམ་མཁའ་མེ་ཡིས་འཁྲིགས་པ་མཐོང་། །ས་གཞི་ཆུ་ཡིས་ཁེངས་པ་མཐོང་། །བར་སྣང་གང་བའི་མི་མ་ཡིན། །སྐད་ནི་མི་སྙན་འཛེར་བག་ཅན། །གདུག་པའི་ང་རོ་སྒྲོགས་པ་རྣམས། །ཁྱོད་འདི་རུ་མ་འདུག་སོང་ཅིག་སྐད། །ལུས་ལ་ནད་ཀྱི་ཆར་འབེབས་ཤིང་། །རིག་པ་རྟེན་དང་ཕྲལ་ལོ་སྐད། །དེ་འདྲའི་བར་ཆད་བྱུང་བའི་ཚེ། །ཁྱེད་བྱིན་རླབས་ཅན་གྱི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །རང་བཞིན་གྲུབ་པའི་དཔའ་བོ་དང་། །དབྱིངས་ནས་བཞུགས་པའི་མཁའ་འགྲོ་མ། །བར་ཆད་བསྲུང་བའི་ཆོས་སྐྱོང་རྣམས། །མི་ཁོ་བོའི་རྒྱབ་བརྟེན་དམག་ཏུ་སྦྲན། །ཁྱེད་མཐུ་དང་རྫུ་འཕྲུལ་དཔུང་བསྐྱེད་ལ། །ང་རྣལ་འབྱོར་ལུས་ངག་བྱིན་གྱིས་རློབས། །དྲང་སྲོང་ཁྲོས་པའི་ཆ་བྱད་ཅན། མཆེ་བ་གཙིགས་ཤིང་རྔམས་པའི་ཞལ། །གཏུམ་ཆེན་མི་འགྱུར་ཕོ་མོ་དག །ལ་ལ་གཤིན་རྗེའི་གཟུགས་ཅན་དེ། །ཤིན་ཏུ་དྲེགས་ཤིང་འགྱིང་བའི་སྐུ། །ནམ་མཁའ་གང་བའི་ཁྲོ་ཚོགས་རྣམས། །ཞལ་ནས་མེ་ལྕེ་གློག་འགྱུ་ཞིང་། །འབྲུག་སྒྲ་སྔགས་ཀྱི་ང་རོ་ཅན། །ཧཱུྃ་དང་ཕཊ་ཀྱི་ཆར་འབེབས་ཤིང་། །བཞད་པའི་གད་རྒྱང་བཅུ་གཉིས་ཀྱིས། །བར་ཆད་དགྲ་བགེགས་གཡུལ་ངོ་ཟློག །ཕྱི་ལུས་ཀྱི་བར་ཆད་ཕྱི་རུ་ཟློག །ནང་སེམས་ཀྱི་བར་ཆད་ནང་དུ་ཟློག །རྐྱེན་ངན་བྱང་ཆུབ་གྲོགས་སུ་སྒྱུར། །གདོན་ངན་ཆུ་བོའི་གཞུང་དུ་སྐྱུར། །དེ་གསན་ནམ་ཡི་དམ་མཁའ་འགྲོའི་ཚོགས། །ཁྱེད་གོང་མ་རྣམས་ལ་ཞུ་བ་ལགས། །ཞེས་རྗེ་བཙུན་གྱིས་མགུར་དེ་སྐད་བཞེངས་ནས་བླ་མ་དང་ཊཱ་ཀི་ལ་གསོལ་བ་དྲག་ཏུ་བཏབ་པས། ཡང་གདོན་ཆེན་པོ་དེ་རྣམས་ཀྱི་བསམ་པ་ལ། ཡང་རྣལ་འབྱོར་པ་འདིའི་བསམ་པ་ཟེར་ལུགས་ཀྱི་ཁོ་ཡི་ཡིད་ལ་ཁུ་འཕྲིག་གི་རྟོགས་པ་སྐྱེས་ནས་ཡོད་པར་འདུག་པས། ངེད་ཅག་རྣམས་ཀྱིས་གླགས་རྙེད་ནས་འོང་བསམ་སྙམ་ནས་ཅུང་ཟད་དགའ་ཞིང་། འོན་ཀྱང་ད་རུང་ཁོ་ལ་བསྒོམ་པའི་ཉམས་སམ། ནང་གི་རྟོགས་པ་ཅི་ཡོད་མི་ཤེས་པས་འཇིགས་ཤིང་ཡ་ང་བ་མི་སྙན་པ་བརྗོད་ཅིང་། ཁོ་ཡི་སེམས་ཀྱི་དཔའ་བཀོང་ལ་མི་འཇིགས་པ་ལྟ་བའི་གདིངས་ཅི་འདུག་ལྟ་དགོས་སྙམ་དུ་བསམ་ནས་དེར་འཚོགས་པའི་ལྷ་འདྲེ་རྣམས་ཀྱིས་བར་ཆོད་ལུང་བསྟན་གྱི་གླུ་འདི་རྗེ་བཙུན་གྱི་སྙན་དུ་བཏབ་བོ། །ཁྱེད་དེ་ནས་ལྷང་ལྷང་གླུ་ལེན་པ། །རིག་བྱེད་གླུ་ཡི་གསལ་འདེབས་ཤིང་། །ལྷ་དང་མཁའ་འགྲོའི་དམག་སྦྲན་ནས། །དེ་སྤྱོད་པའི་རྣལ་འབྱོར་རི་ཁྲོད་པ། །བརཏལ་ཞུགས་རས་ཆེན་མ་ལགས་སམ། །ལུས་བེམ་རིག་རྟེན་དང་འབྲལ་བའི་ཕྱིར། །ཡིད་འཇིགས་ཤིང་སྐྲག་པ་བདེན་ཡང་བདེན། །བློ་ཡ་ང་ཟ་བར་ཆ་མཆིས་ཀྱང་། །སྙན་ལེགས་པར་གཏོད་ལ་གླུ་འདི་ཉོན། །ཡང་གནམ་ལོ་རྒྱལ་པོར་མཚན་གསོལ་བ། གཡུ་འབྲུག་གསེར་གྱི་གཤོག་པ་ཅན། །དགུང་མཁའ་ལ་ལྡིང་བའི་འོག་རོལ་ན། །དོགས་ས་བཀྲ་ཤིས་ནང་མ་ལྗོངས། །ལྷ་སྨན་གངས་ཀྱི་འདབ་རོལ་པ། །འབྲོག་རྨ་གཡང་འབབས་པའི་སྨན་ལུང་ནས། །ཟླ་མཚན་དབང་པོ་ཡར་གྱི་ངོ་། །དུས་ཁྱད་པར་ཅན་གྱི་ཚེས་བརྒྱད་ལ། །དགུང་སྨག་ཏུ་འཐིབ་པའི་གོང་རོལ་ན། །སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས། །ངེད་སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །ནམ་མཁའི་ལྷ་བྲན་མན་ཆད་ནས། །ས་འོག་ལྟོ་འཕྱེ་ཡན་ཆོད་དུ། །མི་སྡུག་སྤྲུལ་པའི་གཟུགས་འཆང་རྣམས། །རྫུ་འཕྲུལ་སྟོབས་ཀྱིས་འདིར་ལྷགས་སྟེ། །ཞེ་སྡང་གདུག་པའི་སེམས་ལྡན་ཞིང་། །སྣ་ཚོགས་གཡོ་སྒྱུ་ངན་སྤྱོད་པ། །གཙོ་བོ་གདོན་ཆེན་བཅོ་བརྒྱད་ཡོད། །བྱིས་པའི་གདོན་ཆེན་བཅོ་ལྔ་ཡོད། །ཁྱད་པར་ཤ་ཟ་ཆེན་མོ་ལྔས། །མི་ཤ་ཁྲག་གི་དྲི་ཚོར་ནས། །རྐན་རྡེབས་བཟོད་པའི་གླགས་མེད་མ། །འཇིག་རྟེན་ལས་ཀྱི་སྲིན་མོ་ཡོད། །ངེད་འདིར་འཚོགས་ལྷ་འདྲེ་བགྲོས་བགྲོས་ནས། །རྩིས་ཤིང་རྡེའུ་དཀར་ནག་སྤུངས། །བྱད་ཁྲམ་ཁ་བཏབ་པ་ཁྱེད་ལ་བབ། །མཐོ་རྒྱན་བཞི་བཏིང་བས་ཁྱོད་ལ་ཟིན། །བསྐོར་ཁ་དམར་ཐེངས་པས་འཆོར་མི་སྲིད། །མི་ཁྱོད་ལ་རང་དབང་མེད་པའི་ཕྱིར། །བླ་དང་ཚེ་སྲོག་འཕྲོག་ཏུ་འོང་། །དབུགས་རྒྱུ་བ་ཕྱི་ནང་གཅོད་དུ་འོང་། །ཡིད་རྣམ་ཤེས་རྟེན་དང་ཕྲལ་དུ་འོང་། །ལུས་ཤ་ཁྲག་གི་ཕུང་པོ་ཟ་རུ་འོངས། །ལར་མི་ཁྱོད་ཀྱི་ཚེ་དང་དབང་ཐང་ཟད། འཆི་བདག་བདུད་ཀྱི་ཁ་རུ་ཚུད། །ལས་ཀྱི་ཞགས་པ་ནག་པོས་ཐེབས། །དོ་ནུབ་ནམ་གྱི་ཆ་སྨད་ལ། །འདི་ནས་ཕ་རོལ་འགྲོ་དགོས་པས། །ཁྱོད་སྔོན་ཆད་བྱས་པའི་ལས་རྣམས་ལ། །དུས་ད་ལྟ་འགྱོད་པ་ཡོད་དམ་མེད། ཁྱོད་གཤིན་རྗེའི་ཕོ་ཉས་བཟུང་བ་ལ། །འཆི་བྲོས་ཀྱི་འགྲོ་ས་ཡོད་དམ་མེད། །མི་འཇིགས་གདིངས་དང་ལྡན་མི་ལྡན། །དེ་རྣལ་འབྱོར་ཁྱེད་ལ་འདྲི་བ་ཡིན། །ལར་ད་རེས་ངེད་ཕྱིར་འབྲང་དགོས་ཏེ། །གཤིན་རྗེའི་ལས་མཁན་ཡོད་པ་ལ། བར་དོ་སྣང་མུན་འཇིགས་པ་ཆེ། །མ་མཐོང་ཡུལ་དུ་འགྲོ་དགོས་པས། སྐྱབས་གནས་སྐྱེལ་མ་བཙལ་རེ་རན། །སྨོན་ལམ་གྱི་རྟ་ལ་ཞོན་རེ་ངན། །ཡིད་གྲོང་ཁྱེར་གཞན་དུ་འཕོ་རེ་རན། །ཀྱེ་ཧུད་ཀྱི་ཧུད་རྣལ་འབྱོར་པ། །ཁྱེད་ལ་གཉེན་མེད་བཤེས་ཀྱང་མེད། །སྐྱེས་བུ་ཡ་ང་མེད་པའི་ས། །དགོན་པའི་གནས་ནས་བགྲོད་དཀའ་བས། །གྲོགས་མེད་གཅིག་པུར་འགྲོ་དགོས་པས། །ཁྱོད་མ་འདུག་མ་འདུག་ལ་མོ་འདོང་། །ཞེས་ལྷ་འདྲེ་རྣམས་ཀྱིས་གླུ་དེ་སྐད་བླངས་པས། རྗེ་བཙུན་གྱིས་ཐུགས་དགོངས་བཏང་བ་ལ། འདྲེ་ཁྱེད་བས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཀྱང་རང་གི་སེམས་ཀྱི་རྣམ་འཕྲུལ་གཅིག་མ་གཏོགས་པ་དོན་ལོག་ན་མེད་པར་བཀའ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་གསུངས། སེམས་ཀྱི་ངོ་བོ་རང་བཞིན་གྱིས་འོད་གསལ་ཞིང་། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། བླ་མ་དམ་པའི་ཞལ་གྱི་བདུད་རྩི་ངོ་སྤྲོད་པ་འདི་རང་ཡིན། སེམས་ཀྱི་རང་བཞིན་སྐྱེ་འགགས་མེད་པ་འདི་ལ་ནི་གཤིན་རྗེའི་སྐྱེས་བུ་བྱེ་བ་དུང་ཕྱུར་གྱི་དམག་གིས་བསྐོར་ནས། མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་ཀྱང་བསད་ཅིང་བཅད་པ་དང་ངན་པར་བསྒྱུར་དུ་མེད་ལ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་འོད་ཟེར་གྱི་ཕུང་པོ་བྱེ་བ་དུང་ཕྱུར་བསྡུས་ཤིང་ཡོན་ཏན་གྱི་མཐུ་སྡོམ་ཀྱང་ཁ་དོག་དང་དངོས་པོར་གྲུབ་པ་མེད་པས་བཟང་པོར་བཅོས་སུ་མེད། དེས་ན་གཤིས་མ་བཅོས་པ་འདི་རང་ཡིན། ད་ལྟར་གྱི་ལུས་གཟུང་འཛིན་ལས་དང་ཞེན་པ་ལས་གྲུབ་པ། འབྱུང་བ་བཞིས་བསྡུས་པ། གདོས་བཅས་ཅན་གྱི་ཕུང་པོ་འདི། སྐྱེས་པའི་ཐ་མ་འཆི་བ་ལས་མ་འདས་པའང་ཁྱེད་ཅག་ལྷ་འདྲེ་རྣམས་ལ་དགོས་ན་སྦྱིན་པས་ཆོག་ལར་དངོས་པོ་ཐམས་ཅད་མི་རྟག་ཅིང་འགྱུར་བའི་ཆོས་ཅན་ལ། དུས་ད་ལྟ་རང་དབང་ཡོད་བཞིན་དུ་སེམས་ཀྱིས་བཏང་ན་དོན་ཆེན་པོ་ལུས་ཀྱི་སྦྱིན་པར་འགྱུར་ལ། ད་ལྟ་གཟུང་འཛིན་འཁྲུལ་པའི་རྟོག་པ་ལ། ལྷ་འདྲེའི་གཟུགས་བརྙན་དུ་མཐོང་། གནོད་བྱ་གནོད་བྱེད་དུ་མཐོང་བ་འདི་ནས་རབ་རིབ་ཅན་གྱི་མི་སྐྲ་ཤད་འཛིངས་པ་མཐོང་བ་ལྟར། འཁོར་བ་ཐོག་མ་མེད་པ་ནས་རྒྱུ་མ་རིག་པའི་དབང་གིས་ལས་ངན་པའི་རྒྱུན་གོམས་པ་ལས་བྱུང་བའི་སྒྲིབ་གཡོགས་གློ་བུར་གྱི་རྣམ་པར་རྟོག་པ་སྤྲིན་དང་ན་བུན་ལྟ་བུ་ཡིན་གྱི། དེ་ལ་འཇིགས་ཤིང་སྐྲག་པའམ། ཡ་ང་བའམ་ཡོད་སྙམ་དུ་དགོངས་ཏེ། གཞི་ངོ་བོ་གནས་ལུགས་ཀྱི་ངང་གི་རྒྱུ་ལ་བཞག་ནས། མི་འཇིགས་པ་ཁོང་དུ་ཆུད་ནས་རྟོགས་པ་གདིངས་སུ་གྱུར་པའི་མགུར་འདི་བཞེངས་པ་ཡིན་ནོ་གསུངས་སོ། །ཡུལ་ལ་མཚན་གསོལ་དིང་མ་བྲིན། །ཁེ་ཚོང་འདུས་པའི་ཚོང་འདུས་ཡིན། །མི་རྒྱ་བོད་གཉིས་ཀྱི་འདུ་ས་ཡིན། །གངས་མཐོ་ལ་གཉན་པོ་ཚེ་རིང་མ། །བཀྲ་ཤིས་ཤེལ་གྱི་ཟུར་ཕུད་ཅན། ལྷ་སྨན་རྒྱལ་མོའི་ཐུ་བ་ལ། །འབྲོག་དབྱར་ས་སྨན་ལུང་མི་ཟེར་རོ། །ས་ཁོལ་དུ་བྲིས་པའི་ཆུ་བར་ན། །ཁྱེད་སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་ཚོགས། །ལྷ་གནས་གཞན་འཕྲུལ་མན་ཆད་ནས། །ས་འོག་ལྟོ་འཕྱེ་ཡན་ཆད་ལ། །ལྐུགས་པའི་ཀླུ་དང་ནམ་མཁའ་ལྡིང་། །དྲི་ཟ་སྲུལ་པོ་མིའམ་ཅི། །ལྟོ་འཕྱེ་གྲུ་བུམ་སྲིན་པོའི་གདོན། རོ་ལངས་གནོད་སྦྱིན་འབྱུང་པོའི་ཚོགས། །རེ་རེའི་མིང་ནས་བརྗོད་མི་ལང་། །བསམ་གྱིས་མི་ཁྱབ་མང་པོ་འཚོགས་པར་འདུག །ཁྱད་པར་འཇིགས་པའི་སྲིན་མོ་ལྔ། །མི་ང་ལ་མི་སྙན་ངག་ཏུ་བརྗོད། །ཚེ་འདི་ཕ་རོལ་འགྲོ་དགོས་ཟེར། །ང་འཆི་བ་ཁོ་ནས་འཇིགས་འཇིགས་ནས། །སེམས་འཆི་མེད་གཉུག་མའི་ངང་དུ་སྦྱངས། །འཁོར་བ་རང་གྲོལ་གཞི་ཡི་གནས། སྙིང་པོའི་དོན་ལ་ངོ་སྤྲོད་གྱིས། །ནང་རིག་པ་གཏན་མེད་གཅེར་བུ་དེ། །འགྱུར་བ་དངས་སང་ལྟ་བའི་གདིངས། །འོད་གསལ་སྟོང་པར་བློ་ཐག་ཆོད། །ད་སྐྱེ་འཆི་གཉིས་ལ་ཉམ་ང་མེད། །ང་མི་ཁོམ་བརྒྱད་ལ་འཇིགས་འཇིགས་ནས། །མི་རྟག་འཁོར་བའི་ཉེས་དམིགས་བསྒོམ། །སྐྱབས་དཀོན་མཆོག་གསུམ་ལ་བློ་ཕུག་གཏད། །ལས་རྒྱུ་འབྲས་ཆོས་ལ་ནན་ཏན་བསྐྱེད། །ཐབས་བྱང་ཆུབ་སེམས་ཀྱི་རྒྱུད་སྦྱངས་པས། །བག་ཆགས་སྒྲིབ་པའི་རྒྱུན་ལམ་བཅད། །གང་སྣང་ཅིར་སྣང་སྒྱུ་མར་རྟོགས། །ད་ངན་སོང་གསུམ་ལ་ཉམ་ང་མེད། །ང་གློ་བུར་ཚེ་ལ་འཇིགས་འཇིགས་ནས། །ལམ་རྩ་དང་རླུང་ལ་རྟེན་འབྲེལ་བསྒྲིགས། །གནད་བསྲེ་བ་གསུམ་ལ་སྦྱངས་པའི་ཕྱིར། །ཚོགས་དྲུག་གི་སྣང་བ་འགགས་པའི་ཚེ། །ཆོས་སྐུ་ངོ་སྤྲོད་ཀྱི་གདིངས་ཡོད་དེ། །ཤེས་རྒྱུད་ཚངས་པའི་ལམ་ནས་འདོན། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འཕོ། དུས་ད་ལྟ་ཤི་ཡང་ཉམ་ང་མེད། །ཁྱེད་ཅག་འདིར་འཚོགས་ལྷ་མ་སྲིན། །སྐྱེ་འགྲོའི་ཚེ་སྲོག་ཉུལ་བ་རྣམས། །སྒྱུ་མ་གཟུགས་ཀྱི་ཕུང་པོ་འདི། །མི་རྟག་འཇིག་པའི་ཆོས་ཅན་ཏེ། །ལར་ཅེས་ཀྱང་མི་རྟག་འགྱུར་བ་ལ། །དེ་ཁྱོད་ལ་དགོས་ན་སུ་དགོས་ཁྱེར། །སྤྱིར་འགྲོ་དྲུག་ཡོངས་ཀྱི་གླུད་དུ་གཏོང་། །སྒོས་དྲིན་ཅན་ཕ་མའི་དོན་དུ་བསྔོ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱེད་དགའ་མགུ་ཡི་རང་ཚིམ་གྱུར་ནས། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་པར་གྱིས། །ལན་ཆགས་ཤ་འཁོན་བྲལ་བར་གྱིས། །སེམས་འགྱུ་བ་དངོས་མེད་སྟོང་པ་དེ། །འདྲེ་ཁྱེད་བས་ངས་ཀྱང་མཐོང་བ་མེད། །དམྱལ་ཁམས་བཅོ་བརྒྱད་དགྲར་ལངས་ཀྱང་། །འཇིགས་སོ་སྙམ་ན་ང་ལ་སྡིག །ང་སྟོང་ཉིད་ནམ་མཁའི་རྣལ་འབྱོར་པས། །འཁྲུལ་པའི་དེ་ཉིད་ཤེས་པའི་ཕྱིར། །འདྲེ་ཁྱེད་ལ་ཉམ་ང་རྡུལ་ཙམ་མེད། །ལར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ། །ཨེ་མ་ཁམས་གསུམ་འཁོར་བའི་ཆོས། །མེད་བཞིན་སྣང་བ་ངོ་མཚར་ཆེ། །ཞེས་རྗེ་བཙུན་གྱིས་མི་འཇིགས་པ་ཁོང་དུ་ཆུད་པའི་མགུར་དེ་སྐད་བཞེངས། གསུང་ངག་བདེན་པའི་ཚིག་གིས་བགྲོལ་བ། ཡང་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ཡན་ཆོད་དུ་གྲངས་བརྗོད་ཀྱིས་མི་ལངས་ཤིང་མི་རྫོགས་པ། རྡུལ་ཕྲ་རབ་ཀྱི་མཐའ་ལས་འདས་པའི་ལུས་ཅི་ཙམ་པ་ཅིག་བླངས་ཀྱང་། སྡུག་བསྔལ་འདུ་བྱེད་ཀྱི་ཕུང་པོ་འབའ་ཞིག་བསགས་ཤིང་དོན་མེད་པར་ཡལ་བ་དོར་བ་ལ། སངས་རྒྱས་ཀྱི་རྒྱུའི་དོན་དུ་གྱུར་པ་སྐད་ཅིག་ཙམ་ཡང་མེད་དོ། །དུས་ད་རེས་ལུས་འབྱུང་བཞི་འདུས་པའི་ཟག་བཅས་ཀྱི་ཕུང་པོ། མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ལས་གྲུབ་པ་འདི། ཁྱེད་འདིར་ཚོགས་པའི་ལྷ་འདྲེ་རྣམས་ལ་དགོས་ན་ཅིའི་ཕྱིར་མི་སྟེར་ཏེ། ནང་འགྲོ་དྲུག་བཅུད་ཀྱི་སེམས་ཅན་ལ། མི་ང་ཡི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་དེ་རྣམས་ལ་ལན་ཆགས་ཤིང་ཤ་འཁོན་གཉེར་བ་རྣམས་ཀྱི་གླུད་དུ་ད་ལྟ་ཁོ་བོའི་ལུས་འདི་གཏོང་བ་ལ། ཡ་ཀི་སྤྱི་བོའི་གཙུག་ནས་མ་ཀི་རྐང་པའི་མཐིལ་ཡན་ལ་ལྷུ་བཅུ་གཉིས། མགོ་དང་བཅུ་གསུམ། དབང་པོ་རྣམ་པ་ལྔ། དོན་སྙིང་རྣམ་པ་ལྔ་ཤ་དང་རུས་པ། རྐང་དང་ཚིལ་བུ། ཀླད་པ་ཀླད་རྒྱ། ཞག་དང་ཁོང་ཁྲག །སྐྲ་དང་སེན་མོ། པགས་པ་དང་དྲི་མ། དབུགས་དང་ཚེ་སྲོག །མདངས་དང་བཀྲག་ལ་སོགས་པ་རང་རང་སོ་སོ་ཡིད་ལ་གང་འདོད་པ་རྣམས་ད་ལྟ་ཉིད་དུ་ཁྱེར་ལ་ཚིམ་ཞིང་དགྱེས་པ་ཁོ་ནར་གྱུར་ཅིག །གཞན་ཡང་ཤ་ཁྲག་ལུས་ཀྱི་མཆོད་སྦྱིན་འདི་ལ་བརྟེན་ནས། ད་ཕྱིན་ཆད་གནོད་སྦྱིན་སྲིན་པོའི་ཚོགས་ཁྱེད་རྣམས་ཀྱི་ཞེ་སྡང་གདུག་རྩུབ་ཀྱི་བསམ་ངན་ཐམས་ཅད་སླར་ཞི་ནས། རྒྱུད་ཟག་པ་མེད་པའི་སྙིང་རྗེ་ཆེན་པོའི་ཡོངས་སུ་གང་བ་ཁོ་ནར་གྱུར་ཅིག །སྙིང་རྗེ་ཆེན་པོ་དེས་ཉེ་བར་ལེན་པའི་རྒྱུ་དང་རྐྱེན་བྱས་ཏེ། དེ་ཕྱིན་ཆད་སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་ལ་གནོད་ཅིང་འཚེ་བ་མི་བྱེད་དེ། གནོད་ཅིང་འཚེ་བ་ལས་སླར་ལོག་ནས་ཤིན་ཏུ་བརྩེ་བའི་སེམས་དང་ལྡན་ཏེ། བྱམས་པ་དང་དགའ་བའི་བསམ་པ་དུ་མས་ཕན་འདོགས་ཤིང་ཐམས་ཅད་ཀྱང་བདེ་སྐྱིད་ཕུན་སུམ་ཚོགས་པའི་འབྱོར་པ་དང་ལྡན་པར་གྱུར་ཅིག །ཅེས་རྗེ་བཙུན་གྱིས་བདེན་པའི་སྟོབས་བརྗོད་དེ་སྨོན་ལམ་དེ་སྐད་བཏབ་པ་ལ། དེར་ཚོགས་པའི་ལྷ་འདྲེ་རྣམས་སླར་མོས་ཤིང་འདུན་པར་གྱུར་ཏེ། ལྟས་དང་ཆོ་འཕྲུལ་གྱི་རྣམ་པ་སླར་བསྡུས་ཏེ་ཞི་བ་ཆེན་པོའི་ངང་ལ་གནས་པར་གྱུར་ཏེ། དེ་རྣམས་ཀྱི་ནང་ནས་མི་བསྲུན་ཅིང་ཤིན་ཏུ་འཇིགས་པའི་ཆ་བྱད་སྟོན་པའི་ཤ་ཟ་བའི་མཁའ་འགྲོ་མ་ལྔ་པོ་དེ་རྣམས་ན་རེ། རྣལ་འབྱོར་པ་ཁྱེད་ལུས་ཞེན་ཆགས་དང་འཕང་སེམས་མེད་པར་ཤ་ཁྲག་མཆོད་སྦྱིན་དུ་གཏོང་བ་ངོ་མཚར་ཤིན་ཏུ་ཆེ་ནའང་། ངེད་སྙིང་ཐག་པ་ནས་ཁྱེད་ལ་གནོད་ཅིང་འཚེ་བར་མི་བྱེད་དོ། །བསྒོམ་པའི་ཉམས་སམ། མི་འཇིགས་པའི་གདིངས་ཅི་ཡོད་ལྟ་རུ་འོང་བ་ཡིན། སྤྱིར་ཡང་འཁྲུལ་སྣང་གདོན་གྱི་བར་ཆད་ཐམས་ཅད་ནང་རྣམ་པར་རྟོག་པའི་ཉེར་ལེན་ལས་བྱུང་བ་ཡིན་ཏེ། ད་ཅི་ངེད་ཅག་འོང་མ་ཐག་ཁྱེད་སྐྱི་བུན་བྱེད་ཅིང་ལྷ་དང་མཁའ་འགྲོའི་དམག་སྦྲན་པ་དེ་ལས་རྗེས་སུ་དཔག་ནས་ཁྱེད་ཀྱི་ཡིད་ལ་ཁུ་འཕྲིག་གི་ཡ་ང་བ་ཡོད་པར་ཤེས་ནས། མི་སྙན་པ་སྣ་ཚོགས་ངག་ཏུ་བརྗོད་ཅིང་ཐོ་མཚམས་པ་ཡིན་གྱི། ད་ལྟ་ངག་བདེན་པའི་ཚིག་གིས་བཤད་པ་ལྟར་ན་ཁོ་མོ་ཅག་འདིར་ལྷག་པ་རྣམས་ཀྱང་ཤིན་ཏུ་གནོང་ཞིང་འགྱོད་པར་གྱུར་ཏོ། །ད་ཡང་རྣལ་འབྱོར་པ་ཁྱེད་ཡིད་འགྱུ་བ་ཕྱི་ནང་གི་ཕྲེང་རྣམས་ཆོད་ལ་སེམས་ཉིད་མ་བཅོས་པའི་ངང་ལ་མཉམ་པར་ཞོག་དང་། བར་ཆད་དེ་ལས་ཆེ་བ་གཞན་ཚངས་པའི་འཇིག་རྟེན་མན་ཆད་གཡོ་འགུལ་བྱུང་ཡང་ཁྱེད་དཔའ་བཀོང་ཞིང་རྫི་མི་ནུས་སོ། །ཞེས་སྙིང་གཏམ་གྲོས་སུ་བཏབ་པའི་རྗེས་ལ། འཇིག་རྟེན་གྱི་ཁམས་ན་མི་བསྲུན་པའི་སྲིན་མོ་ལྔ་པོ་དེ་རྣམས་མགྲིན་གཅིག་ཏུ་བསྡེབས་ནས་རྗེ་བཙུན་གྱི་ཉན་དུ་གླུ་འདི་ཕུལ་བ་ཡིན་སྐད། ཀྱེ་གསོན་དང་ལས་ཅན་རྣལ་འབྱོར་པ། །ཁྱེད་བསོད་ནམས་བསགས་པ་མི་ཡི་ལུས། །དལ་འབྱོར་འཛོམ་པའི་སྐལ་པ་ཅན། །སྨོན་ལམ་མཐར་ཕྱིན་ཆོས་དང་མཇལ། །སྦྱངས་པའི་ལས་འཕྲོ་བསམ་གཏན་མཛད། །དེ་ཕྱིར་སྐྱེས་མཆོག་རིགས་ཀྱི་བུ། །ངེད་སྐལ་པ་དམན་པའི་འཇིག་རྟེན་པ། །བློ་གྲོས་དམན་པའི་རབ་རིབ་ཅན། །སྐྱེ་བ་དམན་པའི་བུད་མེད་ལུས། །ཚོགས་མ་བསགས་པའི་གནོད་སེམས་ཅན། །ལས་ངན་བསགས་པས་མཁའ་ལ་རྒྱུ། །དེ་འདྲ་རྨོངས་པའི་སེམས་ཅན་གྱིས། །གཞན་རྒྱུད་ཀྱི་རྟོགས་པ་མི་ཤེས་པས། །ངག་བརྗོད་པའི་ཚིག་གི་དཔེས་མཚོན་ནས། །དོན་རྗེས་དཔག་གཏན་ལ་འབེབས་ཀྱང་འཚལ། །བློ་ཡ་ང་ཟ་བར་ཆ་མཆིས་ཀྱང་། །སྐུ་ཕྱག་རྒྱ་བརྟན་པར་གླུ་ལ་གསོན། །ཤར་རྒྱ་ཡི་ཏི་ཤི་ཁྲི་སྒོ་ནས། །རྒྱ་མོའི་དར་འཐག་རླབས་ཀྱིས་འཐག །སྤུན་ནང་ལེན་གྱི་སྐར་མདའ་མ་ལོག་ན། །ཕྱི་དུས་ཀྱི་རླུང་གིས་མི་གཡོ་ཡི། །ཡིད་གཞུང་པར་ཐོགས་ཤིང་འགུ་ལིང་དར། །བྱང་གྱིམ་ཤང་ཧོར་གྱི་རྒྱལ་ཁམས་ན། །གྱད་དམ་ལེན་གཡུལ་དུ་འཇུག་པ་ན། ནང་སྲིད་ལོག་ཀུ་ཡིས་མ་བཏབ་ན། །ཁྲོམ་གེ་སར་དམག་གིས་མི་འཇིགས་ཀྱི། །སྲིད་ཞི་བར་སྐྱོངས་ཤིག་མཛངས་ཀྱི་འཕྲུལ། །ནུབ་རྟ་ཟིག་རྒྱལ་པོའི་འཕྲང་སྒོ་ན། །དཔའ་སྟག་ཤ་དུང་གི་སྒོ་མོ་ལ། །ནང་ཁྲོ་ཆུའི་གཟེར་མགོ་མ་ལོག་ན། །ཕྱི་འཁྲུལ་འཁོར་སྒྱོགས་ཀྱིས་མི་འཇིགས་ཀྱི། །ནང་འཕྲུལ་འཛེར་སྡོམས་ཤིག་འཕྲུལ་ཡི་སྒོ། །ལྷོ་བལ་པོ་རྡོ་འབིགས་ཀྱི་ཡུལ་ཁམས་ན། །ཙན་དན་སྨན་གྱི་སྡོང་པོ་ལ། །ཤིང་ཧྶ་ཡུ་ནང་ནས་མ་ཤོར་ན། ཕྱི་མོན་པ་ཧྶ་ཐོགས་མི་འོང་གིས། །ཤིང་ནང་སྲིད་སྡོམས་ཤིག་ནགས་མ་ལྗོངས། །དབེན་པ་བྲིན་གྱི་ཆུ་བར་ན། །ཁྱེད་མི་ལ་རས་པ་སྒོམ་བཟང་བ། །རྣམ་རྟོག་འདྲེ་རུ་མ་ལང་ན། །ཕྱི་བར་ཆད་བགེགས་ཀྱིས་མི་འཇིགས་ན། ནང་སེམས་རྒྱུད་སྦྱོངས་ཤིག་རྣལ་འབྱོར་པ། །ཡིད་ཁུ་འཕྲིག་མ་བྱེད་བརཏལ་ཞུགས་ཅན། ཁྱེད་སྟོང་ཉིད་རྟོགས་པའི་བྲག་རི་ལ། །ཏིང་འཛིན་མི་གཡོའི་རྫོང་བཟུང་ནས། །ཐབས་བྱང་ཆུབ་སེམས་ཀྱི་གོ་འབྱེད་ཅིང་། །ཤེས་རབ་སྙིང་རྗེའི་མཚོན་བདར་ནས། །བདུད་བཞིའི་དམག་གིས་མཐའ་བསྐོར་ཡང་། །གཟུང་འཛིན་གྱི་གྲོང་དུ་མི་ཕེབ་ཅིང་། །གཤིན་རྗེའི་འཇིག་རྟེན་དགྲར་ལངས་ཀྱང་། །ཁྱེད་གཡུལ་ངོ་མི་ཕམ་རྒྱལ་བར་ངེས། །ཕྱི་འདོད་ཡོན་གྱི་ལྟ་བ་ལྟད་མོ་ཆེ། །ནང་ཞི་གནས་ཀྱི་བསམ་གཏན་བྱིང་རྒོད་མང་། །ཡུལ་དགའ་གདུང་གི་ཞེན་པ་འགྲོགས་ཡུན་རིང་། །ལྷག་མཐོང་གི་ཡེ་ཤེས་རྒྱུན་བྱ་ཙམ། །རྣམ་རྟོག་གི་ལྷ་འདྲེ་དགྲ་ཐབས་མཁས། །རེ་དོགས་ཀྱི་འཕྲང་ལ་བསྒུགས་བསྒུགས་ནས། །ང་བདག་གི་ཞགས་པས་འཛིན་ཉེན་ཡོད། །ཁྱེད་དྲན་དང་ཤེས་བཞིན་མེར་ཚེ་གྱིས། །རྫོང་ལེགས་པར་ཟུངས་ཤིག་རྣལ་འབྱོར་པ། །གླུ་མཚོན་པའི་དཔེ་བཞི་དོན་དང་ལྔ། །ཚིག་སྙན་དངགས་མུ་ཏིག་རྩྭར་ལ་བརྒྱུས། །དོན་གསལ་བྱེད་མེ་ལོང་ཐུགས་ལ་བཀྲ། །ཚིག་ཕྱིར་མ་འབྲངས་དོན་རྗེས་ཆོད། །དེ་མཁྱེན་པར་གྱིས་ཤིག་སྐལ་པ་ཅན། །ཞེས་མཚོན་པའི་གླུ་དཔེ་དོན་དང་བཅས་པ་རྣམས་རྗེ་བཙུན་གྱི་སྙན་དུ་ཕུལ་བ་ལ། ཡང་རྗེ་བཙུན་གྱིས་ལེན་གསུངས་པ། ཕྱི་རོལ་བདུད་རིགས་ཀྱི་ལྷ་འདྲེས་བར་དུ་གཅོད་པ་དེ་ཐམས་ཅད་རྣམ་པར་མི་རྟོག་པའི་ཉེར་ལེན་ལས་བྱུང་བས་ན་ཁྱེད་ཅག་ལྷ་འདྲེ་ཟེར་བ་ལྟར་བདེན་ནའང་། རྣལ་འབྱོར་པའི་ལུགས་ཀྱི་བར་ཆད་ཅི་བྱུང་ཡང་སྐྱོན་དུ་མི་ལྟ་ཞིང་། ལྟས་དང་ཆོ་འཕྲུལ་གྱི་རྣམ་པ་ཅི་བྱུང་ཡང་དེ་ཉིད་སྐུ་དྲིན་ཅན་རྣམས་འདོད་ཐོག་ཏུ་ཁྱེར་ཏེ། ལྟས་ངན་གཡངས་སུ་འཁྱེར་བའི་གཟེར་གྱིས། ལས་དང་པོ་པའི་གང་ཟག་ལེ་ལོ་ཅན་རྣམས་བརྩོན་འགྲུས་ཀྱི་ལྕགས་འདེབས་ཤིང་། གཉེན་པོ་གློ་བུར་དུ་སྐྱེ་བས་རིག་པའི་ངར་འདོན། དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་དགེ་སྦྱོར་ལ་བསྐུལ་ནས་བསམ་གཏན་མྱུར་དུ་སྐྱེ་བའི་རྒྱུ་ཡིན་ལ། ལམ་ཅུང་ཟད་གོམས་ཤིང་བརྟན་པ་ཐོབ་པ་རྣམས་ལ་ནི། དྲན་པ་ཡེ་ཤེས་ཀྱི་གསལ་འདེབས་པར་བྱེད་པས། རིག་པ་འོད་གསལ་གྱི་མདངས་འདོན་ཅིང་། ནང་ཏིང་ངེ་འཛིན་གྱི་རྩལ་སྦྱོང་། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་། ལམ་གྱི་བོགས་གོང་ནས་གོང་དུ་སྦྱིན་པར་བྱེད་དོ། །དེའི་གནས་སྐབས་ན་བདུད་རིགས་ཆོས་སྐྱོང་དུ་ཞལ་འགྱུར་ཞིང་། ཆོས་སྐྱོད་སྤྲུལ་སྐུར་མཐོང་བས། རྐྱེན་དངོས་གྲུབ་ཏུ་འབབ། བར་ཆད་ལམ་དུ་སློང་། ལྟས་ངན་གཡང་དུ་ལེན། རྣམ་རྟོག་ཆོས་སྐུར་ཤར། གོལ་ས་ལམ་དུ་ཆོད། སྐྱོན་ཡོན་ཏན་དུ་གྲོལ་ཏེ། ཐུན་མོང་ལམ་གྱི་མཐུན་རྐྱེན་ཁྱེད་ཅག་གིས་སྒྲུབ་པར་བྱེད་དོ། །མཐར་ཐུག་ཤེས་བྱའི་གཤིས་ལ་ལྷ་འདྲེ་གཉིས་ཀ་མ་གྲུབ་སྟེ། རེ་དོགས་སྤང་བླང་གི་མཚན་མ་རང་སར་གྲོལ་བས། འཁྲུལ་པ་གཞི་མེད་དུ་རྟོགས་ཤིང་འཁོར་བ་མ་ཧཱ་མུ་དྲར་ཤེས་པ་དེ། གློ་བུར་རྣམ་རྟོག་དབྱིངས་སུ་ཐིམ་པས། ཆོས་སྐུ་འདུ་འབྲལ་མེད་པ་ཞེས་མིང་དུ་བཏགས་པ་ཡིན་གསུངས་ནས་ཚིགས་སུ་བཅད་དེ་མགུར་དུ་གསུངས་པ། རྒྱལ་བའི་ཞིང་ཁམས་འཛམ་གླིང་འདི། །སངས་རྒྱས་གཉིས་པ་ལྟར་གྲགས་ཤིང་། མི་ནུབ་བསྟན་པའི་རྒྱལ་མཚན་འཛིན། །ཅོད་པན་གཙུག་གི་ནོར་བུ་ལྟར། །ཀུན་གྱིས་བཀུར་ཞིང་མཆོད་པའི་གནས། །སྙན་པའི་བ་དན་སྒྲ་དབྱངས་ཀྱིས། །ཕྱོགས་བཅུ་ཀུན་ཏུ་ཁྱབ་པ་དེ། །མངའ་བདག་མཻ་ཏྲི་མ་ལགས་སམ། །དེ་ཉིད་ཞབས་ཀྱི་པདྨོ་ལ། །གུས་པས་བཏུད་ཅིང་བཅུད་འཐུངས་པས། །ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །མཐའ་བྲལ་གཉུག་མའི་དོན་རྟོགས་ཤིང་། །ཡོན་ཏན་ཐམས་ཅད་རབ་རྫོགས་ཏེ། །སྐྱོན་རྣམས་ཀུན་གྱིས་མ་གོས་པ། །བདེ་གཤེགས་སྤྲུལ་པ་མི་གཟུགས་ཅན། །སྐྱེས་མཆོག་མར་པས་འདི་སྐད་གསུངས། །ཕྱི་སྣང་བ་ཇི་ལྟར་སྣང་ལགས་ཀྱང་། །མ་རྟོགས་དུས་ན་འཁྲུལ་སྣང་སྟེ། །ཕྱི་ཡུལ་གི་ཞེན་པས་འཆིང་བར་བྱེད། །རྟོགས་པ་རྣམས་ལ་སྒྱུ་མར་སྣང་། །ཡུལ་སྣང་བ་སེམས་ཀྱི་གྲོགས་སུ་ཤར། །མཐར་ཐུག་དོན་ལ་སྣང་མ་མྱོང་། །སྐྱེ་མེད་ཆོས་སྐུ་དག་གོ་གསུངས། །ནང་འགྱུ་བ་ཡིད་ཀྱི་རྣམ་ཤེས་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་ཡིད་ཀུན་གྱི་རྩ་བ་སྟེ། རྟོགས་ན་རང་རིག་ཡེ་ཤེས་ཏེ། དཀར་པོའི་ཡོན་ཏན་རྫོགས་པར་འགྱུར། །མཐར་ཐུག་དོན་ལ་ཡེ་ཤེས་མེད། །ཆོས་རྣམས་ཟད་སར་སྐྱེལ་ལོ་གསུངས། །ཉེར་ལེན་གཟུགས་ཀྱི་ཕུང་པོ་འདི། །མ་རྟོགས་དུས་ན་འབྱུང་བཞིའི་ལུས། །ན་ཚ་སྡུག་བསྔལ་དེ་ལས་བྱུང་། །རྟོགས་ན་ལྷ་སྐུ་ཟུང་འཇུག་སྟེ། །ཐ་མལ་ཞེན་པ་ལྡོག་པར་བྱེད། །མཐར་ཐུག་དོན་ལ་ལུས་མེད་དེ། །སྤྲིན་བྲལ་མཁའ་ལྟར་དག་གོ་གསུངས། །གདོན་གནོད་སྦྱིན་ཕོ་མོའི་སྣང་བ་འདི། །མ་རྟོགས་དུས་ན་བདུད་ཡིན་ཏེ། །ཐོ་མཚམས་བར་དུ་གཅོད་པར་བྱེད། །རྟོགས་ན་བགེགས་རྣམས་ཆོས་སྐྱོང་སྟེ། །སྣ་ཚོགས་དངོས་གྲུབ་དེ་ལས་འབྱུང་། །མཐར་ཐུག་དོན་ལ་ལྷ་འདྲེ་མེད། །རྣམ་རྟོག་ཟད་སར་ཕྱིན་ནོ་གསུངས། །ཐེག་པའི་མཐར་ཐུག་གསང་སྔགས་ཀྱི། །རྣལ་འབྱོར་བླ་མེད་རྒྱུད་ལས་ཀྱང་། ཁམས་འདུས་པ་ཡི་གེའི་རྟེན་འབྲེལ་གྱིས། །ཕྱི་རོལ་འདྲེ་གཟུགས་མཐོང་བར་གསུངས། །དེ་རང་སྣང་རྫུན་དུ་མ་ཤེས་པར། །བདེན་ན་སྙམ་ན་ཤིན་ཏུ་རྨོངས། །ང་སྔོན་ཆད་རྨོངས་པས་མགོ་བོ་འཁོར། །མ་རིག་འཁྲུལ་བའི་ནང་དུ་འཇུག །ཕན་གནོད་ལྷ་འདྲེ་བདེན་པར་བཟུང་། །ད་གྲུབ་ཐོབ་རྗེས་ཡི་བཀའ་དྲིན་གྱིས། །འཁོར་འདས་དགག་སྒྲུབ་མེད་པར་གོ །ཅིར་སྣང་ཕྱག་རྒྱ་ཆེན་པོར་ཤར། །འཁྲུལ་པ་གཞི་མེད་དུ་རྟོགས་པ་དེས། །རིག་པ་ཆུ་ཟླ་རྙོག་མ་དྭངས། །འོད་གསལ་ཉི་མ་སྤྲིན་དང་བྲལ། །མ་རིག་མུན་པ་མཐའ་ནས་སངས། །རྨོངས་པའི་མགོ་འཁོར་ཡལ་ནས་ཐལ། །ཡིན་ལུགས་ནང་ནས་འཆར་ཞིང་གདའ། །འདྲེར་འཛིན་གྱི་རྣམ་རྟོག་དྲིན་པོ་ཆེ། །གཞི་སྐྱེ་མེད་གསལ་འདེབས་ངོ་མཚར་ཆེ། །ཞེས་བླ་མའི་གསུང་ལ་ཚད་མར་འཛིན་ཅིང་གདམས་ངག་ལ་ངེས་ཤེས་སྐྱེས་པའི་མགུར་མ་དེ་རྣམས་རྗེ་བཙུན་གྱིས་བཞེངས་པ་ལ། ཡང་གདོན་ཆེན་པོ་བཅོ་བརྒྱད་ཀྱི་གཙོ་བྱས་པའི་དེར་འཚོགས་པའི་ལྷ་འདྲེ་རྣམས་ན་རེ། ཁྱེད་བརྟན་པ་ཐོབ་པའི་རྣལ་འབྱོར་པར་འདུག་པས་ངེད་ཀྱིས་དེ་ལྟར་མ་ཤེས་པས་སྔོན་ཆད་ཐོ་མཚམས་ཤིང་བར་ཆད་བྱས་པ་རྣམས་གནོང་ཞིང་འགྱོད་པས་བཟོད་པར་བཞེས་ལ། སླན་ཆད་ཀྱི་བཀའ་ཅི་གསུངས་པ་ཉན་ཅིང་འབངས་སུ་མཆི་བས། བཀའ་བསྒོ་བའི་ལས་དང་བྱ་བ་གང་ཡོད་པ་དེ་རྣམས་ངེད་ཅག་ལྷ་འདྲེ་རྣམས་ཀྱི་བསྒྲུབ་པར་བགྱིའོ། །ཞེས་ཁས་བླངས་ནས་དེར་འཚོགས་པའི་ལྷ་འདྲེ་རྣམས་ཀྱིས་ཕྱག་གྱང་འགྱེལ་བ་ལྟར་འཚལ། སོ་སོ་རང་རང་གི་གནས་སུ་གྱེས་ནས་མི་སྣང་བར་སོང་སྐད་དོ། །རྗེ་རིན་པོ་ཆེ་མཚན་བརྗོད་པར་དཀའ་བའི་དཔལ་བཞད་པ་རྡོ་རྗེ། འཇིག་རྟེན་མིག་བསྒྱུར་གྱི་མཁའ་འགྲོ་མ་ལྔ་ཡི་ཞུས་ལེན་མགུར་དུ་བཞེངས་པ་རྣམས་ངན་རྫོང་སྟོན་པ་བོ་དྷི་ར་ཛས་མི་བརྗེད་པའི་གཟུངས་སུ་བཀོད་པའོ། །རྗེ་ནོར་བུ་རིན་ཆེན་སྐུ་དྲིན་ཅན། །དངོས་གྲུབ་བརྙེས་པའི་རས་པ་དང་། །འཇིག་རྟེན་མིག་བསྒྱུར་གདོལ་པ་མོ། །སྨན་ཤ་ལགས་པའི་མཁའ་འགྲོ་མ། །དྲིས་པ་ལན་དང་བཅས་པའི་དྲིན། །ཡིད་འཕྲོག་སྙན་གྱི་གླུ་བླངས་པ། །མེ་ཏོག་ཕྲེང་བར་བརྒྱུས་པའི་ཚིག །ཐོད་རྒལ་ཉམས་ཀྱི་སྐྱུགས་པ་འདི། །ཡི་གེར་བཀོད་པ་མི་རིག་ཀྱང་། བདག་ཉིད་བརྗེད་པས་འཇིགས་པ་དང་། །མ་འོངས་གདུང་བརྒྱུད་འཛིན་པ་རྣམས། །མོས་ཤིང་སྤྲོ་བ་བསྐྱེད་པའི་ཕྱིར། །བླ་མའི་གསུང་བཞིན་ཡི་གེར་བྲིས། །ལན་གསུམ་བར་དུ་ཞུ་ཕུལ་ནས། །དགྱེས་བཞིན་གནང་བ་མ་ལགས་པ། །མཁའ་འགྲོའི་ཀོ་ལོང་སྡོམ་པའི་ཕྱིར། གཟུ་ལུམ་རས་ཆོད་ངས་མ་བྱས། །སླད་ནས་འབྱོན་པའི་སྒོམ་ཆེན་ལ། །དམར་ཁྲིད་ཉམས་ཚད་མ་བྱས་པར། །དཔེ་རྒྱུད་ཡི་གེ་མ་བསྟན་གསུངས། །བླ་མ་རྗེ་ཡི་བཀའ་རྒྱས་བཏབ། གལ་ཏེ་བཀའ་ལས་འདས་གྱུར་ན། །མཁའ་འགྲོའི་བཀའ་ཆད་འབྱུང་བའི་ཕྱིར། །ཡི་གེ་མི་སྤེལ་སྦ་བར་ཞུ། རྗེ་སྤྱོད་པའི་རྣལ་འབྱོར་པ་མཚན་ཡོངས་སུ་གྲགས་པ་མི་ལ་ཞེས་བྱ་བ་དེ་ཉིད་ཀྱི་ཞབས་ཀྱི་པདྨོའི་རྡུལ་ལ་རེག་པ། ངན་རྫོང་སྟོན་པས་བླ་མ་རྗེ་བཙུན་ལ་ལན་གསུམ་ཞུས་ནས་གནང་བ་ཡི་གེར་བཀོད་པ་དྲིས་པའི་ལན་སྙན་ངག་གི་གླུ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ་རྫོགས་སོ། །བདེ་གཤེགས་སྤྲུལ་སྐུ་གཙུག་གི་རྒྱན། །སྐྱེས་མཆོག་མར་པ་ལོ་ཙཱ་ཡི། །ཞལ་ནས་བབ་པའི་བདུད་རྩི་དང་། །སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་དོན། །ཐུགས་ལས་ཁྲུངས་པའི་ཡེ་ཤེས་ཀྱི། །བྱིན་གྱིས་བརླབས་པའི་རྣལ་འབྱོར་པ། །མཚན་རས་པ་ཞེས་བྱར་གྲགས་པ་ཡི། །རྗེ་མི་ལ་ཞེས་བྱར་གུས་ཕྱག་འཚལ། །ཡུལ་ཡ་མཚན་ཆེ་བ་བལ་བོད་གཉིས་ཀྱི་སོ་མཚམས། །གངས་རྒྱལ་མོ་ན་བུན་འཐིབ་པའི་གཡས་མགུལ། །སྤྲིན་ཨ་ཝ་གསེར་མདོག་ལྡིང་བའི་འོག་རོལ། །སྟེང་མདོ་ཤོད་ཤེལ་གྱི་ར་བས་བསྐོར་བའི་དབུས། །དངོས་གྲུབ་ཀྱི་ཆུ་བོ་ལོ་ཧནྟའི་ཀླུང་འགྲམ། །གནས་བྱིན་གྱིས་བརླབས་པའི་སྨན་ལུང་ཆུ་བར་གྱི་དབེན་གནས་ན། རྗེ་རས་པ་ཆེན་པོ་མཚན་ཡོངས་སུ་གྲགས་པའི་མི་ལ་རྣལ་འབྱོར་པ་ཞེས་བྱ་བ། བཀའ་གསང་བ་བླ་ན་མེད་པ་ཐེག་པ་མཆོག་གི་དོན་ལ་ཐུགས་ཀྱི་སྣང་བ་ཕྱོགས་མེད་དུ་ཤར་བས། ཚད་མེད་པའི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ནང་གི་རྒྱུད་ཡོངས་སུ་སྦྱངས་པའི་སྐྱེས་བུ། མས་བརྟན་པའི་དགའ་བཞི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་ཕྱིན་པས་རྡོ་རྗེ་གླུ་ཡི་མཛོད་རང་བྱུང་གིས་རྡོལ་བ། སྒྲུབ་བརྒྱུད་ཀྱི་མན་ངག་བྱིན་གྱིས་བརླབས་ཀྱི་རྒྱུད་མ་ཆད་པས། ཐ་མལ་གྱི་སྣང་བ་ཡེ་ཤེས་སུ་བསྒྱུར་བར་མཁྱེན་ལ། བརཏལ་ཞུགས་སྤྱོད་པའི་བསྟན་པ་ལ་མ་དད་པའི་བདུད་དང་ལོག་འདྲེན་ཚར་གཅོད་པར་ནུས་པའི་དཔའ་བོ་ཆེན་པོ་དེས། ཐུགས་ཆོས་ཉིད་གཉུག་མའི་ངང་ལས་མ་གཡོས་ཤིང་། བརྩེ་བ་ཆེན་པོའི་གཞན་གྱི་དོན་ལ་གཟིགས་ནས། ཟད་པར་འབྱུང་བའི་སྐྱེ་མཆེད། སྣང་ཞིང་མི་སྣང་བར་ཟིལ་གྱི་གནོན་པ་དང་། བཀོད་པ་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་བསྟན་ནས། དཀར་པོའི་ཕྱོགས་ལ་དད་པའི་མི་དང་མི་མ་ཡིན་པ་འགའ་དང་འགའ་ཡི་དོན་མཛད་ཅིང་བཞུགས་པ་ལ། དབྱར་ཟླ་བའི་ཚེས་བཅུ་བཞིའི་ནུབ་མོ་མཚར་སྡུག་འོད་དུ་ཆགས་པའི་བུད་མེད་བཟང་མོ་ལྔ་མདུན་དུ་བྱུང་ནས་བསྐོར་བ་མང་དུ་བྱས། ཕྱག་ཟུང་དུ་བསྡེབས་པ་ཐེབ་བརྒྱད་འཚལ། བ་མེན་གྱི་ཞོ་ཡིན་ཟེར་བ་མུ་མེན་གྱི་སྐྱོགས་གང་ཕྱག་ཏུ་དྲངས་ནས་གཡོན་ཕྱོགས་ངོས་སུ་གྲལ་ལ་འཁོད་དེ། ངེད་ཅག་བུད་མེད་ལྔ་པོ་འདི་རྗེ་བཙུན་ལ་སེམས་བསྐྱེད་ཞུ་རུ་མཆིས་པས། ཐུགས་ལ་འདོགས་འཚལ་ཟེར་ནས་ཞུ་བ་འབུལ་དུ་བྱུང་བ་ལ། རྗེ་བཙུན་གྱི་ཐུགས་དགོངས་བཏང་བས། འདི་ལྟ་བུའི་སྐྱོགས་རིན་པོ་ཆེའི་སྣོད་ཁྱད་པར་ཅན་དང་། བཅུད་ཡ་མཚན་ཅན་སྔར་མཐོང་མ་མྱོང་བའི་ཁ་ཟས་འདི་འདྲ་བ་ཡང་མི་ཡི་མི་རྙེད་ལ། ཕྱག་དང་བསྐོར་བ་གོ་ཟློག་བྱེད་ལུགས་ཀྱི། འདི་ཀུན་ལྷ་འདྲེ་ཡིན་པར་འདུག་དགོངས་ནས་ཐུགས་ཀྱིས་མཁྱེན་ཡང་། ཅུང་ཞིག་སྤྱོད་ལམ་གྱི་རྣམ་འགྱུར་ལྟ་བ་དང་། ངག་དྲང་པོར་ཟློའི་མི་ཟློ་བརྟགས་པའི་ཕྱིར་མི་མཁྱེན་པའི་ཚུལ་མཛད་ནས། ཁྱེད་ཅག་སུ་ཡིན་གང་ནས་འོང་ཞེས་སྙན་ངགས་མགུར་དུ་བཞེངས་ནས་དྲིས་པ། རྗེ་སྐུ་བཞིའི་ངོ་བོ་རྡོ་རྗེ་འཆང་། །རྩོད་ལྡན་བསྟན་པའི་སྙིགས་མ་ལ། །སྐལ་ལྡན་འགའ་ཡི་དོན་གཟིགས་ནས། །འཛམ་གླིང་བྱང་ཕྱོགས་པརྟ་ཤིར། །རི་བོ་གངས་ཅན་རྒྱུད་འདི་རུ། །སྒྲ་སྒྱུར་ལོ་ཙཱ་སྐུ་འཁྲུངས་པ། །མི་མཆོག་སེང་གེའི་ང་རོ་ཅན། །བླ་མེད་ཐེག་ཆེན་སྒྲ་སྒྲོགས་ཤིང་། །སྒྲ་དེ་ཐོས་པ་ཙམ་གྱིས་ཀྱང་། །ངན་འགྲོ་ལོག་པར་མི་ལྟུང་སྐད། དེ་ཡི་ཕྱིར་ན་ཞུ་བའི་དོན། །མི་ང་ལ་ལྟོས་པས་འགྲོ་རྒྱུད་རྣམས། །བྱིན་རླབས་དངོས་གྲུབ་རྗེ་ལ་རེ། །ཕ་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །རང་དབང་མེད་པར་སེམས་གཡོ་ཞིང་། །རྟོགས་པའི་མྱུ་གུ་བསྐྱེད་དུ་གསོལ། དེ་རྗེས་སྙན་དུ་གསོལ་བ་ཡང་། །དག་པའི་ནམ་མཁའི་ཞིང་ཁམས་ན། །རྒྱལ་བ་སྲས་བཅས་བཞུགས་པ་རྣམས། །ང་ཐེག་ཆེན་ལམ་གྱི་རྣལ་འབྱོར་པ། །གདུལ་བྱ་པད་མོའི་ཁ་འབྱེད་ནས། །ལྷ་ཁྱེད་ཀྱི་ཐུགས་ཀྱི་ཉི་མ་འདིས། །འཆར་ཀ་འོད་ཀྱི་དྲ་བ་ཡིས། །བློ་གྲོས་པདྨོ་འདབ་རྒྱས་ཤིང་། ཚད་མེད་བཞི་ལྡན་ཟེའུ་འབྲུའི་ཚོགས། །དེ་རིང་ཉིད་དུ་འཁྲུངས་པར་མཛོད། །གྲལ་གཡོན་ན་འཁོད་པའི་བཞིན་བཟང་མ། །སྲིང་མོ་ཁྱོད་ལ་འདྲི་རྒྱུ་ཡོད། །དྲི་བ་གཞན་ནི་མ་ལགས་ཏེ། ཁྱེད་མིའམ་ལྷ་འདྲེ་ངོ་མ་ཤེས། །བུད་མེད་ལུས་ལ་ཡ་མཚན་ཅན། །སྔར་མ་མཐོང་བ་ཡི་ནི་བཙུན་ལྔ། །མཚར་སྡུག་འོད་དུ་ཆགས་པ་ལྔ། །འོད་འཕྲོ་ལྷ་ཡི་བུ་མོ་ལྔ། །ཁྱོད་དང་པོ་རྒྱང་ནས་མཐོང་ཙམ་ན། །བུད་མེད་སྡེར་ཆགས་འཁོར་དུ་འཚོགས། །སྨག་རུམ་འཐིབ་པའི་ན་བུན་བཞིན། །བརྟགས་ན་མི་བརྟན་ཡལ་ཡོལ་བྱེད། །འཇོ་སྒེག་བཞད་འགྲོས་ལྟད་མོར་ཆེ། །ད་ལྟ་དྲུང་དུ་ལྷག་ཙམ་ན། །ནམ་ཐོ་རངས་ཤར་བའི་སྐར་རྒྱན་བཞིན། །རིམ་གྱིས་ཇེ་ཆུང་ཇེ་ཆུང་ཐལ། །དུ་མར་འགྱེད་ཅིང་སྡོད་ལུགས་ཀྱི། །སྲིད་པའི་ལྷ་འདྲེ་ཡིན་ནམ་སྙམ། །བརྟགས་ན་མི་བཟོད་ཤིན་ཏུ་འཛུམ། །ཕན་ཚུན་ལྟ་ཞིང་མིག་བསྒྱུར་མ། །ཕྲ་མེན་མཁའ་འགྲོ་ཡིན་ནམ་ཅི། །ཆོས་སྐོར་གཡས་ནས་བྱེད་རྒྱུ་ལ། །བསྐོར་བ་གོ་ལྡོག་གཡོན་ནས་བྱེད། འདིས་ཀྱང་ལྷ་འདྲེ་ཡིན་ནམ་སྙམ། །སྤྱན་ཕྱག་གོ་ལྡོག་གཡས་ནས་བྱས། །དེས་ཀྱང་ཡ་མཚན་ལྷ་འདྲེར་ཤེས། །དགུ་ཕྲུག་ཕྱག་ཆ་བསྙུན་འདྲི་གསུམ། །ནེམ་ནེམ་ཞོམ་ཞོམ་སྤྱན་ཕྱག་གསུམ། །ནེ་བཙུན་ཁྱེད་ཀྱི་ཕྱག་བབ་ཡིན། །འདྲ་ལ་མི་མཐུན་ཁྱེད་ཀྱི་ལུགས། །ཕྱག་བརྒྱད་བར་དུ་བསྙུན་འདྲི་གཉིས། །པུས་མོའི་ལྷ་ང་ས་ལ་བཙུགས། །ཕྱག་བབ་སྐྱེས་པའི་ལུགས་སུ་བྱས། །གཞན་ཡང་མི་མཐུན་ལྷ་འདྲེའི་ཕྱག །མི་ང་ལ་དྲངས་པའི་ཕྱག་རྟེན་འདི། མུ་མེན་ཡོལ་གོའི་ཞལ་སྐྱོགས་ལ། །རིན་ཆེན་སྣ་ཚོགས་ཕྲ་བཀོད་ལ། །འདི་མི་ཡི་མི་རྙེད་ལྷ་འདྲེའི་ནོར། །ང་མི་རྒན་ལྕེ་ཐག་རིང་བ་འདིས། །རྒྱལ་ཁམས་ཕྱོགས་མེད་བལྟས་བལྟས་ནས། །ངོ་མཚར་ཅན་གྱི་མཐོང་རྒྱ་དང་། །ཐོས་པའི་གཏམ་རྒྱ་བཤད་མི་ལོང་། །ལྕེ་ལེ་བརྒན་ཟས་ཀྱི་རོ་མྱོང་བ། །མི་གཞན་ལས་མི་ཉུང་ལྷག་ན་ཡང་། །སྤྱན་གཟིགས་བ་མེན་རྒོད་ཀྱི་ཞོ། །འདི་འདྲ་སྔོན་ཆད་མཐོང་མ་མྱོང་། །ཡ་མཚན་ཆེ་བའི་ཁ་ཟས་མྱོང་། །འདི་མི་ལ་མ་མཆིས་ལྷ་འདྲེའི་ཟས། །གཏམ་མི་ལ་བཟླས་ན་ངོ་མཚར་ཆེ། །ཁྱད་པར་སེམས་བསྐྱེད་ཞུའོ་སྐད། ཁྱོད་དཀར་པོའི་ཕྱོགས་ཀྱི་མི་མ་ཡིན། །བསྟན་ལ་རབ་དགའ་མི་མ་ཡིན། །སྔོན་སྦྱངས་བག་ཆགས་ཡོད་པར་ངེས། །མི་ང་ཡང་དགའ་ཞིང་སྤྲོ་བ་སྐྱེས། །ཁྱོད་ད་རུང་ཉོན་དང་བཞིན་ལེགས་མ། མི་ངས་ཀྱང་མི་ཤེས་འདྲི་བ་མོད། །གཏམ་རྫུན་གྱི་མ་ལབ་དྲང་པོར་སྨྲོས། ཁྱོད་ད་ནང་འོང་བ་གང་ནས་འོང་། །དོ་ནུབ་འགྲོ་བ་གང་དུ་འགྲོ། །ཕོ་བྲང་བརྟེན་ས་གང་དུ་ཡོད། །རིགས་ཀྱི་སྡེ་ཚན་གང་དུ་གཏོགས། །དབང་བསྒྱུར་ལས་ནི་ཅི་དང་ཅི། །དངོས་གྲུབ་ཇི་ལྟར་སྟེར་བར་ནུས། །མི་ང་དང་སྔོན་ཆད་གང་དུ་འཕྲད། །གཏམ་སུ་ལས་ཐོས་སམ་ཇི་ལྟར་ཤེས། །བཀའ་མཆིད་མ་འཁྱོགས་དྲང་དུ་སྨྲོས། །ཞེས་པའི་མགུར་བཞེངས་ཏེ་འདྲི་བ་མཛད་པ་ལ། ཡ་མཚན་རྫུ་འཕྲུལ་ཅན་གྱི་བུད་མེད་དེ་རྣམས་ཀྱིས་ཆེད་དུ་བསྐྱར་ཞིང་སླར་ཞུས་པ། རྗེ་བཙུན་སྐྱེས་བུ་དམ་པ་ཁྱེད་སྐྱེ་བ་སྔ་མ་ལ་བསོད་ནམས་བསགས་པའི་སྟོབས་ཀྱིས་ཚེ་འདིར་གྲུབ་པ་ཐོབ། བརྒྱུད་པའི་བླ་མ་ཁྱད་པར་ཅན་དང་མཇལ། བདུད་རྩི་གསུང་གི་འོད་ཟེར་ཐུགས་ལ་བབ་པས། འཇིག་རྟེན་ཆོས་བརྒྱད་འདོད་པའི་ཡོན་ཏན་སྒྱུ་མ་ལྟ་བུར་གཟིགས་ཤིང་བརྩེ་བ་ཆེན་པོས་གཞན་དོན་ཁོང་དུ་ཆུད་ཅིང་། སྲིད་པའི་ཆུ་ཀླུང་རྦ་རླབས་ཆེན་པོ་རབ་ཏུ་འཁྲུགས་པ་འདི་ལས་མྱུར་དུ་བརྒལ་བར་བཞེད་དེ། དཀའ་བ་དྲག་པོ་སྣ་ཚོགས་ཀྱི་སྒོ་ནས་སྒྲུབ་པ་ལ་ནན་ཏན་གཙོ་བོར་མཛད་པའི་ཕྱིར། རང་རིག་པའི་ཡེ་ཤེས་ཏིང་ངེ་འཛིན་གྱི་རྩལ་འབྱོངས་ཏེ། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པས། ལྐོག་ཏུ་གྱུར་པ་ག

ཞན་རྒྱུད་ཀྱི་རྟོགས་པ་མེ་ལོང་ལྟ་བུར་གཟིགས་ཏེ། ངེད་ཅག་རྣམས་ཀྱི་རིགས་དང་རུས་དང་ཆོ་འབྲང་ལ་སོགས་པ་ཇི་ལྟ་བ་མཁྱེན་ནའང་། མི་མཁྱེན་པའི་ཚུལ་གྱིས་འདྲི་ཞིང་རྨེད་པ་མཛད་པ་ལ། ཁོ་མོ་ཅག་གི་ཅི་ཡི་ཕྱིར་མི་སྨྲ་སྟེ་ཚུལ་ཇི་ལྟ་བ་བཞིན་བརྗོད་པར་བྱའོ། །རྗེ་བཙུན་ཆེན་པོ་སྙན་ཅུང་ཟད་གསན་འཚལ། །ཞེས་ངག་ཚིག་ཏུ་བཀྲོལ་ཏེ་བརྡ་སྦྱར་བའི་རྗེས་ལ། རྫུ་འཕྲུལ་ཅན་གྱི་བུད་མེད་ལྔ་པོ་དེ་རྣམས་མགྲིན་གཅིག་ཏུ་བསྡེབས་ཏེ་སྙན་ངག་གླུ་རུ་བསྒྱུར་ཏེ་བླ་མར་ལན་བཏབ་པ། གདོང་དམར་སྲིན་པོ་བོད་ཀྱི་ཡུལ། །ཁ་བ་ཅན་ལྗོངས་པཀྴའི་ཡུལ། །གནོད་སྦྱིན་གངས་ཀྱི་ར་བ་འདིར། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །འཁྲུངས་དཀའ་སྐྱེས་བུ་བྱོན་པ་དེ། །མི་ལ་རྣལ་འབྱོར་མ་ལགས་སམ། །ཁྱེད་སྔོན་ཡང་བསོད་ནམས་བསགས་པའི་ཕྱིར། །དུས་འདིར་བླ་མ་དགེ་བའི་བཤེས། །དངོས་གྲུབ་བརྒྱུད་པས་ཡོངས་སུ་བཟུང་། །བྱིན་རླབས་བདུད་རྩིའི་རྒྱུན་བབས་པས། །ཁྱོད་ཀྱི་རྣམ་ཤེས་གཡོས་གྱུར་ཏེ། །སྣང་གྲགས་སྒྱུ་མར་ཐུགས་ལ་ཤར། །སྤོང་དཀའ་འཇིག་རྟེན་བློ་ཡིས་བཏང་། དཀའ་སྤྱད་སྙིང་རུས་དྲག་པོ་ཡིས། །སྐད་ཅིག་མ་ཡེངས་བསྒོམས་པའི་ཕྱིར། །ད་ལྟ་ནམ་མཁའི་རྣལ་འབྱོར་པ། །དོན་དམ་ཆོས་སྐུའི་ངོ་བོར་བཞུགས། །སྤྲོས་བྲལ་ངང་ལས་མ་གཡོས་པར། །ཟད་པར་འབྱུང་བའི་སྐྱེ་མཆེད་དེ། །མི་སྣང་ཟིལ་གྱིས་གནོན་པ་དང་། སྤྲུལ་པ་དུ་མར་འགྱེད་ལ་སོགས། །སྣ་ཚོགས་རྫུ་འཕྲུལ་བསྟན་ནས་ཀྱང་། །ཁྱེད་ལ་དད་པའི་སྐྱེས་བུ་རྣམས། །རབ་ཏུ་དགའ་ཞིང་ངོ་མཚར་བས། །བ་སྤུ་བསྐྱོད་ཅིང་མཆི་མ་འཁྲུགས། དེ་ཕྱིར་རྗེ་བཙུན་གཙུག་གི་ནོར། །ཀུན་གྱིས་བཀུར་ཞིང་མཆོད་པར་འོས། །དཔལ་ལྡན་རྗེ་བཙུན་འགྲོ་བའི་མགོན། །རྒྱལ་སྲས་བཞད་པ་ཁྱེད་ཉིད་ལ། །ཞུ་བ་གཞན་དོན་མ་མཆིས་ཏེ། །ངེད་ཅག་བསོད་ནམས་དམན་པའི་རིགས། །མཁའ་ལ་རྒྱུ་བའི་མི་མ་ཡིན། །ད་ལྟ་སྤྱན་སྔར་འཁོད་པ་ཡི། །བུད་མེད་ལྔ་པོ་འདི་རྣམས་ལ། །བརྩེ་བ་ཆེན་པོའི་ཁྱེད་ཉིད་ཀྱིས། །ཐུགས་རྗེ་བསིལ་བའི་སྤྲིན་ཕུང་ལས། །བྱིན་རླབས་བདུད་རྩིའི་ཆར་བབས་པས། གདུལ་བྱ་ཉོན་མོངས་ཐལ་བའི་རྒྱུད། །རབ་ཏུ་ཞི་ཞིང་བརླན་གྱུར་པས། །བླ་མེད་ཐེག་པ་མཆོག་གི་སེམས། །རིན་ཆེན་མྱུ་གུ་བསྐྱེད་དུ་གསོལ། །རྗེ་བརཏལ་ཞུགས་སྤྱོད་པའི་གཟི་མདངས་ཅན། །རྣལ་འབྱོར་དབང་ཕྱུག་ཁྱེད་ཉིད་ཀྱིས། །ཏིང་འཛིན་རིག་པའི་རྒྱུད་སྦྱངས་པས། །གཞན་རྒྱུད་ཁམས་དང་དབང་པོ་དང་། །རིགས་དང་རྒྱུད་དང་ཆོ་འབྲང་རྣམས། །མ་འདྲེས་གསལ་བར་གཟིགས་ན་ཡང་། །མི་མཁྱེན་ཚུལ་དུ་འདྲི་ཞིང་རྨེད། །ཁྱེད་ཅག་སུ་ཡིན་མ་ཤེས་གསུངས། །ངེད་ཅག་འཇིག་རྟེན་གནོད་སྦྱིན་མོ། །རིགས་ནི་ཨ་ཛི་དྷ་རི་ཏེ། །དུར་ཁྲོད་ཉུལ་བའི་སྨེ་ཤ་ཅན། །འཇིག་རྟེན་མིག་བསྒྱུར་མཁའ་འགྲོ་ཡིན། །དབང་བསྒྱུར་ལས་ནི་སྣ་ཚོགས་བྱེད། །འཇིག་རྟེན་དངོས་གྲུབ་ཅིར་ཡང་སྟེར། །ངེད་ད་ནང་ནམ་མཁའི་མཐོངས་ནས་འོང་། །སྤྲིན་གྱི་གོ་བར་ཕྱེས་ནས་འོངས། །ཟླ་ཟེར་མདངས་མ་ཞོན་ནས་འོང་། །དོ་ནུབ་རྒྱ་གར་ཡུལ་དུ་འགྲོ། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་དུ་འགྲོ། །ངེད་ཀྱི་ཕོ་བྲང་བརྟེན་ས་ཡང་། །སྟེང་མདོ་ཤོད་འདི་ཡི་གཡས་ལོགས་ན། །གངས་ཟུར་གསུམ་གུང་དུ་རྩེ་མཐོ་བ། །ཅོད་པན་ཤེལ་གྱི་ཟུར་ཕུད་ལ། །འོད་གསལ་ཉི་ཟླ་ཏ་ལེར་འཆར། །མགུལ་ཆུ་བུམ་པ་མན་ཆད་ལ། །སྤྲིན་དཀར་ལྡིང་བའི་གོ་ཅོག་མཛེས། །རྐེད་པ་མན་ཆད་རྨིང་གཞི་ལ། །ན་བུན་སྐྱི་བུན་འཐིབ་པ་དེ། །གངས་མཐོན་མཐིང་རྒྱལ་མོ་ཞེས་སུ་གྲགས། །དེ་བུད་མེད་ངེད་ཀྱི་ཕོ་བྲང་ཡིན། །རྗེ་བཙུན་ཁྱེད་དང་མཇལ་བ་ཡང་། །ན་ནིང་དབྱར་ཟླ་ར་བ་ལ། །ཐོ་མཚམས་བར་ཆད་བརྩམ་དུ་འོང་། །ཉོན་མོངས་ཁོང་ཁྲོ་ཁྱེད་ལ་མེད། །སྤྱིར་ཡང་དཀར་པོའི་ཆོས་ཆར་ཕབ། །ཀུན་ཀྱང་འགྱོད་ཅིང་བཟོད་གསོལ་ཕུལ། །དེ་རིང་དྲུང་དུ་ལྷགས་པ་མང་། །མི་མཆོག་སྐྱོབ་པ་ཁྱོད་ཉིད་ཀྱིས། ཞལ་ནས་བབ་པའི་བདུད་རྩིའི་ཆར། །བཏུང་བ་འཐུང་ཞིང་སྐོམ་ལགས་པས། །དག་པ་བདུད་རྩིའི་ཆར་རྒྱུན་གྱིས། །བཏུང་བ་སྩོལ་ཞིག་སྐྱེས་བུ་མཆོག །ཅེས་པའི་དོན་དེ་རྣམས་སྙན་ངག་གླུ་རུ་བླངས་ཏེ་ལན་འདེབས་སུ་བྱུང་བ་ལ། ཡང་རྗེ་བཙུན་གྱིས་ལན་གསུངས་པ། བཞིན་བཟང་མ་རྣམས་ཁྱེད་སྔོན་ཆད་མི་བསྲུན་ཞིང་ཐོད་རྒལ་ཆེ་བས་རྣལ་འབྱོར་པ་ང་ལ་ཡང་མི་སྡུག་པའི་གཟུགས་སྣ་ཆོགས་ཀྱིས་གནོད་ཅིང་འཚེ་བ་དང་། ཐོ་མཚམས་པ་ཡང་དང་ཡང་དུ་བྱས་ཏེ། ངས་སྣང་བ་སེམས་ཀྱི་ཆོ་འཕྲུལ་དུ་ངོ་ཤེས་ཤིང་། སེམས་ཉིད་འོད་གསལ་སྟོང་པར་ཐག་ཆོད་པས། འཁྲུལ་སྣང་གདོན་གྱི་བར་ཆད་ལ་ཡ་ང་བ་དང་། བག་ཚ་བ་རྡུལ་ཙམ་ཡང་མེད་དེ། དོན་འདི་ལས་རྗེས་སུ་དཔག་ནས་གང་ཟག་གཞན་སྒྲུབ་པ་ལྷུར་ལེན་པའི་སྐྱེས་བུ་དམ་པ་འགའ་ཞིག་དང་འགྲོ་བ་གཞན་ཕལ་པ་དུ་མ་ལ་གནོད་ཅིང་འཚེ་བ་བྱས་པར་ཤེས་ཏེ། སྔོན་ཆད་བྱས་པའི་ལས་ཀྱི་རྣམ་གྲངས་ལ། གནོང་ཞིང་འགྱོད་པའི་སེམས་བསྐྱེད་དེ། མཐོལ་ཞིང་བཤགས་པར་བྱ་བ་དང་། ད་ཕྱིན་ཆད་སྲོག་གི་ཕྱིར་ཡང་འཚེ་བ་མི་བྱེད་པར་ཁས་ལེན་ཅིང་དམ་བཅའ་ན། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་སྦྱིན་པར་རུང་གི དེ་ལྟ་མ་ཡིན་ན་ནི་ཕུང་སྣ་གྱོད་ཀྱིས་འདྲེན། མཛོ་དྲིལ་གཡང་ལ་ལྷུང་བས། །ཐེག་པ་མཆོག་གི་སེམས་བསྐྱེད་ཀྱི་སྡོམ་པ་སྦྱིན་པ་དང་། །ཟབ་མོ་བཤད་པའི་སྣོད་དུ་མི་རུང་གིས། མི་རྒན་ང་ཡི་གླུ་འདིའི་དོན་གོ་བར་གྱིས་ལ། ཡིད་མ་ཡེངས་པར་རྣ་བ་ཅུང་ཟད་གཏོད་ལ་ཉོན་ཅིག་ཅེས་གསུངས་ལྷུག་པར་བཀྲོལ་ནས། དྲིས་ལན་གླུ་ཡི་སྙན་ངག་མགུར་དུ་བཞེངས་ཏེ་གདམས་པ་ནི། དཔལ་དོ་ནུབ་སྲོད་ཀྱི་དགོང་མོ་ལ། །ཕྱོགས་ཤར་ནས་འོད་ཅིག་མདངས་གསལ་བས། །སྨག་ཁྲི་འདུན་མཐའ་ནས་སངས་པ་དེ། །ཆུ་ཤེལ་ཟླ་བ་མ་ལགས་སམ། །ཟླ་ཟེར་མདངས་ཀྱི་རྟ་བཞོན་ནས། །ལུས་འོད་དུ་འཁྱིལ་ཞིང་འོང་བ་དེ། །ཁྱོད་འཇིག་རྟེན་མཁའ་འགྲོ་མ་ལགས་སམ། །ཆུ་བོ་ལོ་ཧནྟའི་ཀླུང་འགྲམ་དུ། །རང་བྱུང་དབེན་གནས་ཉམས་དགའ་བར། །ཆུ་བར་དཔལ་གྱི་ཕོ་བྲང་དུ། །བརཏལ་ཞུགས་སྤྱོད་པའི་སྨྱོན་པ་ཅིག །འབྱུང་བའི་ལུས་ལ་ཚ་གྲང་མེད། །ངོ་ཚ་མ་ཤེས་གཅེར་ཉལ་མཁན། །ཡིད་ལ་མི་བསམ་སྙིང་པོའི་དོན། །སྐད་ཅིག་མ་ཡེངས་བསྒོམ་དུ་མེད། །ནམ་མཁའི་མཚན་ཉིད་ལྟ་བུ་དེ། །མི་ལ་སྒོམ་ཆེན་མ་ལགས་སམ། །ང་སྤྱོད་པའི་རྣལ་འབྱོར་མ་ལགས་སམ། །རྫུ་འཕྲུལ་ཅན་གྱི་བུད་མེད་ལྔ། །གླུ་ཕར་ལེན་ཚུར་ལེན་བྱེད་པ་དེ། །སྔོན་ཆད་སྨོན་ལམ་བཏབ་པར་ངེས། །ཁྱེད་ད་ལྟ་ཕན་ཆད་ངོ་མ་ཤེས། །ན་ནིང་སོས་ཀྱི་དུས་ཙམ་ན། །སྲིད་པའི་བུད་མེད་དབང་མོ་ཆེ། །གཙོ་མོ་ཁྱོད་ཀྱིས་གཡོས་གཡོས་ནས། །འཇིག་རྟེན་སྲིད་པའི་ལྷ་འདྲེ་ཚོགས། །བདུད་བཞིའི་དམག་གི་རུ་དར་ཕྱར། །འཐབ་རྩོད་གཡུལ་ངོ་བྲོས་ནས་ཀྱང་། །གདུག་རྩུབ་མཚོན་གྱི་ཆར་འབེབས་ཤིང་། །མི་ང་ལ་བར་ཆད་ཅི་མ་བྱས། །ང་སྣང་བ་སེམས་སུ་ཐག་ཆོད་ཅིང་། །སེམས་ཉིད་སྟོང་པར་ཤེས་པའི་ཕྱིར། །འཁྲུལ་སྣང་སེམས་ཀྱི་ཆོ་འཕྲུལ་ལ། །ཡ་ང་བག་ཚ་བྱེད་མ་མྱོང་། །སྤྱིར་ཡང་ཁྱེད་མཐོང་ཙམ་གྱིས་ཀྱང་། །ཁོ་བོ་ཤིན་ཏུ་མ་བཟོད་པར། །རང་དབང་མེད་པའི་སྙིང་རྗེ་སྐྱེས། །དཀར་པོའི་ཆོས་ཀྱི་འཇམ་ཆར་ཕབ། །ཁྱེད་སླར་ཡང་མོས་ཤིང་དད་པར་གྱུར། །དོ་ཅིག་དུས་ཀྱི་ད་ཙམ་ན། །མཚར་སྡུག་ལྡན་པའི་བུད་མེད་ལྔ། བསྐོར་ཞིང་བསྐོར་ཞིང་ཕྱག་འཚལ་ནས། །ཡ་མཚན་ཆེ་བའི་སྤྱན་གཟིགས་དྲངས། །རྩེ་གཅིག་གུས་པས་ཕྱག་འཚལ་ནས། །ངག་སྙན་པའི་ཚིག་གིས་ཞུ་ཕུལ་བ། བྱང་ཆུབ་སེམས་ཀྱི་སྤྲིན་ཕུང་ལས། །བདུད་རྩིའི་ཆོས་ཆར་ཕོབ་ཅིག་སྐད། །ཁྱོད་དེ་ཙམ་གུས་པའི་སེམས་ཡོད་ན། །མི་ང་ཡི་ཅོད་པན་ནོར་བུ་ལ། །རྩ་གསུམ་པདྨའི་གདན་སྟེང་དུ། །རྗེ་འགྲན་གྱི་དོ་མེད་སྐུ་དྲིན་ཅན། །སྒྲ་སྒྱུར་མར་པ་ལོ་ཙ་དེ། །དག་པ་ལོངས་སྐུའི་ཚུལ་དུ་བཞུགས། །ཁོང་ཐུགས་རྗེ་སྤྲིན་བྲལ་ཟླ་བ་ལ། །དྲི་མེད་དཀར་པོའི་འོད་འཕྲོས་པས། །གདུལ་བྱའི་སྙིང་གི་ཀུ་མུ་ད། །མཛེས་པའི་མེ་ཏོག་ཁ་ཕྱེ་ནས། །རྟོགས་པའི་ཟེའུ་འབྲུ་གཡོ་བར་བྱེད། །དེ་མཐོང་ངམ་འཇིག་མེད་མིག་བསྒྱུར་མ། །མ་མཐོང་སྒྲིབ་པ་ཆེ་བའི་ཕྱིར། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །ཁ་ན་མ་ཐོ་ལྕི་བ་རྣམས། །མཐོལ་ཞིང་བཤགས་པ་མ་བྱས་ན། །ཟབ་མོ་བཤད་པའི་སྣོད་མི་རུང་། ཁྱོད་སྔོན་ཆད་མི་སྲུན་ཐོད་རྒལ་ཆེ། །ངན་སྤྱོད་གཡོ་རྒྱུ་གོམ་པའི་ཕྱིར། །ཕྱིན་ཆད་གཅིག་ལ་བབ་པ་ཡོད། །ཁས་བླངས་དམ་བཅའ་བདེན་སྤྱོད་དམ། །བསྟན་པ་གཞན་དོན་མ་ལགས་པ། །དགེ་དང་མི་དགེའི་ལས་རྣམས་ལ། རྒྱུ་འབྲས་དག་པར་མ་བསམ་ན། །ངན་སོང་སྡུག་བསྔལ་མི་བཟོད་པས། །ཕྲ་ཞིང་ཕྲ་བའི་ལས་རྣམས་ལ། །བག་ཡོད་དྲན་པས་འཛིན་ཡང་འཚལ། །འདོད་ཡོན་སྐྱོན་དུ་མ་བལྟས་ཤིང་། །ཞེན་པ་ནང་ནས་མ་ལོ ག་ན། འཁོར་བའི་བཙོན་རར་མི་གྲོལ་བས། །ཐམས་ཅད་སྒྱུ་མར་ཤེས་པའི་བློས། །ཀུན་གཉེན་པོ་བསྟེན་ཡང་འཚལ། །འགྲོ་དྲུག་སེམས་ཅན་ཕ་མ་ལ། །བྱས་པ་དྲིན་དུ་མི་བཟོ་ན། ཐེག་པ་དམན་པ་གོལ་བའི་སྐྱོན། དེ་ཕྱིར་བརྩེ་བ་ཆེན་པོ་ཡིས། །བྱང་ཆུབ་སེམས་ལ་བསླབ་ཀྱང་འཚལ། །ལེགས་སྤྱད་དེ་ཚོ་ཉན་བཅུག་ན། །ཐེག་ཆེན་ལམ་གྱི་རྣལ་འབྱོར་པ། །འོ་སྐོལ་མིང་སྲིང་ལྟ་སྤྱོད་མཐུན། །གནས་སྐབས་བགྲོད་པ་ལམ་ཡང་གཅིག །ཡོན་ཏན་འཕྲིན་ལས་མཐར་ཕྱིན་ནས། །དག་པ་མངོན་དགའི་ཞིང་ཁམས་དེར། །ལྷན་ཅིག་སྐྱེ་བར་གདོན་མི་ཟ། །ཞེས་པའི་དོན་དེ་རྣམས་རྗེ་བཙུན་གྱིས་མགུར་དུ་བཞེངས་ཏེ་བཀའ་སྩལ་པ། བཞིན་བཟང་མ་རྣམས་དུས་སྙིགས་མའི་སེམས་ཅན་ཉོན་མོངས་པ་ཤིན་ཏུ་རགས་པ་ཡིན་པས། གཅིག་ཆར་དུ་ཡང་གཉེན་པོ་སྐྱེ་བ་དཀའ་ཡི། རང་རང་རིགས་སོ་སོའི་རྟོགས་པའི་རྒྱུད་ཚོད་དང་སྦྱོར་ལ་ཅི་རིགས་པའི་དམ་བཅའ་ཁས་ལོངས་ཤིག །ཅེས་གསུངས་པས། བཞིན་བཟང་མ་རྣམས་ཀྱིས་སླར་གསོལ་པ། རྗེ་བཙུན་ལགས། ཁྱེད་ཐུགས་བརྩེ་བ་ཆེན་པོས་མི་བཟོད་པའི་ཕྱིར། ལས་རྒྱུ་འབྲས་ཀྱི་ཆོས་ལ་ཆེད་དུ་བསྐྱར་ཞིང་ནན་ཏན་དུ་གསུངས་པ་ངོ་མཚར་ཆེ་ནའང་། ངེད་ཅག་རྣམས་ཀྱི་སྔོན་དུར་ཁྲོད་ཆེན་པོ་ཧེ་ལ་སིདྷ་ཞེས་བྱ་བ་དེར། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དང་། ཏ་མ་ལ་རི་ཁྲོད་མ་དང་། གཏུམ་མོ་དང་། སྔོ་སངས་མ་ལ་སོགས་པའི་ཞིང་སྐྱོང་གི་གྲུབ་པ་མོ་རྣམས་དང་། རྣལ་འབྱོར་མ་བྷི་མ་བཛྭ་ལ་སོགས་གྲུབ་པ་བརྙེས་པའི་རྗེ་བཙུན་མ་འགའ་ཞིག་ལ། བྱང་ཆུབ་སེམས་ཀྱི་ཕན་ཡོན་བརྗོད་པ་དང་ལས་རྣམ་པར་དཀར་བ་དང་། རྣམ་པར་གནག་པའི་དོན་བཤད་པ་མང་དུ་ཐོས་སོ། །དེ་ཙམ་གསུང་མི་འཚལ་གྱིས། ད་ལྟ་ལྟས་དང་ཆོ་འཕྲུལ་གྱི་རྣམ་པ་མི་སྡུག་པའི་ཚུལ་སྟོན་པ་ལྟར་སྣང་ནའང་། ཁྱེད་རི་ཁྲོད་འགྲིམ་པའི་བསམ་གཏན་པ་རྣམས་ལ་ཉམས་ཀྱི་གདིངས་ཅི་འདུག་ལྟ་ཞིང་། རྟོགས་པའི་བོགས་དབྱུང་བའི་ཕྱིར་དང་། བཀའ་ཡི་བསྟན་པ་སྤྱི་ཡི་བྱ་ར་གཏོང་བའི་སླད་དུ་བསྟན་པ་མ་ལགས་པ། ཞེ་ཐག་པ་ནས་གནོད་འགྱུར་གྱི་ལས་ཅུང་ཟད་ཀྱང་མི་བགྱིད་པར་འཚལ་བས། ཅི་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་གནང་བར་ཞུ་འཚལ། །ཞེས་ཞུ་བ་འབུལ་དུ་བྱུང་བས། རྗེ་བཙུན་གྱིས་གནང་བ་མཛད་དེ་བཀའ་སྩལ་པ། བཞིན་བཟང་མ་རྣམས་ཁྱེད་འདི་ཙམ་དུ་བསྐྱར་ཞིང་ནན་ཏན་དུ་ཞུ་བ་ལ། ཅིའི་ཕྱིར་མི་གནང་སྟེ་ད་ཅི་འབྱོར་བའི་མཆོད་པ་དང་། མཎྜྻལ་ཤོམ་ལ་ཕྱག་དང་བསྐོར་བ་གྱིས་ཤིག །ཁོ་བོ་ལ་ཡང་སེམས་བསྐྱེད་པའི་ཡན་དུ་ཟང་ཟིང་གི་དངོས་པོ་གཞན་མི་འདོད་པས་འཇིག་རྟེན་པའི་དངོས་གྲུབ་རེ་རེ་ཕུལ་ལ་སོ་སོ་རང་རང་གི་མིང་ནས་བརྗོད་ཅིག །ཅེས་གསུངས་པས། ཁོང་རྣམས་ཤིན་ཏུ་སྤྲོ་བཞིན་དུ་བཀའ་བསྒོ་བ་ལྟར་བསྒྲུབས་ཏེ་གྲལ་དུ་འཁོད་ནས། རབ་ཏུ་གུས་པ་དང་བཅས་པས་ཐལ་མོ་སྤྱི་གཙུག་ཏུ་སྦྱར་ནས། མདོངས་གསོལ་པ། ལྔ་ཚིག་གི་དབུས་མ་གཙོ་མོར་མངའ་གསོལ་བ་ཅིག་ན་རེ། བདག་འདི་རྣམས་ཀྱི་གཙོ་མོ་ལགས་ཏེ། བདག་གི་མིང་ནི་བཀྲ་ཤིས་ཚེ་རིང་མ་ཞེས་བགྱི། སྲིད་སྲུང་རིགས་རྒྱུད་འཕེལ་བའི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། གཙོ་མོའི་གཡས་ངོས་ཀྱི་བུད་མེད་གཅིག་ན་རེ། བདག་གི་མིང་ནི་མཐིང་གི་ཞལ་བཟང་མ་ཞེས་བགྱི། སྣང་གསལ་པྲ་ཡི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། དེའི་ཡང་གཡོན་ལོགས་ན་འཁོད་པའི་བུ་མེད་གཅིག་ན་རེ། བདག་གི་མིང་ནི་ཅོད་པན་མགྲིན་བཟང་མ་ཞེས་བགྱི། བང་མཛོད་འབྲུ་ནོར་གྱི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། གཙོ་མོའི་གཡོན་ངོས་ཀྱི་བུད་མེད་གཅིག་ན་རེ། བདག་གི་མིང་ནི་མི་གཡོ་བློ་བཟང་མ་ཞེས་བགྱི། རྨ་གཡང་ཟས་ཀྱི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། དེའི་ཡང་གཡོན་ན་འཁོད་པའི་བུད་མེད་གཅིག་ན་རེ། བདག་གི་མིང་ནི་གཏད་དཀར་འགྲོ་བཟང་མ་ཞེས་བགྱི། རྐང་བཞི་དུད་འགྲོ་འཕེལ་བའི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། དེར་རྗེ་བཙུན་གྱིས་ཁོང་ཅག་རྣམས་ལ་གོ་རིམ་བཞིན་སྐྱབས་འགྲོ་སྡོམ་པ་དང་སོ་སོར་ཐར་པའི་བསྙེན་གནས། ཐེག་པ་ཆེན་པོའི་སྨོན་ལམ། འཇུག་གི་སེམས་བསྐྱེད་ཚུལ་བཞིན་དུ་ཕོག་ནས་སྡོམ་པ་སྤྱི་ཡི་ཆོ་ག་དང་། བསླབ་བྱ་རྣམས་ལེགས་པར་བཤད་པས། འཇིག་རྟེན་མི་བསྒྱུར་གྱི་མཁའ་འགྲོ་མ་དེ་རྣམས་རབ་ཏུ་དགའ་ཞིང་ངོ་མཚར་བ་ལ། ཁོང་ཅག་རྣམས་ན་རེ། རྗེ་བཙུན་ཆེན་པོའི་ཞལ་ནས་གསུངས་པ་ལྟ་རྔོ་མ་ཐོགས་ཀྱང་རྗེས་སུ་མཐུན་པར་སློབ་ཅིང་བཀའ་ལས་མི་འདའ་བར་བགྱིད་པ་དང་། སྐུ་དྲིན་ནམ་ཡང་མི་བརྗེད་པར་འཚལ་ལོ། །ཞེས་དྲིན་དུ་བཟོ་བའི་ཚིག་གི་གཏང་རག་བཏང་ནས་རྗེ་བཙུན་གྱི་ཞབས་སྤྱི་བོར་བླངས་ནས་ཕྱག་དང་སྐོར་བ་ལན་གྲངས་མང་དུ་བྱས་ནས་ཅུང་ཞིག་མ་མཐོང་གི་བར་དུ་རྫུ་འཕྲུལ་གྱི་ནམ་མཁའ་ལ་འཕུར་ཏེ་དེ་ནས་རྒྱང་རིང་དུ་སོང་བ་དང་། འོད་དུ་ཡལ་ནས་སོང་སྐད་དོ། །དེ་ནས་ཡང་ཟླ་བ་དེའི་ཕྱི་མར་སོང་བའི་ཚེས་བཅུ་གཅིག་གི་ནུབ་མོ་སྔོན་ཆད་ཐོ་མཚམས་པ་ལ་དགོངས་བའི་ལྷ་མ་སྲིན་སྡེ་བརྒྱད་དྲེགས་པ་ཅན་གྱི་སྡེ་དཔོན་དུ་གྱུར་པ་དེ་རྣམས་སོ་སོ་རང་རང་གི་རིགས་དང་མཐུན་པའི་འཁོར་དང་དཔུང་གི་ཚོགས་དང་བཅས་པ་དང་སྨེ་ཤ་ཅན་འཇིག་རྟེན་མིག་བསྒྱུར་གྱི་མཁའ་འགྲོ་མ་དེ་རྣམས་སྒེག་ཅིང་མཛེས་པ་དང་། མི་མོ་གཞོན་ནུའི་ཆ་བྱད་དུ་བསྒྱུར་ནས་ལྷབ་ལྷུབ་དར་གྱི་ཅོད་པན་གོས་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་། ཨུཏྤ་ལ་ཡི་དོ་ཤལ་དང་། འཕྲེང་བ་སིལ་སིལ་དང་། སེ་མོ་དོ་ལ་སོགས་པའི་ཆས་ཀྱིས་རབ་ཏུ་བརྒྱན་ཏེ། བྲན་དང་གཡོག་འཁོར་དུ་མའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁའ་ལ་ལྷག་ནས་ལྷ་མ་སྲིན་དེ་རྣམས་ཀྱིས་རྗེ་བཙུན་ལ་མེ་ཏོག་སྣ་ཚོགས་ཀྱི་ཆར་ཕབ། སྤོས་དང་རོལ་མོ་སྣ་ཚོགས་ཀྱི་མཆོད་པ་འབུལ་བཟའ་བ་གྱ་ནོམ་པ་སྣ་ཚོགས་ཀྱིས་སྤྱན་གཟིགས་དྲངས་ནས། རྗེ་བཙུན་ཁྱེད་རང་གི་ཐུགས་ཉམས་སུ་མྱོང་བའི་རྟོགས་ཚད་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་ལམ་གྱིས་སྐྱེལ་ས་འདི་ལས་མེད་ཅེས་པ་ངེས་དོན་གྱི་ཆོས་ཤིག་ངེད་འདིར་ཚོགས་པའི་ལྷ་སྲིན་རྣམས་ལ་གསུང་འཚལ་ཞུས་པས་དེའི་དུས་སུ་རྗེ་བཙུན་གྱིས་རྟོགས་ཚད་ལྟ་བའི་མགུར་གནས་ལུགས་ངེས་དོན་འབའ་ཞིག་འདི་གསུངས་སོ། །ཡང་བལ་བོད་གཉིས་ཀྱི་སོ་མཚམས་ན། །ཡུལ་ཡ་མཚན་ཅན་གྱི་དིང་མ་བྲིན། །ཟོང་འདོད་དགུ་འབྱུང་བའི་ཚོང་འདུས་ན། །ལྷ་སྨན་བཙུན་མོ་དཔལ་མགོ་མ། །དཔའ་བརྗིད་གངས་ཀྱི་རྒྱལ་མོ་ལ། །ཚེ་གཡུ་དྲུང་བརྟན་པའི་ཟུར་ཕུད་ཅན། །དེ་མཚན་སྙན་བཀྲ་ཤིས་ཚེ་རིང་མ། །རི་ན་བུན་འཐིབས་པའི་གཡོན་ཟུར་ན། །འབྲོག་རྨ་གཡང་གངས་ཀྱི་བསྐོར་བ་དེ། །སྨན་ལུང་ཆུ་བར་མ་ལགས་སམ། །གནས་དེ་ནས་ཙམ་ཅིག་ཉམས་ལེན་པ། །ང་མི་ལ་རྣ་ལ་འབྱོར་མ་ལགས་སམ། །མི་ལ་སྔོན་ཆད་ཐོ་འཚམས་པ། ཅོ་འདྲི་བཞད་གད་བྱེད་པ་དེ། །ཁྱེད་བས་འཇིག་རྟེན་ལྷ་མ་སྲིན། །ཤིན་ཏུ་སྒེག་ཅིང་མི་སྲུན་པ། །རྣལ་འབྱོར་ཡོངས་ཀྱི་དྲོད་ཉུལ་བ། །དེ་རིང་འདིར་ཚོགས་མ་ལགས་སམ། །དེ་བར་དགུན་ཟླ་སྔ་མ་ལ། །ཡིད་འཕྲོག་བུ་མོ་མཛེས་མ་ལྔ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །ཅི་འདོད་དངོས་གྲུབ་ཁས་བླངས་ནས། །མི་སྣང་མཁའ་ལ་འཕུར་ནས་ཐལ། །དེ་ཡང་ངོ་མཚར་ཁྱེད་ཅག་ལྔ། །དགུང་དོ་ནུབ་དཀར་གསལ་ཟླ་དངས་ལ། །སྤྲུལ་པའི་བུ་མེད་བཞིན་བཟང་མ། །གར་བསྒྱུར་སྒེགས་པའི་ཆ་བྱད་ཅན། །ལྷབ་ལྷུབ་དར་གྱིས་ནམ་བཟའ་ཅན། །དོ་ཤལ་རྒྱན་གྱིས་མཛེས་པ་ཡི། །གཙོ་མོ་ཁྱོད་ཀྱིས་མདངས་གསོལ་ནས། སྡེ་བརྒྱད་དྲེགས་པའི་ལྷ་མ་སྲིན། །སྡེ་དང་དཔུང་དང་དམག་མི་དང་། །རིགས་མཐུན་འཁོར་པ་རྣམས། །ནམ་མཁའ་ཁེངས་པའི་མཆོད་སྤྲིན་དང་། །རོ་བརྒྱ་ལྡན་པའི་ཁ་ཟས་དང་། །སྣ་ཚོགས་རོལ་མོ་འཕུལ་ནས་ཀྱང་། ངེས་དོན་དགོངས་པ་ཞུ་བ་དེ། །ཁྱེད་སྣང་སྲིད་ལྷ་འདྲེ་མ་ལགས་སམ། ཚིག་དེ་སྐད་ཟློ་བ་རྣ་བ་སྙན། །ངག་བདེན་པར་བཀྲོལ་ན་ཀུན་ཀྱང་ཉན། །ད་ཅ་ཅོ་མ་ཟེར་གླུ་འདི་ཉོན། །སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །འདོད་པའི་བྱང་ཆུབ་སྣ་ཚོགས་ཡོད། །ངར་འཛིན་ལྟ་བ་ཐ་དད་ཡོད། །རེ་དོགས་སྤྱོད་པ་སྣ་ཚོགས་ཡོད། །གཞི་བདག་ཏུ་ལྟ་བ་ཤིན་ཏུ་མང་། །ཁྱེད་བློ་དམན་རྣམས་ཀྱིས་བསམ་ངོ་དང་། །བསྟུན་ནས་སངས་རྒྱས་ཀུན་མཁྱེན་གྱིས། །ཐམས་ཅད་ཡོད་པར་གསུངས་པ་ཡིན། །དོན་དམ་བདེན་པའི་དབང་གིས་ནི། བགེགས་ལས་སངས་རྒྱས་ཉིད་ཀྱང་མེད། །སྒོམ་པ་པོ་མེད་བསྒོམ་བྱ་མེད། །བགྲོད་བྱ་ས་དང་ལམ་རྟགས་མེད། །འབྲས་བུ་སྐུ་དང་ཡེ་ཤེས་མེད། །དེ་ཕྱིར་མྱ་ངན་འདས་པ་མེད། །མིང་དང་ཚིག་གི་གྲགས་པ་ཙམ། །ཁམས་གསུམ་བརྟན་དང་གཡོ་བར་བཅས། །གདོད་ནས་མ་གྲུབ་སྐྱེ་བ་མེད། །གཞི་མེད་ལྷན་ཅིག་སྐྱེས་པ་མེད། །ལས་དང་ལས་ཀྱི་རྣམ་སྨིན་མེད། །དེ་ཕྱིར་འཁོར་བའི་མིང་ཡང་མེད། །མཐར་ཐུག་དོན་ལ་དེ་ལྟར་གདའ། །ཨེ་མ་སེམས་ཅན་མེད་གྱུར་ན། །དུས་གསུམ་སངས་རྒྱས་ཅི་ལས་འབྱུང་། །རྒྱུ་མེད་འབྲས་བུ་མི་སྲིད་པས། ཀུན་རྫོབ་བདེན་པའི་དབང་དུ་ན། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོར་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །དེ་ལྟར་རྟོགས་པའི་མཁས་པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །སེམས་ཅན་མ་མཐོང་སངས་རྒྱས་མཐོང་། །ཆོས་ཅན་མ་མཐོང་ཆོས་ཉིད་མཐོང་། དེ་ལས་སྙིང་རྗེ་ཤུགས་འབྱུང་སྟེ། །སྟོབས་དང་མི་འཇིགས་གཟུངས་ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པས། །ནོར་བུ་རིན་ཆེན་ཚུལ་དུ་འབྱུང་། །དེ་རྣལ་འབྱོར་ང་ཡི་རྟོགས་ཚུལ་ཡིན། །ཁྱེད་འདིར་འཚོགས་ལྷ་འདྲེའི་རྣ་ལམ་དུ། །ཆོས་བདེན་པ་བས་ཀྱང་བོན་སྒྲ་ཉན། །ཨ་བི་ར་ཡི་རྒྱལ་ཁམས་སུ། །མཁས་པ་བས་ཀྱང་སྨྱོ་བ་འབྲིམ། །དུར་ཁྲོད་ཉུལ་བའི་ཝ་སྤྱང་རྣམས། །སེང་གེའི་ང་རོའི་འཇིགས་ཤིང་སྐྲག །འགའ་ཞིག་སྐལ་ལྡན་ཡོད་སྲིད་ན། །འདི་ཐོས་པས་ནི་གྲོལ་འགྱུར་ཤོག །ལར་མི་ང་ལ་དགའ་བའི་ཉམས་ཤིག་ཤར། །བསོ་རེ་དགའ་རེ་སྐྱིད་ཐོལ་ལེ་རྒྱལ། །ཞེས་པའི་མགུར་བཞེངས་ཏེ་དེ་རྣམས་ཀྱང་དོན་བཤད་པ་ལ། སྤྱིར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཇི་སྙེད་ཅིག་གསུངས་པ་དེ་རྣམས་ཐམས་ཅད་གདུལ་བྱ་གང་ཟག་གི་བསམ་ངོ་དང་བསྟུན་ནས་གསུངས་པ་ཡིན། ཐེག་པ་སྣ་ཚོགས་སུ་བསྟན་པ་ཡིན་གྱི། མཐར་ཐུག་གི་སྐྱེལ་ས་གཅིག་ལས་མེད། གཅིག་པོ་དེ་གཞི་ཆོས་ཉིད་མ་བཅོས་པ་ཡིན། དེ་ཡིན་ལུགས་ཤེས་པ་ཙམ་གྱིས་མི་གྲོལ་ཏེ། ལམ་སྦྱངས་པ་མངོན་དུ་གྱུར་དགོས་ལ། དེ་ལ་ལམ་གྱི་ངོ་བོར་སྟོང་པ་དང་ཉིང་རྗེ་ཟུང་འཇུག་ཡིན། ལམ་གྱི་བགྲོད་ལུགས་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཅིག་ཡོད་ཀྱང་མདོ་ཧྲིལ་གྱིས་དྲིལ་བ་ལ། ཐབས་ཤེས་ཟུང་འཇུག་གམ་བདེན་གཉིས་དབྱེར་མེད་དུ་འཁྱེར་འཚལ། །ཞེས་གསུངས་པས། ལྷ་མ་སྲིན་དེ་རྣམས་ཀྱི་ནང་ནས། སྔར་སེམས་བསྐྱེད་བྱས་པའི་མཁའ་འགྲོ་མ་ལྔ་པོ་དེ་རྣམས་སྟན་ལས་ལངས་ནས་གཡོན་ཕྱོགས་སུ་འཁོད་དེ། མགྲིན་གཅིག་བསྡེབས་ནས་ཡོན་ཏན་མཐོང་ཚུལ་གྱི་བསྟོད་པ་བརྗོད་པ། །དགུང་མཁའ་ལ་འོད་གསལ་ཤར་གྱི་ངོགས། །རི་བྱང་ཕྱོགས་ཤ་བ་ཅན་གྱི་རྒྱུད། །དོགས་ས་རིན་ཆེན་གསེར་གྱི་གདན། །འབྲོག་རྨ་གཡང་འབབ་པའི་སྨན་ལུང་ན། །ས་བྱིན་གྱིས་བརླབས་པའི་ཆུ་བར་ན། །ད་དུས་བསྟན་པའི་སྙིགས་མ་ལ། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །རྟོག་མེད་བདུད་རྩིའི་ཟས་ཟ་ཞིང་། །རང་བྱུང་དྲི་ཆུ་སྐོམ་དུ་འཐུང་། །རྨེ་གཙང་ངོ་ཚ་མེད་པ་ཅིག །སྨྱོན་པ་ལྟ་བུའི་སྤྱོད་པ་བྱེད། །མི་ཁྱོད་ལ་ཉམས་ཚད་བྱེད་པའི་ཕྱིར། །ལོ་གཞི་ནིང་དབྱར་གྱི་ཟླ་བ་ལ། །ལ་ཕྱི་སྣ་ཡོན་ཆུ་མདོར་ཕྱིན། །ཁྱོད་སེང་ལྡེང་ཚེར་མའི་ནགས་འདབ་ན། །བག་མེད་གཅེར་བུའི་ཆ་བྱད་ཀྱིས། །རིགས་ངན་བུ་མོ་ལོངས་སྤྱོད་ཅིང་། །དངུལ་དཀར་མེ་ལོང་ལྟ་བ་མཐོང་། །བཀོད་པ་ལུས་ཀྱི་རྫུ་འཕྲུལ་གྱིས། །ཟད་པར་སྐྱེ་མཆེད་བསྟན་ནས་ཀྱང་། །ལུས་མེད་ནམ་མཁར་ཐིམ་པ་མཐོང་། །དེ་ལ་ངོ་མཚར་ལོག་ནས་ཕྱིན། །དེ་རྗེས་སྟོན་ཟླ་འབྲིང་པོ་ལ། །ཁྱོད་མཆོང་ལུང་བྲག་ལ་བསྒོམ་པའི་ཆེ། །མཉམ་བཞག་བསམ་གཏན་ཉུལ་དུ་ཕྱིན། །ཁྱེད་ཉི་མ་ཟླ་བའི་གོས་གྱོན་ཅིང་། །མགོ་ལ་མེ་ཏོག་ཕྲེང་བས་བརྒྱན། །ལུས་ལ་ཐལ་ཆེན་རཀྟས་བྱུག །ལག་ན་གདུགས་དང་རྒྱལ་མཚན་ཐོགས། གཅན་གཟན་རྒྱལ་པོ་ཞོན་ནས་ཀྱང་། །ནམ་མཁའི་དབྱིངས་སུ་འགྲོ་བ་མཐོང་། །དེ་ནས་མི་སྣང་ཡལ་བ་མཐོང་། །དེ་ལ་བར་ཆད་སྐབས་མ་རྙེད། །དུས་ན་ནིང་དབྱར་ཟླ་བྲིང་པོ་ལ། །ཁྱོད་རྣལ་འབྱོར་སེམས་ཀྱི་དཔའ་བཀོང་ཞིང་། །ཏིང་འཛིན་བར་ཆད་བྱ་སྙམ་པས། །ཁྱོད་རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ན། །མེ་དཔུང་འབར་བའི་གོས་གྱོན་ཅིང་། །མགོ་ལ་དུག་སྦྲུལ་ཐོད་དུ་བཅིངས། །རལ་གྲིའི་སོ་ལ་རྒྱབ་གཏད་དེ། །མདུང་རྩེའི་ཁ་ལ་སྐྱིལ་ཀྲུང་བཅས། །ཡིད་བཞིན་ནོར་བུ་སྒང་དུ་རྩེགས། །རི་བོ་གྱུར་མིད་ཟ་བ་མཐོང་། །འདི་ལ་ཡ་མཚན་ཐེ་ཚོམ་སྐྱེས། ཁྱེད་རིག་པ་སེམས་ལ་དབང་བསྒྱུར་བས། །སྣང་ཞིང་མི་སྣང་སྤྲུལ་པའི་གཟུགས། །སྣ་ཚོགས་རྫུ་འཕྲུལ་བསྟན་པའི་ཕྱིར། །བརྒྱ་བྱིན་ལྟ་བུའི་རྣལ་འབྱོར་པ། །བློ་ཡ་ང་མེད་ཅིང་སྙེམས་དང་བྲལ། །སེམས་ཉིད་རེ་དོགས་བྲལ་བའི་ཕྱིར། །སེང་གེ་ལྟ་བུའི་རྣལ་འབྱོར་པ། མི་སྐྲག་མི་དངངས་ཞུམ་པ་མེད། །བར་ཆད་རྒོལ་བས་མི་འཇིགས་པ། །ཞལ་མཐོང་ནས་དགའ་ཞིང་བ་སྤུ་གཡོ། །བལྟས་ཤིང་རིག་པ་ཙམ་གྱིས་ཀྱང་། །གཞན་དོན་བར་ཆད་སེལ་བའི་ཕྱིར། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །རྗེ་ནམ་མཁའི་མཚོན་པའི་རྣལ་འབྱོར་པ། མཚན་མའི་གཡེང་བས་མི་བསྐྱོད་ཅིང་། །ཡི་གེ་མེད་པའི་དོན་རྟོགས་ཤིང་། །བར་ཆད་བདུད་ཀྱི་སྐབས་མ་རྙེད། །ངེད་སྔོན་ཆད་མ་ཤེས་ཐོ་འཚམས་པས། །གནོད་སེམས་བར་ཆོད་བཟློག་པའི་ཕྱིར། །རྟགས་དང་ཆོ་འཕྲུལ་སྣ་ཚོགས་པ། །ངོ་མཚར་སྣ་ཚོགས་བསྟན་ནས་ཀྱང་། །གསུང་ངག་བདེན་པའི་ཆོས་བཤད་དེ། །ཐམས་ཅད་ཞི་བའི་ལམ་ལ་བཀོད། །བཀྲ་ཤིས་དགུན་ཟླ་སྔ་མ་ལ། །ཐམས་ཅད་མཁྱེན་པའི་རྒྱུ་ཡི་གཞི། །རིན་ཆེན་མྱུ་གུ་བསྐྱེད་པ་གནང་། །མ་ནོར་ལམ་སྟོན་དགེ་བའི་བཤེས། །འགྲོ་བའི་དཔལ་མགོན་རྗེ་བཙུན་ཁྱེད། །ཕྱི་མའི་དུས་ན་ཤར་ཕྱོགས་ཀྱི། །མངོན་དགའ་ཞེས་བྱའི་ཞིང་ཁམས་དེར། །ཕོ་བྲང་གཙོ་བོ་མི་བསྐྱོད་པའི། །ཐུགས་ཀྱི་སྲས་སུ་སྤྱན་འདྲེན་ཚེ། །ས་བླ་ས་སྤྱོད་ས་འོག་གི །དཔའ་བོ་མཁའ་འགྲོ་མ་རྣམས་དང་། །གཙང་མ་རིས་ཀྱི་ལྷ་རྣམས་ཀྱིས། །གདུགས་དང་རྒྱལ་མཚན་རོལ་མོའི་སྒྲ། །མཆོད་སྤྲིན་མཛེས་པའི་ཚོགས་རྣམས་ཀྱིས། །སྔུན་ནས་བསུ་ཞིང་ཤུལ་མཚོན་ཏེ། །མཁའ་སྤྱོད་གནས་སུ་གཤེགས་པའི་ཚེ། །ཁྱེད་ཀྱི་ཞལ་མཐོང་གསུང་ཐོས་པའི། །སྣང་བ་མི་དང་མི་མ་ཡིན། །ཁྱེད་ཅག་འཁོར་དུ་གཏོགས་པ་རྣམས། །ཕྱི་བཞིན་ཞབས་འབྲིང་བྱེད་པར་ཤོག །ཅེས་ཁྱད་པར་གྱི་ཡོན་ཏན་མཐོང་ཚུལ་རྣམས་དང་། དག་པ་སྨོན་ལམ་གྱི་མཇུག་སྡུད་པའི་གླུ་དེ་རྣམས་བསྩལ་བས། རྗེ་བཙུན་གྱི་དགོངས་པ་ལ། འཇིག་རྟེན་གྱི་མཁའ་འགྲོ་མ་འདི་རྣམས་ཤིན་ཏུ་མི་སྲུན་ཅིང་གདུལ་དཀའ་བས། ད་རུང་དམ་ལ་བཏགས་ཤིང་གཙེག་ལ་དབབ་དགོས་དགོངས་པས་བཀའ་སྩལ་པ། བཞིན་བཟང་མ་ཁྱེད་རྣམས་ལ་འདི་ཙམ་དད་ཅིང་གུས་པ་དང་། དུས་ཕྱི་མ་ལ་སྨོན་ལམ་འདེབས་པ་ཚུན་ཆོད་ཀྱི་གདུང་སེམས་ཡོད་པ་ངོ་མཚར་ཆེ་བས། ད་ཅི་གོང་དུ་བསྟན་པ་ཡན་ཆོད་རིག་པ་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་ཀྱི་སྡོམ་པས་ཐམས་ཅད་མཁྱེན་པའི་ལམ་བགྲོད་པར་བསྟན་པ་ཡིན་ལ། ད་ཁྱད་པར་དུ་ལམ་སླ་ཞིང་ཐབས་མང་དཀའ་བ་མེད་པར་སྟོན་པ། རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་དང་ལུང་སྦྱིན་པར་བྱ་ཡི། ཁྱེད་རང་རྣམས་ཀྱི་སྲོག་གི་སྙིང་པོ་ང་ལ་ཕུལ་ལ་རྣལ་འབྱོར་པའི་མཆོད་པ་དང་གཏོར་མ་ཤོམས་ཤིག་གསུངས་པས། ཁོང་རྣམས་དགའ་ཞིང་སྤྲོ་བར་གྱུར་ཏེ་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམས། ཕྱག་དང་བསྐོར་བ་ལན་མང་དུ་བྱས་ནས་རང་རང་གི་སྲོག་གི་སྙིང་པོ་རེ་རེ་མདོངས་གསོལ་དུ་ཕུལ་ནས། རྗེ་བཙུན་གྱི་སྤྱན་ལམ་དུ་རིམ་པར་འཁོད་པ་ལ། རྗེ་བཙུན་གྱིས་ཁོང་ཅག་རྣམས་ལ་ཇོ་མོ་སྒྲོལ་མའི་རིག་པ་གཏད་པའི་ཆོ་ག་མཛད། ལྷ་མོ་ཀུ་རུ་ཀུལླེ་མ་ཡི་དམ་དུ་ཕོག །སྙིང་པོ་ཟླ་བའི་ལུང་རྗེས་སུ་གནང་ནས། ཡང་ནན་ཏན་དུ་གདམས་ཏེ་བཀའ་སྩལ་པ། བཞིན་བཟང་མ་རྣམས་ད་ཕྱིན་ཆད་འོ་སྐོལ་འདིར་འཚོགས་པ་རྣམས་དམ་ཚིག་གཅིག་གིས་བསྡུས་པའི་སློབ་འབངས་ཡིན་པས། སྤྱོད་ལམ་རྣམ་བཞི་བྱ་བ་ཅི་དང་ཅི་བྱེད་ཀྱང་། དུས་རྟག་ཏུ་བླ་མ་སྤྱི་བོར་བསྒོམ། ལེགས་ཉེས་ཅི་བྱུང་ཡང་སྐྱབས་དཀོན་མཆོག་གསུམ་མ་གཏོགས་པའི་ཇོ་བོ་གཞན་ནས་མ་ཚོལ་ཅིག །ཕྱི་སྣོད་རང་བཞིན་གྱི་གྲུབ་པའི་གཞལ་ཡས་ཁང་། ནང་བཅུད་སེམས་ཅན་ཡི་དམ་གྱི་ལྷ་ཡིན་པས། འགྲོ་བ་གང་དང་གང་མཐོང་ཡང་མོས་ཤིང་འདུན་པར་བྱེད་དགོས་ཀྱི། གནོད་ཅིང་འཚེ་བ་དང་གཤེ་ཞིང་སྨད་པ་སྐད་ཅིག་ཀྱང་མི་རུང་བས། དུས་རྣམ་པ་ཐམས་ཅད་དུ་ལྷ་ཡི་ང་རྒྱལ་དང་མ་བྲལ་བར་གྱིས་ཤིག །གསུངས་པས་མིག་བསྒྱུར་མ་རྣམས་ཀྱི་སླར་ཡང་གསོལ་པ། རྗེ་བཙུན་ལགས། རིག་པ་འཛིན་པ་སྔགས་ཀྱི་དུས་མྱུར་དུ་ལམ་བགྲོད་པར་སླ་ཞིང་། ཐབས་མང་དཀའ་བ་མེད་པར་འགྲུབ་པ་དང་། ཁྱད་པར་གྱི་དམ་ཚིག་གནང་བ་སྐུ་དྲིན་ཤིན་ཏུ་ཆེ་བ་ལགས། ངེད་ཅག་མ་དག་པའི་འགྲོ་རྒྱུད་འཁོར་བ་ཐོག་མ་མེད་པ་ནས་བག་ཆགས་གོམས་པའི་རྒྱུན་འཐུག་པ་དང་། ཁྱད་པར་དུ་ཡང་བུད་མེད་སྐྱེ་བ་དམན་ཞིང་བློ་གྲོས་ཞན་པས་རྗེ་བཙུན་གྱིས་གསུངས་པའི་དོན་དེ་ལྟར་ཅུང་ཟད་རྒྱུད་ལ་མི་སྐྱེ་ཡང་། བག་ཆགས་ཀྱིས་གཞོལ་ཞིང་བསླབ་པར་བགྱིའོ། །གཞན་འགྲོ་དྲུག་སེམས་ཅན་དུ་གྱུར་པ་ལ། ཡི་དམ་ལྷར་ལྟ་བ་མ་བྱུང་ཡང་། གནོད་ཅིང་འཚེ་བ་ལས་ཟློག་པ་དང་། ཡུལ་ཉེ་བར་གྱུར་པ་རྣམས་ལ་ནི། ཕན་པ་དང་བདེ་བའི་དངོས་པོ་ཅི་རིགས་པའི་སྒོ་ནས་སྡོང་གྲོགས་བགྱིད་ཅིང་། ཁྱད་པར་དུ་ཡང་རྗེ་བཙུན་གྱི་བཀའ་འཁོར་རིགས་རྒྱུད་དུ་གཏོགས་པ་ཐམས་ཅད་ལ་སྲུང་ཞིང་བསྐྱབ་པ་དང་། ཡོངས་སུ་སྦ་བར་བགྱིད་དེ། སྒྲུབ་པའི་མཐུན་རྐྱེན་ཅི་དང་ཅི་དགོས་པ་ཐམས་ཅད་ཁོ་མོ་ཅག་འབངས་རྣམས་ཀྱིས་བསྒྲུབ་པར་བགྱིའོ། །ཞེས་ཁས་བླངས་ནས་ཞབས་ལ་ཕྱག་འཚལ། བསྐོར་བ་ལན་མང་དུ་བྱས་ནས་བར་སྣང་དུ་ཡང་འཕུར་ནས་སོང་སྐད་དོ། །རས་པ་ཆེན་པོ་མཚན་བརྗོད་པར་དཀའ་བ་དཔལ་བཞད་པ་རྡོ་རྗེ་དང་། ཇོ་མོ་བཀྲ་ཤིས་ཚེ་རིང་མས་དབུ་མཛད་པའི་འཇིག་རྟེན་མིག་བསྒྱུར་གྱི་མཁའ་འགྲོ་མ་ལྔ་ཡིས། ཐེག་པ་མཆོག་ཏུ་སེམས་བསྐྱེད་པའི་དྲིས་ལན་མགུར་དུ་བཞེངས་པའོ། །ཚོང་འདུས་དིང་མ་བྲིན་གྱི་གཡོན་ཟུར། །བཀྲ་ཤིས་དཔལ་གྱི་ཐང་རི་རྩེ་ན། སྐལ་ལྡན་སྦྱངས་པ་ཅན་གྱི་དཔལ་ཞི་བ་འོད་ཀྱི་སྲིང་མོ་བཀྲ་ཤིས་ཚེ་རིང་མ་ཉིད་ལ་དངོས་སུ་ཉམས་བསྡུར་ཞིང་དྲི་རྨེད་ཡང་དང་ཡང་དུ་བྱས་པ་ལ། ཕྱིས་རྗེ་བཙུན་ཆེན་པོ་ཉིད་ཀྱི་ཞལ་སྔར་ལན་གསུམ་བཏུགས་ནས། དགྱེས་བཞིན་དུ་གནང་བ་ལ་གཏོགས་པ་རང་འགའ་མ་ཡིན་པའི་གསུང་དོན་རྣམས་དབེན་གནས་ཉམས་དགའ་འོམ་ཆུང་དཔལ་གྱི་ནགས་འདབ་ཏུ་ངན་རྫོང་སྟོན་པ་བོ་དྷི་རཱ་ཛ་དང་། རྣལ་འབྱོར་པ་ཞི་བ་འོད་གཉིས་ཀྱིས་བཀའ་བགྲོས་པ་མཛད་ནས། གསུང་སྒྲོས་ལ་ལྷག་ཆད་དང་ཕྲི་བསྣན་མེད་པར་ནན་ཏན་དུ་བྱས་ཏེ། ངག་བརྗོད་པའི་ཚིག་གི་ཕྲེང་བ་བསྡེབས་ལེགས་ཡི་གེར་བཀོད་པ་བདུད་རྩི་འོད་ཀྱི་ཕྲེང་བ་ཞེས་བྱ་བ་རྫོགས་སོ། །ན་མོ་གུ་རུ། དྲིན་ཆེན་བརྒྱུད་པའི་བླ་དང་། །མཁའ་འགྲོའི་དབང་ཕྱུག་ལྷ་ཡི་ལྷ། །བྱིན་གྱིས་བརླབས་པའི་གཙུག་གི་ནོར། །སྒྲ་སྒྱུར་ལོ་ཙཱ་ཆེན་པོ་ཡིས། །མཛེས་པའི་ཆུ་སྐྱེས་ཟེའུ་འབྲུ་ཅན། །ཕྱག་མཐིལ་མགོ་ལ་རེག་མཛད་དེ། དབང་བསྐུར་རྒྱུད་བཤད་མན་ངག་གིས། །སྨིན་ཅིང་གྲོལ་མཛད་སྐལ་པ་ཅན། །སྒྲུབ་པ་མཐར་ཕྱིན་རས་པ་རྗེ། །དཔལ་ལྡན་བཞད་པའི་ཞབས་ལ་འདུ། །དེ་རྗེས་མཛེས་མས་ཞུས་པའི་ལན། །འཕྲང་སྒྲོལ་གནད་ཀྱི་བར་དོ་ལ། མི་འགྱུར་གསལ་བྱེད་ཚིག་གིས་བཟུང་། །བློ་དམན་བརྗེད་པ་གསོ་ཕྱིར་འགོད། །རྗེ་མི་ལས་འདས་པའི་གྲུབ་ཐོབ་ཆེན་པོ། །ཐོག་མར་དབང་བཞི་བསྐུར་བའི་དུས་སུ། །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ནང་གི་ལྷ་ཚོགས་དང་། །ཕྱི་ཞིང་སྐྱོང་གི་མཁའ་འགྲོ་མ་སུམ་ཅུ་རྩ་གཉིས། །རིག་མ་བཅུ་དྲུག་མཆོད་པའི་ལྷ་མོ་དང་བཅས་པ་རྣམས་མདུན་གྱི་ནམ་མཁའ་ལ་བཞུགས་པ་སྐད་ཅིག་ཡུད་ཙམ་དུ་ཞལ་གཟིགས་ཤིང་། དེ་ཉིད་ཀྱི་དུས་ན་བླ་མ་དང་མཁའ་འགྲོའི་རྗེས་སུ་གནང་བའི་གསང་མཚན་དཔལ་བཞད་པའི་རྡོ་རྗེ་ཞེས་བྱ་བ་རྗེ་ལོ་ཙཱ་བ་ཆེན་པོའི་གསུང་གི་སྒྲུབ་པ་ལ་ནན་གྱིས་བསྐུལ་བའི་ཕྱིར། ལུས་དཀའ་ཐུབ་ཀྱི་གདུང་བ་སྣ་ཚོགས་དང་བཅས་པས། གསང་སྔགས་བསྒྲུབས་པའི་ཡོན་ཏན་རྟེན་འབྲེལ་གྱི་ཆེ་བ་སྣ་ཚོགས་མཐར་ཕྱུངས་ཏེ། ཟད་པ་དང་ཟིལ་གནོན་གྱི་རྫུ་འཕྲུལ་སྣ་ཚོགས་པ་བསྟན་ནས་དཀར་པོའི་ཕྱོགས་ལ་དད་པའི་མི་དང་མི་མ་ཡིན་པ་མང་པོ་སྨིན་པར་མཛད་ནས། མས་བརྟན་པའི་དགའ་བ་བཞི་མགྲིན་པ་ལོངས་སྤྱོད་ཀྱི་གནས་སུ་ཕྱིན་པས། དག་པའི་ས་ལ་གནས་པའི་ཁམས་ཀྱི་ལུས་འདི་ཉིད་ལ་བརྟེན་ནས། འཇའ་ཚོན་ལྟ་བུ་སྒྱུ་མའི་སྐུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་རྗེ་བཙུན་ཆེན་པོ་དེ་ཡུལ་ཡ་མཚན་ཆེ་བའི་དིང་མ་བྲིན་གྱི་ཤར་ཕྱོགས། ཁ་བཀྲ་མོན་གྱི་ས་མཚམས། སྨན་ཤོད་ཁུ་ཤུའི་ནུབ་ཕྱོགས། སྤྲིན་སྣ་འཛིང་མཐིང་ནག་འཁྲིགས་པའི་འོག །ལྷ་ཁྱབ་འཇུག་ཆེན་པོ་རྒྱུ་བའི་སྲ་སྒོ། གངས་ཁྱུང་མགོ་བཀྲ་ཤིས་སྤྲིན་ལྟར་ལྡིང་བའི་གཡོན་མགུལ། འབྲོག་སྨན་གཡུ་ཡི་སྤང་པོ་ངོས་བཟང་ལ། ཡུལ་སྨན་གྱི་དོང་ར་ཕོ་ལོང་རིས་སུ་བཏབ་པ། བཀྲ་ཤིས་པའི་ཆུ་བོ་དང་། བདུད་རྩི་དངོས་གྲུབ་ཀྱི་ཆུ་བོ་གཉིས་དལ་གྱི་འབབ་པའི་ཀླུང་ངོགས། དཔལ་རང་བྱུང་གི་བྱིན་གྱིས་བརླབས་པའི་དབེན་གནས་དཔལ་གྱི་ཕོ་བྲང་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ། འོད་གསལ་འགྲོ་འོང་མེད་པའི་ངང་ལ་ཐུགས་གཡོ་བ་མེད་པར་བཞུགས་པ་ལ། སྟོན་ཟླ་ར་བ་སྐར་མ་ཁྲུམ་སྟོད་གུང་ལ་བབ་པའི་མར་ངོ་རུ་སོང་ཙ་ན། ཚོང་འདུས་དིང་མ་བྲིན་དེར་རིམས་དལ་ཆེན་པོ་བབས་ཏེ། ནད་ཀྱི་རིགས་སུ་གྱུར་པ་འབྲུམ་བུ་དཀར་ནག་དང་རྒྱུ་རིམས་ཁྲག་འཁྲུ་དང་། ཚ་བ་མུན་འཐིབ་དང་། ཨརྙ་པ་ལི་དང་། བྷི་དྷནྤ་ལི་དང་། ཀྵ་སརྫ་ལི་དང་། མུན་དྷ་ཛ་ལ་ལ་སོགས་པའི་རིམས་ནད་སྣ་ཚོགས་པ་བྱུང་ནས་མི་ཕྱུགས་མང་པོ་གུམ་པ་ལ། ཟླ་བ་དེའི་ཕྱི་ལ་སྟོན་ཟླ་འབྲིང་པོར་སོང་བའི་ཚེས་བཅུ་གཅིག་གི་དགོང་མོ་ཉི་མ་དམར་ཐག་ཆད་ཙམ་ན་མཚར་སྡུག་འོད་དུ་ཆགས་པའི་བུད་མེད་ཅིག །དར་དཀར་གྱི་གོས་ཟུང་ལ་མཚལ་གྱི་ཐིག་ཕྲན་མེ་ལྕེ་རིས་ཧ་ཐབས་སུ་བྲིས་པ། མུ་མེན་རིན་པོ་ཆེ་སྣ་ལྔའི་ཆ་ག་བཏགས་པ། གོང་ཁེབ་སྟོད་ལ་མུ་ཏིག་དྷར་གྱིས་ཆུན་འཕྱངས་རིས་སུ་སྤྲས་པ། གོང་སྐོར་གཡུ་ཡི་རྡོ་རྗེ་ཕོ་ལོང་རིས་སུ་འཕར་ནོན་དུ་བཏབ་པ། གོང་མཆེད་གསེར་གྱི་རྨ་བྱ་འཇིང་བསྣོལ་རིས་སུ་བཏབ་པ་ཅིག་འོངས་ནས། རྗེ་བཙུན་གྱི་ཞབས་སྤྱི་བོར་བླངས། བསྐོར་བ་ལན་བདུན་བྱས། ཕྱག་དགུ་ཕྲུགས་སུ་འཚལ་ནས། རྗེ་བཙུན་ལགས། ཁོ་མོ་ཅག་གི་ཇོ་མོ་ཤིན་ཏུ་བྲོ་འཚལ་བར་གྱུར་པས་གངས་ཡ་ཀིའི་མགུལ་དུ་གཤེགས་འཚལ། ཟེར་ནས་སྤྱན་འདྲེན་ཡོང་སྐད། དེར་རྗེ་བཙུན་གྱིས་དེ་རིང་ཕྱི་མོར་འདུག་པས་མི་ཕྱིན། དོ་ནུབ་ཁྱོད་རང་ཡང་འདིར་ཉོལ། སང་སྔ་དྲོ་རང་ཅག་གཉིས་འགྲོགས་ནས་འོང་གསུངས་པས། ཡང་མོ་ན་རེ། ས་མནྟ་རཱ་ཛའི་རྫུ་འཕྲུལ་འོད་ཀྱི་ལམ་ལ་གཤེགས་ཚེགས་མི་མཆི། དེ་རིང་ཅིས་ཀྱང་གཤེགས་འཚལ་ཟེར་སྐད། དེར་རྗེ་བཙུན་གྱིས་དེ་འདྲ་བའི་ལམ་གང་ན་ཡོད་པ་ཡིན། ང་མི་རྒན་ཡིན་པ་ལ་སྔོན་ཆད་དེ་འདྲའི་ལམ་ཐོས་ཀྱང་མ་མྱོང་ན། ཕྱོགས་གང་ནས་ཕར་འགྲོ་བ་ཡིན། ཁྱེད་ཀྱིས་མཚོན་པར་གྱིས་ཤིག་གསུངས་པས། མོ་ཡི་འདབ་ནས་སྣམ་བུ་དཀར་པོ་ཅིག་བཏོན་ནས། བར་སྣང་ལ་ཡར་བརྐྱངས་ཏེ་འདིའི་ཁ་ནས་ཕར་གཤེགས་པར་འཚལ་ཟེར་སྐད། དེར་རྗེ་བཙུན་གྱི་ཞབས་བཞག་པ་ཙམ་གྱི་སྐད་ཅིག་ཡུད་ཙམ་ལས་མ་ལོན་པར་ཕྱིན་ནས་གདའ་བ་ལ། གངས་མཐོ་ལྡིང་རྒྱལ་མོའི་གཡས་མགུལ་ན། དར་དཀར་གྱི་གུར་ལ་གསེར་གྱི་ཡོལ་བ་བྲིས་པ། མུ་མེན་གྱི་ཆོན་ཐག་བརྒྱངས་པ། དུང་གི་ཚུགས་ཤིང་བཙུགས་པ། བྱི་རུའི་ཆོན་ཕུར་བཏབ་པ་ཅིག་གི་ནང་དུ་བུད་མེད་བཟང་མོ་རལ་པའི་ཟལ་བུ་ཕྱི་རྟིང་དུ་ཟག་ལ་ཁད་དུ་ལུས་གཡོགས་པ། མིག་རྩ་དམར་ཙིག་གེ་བ་གཅིག་འདུག་པ་དེའི་མགོ་སྔས་ནས་ཅུང་ཟད་བཏེགས་སྟེ། རྗེ་བཙུན་ལགས། ཁོ་མོ་ཤིན་ཏུ་བྲོ་འཚལ་བར་གྱུར་པ་ཕྱག་བཀའ་ཡི་གནང་འཚལ་སྐད། དེར་རྗེ་བཙུན་གྱིས་མོ་ལ། ཁྱེད་རྐྱེན་ཅིའི་ཕྱིར་ན། དུས་ནམ་གྱི་ཚེ་ན་མ་བདེ། ད་ལྟ་ན་ལུགས་ཇི་ལྟར་ན་ཞེས་ཞིབ་ཏུ་དྲིས་པས། མོ་ན་རེ། ཁོ་མོ་བྲོ་འཚལ་བའི་རྐྱེན་ནི། ཡུལ་པ་འདིའི་ཕྱུགས་རྫིས་ན་ཉིན་དབྱར་ཁ་དམར་ཐབས་ཆེན་པོ་ཤོར་ནས། ཐབས་ཀྱི་རླངས་པ་ཁོ་མོ་ལ་ཕོག་པའི་རྐྱེན་གྱིས་ཁོ་མོ་བྲོ་འཚལ་བར་གྱུར་ཏོ། །དུས་ནི་ཁར་ཉིན་སྟོན་ཟླ་ར་བའི་མར་ངོ་ནས་ཅུང་ཞིག་མ་བདེ་ལ། དེ་བར་སྟོན་ཟླ་འབྲིང་པོའི་ཚེས་བཅུ་གཅིག་ལ་ན་ནས་མ་བདེ། རྗེ་བཙུན་ཆེན་པོའི་སྤྱན་དྲངས་པ་ལགས། ཁོ་མོའི་ཁ་རླངས་ཕོག་པས་ཡུལ་འདི་ན་ཡང་མི་ནད་སྣ་ཚོགས་བྱུང་ཞིང་། རིམས་ནད་སྣ་ཚོགས་རྡོལ་ཞིང་འཁྲུགས་པའང་དེ་ལྟར་ལགས་ཟེར་སྐད། དེར་རྗེ་བཙུན་གྱི་དགོངས་པ་ལ། ན་ནིང་ནས་ནད་བདག་མ་དེ་འདི་ཡིན་འདུག་པས། ད་ལྟ་སྔ་གོང་ནས་ཆད་མདོ་བྱེད་དགོས་དགོངས་ནས། སླར་མོ་ལ་གསུངས་པ། བཞིན་བཟང་མ་ཁྱོད་ལ་ངས་སྔོན་ཆད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཡི་དམ་གྱི་བཟླས་ལུང་ཕོག །ལས་རྒྱུ་འབྲས་ཀྱི་ཆོས་དེ་ཙམ་ཞིག་བསྟན་པ་ལ། ཁྱོད་དམ་ལ་མི་གནས། ཆད་ལ་མི་བཙན་པར་མ་བདེ་བ་བག་ཙམ་ལ་བཟོད་པ་མི་བྱེད་པར། མ་ཉེས་པའི་འགྲོ་བ་མང་པོ་ལ་འདི་ཙམ་དུ་གནོད་ཅིང་འཚེ་བར་བྱེད་པ། ད་རེས་ཀྱང་ཡུལ་འདིའི་དལ་ཡམས་ཆེན་པོ་འདི་གཅོད་པར་ཁས་ལེན་ན། ངས་ཅུང་ཟད་ཕན་ནམ་ལྟ། ཁས་མི་ལེན་ན་ད་ལྟ་ཉིད་དུ་ཕར་ལྡོག་ལ། དམ་དྲེད་མ་ཁྱོད་ལ་ཡང་དམ་ཚིག་གི་རྡེག་པར་འགྱུར་རོ། །ཞེས་གསུངས་པས་མོ་རབ་ཏུ་སྐྲག་ཅིང་ཧ་ལས་པར་གྱུར་ཏེ། རྗེ་བཙུན་གྱི་ཞབས་འཇུས་ཏེ། སེམས་ཅན་མ་རིག་པའི་རང་བཞིན་ལ་འཁྲུལ་པའི་བག་ཆགས་ཞད་ཙམ་འབྱུང་དུ་རེ་བས་དེ་ཡང་མི་གསུང་བར་ཞུ། སྤྱིར་ཡང་འཇིག་རྟེན་གཙང་རིས་ཀྱི་ལྷ་འདྲེ་རིགས་མཐོ་བ་ཕལ་ཆེར་ནི། ཕར་ལ་གནོད་པ་མི་བགྱིད་ན་ཚུར་ལ་གནོད་པ་མི་བགྱིད་ཅིང་། སྒོས་ཀྱང་ཁོ་མོའི་བསམ་བཞིན་དུ། རྗེ་བཙུན་གྱི་བཀལ་བརྙས་པའམ། ཆེད་དུ་དམིགས་ཏེ་འགྲོ་བ་ལ་གནོད་པར་བགྱིད་པའམ། བགྱིད་དུ་སྩལ་བ་མ་མཆིས་ཏེ། དཔེར་བགྱིས་ན། དབྱར་ཟླ་ཐ་ཆུང་ལ་བཀོད་མའི་ཆུ་བོ་གཡོས་པས། དོགས་ས་ཐམས་ཅད་བརླན་པར་འགྱུར་བ་དེ་བཞིན་དུ། ཁོ་མོ་ཅག་གི་རིགས་སུ་སྡེ་ཚན་དུ་གཏོགས་པའི་འཁོར་དང་ཡང་གཡོག་ཤ་ཟ་སྲིན་མོར་གྱུར་པ། ཤ་ལ་དགའ་ཞིང་ཁྲག་ལ་རོལ་པ་བརྒྱ་ཕྲག་མང་པོ་ཡོད་པས་དེ་རྣམས་ཀྱིས་འཚེ་བར་བྱེད་དུ་བསམ་གྱིས། ད་ཡང་ཁོ་མོ་བདེ་བར་གྱུར་པ་ན། རྗེ་བཙུན་གྱི་བཀའ་ལ་ཉན་པས་འགྲོ་བ་དེ་རྣམས་ཀྱི་བྲོ་ནད་བསལ་བར་བགྱི་པས། ཅི་ནས་ཀྱང་ད་རེས་ཁོ་མོ་ལ་ཐུགས་རྗེས་གཟིགས་འཚལ། །ཞེས་ཞུ་བ་ནན་ཏན་གྱིས་འབུལ་དུ་བྱུང་བས། རྗེ་བཙུན་གྱིས་དེ་ཀའི་ནུབ་མོ་ནས་ཡི་གེ་བརྒྱ་པའི་ཁྲུས་ཆོག་ནས་བཏོན་བླ་མ་དང་དཀོན་མཆོག་ལ་གསོལ་བ་མང་དུ་བཏབ། གཙུག་ཏོར་རྣམ་པར་རྒྱལ་མའི་ཚེ་བསྲིང་བའི་ཆོ་ག་མཛད་པས། དེའི་ཕྱི་དེ་ནང་པར་ནས་ལངས་ཤིང་ཕྱག་འཚལ་ཤེས་པ་ཙལ་དུ་གྱུར་ཏོ། །དེ་ནས་ཞག་བདུན་དུ་རིག་པ་གཏད་ཅིང་བྱིན་རླབས་བྱས་པས་མོ་ཤིན་ཏུ་བདེ་ནས། སྔར་ལས་ཀྱང་མདངས་གསལ་ཞིང་བཀྲག་ཕུན་སུམ་ཚོགས་པར་འགྱུར་ཏོ། །ཡང་རྗེ་བཙུན་གྱིས་བཀའ་སྩལ་པ། བཞིན་བཟང་མ་ཁྱོད་བདེ་བ་འདམ་ཀ་རང་ཡིན་པས། ང་ཡུལ་ཕྱོགས་ཀྱི་མི་རྣམས་ལ་ཕན་གདགས་སུ་འགྲོ་བས། ཁྱེད་རྣམས་ཀྱི་སོ་སོའི་རྫས་གང་ཡིན་པ་དང་། རིམ་གྲོ་བྱེད་ལུགས་རྣམས་ཞིབ་ཏུ་སྨྲོས་ཤིག་ཅེས་དྲིས་པས། མོ་ན་རེ། རྗེ་བཙུན་ལགས། རྟེན་འབྲེལ་གྱི་ཆེ་བ་ཡིན་པའི་ཕྱིར། ཁོ་མོ་བདེ་བ་རང་གི་མི་རྣམས་བདེ་བར་འགྱུར་ལ། འོན་ཀྱང་མྱུར་དུ་བདེ་བར་བཞེད་ན། ངེད་ཅག་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ཀྱི་དམ་ཚིག་ཡིན་པས། གཅིག་མ་བདེ་ན་ཀུན་མི་བདེ་ཞིང་འཁྲུགས་པར་འགྱུར་ལ། དེའི་སྟེང་ལ་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱང་གཏིང་ནས་གཡོ་ཞིང་རྒྱབ་བརྟེན་བྱེད་པ་ཡིན་པས། རིམ་གྲོ་བྱེད་ལུགས་ནི། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་སྙིང་པོ་ཅན་གྱི་གཟུངས་མང་དུ་འདོན་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་ཟབ་མོའི་གསུང་བསྒྲགས་པ་དང་། བུམ་པའི་ཆུས་བཀྲུ་ཞིང་གྲོང་ཁྱེར་གྱི་ཁོར་ཡུག་ཏུ་མཚམས་བཅད་པ་དང་དཀར་ཕུད་དང་དམར་ཕུད་ཀྱི་ཚོགས་དང་། གཏོར་མ་རྒྱ་ཆེན་པོ་ལ་ཁ་ཟས་ཀྱི་རྣམ་པ་ཅི་འབྱོར་པས་བརྒྱན་ཞིང་བསྔོ་བར་མཛོད་ཅིག་དང་། མི་ནད་དེ་རྣམས་མྱུར་དུ་འཆད་པར་འགྱུར་རོ། །ཞེས་ཟེར་བ་དང་། རྗེ་བཙུན་བྲིན་གྱི་བྲག་མཁར་དུ་བྱོན་ནས་ཡུལ་མི་རྣམས་ལ་ང་ཡི་རྨི་ལམ་དུ་བྱུང་བ་ལ། ཁྱེད་རང་གིས་ཇོ་མོ་ལ་ཐབས་རླངས་ཤོར་ནས་མ་དགྱེས་པར་ཡོད་པ་འདྲ། དེའི་གཡོན་མགུལ་ནས་སྲིད་པའི་ལྷ་འདྲེ་མང་པོ་འཁྲུགས་ནས་ཡོད་པར་འདུག་པས། རིམ་གྲོའི་རིགས་འདི་ལྟར་གྱིས་ལ་ང་ཅན་དུ་ཡང་ཕྱེ་ཕུད་རྣམ་པ་སྣ་ཚོགས་པ་ལ་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམས་ཏེ། བླ་མ་དང་དཀོན་མཆོག་ལ་གསོལ་བ་བཏབ། ཆོས་སྐྱོང་རྣམས་ལ་གཏོར་མ་ཕུལ། བསྔོ་བ་མཛད། བདེན་པའི་སྟོབས་བརྗོད་པ་ཙམ་གྱི་རིང་པོར་མ་ཐོག་པར་དལ་ཡམས་ཆེན་པོ་དེ་ཆད་པར་གྱུར་ཏོ། །དེ་ནས་ཟླ་བ་དེ་ཟད་པའི་ཉི་ཤུ་དགུ་རུ་སོང་བའི་ཉིན་པར་བཀྲ་ཤིས་ཚེ་རིང་མ་དཔོན་གཡོག་ལྔ་ལ་འཁོར་སྨན་དང་ཡུལ་ལྷའི་ཚོགས་ཀྱིས་བསྐོར་བ་མང་པོ་ཞིག་རྗེ་བཙུན་གྱི་དྲུང་དུ་ལྷགས་ཏེ། བཟའ་བ་དང་བཅའ་བ་གྱ་ནོམ་པ་རོ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྤྱན་གཟིགས་མང་པོས། རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་སྐྱོགས་བཀང་བ་རྗེ་བཙུན་ལ་དྲངས་ཏེ། ཕྱག་དང་བསྐོར་བ་གྲངས་མེད་བྱས་ནས་མདུན་དྲང་པོར་སྤྱན་ལམ་ན་ཕར་འཁོད་དེ། འཇིག་རྟེ་མིག་བསྒྱུར་གྱི་ཌཱ་ཀི་མ་ལྔ་པོ་དེ་རྣམས་ན་རེ། ད་རེས་ཁོ་མོ་ཤི་བ་བསླངས། ན་བ་གསོས་ན་ཆག་པ་སྦྱར། ཆད་པ་མཐུད། རྗེ་བཙུན་ཁྱེད་ལས་སྐུ་དྲིན་ཆེ་བ་མེད་དོ། །ཞེས་ངག་སྙན་པའི་གཏང་རག་གླུ་རུ་བླངས་ཏེ་ཕུལ་བ་ལགས་སྐད། ཡ་ཀི་ནམ་མཁའི་མཐོང་ཤེད་ན། །སྤྲིན་སྣ་འཛིང་མཐིང་ནག་འཁྲིགས་པ་དེ། །རྔ་སྒྲ་ཀླུ་ཡི་རྒྱལ་པོ་ཡིན། །སྐྱེ་འགྲོ་བཅུད་ཀྱི་གཡོ་བའི་ཕྱིར། །བདུད་རྩིའི་སྤྲིན་ཆར་འབེབས་པའི་རྟགས། ཆར་ཟམ་ཟིམ་དལ་གྱི་འབབ་པ་དེ། ས་གཞི་དྲོད་གཤེར་སྙོམས་པའི་རྟགས། །འབྲུག་སྒྲ་ཆེམ་ཆེམ་སྒྲོགས་པ་དེ། །འབྱུང་བ་ཚ་གྲང་འཐབ་པའི་རྟགས། །སྤྲིན་དེ་ཡི་མཚོན་པའི་འོག་ཤེད་ན། གངས་ཟུར་གསུམ་དགུང་དུ་རྩེ་མཐོ་བ། །མགུལ་ཆུ་ཆུ་ཤེལ་ཅོད་པན་ལ། །གཟའ་སྐར་འོད་ཀྱི་ཕྲ་བཀོད་དེ། །ཉི་ཟླ་ཤར་གྱི་གཟི་མདངས་ཅན། །དེ་སྨན་བཙུན་ངེད་ཀྱི་ཕོ་བྲང་ཡིན། །གངས་དེ་ལས་འཁྲེས་ཀྱི་གཡོན་མགུལ་ན། །སྟོང་མདོ་ཤོད་དེ་ཡི་འོག་རོལ་དུ། །འཇའ་ཚོན་གུར་ཡོལ་བྲེས་པ་དེ། །འབྲོག་ཡ་མཚན་ཆེ་བའི་སྨན་ལུང་ཡིན། །འབྲས་བུ་རྩི་ཐོག་འཁྲུངས་པའི་ས། །མེ་ཏོག་སྣ་ཚོགས་བཀྲ་བའི་གླིང་། །སྨན་གྱི་དོང་ར་གཟིགས་མོ་ཆེ། །ཡུལ་ལྷ་དེ་ཡི་རྩེད་འཇོ་དང་རེ་སྤྲོ། །ཁྱད་པར་ས་གཞི་བྱིན་ཆགས་པ། །ཆུ་བར་སྤྲུལ་སྐུའི་ཕོ་བྲང་ན། །མི་ཡ་མཚན་ཅན་ཅིག་བཞུགས་པ་དེ། མི་ལ་རྣལ་འབྱོར་མ་ལགས་སམ། །ཁྱེད་སྐུ་ཚེ་སྔ་མ་ཚོགས་བསགས་པས། ད་ལྟ་མི་ལུས་རིན་ཆེན་ཐོབ། ཅུང་ཟད་ལེ་ལོ་མ་མཛད་དེ། །འབྲལ་མེད་བསམ་གཏན་བསྒོམས་པའི་ཕྱིར། །སྐྱེ་མེད་སེམས་ཀྱི་དོན་རྟོགས་ཤིང་། །འཁྲུལ་འཁོར་ལུས་ལ་རང་དབང་ཐོབ། །བར་ཆད་གཡེང་བས་མི་འཇིགས་པའི། །རི་བོ་ལྟ་བུའི་རྣལ་འབྱོར་པ། །རླུང་གི་ཡོན་ཏན་མཐར་ཕྱིན་པས། །གཅེར་བུའི་ལུས་ལ་གཟི་མདངས་ཅན། །བརཏལ་ཞུགས་སྤྱོད་པའི་རྣལ་འབྱོར་ཅན། །འགྲོ་དོན་རྫོགས་མཛད་སྐྱེས་བུ་དེ། །དེང་སང་དུས་ཀྱི་སྙིགས་མ་ལ། །གདོང་དམར་ཡུལ་དུ་བྱོན་པ་དེ། །སྤྱིར་བོད་ཁམས་ཡོངས་ཀྱི་རྒྱན་དུ་ཆེ། །སྒོས་བུད་མེད་བདག་གི་དཔལ་དུ་ཤར། །དུས་ད་རེས་དགུང་ཚེས་བཅུ་གཅིག་ལ། །མི་གཙང་ཐབས་ཀྱིས་ཉེས་ལངས་ནས། འབྱུང་བཞི་ནད་ཀྱིས་ཐིབ་ནོན་བྱུང་། །ཉོན་མོངས་གདུག་རྩུབ་ཁོང་ནས་འཁྲུགས། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །ལུས་འདུ་བ་རྟེན་དང་དེས་བྲལ་བྱས། །དེ་འདྲའི་ཉམ་ཐག་གྱུར་པའི་ཚེ། །རྗེ་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །བྱིན་རླབས་འཕོ་བའི་རྗེས་གནང་མཛད། །དག་པ་སྔགས་ཀྱི་ཁྲུས་ནས་བཏོན། །སྐྱེ་འཆི་མེད་པའི་སེམས་ངོ་བསྟན། །ངེས་ཤེས་རྟོགས་པ་འཕྲལ་ལ་སྐྱེས། །ནད་འདུ་བ་རྣམ་བཞི་སྤྲིན་ལྟར་དེང་། །ལུས་ནི་བལ་ལྟར་ཡང་ཞིང་བདེ། །སེམས་ལ་རྟོགས་པ་སྣ་ཚོགས་ཤར། །ཚེ་དུས་མིན་འཆི་བའི་བར་ཆད་ཟློག །དྲོད་མཐའ་ནས་ཡལ་བ་རང་སོར་ཆུད། །དབུགས་ཕྱི་ནང་ཆད་པ་སླར་ལ་མཐུད། །གཤིན་རྗེའི་ཕོ་ཉ་སྐྱེངས་སུ་བཅུག །རྗེ་སྐུ་དྲིན་ཆེན་པོའི་རྣལ་འབྱོར་པ། །འབངས་སྐྱེ་གནས་དམན་པའི་སྒྲིབ་གཡོགས་ཅན། །སྙིང་བརྗེད་དྲན་པ་ངན་ན་ཡང་། །དུས་ད་རེས་ཚེ་སྲོག་མཐུད་པ་དེ། །ཚེ་འདི་ལ་བརྗེད་ཐབས་ཡང་མ་མཆིས། །སྐུ་སྐྱབས་དྲིན་ལེན་བསབ་པ་ཡིན། །ཅི་དགྱེས་དངོས་གྲུབ་འབུལ་བ་དང་། །ཅི་གསུང་བཀའ་ལས་མི་འདའ་ལ། །དུས་འདི་ནས་བཟུང་སྟེ་མཐར་ཐུག་གི །བླ་མེད་བྱང་ཆུབ་མ་ཐོབ་བར། །སྨོན་ལམ་དག་པའི་ཆུ་རྒྱུན་གྱིས། ལུས་དང་གྲིབ་མ་ཇི་བཞིན་དུ། །སྐད་ཅིག་མི་འབྲལ་འགྲོགས་འགྱུར་ཞིང་། །ཁྱེད་མངོན་པར་སངས་རྒྱས་གྱུར་པའི་ཚེ། །གཟུགས་སྐུའི་འདུལ་བའི་ཞིང་ཁམས་དེར། །ལྔ་སྡེ་བཟང་པོ་ཇི་བཞིན་དུ། །འཁོར་གྱི་དང་པོར་གྱུར་ནས་ཀྱང་། །ཐོག་མའི་བདུད་རྩི་འཐུང་བར་ཤོག །དེ་འཐུང་བདུད་རྩིའི་ཡོན་ཏན་གྱིས། །ཆོས་ཀྱི་རྒྱལ་སྲིད་ཐོབ་ནས་ཀྱང་། །མི་ཤེས་རྨོངས་པའི་འགྲོ་རྣམས་ལ། །བསྡུ་བ་རྣམ་བཞིའི་སྤྲིན་ཚོགས་ལས། སྣ་ཚོགས་བདུད་རྩིའི་ཆར་ཕབ་ནས། །འགྲོ་ཀུན་རབ་ཏུ་ཚིམ་བྱེད་ཤོག །ཅེས་སྨན་བཙུན་བཀྲ་ཤིས་ཚེ་རིང་མས་དབུ་མཛད་མིག་བསྒྱུར་གྱི་ཌཱ་ཀི་མ་ལྔས། རྗེ་བཙུན་གྱི་སྙན་དུ་དེ་སྐད་གསོལ་ཏེ། དག་པའི་སྨོན་ལམ་བཏབ་པས། ཡང་རྗེ་བཙུན་གྱི་དགོངས་པ་ལ། གནོད་སྦྱིན་མ་འདི་ཀུན་གྱིས་རེས་ཀྱི་ནད་སོས་པ་ཙམ་གྱིས་དྲིན་དུ་བཟོ་བ་བྱེད་ལུགས་ཀྱིས། གསང་སྔགས་ཀྱི་ལམ་བསྐྱེད་རྫོགས་ཀྱི་ལམ་སྣ་འགའ་ཙམ་བསྟན་ན་བསྒོམ་པར་ནུས་སམ་སྙམ་ནས། བཀའ་སྩལ་པ། བཞིན་བཟང་མ་རྣམས་ཁྱེད་ད་རེས་ཀྱི་ནད་གསོས་པ་ཙམ་ལ་ཡང་དེ་སྐད་ཟེར་ནས་གསང་སྔགས་མངོན་སུམ་གྱི་ལམ་ཡིན་པས་དུས་ད་རེས་ལ་ཚང་ཚིང་སྲིད་པའི་གནས་ནས་ཐོན་ཅིག །སྐྱེ་འཆི་འཁོར་བའི་ལམ་འཕྲང་བརྒལ་ནས་ཕྱིན་ཆད་སྲིད་པའི་སྡུག་བསྔལ་གཏན་ནས་མི་མྱོང་བའི་གདམས་ངག་ཡོད་ན་ཁྱེད་རྣམས་ཀྱི་བསྒོམ་པར་ནུས་སམ། །ཞེས་བྲོད་པ་བསྐྱེད་པའི་མགུར་འདི་སྐད་དུ་བཞེངས་པ་ཡིན་ནོ། །ཤར་ཁྲི་གདུགས་ཉི་མའི་འོག་ཤེད་ན། །སྨན་ལྷ་རི་བཀྲ་ཤིས་ཚེ་རིང་མ། །ཁྱུང་མགོ་ཤེལ་གྱི་ཟུར་ཕུད་ལ། དམར་ཐག་གསེར་གྱི་འོད་འཕྲོ་ཞིང་། །སྟོད་སྤྲིན་དཀར་ལྡིང་བའི་གོ་ཅོག་ལ། །སྨད་འཇའ་ཚོན་འོད་ཀྱི་ཆ་ག་བཏབ། །བར་གཡའ་སྤང་གཡུ་ཡི་སྨིན་ཁྱུག་བཏང་། །ན་བུན་དང་སྐྱི་བུན་འཐིབ་པ་དེ། །གངས་མཐོ་ལྡིང་རྒྱལ་མོ་མ་ལགས་སམ། །གངས་དེ་ལ་ཕོ་བྲང་རྟེན་བཅས་པ། །བུད་མེད་ལུས་ལ་ཡ་མཚན་ཅན། །ནེ་བཙུན་རྒྱལ་མོ་བཞིན་བཟང་མ། ཡིད་འཕྲོག་སྙན་པའི་གླུ་ལེན་ཅིང་། མཚར་སྡུག་འོད་དུ་ཆགས་པ་དེ། །སྨན་བཀྲ་ཤིས་ཚེ་རིང་མ་ལགས་སམ། །ཁྱེད་ད་རེས་འཇིགས་ཤིང་སྐྲག་མ་མྱོང་། །ཡོས་ཁོང་ནས་རྡོལ་བ་ཤིན་ཏུ་བདེན། །ལུས་ལ་འབྱུང་བའི་ནད་ཀྱིས་གཟིར། །སེམས་ལ་སྡུག་བསྔལ་བཟོད་ཐབས་མེད། །དབུགས་ན་བུན་ལྟ་བུ་ཡལ་ལ་ཁད། །སྲོག་མི་བརྟན་གཡོ་བ་དེས་ཆད་ཙམ། །དེ་སྔོན་ཆད་ལས་ངན་བསགས་པའི་ཕྱིར། །ད་ལྟར་རྣམ་སྨིན་དེ་ལྟར་མྱོང་། །ད་ངན་སྤྱོད་དེ་ལས་མ་ལོག་ན། །ན་རག་དམྱལ་བ་དེ་ལས་འཇིགས། །དུས་ད་རེས་མ་ཤི་ཐོ་ལེ་རྒྱལ། །ཁྱོད་དད་པའི་ས་བོན་གཡོས་པ་ལས། །མི་ངས་ཀྱང་སྙིང་རྗེས་ཀུན་བསླངས་ནས། །གསང་སྔགས་བདེན་པའི་བྱིན་རླབས་ཀྱིས། །འཆི་བདག་བདུད་ཀྱི་མགོ་བོ་བསྐོར། །ལས་ཀྱི་གཤིན་རྗེའི་ཁ་ནས་འཕྲོག །ལྟས་ངན་འཇིགས་པའི་གཡངས་སུ་བསླངས། །རྐྱེན་ངན་བར་ཆད་ཚེ་རུ་བསྒྱུར། ཁྱོད་དགའ་རུ་ཚོར་རམ་བཞིན་བཟང་མ། །ལས་བྱས་པ་ཤེས་པ་དགའ་ན་ཡང་། །རྗེ་སྐུ་དྲིན་ཤིན་ཏུ་ཆེའོ་ཞེས། །ངག་སྙན་པའི་ཚིག་གི་གཏང་རག་གཏོང་། །གླུ་དེ་ལ་ང་ཡང་བྲོད་པ་སྐྱེས། །ད་ཕྱིན་ཆད་ངས་ཟེར་ཉན་སྤྱོད་ན། །ཐར་མེད་སྡུག་བསྔལ་ཆེན་པོའི་ལམ། །རྦ་རླབས་ཅན་གྱི་ཆུ་བཞི་དང་། །བགྲོད་དཀའ་མི་ཁོམ་བརྒྱད་ཀྱི་གནས། །ཚང་ཚིང་སྲིད་པའི་ནགས་ཚལ་དང་། །བདུད་བཞིའི་འཇིགས་པ་བསྒུགས་པའི་ས། །ཟུར་མེད་བར་དོ་གསུམ་གྱི་འཕྲང་། །ཡ་ང་མེད་པར་བསྒྲལ་ནས་ཀྱང་། །རྟག་ཏུ་བདེ་འཐོབ་ཡངས་པའི་ལམ། །ཞི་བ་རིན་ཆེན་གླིང་དེ་རུ། །ཕྱིན་པར་ཁས་ལེན་གདོན་མི་ཟ། །མི་ངས་ཟེར་ཡ་མཚན་མི་ཆེ་སྟེ། །ང་ཡི་བརྒྱུད་པ་ངོ་མཚར་ཆེ། །དྲུག་པ་རྡོ་རྗེ་འཆང་ཆེན་ནས། །སྒྲ་སྒྱུར་ལོ་ཙཱ་ཡན་ཆད་དུ། །བདེ་གཤེགས་སྤྲུལ་པ་མ་ལགས་པ། །གདམས་ངག་བརྒྱུད་པས་བར་མ་ཆད། །དེ་ཕྱིར་ངས་ཟེར་གཙིགས་སུ་ཆེ། དབུས་རྒྱ་གར་ཡུལ་དུ་སྒྲ་ཆེ་བ། དཔལ་ནཱ་རོ་མཻ་ཏྲི་སྐད་ཅིང་གདའ། །ཁོང་སྙན་པས་ཕྱོགས་རྣམས་ཁྱབ་པའི་ཕྱིར། །མཚན་སྔོན་ཆད་ཁྱོད་ཀྱིས་ཐོས་ཏེ་མཆི། །རྗེ་གྲུབ་ཐོབ་གཉིས་ཀྱིས་བྱིན་བརླབས་པའི། །ལྷོ་བྲག་མར་པ་ལོ་ཙཱ་ཡིན། །ཕ་སྤྲུལ་སྐུ་དེ་ཡི་ཞབས་དྲུང་དུ། །ལོ་དྲུག་ཟླ་མཐོང་བརྒྱད་དུ་བསྡད། །ལུས་སྐུ་དང་གྲིབ་མ་བཞིན་དུ་འགྲོགས། །རྗེས་གསུངས་པའི་བཀའ་ལ་ཚད་མར་བཟུང་། །ཐུགས་གཏིང་ནས་མཉེས་པའི་གནད་ཀ་དེས། །རྒྱུད་ཟབ་མོར་གྲགས་པའི་དགྱེས་རྡོར་དང་། བྱིན་རླབས་ཅན་གྱི་བདེ་མཆོག་དང་། །སྙིང་པོ་མ་ཧཱ་མ་ཡའི་རྒྱུད། །དཔལ་ནམ་མཁའ་ལྟ་བུའི་གསང་འདུས་དང་། །བཀའ་སྲུང་ཅན་གྱི་གདན་བཞི་དང་། སྤྲུལ་པ་སངས་རྒྱས་ཐོད་པའི་རྒྱུད། །དོན་མཐར་ཐུག་སྟོན་པ་སྙིང་པོའི་སྐོར། །བཀའ་རྒྱ་མཚོ་ལྟར་ཟབ་རྒྱུད་འགྲེལ་ལས། །བཅུད་ནོར་བུ་རིན་ཆེན་གཏིང་ནས་བླངས། །གནད་ཟབ་དགུའི་དོན་སྙིང་ཕྱུང་བ་རྣམས། །གསེར་ཞུན་མ་ལྟ་བུར་དྲིལ་ནས་ཀྱང་། །ཕྲི་བསྣན་ལྷག་ཆད་ཡོད་རེ་ཞེས། མཁའ་འགྲོ་དཔང་བཞག་དབུ་བསྙུང་བཞེས། །སྙན་བརྒྱུད་གདམས་ངག་རྫོགས་པ་གནང་། །ཕ་སྐུ་དྲིན་ཆེ་བས་སེམས་ལ་འཕྲེང་། །དྲིན་ལེན་དུ་སྒྲུབ་པའི་མཆོད་པ་འབུལ། །སྒོམས་ཡུན་དུ་བསྲིང་བའི་གནད་ཀ་དེས། །རླུང་འབྱུང་བ་བཞི་ལ་རང་དབང་ཐོབ། །རོ་སྙོམས་ཀྱི་སྤྱོད་པ་གདིངས་སུ་གྱུར། །ནད་འདུ་བ་འཁྲུགས་པའི་འཇིགས་པ་མེད། བུ་ཁྱོད་ཀྱི་བདེ་བ་བཞེད་པ་ན། །ངས་ཟེར་ཉོན་ལ་ང་ཕྱིར་འབྲོང་། །ངོ་སྤྲོད་ལྟོས་ལ་རང་བཞིན་བསྒོམས། །དུས་འདི་ལ་ལམ་སྣ་ཟིན་པར་འཚལ། །ཚེ་ཕྱི་མ་ཕན་ཆད་རྟག་ཏུ་བདེ། །ད་ལྟ་ལུས་ལ་ནད་མང་ཞིང་། །སེམས་ཀྱི་སྡུག་བསྔལ་མྱོང་བ་ཡང་། །ཉོན་མོངས་རྒྱུ་ཡི་ཉེར་ལེན་དང་། །གློ་བུར་རྐྱེན་གྱིས་མཚམས་སྦྱར་ནས། །སྔར་བྱས་ལས་ཀྱི་རྣམ་སྨིན་གྱིས། །རང་སྣང་སྒྲིབ་པ་དེ་ལྟར་འབྱུང་། །འདི་ཡང་རྨི་ལམ་སྐད་ཅིག་ཙམ། །དེ་ལ་འབུམ་འགྱུར་བྱེ་བ་ཡི། །གཉུག་རིང་ཤིན་ཏུ་བཟོད་དཀའ་བས། ན་རག་དམྱལ་བའི་སྡུག་བསྔལ་མང་། །དོན་དུ་སྣང་བ་ཡོད་མ་མྱོང་། །སྡིག་སེམས་བག་ཆགས་འཁྲུལ་པ་ལས། །ཕྱི་རོལ་སྡུག་བསྔལ་མྱོང་ཞེས་པ། །སྟོན་པ་ཤཱཀྱ་ཐུབ་པ་ལ། །རྡོ་རྗེ་སྙིང་པོས་ཞུས་པའི་ལན། །ངེས་པ་དོན་གྱི་མདོ་ལས་གསུངས། །དེ་ཕྱིར་ཀུན་བརྟག་འཁྲུལ་པའི་གཞི། །ཐམས་ཅད་སེམས་སུ་མ་ཤེས་ན། །ཚངས་པའི་འཇིག་རྟེན་དབང་བསྒྱུར་ཡང་། །དེ་ལ་བདེན་པ་ཡོད་མ་ཡིན། མཉམ་བཞག་གཞི་ཡི་བསམ་གཏན་ལ། །བསྐལ་པར་གནས་ཀྱང་དམན་པའི་ལམ། །ཐམས་ཅད་མཁྱེན་པ་འཐོབ་མི་སྲིད། །དེ་བས་ལས་དང་ཉོན་མོངས་ཀྱིས། །སྒྲིབ་གཡོག་བག་ཆགས་སྦྱོང་བའི་ཕྱིར། །བྱང་ཆུབ་སེམས་ཀྱི་རྒྱུན་བསྒོམ་ཞིང་། །དོན་མྱུར་དུ་སྒྲུབས་ཤིག་སྐལ་བཟང་མ། །ཞེས་བཙུན་མོ་སྨན་བཙུན་བཞིན་བཟང་མ་རྣམས་དོན་ཞིབ་ཏུ་བསྙད་པའི་གླུ་དེ་རྣམས་གོ་བར་གྱིས་ལ་ཁྱད་པར་དུ་བསྟན་པའི་དོན་དེ་རྣམས་མྱུར་དུ་སྒྲུབས་ཤིག །ཅེས་གདམས་པ། ཁྱེད་ཀྱི་སྙིང་ལམ་ན་འབྲས་བུ་སྐུ་བཞི་བྱ་བ་ཅིག །ལོག་ནས་བཙལ་དུ་ཡོད་སྙམ་ནའང་། སངས་རྒྱས་ཞེས་བྱ་བའི་ཐ་དད་ཅིག་ལོག་ནས་གཞན་དུ་བཙལ་དུ་མེད་དེ། འོ་སྐོལ་སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་ལ། འཆི་བ་འོད་གསལ་ཆོས་ཀྱི་སྐུ། བར་དོ་དག་པ་ལོངས་སྤྱོད་རྫོགས་པའི་སྐུ། སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ། སྐུ་གསུམ་རང་བཞིན་ཐ་མི་དད་པ་ངོ་བོ་ཉིད་ཀྱི་སྐུ་དེ་བཞིན་རང་ཅག་རྣམས་ལ་རང་ཆས་སུ་ཡོད་པ་ངོ་མ་ཤེས། དེ་ངོ་སྤྲོད་པར་བྱེད་པ་ལ་གྲུབ་ཐོབ་བརྒྱུད་པའི་བར་མ་ཆད་པའི་གདམས་ངག་ཟབ་མོ་དགོས་པ་ཡིན་གསུངས་པས། ཁོང་ཅག་རྣམས་ན་རེ། རྗེ་བཙུན་ལགས། ཁོ་མོ་ཅག་གི་སྔོན། སློབ་དཔོན་པདྨ་འབྱུང་གནས་བོད་ལ་བྱོན་པའི་དུས་སུ་ཁ་ལ་རོང་སྒོ་རུ་སྔུན་བསུས་ནས་ཐོ་འཚམས་སུ་ཕྱིན་པ་ལ། སླར་ཕྱག་རྒྱ་ཆེན་པོའི་ཟིལ་འོག་ཏུ་མནན་ནས། བཀའ་འབངས་བགྱིད་པར་གཙིགས་སུ་ལ་དབབ་རང་སྔགས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ། དེའི་དུས་སུ་མདོ་སྡེ་རྒྱུ་འབྲས་ཀྱི་ཆོས་མང་དུ་ཐོས། ཡང་རྒྱ་གར་གྱི་དུར་ཁྲོད་ཆེན་པོ་མུན་པ་སྒྲ་སྒྲོག་ཞེས་བྱ་བར་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། བརཏལ་ཞུགས་སྤྱོད་པ་ནག་པོ་ཞབས་ལ་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཐོབ་ཅིང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་མང་དུ་ཐོས་པས་དེའི་ཕྱིར་བཀའ་གསང་བསྟན་པའི་སྣོད་ཀྱང་རུང་ལ། ད་རེས་ཀྱི་བྲོ་ནད་ཆེན་པོ་འདི་ལ་ཁོ་མོ་ཤིན་ཏུ་འཇིགས་ཤིང་སྐྲག་པ་ཉམས་སུ་མྱོང་བའི་ཕྱིར་ན་སེམས་ཅན་དམྱལ་བའི་སྡུག་བསྔལ་སྐད་ཅིག་ཙམ་ཡང་བཟོད་པར་མི་ནུས་པས། དེ་བས་གོང་དུ་བསྟན་པའི་ཡང་ང་བ་དེ་རྣམས་ལས་བསྐྱབ་ཅིང་དག་པའི་སྐུ། མངོན་དུ་ངོ་སྤྲོད་བྱེད་པའི་གདམས་ངག་འདི་ཉིད་ཐུགས་ལ་འདོགས་འཚལ། །ཞེས་ཞུ་དོན་གླུ་རུ་ཕུལ་བ་ལགས་སྐད་དོ། །དཔལ་ནམ་མཁའ་འོད་ཀྱི་ཞིང་ཁམས་ན། །སྤྲིན་ཨ་ཝ་གསེར་མདོག་ལྡིང་བ་དེ། །ཀླུ་རྒྱལ་རིགས་གཙུག་ན་རིན་ཆེན་གྱིས། །ཡ་མཚན་རྫུ་འཕྲུལ་བཀོད་པ་ཡིན། སྤྲིན་དེ་ཡི་འོག་ནས་འཕྱོ་ལྡིང་བ། །བར་སྣང་ལྷ་སྲིན་མིའམ་ཅི། །ལྷ་སྲིན་སྡེ་བརྒྱད་བུ་མོ་རྣམས། །སྣ་ཚོགས་འདོད་ཡོན་ལོངས་སྤྱོད་ཅིང་། །གླུ་གར་རྩེད་འཇོ་ཤིན་ཏུ་དགའ། སྤྲིན་ཨ་ཝ་ལྡིང་གི་འོག་རོལ་ན། །སྨན་དོང་པ་བཀྲ་ཤིས་དིང་མ་ཤོད། །ཕུ་ནི་ལྷ་བྲག་གངས་ཀྱིས་བསྐོར། །མདའ་ནི་གཙང་ཆབ་ལུ་མ་གཉན། །བར་གཡུ་ཡི་སྤང་པོ་བཏིང་བ་ལ། །སྨན་གཡུལ་པའི་རྩེ་བྲོ་ལྟད་མོར་ཆེ། །སྨན་ལུང་ཤེལ་གྱི་དོགས་ས་དེ། །འོག་ཀླུ་ཡི་བང་མཛོད་ཡིན་པའི་ཕྱིར། །རྩི་བཅུད་ལོངས་སྤྱོད་འབྱུང་བའི་གནས། །རྐང་བཞི་དུད་འགྲོ་འཕེལ་བའི་ས། །འབྲོག་དེ་ན་དབེན་གནས་ཉམས་དགའ་བ། །ཆུ་བར་སྤྲུལ་སྐུའི་ཕོ་བྲང་ཡོད། །གནས་དེ་ནས་སྐྱེས་མཆོག་ཡ་མཚན་ཅན། །མཛེས་པའི་སྐུ་ལུས་རིན་པོ་ཆེ། །མཐོང་དང་ཐོས་པ་ཙམ་གྱིས་ཀྱང་། །འགྲོ་དྲུག་སྒྲིབ་པ་སྦྱོང་མཛད་ཅིང་། །ཕྱག་རྒྱ་སྐུ་ཡི་བཀོད་པ་ཡི། །སྣ་ཚོགས་རྫུ་འཕྲུལ་སྟོན་མཛད་དེ། །ཀུན་མཁྱེན་སེམས་ཉིད་དོན་རྟོགས་པའི། །ཆོས་ཉིད་མཁའ་ལ་དབང་བསྒྱུར་ཞིང་། །རྣམ་དག་བྱམས་པའི་གསུང་གིས་ནི། །ཆོས་ཉིད་སྟོང་པའི་སྒྲ་སྒྲོགས་པས། །ངེད་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །དད་པའི་ས་བོན་གསོས་བཏབ་ནས། །བཀའ་བཞིན་ཉན་ཅིང་གུས་པ་བགྱིད། །ཅི་བསམ་འབྱུང་བའི་ཡིད་བཞིན་ནོར། །ནོར་བུ་རིན་ཆེན་རྒྱལ་བ་སྲས། །ཁྱེད་ལ་རྟག་ཏུ་མཆིས་གྱུར་པའི། །འཇིག་རྟེན་མིག་བསྒྱུར་མཁའ་འགྲོ་མ། །བུད་མེད་གཟུགས་བཟང་ཁོ་མོ་ཅག །སྔོན་ཆད་འཁོར་བ་ཐོག་མེད་ཀྱིས། །མ་རིག་འཁྲུལ་པའི་རིགས་རྒྱུད་དང་། །ལས་སྲིད་པའི་ཉིང་མཚམས་སྦྱོར་བ་དེས། །དང་པོར་མི་སྐྱེའི་ཐབས་མ་མཆིས། ད་ཅུང་ཞིག་སྡོད་དོ་སྙམ་པ་ལ། །འཆི་བདག་གཤིན་རྗེ་སྐད་པ་དེ། །འཐིབ་ནོན་གྱི་མུན་པ་གཙུག་ན་འཁྱིལ། །འཆོར་མེད་ཀྱི་ཞོང་པ་ལག་ན་ཐོགས། །དུས་ནམ་ཞིག་ཚེ་ན་རང་དབང་མེད། འབྱུང་བཞི་ལུས་ཀྱི་མདངས་འཕྲོག་ཅིང་། ནང་སྲོག་གི་དབང་པོ་འགག་པར་བྱེད། །དེ་ནས་བར་དོའི་སྣང་བ་འཆར། །སྣང་མུན་འོད་ཀྱི་ལམ་སྲང་དེར། །བརྩེ་མེད་གཤེད་པོ་ཕྱི་བཞིན་འབྲང་། །ཉམ་ཐག་དམྱལ་བའི་སྡུག་བསྔལ་མྱོང་། །དེ་རྗེས་མིང་གཞི་འཁྱམས་པོ་དེ། །ལས་ངན་རླུང་དང་བག་ཆགས་ཀྱིས། །ཆ་མེད་ཡུལ་དུ་རྒྱུས་མེད་འཁྲིད། །རང་དབང་མེད་པར་སྐྱེ་གནས་འཚོལ། །འཁོར་བ་ཟོ་ཆུའི་འཁྱུད་མོ་རུ། །སྐྱེ་རྒ་ན་འཆི་སྲིད་པའི་མཚོ། །གཡོ་འཁྲུགས་རྦ་རླབས་བསྐྱོད་པ་ལས། སྔོན་ཆད་བྱིང་བ་སྐྱབས་མེད་ན། །ད་རེས་དེད་དཔོན་ཁྱེད་ཀྱི་མཐུས། །བྱང་ཆུབ་སེམས་ཀྱི་གཟེངས་བཅས་ནས། །འཇིགས་ཤིང་ལྟ་བའི་རླུང་ལོག་དང་། །འདོད་ཡོན་གཡོ་བ་སྲིན་མོའི་གླིང་། །ལས་ཀྱི་ཆུ་སྲིན་འཚེ་བ་ཆེ། མི་འཇིགས་བདེ་བར་སྐྱབས་ནས་ཀྱང་། །ཕ་མཐར་སོན་པ་ནོར་བུའི་གླིང་། །སྣ་ཚོགས་རིན་ཆེན་ས་གཞི་ལ། །ལམ་རིང་དུབ་པའི་ཚོང་པ་རྣམས། །ངལ་གསོས་ངལ་བར་གཉིད་ལོག་ཅིང་། །ཅི་བསམ་དགོས་འདོད་ལེན་པར་ཞུ། །འཁོར་བའི་རི་སུལ་ཉམ་ང་བར། །འཇིགས་བཅས་མི་ཁོམ་བརྒྱད་ཀྱི་གནས། །སྒྲིབ་གཡོག་མུན་པ་ཆེར་གནས་ཤིང་། །ཉོན་མོངས་གཅན་གཟན་མ་རུངས་པ། །མཐོང་བས་འཇིགས་པའི་མཆེ་བ་བདར། །སྐྱོན་གྱི་ཟུག་རྔུ་མཆེ་བ་ཅན། །སྡུག་བསྔལ་བརྒྱད་ཀྱི་ནགས་ཁྲོད་དུ། །ལམ་སྟོར་སྨག་རུམ་འཐོམ་པ་རྣམས། །ཁྱོད་གསུང་དྲི་མ་དང་བྲལ་བ། །ཆ་ཤས་ཡོངས་རྫོགས་སྟོན་ཀ་ཡི། །ཟླ་བ་ལྟར་དཀར་སྤྲིན་མེད་ཅིང་། །འོད་འཕྲོ་སྣང་བ་འགྱུར་བ་དེས། །མ་རིག་མུན་པ་བསལ་ནས་ཀྱང་། །རྣམ་དག་སྤངས་པའི་ལམ་བསྟན་ཞུ། །ལམ་འཇིགས་པ་ཅན་གྱི་བར་དོ་རུ། །འཕྲང་འཛུལ་མེད་གསུམ་ལ་སྐུངས་སྟོན་ཅིང་། །དེ་སྔོན་ཆད་བདུད་ཀྱི་ཇག་པས་ཁྱེར། །ལས་ཀྱི་ལྕགས་སྒྲོག་དམ་པོས་བཅིངས། ཐར་མེད་ཁྲི་མུན་དོང་དུ་བསྐྱུར། །དུས་ད་རེས་སྐྱབས་གནས་བླ་མ་རྗེ། །རྒོལ་བ་སུས་ཀྱང་མི་སྤོབས་པ། །དཔུང་གཉེན་ཁྱེད་ཀྱི་མཐུ་སྟོབས་ཀྱིས། །འཇིགས་པའི་ལམ་འཕྲང་བསྒྲལ་བའི་ཕྱིར། །འཆི་བ་འོད་གསལ་ཆོས་ཀྱི་སྐུ། །ཆོས་སྐུ་ངོ་སྤྲོད་ཀྱི་གདམས་ངག་ཞུ། །བར་དོ་དག་པའི་སྒྱུ་ལུས་ལ། །ལོངས་སྐུ་ངོ་སྤྲོད་ཀྱི་གདམས་ངག་ཞུ། །སྐྱེ་གནས་གར་སྐྱེས་རང་དབང་ཡོད། །སྤྲུལ་སྐུ་ངོ་སྤྲོད་ཀྱི་གདམས་ངག་ཞུ། །འཕྲང་དེ་གསུམ་སྒྲོལ་བའི་ཕ་རོལ་ན། །བར་ཆད་བདུད་ལས་གྲོལ་བ་ཡི། །མི་འཇིགས་སྙེམས་དང་བྲལ་བའི་ས། །ཕྱིར་མི་ལྡོག་པ་གཏན་གྱི་ཡུལ། །དགའ་བདེ་སྤངས་པའི་ཞིང་ཁམས་ཤིག །ཡོད་པ་སྐད་དོ་ཁོ་མོས་ཐོས། སྔོན་ཆད་མ་ཕྱིན་མཐོང་མ་མྱོང་། །འགྲོ་མགོན་བླ་མ་ཐུགས་རྗེ་ཅན། །སྐྱོབ་པ་ཁྱོད་ཀྱི་ཤུལ་མཚོན་ཏེ། །མ་མཐོང་ཡུལ་དེ་བསྟན་པར་ཞུ། །ཡ་ངའི་གནས་སུ་ཉམ་ཐག་ཅིང་། །མགོན་མེད་སྨྲེ་སྔགས་འདོན་པ་རྣམས། །དུས་གཞན་མ་ཡིན་འདི་ཉིད་ལ། །འབྲས་བུ་སྐུ་བཞི་མངོན་གྱུར་ཞུ། །ཞེས་གསོལ་བ་བཏབ་སྟེ་དངུལ་དཀར་གྱི་མེ་ལོང་ལ་གསེར་གྱི་པདྨ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཀོད་པ་གཅིག་གིས་བརྒྱན་པའི་མཎྜྻལ་ཕུལ་ནས། ཡང་རྗེ་བཙུན་གྱིས་གསུངས་པ། བཞིན་བཟང་མ་ཁྱོད་ང་ལ་དེ་ཙམ་དུ་མོས་ཤིང་འདུན་པས་ཆོས་ནན་ཏན་དུ་ཞུ་བ་ལ་ང་རང་གི་ལུགས་ཀྱི་བྱིན་རླབས་བྱེད་དགོས་པས་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་དུ་བཤམ་དགོས་གསུངས་པས། ཁོ་བོ་ཅག་རྣམས་ཀྱི་དེའི་ནུབ་མོ་རང་ལ་ཟས་སྣ་དྲུག་ཅུ་ཙམ་ཚོགས་པའི་ཁ་ཟས་བཤམས་ཏེ། མེ་ཏོག་གི་ཚོམ་བུའི་མཎྜྻལ་བཀོད་པ་ལ་བརྟེན་ནས། རྗེ་བཙུན་ཆེན་པོས་ཁོ་མོ་ཅག་ལྔ་ལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་ལུགས་སུ་དབང་བསྐུར་བའི་བྱིན་རླབས་མཛད། དེའི་དུས་སུ་བར་དོའི་འཕྲང་སྒྲོལ་བའི་ལུགས་སུ་ངོ་སྤྲོད་ཀྱི་གདམས་ངག་དག་པ་བདེ་ཆེན་གྱི་ཞིང་ཁམས་ལུགས་འདི་རྣམས་མགུར་དུ་བཞེངས་པ། འཛམ་གླིང་རྒྱལ་པོ་རྒྱ་གར་ཡུལ། །གཙུག་ལག་ཁང་ཆེན་བྷི་ཀ་མ། །རིག་པའི་འབྱུང་གནས་དེ་ཉིད་ཀྱིས། །བྱང་སྒོ་སྲུང་བའི་པཎྜྻི་ཏ། །མི་ཡི་སེང་གེ་འགྲན་ཟླ་མེད། །རྒོལ་བ་ངན་པའི་ཀླད་འགེམས་ཕྱིར། །གྱད་སྟོབས་པོ་ཆེ་ཡི་དཔེ་དང་མཚུངས། །བཀའ་རྒྱུད་སྡེ་བཞི་ལ་མ་རྨོངས་པ། །མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་པ་དེ། །རྗེ་ནཱ་རོ་པཎ་ཆེན་མ་ལགས་སམ། །དེ་ཉིད་སྲས་ཀྱི་མཆོག་གྱུར་པ། །དཀའ་བ་སྤྱད་པའི་ཐུགས་རུས་ཅན། །ལྷོ་བྲག་མར་པ་ལོ་ཙཱ་ཞེས། །མཚན་ཡོངས་སུ་གྲགས་སོ་འབྲུག་སྒྲ་ལྟར། །རྗེ་སྐུ་དྲིན་ཅན་གྱི་སྤྱན་སྔ་ནས། །ཤཱཀ་ཐུབ་བསྟན་པའི་སྙིགས་མ་ལ། །མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ། །བདུད་རིགས་བར་ཆད་མང་བའི་ཕྱིར། །དུས་ཡུན་རིང་སྡོད་པའི་ལོང་མེད་ཀྱིས། །ཤེས་བྱའི་མཐའ་ལ་ཆོད་དུས་མེད། །རྒྱུད་སྡེའི་མཁྱེན་རྒྱ་མི་འཚལ་བར། བུ་སྒྲུབ་པ་སྙིང་པོར་ལོངས་ཤིག་གསུངས། །མི་ངས་ཀྱང་ལེ་ལོ་མ་བགྱིས་ཏེ། །རྗེས་གསུངས་པའི་བཀའ་བཞིན་རྗེས་སུ་ཉན། །རི་ཁྲོད་བས་མཐའ་བསྙགས་ནས་ཀྱང་། །ལུས་དཀའ་ཐུབ་སྤྱད་དེ་བསྒོམས་པ་ལས། །ཉམས་ཅུང་ཟད་རྒྱུད་ལ་སྐྱེས་པ་ཡོད། །སེམས་ལྷན་ནེ་གཏོད་ཅིག་སྐལ་བཟང་མ། །སྤྱིར་འོ་སྐོལ་འགྲོ་དྲུག་སེམས་ཅན་ལ། །གཞི་བར་དོའི་ཆོས་དྲུག་ཤེས་ཀྱང་འཚལ། །ལམ་སྲིད་པ་གསུམ་གྱི་འབྱུང་འཇུག་གིས། །གནས་ཁམས་གསུམ་འཁོར་བ་ཡང་ལྡོག །འཕྲང་འཛུགས་མེད་གསུམ་གྱི་སོ་མཚམས་སུ། །ཤུལ་རིང་མགྲོན་གྱི་མི་རྣམས་ལ། །མཛའ་བཤེས་གཉེན་གྱི་བྱ་ར་བས། །དགའ་བྲོད་གདང་ནས་བསུ་བ་ཡོད། །སུན་མ་དེ་དང་མ་མཇལ་ན། དགྲ་སྣང་གཤེད་མའི་ཆས་བརྙེས་པས། །བྱ་ལྟ་ཤུལ་དུ་འོང་སྟེ་མཆི། །དཔུང་དེད་དཔོན་གསུམ་དང་མ་འགྲོགས་ན། །དགའ་བྲོད་རྒྱུས་མེད་འཇིགས་བཅས་ཚོགས་པ་རྣམས། །མ་མཐོང་འཇིགས་པའི་སྐུངས་ས་ནས། །ལུང་སྟོན་བདུད་ཀྱི་ཕོ་ཉ་གསུམ། །ཐར་མེད་ཇག་པས་འདམ་ན་བསྒྲུགས། །འདྲ་མིན་སྤྲུལ་པའི་གཟུགས་བརྙན་གྱིས། །བསླུ་བའི་ཚིག་གིས་ཡིད་བསྒྱུར་ཏེ། །ལམ་གོལ་ལོག་པར་ཁྲིད་ནས་སུ། །བདུན་ཕྲག་བདུན་པ་ཡན་ཆོད་དུ། །སྣང་མུན་སྲིད་པའི་བར་དོ་རུ། །ཚ་གྲང་སྡུག་བསྔལ་ཉམས་སུ་མྱོང་། །དེ་ནས་ལས་ཀྱི་རྗེས་འབྲང་སྟེ། །སླར་ཡང་འཁོར་བའི་བཙོན་རར་འཛུད། །བཙོན་ར་དེ་ལས་ཐར་འདོད་ན། །ད་རེས་འཁོར་འདས་བར་དོ་རུ། གནས་ལུགས་ངོ་སྤྲོད་ཕྱག་རྒྱ་ཆེ། །གཞི་ལྟ་བ་གཏན་ལ་དབབ་ཀྱང་འཚལ། །སྣང་བ་སྐྱེ་ཤིའི་བར་དོ་རུ། །རིག་པ་སེམས་ཀྱི་རྩལ་སྦྱངས་པ། ལམ་བསྐྱེད་རྫོགས་གཉིས་ལ་འབད་ཀྱང་འཚལ། །རང་བཞིན་ལམ་གྱི་བར་དོ་རུ། །གཉུག་མའི་ཡེ་ཤེས་ངོས་བཟུང་ཕྱིར། །སྙན་བརྒྱུད་ཀྱི་གདམས་ངག་བསྒོམ་ཡང་འཚལ། །རྨི་ལམ་གཉིད་ཀྱི་བར་རོ་རུ། །བག་ཆགས་ལམ་དུ་བསླང་བའི་ཕྱིར། །འོད་གསལ་སྒྱུ་ལུས་སྦྱང་ཡང་འཚལ། །ཐ་མལ་སྲིད་པའི་བར་དོ་རུ། །སྐུ་གསུམ་མངོན་དུ་འགྱུར་བའི་ཕྱིར། །ཞིང་ཁམས་གསུམ་དུ་བགྲོད་ཀྱང་འཚལ། །གལ་ཏེ་མངོན་དུ་མ་གྱུར་ན། །སྐྱེ་གནས་བརྒྱུད་པའི་བར་དོ་རུ། །སྨོན་ལམ་དག་པའི་མཚམས་སྦྱར་ནས། །རྒྱུ་འབྲས་མི་བསླུའི་རྟེན་འབྲེལ་གྱིས། །དལ་འབྱོར་འཛོམ་པའི་ལུས་ཐོབ་ཅིང་། །སྔ་མའི་ལས་འཕྲོ་སད་ནས་ཀྱང་། །ལམ་གྱི་རྟོགས་པ་མཐར་ཕྱིན་ཏེ། །རིང་པོར་མི་ཐོག་དེ་ཉིད་དང་། །གྲོལ་བར་འགྱུར་བར་ཐེ་ཚོམ་མེད། །ཁྱད་པར་ཡ་མཚན་ཆེ་བའི་བུད་མེད་ལྔ། །རྩེ་གཅིག་གུས་པས་བཀའ་ཉན་ཅིང་། །དོན་ཆེད་དུ་བསྐྱར་ཏེ་ཞུ་བ་ལ། །མི་ཁོ་བོས་བར་དོའི་གདམས་ངག་བཤད། །རྗེ་ལྷོ་བྲག་མར་པའི་ཐུགས་ཕྱུང་ཡང་། །དོན་འདི་ལས་ཟབ་པ་ཡོད་རེ་ཀན། །ཞེས་མགུར་དུ་བཞེངས་པ་ལ། ཡང་བཞིན་བཟང་མ་དེ་རྣམས་ལངས་ནས་ཕྱག་དང་བསྐོར་བ་ལན་བདུན་བདུན་བྱས་ནས་རིན་པོ་ཆེའི་ཕྲ་བཀོད་པའི་མཎྜྻལ་ཕུལ་ནས། རྗེ་བཙུན་གྱི་སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་ལ་བསྟོད་ཅིང་ལུས་སྙོམས་པར་འཇུག་པའི་དགའ་བཞིའི་ཡེ་ཤེས་བདེ་སྟོང་གི་མཆོད་པ་འབུལ་བ་དང་། བར་དོ་ངོ་སྤྲོད་ཀྱི་ཆོས་དེ་རྣམས་ཚིག་ཞིབ་རྒྱས་སུ་བསྙད་ཅིང་དོན་མདོར་འདུས་པ་ཉམས་སུ་བླངས་བ་ཅིག་གནང་འཚལ། །ཞེས་ཞུ་དོན་གླུ་རུ་ཕུལ་བ་འདི་སྐད་དོ། །རྗེ་འགྲོ་བ་འདྲེན་མཛད་བཀའ་དྲིན་ཅན། །ལྕགས་ལ་གསེར་འགྱུར་བཏབ་པ་བཞིན། །སྙན་བརྒྱུད་དག་པའི་བདུད་རྩི་ཡིས། སྡུག་བསྔལ་བདེ་བར་བསྒྱུར་མཛད་པ། །ཕ་སངས་རྒྱས་ཁྱེད་ལ་ཕྱག་འཚལ་གྱིས། །ཐུགས་བརྩེ་བས་མི་འབྲལ་རྟག་སྐྱོང་དང་། །རྒྱུད་སྦྱངས་པ་ཅན་གྱི་སྣང་བ་ལ། །ཞིང་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས། །བདེ་ཆེན་སྤྲོས་བྲལ་གྱི་ཕོ་བྲང་དེ། །རྗེ་བླ་མའི་གདན་ས་མ་ལགས་སམ། །ཌཱ་ཀི་སྤྲིན་ཚོགས་འདུ་བའི་དབུས། །གདོན་རིག་སྟོང་དབྱེར་མེད་སེང་གེའི་ཁྲི། །སྲིད་པའི་སྐྱོན་སྤངས་པདྨ་ཅན། །སྣ་ཚོགས་རྟོག་པའི་སྤྲིན་བྲལ་བ། །འོད་གསལ་ཉི་ཟླའི་དཀྱིལ་འཁོར་ལ། །ཕ་བླ་མ་རྗེ་བཙུན་བཞུགས་པ་དེ། །སྐུ་ལྟ་བས་མི་ངོམ་གཟི་མདངས་ཅན། །ཞལ་ལྷན་ནེ་ལྷ་ངེ་ཤིན་ཏུ་མཛེས། །ཡོན་ཏན་ཚོགས་ཀྱིས་རབ་བརྒྱན་ཏེ། །དཔེ་བྱད་མཚན་གྱིས་སྤྲས་པའི་ཕྱིར། རྒྱལ་སྲས་གཞོན་ནུ་ཉིད་དང་མཚུངས། །སྐུ་མཐོང་ནས་དགའ་བའི་རྗེ་ལ་བསྟོད། །གསུང་སྒྲ་དབྱངས་སྙན་པ་དྲི་ཟའི་གླུ། །སྒྲ་རང་སྣང་སྟོང་པ་ཆོས་ཀྱི་སྒྲ། །བདེ་ཆེན་སེང་གེ་སྒྲ་སྒྲོགས་པ། །བདུད་དང་མུ་སྟེགས་སྐྲག་མཛད་ཅིང་། །སྐལ་ལྡན་གདུང་བ་སེལ་མཛད་པ། །གསུང་དེ་ལ་སྙན་པས་ཕྱོགས་བཅུར་བསྟོད། །ཐུགས་མི་བྱེད་རྡོ་རྗེའི་སྙིང་པོ་ལྟར། །ཤེས་བྱའི་མཐར་ཐུག་ཀུན་ལ་མཁས། །ལྟ་བ་ཀུན་ཡངས་ནམ་མཁའ་ལ། །བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །གདུལ་བྱའི་མུན་པ་སེལ་མཛད་པ། །ཐུགས་མི་འགྱུར་བ་ཡི་རྗེ་ལ་བསྟོད། །རྗེ་སངས་རྒྱས་ཀྱི་ངོ་བོ་སྐུ་གསུང་ཐུགས། །སྣ་ཚོགས་སིདྡྷི་སྦྱིན་པའི་ཕྱིར། །ཡིད་བཞིན་ནོར་བུ་ལྟ་བུ་ཁྱོད། །རྒྱལ་མཚན་རྩེ་མོ་སྤྱི་གཙུག་གིས། །ཅོད་པན་གདན་ལ་རབ་བཞུགས་ནས། །བསམ་པ་དག་པས་བྱི་དོར་བྱས། །གཡེལ་བ་མེད་པར་ཉིན་མཚན་དུ། །ཕྱག་བྱས་མཆོད་ཅིང་གསོལ་བཏབ་ནས། །ཅི་འདོད་རེ་བ་སྐོང་མཛད་ཅིང་། འདོད་པའི་དོན་རྣམས་སྒྲུབ་མཛད་པ། །དབང་གི་རྒྱལ་པོ་ལྟ་བུ་ཡི། །རྗེ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་ཐུགས་རྗེའི་སྤྲིན་ཚོགས་ལས། །བྱིན་རླབས་ཡེ་ཤེས་བདུད་རྩི་ཡི། །ཆར་བབས་འོ་མའི་རྒྱུན་དེ་ལས། །སྐལ་ལྡན་འགའ་ཞིག་འཐུང་བྱེད་པ། །སྐྱེ་གནས་འདི་ཉིད་ཁོ་ན་ལ། །ཉོན་མོངས་ཐ་བ་བཏུལ་ནས་ཀྱང་། །རྟོགས་པའི་མྱུ་གུ་འཁྲུངས་གྱུར་ཅིང་། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །སྐུ་དང་ཡེ་ཤེས་འཕྲིན་ལས་ཀྱི། །ལོ་འབྲས་མེ་ཏོག་ཕུན་སུམ་ཚོགས། །འཁོར་ཀུན་རབ་ཏུ་ཚིམ་མཛད་པ། །རིང་པོར་མི་ཐོགས་བསྐྲུན་པར་ཤོག །དེ་མ་ཐོབ་ཀྱི་བར་དུ་ཡང་། །ཕོ་ཉས་བགྲོད་པའི་ལམ་གྱི་རྟེན། །ཟག་བཅས་ལུས་ཀྱི་བདེ་བ་ཡང་། ཟག་མེད་ཏིང་འཛིན་ཆེར་སྐྱེད་པ། །དགའ་བ་རྣམ་བཞིའི་ཡེ་ཤེས་ཀྱི། །བདེ་སྟོང་ཏིང་འཛིན་ལ་གནས་ཤིང་། །དབུ་མའི་ལམ་ལ་འཇུག་པའི་ཕྱིར། །ཡོངས་སུ་སྦྱངས་པའི་ཤེས་རབ་ལ། །ཁོ་མོས་བགྱིད་པར་འཚལ་ལགས་པས། །དགྱེས་བཞིན་ཁྱེད་ཀྱིས་གནང་བར་མཛོད། །དེ་རྗེས་སླད་ནས་ཞུ་བའི་དོན། །ཆོས་འདི་བར་དོ་འཕྲང་སྒྲོལ་ལ། །ཕྱོགས་སྙན་ཚིག་གི་བརྡ་ཡི་མཇལ། །དམར་ཁྲིད་ཞིབ་ཏུ་བསྙད་པ་དང་། །སྐུ་བཞི་ངོ་སྤྲོད་དོན་གྱི་གནད། །མངོན་གྱུར་དུས་དང་ས་མཚམས་ཀྱི། །མདོར་བསྡུས་འདི་ལས་མེད་ཅེས་པ། །ཞལ་ཁྲིད་ལག་ལེན་བསྡུས་པ་ཞུ། །གཞན་ཡང་ཁྱེད་ཀྱི་མཐུ་ཡིས་ཀྱང་། །ཆབ་འོག་འབངས་སུ་གྱུར་པ་ལས། །སྣ་ཚོགས་གདམས་པའི་བཅུད་བསྟན་པ། །རྒྱུད་དང་དབང་པོ་ཚིམ་གྱུར་ནས། །སྒྲུབ་པའི་འབྲས་བུ་མཐར་ཕྱུངས་ཏེ། །ཚེ་འདིའི་སྣང་བ་ཁོ་ན་ལ། །རྟགས་དང་ཡོན་ཏན་སྣ་ཚོགས་རྣམས། །རྗེ་བཙུན་ཁྱེད་དང་མཉམ་པར་ཤོག །ཅེས་མཇུག་དག་པ་སྨོན་ལམ་དང་བཅས་པའི་གླུ་རྗེ་བཙུན་གྱི་སྙན་དུ་ཕུལ་བས། ཡང་རྗེ་བཙུན་གྱིས་བཀའ་སྩལ་པ། བཞིན་བཟང་མ་རྣམས་གཞི་ཁམས་གསུམ་ན་མི་ཁོམ་པ་བརྒྱད་ཀྱི་འདུ་བྱེད་ཀྱི་ཐང་ཆད་ཅིང་ལམ་སྲིད་པ་གསུམ་ན་ཡུན་རིང་དུ་གཤེགས་པས། ལུས་ངལ་དུ་གྱུར་པའི་ཤུལ་རིང་གི་མགྲོན་པོ་གསུམ་ཡོད་དེ། གསུམ་པོ་དེ་གང་ཞེ་ན། གདམས་ངག་ཀྱང་ཡོད་ལ་ཉམས་སུ་བླངས་པའི་གང་ཟག་དང་། གདམས་ངག་ཀྱང་ཡོད་ལ་ཉམས་སུ་མ་བླངས་པའི་གང་ཟག་དང་། གདམས་ངག་མེད་ལ་ཉམས་སུ་མ་བླངས་པའི་གང་ཟག་རྣམས་སོ། །སྔ་མ་དེ་ལ་ནི་སྲིད་པའི་ལམ་དང་། འཇིགས་པའི་འཕྲང་དང་། བདུད་ཀྱིས་བསྒུགས་པ་ལ་སོགས་པའི་ཡ་ང་བ་གང་ཡང་མེད་དོ། །སྒོམ་པའི་གནད་ཀྱི་གྲོལ་བའི་ཕྱིར་རོ། །ཕྱི་མ་ནི་སྐྱེ་བ་ཐ་མལ་པ་དང་མཚུངས་ཏེ་ཡ་ང་བ་དང་བཅས་པའི་ལམ་འཕྲང་དེ་རྣམས་སུ་ཞུགས་ནས་རང་བཞིན་གྱིས་བདུད་ཀྱི་གནས་སུ་ཁྲིད་དེ། ཁམས་གསུམ་འཁོར་བའི་གནས་སུ་སྐྱེ་ཤི་བར་མ་ཆད་ཟོ་ཆུའི་འཁྱུད་མོ་ལྟར་ལོངས་སྤྱོད་པའོ། །བར་མ་དེ་ལ་ཡང་སྔར་བསྟན་པ་ལྟར་ཡ་ང་བ་དང་བཅས་པའི་ལམ་འཕྲང་གི་དོགས་པ་དེ་རྣམས་བསལ་ཞིང་། བར་ཆད་བདུད་ཀྱི་ཆས་བརྙེན་དེ་རྣམས་གཏན་ནས་དག་པའི་གདམས་ངག་ཡོད་དེ། ཁྱོད་ལ་མི་འགྱུར་བའི་དད་པ་དང་། ཟབ་མོ་ལ་མོས་པའི་ཤེས་རབ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱི་གོ་ཆ་ཡོད་ན་ཁམས་དང་དབང་པོའི་དུས་ཚོད་ལ་སྦྱར་ལ་ཁད་ཀྱིས་བསྙད་པར་བྱའོ། །ད་རེས་ཆོས་སྐུ་མངོན་གྱུར་གྱི་ས་མཚམས་ལག་ལེན་དུ་བསྟན་ནས། ལམ་འཆི་བའི་སྲིད་པ་དང་། འགྱུ་བ་གནད་གཅོད་ཀྱི་འཕྲང་། ཕྱི་ནང་འབྱུང་བའི་སྐྱེ་མཆེད་རིམ་གྱིས་ཐིམ་པའི་རྗེས་ལ་ཉོན་མོངས་པའི་འཆིང་བ་མཐའ་དག་ལས་གྲོལ་བ། ནམ་མཁའ་དངས་པ་ལ་ཉི་མ་ཤར་བ་ལྟ་བུ། ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ངོ་བོ་སྟོང་པ་ཉིད་ཀྱི་གནས་ལུགས་མ་བཅོས་པ་ཇི་ལྟ་བུ་ཅིག་དུས་དེར་འཆར་བས། དེ་ཀ་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་བླ་མ་དམ་པས་ངོ་སྤྲད་པའི་གནས་ལུགས་ལྟ་བའི་དོན་གོ་བ་དང་། མཚོན་བྱེད་ལམ་གྱི་འོད་གསལ་དང་། གཉིད་ཀྱི་འོད་གསལ་སྦྱང་འཚལ། ལམ་སྲིད་པ་བར་དོ་ལ་སྔོན་བྱུང་ཡིད་ཀྱི་གཟུགས་ཅན་ལས་ཀྱི་གཤིན་རྗེ་འཚེ་བའི་འཕྲང་། སྣང་མུན་འོད་ཀྱི་བར་དོ་རྒྱུ། དབང་པོ་ཀུན་ཚང་ཐོགས་པ་མེད་ཅིང་ལས་ཀྱི་རྫུ་འཕྲུལ་འོད་དང་ལྡན་པའི་ལུས་ཅིག་ཡོད་པ་དེ་ཀ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། ཟུང་འཇུག་ལྷ་ཡི་སྐུ་སྒྱུ་མ་ལྟ་བུར་བཞེངས་ནས་བག་ཆགས་སྔ་མའི་ལྷག་ལུས་སྦྱངས་པ་ཡིན་པས། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་བསྐྱེད་རིམ་ལྷ་ཡི་སྐུ་ལ་དམིགས་པ་གསལ་བ་དང་། མཚོན་བྱེད་ལམ་གྱི་སྒྱུ་མ་རྨི་ལམ་ཟིན་པར་སྦྱོང་འཚལ། ལམ་སྲིད་པ་ཐ་མལ། རིག་པ་ལས་ཀྱི་རླུང་གིས་རང་དབང་མེད་པར་བསྐྱེད་པའི་འཕྲང་། དྲི་ཟ་མངལ་གྱི་སྐྱེ་གནས་ཚོལ་བའི་དུས་དེར། ཕོ་མོ་སྦྱོར་བ་བྱེད་པ་ལ་ཆགས་སྡང་སྐྱེ་བས། སྔར་གྱི་གདམས་ངག་དྲན་པའི་གནད་ཀྱི་རང་ཉིད་བདེ་སྟོང་གི་ཉམས་དང་མི་འབྲལ་བར། གཉེན་པོའི་རྩལ་མཐར་ཕྱུང་བས་ལས་ཀྱི་སྣང་བ་འཆར། དུས་ཕྱིས་བསམ་བཞིན་སྐྱེ་བ་ལེན་པ་དེ་ཀ་སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་གྲོལ་ལམ་གཏུམ་མོ་དྲོད་ཀྱི་ཡེ་ཤེས་སྐྱེད་པ་དང་། ཆགས་ལམ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དབང་གསུམ་པའི་དོན་ཉམས་སུ་མྱོང་བས། ཕྲག་དོག་དང་མིག་སེར་སྦྱོང་འཚལ། མདོར་ཧྲིལ་གྱིས་དྲིལ་བ་ལ་འབྲས་བུ་གསུམ་མངོན་དུ་འགྱུར་ལུགས་ཀྱི་དུས་དང་ས་མཚམས་དེ་ལྟར་ཤེས་པར་བྱེད་འཚལ། རྗེ་ལྷོ་བྲག་མར་པའི་ཐུགས་ཀྱི་བཅུད་ཕྱུང་བ་སྙན་དོན་གྱི་ངོ་སྤྲོད་ཐབས་ལམ་རང་གནད་ཀྱི་མཐར་ཐུག་ཀྱང་དེ་ལས་མེད་དོ། །རྣལ་འབྱོར་ང་ཡི་དགོས་པའི་ཞེ་ཕུག་བློ་ཡིད་ཆེས་ཀྱི་གདིངས། འཕྲལ་ཉམས་སུ་བླང་རྒྱུ་འདི་ལས་མེད་པས་བཞིན་བཟང་མ་ཁྱེད་དེ་ལྟར་ཤེས་པར་ཉམས་སུ་ལོངས་ཤིག །ཅེས་གསུངས་པས་མིག་བསྒྱུར་མ་དེ་རྣམས་ཀྱི་ནང་ནས་གཙོ་མོ་བཀྲ་ཤིས་ཚེ་རིང་མ་ཐབས་ལམ་ཟབ་མོའི་གནད་ཀྱི་ངོ་སྤྲོད་ལ་ཤིན་ཏུ་དད་པར་གྱུར་པ་དེས། ཡང་ཞབས་སྤྱི་བོར་བླངས་ནས་རྗེ་བཙུན་ལགས། དུས་འདི་ནས་བཟུང་སྟེ་སྐྱེ་གནས་ཐམས་ཅད་དུ་ཁོ་མོ་ཁྱེད་ཕྱི་བཞིན་འབྲང་ཞིང་ལས་ཀྱི་ཕྱག་རྒྱ་བགྱིད་པར་ངོ་སྤྲོད་ཀྱི་གནད་དེ་རྣམས་ཀྱི་རྟོགས་པ་མཐར་ཕྱིན་གྱི་བར་དུ་ཐུགས་ལ་བཏགས་འཚལ་ཞེས་ཞུ་བ་ནན་ཏན་དུ་གསོལ་བ་བཏབ་ནས་ཕྱག་དང་བསྐོར་བ་ལན་གྲངས་དུ་བྱས་ཏེ་སླར་མོ་རང་གི་གནས་སུ་སོང་སྐད་དོ། །རྗེ་རས་པ་ཆེན་པོ་མཚན་བརྗོད་པར་དཀའ་བའི་དཔལ་བཞད་པའི་རྡོ་རྗེ་འཆང་། འཇིག་རྟེན་མིག་བསྒྱུར་གྱི་མཁའ་འགྲོ་མ་ལྔ་ཡི་འཕྲང་སྒྲོལ་གནད་ཀྱི་བར་དོ་ལ་དྲིས་པ་ལན་དང་བཅས་པའི་བརྡ་དོན་གླུ་བླངས་པ་རྣམས་ངན་རྫོང་སྟོན་པ་བོ་དྷི་རཱ་ཛ་དང་། ཞུ་ཡས་ངེས་པ་ཞི་བ་འོད་གཉིས་ཀྱི་མི་བརྗེད་པའི་ཚིག་གིས་བཟུང་ནས་གསལ་བྱེད་ཡི་གེར་བཏབ་པ་རྫོགས་སོ།། །།ན་མོ་གུ་རུ། བྱ་ཟླ་བའི་ཚེས་བརྒྱད་ཡོལ་ཙམ་ན་དབེན་གནས་སྨན་ལུང་ཆུ་བར་དུ་རྗེ་བཙུན་དགོངས་པ་ལ་བཞུགས་པའི་ཚེ། འོད་དཀར་བ་ཅིག་དཀར་ལྷག་གེ་བྱུང་སྐད། དེ་ནས་མི་སྣང་བར་སྒྲ་སྙན་པ་ཅིག་སང་སང་བྱུང་ནས་ཨིན་ཙམ་ན་དྲི་ཞིམ་པོ་སྔོན་ཆད་བྲོ་མ་མྱོང་བ་བྲོ་རུ་བྱུང་ཙམ་ན། བཀྲ་ཤིས་ཚེ་རིང་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་འཁོར་བཞི་པོ་གཅིག་གིས་སྒྲ་ཡི་བྱེ་བྲག་རོལ་མོའི་རིགས་མང་པོ་ཐོགས། གཅིག་གིས་དྲི་ཞིམ་མང་པོ་བསྲེགས་པའི་དུད་པ་ཐོགས། གཅིག་གིས་བཟའ་བ་དང་བཅའ་བ་གྱ་ནོམ་པ་སྣ་ཚོགས་ཐོགས། གཅིག་གིས་ན་བ་ཤིན་ཏུ་མང་པོ་དང་མེ་ཏོག་སྣ་ཚོགས་པ་ཐོགས་ཏེ་ཁོང་ལྔས་ཕྱག །བསྐོར་བ་བྱས་ནས་འདོད་ཡོན་གྱི་མཆོད་པ་སྣ་ཚོགས་ཕུལ་ནས། མགྲིན་གཅིག་ཏུ་སྡེབས་ནས་འདི་སྐད་བསྐུལ་བ། རྗེ་མཚན་ལྡན་བླ་མ་རིན་པོ་ཆེ། །དཀྱིལ་འཁོར་ལྷ་ཡིས་མཚན་བཏགས་པ། །བཞད་པ་རྡོ་རྗེ་མི་ཟེར་རམ། །ཡབ་དང་ཡུམ་གྱིས་མཚན་གསོལ་བ། །མི་ལ་ཐོས་དགའ་མི་ཟེར་རམ། །རྒྱལ་ཁམས་ཡོངས་ཀྱི་མཚན་བཏགས་པ། །གྲུབ་ཐོབ་རས་པ་མི་ཟེར་བར། །མཚན་གསུམ་ཡ་མཚན་ལྡན་པ་དེ། །གངས་མཐོ་ལྡིང་རྒྱལ་མོའི་གཡས་ཟུར་ན། ཆུ་བོ་ལོ་ཧནྟའི་ཀླུང་འགྲམ་ན། །ཡུལ་ཡ་མཚན་སྨན་ལུང་ཆུ་བར་ན། སྒྲུབ་པ་སྙིང་པོར་ལྷུར་ལེན་ཅིང་། །འཇིག་རྟེན་ཆོས་བརྒྱད་ཡལ་བར་དོར། །སྲིད་པའི་དགོན་པ་ནང་ནས་ཕྱུང་། །ངོ་མཚར་ཆེན་པོའི་རྣལ་འབྱོར་པ། །བདག་ཅག་བུད་མེད་ལྔ་པོ་འདི། །རྫུ་འཕྲུལ་ལུས་ཀྱིས་འདིར་ལྷགས་ཏེ། །སྙན་པའི་ཚིག་དང་འཇམ་པའི་དབྱངས། །ཅི་བདེར་རོལ་པའི་མཆོད་པ་འབུལ། །པད་ཅན་དུང་ཅན་རི་མོ་ཅན། །གླང་པོ་ཆེ་དང་དཀོན་པ་བཞིན། །བདག་ཅག་རྣམས་ལ་ལྡན་མི་ལྡན། །ལས་རྒྱ་ཞུ་བ་བཀའ་གནང་ངོ་། །དབབ་དང་ཟློག་དང་སྐྱིལ་བ་བཀྲམ། །བཀྲམ་པའི་སྦྱོར་བ་མཁྱེན་ལགས་སམ། །དེ་ལྟར་མཁྱེན་ན་མགྱོགས་བྱེད་ཀྱི། །ཕོ་ཉའི་ལམ་པ་ཡིན་པར་ངེས། །བཀའ་རྒྱུད་སྡེ་བླ་ན་མེད་པ་ནས། །ལྷ་དང་ཀླུ་དང་གནོད་སྦྱིན་གྱིས། །བུ་མོ་འགུགས་ཅེས་གསུངས་པས་ན། །བསྙེན་བཀུར་རྣམས་ཀྱི་ནང་ནས་ཀྱང་། །ཕྱག་རྒྱ་མཚན་ལྡན་ཆེའོ་སྐད། །དེ་ཕྱིར་བདག་ཅག་འདིར་ལྷགས་མཆིས། །དེ་མཁྱེན་པར་མཛོད་ཅིག་སྐལ་པ་ཅན། །གཅེར་བུའི་ལུས་ལ་གཟི་མདངས་ཅན། །ཞེས་དེ་སྐད་གླུ་ཡིས་བསྐུལ་པ་དང་། རྗེ་བཙུན་གྱིས་དེ་ཡི་ལེན་གསུངས་པ། དོ་ནུབ་ནམ་གྱི་ཆ་སྟོད་ལ། །ལྷང་ལྷང་གླུ་ཡིས་བརྡ་སྦྱར་བ། །གངས་ཁྱུང་མགོ་ཤེལ་གྱི་ཟུར་ཕུད་ལ། །ལྷོ་སྤྲིན་སྨུག་པོའི་བླ་རེ་བྲིས། །རྒྱུ་སྐར་མང་པོའི་ཕྲ་བཀོད་དེ། །སྨན་བཙུན་ཁྱེད་ཀྱི་ཕོ་བྲང་ཡིན། །ཚེ་རིང་དབང་ཆེ་སྐལ་པར་གནས། །དེ་སྲོག་གཅོད་སྤངས་པའི་རྣམ་སྨིན་ཡིན། །ཁྱེད་རྣམ་ཐོས་བུ་དང་ལོངས་སྤྱོད་མཉམ། །དེ་སེར་སྣ་སྤངས་པའི་རྣམ་སྨིན་ཡིན། །འཁོར་བཟང་བཀའ་བསྒོ་ཉན་པ་དེ། །བཟོད་ལ་ནན་ཏན་བྱས་པ་ཡིན། དེ་ནས་དགའ་བར་སྤྲོ་བ་དེ། །བརྩོན་འགྲུས་ལེ་ལོ་མེད་པ་ཡིན། །ད་ལྟ་ང་དང་འཕྲད་པ་དེ། །སྨོན་ལམ་བཟང་པོ་བཏབ་པ་ཡིན། །དེ་དོན་བཟང་ལ་ཉེ་བའི་གླུ། །དེ་དོན་ལ་སྦྱར་ཏེ་བགྱིད་འཚལ་ན། །རྗེ་ནཱ་རོ་པཎ་ཆེན་བརྒྱུད་པ་འདི། །ལམ་རྩ་དང་རླུང་ལ་རྟེན་འབྲེལ་བསྒྲིགས། །མཆོད་པ་རྣམས་ཀྱི་ནང་ནས་ཀྱང་། །ཕྱག་རྒྱ་མཚན་ལྡན་འབུལ་བ་དེ། །ཁྱད་པར་འཕགས་པའི་འབུལ་བ་ཡིན། །ཕྱག་རྒྱ་བཞི་དང་མཚན་ཉིད་འཚལ། །པད་ཅན་མདངས་ལྡན་བདེ་བ་རྒྱས། །དུང་ཅན་ཉམས་དགའ་བདེ་བ་མྱུར། །རི་མོའི་གཏིང་ཟབ་ཟག་པ་མེད། །གླང་པོ་དངོས་པོའི་གནས་ལུགས་རྟོགས། །ཉེས་པའི་སྐྱོན་དང་བྲལ་བ་དེ། །སྨན་བཙུན་བཀྲ་ཤིས་ཚེ་རིང་མ། །སྙོམས་འཇུག་གསང་བའི་བྷ་ག་ལ། །ཨེ་ཡིག་བཾ་གྱིས་མཚན་པ་ཡོད། །དེ་ཡི་ནོར་བུ་ཧཱུྃ་སྔོན་པོ། །ཕཊ་ཀྱིས་གཉིས་ཀའི་ཐིག་ལེ་བསྡམས། །ཐབས་དང་ཤེས་རབ་མཉམ་སྦྱོར་བས། །ཟུང་འཇུག་བདེ་བའི་མཆོད་པ་ཡིན། །དགའ་བ་བཞི་དང་སྐད་ཅིག་བཞི། །སྐུ་བཞི་ངོ་བོ་ཉིད་ཀྱི་ངང་། །འབེབས་པ་རུས་སྦལ་འགྲོས་སུ་འབེབས། །བཟློག་པ་དུད་འགྲོའི་མཆུར་བཞིན་ཟློག །བསྐྱིལ་བ་ཨ་ཝ་དྷུ་ཏིར་བསྐྱིལ། །བཀྲམ་པ་རྣམ་རྒྱལ་ཕྱག་རྒྱར་བཀྲམ། །ཐིག་ནི་མྱ་ངན་འདས་པའི་ལམ། །ལེ་ནི་མྱ་ངན་འདས་པའི་ཡིན། །ལས་ནི་རྣམ་པ་སྣ་ཚོགས་ལ། །ལས་ནི་སྡོམ་སྦྱོར་མཚམས་སྦྱོར་ཅིག །ཕྱག་ནི་དེ་དང་དེ་རུ་མཇལ། །རྒྱ་ནི་འཁོར་འདས་གཉིས་སུ་མེད། །ལས་ནི་གང་དང་གང་བྱེད་དོ། །དེ་ཡི་གྲོགས་ནི་ཐམས་ཅད་བྱེད། །ཕྱག་ནི་བདེ་སྟོང་ཐམས་ཅད་ལ། །མི་འདའི་ཕྱིར་ནི་ཕྱག་ཡིན་ནོ། །སྙོམས་འཇུག་མགྱོགས་བྱེད་ཕོ་ཉའི་ལམ། །ཟག་བཅས་བདེ་བས་གང་བའི་ལམ། །གསལ་སྟོང་དངོས་གྲུབ་འབྱུང་བའི་ལམ། །མི་རྟོགས་ཆོས་སྐུ་སྤྲོས་བྲལ་ལམ། །བདེ་སྟོང་ལོངས་སྤྱོད་རྫོགས་པའི་ལམ། །གསལ་སྟོང་སྤྲུལ་པ་སྐུ་ཡི་ལམ། །མི་གསལ་མི་རྟོགས་བདེ་ཆེན་ལམ། །མགྱོགས་བྱེད་ལམ་ཞེས་དེ་ལ་བྱ། །དེ་ཕྱིར་ཆགས་ལམ་སྦྱོར་བ་ཡིན། །ཁྱེད་རང་ངེས་པར་ཐར་པ་འཐོབ། །རྣལ་འབྱོར་ངས་ཀྱང་བཙན་ས་ཟིན། །སྐལ་པར་ལྡན་ནོ་བཞིན་བཟང་མ། །ཞེས་མགུར་དེ་སྐད་བཞེངས་ནས་དེ་ཕྱིན་ཆད་ནས་ལས་ཀྱི་ཕྱག་རྒྱ་མཛད་དེ། བཟའ་བཏུང་གྱ་ནོམ་པའི་ཡོན་བདག་མཛད། སྒོ་གཉིས་ཀྱི་ཐུགས་ཚིམ་པར་བྱས་སོ། །ལྷ་མ་ཡིན་གྱི་བུ་མོ་མཉེས་བཞིན་དུ་ཕྱག་རྒྱ་མཛད་དོ། །སྤྱིར་བཀྲ་ཤིས་ཚེ་རིང་མ་དང་། ལ་ཕྱིའི་འབྲོག་སྨན་ཟུ་ལེ་མ་དང་། ས་ལ་མང་བའི་སྨན་བཙུན་མ་དང་། ལིང་ཤིང་བྲག་གི་སྨན་བཙུན་མ་ལྔ་ལ་ཕྱག་རྒྱ་མཛད་དེ། གཅིག་ལས་ཁྱད་པར་དུ་ལྷག་པ་བཀྲ་ཤིས་ཚེ་རིང་མ་ཡིན་ནོ། །མི་མ་ཡིན་གྱི་བུ་མོ་ལས་ཀྱི་ཕྱག་རྒྱ་འགུགས་ནུས་པའི་སྐྱེས་བུ་ཆེན་པོ་ནུས་པ་ཅན་དཔལ་བཞད་པ་རྡོ་རྗེ་དང་། ལྗོངས་ཀྱི་བདག་མོ་བཀྲ་ཤིས་ཚེ་རིང་མ་གཉིས་ཕྱག་རྒྱའི་དྲིས་ལན་གྱི་མགུར་བདེ་སྟོང་ཡེ་ཤེས་སྤྲིན་གྱི་ཕྲེང་བ་ཞེས་བྱ་བ་ངན་རྫོང་སྟོན་པ་བོ་དྷི་ར་ཛ་དང་། རས་པ་ཞི་བ་འོད་ཅེས་བྱ་བའི་སྐལ་ལྡན་གཉིས་ཀྱིས་ཚོགས་དང་མཎྜྻལ་ཕུལ་ཞིང་གསོལ་བ་བཏབ་སྟེ་ཡི་གེར་བཀོད་པའོ། །དེ་ཐམས་ཅད་བཀྲ་ཤིས་ཚེ་རིང་མའི་སྐོར་རོ།། །།

དེ་ནས་རྗེ་བཙུན་ཆེན་པོ་ཅོག་རོ་འབྲི་མཚམས་སུ་བྱོན་པ་ལ། མདོ་བཀྲ་དཔལ་བརྩེགས་བྱ་བ་ན་བུད་མེད་བུ་ཆུང་འཚོ་བ་ཅིག་འདུག་པས། ཆོ་ཡི་བུ་འཚོས་པས་ལས་མ་ཟིན། ལས་བྱས་པས་བུ་ངུས་པས་མོ་ན་རེ། རྣལ་འབྱོར་པ་དལ་པོར་བསྡད་ཀྱང་ཚིལ་བུ་ཡང་མི་སྐྱེ། ང་ཡི་བུ་འདི་འཚོས་ལ་དྲོ་སྦྱིན་ཟེར་བས། རྗེ་བཙུན་གྱིས་ཁྱོད་ཀྱི་བལྟས་པས་ང་དལ་དལ་འདྲ་སྟེ་ངེད་ལ་དལ་བའི་ལོང་སྐབས་མེད་གསུངས་ནས་མགུར་བཞེངས་པ། རྗེ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །གངས་སྟོད་ཀྱི་སེང་ལྕམ་དཀར་མོ་ང་། །སེང་དལ་ཡང་དལ་ལ་བྲེལ་ཡང་བྲེལ། །ལུས་དལ་ཏེ་གངས་སྟོད་ཕྱོགས་སུ་འཕྱོ། །སེམས་བྲེལ་ཏེ་སྐད་ཅིག་ཡེངས་པ་མེད། །དགྲ་བུ་ཡུག་འདི་ལ་ཁོང་ཟོན་འཚལ། །ནགས་སྟོད་ཀྱི་རྒྱ་སྟག་ཁྲ་ཆུང་ང་། སྟག་དལ་ཡང་དལ་ལ་བྲེལ་ཡང་བྲེལ། །ལུས་དལ་ཏེ་ནགས་ཁྲོད་ཀུན་ཏུ་འཕྱོ། །སེམས་བྲེལ་ཏེ་སྐད་ཅིག་ཡེངས་མི་ཁོམ། །དགྲ་ས་མདའ་འདི་ལ་ཁོང་ཟོན་འཚལ། །བྲག་སྟོད་ཀྱི་ཐང་དཀར་རྒོད་པོ་ང་། དལ་ཡང་དལ་ལ་བྲེལ་ཡང་བྲེལ། །ལུས་དལ་ཏེ་རི་གསུམ་རྩེ་ལ་འཕྱོ། །སེམས་བྲེལ་ཏེ་སྐད་ཅིག་ཡེངས་མི་ཁོམ། །དགྲ་ཐག་རྙི་འདི་ལ་ཁོང་ཟོན་འཚངས། །མཚོ་སྟོད་ཀྱི་ཉ་མོ་གསེར་མིག་ང་། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །ལུས་དལ་ཏེ་རྒྱལ་ཁམས་ཕྱོགས་མེད་འགྲིམ། །སེམས་བྲེལ་ཏེ་སྐད་ཅིག་ཡེངས་ཁོམ་མེད། །དགྲ་ལྕགས་ཀྱུ་འདི་ལ་ཁོང་ཟོན་འཚལ། །གུང་ཐང་གི་མི་ལ་རས་པ་དང་། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །ལུས་དལ་ཏེ་རྒྱལ་ཁམས་ཕྱོགས་མེད་འགྲིམ། །སེམས་བྲེལ་སྟེ་སྐད་ཅིག་ཡེངས་ཁེམ་མེད། །དགྲ་འཁོར་བ་འདི་ལ་ཁོང་ཟོན་འཚལ། །ཁྱོད་བུ་དང་པོ་ནོར་བུ་རིན་ཆེན་འདྲ། མིག་ཏུ་བཅུག་ཀྱང་རྩུབ་པ་མེད། །བར་དུ་བུ་ལོན་དེད་དྲག་པོ། །ཅི་ཡོད་བྱིན་ཡང་མགུ་བ་མེད། །ཐ་མ་ཁྱིམ་མཚེས་སྙིང་རིང་པོ། །ལྟོགས་གྲིར་ཤི་ཡང་ཚོར་བ་མེད། །དེ་འདྲའི་བུ་འཚོ་ངས་མི་ཁོམ། །ཞེས་དལ་བྲེལ་ལྔའི་མགུར་གསུངས་པས་ཡོན་བདག་མོ་ན་རེ། ཁྱེད་དལ་བྲེལ་གྱི་བཤད་པ་མང་པོ་འདུག་གི ཁྱོད་ཟན་སློང་དུ་ཤོག་དང་ཁམ་གཅིག་ཀྱང་མི་སྟེར་ཟེར་ནས་མོ་ཁྲོས་དེ་རྣམས་ཁོང་རྣམས་དྲོ་ཟ་བའི་དུས་སུ་མི་གཅིག་གིས་རྣལ་འབྱོར་པ་བཟང་པོ་གང་ན་ཡོད་མི་ཤེས་པས་དེ་བོས་དང་ཟེར་བས། རྗེ་བཙུན་ཡང་བྱོན་པས། མི་ཅིག་ན་རེ། རྣལ་འབྱོར་པ་ཁྱོད་ལས་བཅོལ་བ་དུམ་པ་བྱེད་ཐང་། ཉལ་བས་ཚིལ་བུ་ཡང་མི་སྐྱེ་ཟེར་བས། རྗེ་བཙུན་གྱིས། ཡོན་བདག་ང་ཉལ་བས་ཚིལ་གསོག་པ་མ་ལགས། ད་ང་དལ་བའི་ལོང་སྐབས་སྐད་ཅིག་ཀྱང་མེད་གསུངས་ནས་མགུར་བཞེངས་པ། བླ་མ་ཡི་དམ་རྣམས་ལ་གསོལ་བ་འདེབས། དཔལ་རྡོ་རྗེ་འཆང་ཆེན་མན་ཆད་ནས། །རང་རྩ་བའི་བླ་མ་ཡན་ཆོད་དུ། །སྐུ་ཡོན་ཏན་རྒྱ་མཚོ་ལྟ་བུར་བཞུགས། །བྱིན་རླབས་ཀྱི་འོད་ཟེར་ཕྱོགས་བཅུར་འགྱེད། །རྣལ་འབྱོར་ལས་མ་ནུས་ལ་བྱིན་གྱིས་རློབས། །འཛམ་གླིང་ཡངས་པའི་ལྷ་མི་གསོན། །སྒོས་འདིར་བཞུགས་ཡོན་བདག་ཕོ་མོ་གསོན། །སྤྱན་ཅི་རི་བལྟས་པའི་གཅེན་ལོང་གསོན། །སངས་རྒྱས་རང་ལ་ཡོད་པ་མཐོང་ལགས་སམ། །སྙན་ལྷན་ནེ་ཉན་པའི་འོན་པ་ཚོ་གསོན་དང་། །འཆི་བ་འདི་ཀུན་ལ་འོང་བ་ཚོར་ལགས་སམ། །སེམས་བསྐྱེད་དུ་རེ་བའི་གཅོལ་ཆུང་ཚོ་གསོན་དང་། །རྒས་པ་འདི་ཀུན་ལ་འོང་བ་དྲན་ལགས་སམ། །ཡོད་དུ་རེ་བའི་ཕྱུག་པོ་ཚོ་གསོན་དང་། །ཚེ་ཕྱི་མའི་བརྒྱགས་ཕྱེ་ཐོག་ལགས་སམ། །དཔའ་རྩལ་སྙིང་རུས་ཅན་ཚོ་གསོན་དང་། །དགྲ་འཁོར་བའི་གཡུལ་ངོ་ཟློག་ལགས་སམ། །ཤོ་མེད་ཀྱང་བྲེ་མོ་བགྱིས་པ་ལགས། །ངེད་རྣལ་འབྱོར་དལ་སྙམ་བྲེལ་བ་ལགས། །བྲེལ་བའི་བྲེལ་ལུགས་བཤད་ཙམ་ན། །ཚེ་ངེས་མེད་ཡུར་བའི་ཉའུ་ཆུང་འདྲ། །འཆི་བདག་བདུད་འདི་སོ་བྱས་ཉ་བསྒུགས་འདྲ། །ངེས་མེད་ཀྱི་ཉ་ཆུང་བཟུང་དོགས་ནས། །ཆོས་སྐྱེ་མེད་ཀྱི་རྒྱ་མཚོར་བྲོས་བྲོས་ནས། །ངེད་ཀྱང་དལ་བའི་ལོང་མ་བྱུང་། །ན་སོ་གཞོན་པ་འདི་སོས་ཀའི་མེ་ཏོག་འདྲ། །རྐྱེན་ངན་པ་འདི་དུས་ཀྱི་བ་མོ་འདྲ། །མེ་ཏོག་སད་ཀྱི་འཁྱེར་དོགས་ནས། །ཚེ་ལོང་མེད་རྒྱུད་ལ་འགེལ་འགེལ་ནས། །དེས་ཀྱང་དལ་བའི་ལོང་མ་བྱུང་། །གནས་བར་དོའི་ས་འཕྲང་དོགས་མོ་ལ། དགྲ་དུག་ལྔའི་ཇག་པས་ཤ་བསྒུགས་བྱེད། །ཡིད་བཞིན་ནོར་བུ་ཤོར་དོགས་ནས། །བསམ་གཏན་གྱི་དཔེའུ་བརྩེགས་བརྩེགས་ནས། །བདག་དེས་ཀྱང་དལ་བའི་ལོང་མ་བྱུང་། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ན། །ཉོན་མོངས་ཀྱི་རྦ་རླབས་ཕྱོགས་བཅུར་འཕྲོ། །སྡུག་བསྔལ་གྱི་རྦ་ལ་གཡེང་དོགས་ནས། །མྱང་འདས་ཀྱི་སྐམ་ལ་བསྙགས་བསྙགས་ནས། །བདག་དེས་ཀྱང་དལ་བའི་ལོང་མ་བྱུང་། །ཁམས་གསུམ་འཁོར་བའི་ཕ་ཡུལ་ན། །གཏི་མུག་མུན་པ་སྨག་ཏུ་འཐིབ། །གཏི་མུག་གི་མུན་པས་ནོན་དོགས་ནས། །འོད་གསལ་གྱི་མར་མེ་སྦར་སྦར་ནས། བདག་དེས་ཀྱང་དལ་བའི་ལོང་མ་བྱུང་། །སྤྱིར་འདུས་བྱས་འདི་ཆུ་ཡི་ལྦུ་བ་འདྲ། །སྐྱེ་རྒ་ན་འཆི་རྦ་རླབས་ཆེན་པོ་འདྲ། །འདུས་བྱས་ཀྱི་མཁར་དཔེ་ཞིག་དོགས་ནས། །འཆི་མེད་གཉུག་མའི་ངང་དུ་ཀློད་ཀློད་ནས། །བདག་དེས་ཀྱང་དལ་བའི་ལོང་མ་བྱུང་། །འཁོར་བ་འདི་ཟོ་ཆུས་འཁྱུད་མོ་འདྲ། །འཁོར་བའི་འདམ་དུ་བྱིང་དོགས་ནས། བརྩོན་འགྲུས་ཀྱི་ཟམ་པ་འཛུགས་འཛུགས་ནས། །བདག་དེས་ཀྱང་དལ་བའི་ལོང་མ་བྱུང་། །ད་མི་ཆོས་ཤུལ་ཀའི་མགྲོན་པོ་འདྲ། །གནས་ངན་སོང་གསུམ་འདི་གཡང་ས་ཆེ། །ངན་སོང་གི་གཡང་ལ་ལྷུང་དོགས་ནས། །ཐར་པའི་ཐེམ་སྐས་འཛུག་འཛུག་ནས། །བདག་དེས་ཀྱང་དལ་བའི་ལོང་མ་བྱུང་། །ཞེས་གསུངས་པས་ཡུལ་དེའི་མི་ཐམས་ཅད་ཀྱིས་འདི་མི་ལ་རས་པ་དེ་ཡིན་པ་འདྲ་ཞེས་གླེང་བ་དེ་གསན་ནས། དཔོན་སློབ་གཉིས་མཚོ་རྔ་དེལ་ཆུང་བྱ་བར་བྱོན། ཡུལ་དེའི་སྐྱེས་པ་དང་བུད་མེད་ཐམས་ཅད་འདུས། ཤ་ཆང་ལ་སོགས་བསྙེན་བཀུར་གྱི་ཡོ་བྱད་མང་པོ་ཁྱེར་ནས་ཞལ་ལྟར་ཕྱིན། དེ་རྣམས་ཀྱི་ནང་ནས་བུ་མོ་གཞོན་ནུ་མ་ལྔ་གྲལ་བསྒྲིགས་ཏེ་མགྲིན་གཅིག་ཏུ་རས་པ་རྣམ་གཉིས་ལ་རྟོགས་པ་ཅི་འདུག་ཉམས་ཚད་པའི་ཕྱིར་ཞུ་དོན་གླུར་བླངས་པ། ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས། །ཁྱེད་ཡར་བྱོན་རས་པ་རྣམ་གཉིས་པོ། སྐུ་སྙན་པ་ཆེ་བས་རས་པ་འཁུམ། །ཁྱེད་འདིར་འཚོགས་དད་ལྡན་ཕོ་མོ་ཀུན། །གླེང་བརྗོད་མ་མང་དལ་ཅིག་གསོན། །ངེད་རང་གཞོན་རིག་བུ་མོ་ལྔ། །ངག་གྲེ་འགྱུར་སྙན་པའི་མཆོད་པ་འབུལ། །ཚིག་སྡེབས་སྦྱོར་དཔེ་ཡི་མཚོན་པ་ཡིན། །དོན་དགོས་ཆེད་ཅི་གདའ་སེམས་ལ་ཞོག །ཁྱེད་རས་པ་གཉིས་ལ་ཞུ་བ་ལགས། །གངས་དཀར་ཏི་སེ་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །གངས་ཤེལ་གྱི་མཆོད་རྟེན་འདྲའོ་སྐད། །མཐོང་ནས་དྲུང་དུ་གཏུགས་ཙམ་ན། །རི་མགོ་ཁ་བས་གཡོགས་པ་ཅིག །དེ་མཐའ་གཡའ་ཡིས་བསྐོར་བ་ཅིག །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ཡ་མཚན་ཅི་ཆེའང་། །མཚོ་མོ་མ་ཕང་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །མཚོ་གཡུ་ཡི་མཎྜྻལ་འདྲའོ་སྐད། །མཐོང་ནས་དྲུང་དུ་གཏུགས་ཙམ་ན། ཀོ་མོག་ཆབ་ཀྱིས་བསྐོར་བ་ཅིག །དེ་ལ་ཆུ་ཐིག་བཏབ་པ་ཅིག །དེ་མཐའ་བྲག་རིས་རྒྱན་པ་ཅིག །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ཡ་མཚན་ཅི་ཆེ་ཨང་། །བྲག་དམར་སྤོ་མཐོན་སྐད་པ་དེ། །མ་མཐོང་གོང་ནས་སྒྲ་ཆེ་བ། །བྲག་རིན་ཆེན་སྤུངས་པ་འདྲའོ་སྐད། །མཐོང་ནས་དྲུང་དུ་གཏུགས་ཙམ་ན། །སྤང་ལ་བྲག་རི་འབུར་བ་ཅིག །དེ་ལ་ནགས་ཚལ་སྐྱེས་པ་ཅིག །དེ་མཐའ་ཆུ་ཡིས་བསྐོར་བ་ཅིག །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ཡ་མཚན་ཅི་ཆེ་ཨང་། །ཁྱེད་རས་ཆེན་རས་ཆུང་སྐད་པ་དེ། །མ་མཐོང་གོང་ནས་སྒྲ་ཆེ་བ། །གྲུབ་ཐོབ་རྣལ་འབྱོར་ལགས་སོ་སྐད། །མཐོང་ནས་དྲུང་དུ་གཏུགས་ཙམ་ན། །མི་ཆེན་ངོ་ཚ་མེད་པ་གཉིས། །ཁ་ནས་གླུ་ཆུང་ལེན་པ་གཉིས། །ལུས་ལ་རས་གོས་གྱོན་པ་གཉིས། །འཚོ་བ་སྤྲང་ཟས་ཟ་བ་གཉིས། །སྤྱོད་པ་ཅི་དགའ་བྱེད་པ་གཉིས། །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ངོ་མཚར་ཅི་ཆེ་ཨང་། སྔོན་མ་བསྐོར་བ་ཅིག་མེད་པ་ལ། །ད་ནང་བསྐོར་བ་དོན་རེ་ཆུང་། །སྔོན་མ་ཕྱིན་པ་ཅིག་མེད་པ་ལ། །ད་ནང་འོང་བ་རྐང་ཚག་ཆེ། །སྔོན་མ་མཐོང་བ་ཅིག་མེད་པ་ལ། །དེ་རིང་མཐོང་བ་རྒན་བྱིས་གཉིས། །སྔོན་མ་ཐོས་པ་ཅིག་མེད་པ་ལ། །དེ་རིང་ཐོས་པ་ཅལ་ཅོལ་གཏམ། །ཁྱེད་ཡང་ན་རྒྱལ་བའི་གདུང་འཚོབ་གཉིས། །ཡང་ན་བདུད་ཀྱི་བར་ཆད་བྱུང་། །ལམ་འདི་གཉིས་གཅིག་ལས་འགྲོ་ས་མེད། །དེ་ཡང་བདུད་ཀྱི་བར་ཆད་བྱུང་། །གླུ་དེ་ལ་ཤེས་ན་ལན་ཅིག་ཐོབ། །མི་ཤེས་རྣལ་འབྱོར་ཡུལ་དུ་བཞུད། །ཅེས་ཞུ་དོན་གླུ་རུ་ཕུལ་བས། རྗེ་བཙུན་གྱིས་བུ་རས་ཆུང་པ་རམ་བུ་ཐེག་གསུངས་ནས་གླུ་ཡི་ལན་མགུར་དུ་བཞེངས་པ། ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁྱེད་འདིར་འཚོགས་ཀྱི་དད་ལྡན་ཉ་མ་དང་། །གླུ་གྲེ་འགྱུར་མཐུན་པའི་གཞོན་པ་རྣམས། །ཚིག་སྡེབ་སྦྱོར་ལེགས་པའི་བུ་མོ་ལྔ། །དོན་དམིགས་ནས་འདྲེན་ནོ་དབུས་ན་མོ། །མི་ང་ངོ་ཁྱོད་ཀྱི་ཤེས་མ་ཤེས། །རས་ཆེན་རས་ཆུང་བྱ་བ་ཡིན། །ང་རྒད་པོ་གཡས་ནས་གླུ་ལེན་པ། །མི་ལ་རྣལ་འབྱོར་བྱ་བ་ཡིན། །ཁོང་གཞོན་པ་གཡོན་ནས་རམ་འདེགས་པ། །གུང་ཐང་རས་ཆུང་བྱ་བ་ཡིན། །རྣལ་འབྱོར་སྙན་ཚིག་ཟུང་དུ་སྡེབས། །དྲིས་པའི་དཔེ་དོན་དངོས་རང་འཆད། །ཉམས་རྟོགས་ཁོང་ནས་རྡོལ་བའི་གླུ། །དོན་དགོས་ཆེད་ཅིག་གདའོ་སེམས་ལ་ཞོག །གངས་དཀར་ཏི་སེ་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །གངས་ཤེལ་གྱི་མཆོད་རྟེན་འདྲའོ་སྐད། །མཐོང་ནས་དྲུང་དུ་གཏུགས་ཙམ་ན། །རི་མགོ་ཁ་བས་གཡོགས་པ་ཅིག །རི་མགོ་ཁ་བས་གཡོགས་པ་དེ། །སྔོན་བདེ་གཤེགས་ཉིད་ཀྱིས་ལུང་བསྟན་པའི། །རི་བོ་གངས་ཅན་བྱ་བ་ཡིན། །སྤྱིར་འཛམ་བུ་གླིང་གི་ལྟེ་བ་ཡིན། །སེང་གེ་དཀར་མོའི་འགྱིང་བ་ཡིན། །གངས་ཤེལ་གྱི་མཆོད་རྟེན་བགྱི་བ་དེ། །ལྷ་དབང་ཕྱུག་ཆེན་པོའི་ཕོ་བྲང་ཡིན། །སྡེ་བརྒྱད་ཀུན་གྱིས་མཆོད་པའི་གནས། །དེ་མཐའ་གཡའ་རིས་བསྐོར་བ་དེ། །དགྲ་བཅོམ་ལྔ་བརྒྱའི་བཞུགས་ས་ཡིན། །དེ་མཐའ་སྤང་རིས་བརྒྱན་པ་དེ། །རི་སྤོས་ངད་ལྡན་པའི་རི་བོ་ཡིན། །སྨན་ཤི་སོས་བདུད་རྩི་འཁྲུངས་པ་ཡིན། །གྲུབ་པ་ཐོབ་པའི་གནས་ཆེན་ཡིན། །ཟག་མེད་ཏིང་འཛིན་བརྙེས་ས་ཡིན། །ངོ་མཚར་དེ་ལས་ཆེ་བ་མེད། །ཡ་མཚན་དེ་ལས་ཆེ་བ་མེད། །མཚོ་མོ་མ་ཕང་སྐད་པ་དེ། །མ་མཐོང་རྒྱང་སྒྲ་ཆེ་བ་དེ། །མཚོ་གཡུ་ཡི་མཎྜྻལ་འདྲའོ་སྐད། །མཐོང་ནས་དྲུང་དུ་གཏུགས་ཙམ་ན། །ཀོ་མོག་ཆབ་ཀྱིས་གང་བ་ཅིག །ཀོ་མོག་ཆབ་ཀྱིས་གང་བ་དེ། སྔོན་བདེ་གཤེགས་ཉིད་ཀྱིས་ལུང་བསྟན་པའི། །མཚོ་མ་དྲོས་པ་ཞེས་བྱ་བ་ཡིན། །ཆུ་བོ་བཞི་འདུས་ཀྱི་མགོ་བོ་ཡིན། །ཀྱུར་སྲམ་གཉིས་ཀྱི་འཕྱོ་ས་ཡིན། །མཚོ་གཡུ་ཡི་མཎྜྻལ་འདྲ་བ་དེ། དབུས་ཀླུ་ཆེན་བརྒྱད་ཀྱི་ཕོ་བྲང་ཡིན། །དེ་ལ་ཆུ་ཐིག་བཏབ་པ་དེ། །བདུད་རྩི་འོ་མའི་ཆུ་རྒྱུན་ཡིན། །དེ་མཆོད་སྦྱིན་བརྒྱ་པའི་ཁྲུས་ཆུ་ཡིན། །ཆུ་ཡན་ལག་བརྒྱད་དང་ལྡན་པ་ཡིན། །དེ་མཐའ་སྤང་གིས་བརྒྱན་པ་དེ། །ཀླུ་བྲན་རྣམས་ཀྱི་བང་མཛོད་ཡིན། །ཤིང་ཁམ་བུ་ཏྲི་ཤའི་སྐྱེ་གནས་ཡིན། །ལྷོ་འཛམ་བུའི་གླིང་ཞེས་དེ་ལ་གྲགས། །ངོ་མཚར་དེ་ལས་ཆེ་བ་མེད། །ཡ་མཚན་དེ་ལས་ཆེ་བ་མེད། བྲག་དམར་སྤོ་མཐོན་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །བྲག་རིན་ཆེན་སྤུངས་པ་འདྲའོ་སྐད། །མཐོང་ནས་དྲུང་དུ་གཏུགས་ཙམ་ན། །སྤང་ལ་བྲག་རི་འབུར་བ་ཅིག །སྔོན་བདེ་གཤེགས་ཉིད་ཀྱིས་ལུང་བསྟན་པའི། རི་ནག་པོ་དཔང་བྱེད་བྱ་བ་ཡིན། །ཡུལ་དབུས་འགྱུར་ཚལ་གྱི་བྱང་ཕྱོགས་ཡིན། །སྤྱིར་རྒྱ་བོད་གཉིས་ཀྱི་སོ་མཚམས་ཡིན། །རྒྱ་སྟག་ཁྲ་བོ་འགྲིམ་ས་ཡིན། །དེ་ལ་ནགས་ཚལ་སྐྱེས་པ་དེ། །ཙན་དན་དམར་པོའི་སྡོང་པོ་ཡིན། བཟང་དྲུག་སྨན་གྱི་ལྗོན་པ་ཡིན། །བྲག་རིན་ཆེན་སྤུངས་པ་འདྲ་བ་དེ། །ལྷ་དྲང་སྲོང་རྣམས་ཀྱི་ཕོ་བྲང་ཡིན། །མཁའ་འགྲོའི་ལུང་བསྟན་དབེན་གནས་ཡིན། །སྔར་འདས་ཀྱི་གྲུབ་ཐོབ་བཞུགས་ས་ཡིན། །དེ་མཐའ་ཆུ་ཡིས་བསྐོར་བ་དེ། །ཀུན་གྱིས་བགྲོད་པར་དཀའ་བ་ཡིན། །ངོ་མཚར་དེ་ལས་ཆེ་བ་མེད། །ཡ་མཚན་དེ་ལས་ཆེ་བ་མེད། །དེར་རས་ཆེན་རས་ཆུང་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །གྲུབ་ཐོབ་རྣལ་འབྱོར་ལགས་སོ་སྐད། མཐོང་ནས་དྲུང་དུ་གཏུགས་ཙམ་ན། །མི་ཆེན་ངོ་ཚ་མེད་པ་གཉིས། །མི་ཆེན་ངོ་ཚ་མེད་པ་དེ། །མཚན་མའི་རྣམ་རྟོག་ཟད་པ་ཡིན། །མི་རྒན་གཅེར་ཉལ་བྱེད་པ་དེ། །གཟུང་འཛིན་གོས་དང་བྲལ་བ་ཡིན། །ཁ་ནས་གླུ་ཆུང་ལེན་པ་དེ། །ཉམས་མྱོང་ཁོང་ནས་ཤར་བ་ཡིན། །ལུས་ལ་རས་གོས་གྱོན་པ་དེ། །གཏུམ་མོ་མེ་ལྟར་འབར་བ་ཡིན། །འཚོ་བ་ཁམ་ཟན་སློང་བ་དེ། །འདོད་ཡོན་སྲེད་པ་སྐྱུར་བ་ཡིན། །སྤྱོད་པ་ཅི་དགའ་བྱེད་པ་དེ། །ཚོགས་དྲུག་ལྷུག་པར་འཇོག་པ་ཡིན། །ངེད་སྐལ་ལྡན་འདྲེན་པའི་ལྕགས་ཀྱུ་ཡིན། །དད་ཅན་གདམས་ངག་ཞུ་ས་ཡིན། །ཁོང་ཡོན་བདག་ཕོ་མོའི་འཁོར་ས་ཡིན། །མཁས་བཙུན་རྣམས་ཀྱི་གཏུག་ས་ཡིན། །སྒོམ་ཆེན་ཉམས་རྟོགས་འབུལ་ས་ཡིན། །སྒྲོ་འདོགས་ནང་ནས་གཅོད་ས་ཡིན། །གཞི་གནས་ལུགས་གཏན་ལ་འབེབས་ས་ཡིན། །དོན་སྐྱེ་མེད་ཁོང་དུ་ཆུད་པ་ཡིན། །སེམས་གཉུག་མ་རང་སོ་ཚུད་པ་ཡིན། །ལམ་དྲོད་རྟགས་རྒྱུད་ལ་སྐྱེས་པ་ཡིན། རང་དོན་ཆོས་སྐུར་རྟོགས་ས་ཡིན། །ཐུགས་རྗེ་གཞན་དོན་བྱེད་ས་ཡིན། །ངོ་མཚར་དེ་ལས་ཆེ་བ་མེད། །ཡ་མཚན་དེ་ལས་ཆེ་བ་མེད། །ཁྱེད་འདིར་འཚོགས་ཡོན་བདག་དད་འདུན་རྣམས། ཁྱེད་མ་བསྐོར་ས་ཅིག་མེད་པ་ལ། །སྔོན་ཆད་བསྐོར་བ་དོན་མེད་ཡིན། །ད་སྐོར་ན་འཕགས་པ་ཝ་ཏི་སྐོར། །ཁྱེད་མ་ཕྱིན་པ་ཅིག་མེད་པ་ལ། །སྔོན་ཆད་ཕྱིན་པ་རྐང་ཚག་ཡིན། །ད་འགྲོ་ན་རྡོ་རྗེ་གདན་དུ་སོང་། །སྔོན་ཆད་མཐོང་བ་དོན་མེད་ཡིན། །ད་ལྟ་ར་ས་འཕྲུལ་སྣང་ལྟོས། །ཁྱོད་མ་ཐོས་པ་ཅིག་མེད་པ་ལ། །སྔོན་ཆད་ཐོས་པ་ཅལ་ཅོལ་གཏམ། །ད་ཉན་ན་སྙན་བརྒྱུད་གདམས་ངག་ཉོན། །ཁྱེད་མ་བསྟེན་པ་ཅིག་མེད་པ་ལ། །སྔོན་ཆད་བསྟེན་པ་ཉེ་དུ་ཡིན། །ད་བསྟེན་ན་བླ་མ་དམ་པ་བསྟེན། །ཁྱོད་མ་བྱས་པ་ཅིག་མེད་པ་ལ། །སྔོན་ཆད་བྱས་པ་དོན་མེད་ཡིན། །ད་བྱེད་ན་དམ་པའི་ལྷ་ཆོས་བྱེད། །མི་རྒན་གྱི་ཁ་ནས་གཏམ་རྒན་བྱུང་། །དེ་གོ་བར་བསམ་ན། གདམས་ངག་ཡིན། །མ་གོ་བ་ཡི་གླུ་ཆུང་ཡིན། །ངེད་རྣལ་འབྱོར་སྤྱོད་པ་གང་བདེ་ཡིན། ཁྱེད་ཉ་མ་རྣམས་ཁྱིམ་དུ་བཞུད། །ཅེས་གསུངས་པས་བུ་མོ་དབུས་མ་དེས་མགྲོན་ཐོད་དང་། གོས་དང་རྐེ་གཡུ་ལ་སོགས་པ་ཐམས་ཅད་བླ་མ་ལ་ཕུལ་ཏེ། ཆགས་ཕྱིར་འབྲང་བར་ཞུ་ཞུས་པས། རྗེ་བཙུན་གྱིས་ཁྲིད་དེ་བྲིན་གྱི་ལོ་སྟོང་དགོན་པར་གཏུམ་མོའི་གདམས་པ་གནང་བས། ཞག་གསུམ་ནས་བདེ་དྲོད་འབར་ཏེ་རས་ཐུབ་པ་ཅིག་བྱུང་། དེ་ནས་ཟླ་བ་བདུན་དུ་མཆོང་ལུང་རི་ཁྲོད་དུ་ཁྲིད་ནས་ཆོས་དྲུག་མ་ལུས་པ་གནང་བས། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས། དེར་རྗེ་བཙུན་གྱིས་རས་ཆུང་པ་ཁྱོད་སློབ་མ་སྐྱོང་བ་ལ་མཁས་པ་ཡིན་པས། འདི་སྐྱོངས་ཤིག་གསུངས་ནས་རས་ཆུང་པའི་རྗེས་སུ་བཏང་། དེར་རས་ཆུང་མ་དེ་ཞག་འགའ་ཁམས་མ་བདེ་བས། རས་ཆུང་པས་རླུང་བརྟགས་པས། ཅང་མ་ཉེས་པར་འདུག་པ་དང་། འདི་ལ་དད་པ་གཏིང་ནས་ཡོད་དམ་མེད་བརྟགས་སྙམ་ནས་མོ་རང་གང་དགར་བཞག །རས་ཆུང་པ་རི་ལ་བཞུགས། ཕྱིར་ཡར་ལུང་གི་གད་པ་སྟེང་བྱ་བར་ཡོན་བདག་གཅིག་གིས་ཚོགས་གསོག་བྱས་པའི་སར་མཇལ་བས། བླ་མ་རས་ཆུང་པས་ཁྱོད་ན་ཡང་གང་དགར་བཞག་ནས་ང་རི་ལ་སོང་བས་ཁྱོད་དད་པ་མ་ལོག་གམ་གསུངས་ནས་དེར་འཚོགས་པ་ཀུན་ལ་ཚིག་དོན་བདུན་མའི་མགུར་གསུངས་པ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །ཁྱེད་འདིར་འཚོགས་རྣལ་འབྱོར་ཕོ་མོ་ཀུན། །འཇིག་རྟེན་ཆོས་བརྒྱད་མ་སྤངས་པར། །དད་པ་ཅན་ཡིན་མ་ཟེར་དང་། །དད་པ་རྐྱེན་གྱིས་བསྒྱུར་ཉེན་གདའ། །མི་དགེ་ལས་ལམ་མ་ལོག་ན། །ཚུལ་ཁྲིམས་ཅན་ཡིན་མ་ཟེར་དང་། །ངན་སོང་གི་རྒྱུ་རུ་འགྲོ་ཉེན་གདའ། །རང་སེམས་གཡོ་སྒྱུ་མ་སྤངས་པར། །ང་དམ་ཚིག་ཅན་ཡིན་མ་ཟེར་དང་། རྡོ་རྗེ་དམྱལ་བར་འགྲོ་ཉེན་གདའ། །ཐོས་པ་ཕྱོགས་མེད་མ་བྱས་པར། །ཐེག་པ་གཞན་ལ་མ་སྨོད་དང་། །ཆོས་སྤོང་གི་རྒྱུ་རུ་འགྲོ་ཉེན་གདའ། །སྒྱུ་མ་ལྟ་བུར་མ་རྟོགས་པའི། །ལས་དགེ་སྡིག་ཁྱད་དུ་མ་གསོད་དང་། །ངན་སོང་གསུམ་དུ་འགྲོ་ཉེན་གདའ། །ཕ་རོལ་གྱི་སེམས་ཤེས་མ་བྱུང་ན། །གདམས་ངག་གཞན་ལ་མ་སྨོད་དང་། །རློམ་སེམས་ལྟུང་བ་ཕོག་ཉེན་གདའ། སེམས་དང་ཆོས་སུ་མ་འདྲེས་པར། །ཉམས་ལེན་མཁན་ཡིན་མ་ཟེར་དང་། །བདུད་ཀྱི་བར་ཆད་འོང་ཉན་གདའ། །བརྗོད་མེད་དབྱིངས་སུ་མ་སློབ་པར། །ལྟ་བ་མཁན་ཡིན་མ་ཟེར་དང་དང་། །འབྲས་བུ་ཡིད་སྨོན་དུ་འཆོར་ཉེན་གདའ། །ཞེས་གསུངས་པས་དེ་ཚོའི་ནང་ནས་རས་ཆུང་མས་གོ་བ་བླངས་ནས་ཞུ་དོན་བཅོ་ལྔའི་ཞུ་བ་སླར་ཕུལ་བ། རྗེ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕ་གཅིག་བླ་མ་རྗེ་བཙུན་ལ། །དད་གུས་རྒྱུན་ཆད་མི་བགྱིད་འཚལ། །ལྷ་གཅིག་དཀོན་མཆོག་གསུམ་པོ་ལ། །རྒྱབ་བརྟེན་སྤང་བླང་མི་བགྱིད་འཚལ། །བླ་མའི་སྙན་བརྒྱུད་གདམས་ངག་ལ། །ཐ་སྙད་ལྷན་པ་མི་གདབ་འཚལ། །ཡི་དམ་རྗེ་བཙུན་རྣལ་འབྱོར་ལ། །ཐུན་བཞིའི་རྣལ་འབྱོར་མི་གཅོད་འཚལ། །སྣང་བ་སྒྱུ་མའི་རང་བཞིན་ལ། །མངོན་ཞན་བག་ཆགས་མི་བཞག་འཚལ། །སེམས་ཉིད་རང་རིག་འོད་གསལ་ལ། །རྣམ་རྟོག་སླད་ཀྱིས་མི་བསླད་འཚལ། ཤེས་བྱ་དངོས་པོའི་གནས་ལུགས་ལ། །གཟུང་འཛིན་དྲི་མས་མི་བཅིང་འཚལ། །གཉུག་མའི་སེམས་ཀྱི་ངོ་བོ་ལ། །བག་ཆགས་བརྟན་པ་མི་བགྱིད་འཚལ། །སེམས་ཆོས་སྐུ་སྟོང་པའི་རང་བཞིན་ལ། །མཚན་མའི་དྲི་མས་མ་གོས་འཚལ། །ལུས་འབྱུང་བའི་ནད་གཞི་འཐབ་པ་ལ། །གཞན་ལ་འགྱོད་ཁ་མི་བགྱིད་འཚལ། །གདོན་བགེགས་དགེ་སྦྱོར་གྲོགས་པོ་ལ། །ལོག་རྟོག་གི་མོ་པྲ་མི་གདབ་འཚལ། །རྨི་ལམ་བག་ཆགས་འཁྲུལ་པ་ལ། །བདེན་ཞེན་རྟོག་པ་མི་བཟུང་འཚལ། །དགྲ་སྡང་བཟོད་པའི་བླ་མ་ལ། །གནོད་སེམས་ངན་ལེན་མི་བགྱིད་འཚལ། །བླ་མ་གྲུབ་ཐོབ་ཀྱི་མཛད་སྤྱོད་ལ། །རྟོག་དཔྱོད་སྒྲོ་སྐུར་མི་བགྱིད་འཚལ། །རང་ཤར་ལྷུན་གྲུབ་སངས་རྒྱས་ལ། འབྲས་བུ་གཞན་ནས་མི་བཙལ་འཚལ། །རྗེས་འཇུག་སྣོད་ལྡན་སློབ་མ་ལ། །ཐུགས་རྗེའི་ཆུ་རྒྱུན་མི་གཅོད་འཚལ། །བླ་མ་དམ་པ་སྐུ་དྲིན་ཅན། །བདག་སྣོད་ལྡན་སློབ་མ་དྲང་དུ་གསོལ། །ཐུགས་རྗེའི་ཞགས་པས་དྲང་དུ་གསོལ། །ཞེས་ཞུས་པས། བླ་མ་རས་ཆུང་པ་ཡང་ཤིན་ཏུ་མཉེས་ནས་སྤྱོད་པ་པོ་ཐུབ་པའི་སློབ་མ་སྣོད་ལྡན་དུ་གཟིགས་ནས། དེ་ཕྱིན་ཆད་སྙན་བརྒྱུད་ཀྱི་གདམས་ངག་ཐབས་ལམ་ལ་སོགས་པ་མ་ལུས་པར་གནང་ནས། གནམ་མཚོ་ཕྱུག་མོའི་མ་ཆགས་སེ་མོ་དོ་བྱ་བ་ན་ལོ་བརྒྱད་ངག་བཅད་ནས་བསྒོམས་པས། རྟགས་ལྔ་དང་ཡོན་ཏན་བརྒྱད་ལ་སོགས་པའི་རྟགས་ཐམས་ཅད་ཚང་ནས། ཐ་མ་འདིར་གཤེགས་བྱ་བའམ་འདིར་བཞུགས་བྱ་བའམ། འདིས་མཐོང་བྱ་བ་མ་བྱུང་བས། བླ་མ་རས་ཆུང་པས་མཁའ་སྤྱོད་དུ་གཤེགས་པ་ཡིན་གསུངས་སྐད། དེ་ཐམས་ཅད་མཚོ་རྔ་དེལ་ཆུང་གི་སྐོར་རོ།། །།

དེ་ནས་རྗེ་བཙུན་ཆུ་བར་སྤྲུལ་སྐུའི་ཕོ་བྲང་དུ་བྱོན་ནས་བཞུགས་པ་ལ། དབྱར་པོ་ཅིག་ཆར་པ་རྒྱུན་མ་ཆད་པར་བབས་པས། བླ་མ་ཡང་གཟིམས་རྒྱུ་རང་ལ་འཚོ་བ་ཡང་གསོལ་མ་དགོས་པ་བྱུང་སྟེ། ཉིན་གཅིག་ཉི་མ་ཚ་མོ་ཞིག་བྱུག་བས། ཇོ་བོ་བོན་རིའི་རྩེ་སྤང་ལ་ཁར་དཔོན་སློབ་བརྒྱད་བྱོན་པ་ལ། ནུབ་ཕྱོགས་སུ་གངས་དཀར་པོ་ཅིག་རྒྱང་ངེ་གསལ་བས། གངས་ཡ་ཀི་བླ་མས་མཁྱེན་ནམ་ཞུས་པས། བླ་མས་ཁྱོད་གངས་ཡ་ཀི་ང་ལ་ཨེ་ཤེས་འདྲིའམ་གསུངས་པས་གངས་དཀར་པོའི་ཆེ་བརྗོད་མགུར་དུ་གསུངས་པ། རི་མཐོ་ལྡིང་ལྷ་བཙུན་རྒྱལ་མོའི་མགུལ། །བྲག་བོན་རི་གཉན་གྱི་རྩེ་མོ་ན། །བྱ་བ་བཏང་བའི་མི་བརྒྱད་འཚོགས། །ཕ་ང་ནི་ཉམས་དགའ་ཤེས་པ་བདེ། །ཁྱེད་སྐྱིད་དུ་ཚོར་རམ་བུ་སློབ་རྣམས། །བུ་རྗེ་འབངས་བདེ་སྐྱིད་འཛོམ་དུས་འདིར། །ང་མི་རྒན་སྐྱིད་རྟགས་གླུ་ཞིག་ལེན། །ང་མི་རྒན་གླུ་རྒན་ལེན་པ་དེ། །བཀྲ་རྒན་བཅུ་གསུམ་ཤིས་པའི་རྟགས། །བུ་ཞི་བ་འོད་དང་བདེ་བ་སྐྱོང་། །བུ་ཚུར་ཤོག་ཕ་ཡི་རམ་བུ་ཐེག །དེ་རྗེས་རས་པ་གླུ་ལ་ཉོན། །གདན་གང་བཞུགས་པའི་རས་པ་རྣམས། །གངས་ཡ་ཀི་ཁྱོད་ཀྱི་ཤེས་མ་ཤེས། །གངས་ཡ་ཀི་ཁྱོད་ཀྱིས་མ་ཤེས་ནས། །ལྷ་སྨན་བཙུན་བཀྲ་ཤིས་ཚེ་རིང་ཡིན། རྐེད་པ་ཡན་ཆད་རྩེ་མོ་མཐོ། །ཟུར་གསུམ་དུང་གི་བཤོས་བཟང་འདྲ། །མགུལ་ཆུ་དངུལ་གྱི་ཀ་བ་ལ། །ཉི་འོད་འཆར་བ་གཞན་བས་སྔ། །ཅོད་པན་ཤེལ་གྱི་ཟུར་ཕུད་ལ། །རྒྱལ་མོའི་སྤྲིན་དཀར་ལྡིང་བ་ལ། །རྐེད་པ་མན་ཆད་རྨིང་གཞི་ལ། །ན་བུན་སྐྱི་བུན་རྒྱུན་དུ་འཐིབས། །ཆར་མི་དྲག་དལ་བར་རྒྱུན་དུ་འབབས། །སྐབས་སུ་འཇའ་འོད་འཇའ་ཚོན་བཀྲ། །དེ་ཕྱུག་གི་མ་གཡང་འཛོམ་པའི་རྟགས། །རི་དྭགས་མང་པོ་རྒྱུན་དུ་འཁོར། །མེ་ཏོག་སྤང་རྒྱན་སྣ་ཚོགས་བཀྲ། །སྨན་ནུས་པ་ཅན་རྣམས་དེ་ན་སྐྱེ། །དེ་ལྷ་སྨན་གངས་ཀྱི་ཆེ་བརྗོད་ཡིན། །མི་ང་ཡི་སྒྲུབ་གནས་ཆེ་ཤོས་ཡིན། །ཁྱོད་ངོ་ཨེ་ཤེས་ཟེར་བ་དེ། །དབྱངས་དེ་ལྟར་ཐུགས་ལ་འཇོག་པར་ཞུ། །ཞེས་གསུངས་པས་རས་པ་རྣམས་སྤྲོ་བ་སྐྱེས་ཏེ། བླ་མ་ལགས། གངས་ཡ་ཀི་ལ་ཡུལ་ལྷ་བཟང་པོ་ཨེ་གནས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །ལྷ་བཟང་པོ་ཚེ་རིང་སྤུན་ལྔ་དེ། །བརྟན་མ་བཅུ་གཉིས་ཀྱི་གཙོ་མོ་ཡིན། །འཇིག་རྟེན་དབང་བསྒྱུར་ཌཱ་ཀི་མ། །བལ་བོད་གཉིས་ཀྱི་སྐད་བསྒྱུར་མ། །ཆུ་བར་སྤྲིན་གྱི་བདག་མོ་སྟེ། །ལྷ་རུ་མཆོད་ན་མགོན་སྐྱབས་བྱེད། །ཆོས་མཛད་ཡོངས་ཀྱི་སྡོང་གྲོགས་མཛད། །སྒོས་རྣལ་འབྱོར་ང་ཡི་སྲུང་མ་ཡིན། །ཁྱེད་བུ་སློབ་རྣམས་ལ་འགོ་སྟེ་མཆི། །མི་དང་ལྷན་ཅིག་འགྲོགས་འགྲོགས་ནས། །སྤྱིར་བོད་ཁམས་དཀར་པོའི་ལམ་ལ་བཀོད། །སྒོས་སྒྲུབ་བརྒྱུད་འདི་ལ་དངོས་གྲུབ་ཤར། །ཞེས་གསུངས་པས། བླ་མ་ལགས། ཁྱེད་ཀྱིས་དེ་ལ་ཆོས་བཤད་དམ་ཞུས་པས། དེའི་ལན་དུ་མགུར་འདི་གསུངས་སོ། །གངས་དེ་ཡི་མགུལ་དུ་ཆོས་བཤད་པ། །ང་མི་ལ་རས་པ་མི་ཟེར་རམ། །འཁོར་སྨན་དང་ཡུལ་ལྷའི་གྲྭ་པ་རྣམས། །ལས་དཀར་ནག་ངེས་པར་འབྱེད་པའི་ཆོས། །དྲང་དོན་མདོ་སྡེའི་རྒྱུ་འབྲས་བཤད། །ཞེ་རིང་གདུག་པ་བྱོལ་སོང་རིགས། །རིགས་བཞི་ཀླུ་ལ་ཆོས་ཀྱང་བཤད། །གཉན་ཆེན་སྤུན་ལྔས་ཆོས་སྟོན་འདྲེན། །བཙན་རོལ་པ་མཆེད་བརྒྱད་ཡོན་བདག་བྱེད། །སྨན་བཙུན་མང་པོས་བསྐོར་བ་བྱེད། །ལྷ་འདྲེ་ཡོངས་ཀྱི་འཚོ་བ་འདྲེན། །ཡུལ་ཕྱོགས་དཀར་པོའི་ཆོས་ལ་བཀོད། །བདག་སྐུ་མཐུ་ཆེ་བ་མ་ལགས་ཏེ། བྱམས་དང་སྙིང་རྗེ་བསྒོམས་བསྒོམས་པས། །ངག་ཞི་བས་བཀྲོལ་ཏེ་ཆོས་བཤད་པས། །གཟུགས་མེད་ལྷ་འདྲེ་ཐབས་ཀྱིས་བཏུལ། །ངས་སྔར་བྱས་ལས་ལ་མི་འགྱོད་པས། །ད་ནི་རྒས་ཀྱང་ཅི་ལ་འགྱོད། །ཤི་ན་མི་འཇིགས་བྲོད་པ་སྐྱེ། །ཁྱེད་འདིར་བཞུགས་བྱ་བཏང་རས་པ་བརྒྱད། །འཆི་བྲོད་སྒོམ་ལ་སྙིང་རུས་མཛོད། །ཅེས་གསུངས་པས། བླ་མ་ལགས། དེ་ན་ལྷ་འདྲེ་རང་ལ་ཆོས་བཤད་ན་འགྲོ་དོན་ཨེ་ཆེ་ཞུས་པས། ལྷ་འདྲེ་ཁོ་རང་ཚོ་མིན་པའི་གཞན་ལ་ཕན་པ་ཆུང་མི་ལ་ཆོས་བཤད་པས་རང་གི་མི་ཚད་གཞན་ལ་ཕན། ལར་དམ་ཚིག་ལྷ་འདྲེ་བརྟན། མིས་དམ་ཚིག་སྲུང་ཐུབ་པ་ཉུང་། ཐུབ་ན་ཐུབ་ཆོག་མི་དམ་ཚིག་སྲུང་ཐུབ་ཅིག་དང་ལྷ་འདྲེ་དམ་ཚིག་ཡོད་པས་རང་དམ་ཚིག་ཡོད་པ་བརྒྱ་གཉིས་མི་གཅིག་པུ་རང་འགྲོ་དོན་ལ་ནུས་པ་ཆེ། ཚད་མར་བྱས་ན་མི་ཡིན་ཡང་ནུས་པ་སུ་ལ་ཡང་མེད་གསུངས་སོ། །བླ་མ་ལགས། དེ་དུས་ཐམས་ཅད་བཟང་པོ་ཨེ་ཡོང་ཞུས་པས། དེའི་ལན་དུ་མགུར་འདི་གསུངས་སོ། །བདག་བླ་མའི་བྱིན་རླབས་སྔར་ནས་བྱུང་། །ཉེ་དུ་གཟུང་འཛིན་འབྲེལ་ཐག་བཅད། །ཕྱོགས་མེད་ཀྱི་རྒྱལ་ཁམས་བསྐོར་བསྐོར་ནས། །བཀའ་དྲིན་ཅན་དང་ལས་ཀྱིས་མཇལ། །འཇིག་རྟེན་བྱ་བ་བཏང་ལགས་པས། །རྗེས་ཐོབ་ཀྱི་རྐྱེན་ངན་ལམ་དུ་སློང་། །དམན་ས་བཟུང་ནས་གཅིག་པུར་བསྒོམས། །ཉམས་ལེན་ཤི་རྒས་གཉིས་ལ་གཏུག །ཉམས་མྱོང་བྲོད་པ་ནང་ནས་སྐྱེས། །བདག་རྣལ་འབྱོར་བསོད་ནམས་མི་འདོད་པས། །འཇིག་རྟེན་གྱི་བདེ་སྐྱིད་རྒྱབ་ཏུ་བསྒྱུར། །ངན་སོང་གི་སྡུག་བསྔལ་སེམས་ལ་བཞག །ཡོན་བདག་གི་ངོ་སྲུང་མ་བྱས་པར། རི་ཁྲོད་འགྲིམ་ཞིང་ཉམས་སུ་བླངས། །བཀའ་དྲིན་ཅན་གྱིས་བྱིན་གྱིས་བརླབས། །འབངས་རླུང་གིས་ཁྱེར་བ་དགུང་དང་མཉམ། །མཐའ་རུ་ལུས་པ་དབུས་སུ་ཕྱིན། །འབངས་སུ་སླེབ་པ་དཔོན་དུ་སླེབ། །དམན་ས་བཟུང་ནས་གཅིག་པུར་བསྒོམས། །བས་རྒྱལ་ས་ཟིན། །མི་ནས་བུད་པ་ལྷ་དང་མཇལ། །སྡུག་བསྔལ་སྤྱོད་པས་བདེ་བ་འཐོབ། །སྙིང་རུས་བྱས་པས་སྙིང་རྗེ་སྐྱེས། །གཅིག་པུར་བསྡད་པས་བུ་སློབ་མང་། །སྙན་བརྒྱུད་བསྒོམས་པས་ཆོས་རྒྱུད་དར། །རྗེ་བཙུན་མར་པ་སྐུ་དྲིན་ཅན། །འབངས་སྤྱི་བོའི་གཙུག་ཏུ་རྒྱན་དུ་བཞུགས། །ད་ང་ནི་རྒས་ཀྱང་སྟག་རྒས་ཡིན། །འཆི་བས་མི་འཇིགས་བྲོད་དབྱངས་ཡིན། །ཁྱེད་འདིར་འཚོགས་ཀྱི་རས་པ་བུ་བརྒྱད་པོ། །མི་ཚེ་ཡང་ཡེངས་མ་བྱེད་སྒོམ་ལ་འབུངས། །ཞེས་གསུངས་ནས་ཕུག་ཏུ་བྱོན་པ་ལ། རས་ཆུང་པས་བླ་མ་ལགས་སང་ཚེས་བཅུའི་མཆོད་པ་ཚར་ནས། རས་པ་ལ་ལས་ཏི་སེ་ལ་འགྲོ་ཟེར། ལ་ལས་སྟག་ཚང་ལ་འགྲོ་ཟེར། ལ་ལས་སེང་གེ་ཕུག་ཏུ་འགྲོ་ཟེར། ལ་ལས་ལྡོམ་བུ་ལ་འགྲོ་ཟེར། ལ་ལས་བླ་མའི་དྲུང་དུ་སྡོད་ཟེར་བས་འདི་རྣམས་ལ་ཞལ་ལྟ་འདྲ་གནང་རྒྱུ་ཨེ་ཡོད་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །བུ་གསན་རྒྱ་ཅན་གྱི་སྟོན་པ་དང་། །སྙིང་རུས་ཅན་གྱི་རས་ཆུང་པ། །ཁྱོད་སྟོན་སྒོམ་གཉིས་ཀྱི་དབུ་མཛད་པའི། །གདན་གང་བཞུགས་པའི་རས་པ་རྣམས། །ངག་ཆེད་དུ་བསྐྱར་ནས་ཞུ་བུལ་བ། །མི་རྒན་ཟེར་ཉན་ན་མཛངས་པ་ཡིན། །བྱ་གཤོག་དྲུག་རྒྱས་ན་དུས་ཚོད་མཁས། །ནོར་ཆོག་ཤེས་ཟིན་ན་ཕྱུག་པོ་ཡིན། །དཔའ་རང་ཚོད་ཟིན་ན་རང་སྲོག་བརྟན། །དེ་ཡན་ཆད་དཔེ་ལ་དྲངས་པ་ཡིན། །ད་དགོས་དོན་མོད་ལ་ཐལ་ཙམ་ན། །སང་ཚེས་བཅུའི་མཆོད་པ་ཕན་ཆད་ལ། ཁྱེད་ལ་ལ་རྒྱལ་ཁམས་ལྟའོ་སྐད། །ལ་ལ་དབེན་པ་བསྙགས་སོ་སྐད། །ལ་ལ་ང་ཕྱིར་འབྲང་ངོ་སྐད། སྒོམ་ཆེན་ཁ་གྲབ་བྱེད་པ་དེ། །བདུད་ཀྱིས་མྱུར་དུ་འཁྱེར་འདོད་ཡིན། །བུ་ཕ་ཡིས་བསྐྱངས་ན་མཛངས་པ་ཡིན། །མི་ཁ་ལ་ཉན་ན་རྒྱལ་པོ་ཡིན། །མི་རང་ལ་གདམས་ངག་ཡོད་པའི་དུས། །ཕྱི་རྣ་ཉན་ཐོས་པ་མ་ཡིན་པའི། །དེ་མ་བརྗེད་སྙིང་གི་དཀྱིལ་དུ་ཞོག །ཐིག་ལེ་ཚད་དུ་མ་འབྱོངས་པའི། །ཕོ་ཉའི་རིག་མ་རྩལ་སྦྱངས་ཡང་། །མཚན་ལྡན་རིག་མ་མ་ལགས་པའི། །ལས་ཀྱི་ཕྱག་རྒྱ་མ་བསྟེན་ཨང་། །ཤལ་མ་རི་ལ་འཇིག་ཉེན་གདའ། བསྙེན་སྒྲུབ་ཚང་དུ་སྐྱོལ་བས་ཀྱང་། །སྙིང་རྗེ་ཆེན་པོའི་ཀུན་སློང་དང་། །ཡི་དམ་གསལ་བའི་ཏིང་འཛིན་གྱིས། །བསྟན་པའི་སྤྱི་དོན་མ་ལགས་པའི། །མཐུ་དང་ངན་སྔགས་མ་སྒྲུབ་ཨང་། །ལས་ཀྱི་སྲིན་པོར་སྐྱེ་ཉེན་ཡོད། །རྩ་རླུང་སེམས་སུ་མ་འདུས་པའི། །བཀོད་པ་ལུས་ཀྱི་རྫུ་འཕྲུལ་གྱིས། །གཅན་གཟན་སྤྲུལ་པའི་གཟུགས་བསྟན་ནས། །ལྟ་སྟངས་རོལ་པ་མ་ལགས་པའི། དུར་ཁྲོད་ཀྱི་བམ་རོ་མ་ལེན་ཨང་། །ཤ་ཟ་མཁའ་འགྲོ་འཁྲུགས་ཉེན་ཡོད། །སུམ་ལྡན་ལ་སོགས་བླ་མ་དང་། །རྡོ་རྗེ་སྤུན་གྲོགས་མ་གཏོགས་པའི། །ཆོས་སྤྱོད་གྲུབ་མཐའ་མི་གཅིག་པའི། །ཆོས་མཛད་དགོངས་པ་ཅི་མཐོང་ཡང་། སྒོམ་ཉམས་དང་རྟོགས་པ་མ་བརྗོད་ཨང་། སྒྲུབ་བརྒྱུད་ཀྱི་བྱིན་རླབས་ཡལ་ཉེན་ཡོད། །དམ་ཚིག་སྣོད་དང་མི་ལྡན་པའི། །མཁའ་འགྲོའི་མཚན་ལྟས་མ་བྱུང་བར། །ཟང་ཟིང་ནོར་གྱི་ངོར་བལྟས་ནས། །ཆོས་ཞུ་ངོས་དགའ་སློབ་མ་ལ། །སྙ་བརྒྱུད་ཀྱི་གདམས་ངག་མ་སྟོན་ཨང་། །ཉམས་ཀྱི་གྲིབ་མས་ཕོག་ཉེན་ཡོད། རི་ཁྲོད་དབེན་པ་མ་ལགས་པའི། །མི་ནག་གྲོང་པའི་ཉེ་འཁོར་དུ། །དད་ལོག་གི་སྣང་བསྒྱུར་མི་ནུས་པའི། །ཟབ་མོ་ཚོགས་ཀྱི་འཁོར་ལོ་དང་། །བརཏལ་ཞུགས་སྤྱོད་པ་མ་མཛད་ཨང་། འཇིག་རྟེན་སྐྱེ་བོའི་ཡ་ག་འཇིགས། །ཨང་དྲུག་ཉམས་ལེན་གླུ་ཆུང་འདི། །སྤྱིར་ཆོས་མཛད་ཡོངས་ཀྱི་སྤྱི་ནོར་ཡིན། །སྒོས་བུ་སློབ་རྣམས་ཀྱི་སེམས་ལ་ཞོག །ཅེས་གསུངས་པས་དེར་བཞུགས་པའི་རས་པ་རྣམས་ཀྱང་ཉམས་རྟོགས་པ་ཡར་འཕེལ་ཞིང་བྱ་བ་ཐེངས་པས་མཚམས་དང་སྨྲ་བཅད་དང་། སྒོམས་རང་ལ་བརྩོན་པ་བྱུང་ངོ་། །དེ་ཐམས་ཅད་ཇོ་བོ་བོན་རིའི་སྐོར་རོ།། །།

དེ་ནས་རྗེ་བཙུན་ལ་ཡོན་བདག་བྲིན་པ་རྡོ་རྗེ་སྨོན་ལམ་བྱ་བས། བྲིན་དུ་འབྱོན་དུ་རེ་ནས་སྤྲོ་བ་བསྐྱེད་ཅིང་ལ་ཕྱི་གོང་ཞེས་བྱ་བ་དབེན་ལ་ཡིད་དུ་འོང་བར་བཞུགས་ས་ཡོད། འཚོ་བ་ཡང་འབད་མི་འཚལ་བར་ངེད་ཡོན་བདག་རྣམས་ཀྱི་འབུལ་ཞུས་པས། འབྱོན་པར་ཞལ་གྱིས་བཞེས་ནས་བྲིན་དུ་བྱོན་དུས། ཕ་གཅིག་སྒྲ་སྒྱུར་རིན་པོ་ཆེ། །མི་འབྲལ་སྤྱི་གཙུགས་རྒྱན་དུ་བཞུགས། །ཁྱེད་འདིར་འཚོགས་ལྷ་མི་ཐམས་ཅད་ཉོན། །ད་དེང་སང་དུས་ཀྱི་སྔོན་རོལ་དུ། །སྙན་གྲགས་རོ་ལ་ཆགས་པ་ཡི། །ཁེ་དང་གྲགས་པར་ཤོར་ཤོར་ནས། །སྡིག་དང་ཚོགས་ལ་དགའ་བ་ཡིས། །འཇིག་རྟེན་བྱ་བཞག་སེམས་སེམས་ནས། །སྙིང་པོའི་དོན་ལ་འཇོལ་ནས་ཐལ། །བླ་མའི་སྐུ་ལ་བཟོད་པར་གསོལ། །སྐལ་ལྡན་བདག་ལ་བྱིན་གྱིས་རློབས། །ད་དེང་སང་དུས་ཀྱི་སྔོན་རོལ་དུ། །འདོད་ཡོན་རོ་ལ་ཆགས་པ་ཡི། རྙེད་དང་བཀུར་སྟིར་ཤོར་ཤོར་ནས། །འཁོར་དང་གཡོག་ལ་དགའ་བ་ཡིས། །ཐ་སྙད་ཚིག་ལ་སེམས་སེམས་ནས། །གཉུག་མའི་དོན་ལ་ཉམས་ནས་ཐལ། །ལྷག་པའི་ལྷ་ལ་བཟོད་པར་གསོལ། །སྐལ་ལྡན་བདག་ལ་བྱིན་གྱིས་རློབས། །དེང་སང་དུས་ཀྱི་སྔོན་རོལ་དུ། །སྒྱུ་ལུས་རྟེན་ལ་ཆགས་པ་ཡིས། །ཟག་བཅས་བདེ་བ་ཉམས་ཏེ་ཐལ། །མི་ཆེན་ཚུལ་འཆོས་བྱེད་བྱེད་ནས། །ངོ་སྲུང་ཕྱོགས་སུ་ཤོར་བ་ཡིས། །བྱེ་བྲག་གི་དམ་ཚིག་ཉམས་ཏེ་ཐལ། །མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ། །སྐལ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་བཟོད་གསོལ་གསུམ་པོ་གསུངས། དེ་ནས་བྲིན་དུ་ཡོན་བདག་རྡོར་སྨོན་ལ་སོགས་ཀྱིས་ཞབས་ཏོག་བྱེད་ཅིང་ཡོད་པའི་དུས་སུ་རི་ཁྲོད་ལ་འགྲོ་གསུངས་ནས། སེ་བན་རས་པ་དང་དཔོན་སློབ་གཉིས་གསང་སྟེ་ཕུགས་སུ་བཞུགས། དབུས་ནས་སྣེའུ་ཟུར་པའི་སློབ་མ་གཅིག་ཆོས་ཞུ་བ་དང་། སྤྱན་སྔ་བའི་སློབ་མ་ལ་སྒེར་འགྲོ་བ་དང་འགྲོགས་ནས་བྱུང་། དེར་རྗེ་བཙུན་དང་མཇལ། དབུས་ན་གྲུབ་ཐོབ་ཅི་འདྲ་བ་ཡོད་གསུངས་པས་སྤྱན་སྔ་བས་ཡི་དམ་ཞལ་གཟིགས་ཟེར། སེ་རས་ཀྱི། རྗེ་བཙུན་གྱིས་གཟིགས་སམ་ཞུས་པས། །མ་རིག་མུན་པ་སང་གྱུར་ཅིག །སྐྱེ་བ་མེད་པའི་དོན་མཐོང་ན། །ཞལ་དང་མཁའ་འགྲོ་མས་ཀྱང་སྟོན། །ཆོས་ཉིད་ཀློང་ལ་ལྟ་བསམ་མེད། །ཅེས་གསུངས། སེ་རས་པས་སྤྱན་སྔ་བ་ལ་ཡོན་ཏན་ཅི་ཙམ་མངའ་དྲིས་པས། ཡི་དམ་གྱི་ཆོས་གསུངས་ཟེར། རྗེ་བཙུན་ལ་གསུང་ངམ་དྲིས་པས། གང་ཡང་སྐྱེ་བ་མེད་པ་ཡི། །སེམས་ཉིད་སྐྱེ་མེད་དོན་མཐོང་ནས། །ཆོས་དང་མཁའ་འགྲོ་མས་ཀྱང་གསུངས། བརྗོད་མེད་ངང་ལ་ཉན་སེམས་མེད། ཡང་དྲིས་པས། ཐང་ལྷས་བཤོས་དྲངས་ཟེར། རྗེ་བཙུན་གྱིས། ལྷ་འདྲེས་བཤོས་འདྲེན་པ་ལ་གྲུབ་ཐོབ་དུ་བྱེད་དམ་གསུངས། རྗེ་བཙུན་ལ་དྲངས་སམ་ཞུས་པས། མི་ཟད་ནམ་མཁའ་ལྟ་བུའི་མཛོད། །ཏིང་འཛིན་སེམས་ཀྱི་གཡོ་བསྐོལ་གྱི། །བཀྲེས་སྐོམ་ཟས་ཀྱི་འདུན་པའང་། །བྲལ་བར་མཁའ་འགྲོ་མས་ཀྱང་བྱེད། །དེ་ཡང་གྲུབ་ཐོབ་ཡིན་སྙམ་མེད། །ཅེས་གསུངས། ཡང་དྲིས་པས། དངོས་གྲུབ་ཐོབ་ཟེར། རྗེ་བཙུན་ལ་ཐོབ་བམ་ཞུས་པས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །དགོས་པ་ཐམས་ཅད་ཚེ་འདི་རུ། །གྲུབ་ཅེས་མཁའ་འགྲོ་མས་ལུང་བསྟན། །ཞེས་གསུངས། ཡང་ཉིན་གཅིག་སེ་བན་རས་པ་ལ། ཁོ་དེ་དེ་རིང་ངེད་རང་གཉིས་སྐྱོ་བསང་ལ་འདོང་གསུངས་ནས། ཁོ་ན་རེ། དེང་སང་སྐྱོ་བསང་ལ་བཞུད་པ་བས་བསོད་སྙོམས་ཐོག་ཅིག་བྱས་ཏེ། རྗེ་བཙུན་རང་ལ་ཕྱི་གངས་ལ་བཞུགས་པའི་ཆོས་བརྒྱགས་བཙལ་ན་འཐད་པ་འདྲ་ལགས། བྲིན་པ་ཚོས་སོ་ནམ་ཡང་བྱེད་བདོ་བས་སྐྱོ་བསང་རང་འཐད་དམ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ངས་བསོད་སྙོམས་མི་བྱེད། ཁོང་ཚོས་སོ་ནམ་བྱེད་བདོ་སྟེ། ངས་ཀྱང་སོ་ནམ་བྱེད་ཅིང་ཡོད། ང་ཡིས་སོ་ནམ་འདི་ལྟར་བྱེད་པས་ཁྱེད་རང་ཉོན་ཨང་གསུངས་ནས། ཕ་མི་བསྐྱོད་ཞབས་ལ་ཕྱག་འཚལ་ལོ། །མི་གཞན་རྣམས་ཞིང་ལ་སོ་ནམ་བྱེད། བདག་ནི་སོ་ནམ་ལྷ་ཆོས་བྱེད། །ཆོས་ཉིད་སྟོང་པའི་ཞིང་ས་ལ། །གདམས་ངག་ཟབ་མོའི་ས་བོན་བཏབ། །ཐབས་ཤེས་གཉིས་ཀྱི་རྨོན་པ ས་རྨོས། །དྲན་པ་རྒྱུན་ཆགས་ཆུ་ཞིག་གཅུས། །རང་རིག་རང་གསལ་ལྗང་བུ་སྐྱེས། །ཡུར་མ་རྣམ་པར་རྟོག་པས་ཡུར། །འབྲས་བུ་བྱང་ཆུབ་སེམས་སུ་སྨིན། །དེ་འདྲ་བ་ཡི་སྟོན་ཐོག་ལ། །ཤེས་རབ་རྣོན་པོས་ཟོར་བས་བརྔས། །གཉིས་སུ་མེད་པའི་ཐག་པས་དྲངས། །ཐེག་པ་ཆེན་པོའི་གླང་ལ་བཀལ། །བདེ་བ་ཆེན་པོའི་གཡུལ་དུ་སྤུངས། །སྙིང་རྗེ་ཆེན་པོའི་ཉི་མས་སྐམ། །མཉམ་པ་ཉིད་ཀྱི་དབྱུག་པས་རྡུངས། །ཡོངས་སུ་དག་པའི་རླུང་ལ་ཕྱར། །དང་པོ་ཆོས་སྐུ་སི་ལི་ལི། །དེ་འོག་ལོངས་སྐུ་སི་ལི་ལི། །དེ་འོག་སྤྲུལ་སྐུ་སི་ལི་ལི། །ལྷ་ཆོས་ཀྱི་སོ་ནམ་དེ་ལྟར་གདའ། །ཞེས་གསུངས། ཡང་རྗེ་བཙུན་གནས་དེ་ཉིད་དུ་བཞུགས་པའི་ཚེ། ཇོ་མོ་གསལ་ལེ་སྒྲོན་ཞེས་བྱ་བའི་ཉམས་ཁྲིད་ཟབ་མོ་ཞུས་ནས་བསྒོམས་པས་ཉམས་དང་རྟོགས་པ་ཁྱད་པར་ཅན་སྐྱེས། བླ་མ་ལ་གུས་ཤིང་སྒྲུབ་པ་ལ་བརྩོན་པས། རི་དང་མཚམས་དང་འདགས་ཆར་གྱི་དུས་འདའ་བ་ཅིག་ཡོད་པ་ལ། མི་གཞན་རྣམས་ཀྱི་མོ་ཞི་གནས་དང་། གཞན་གྱིས་སྡིག་སོགས་མི་འོང་བས་ཡིད་ཆེས་ནས་སྒྲུབ་པ་ལ་ཡང་བརྩོན་པར་འོང་དགོངས་ནས་གསལ་ལེ་སྒྲོན་གྱི་རྩར་བྱོན་ནས་མགུར་གསུངས་པ། ཀྱེ་བྲིན་སྙེ་ནམ་ནམ་མཁའ་གསལ་ལེ་ཁྱོད། །ཐོག་མར་མོས་གུས་བླ་མ་བསྟེན། །བྱིན་རླབས་དབང་གིས་རྒྱུད་སྨིན་བྱས། །ཐར་ལམ་བདུད་རྩིའི་རོ་མཆོག་ཉིད། །གདམས་པའི་ཆོས་ལ་ངེས་ཤེས་ཐོབ། །ལམ་གོང་མའི་དྲོད་རྟགས་ནང་དུ་སྐྱེས། །རི་བྲག་དགོན་པ་ཡུན་རིང་བརྟེན། །ཏིང་འཛིན་ཐང་ལྷོད་མ་ཤོར་བས། །མི་མཐུན་འགལ་རྐྱེན་བགེགས་རྣམས་སེལ། །ད་དྲི་རྒྱུ་མེད་པས་ལེགས་ཀྱང་ལེགས། །ཟས་དུག་གཅན་འདྲ་བ་ང་རྒྱལ་ཡིན། །ཆོས་འབད་པས་བྱས་ཀྱང་མི་གྲོལ་ཏེ། །བྲག་ཡུལ་ཡུན་རིང་གླ་བས་བཟུང་། །བྱ་ནག་རྡོ་རྗེ་བཟླས་པ་མང་། །སྲོག་རྩོལ་ཀྱུར་སྲམ་ལྟོ་དཀར་བཟུང་། །བཅུད་ལེན་དོམ་བུ་ཐུགས་ཀར་མཁས། །འགོག་པ་སྙོམས་འཇུག་ཕྱི་བས་བསྒོམ། །ཁ་བཤད་འདོན་པ་ནེ་ཚོས་བྱེད། །དཀའ་ཐུབ་ཡུན་རིང་བྲམ་ཟེས་བྱེད། །གྲོལ་ཆ་སེམས་ལ་མ་ཤར་ན། །འདོད་པས་ཐར་ལམ་བཙལ་མི་རྙེད། །སེམས་རྫིང་ཆུ་བཞིན་དུ་སྐྱིལ་བ་དེ། །རྟོགས་པའི་ཁ་སྣ་བཀག་པ་ཙམ། །འཁོར་བའི་རྒྱ་མཚོ་དེས་མི་སྒྲོལ། །ཕྱག་མཚན་བསྒོམ་པའི་ཙཎྜྻ་ལཱིས། །ཤེས་རབ་ཕྱོགས་མེད་རལ་པ་དགོས། །སེམས་ནམ་མཁར་བཞག་པའི་ཙཎྜྻ་ལིས། །བར་དོ་རིག་པའི་ངོས་འཛིན་དགོས། །གཉུག་མ་དོན་གྱི་ཙཎྜྻ་ལིས། །སྐྱེ་འགགས་ཡོད་པའི་དོན་རྟོགས་དགོས། ཐིག་ལེ་ན་དཱའི་ཙཎྜྻ་ལིས། །དངོས་པོའི་ཆོས་དང་བྲལ་བ་དགོས། །སྤྲོས་བྲལ་དབུ་མ་དྷུ་ཏིའི་རྩེ། །ནང་མ་བཅོས་རང་བྱུང་གདོད་ནས་དག །གཉིས་བྲལ་གཟུང་འཛིན་རང་བཞིན་འདི། ངོ་བོ་ཕྱག་རྒྱ་ཆེན་པོའི་དོན། །རྟོགས་པར་ལྡན་ནམ་གསལ་ལེ་སྒྲོན། །ཞེས་གསུངས་པས། ཇོ་མོ་གསལ་ལེ་སྒྲོན་གྱིས་དེའི་ལན་དུ་མགུར་གསོལ་པ། བླ་མ་ཁྱོད་ཀྱི་བཀའ་དྲིན་གྱིས། །མི་བདག་ཏུ་མི་ཟད་སྐལ་ལྡན་ཀུན། །རྟོགས་དཔྱོད་ཁ་ལོ་ཆོས་ལ་བསྒྱུར། །ཕྱིན་ཅི་མ་ལོག་ལམ་ལ་བཀོད། །བདག་མ་སྨིན་དབང་གིས་སྨིན་པར་བྱས། །སྨིན་པ་བརྡ་ཡི་དོན་རྣམས་མཐོང་། །ཕྱི་འཁྲུལ་པ་འཁོར་ལོའི་སྣང་བ་འདི། །སྒྱུ་མ་ལྟ་བུ་ཉེར་མཚོན་ནས། །ནང་རིག་པའི་སྲང་ལ་མང་དུ་བཞག །འགྱུ་བ་སེམས་ཀྱི་ཆོ་འཕྲུལ་དེ། །རྒྱ་མཚོའི་རླབས་བཞིན་རང་སར་ཐིམ། །འཇིག་རྟེན་ལམ་གྱི་གོལ་ས་རྣམས། །སྦྱོར་བ་འཕེན་པ་སྟོབས་ལྡན་གྱིས། །དེ་རྣམས་སྒྲོ་འདོགས་ཐད་ཀར་ཆོད། །ལམ་མ་སྐྱེས་རྒྱུད་ལ་སྐྱེད་བྱེད་པ། །གསང་སྔགས་ཐབས་ལམ་དོན་གྱི་གོང་། །ལམ་གོང་ནས་གོང་དུ་འཁྲུལ་པ་མེད། །ཞིབ་མོ་ཡང་ཡང་འཐག་མི་ནུས། །རྒྱབ་བརྟེན་བཟང་པོའི་གདམས་ངག་ལ། །དང་པོའི་དུས་ནས་ནན་ཏན་བྱེད། །མཚུངས་ལྡན་གྱི་མཆེད་གྲོང་ཁྱད་པར་ཅན། །ངན་རྫོང་རས་པས་ཉམས་རྟོགས་དྲིས། །མོ་གྲུ་མོ་ཤི་ཆིང་སྙིང་ལ་ཁུར། །ཟོག་གི་བསླུ་བྲིད་བློ་ལ་བྱས། །གཏི་མུག་གཉིད་ལ་ཕྱི་ཐག་བསྟུངས། །ཞི་གནས་སྟེང་དུ་རང་སྲིད་བསྲིང་། །གྲོགས་ཆོ་ག་རྣམས་ལ་ཐག་ཆོད་བྱས། །འབོལ་སྔས་བསྐྱུར་ནས་ལོ་བདུན་ལོན། །དོན་ཕྱག་རྒྱ་ཆེན་པོ་ཐོག་བབ་ལ། །མ་ཡེངས་རྩེ་གཅིག་ངང་ལ་བཞག །ཁྱེད་གསོད་བརྙས་པ་བྱས་པ་ལ། །མྱ་ངན་འདས་པའི་བསམ་པ་དེས། །བྱམས་སྙིང་རྗེ་གཉིས་དང་མ་བྲལ་ལགས། །ཆོས་དྲི་མེད་དྲི་རྒྱུ་མ་བདེ་མེད། །རྡོ་རྗེ་འཆང་གི་བརྒྱུད་པ་འཛིན། །མཁའ་འགྲོ་སྡེ་བཞིས་ལུང་བསྟན་ཐོབ། །རྒྱལ་སྲས་ཀླུ་སྒྲུབ་མར་གུམ་པ། །ཏེ་མོ་ནཱ་རོའི་སྐྱེས་རབས་ལ། །རྒྱུད་སྡེ་གུས་པས་མངའ་བརྙེས་པས། །རྗེ་མར་པ་ལོ་ཙཱ་རིན་པོ་ཆེ། ཐུགས་རྗེའི་མེ་ཏོག་ཕྱོགས་བཅུར་རྒྱས། །དག་པའི་འབྲས་བུ་སོ་སོར་སྨིན། །འབྲས་བུ་སྤྱི་བོར་ལེན་མཛད་པ། །གུང་ཐང་གི་རས་ཆེན་ཐུགས་རྗེ་ཅན། །སྙན་པའི་བ་དན་ཕྱོགས་བཅུར་ཁྱབ། །རྗེ་གཙུག་གི་ནོར་བུ་རིན་ཆེན་ལ། །གདུང་བར་བྱ་བའི་མོས་གུས་དང་། །ཡོན་ཏན་མཐོང་བའི་ངེས་ཤེས་ཀྱིས། །གླུ་མཆོད་པ་འབུལ་ལོ་ཐུགས་རྗེ་ཅན། །ཚོགས་བྱང་ཆུབ་བསྔོའོ་མཁའ་འགྲོའི་ཚོགས། །ཞེས་པའི་མགུར་བཞེངས་པ་ལ། བླ་མ་རྗེ་བཙུན་ཡང་དགྱེས། གཞན་གྲོགས་པོ་རྣམས་ཀུན་ཡིད་ཆེས་ཏེ། དེས་བསྐུལ་པ་ལྟར་ཐམས་ཅད་སྒྲུབ་པ་ལ་བརྩོན་པར་སོང་སྐད་དོ། །ཡོང་དུས་དེར་ཡོན་བདག་བཀྲ་ཤིས་བརྩེགས་པས་བསྙེན་བཀུར་ལ་གདན་དྲངས་ནས་ཆོས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ཡོན་བདག་ལར་ཆོས་སྙིང་ནས་བྱེད་པར་འདོད་ཅིང་ཉམས་སུ་ལེན་པར་འདོད་ན། བླ་མའི་གདམས་ངག་རང་གི་བསྒོམ་པའི་ཉམས། གཉིས་སུ་མེད་པའི་ཡེ་ཤེས་གསལ་ལ། རང་རིག་པ་གཉུག་མའི་ཤེས་པ་དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་ཏེ། སངས་རྒྱས་གསལ་བར་སྣང་། རྣལ་འབྱོར་པས་ཐབས་ལམ་དཔག་ཏུ་མེད་པས་མཚོན་ནས་རང་བཞིན་གྱི་ངང་གི་འབྱུང་སྟེ། དེའི་དུས་ན་ལྟ་བ་རང་ཤུགས་ཀྱིས་རྟོགས་ཏེ། ཐ་སྙད་གང་དུ་ཡང་མི་ཐོག །སེམས་ལ་ཉམས་སུ་མྱོང་ཡང་ངག་ཏུ་བརྗོད་དུ་མི་གཏུབ་པ། དཔེར་ན་གཞོན་ནུ་མས་བདེ་བ་ཉམས་སུ་མྱོང་བའི་ལྐུགས་པའི་རྨི་ལམ་བཞིན་ནོ། །གཞི་དེ་ཉིད་སེམས་ཅན་ཀུན་ལ་ཡོད་ཀྱང་ངོ་མ་ཤེས། བརྒྱུད་ལྡན་གྱི་བླ་མ་དམ་པ་བསྟེན་པ་གལ་ཆེ། དེ་ལྟར་ཡིན་ཡང་མ་བསྒོམ་ན་ཉམས་སུ་མྱོང་བས། ལས་དང་པོ་པས་འབད་རྩོལ་བསྐྱེད་དེ་བསྒོམ། ངག་སྨྲ་བ་མང་ན་བླ་མ་སུན་འབྱིན་ཅིང་དགེ་སྦྱོར་ལ་གནོད་པས། དགོས་པའི་གཏམ་ཁ་ཡར་ཙམ་མ་གཏོགས་པ་མི་སྨྲ་བ་ཅིག་དགོས། ལར་ཁྱེད་འཇིག་རྟེན་འདི་ལ་མིག་ཅེར་རེ་བལྟས་པའི་མིས་གང་ཡང་མི་འོང་། སྙིང་ནས་ཆོས་རང་བྱ་སྙམ་ན་ལས་དང་བྱ་བ་ཐམས་ཅད་ཕྱལ་གྱིས་གཏོང་དགོས། སྡུག་བསྔལ་མི་ཤེས་པ་བཞིན་དུས་གཅིག་ལ་འདྲེས་ན་འོང་བ་ཡིན་གསུངས་ནས་མགུར་འདི་གསུངས་སོ། །ལར་མ་བསྒོམ་བཤད་པའི་ཆོས་འདི་ང་རྒྱལ་ཡིན། །མ་བསོས་རྙེད་པའི་བུ་ཚ་ཕུང་འདྲེ་ཡིན། །མ་ཞུས་དཔེ་རྡུལ་གྱི་ཁྲེས་པོ་འདི། །ལུང་མེད་ཁྲམ་པའི་གཉའ་ཤིང་ཅི་ལ་ཕན། །དྲང་དོན་ཐེག་པའི་མགོ་སྐོར་ཉན་ཚེ་སྐྱིད། །ངེས་དོན་བླ་མའི་གསུང་ལ་ཉན་མཁན་མེད། །དད་ལྡན་ཡོན་བདག་བུ་སློབ་ལྷ་ཆོས་གྱིས། །ཁྲེལ་མེད་ཁྲམ་པའི་ཁ་འཛིན་མ་བྱེད་པས། །ཉེས་མེད་གཉོམ་ཆུང་གི་བདེན་ཚིག་དྲང་པོར་སྟོན། །ཅེས་གསུངས་ཏེ་ངེས་པར་ཆོས་བྱེད་ན། མང་པོ་སློབ་པ་ནས། དོན་ཐོག་གཅིག་ཏུ་བཞག་ན་ཕན། སྨྲ་བ་མང་ན་གོང་མས་འོག་མ་བསྒྲིབས་ནས་ཡིད་ལ་མི་ཟིན་པས། ཡག་ཡག་མང་པོའི་མགོ་འཁོར་དུ་འཇུག །འཇིག་རྟེན་ལ་ཞེན་པ་ཆེ་ན་ཆོས་བྱས་ནས་ཀྱང་ཁ་ཆོས་ཡིན། ཡང་ཆོས་པ་ལ་ལས་ཁེངས་སྤྱོད་དང་ཡོན་ཏན་སྣ་རེ་ལ་བལྟས་ནས་ཁེང་སེམས་སྐྱེ་ཞིང་དུ་བླ་མ་གོང་མའི་ཡོན་ཏན་མི་ལེན་ཅིང་། བླ་མ་དང་མཁའ་འགྲོའི་བྱིན་རླབས་འཇུག་མི་སྲིད་པས། ང་རྒྱལ་བཅག་ནས་མོས་གུས་ཞེ་ཐག་པ་ནས་བྱ་དགོས་པ་ཡིན། ང་རྒས་ཁ་འདིར་སྒྲུབ་པ་རེམ་པར་བྱ་སྙམ་ནས་ད་ལྟ་ལོང་ཡོད་བསྡད་པས། ཚེ་འདི་ལ་བར་ཆད་ནམ་འོང་ཆ་མེད་པས་འཆི་ཀར་འགྱོད་པ་དང་བཅས་ཏེ་ལོང་མེད་ལ་ཤི་ན་ཅི་བྱེད། ཤེས་ཚད་ཀྱི་ཁ་ནང་དུ་བལྟས་ནས་ཉམས་ལེན་བྱེད་དགོས། བཤད་པ་དང་སྒོམ་པ་གཉིས་གང་རུང་ཅིག་ལ་ནན་ཏན་བྱས་ན་གཅིག་གིས་གཅིག་མགོ་སྨད་ནས་གང་གི་ཡང་ས་མི་ཟིན་པས་སེམས་གང་མོས་པ་ཅིག་མགོ་ཐོན་བྱ་དགོས། རང་གི་ཆོས་དེ་ཉམས་སུ་མ་བླངས་པའི་ཆོས་དེ་སློབ་མ་ལ་བསྟན་ཡང་དགའ་ལ་རི་དང་ཞོར་བྱུང་གི་ཆོས་པ་ཕན་མི་ཐོག་པ་ཡིན། དང་པོར་རང་རྟགས་ཐོན་ཐོན་དུ་བསྒོམ་འཚལ་ཆོས་གཏིང་ཕྱིན་པ་ཅིག་བསླབ། དེ་ནས་སྒྲུབ་པ་བྱ་སྙམ་པའི་ཚེ། ཤེས་བྱའི་མཐའ་ལ་ཆོད་དུས་མེད་པ་ཡིན། སྒྲུབ་པ་ལོ་དང་ཟླ་བར་འདས་འགྲོ་བས་གདམས་ངག་ཟབ་ཏུ་རེ་བ་མང་སྣོད་དུ་བསག་ཀྱང་གང་སྒྲུབ་ཆ་མེད་ཀྱི་བར་ལ་མི་ཚེ་བར་མ་དོར་ཟད་པ་སྟོང་ལོག་ཡིན། ཆོས་སྣ་རེ་ལ་འཕྲལ་གྱི་ཉམས་སུ་ལོང་མཛོད། ཇོ་བོ་ཆོས་ཕྱུག་པོ་སྨྲ་བ་ལ་དགའ་བ་ཁ་ཅིག་དང་བླ་བོ་བཏང་ན་ཡི་དགོས་པ་རྣམས་སྣ་གཅིག་ཀྱང་གདམས་ངག་ཟབ་མོ་མང་ན་གང་སྒྲུབ་ངོ་མི་ཤེས། བསྒོམ་ཀྱང་འདི་ལ་རྟགས་མ་བྱུང་བས་གཞན་ཨེ་དྲག་བསམ་པས་འགྲུབ་དུས་མེད་པས། སོ་མ་གཅིག་སློབ་རིང་ལ་དེ་གོང་ཤེས་པ་དེ་བརྗེད་ནས། བྱིས་པ་ལག་གི་མེ་ཏོག་དང་འདྲ། །ཞེས་གསུངས་ནས་མགུར་འདི་གསུངས་སོ། །ཉོན་དང་ཡོན་བདག་དད་པ་ཅན། །ལས་བདེན་པའི་དོན་དེ་མི་ཤེས་པར། །སྡིག་ཅན་ཐར་པ་འཐོབ་ཏུ་རེ། །ལོ་ཟླ་ཞག་སོང་ཚེ་ལ་གཟན། །མི་སྐྱིད་ལོ་ཟླ་སོང་ན་དགའ། །ནམ་ཟླ་ཨེ་སོང་ཨེ་སོང་ཨེ་སོང་ཟློ། །མི་ཚེ་སོང་བར་མ་ཤེས་པར། །བླུན་པོ་མི་ཡི་རྣམ་དཔྱོད་ཡིན། །ཁྱོད་ངེས་པར་ཆོས་དཔྱོད་མཛད་དགོངས་ན། །མཆོད་པ་ཞིང་ས་བཟང་པོར་སྐྱེལ། །འབུལ་བ་དཀོན་མཆོག་གསུམ་ལ་གྱིས། ཞབས་ཏོག་བླ་མ་རྗེ་ལ་གྱིས། །ཞེ་ས་ཕ་དང་མ་ལ་གྱིས། །སྦྱིན་པ་ལེན་མོ་མེད་པར་ཐོང་། ཕན་འདོགས་མ་ནུས་པ་ལ་གྱིས། །རང་རྒྱུད་ཆོས་དང་བསྟུན་ལ་གྱིས། །ཆོས་ཉམས་ལེན་བྱེད་ན་མང་མི་དགོས། ཁས་ལེན་མང་ན་རྫུན་སོ་ཡིན། །དེ་བཞིན་རྒྱུད་ལ་ཨེ་འབྱོར་ལྟོས། །ཞེས་གསུངས་པས། ཡོན་བདག་དད་ནས་ད་རུང་ཁྱེད་ཀྱི་མགུར་ལེགས་པ་ཅིག་གསུང་བར་ཞུ་ཞུས་པས། ལེགས་པའི་མདོ་བཅུ་མགུར་དུ་གསུངས་པ། ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་སྒྲ་བསྒྱུར་རྒྱལ་པོས་བྱིན་གྱི་རློབས། །འོ་ན་ཡོན་བདག་ཕོ་མོ་རྣམས། །ཁྱེད་གཏན་གྱི་སོ་ནམ་བགྱིད་མི་བགྱི། །ང་མི་མི་རྒན་ཁ་ལ་ཅང་མི་ཉན། །བརྒྱ་ལ་སོ་ནམ་བགྱིད་པའམ། དུས་མར་སོང་ཡར་ལོག་ཉན་སྲིད་ན། །མིའུ་རིན་ཆེན་སྐྱེས་ནས་འཆི། །དེ་ཕྱིར་དམ་ཆོས་མཛད་ན་ལེགས། །སྒྱུ་མའི་ནོར་རྫས་བསགས་ཀྱང་ལུས། །དེ་ཕྱིར་སྦྱིན་པ་བཏང་ན་ལེགས། །ཁམས་ཀྱི་བཟའ་བཏུང་བསྲེས་ཀྱང་འཛད། །དེ་ཕྱིར་ཚོགས་གསོག་བྱས་ན་ལེགས། །འཇིག་རྟེན་གཉེན་འདུན་འདུས་ན་འཕྲལ། །དེ་ཕྱིར་གཉིས་མེད་བསྒོམ་ན་ལེགས། །མལ་ས་མཁར་བརྩིགས་ཀྱང་འཇིག །དེ་བས་དབེན་པ་བསྙགས་ན་ལེགས། །འདུས་བྱས་ལས་ལ་ཟད་པ་མེད། །དེ་བས་བྱ་བ་བཞག་ན་ལེགས། །བྲེ་མོའི་གཏམ་ལ་ཟད་པ་མེད། །དེ་ཕྱིར་སྨྲ་བ་བཅད་ན་ལེགས། །གདམས་ངག་པགས་ལ་སྣུམ་བཀུས་འདྲ། །བླ་མ་མཁས་པ་བསྟེན་ན་ལེགས། །ཉམས་མྱོང་མུན་ལ་ཟླ་ཤར་འདྲ། །ཆུ་བོའི་རྒྱུན་བཞིན་བསྒོམ་ན་ལེགས། ལེགས་པའི་གྲོས་ཀྱི་མདོ་དོན་བཅུ། །རྣལ་འབྱོར་པ་ཡི་བློ་ལ་ཤར། །ཁྱེད་བྲིན་པ་ཕོ་མོའི་ཆོས་སྐལ་མཛོད། །ཨེ་མ་སེམས་ཅན་སྙིང་རེ་རྗེ། །ཁམས་གསུམ་འཁོར་བ་གཏིང་མཐའ་མེད། །འཆི་ཁར་མི་འགྱོད་ཙམ་རེ་མཛོད། །ཞེས་ལེགས་པའི་མདོ་བཅུ་མགུར་དུ་གསུངས་པས། ཡོན་བདག་རྣམས་ཀྱིས་ཞུ་བ་ཕུལ་བ། ངེད་ཅག་ཡུལ་པ་འདི་རྣམས་རྗེ་བཙུན་ཉིད་མ་ལགས་པ། སངས་རྒྱས་མངོན་སུམ་དུ་བྱོན་ཡང་འདི་ཙམ་གྱི་མོས་གུས་མི་སྐྱེ། སློབ་དཔོན་མང་པོའི་ངོ་སྲུང་དང་ཞབས་ཏོག་མི་བགྱི་བར། ཅི་ནས་ཐུགས་རྗེ་འཛིན་པར་ཞུ་ཞུས་པས། ཡང་རྗེ་བཙུན་གྱིས་དེའི་ལན་དུ་དགོས་རྒྱུ་ཆུང་གསུམ་མགུར་དུ་གསུངས་པ། གཉེན་དང་ཡོན་བདག་སློབ་མ་གསུམ། །ཁྱེད་འཇིག་རྟེན་པ་ཡི་ཐེག་ཆེན་ཡིན། །ང་རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །ཕྱག་དང་ཞེ་ས་ཡ་ཚུལ་གསུམ། །ཁྱེད་འཇིག་རྟེན་པ་ཡི་འདྲ་ཆོས་ཡིན། །ང་རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །རྫས་དང་ལོངས་སྤྱོད་འདུ་འཛི་གསུམ། །ཁྱེད་འཇིག་རྟེན་པ་ཡི་ཆེ་ཐབས་མིན། །ང་རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །ཞེས་གསུངས་ནས་ཡོན་བདག་བཀྲ་ཤིས་བརྩེགས་ལ་སོགས་པ་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་པ་བསྔོ་བ་སྨོན་ལམ་གནང་ནས་ཐམས་ཅད་ཆོས་ལ་སྣང་བ་འགྱུར་ནས། དེ་རྣམས་ཀྱི་ནངས་ནས་སྒོམ་བྱེད་མཁན་ཡང་མང་པོ་བྱུང་ངོ་། །ཉམས་སྐྱེས་པ་ཡང་རེ་རེ་ཙམ་བྱུང་ངོ་། །དེ་ཐམས་ཅད་བྲིན་གྱི་ལྷ་གྲོང་གི་སྐོར་རོ།། །།

དེ་ནས་རས་ཆུང་པ་རྗེ་བཙུན་གྱི་དྲུང་དུ་ཐུགས་དམ་མཛད་ཅིང་བཞུགས་པའི་དུས་སུ་ནུབ་གཅིག་རྨི་ལམ་ན་ཁྱི་མོ་ནག་མོ་གཅིག་ལ་བལ་བཀལ། །ཁས་དུང་འབུད་ཡི་གེ་ཀློག་ཀུས་འདེབས། མི་གསུམ་གྱི་གཅིག་ནས་གཅིག་ཏུ་བསྐྱལ་བ་ཡིན་ཟེར་བ་ཅིག་རྨིས་པས་མ་ཤེས་ནས་ཞུས་པས། རྗེ་རས་པའི་ཞལ་ནས། ཁྱི་ནི་གྲོང་དང་ལྡན་པ་དེ། རྒྱུད་ནི་བལ་བས་འཇམ་པ་ཡིན། དུང་ནི་སྙན་པ་ཕྱོགས་བཅུར་སྒྲོགས། ཡི་གེ་ཐ་སྙད་དོན་ལ་མཁས། ཀུས་འདེབས་ཉམས་མྱོང་གླུ་རུ་ལེན། སྐྱེལ་བསུ་བརྒྱད་ཅུ་གསུམ་ལས་འབྱུང་། །ཞེས་ལུང་བསྟན་ཏོ། །ཡང་ནུབ་གཅིག་རྨི་ལམ་ན། མི་གཅིག་གིས་གོས་ཕུད། མི་གཅིག་གིས་ཁྲུས་བྱས། གཤོག་པ་གཉིས་བཏགས་ནས་ཤིང་སྤན་སྤུང་ཡོད་པ་ཅིག་ཏུ་སླེབ་སྟེ། བུད་མེད་གཅིག་གིས་མེ་ལོང་གཅིག་བསྟན་པ་རྨིས། །ཞེས་ཞུས་པས། རྗེ་རས་པའི་ཞལ་ནས། ཆོས་བརྒྱད་ཚེ་འདིའི་གོས་ཕུད་དེ། །གདམས་ངག་དྲི་མེད་ཆུས་བཀྲུས་ནས། །རྒྱུ་འབྲས་ཀྱི་བྱ་ལུས་ལ། །བྱམས་དང་སྙིང་རྗེ་གཤོག་བཏགས་པ། །ཚོགས་གཉིས་དག་པའི་ལམ་བཅད་དེ། མཐོང་ཁོམ་ཤིང་གི་རྩར་བབས་ནས། མེ་ལོང་མཁའ་འགྲོ་བརྡ་བསྟན་བྱུང་། །ཞེས་ལུང་བསྟན་ཡང་ནུབ་གཅིག་རྨི་ལམ་ན། བོང་བུ་ག་པ་ཅིག་ཁ་ཕྱི་ལོག་ཏུ་བསྟན་ཏེ་ཞོན་ནས་ཆུ་ཆེན་པོ་ཅིག་བརྒལ་བ་རྨིས་ཞུས་ལས། རྗེ་བཙུན་གྱིས་ཐེག་ཆེན་བོང་བུ་ལ་ཞོན་ནས། །འཁོར་བ་དག་ལ་རྒྱབ་ཕྱོགས་ནས། །བོང་བུ་ཐེག་ཆེན་བརྡ་ཡིན་ཏེ། །ཕྱིར་ཕྱོགས་དབང་བསྐུར་གོ་ཟློག་བརྡ། །ཆུ་ནི་འཁོར་བའི་རྒྱ་མཚོ་ལས། །སྒྲོལ་བའི་བརྡ་ཡིན་མཁའ་འགྲོས་གསུངས། །ཞེས་ལུང་བསྟན་ཏོ། རས་ཆུང་པས། བླ་མ་ལ་རྟོགས་པ་ཅིག་ཞུ་བྱས་ནས་མཆོད་པ་ཅིག་བྱས་པའི་དུས་སུ། གླིང་ཁ་རས་པས། རྗེ་བཙུན་ལ་རྟོགས་པ་ནམ་མཁའ་ལྟར་ཡངས་པ། སྣང་བ་ལ་ཐོག་རྡུག་མེད་པ་ཡོད་ཟེར་བ་དེ་དག་གནང་བར་ཞུ་བྱས་པ་ལ། རྗེ་བཙུན་གྱི་ཞལ་ནས། སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་གདམས་པ་འདི། །ལྐུགས་པའི་གཞོན་ནུའི་བདེ་བ་བཞིན། །མ་བསྒོམ་བསྟན་རྒྱུ་ང་ལ་མེད། །ཅེས་གསུངས་པས། རས་ཆུང་པས་ཕྱག་འཚལ་ནས་ཞུས་པ། བླ་མ་ལྗོན་ཤིང་ལྟ་བུ་ཡི། །སྐྱེ་མེད་སྐུ་ཡི་མེ་ཏོག་ཞུ། །བླ་མ་ཆུ་རྒྱུན་ལྟ་བུ་ཡི། །བརྗོད་མེད་གསུང་གི་བདུད་རྩི་ཞུ། །བླ་མ་ནམ་མཁའ་ལྟ་བུ་ཡི། །རྟོགས་མེད་ཐུགས་ཀྱི་སྒྲོན་མ་ཞུ། ཞུས་པས། རྗེ་བཙུན་གྱི་ཞལ་ནས། སྐུ་ཡི་མེ་ཏོག་བདུད་རྩི་སྲུངས། །གསུང་གི་བདུད་རྩི་སྤྱོད་པ་སྐྱོང་། །ཐུགས་ཀྱི་སྒྲོལ་མ་སྨིན་གྲོལ་སྒོམ། །གསུངས་པས། རས་ཆུང་པས། བདག་ཅག་མི་ཤེས་གཏི་མུག་པས། །སྐུ་ཡི་དམ་ཚིག་ཇི་ལྟར་སྲུང་། །གསུང་གི་སྤྱོད་པ་ཇི་ལྟར་སྐྱོང་། །ཐུགས་ཀྱི་སྒྲོན་མེ་ཇི་ལྟར་བསྒོམ། །ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། རྣལ་འབྱོར་དམ་ཚིག་གསུམ་དང་ལྡན། །སྡོམ་གསུམ་བསླབ་སྡོམ་གསུམ་དུ་སྲུང་། །སྤྱོད་པ་སྒོ་གསུམ་མ་ཧེ་སྐྱོངས། །སྨིན་གྲོལ་མཚན་ཉིད་སྐྱེ་མེད་ལྟོས། གསུངས་པས། རས་ཆུང་པས། གོ་བས་དེ་རྣམས་ཀྱི་དོན་བཀྲོལ་བ་ནི། ཆོས་སྐུ་ལྷན་སྐྱེས་རྣལ་འབྱོར་ལ། །ལོངས་སྐུ་རྟོགས་པ་རང་སར་གྲོལ། །སྤྲུལ་སྐུ་དངོས་འཛིན་མེད་དེ་བསྲུང་། སྡོམ་པ་གསུམ་ལས། །གཞན་སོ་ཐར་སྡོམ་པ་ལ། །ལམ་ནི་བྱང་སེམས་བསླབ་པ་སྟེ། འབྲས་བུ་གསང་སྔགས་དམ་ཚིག་སྲུངས། །བློ་ལྡོག་གསུམ་ལས། །ཚུལ་འཆོས་ཆོས་བརྒྱད་བློ་ལྡོག་ལ། །འདོད་པ་གསོག་འཇོག་སྤང་བྱ་ཞིང་། །གཡོ་རྒྱུ་ལོག་འཚོ་སྤངས་ཏེ་སྲུངས། སྤྱོད་པ་མ་ཧེ་སྐྱོང་བ་ལ། །ལུས་ནི་སྤྱོད་པ་རྟོག་མེད་ལ། །ངག་ནི་ལྐུགས་མ་མི་སྨྲ་ཞིང་། སེམས་ནི་བུ་ཆུང་ཞེན་མེད་སྤྱོད། །སྨིན་གྲོལ་སྐྱེ་མེད་ངང་དུ་སྒོམ། །བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །སློབ་དཔོན་མཚན་ཉིད་དམ་ཚིག་ལྡན། །གྲོགས་ཀྱི་མཚན་ཉིད་ལྟ་སྤྱོད་མཐུན། །སྣང་བའི་མཚན་ཉིད་སྐྱེ་བ་མེད། འཁོར་བའི་མཚན་ཉིད་གཞི་རྩ་བྲལ། །དཔེ་ཡི་མཚན་ཉིད་དོན་སྟོན་བྱེད། །ཉམས་མྱོང་མཚན་ཉིད་རྟོགས་པར་ལྡན། ཞུས་པས། རྗེ་བཙུན་གྱི་ཞལ་ནས། ལེགས་པ་དེ་ལ་འགྲེལ་པ་ཅིག་གདེགས་སམ་གསུངས་ནས། མ་བྲལ་བྱང་ཆུབ་འཐོར་མི་འདུས། །མ་གྲོལ་དར་མདུད་ལྷོད་ཅིང་དམ། །དངོས་འཛིན་དམུས་ལོང་ཐང་ལ་འཁྱམས། །སོ་ཐར་མེད་ན་ངེས་འབྱུང་མེད། །གསང་སྔགས་མེད་ན་འབྲས་བུ་མེད། །བྱང་སེམས་མེད་ན་གཞན་དོན་མེད། །ཆོས་བརྒྱད་ཚེ་འདིའི་གཡབ་མོ་ཡིན། །གསོག་འཇོག་དགེ་འཇོམས་སེར་བ་ཡིན། །གཡོ་སྒྱུ་ཐར་པའི་གཡང་ས་ཡིན། །རྟོག་པས་འཁོར་བར་སྐྱེ་བར་བྱེད། །སྨྲས་པས་ཐ་སྙད་རྗེས་མི་ཆོད། །ཞེན་པས་འཁོར་བར་འཁྱམས་པར་བྱེད། །དངོས་འཛིན་བྱུང་ན་འཁྲུལ་པ་ཡིན། །བརྒྱུད་པ་མེད་ན་བཀའ་ཆད་ཡིན། །དམ་ཚིག་མེད་ན་གཤིན་རྗེ་ཡིན། །མི་མཐུན་དགྲ་ཟུན་སྤེལ་མ་ཡིན། །སྐྱེ་བ་བྱུང་ན་དངོས་པོ་ཡིན། །གཞི་རྩ་བྱུང་ན་སྤང་བླང་ཡིན། །དོན་སྟོན་མི་ནུས་དོན་མེད་ཡིན། །རྟོག་པ་མེད་ན་ཡིད་སྨོན་ཡིན། གསུངས་སོ། །གསུངས་བཞིན་བསྒྲུབས་པའི་ཡོན་ཏན་ནི། དེ་དེ་ཡིན་ཏེ་དེ་ཉིད་མིན། སྔར་གྱི་དེ་རྣམས་བསྒོམས་པས་སངས་རྒྱས་པའི་གདམས་ངག་ཡིན། ཐོས་པས་སངས་རྒྱས་པའི་གདམས་ངག་དེ་ཡོད་པ་ཡིན། གསུངས་ནས་སྙན་བརྒྱུད་རྣམས་ཚར་བར་གསུངས་སོ། །དེ་རྣམས་རས་ཆུང་པའི་རྨི་ལམ་ལུང་བསྟན་གྱི་སྐོར་རོ།། །།

དེ་ནས་

རྗེ་བཙུན་དང་རས་ཆུང་པ་དཔོན་སློབ་ལ་ཕྱི་གངས་ལ་བཞུད་པ་ལ། རས་ཆེན་པ་བས་རས་ཆུང་པོ་ངོ་མཚར་ཆེ། རྒྱ་གར་དུ་སོང་། རས་ཆེན་པ་ལ་མེད་པའི་གདམས་ངག་མང་པོ་ཡོད་ཟེར་ནས། ཉ་མ་ཚོས་ཤ་ཚོ་བ་དང་། ཆང་ཞིམ་པ། རྩམ་པ་ཞིབ་པ། ཐུད་བཟང་བ་རྣམས་རས་ཆུང་པ་ལ་ཕུལ། རྗེ་བཙུན་ལ་ཤ་རིད་པ། ཆང་སྐྱུར་པོ། རྩམ་པ་རྩིང་པ། ཐུད་ངན་པ་རྣམས་བསྐྱལ་ལོ། །དེར་རས་ཆུང་པས་ང་ལ་ཚོགས་གསོག་འདི་ཙམ་བྱུང་བས། བླ་མ་ལ་ཅི་ཙམ་བྱུང་ན་དགོངས་པས། བླ་མའི་དྲུང་དུ་མཇལ་བ་ལ་ཕྱིན་ཏེ་ཕྱག་ཕུལ་ནས། ཉ་མས་འདིར་ཚོགས་གསོག་ཅི་ཙམ་བྱུང་ཞུས་པས། བླ་མས་འདིར་བཟང་པོ་བྱུང་། ཉ་མའི་ཚོགས་གསོག་ལ་དྲོ་དྲོངས་ཤིག་གསུངས་པས། གཡམ་པའི་འོག་ཏུ་ཤ་རིད་དང་། ཆང་སྐྱུར་དང་། ཐུད་ངན་དང་། རྩམ་རྩིང་དུམ་པ་གཅིག་དང་དེ་རྣམས་འདུག་པས། རས་ཆུང་པ་སྙིང་མི་དགའ་ཏིང་ངེ་སོང་། བླ་མ་ཞིམ་པ་ལྟར་མཛད་ན་གསོལ་ཞིང་འདུག །རས་ཆུང་པ་ཁམས་ལོག་པ་ཅིག་བྱུང་བས་རས་ཆུང་པའི་དགོངས་པ་ལ། བླ་མའི་ཡོན་ཏན་ཆ་གཅིག་ཀྱང་མེད་པ་ལ་ཉ་མ་ཚོས་ཚོགས་གསོག་ལེགས་པོ་མ་རེད་དགོངས་ནས། བླ་མ་བསམ་ན་བླ་མའི་དྲུང་དུ་སྡོད་ནས་གདམས་ངག་མཐར་འདོན། ཞབས་ཏོག་སྙིང་ཚིམ་པ་ཅིག་བྱེད་བསམ་ནས། ཞབས་ཏོག་ཏུ་མི་འགྲོ་ཞབས་འདྲེན་དུ་འགྲོ་བར་འདུག་བསམ་ནས་བླ་མ་ལ་མགུར་འདི་ཕུལ་ལོ། །ང་རྒྱལ་ཁམས་ཕྱོགས་མེད་འགྲིམ་པ་དང་། ཆོས་འཁོར་ལྷ་ས་ལྟ་བ་དང་། །དཔལ་གྱི་བསམ་ཡས་བསྐོར་བ་དང་། །ཇོ་ཤཱཀ་མཆེད་ལ་ཕྱག་འཚལ་དང་། །གཡུ་རུའི་ཁྲ་འབྲུག་ལྟ་བ་དང་། །མར་རྔོག་གི་གདན་ས་བསྐོར་བ་དང་། །རོ་སྙོམས་ལྡོམ་བུ་བྱེད་པ་དང་། །ཅིས་ཀྱང་དབུས་སུ་འགྲོ་བར་ཞུ། ཞུས་པས། བླ་མས་དབུ་གཏུམ་ནས་ཅི་ཡང་མི་གསུང་བ་དང་། ཡང་རས་ཆུང་པས་མགུར་འདི་ཕུལ་ལོ། །ཡུལ་གངས་སྟོད་ཀྱི་སེང་གེ་དཀར་མོ་ང་། །གངས་སྟོད་ཡངས་ལ་མི་འཕྱོ་རྒྱུས། །གཡུ་རལ་ལེགས་པོ་རྒྱས་དུས་མེད། །རས་ཆུང་མི་སྡོད་ལྡོམ་བུར་འགྲོ ། ད་རེས་བླ་མས་བཀའ་གནང་ཞུ། །ནགས་གསེབ་ཀྱི་རྒྱ་སྟག་རི་བཀྲ་ངས། །ནགས་གསེབ་ཡངས་ལ་མི་འགྲིམ་རྒྱུས། །ཁོང་འཛུམ་དྲུག་ལེགས་ལ་རྒྱས་དུས་མེད། །རས་ཆུང་མི་སྡོད་ལྡོམ་བུར་འགྲོ། །ད་རེས་བླ་མའི་བཀའ་གནང་ཞུ། །མཚོ་སྟོད་ཀྱི་ཉ་མོ་གསེར་མིག་ང་། །མཚོ་མཐའ་ཡངས་ལ་མི་འགྲིམ་རྒྱུས། །ཉ་མོ་གསེར་མིག་ལེགས་ལ་རྒྱས་དུས་མེད། །རས་ཆུང་མི་སྡོད་ལྡོམ་བུར་འགྲོ། །ད་རེས་བླ་མའི་བཀའ་གནང་ཞུ། །གུང་ཐང་གི་རས་ཆུང་རྡོར་གྲགས་ང་། །རྒྱལ་ཁམས་ཡངས་ལ་མི་འགྲིམ་རྒྱུས། །ང་ཡི་ཉམས་རྟོགས་ལེགས་ལ་རྒྱས་དུས་མེད། །རས་ཆུང་མི་སྡོད་ལྡོམ་བུར་འགྲོ། །ད་རེས་བླ་མའི་བཀའ་གནང་ཞུ། །ཞེས་ཞུས་པས། བླ་མའི་ཞལ་ནས་རས་ཆུང་པ། དབེན་གནས་རི་ཁྲོད་འགྲིམ་དུས་སུ། །རྒྱལ་ཁམས་འགྲིམ་པས་ཕན་པ་ཆུང་། །བླ་མ་སངས་རྒྱས་བསྒོམ་དུས་སུ། ལྷ་སའི་ལྟད་མོའི་ཕན་པ་ཆུང་། །ལྟད་མོ་སེམས་ལ་ལྟ་བའི་ཚེ། །བསམ་ཡས་གཟིགས་མོས་ཕན་པ་ཆུང་། །སྒྲོ་འདོགས་ནང་ནས་ཆོད་དུས་སུ། །གཡུ་རུའི་ཁྲ་འབྲུག་བསྐོར་བས་ཕན་པ་ཆུང་། །ཞེས་གསུངས་ནས་ཤ་ཚ་གྲོས་འདེབས་ཀྱི་མགུར་འདི་གསུངས་སོ། །གངས་སྟོད་ཀྱི་སེང་གེ་དཀར་མོ་ཁོང་། །སེང་རོང་དུ་མ་འབབས་གངས་སྟོད་ཟུང་། །བརྒྱ་ལ་རོང་དུ་བབས་པ་ན། །གཡུ་རལ་ལེགས་ལ་འབྲལ་ཉེན་ཡོད། །གཡུ་རལ་ལེགས་པོ་ངོམ་ཞིག་གངས་སྟོད་ཟུང་། །བུ་ད་རེས་བླ་མའི་བཀའ་ལ་ཉོན། །ཕུ་རི་གསུམ་གྱི་བྱ་རྒྱལ་རྒོད་པོ་ཁོང་། །ཁྱེད་ཤོད་དུ་མ་འབབ་བྲག་ལ་བཞུགས། །བརྒྱ་ལ་ཤོད་དུ་བབ་པ་ན། །གཤོག་དྲུག་ལེགས་ལ་འབྲལ་ཉེན་ཡོད། །གཤོག་དྲུག་ལེགས་པོ་ངོམ་ཞིང་བྲག་སྟོད་ཟུང་། །བུ་ད་རེས་བླ་མའི་བཀའ་ལ་ཉོན། །ནགས་གསེབ་ཀྱི་སྟག་མོ་རི་བཀྲ་ཁོང་། །ས་མཐའ་མ་སྐོར་ནགས་གསེབ་ཟུང་། །བརྒྱ་ལ་ས་འཕྲང་འགྲིམ་པ་ན། །འཛུམ་དྲུག་ལེགས་དང་འབྲལ་ཉེན་ཡོད། །འཛུམ་དྲུག་ལེགས་པོ་ངོམ་ཞིང་ནགས་གསེབ་ཟུང་། །བུ་ད་རེས་བླ་མའི་བཀའ་ལ་ཉོན། །མཚོ་སྟོད་ཀྱི་ཉ་མོ་གསེར་མིག་ཁོང་། མཚོ་མཐའ་མ་སྐོར་མཚོ་སྟོད་ཟུང་། །བརྒྱ་ལ་མཚོ་མཐའ་བསྐོར་བ་ན། གསེར་མིག་ལེགས་དང་འབྲལ་ཉེན་ཡོད། །གསེར་མིག་ལེགས་པོ་ངོམ་ཞིང་མཚོ་སྟོད་ཟུང་། །བུ་ད་རེས་བླ་མའི་བཀའ་ལ་ཉོན། །གུང་ཐང་གི་རས་ཆུང་རྡོར་གྲགས་ཁྱོད། །རྒྱལ་ཁམས་མ་འགྲིམ་རི་ཁྲོད་ཟུང་། །བརྒྱ་ལ་རྒྱལ་ཁམས་འགྲིམ་པ་ན། །ཉམས་རྟོགས་ལེགས་པོ་འབྲལ་ཉེན་ཡོད། །ཉམས་རྟོགས་ལེགས་པོ་སྐྱོང་ཞིང་རི་ཁྲོད་ཟུང་། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །ཞེས་གསུངས་པས། ཡང་རས་ཆུང་པས་ཞུས་པ། བླ་མའི་དྲུང་དུ་ལོ་སུམ་ཅུ་རྩ་གསུམ་བཞི་རེད་པས། ལྟ་སྒོམ་སྤྱོད་པའི་གདིང་དུམ་པ་ཡོད། དེ་ཅིས་ཀྱང་འགྲོ་ཞུས་ནས་འགྲོ་ལུགས་ཀྱི་མགུར་མ་འདི་ཕུལ་ལོ། །ངས་དམ་ཆོས་ལྟ་བ་དཔེར་བཞག་ནས། སྣང་སྟོང་ཟུར་ཁ་འགྲིམ་ཞིང་འགྲོ། །རྟག་ཆད་ཆམ་ལ་འབེབས་ཤིང་འགྲོ། །འགྱུར་མེད་ལམ་དུ་སློང་ཞིང་འགྲོ། །ལྟ་བ་ཞན་ཡང་ང་མི་འགྱོད། །དམ་ཆོས་སྒོམ་པ་དཔེར་བཞག་ནས། །བདེ་གསལ་ཟུར་ཁ་འགྲེམ་ཞིང་འགྲོ། བྱིང་རྒོད་ཆམ་ལ་འབེབས་ཤིང་འགྲོ། །འོད་གསལ་ལམ་དུ་སློང་ཞིང་འགྲོ། །སྒོམ་པ་ཞན་ཡང་ང་མི་འགྱོད། །དམ་ཆོས་སྤྱོད་པ་དཔེར་བཞག་ནས། །བརཏལ་ཞུགས་ཟུར་ཁ་འགྲིམ་ཞིང་འགྲོ། །ཐེ་ཚོམ་ཆམ་ལ་འབེབས་ཤིང་འགྲོ། །སྤྱོད་པ་ཞན་ཡང་ང་མི་འགྲོ། །དམ་ཆོས་དམ་ཚིག་དཔེར་བཞག་ནས། །རྣམ་དག་ཟུར་ཁ་འགྲིམ་ཞིང་འགྲོ། །གཡོ་སྒྱུ་ཆམ་ལ་འབེབས་ཤིང་འགྲོ། །རང་སེམས་དཔང་པོར་འཇོག་ཅིང་འགྲོ། །དམ་ཚིག་ཞན་ཡང་ང་མི་འགྱོད། །དམ་ཆོས་འབྲས་བུ་དཔེར་བཞག་ནས། །ལྷུན་གྲུབ་ཟུར་ཁ་འགྲིམ་ཞིང་འགྲོ། །རེ་དོགས་ཆམ་ལ་འབེབས་ཤིང་འགྲོ། །སྐུ་བཞི་ལམ་དུ་སློང་ཞིང་འགྲོ། །འབྲས་བུ་ཞན་ཡང་ང་མི་འགྱོད། །རྗེ་མར་པ་ཙམ་ཞིག་དཔེར་བཞག་ནས། །སྙན་བརྒྱུད་ཟུར་ཁ་འགྲིམ་ཞིང་འགྲོ། །ཐ་སྙད་ཆམ་ལ་འབེབས་ཤིང་འགྲོ། །གདམས་ངག་ལམ་དུ་སློང་ཞིང་འགྲོ། །ཆོས་ལམ་ཁྱེར་ཞན་ཡང་ང་མི་འགྱོད། །བླ་མ་མི་ལ་ཙམ་ཞིག་དཔེར་བཞག་ནས། སྙིང་རུས་ཟུར་ཁ་འགྲིམ་ཞིང་འགྲོ། །ལེ་ལོ་ཆམ་ལ་འབེབས་ཤིང་འགྲོ། །བརྩོན་འགྲུས་ཞན་ཡང་ང་མི་འགྱོད། །ང་རས་ཆུང་ཙམ་ཞིག་དཔེར་བཞག་ནས། །སྐལ་ལྡན་ཟུར་ཁ་འགྲིམ་ཞིང་འགྲོ། །ལོག་རྟོག་ཆམ་ལ་འབེབས་ཤིང་འགྲོ། །མོས་གུས་ལམ་དུ་སློང་ཞིང་འགྲོ། །གསོལ་འདེབས་ཞན་ཡང་ང་མི་འགྱོད། །ཅེས་ཞུས་པས། བླ་མའི་ཞལ་ནས། བུ་རས་ཆུང་པ་ཁ་ལྟ་མ་ཆེ། ཆོས་ཁ་ལ་རྒྱལ་ལེ་བྱེད་པའི་མི་མང་པོ་རྨ་དབབ་པ་ཐམས་ཅད་ཡིན། ལར་ཉམས་ལེན་མེད་པའི་མི་ཅིག་ཁ་ལྟ་མཐོ། །སྡོམ་པ་མི་ཐུབ་པ་ཅིག་ཆོས་བཤད་མང་། །མོས་གུས་མེད་པའི་མི་ཅིག་ཁས་ལེན་མང་། །ཤེས་རབ་ཆུང་བའི་མི་ཅིག་དྲུང་དུ་ཆེ། །ཕན་མི་ཐོག་ངེས་པ་ཅིག་མངོན་མཚན་ཆེ། སྡོད་མ་ཚུགས་པའི་མི་ཅིག་བྱེད་རྒྱུ་མང་། །ནང་ན་ཡོན་ཏན་མེད་པ་ཅིག་ཀུ་ཅོ་ཆེ། །རང་རྒྱུད་ངན་པ་ཅིག་རོགས་ལ་གཟན། །ལར་ཆོས་དང་སྤྱོད་ལམ་འདྲེས་པ་ཅིག་ཤིན་ཏུ་དཀའ། །ཁོ་བོས་འཇིག་རྟེན་གྱི་བྱ་བ་སྤངས་ནས་ཡུན་རིང་བས་ཆོས་དང་སྤྱོད་ལམ་འདྲེས་པ་ཡིན་གསུངས་ནས་སྤྱོད་ལམ་རྣམ་བཞིའི་མགུར་འདི་གསུངས་སོ། །ཁོ་བོ་མི་ལ་རས་པ་དང་། །རེས་འགའ་ཉལ་ཞིང་ཉལ་ཞིང་བསྒོམ། །ཉལ་ཞིང་ཉལ་ཞིང་བསྒོམ་ཙམ་ན། །གཏི་མུག་འོད་གསལ་དུ་ཤེས་པའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ་གཞན་ལ་མེད། །ཀུན་གྱིས་ང་ལྟར་ཤེས་ན་དགའ་བ་ལ། །སྒོས་རས་ཆུང་པས་ཤེས་ན་སྐྱིད་པ་ལ། །ཁོ་བོ་མི་ལ་རས་པ་ངས། །རེས་འགའ་འགྲོ་ཞིང་འགྲོ་ཞིང་བསྒོམ། །འགྲོ་ཞིང་འགྲོ་ཞིང་བསྒོམ་ཙམ་ན། །འགྲོ་འདུག་བསྐོར་བར་ཤེས་པ་གདམས་ངག་ཡོད། །མི་ང་ལ་ཡོད་དེ་གཞན་ལ་མེད། །ཀུན་གྱིས་ང་ལྟར་ཤེས་ན་དགའ་བ་ལ། །སྒོས་རས་ཆུང་པས་ཤེས་ན་སྐྱིད་པ་ལ། །ཁོ་བོ་མི་ལ་རས་པ་ངས། །རེས་འགའ་ཟ་ཞིང་ཟ་ཞིང་བསྒོམ། །ཟ་ཞིང་ཟ་ཞིང་བསྒོམ་ཙམ་ན། །བཟའ་བཏུང་ཚོགས་འཁོར་དུ་ཤེས་པའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ་གཞན་ལ་མེད། །ཀུན་གྱིས་ང་ལྟར་ཤེས་ན་དགའ་བ་ལ། །སྒོས་རས་ཆུང་པས་ཤེས་ན་སྐྱིད་པ་ལ། །ཁོ་བོ་མི་ལ་རས་པ་ངས། །རེས་འགའ་སྤྱད་ཅིང་སྤྱད་ཅིང་བསྒོམ། །སྤྱད་ཅིང་སྤྱད་ཅིང་བསྒོམ་ཙ་ན། །འཁོར་བ་མུ་དྲ་ཤེས་པའི་གདམས་ངག་ཡོད། །མི་ང་ལ་ཡོད་དེ་གཞན་ལ་མེད། ཀུན་གྱིས་ང་ལྟར་ཤེས་ན་དགའ་བ་ལ། །སྒོས་རས་ཆུང་པས་ཤེས་ན་སྐྱིད་པ་ལ། །ཞེས་གསུངས་ཏེ། རས་ཆུང་པ། རྐང་རྐྱང་དང་། ཐོ་ཆོ་དང་། བཞད་གད་དང་། ཀུ་རེ་དང་། ཤ་ཚ་དང་། གྲོས་འདེབས་དང་། ཕོ་རུས་དང་། ཨ་རྒུ་དང་། གཞུང་བཟང་དང་། འཇིག་རྟེན་གྱི་ཆོས་བརྒྱད་ཐམས་ཅད་སྒྲུབ་པ་པོ་ཡི་བདུད་ཡིན། ཁ་མ་མང་སྒོམ་གསུངས་པས། ཡང་རས་ཆུང་པས། བླ་མ་དང་མཆེད་གྲོགས་མ་མཉེས་ཀྱང་འགྱོད་པ་མེད་ཞུས་ནས་འགྱོད་མེད་དྲུག་གི་མགུར་འདི་ཕུལ་ལོ། །ང་ཕྱོགས་མེད་རང་སར་མ་གྲོལ་ཡང་། །ཕྱོགས་ཆ་དང་ཕྱོགས་རིས་ངས་མ་བྱས། །ལྟ་བའི་ཕྱོགས་ནས་འགྱོད་པ་ཆུང་། མངོན་ཤེས་དང་གྲུབ་རྟགས་མ་ཐོན་ཡང་། །ལེ་ལོ་དང་སྙོམས་ལས་ངས་མ་བྱས། །སྒོམ་པའི་ཕྱོགས་ནས་ང་མི་འགྱོད། །ཤུགས་འབྱུང་རང་སར་མ་གྲོལ་ཡང་། །ཆོས་བརྒྱད་དང་ཚུལ་འཆོས་ངས་མ་བྱས། །སྤྱོད་པའི་ཕྱོགས་ནས་ང་མི་འགྱོད། །གཡོ་རྒྱུ་དང་ཟོལ་ཟོག་ངས་མ་བྱས། །དམ་ཚིག་གི་ཕྱོགས་ནས་ང་མི་འགྱོད། །སྐུ་བཞིའི་སྟེང་དུ་མ་སླེབ་ཀྱང་། །ཐེ་ཚོམ་དང་ཡིད་སྨོན་ངས་མ་བྱས། །འབྲས་བུའི་ཕྱོགས་ནས་ང་མི་འགྱོད། །བཀའ་སྡེ་སྣོད་ཀྱི་བཤད་རྒྱ་མི་ཤེས་ཀྱང་། །གཟུ་ལུམ་དང་རས་ཆོད་ངས་མ་བྱས། །སློབ་གཉེར་གྱི་ཕྱོགས་ནས་ང་མི་འགྱོད། །ཞེས་ཞུས་པས། བླ་མའི་ཞལ་ནས་རས་ཆུང་པ། སྐྱེ་བ་ངོ་སྤྲོད་པ་འདི་ཙམ་ཞིག་ལ་འཕོ་བར་བསྡད་བསྡད་ནས་འགྱོད་པ་མེད་པ་ཁོང་དུ་ཆུད་པ་ངོ་མཚར་ཆེ་སྟེ། འགྱོད་མེད་ཀྱི་ལུས་དང་རང་མཐོང་གི་ང་རྒྱལ་དང་། ང་བདེན་གྱི་ཨུ་ཚུགས་དང་གསུམ་འཛོམ་པའི་མི་དེ་ལད་ས་བཅོས་མེད་ཅིག་མིན་པས་རྐྱེན་གྱིས་འགྱོད་པ་ལ་ཡུད་ཙམ་ཅིག་ཡིན། ད་རུང་ལེགས་པོ་ཅིག་བྱེད་ན་ང་ཡི་ཁ་ཏ་འདི་ཚོ་ཡིད་ལ་ཟུངས་གསུངས་ནས་ཞལ་ཏ་བཅུ་གསུམ་མགུར་དུ་གསུངས་པ་ནི། ན་མོ། གསང་མཆོག་ཐེག་ཆེན་རིགས་ལས་འཁྲུངས། །ཆོས་བཀའ་བཞིའི་ངོ་བོ་སྐུ་བཞིའི་རྗེ། །སྦས་པའི་སངས་རྒྱས་མི་གཟུགས་ཅན། །མཚན་ལྡན་ལྷོ་བྲག་མར་པའི་ཞབས་ལ་འདུད། །དེ་རིང་ཡར་ངོའི་ཚེས་བརྒྱད་ལ། །གདུགས་མེ་ཤེལ་གྱི་ཉི་མ་འོད་རེ་འཇམ། །ང་མི་རྒན་ཤེས་པ་བདེ་མོར་གདའ། །ཁྱོད་དམག་བརྒྱའི་ནང་ནས་དར་མདངས་ཅན། །བུ་བརྒྱའི་ནང་ནས་བཞིན་ལེགས་པོ། །ཚིག་ཡང་ཡང་བསྐྱར་ཞིང་ཞུས་པ་དེ། །སྔར་ནས་དྲན་ནམ་དེ་རིང་དྲན། །དོན་ཆུང་ཞུ་བ་མང་པོ་དེ། །བཀའ་ཚིག་དཀྲུགས་པའི་ཕུང་འདྲེ་ཡིན། །ད་མ་ཡེངས་སྙན་གྱི་དབང་པོ་གཏོད། །ཐུགས་ཀྱི་མེ་ལོང་དྲི་ཕྱིས་ལ། །ང་མི་རྒན་གླུ་ལ་ལྷན་ནེ་གསོན། །གདན་གང་ཐུགས་ལ་འཇོག་པར་ཞུ། །ཨེ་མ་ཕྱོགས་བཅུའི་ཆོས་མཛད་རྣམས། །ཐོས་བསམ་སྒོམ་ལ་མ་སྦྱངས་པའི། །མ་ཤེས་ཤེས་སོ་མ་ཟེར་ཅིག །ཆོས་འདོད་ཀྱི་དད་པ་མ་སྐྱེས་པར། །ཁ་ཟ་འདོད་ཀྱི་ལྡོམ་བུ་མ་བྱེད་ཅིག །གནས་ལུགས་འདུག་པ་མི་ཤེས་པར། །ལྟ་བ་ཁ་པོར་མ་སྨྲ་ཞིག །རིག་པའི་འཆར་ཚུལ་མི་ཤེས་པའི། །གཏི་མུག་བླུན་སྒོམ་མ་བྱེད་ཅིག །སྣང་བ་སྤྲུལ་བསྒྱུར་མི་ཤེས་པའི། །ཐོ་ཅོ་གཅེར་རྒྱུག་མ་བྱེད་ཅིག །ཉམས་ལེན་གཅིག་རྐྱ་མི་ཕེར་བའི། །བླ་མའི་དྲུང་ནས་མ་འཕགས་ཤིག །ཟབ་མོའི་སྟོན་ལུགས་མ་ཤེས་པའི། །ཐོས་ཆུང་གི་མགོ་བོ་མ་བསྐོར་ཅིག །རང་རྡོ་རྗེ་འཆང་དང་མི་མཉམ་པའི། །ཁྲོམ་ལ་དབང་བསྐུར་མ་བྱེད་ཅིག །གདམས་ངག་གི་འཚོ་སྐྱོང་མི་ཤེས་པའི། །ཡིག་ནག་ལ་ཡར་ཆོད་མ་བྱེད་ཅིག །བསོད་ནམས་ཀྱི་སྤེལ་ལུགས་མི་ཤེས་པར། །དད་ཟས་ཁྲེལ་མེད་མ་ཟ་ཞིག །ཞེན་པ་ནང་ནས་མ་ལོག་པའི། །མི་ནོར་ལ་ཧབ་ཤ་མ་བྱེད་ཅིག །བླ་མེད་མངོན་དུ་མ་གྱུར་པར། །མི་ནག་གི་བླ་མཆོད་མ་བྱེད་ཅིག །བག་ཆགས་ཀྱི་སྣང་རྒྱ་མ་དག་པའི། །འོལ་ཚོད་ཀྱི་མངོན་ཤེས་མ་བཤད་ཅིག །གཞན་རྒྱུད་ཀྱི་རྟོགས་པ་མི་ཤེས་པའི། །བཟང་ངན་གྱི་སྐུར་པ་མ་འདེབས་ཤིག །ང་མི་རྒན་གྱི་ཁ་ནས་ལེགས་བཤད་བབས། །ལམ་སྣ་དཀོན་མཆོག་གསུམ་པོས་དྲངས། །དངོས་གྲུབ་བླ་མ་མཁའ་འགྲོས་བྱིན། །བར་ཆད་ཆོས་སྐྱོང་སྲུང་མས་སེལ། །བསོ་རེ་དགའ་རེ་སྐྱིད་དགེ་སྦྱོར་མཛོད། །ཁྱོད་འབྲི་སྒོམ་མ་ཉམས་ཕྱི་སྐྱོ་སྐོལ། བསོ་རེ་དགའ་རེ་སྐྱེ་དེ་རིང་ཙམ། །ཞེས་གསུངས་ནས་རས་ཆུང་ཁ་ལ་མི་ཉན་པའི་ཁ་ཏ་དང་། དད་པ་མེད་པའི་ཆོས་བཤད་དེས། ཀོ་བ་སྐམ་པོ་མར་སྐུད་བཀུ་བ་དང་འདྲ། ཁ་ན་ལ་གྱོང་ཆེ། ལར་བུ་ཡི་རྩར་བསྡད་ན་སྐྱིད་ཆེ། སྒོ་ང་མ་དྲོད་ལ་གླན་ན་རྡོལ་སླ། རས་ཆུང་རི་ཁྲོད་དུ་བསྒོམ་ན་བློ་ཐོན། སེང་གེ་མ་ཡི་ཁོག་པ་ན་རྩལ་རྫོགས། ཁྱུང་སྒོ་ངའི་ནང་དུ་གཤོག་དྲུག་རྒྱས། སྒོམ་ཆེན་བླ་མའི་དྲུང་དུ་གོལ་ས་མེད། བླ་མས་ཅི་གསུང་བྱས་ན་བསམ་པའི་དོན་འགྲུབ། རས་ཆུང་ཕ་ཡི་ཁ་ལ་ཉན་ན་ཞབས་ཏོག་ཡིན། ཁྱོད་དབུས་སུ་མ་འགྲོ་དང་ཕ་བུ་གཉིས་གྲོས་འཆམ། །ཞེས་གསུངས་པས་ཡང་རས་ཆུང་པས་བླ་མ་ལ། ཁྱེད་ལ་ངས་ཁྱོད་དུས་གསུམ་གྱི་སངས་རྒྱས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཡོད། ད་ཡང་ང་དབུས་སུ་འགྲོ་བའི་རེ་ས་སྐྱེལ་མ་མཛད་དགོས་ཞུས་ནས་སྐྱེལ་མ་རེ་ས་ལྔ་ཡི་མགུར་འདི་ཕུལ་ལོ། །བླ་མ་སངས་རྒྱས་ཀྱི་དགོངས་པ་ཐུགས་རྗེ་ཆེ། །བདག་རས་ཆུང་པ་ལ་སྐྱེལ་མ་མཛོད། །ང་ལྟ་བའི་ལམ་ལ་འགྲོ་བསམ་པས། །རྟག་ཆད་སྐུངས་ས་མང་བ་དང་། །ཕྱོགས་རིས་ཇག་པ་རྒོད་པ་དང་། །གཟུང་འཛིན་ལ་ལྟོང་ཆེ་བ་ཡི། །ཡང་དག་རྫོགས་པའི་ལམ་ལ་མ་ཕྱིན་པས། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སོལ་ཅིག་སྤྲུལ་པའི་སྐུ། །བདག་སྒོམ་པའི་ཐང་ལ་འགྲོ་བསམ་སྟེ། །བྱིང་རྒོད་ཀྱི་སྐུངས་ས་མང་བ་དང་། །དམིགས་གཏད་ཀྱི་ས་འཕྲང་དམ་པ་དང་། །རྣམ་རྟོག་གི་འགོང་པོ་རྒོད་པ་ཡི། སྐྱེ་མེད་སྤྲོས་བྲལ་ཐང་ལ་མ་ཕྱིན་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སོལ་ཅིག་སྤྲུལ་པའི་སྐུ། བདག་སྤྱོད་པའི་ཐང་ལ་འགྲོ་བསམ་སྟེ། །ཞན་པ་འགྲོགས་ཡུན་རིང་བ་དང་། །ཚུལ་འཆོས་ཀྱི་ས་འཕྲང་དོག་པ་དང་། །ཐོ་ཅོའི་ཇག་པ་རྒོད་པ་ཡི། །ཤུགས་འབྱུང་ཞེན་མེད་ཐང་ལ་མ་ཕྱིན་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སོལ་ཅིག་སྤྲུལ་པའི་སྐུ། བདག་དམ་ཚིག་ས་མཁར་བ་རྩིགས་བསམ་སྟེ། །ཐོས་པའི་གོ་རྒྱ་ཆུང་བ་དང་། །གཉན་པོའི་ཞོལ་ཁྱིམ་དམའ་བ་དང་། །ངོས་ལྐོག་གི་ཁྱིམ་སྒོ་ཆེ་བ་སྟེ། །སྐྱེ་མེད་དག་པའི་འབོས་ཀྱིས་མ་འཁོར་བར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སོལ་ཅིག་སྤྲུལ་པའི་སྐུ། བདག་འབྲས་བུའི་ཚོང་ཅིག་ལེན་བསམ་སྟེ། །འཁོར་འདས་ཤུལ་ཐག་རིང་བ་དང་། །མྱང་འདས་ས་འཕྲང་དམ་པ་དང་། །འདོད་ཆགས་ཀྱི་ཇག་པ་རྒོད་པ་དང་། །སྐུ་བཞི་ཡོངས་རྫོགས་ཀྱི་ཁྱིམ་དུ་མ་ཕྱིན་པར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སྒྲོལ་ཅིག་སྤྲུལ་པའི་སྐུ། །བདག་རས་ཆུང་རྒྱལ་ཁམས་འགྲིམ་བསམ་སྟེ། །སྒྱུ་ལུས་སྐྱིད་འདོད་ཆེ་བ་དང་། །དབུ་རུ་བོད་འདི་དད་པ་ཆུང་བ་དང་། །ཁྲམ་པའི་ཇག་པ་རྒོད་པ་ཡི། །བུ་ཕ་ཡི་དྲུང་དུ་མ་ཕྱིན་པར། །བུ་ལ་སྐྱེལ་མ་མཛོད་ཅིག་རིན་པོ་ཆེ། །འཇིགས་པ་སྒྲོལ་ཅིག་སྤྲུལ་པའི་སྐུ། །ཞེས་ཞུས་པས། བླ་མའི་ཞལ་ནས། ཁྱེད་རབ་ཀྱི་མ་འགྲོ། སྤུས་ཀྱི་འགྲོ་ན་ཡང་ང་ཡི་གླིང་ཆུང་འདི་ལ་ཕྱག་རྒྱ། སྐོར་བ་བརྒྱ། མཎྜྻལ་བརྒྱ། གཏོར་མ་བརྒྱ། ཆུ་སྦྱིན་བརྒྱ། ཚ་ཚ་བརྒྱ། བཤགས་པ་བརྒྱ་དེ་རྣམས་མཛོད་ལ་འབྱོན། །ཞེས་གསུངས་པས། རས་ཆུང་པ་དགའ་བས་ཕྱིར་ནང་ཕྱག་ལ་སོགས་པ་མཛད་ནས་བྱོན་སོང་ངོ་། །དེ་ཐམས་ཅད་རས་ཆུང་དབུས་བཞུད་ཀྱི་སྐོར་རོ།། །།

དེ་ནས་རྗེ་བཙུན་གྱི་དགོངས་པ་ལ། ང་ཡི་བུ་དེས་བླ་མ་ལ་དད་པ་ཐོབ་སམ་མ་ཐོབ། བར་ཆད་ཀྱིས་ཚུགས་སམ་མི་ཚུགས་ལས་ངན་གྱི་དབང་དུ་འགྲོའམ་མི་འགྲོ་དགོངས་ནས་རས་ཆུང་པའི་ཕྱིར་ལ་བྱོན་ཏེ། རས་ཆུང་པ་སིལ་མ་ལ་ཡི་ལ་ཐོག་སླེབས་པ་དང་སྦུར་གོག་ཤི་ལ་ཁད་པ་ཅིག་ཏུ་སྤྲུལ་ནས་བཞུགས་ཙ། རས་ཆུང་པས་ཁོ་རང་གི་ཤ་ལས་བཅད་ཅིང་བྱིན་པས། ང་ཡི་བུ་ལ་སྙིང་རྗེ་བཟང་པོ་འདུག་དགོངས། དེ་ནས་ཆུ་བོ་ཕ་ལོང་གྲུ་ཁ་ན་སླེབ་པ་དང་། རྗེ་བཙུན་ཁྲམ་པ་མི་བདུན་དུ་སྤྲུལ་ནས་འོང་བས། རས་ཆུང་པ་ལ་ཟོག་པོ་འདི་སོད་སོད་རྒྱོབ་རྒྱོབ་བྱས་གྲོ་ཕྱེ་གོས་ལོག་འཕྲོག་པ་ལས། རས་ཆུང་པས་ངས་ད་ནང་ཕྱག་དང་བསྐོར་བ་བརྗེད་པས་ལན་བསམ་ནས། སྤྱན་ཟིམ་མེ་བླ་མ་ཡིད་ལ་བསྒོམ་གདའ། ཡང་སང་གི་སོང་ཉི་ནས་མིག་ཕྱེས་ཙ། ངོ་མི་ཤེས་པའི་རས་པ་བདུན་རེད་འདུག་པས་མགྲིན་ཅིག་ཏུ་སྡེབ་ནས་མགུར་འདི་གསུངས་སོ། །ཁྱོད་འདིར་འགྲོའི་བཙུན་ཆུང་གཞོན་ནུ་གཅིག །ཁྱོད་ད་ནང་གང་ནས་འོང་བ་ཡིན། །དོ་ནུབ་གང་དུ་འགྲོ་བ་ཡིན། །བརྒྱུད་པ་གང་ནས་བརྒྱུད་པ་ཡིན། །བླ་མ་སུ་ལ་གཏུགས་པ་ཡིན། །ཡི་དམ་གང་ལ་བྱེད་པ་ཡིན། །དམ་ཆོས་ཅི་སྐད་ཟེར་བ་ཡིན། །ཆོས་སྐྱོང་ཅི་འདྲ་བསྙེན་སྒྲུབ་བྱས། །ཉམས་ལེན་ཅི་འདྲ་བསྒྲུབ་རྒྱུ་ཡོད། །རི་འདི་ལ་ཇི་སྐད་ཟེར་བ་ཡིན། །བྲག་འདི་ལ་ཇི་སྐད་ཟེར་བ་ཡིན། །བཀའ་མཆིད་མ་ཡོ་དྲང་དུ་སྨྲོས། །ཞེས་གསུངས་པས། རས་ཆུང་པས་འདི་རྣམས་ངོ་ནི་མི་ཤེས། བླ་མའི་སྤྲུལ་པ་འདྲ་ཨེ་མ་ཡིན་བསམ་ནས་ལེན་མགུར་འདི་ཕུལ་ལོ། །ངེད་ད་ནང་སྙེ་ནམ་ལུང་ནས་འོང་། །དོ་ནུབ་གར་འགྲོ་ངེས་པ་མེད། །བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །བླ་མ་མི་ལ་རས་པ་ཡིན། །ཡི་དམ་འཁོར་ལོ་བདེ་མཆོག་ཡིན། །ཆོས་སྐྱོང་མགོན་པོ་ནག་པོ་ཡིན། །ཉམས་ལེན་རྩ་རླུང་བསྒོམ་པ་ཡིན། །ང་རང་རས་ཆུང་རྡོར་གྲགས་ཡིན། །རི་འདི་སྙེ་ནམ་དྲོད་ཕུག་ཡིན། །ཆུ་འདི་ལ་ཕོ་ལང་གྲུ་ཁ་ཟེར། །བྲག་འདི་སེང་གེ་འགྱིང་འདྲ་ཟེར། འགྲོ་བ་རས་ཆུང་རྡོར་གྲགས་འགྲོ། །སོངས་ཤིག་བླ་མ་རྗེ་ཡིས་གསུངས། །འགྲོ་བ་དབུས་ཀྱི་ཕྱོགས་སུ་འགྲོ། །སྤྱོད་ལམ་མངོན་ལྐོག་མེད་པར་འགྲོ། །དེ་ལྟར་འགྲོ་ཡི་བྱིན་གྱིས་རློབས། །རྗེ་སྦས་པའི་སངས་རྒྱས་རྣལ་འབྱོར་པ། །སྤྲང་འཇིགས་དང་བྲལ་བར་ཐུགས་རྗེས་ཟུངས། །ཞེས་ཕུལ་བས། བླ་མ་རྗེ་བཙུན་ཉིད་དུ་ཀྲོང་ངེར་གྱུར་བྱུང་བས། བུ་ཁྱོད་ལ་བླ་མ་ལ་དད་པའི་དད་པ་དང་། སྙིང་རྗེ་དུམ་པ་ཅིག་དང་གཉིས་འདུག་པ་ཅུང་ཨེ་དྲག །ལར་ཁྱེད་ལ་རྐྱེན་ངན་གྱི་བར་ཆད་ཀྱིས་འཇིགས་འདུག་པས། ནང་འདོད་པའི་བློ་དང་མ་བྲལ་བར་དུ་རྐྱེན་གྱིས་གནོད་པ་ཡིན། ད་ཅིས་ཀྱང་འགྲོ་ན་ང་ཡི་རས་ཀྱི་སག་ལེ་འདིའི་སྟེང་དུ་སྡོད་དང་བཀྲ་ཤིས་ཤིག་བརྗོད་གསུངས་པས། རས་ཆུང་པས། བླ་མའི་གྲིབ་མ་ཙམ་ཡང་འགོམ་མི་རུང་བ་ལ། ན་བཟའི་སྟེང་དུ་སྡོད་པ་ཨེ་རུང་ཞུས་པས། བླ་མས་བཀའ་གནང་བས་ཉེས་པ་མེད་གསུངས་ནས་ན་བཟའི་སྟེང་དུ་བཞག་ནས་བཀྲ་ཤིས་དགུ་བརྩེགས་ཀྱི་མགུར་འདི་གསུངས་སོ། །ང་ཡི་བརྒྱུད་པ་གང་ཡིན་ཟེར་ཙམ་ན། བརྒྱུད་པ་མི་ངན་བརྒྱུད་པ་བཟང་། བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། བརྒྱུད་པ་བཟང་པོའི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །བླ་མ་གང་ཡིན་ཟེར་ཙམ་ན། །བླ་མ་མི་ངན་བླ་མ་བཟང་། །བླ་མ་མར་རྔོག་རྣམ་གཉིས་ཡིན། །བླ་མ་བཟང་པོའི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །དམ་ཆོས་གང་ཡིན་ཟེར་ཙམ་ན། །དམ་ཆོས་མི་ངན་དམ་ཆོས་བཟང་། །དམ་ཆོས་ཕྱག་རྒྱ་ཆེན་པོ་ཡིན། །དམ་ཆོས་བཟང་པོའི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །ཡི་དམ་གང་ཡིན་ཟེར་ཙམ་ན། །ཡི་དམ་མི་ངན་ཡི་དམ་བཟང་། །ཡི་དམ་ཕག་མོ་དམར་ཆུང་ཡིན། །ཡི་དམ་བཟང་པོའི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །ཆོས་སྐྱོང་གང་ཡིན་ཟེར་ཙམ་ན། །ཆོས་སྐྱོང་མི་ངན་ཆོས་སྐྱོང་བཟང་། ཆོས་སྐྱོང་མ་མགོན་ལྕམ་དྲལ་ཡིན། །ཆོས་སྐྱོང་བཟང་པོའི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །རྩ་དང་རླུང་དང་ཐིག་ལེ་གསུམ། །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །བདེ་དང་གསལ་དང་མི་རྟོག་གསུམ། །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །གཞི་དང་ལམ་དང་འབྲས་བུ་གསུམ། །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །སངས་རྒྱས་བདེན་ལ་ཆོས་ཀྱང་བདེན། །དེ་བཞིན་དགེ་འདུན་བདེན་པ་ཡིས། །བཀྲ་ཤིས་མི་འགྱུར་བརྟན་པར་ཤོག །ང་རང་གང་ཡིན་ཟེར་ཙམ་ན། ང་རང་མི་ལ་རས་པ་ཡིན། མི་ལ་རས་པའི་བཀྲ་ཤིས་ཤོག །བུ་རས་ཆུང་པ་ལ་བཀྲ་ཤིས་ཤོག །བུ་ཕ་བས་ལྷག་པའི་བཀྲ་ཤིས་ཤོག །ཅེས་གསུངས་ནས་རས་ཆུང་པ་ཁྱོད་དབུས་སུ་འགྲོ་བ་ལ། འཇིག་རྟེན་པའི་ཁྱི་མོ་ཅིག་གིས་རྐང་པ་ནས་འཛིན་པར་འདུག་པས། དེའི་དུས་སུ་བླ་མ་དང་ཉམས་ལེན་མ་བརྗེད་པར་གྱིས་ཤིག་གསུངས་སོ། །ཡང་རས་ཆུང་པས་ཞུས་པ། ང་རྒྱ་གར་དུ་སོང་དུས་ཕྱག་རྒྱ་ཆེན་པོ་ལ་བླ་མ་བལ་པོ་མཁས་ཟེར་བས་ང་དེར་འགྲོ་ཞུས་པས། བླ་མའི་ཞལ་ནས་འོ་ན་ཞུས། ང་རང་གི་ཆོས་བས་ཟབ་པར་འདུག་ན་ཉམས་ལེན་གྱིས། མི་ཟབ་པར་འདུག་ན་རང་གི་ཆོས་ལ་ངེས་ཤེས་དང་སྙིང་རུས་ཆེར་འགྲོ་བ་ཡིན་གསུངས་སོ། །དེ་ནས་རས་ཆུང་པ་དབུས་སུ་སོང་ངོ་། །བླ་མ་ཡར་བྱོན་འོངས་སོ། །དེ་ཐམས་ཅད་དབུས་གཏད་བར་མའི་སྐོར་རོ།། །།

དེ་ནས་རྗེ་བཙུན་དབུས་སུ་ཡར་བྱོན་ནས་ཕུག་པའི་ནང་དུ་བཞུགས་ནས་ཡོད་ཙ། སྙེ་ནམ་པའི་ཉ་མ་རྣམས་ཀྱིས་བསྙེན་བཀུར་ཁྱེར་འོང་ནས། ཉ་མ་རྣམས་ན་རེ། ཁ་བའི་གསེས་མར་མི་གཉིས་འོང་ནས་གཅིག་ཡར་ལོག །གཅིག་མར་སོང་འདུག །རས་ཆུང་པ་དབུས་སུ་བཞུད་པ་འདྲ་ན། བླ་མ་རྗེ་བཙུན་དང་ནམ་ཡང་མཇལ་བས་ཆོག་ལོག་ལ་འོང་ཟེར། རྒན་ཤོས་གཅིག་ན་རེ། ལོག་འགྲོ་བ་མི་འཐད། བསྙེན་བཀུར་སྔ་ལུགས་སུ་ཐོང་ཟེར་ནས། བསྙེན་བཀུར་གསུམ་གཉིས་རྫ་གཙིབ་ཏུ་སྦས། གསུམ་ཆ་ཁྱེར་ནས་རྗེ་བཙུན་གྱི་སྤྱན་སྔར་ཕྱིན། རྗེ་བཙུན་ཁྲི་ཡི་ཁར་བྱམས་པའི་བཞུགས་སྟངས་ཀྱིས་བཞུགས་འདུག་པ་ལ། བསྙེན་བཀུར་རྣམས་ཕྱག་ཏུ་ཕུལ་ནས་རས་ཆུང་པ་གར་བཞུད། ཅི་སྐད་ཟེར་ནས་བཞུད་ཞུས་པས། རྗེ་བཙུན་གྱི་ཞལ་ནས། གཞན་གྱི་དོན་དང་ཁོ་ལ་མེད་དེ་ཆོས་འཁོར་ལྷ་ས་བསྐོར་དུ་འགྲོ་ཟེར། དཔལ་གྱི་བསམ་ཡས་ལྟ་ཟེར། མར་རྔོག་གི་གདན་ས་ལྟ་ཟེར། དབུས་གཙང་གི་རྒྱལ་ཁམས་ལྟ་ཟེར། རོ་སྙོམས་ཀྱི་ལྡོམ་བུ་བྱེད་ཟེར་གསུངས་པས། ཉ་མ་རྣམས་ཀྱིས། ཁྱེད་ཀྱིས་བཤོལ་མ་བཏབ་བམ་ཞུས་པས། ངས་ཁོང་ལ་འདི་སྐད་བྱས་ཏེ། རྩ་བའི་བླ་མ་བཞུགས་དུས་སུ། །ཇོ་ཤཱཀ་བསྐོར་བས་ཅང་ཕན་ནམ། །ལྟ་རྟོགས་སེམས་ལ་གཏོང་དུས་སུ། །བསམ་ཡས་བསྐོར་བས་ཅང་ཕན་ནམ། རི་ཁྲོད་དགོན་པ་འགྲིམ་དུས་སུ། །རྒྱལ་ཁམས་འགྲིམ་པས་ཅང་ཕན་ནམ། །དྲི་མེད་སེམས་ལ་ལྟ་དུས་སུ། །མར་རྔོག་གདན་སས་ཅང་ཕན་ནམ། །དཀའ་ཐུབ་ཆུ་འཐུང་བྱེད་དུས་སུ། །རོ་སྙོམས་ལྡོམ་བུས་ཅང་ཕན་ནམ། །བྱས་ནས་ངས་དག་ཁོ་ལ་དེ་སྐད་བྱས་ཏེ། །ལར་གདོང་པ་ཆུང་བའི་བུ་ཙ་དེ། །ཕ་མའི་ཁ་ལ་ཅང་ཉན་ནམ། དམ་ཚིག་ཆུང་བའི་སློབ་མ་དེ། །བླ་མའི་ཁ་ལ་ཅང་ཉན་ནམ། །ཁོ་རང་གི་ཆེད་དུ་མ་བབ་པའི། །མི་རྒན་གྱི་ཁ་ལ་ཁོང་མི་ཉན། ཁྱེད་ཚོ་ཡོད་ན་ཉན་ཚོད་གདའ་སྟེ། །ཞེས་གསུངས་པས། ཁོང་ཐག་རིང་པོ་ནས་མར་བཞུད་པ་དེས་བློ་མ་བདེ། ཁོང་ལ་བརྒྱགས་དང་། གོས་དང་། རྟ་དང་། གྲོགས་ཅི་ལྟ་བུ་ཡོད་ཞུས་པས། རྗེ་བཙུན་གྱིས་གསུངས་པ། རས་ཆུང་མི་འདུག་དབུས་སུ་སོང་། །ཁོང་གྲོགས་བཟང་པོ་ཅིག་དང་འགྲོགས་ནས་ཐལ། །གཞན་གྱི་གྲོགས་དང་འགྲོགས་ནས་ཐལ། །གཞན་གྱི་གྲོགས་དང་ཁོང་མི་འདྲ། །གཞན་གྱི་གྲོགས་ལ་འདུ་འབྲལ་ཡོད། །རས་ཆུང་གྲོགས་ལ་འདུས་འབྲལ་མེད། །རང་བྱུང་ཡེ་ཤེས་གྲོགས་མཆོག་དང་། །རས་ཆུང་པ་གཉིས་འགྲོགས་ནས་ཐལ། །རྟ་བཟང་པོ་ཅིག་དང་འགྲོགས་ནས་ཐལ། གཞན་གྱི་རྟ་དང་དེ་མི་འདྲ། །གཞན་གྱི་རྟ་ལ་མགྱོགས་བུལ་ཡོད། །རས་ཆུང་རྟ་ལ་མགྱོགས་བུལ་མེད། །རྣམ་ཤེས་རླུང་གི་རྟ་ཕོ་དང་། །རས་ཆུང་པ་གཉིས་འགྲོགས་ནས་ཐལ། །བརྒྱགས་བཟང་པོ་ཅིག་དང་འགྲོགས་ནས་ཐལ། །གཞན་གྱི་བརྒྱགས་དང་དེ་མི་འདྲ། །གཞན་གྱི་བརྒྱགས་ལ་འཛད་པ་ཡོད། །རས་ཆུང་བརྒྱགས་ལ་འཛད་པ་མེད། །ཏིང་འཛིན་ཟས་ཀྱི་རོ་མཆོག་དང་། །རས་ཆུང་པ་གཉིས་འགྲོགས་ནས་ཐལ། །གོས་བཟང་པོ་ཅིག་དང་འགྲོགས་ནས་ཐལ། །གཞན་གྱི་གོས་ལ་དྲོ་གྲང་ཡོད། །རས་ཆུང་གོས་ལ་དྲོ་གྲང་མེད། །གཏུམ་མོ་མེ་འབར་བདེ་དྲོད་དང་། །རས་ཆུང་པ་གཉིས་འགྲོགས་ནས་ཐལ། །ཞེས་གསུངས་པས། ཉ་མ་རྣམས་ན་རེ། བརྒྱགས་དང་གོས་བཟང་པོ་དང་འགྲོགས་ལུགས་ཀྱིས་ཐུགས་ཁྲལ་མཛད་མི་དགོས་པར་འདུག་ཞུས་པས་རྗེ་བཙུན་གྱི་ཞལ་ནས་གུང་ཐང་གི་གཉན་ཆུང་རས་པ་དང་ལྕིམ་ལུང་གི་ངན་རྫོང་བདེ་བ་སྐྱོང་མདོ་བཀྲ་ཡི་སེ་པན་བཀྲ་ཤིས་འབར། སྟག་མོའི་རྣལ་འབྱོར་གླིང་ཁ་བ། ཁོང་སྙིང་དང་འདྲ་བའི་བུ་བཞི་ཡིན། ལར་ཆུང་འགྲོགས་སེམས་ཀྱི་ཚེར་མ་སྟེ། རས་ཆུང་སོང་བས་དྲན་པ་འཕྱོ། །ཞེས་གསུངས་པས། ཉ་མ་རྣམས་ཀྱིས་རྗེ་བཙུན་ལ་ཐུགས་ཁྲེལ་མི་མཛད་ཞུ་དང་། རས་ཆུང་པ་ཡང་མྱུར་དུ་འབྱོན་མཆི། བརྒྱ་ལ་ཕེབས་ན་སྙེ་ནམ་དྲོད་ཕུག་ན་རས་པ་འདི་ཙམ་ཞིག་ཡོད་པ་དེས། དེ་ཚོའི་ནང་དུ་རས་ཆུང་པ་འདྲ་བ་ཅིག་ཀྱང་མེད་དམ་ཟེར་ནས་སེམས་གསོ་ཞིང་ཆོས་བཤད་གྱེན་གྱམ་དུ་གཏོང་བར་བྱུང་བས། དེའི་ཚེ་ཁོང་ཚོ་ལ་གཅེས་པ་ཚུལ་དུ་རྫུན་ཁུང་རྡིབ་པའི་ཕྱིར་མགུར་འདི་གསུངས་སོ། །ང་ཡི་བུ་རས་ཆུང་ཉི་མ་དང་འདྲ་བ་དེ་དབུས་སུ་སོང་། །ཕ་རྒན་འཁར་རྔ་གོག་པོ་འདྲ་བ་དེ་ཤུལ་དུ་ལུས། །ང་ཡི་བུ་གསུང་སྙན་དྲིལ་བུ་དང་འདྲ་བ་དབུས་སུ་སོངས། །ཕ་རྒན་ཟངས་རྔ་གོག་པོ་དང་འདྲ་བ་དེ་ཤུལ་དུ་ལུས། །ང་ཡི་བུ་སེང་གེ་དང་འདྲ་བ་དེ་དབུས་སུ་སོང་། །ཕ་རྒན་གངས་རི་འདྲ་བ་དེ་ཤུལ་དུ་ལུས། གཡུ་རལ་ལེགས་པོ་ངོམ་ཞིང་དབུས་སུ་སོང་། །ང་ཡི་བུ་སྟག་མོ་དང་འདྲ་བ་དེ་དབུས་སུ་སོང་། །ཕ་རྒན་ནགས་གསེབ་དང་འདྲ་བ་དེ་ཤུལ་དུ་ལུས། །འཛུམ་དྲུག་ལེགས་པོ་ངོམ་ཞིང་དབུས་སུ་སོང་། །ང་ཡི་བུ་རྒོད་པོ་འདྲ་བ་དེ་དབུས་སུ་སོང་། ཕ་རྒན་བྲག་རི་དང་འདྲ་བ་དེ་ཤུལ་དུ་ལུས། །གཤོག་དྲུག་ལེགས་པོ་ངོམ་ཞིང་དབུས་སུ་སོང་། །ང་ཡི་བུ་སྐྱ་བཀྲ་དང་འདྲ་བ་དེ་དབུས་སུ་སོང་། །ཕ་རྒན་གོ་རྒན་དང་འདྲ་བ་དེ་ཤུལ་དུ་ལུས། །སྤྱན་མིག་སྐར་རྒྱན་དང་འདྲ་བ་དེ་ངོམ་ཞིང་དུ་སོང་། །ངག་རྒྱ་དར་བས་འཇམ་པ་དེ་ངོམ་ཞིང་སོང་། །གསུང་དྲིལ་བུ་བས་སྙན་པ་དེ་ངོམ་ཞིང་སོངས། །བཞིན་རྨ་བྱ་བས་སྡུག་པ་དེ་དབུས་སུ་སོང་། །སྨྲ་ནེ་ཚོ་ལས་མཁས་པ་དེ་དབུས་སུ་སོང་། །ཤ་གངས་ལས་དཀར་བ་དེ་དབུས་སུ་སོང་། །ལུས་སྦ་དཀར་ལས་ལྡེམ་པ་དེ་དབུས་སུ་སོང་། །ཞེས་གསུངས་པས། འོ་ན་བཤོལ་མི་འདེབས་པ་ཅི་ཡིན་ཟེར་བས། བླ་མའི་ཞལ་ནས་ཁྱེད་ཉ་མ་གཞོན་པ་ཚོ་ཡོད་ན་ཤོལ་བར་བྱུང་ཙམ་གསུངས་ནས་མགུར་འདི་གསུངས་སོ། །བློ་ཕུག་དཀོན་མཆོག་གསུམ་ལ་གཏད་ཅིང་སོང་། །སྙིང་ལ་བླ་མ་རྗེ་བཙུན་བསྒོམ་ཞིང་སོང་། །ཟས་སུ་ཟག་མེད་ཏིང་འཛིན་ཟ་ཞིང་སོང་། །གོས་སུ་གཏུམ་མོའི་བདེ་དྲོད་གྱོན་ཞིང་སོང་། །རྣམ་ཤེས་རླུང་གི་རྟ་ཕོ་བཅིབས་ཤིང་སོང་། །རེ་ས་དཀར་པོའི་ཆོས་ལ་བཅའ་ཞིང་སོང་། །དོགས་པ་ནག་པོའི་སྡིག་ལ་འཛེམ་ཞིང་སོང་། །ཞེས་གསུངས་པས། བླ་མ་ལགས་ངེད་ཚོས་ཤོལ་བར་འདུག་ན་ད་སོང་ན་སླེབ་སར་ཨེ་ཡོད་ཟེར་བས་ཡང་མགུར་འདི་གསུངས་སོ། །ང་ཡི་བུ་དེ་ནམ་མཁའ་དང་འདྲ་བ་ལ། །ང་ཡི་བུ་དེ་ཨེ་ཁུག་བསམ་ན་ནི། །ནམ་མཁའ་ཕྱིང་པ་བཞིན་དུ་དྲིལ་ལ་ཤོག །ང་ཡི་བུ་དེ་རླུང་དམར་དང་འདྲ་བ་ལ། །ང་ཡི་བུ་དེ་ཨེ་ཁུག་བསམ་པ་ན། །རླུང་དུམ་སྤར་བར་ཟུང་ལ་ཤོག །ང་ཡི་བུ་དེ་ཉི་ཟླ་དང་འདྲ་བ་ལ། །ང་ཡི་བུ་དེ་ཨེ་ཁུག་བསམ་པ་ན། །ཉི་ཟླ་གཉིས་པོ་ཁུག་མར་ཆུག་ལ་ཤོག །ང་ཡི་བུ་དེ་རི་བོ་དང་འདྲ་བ་ལ། །ང་ཡི་བུ་དེ་ཨེ་ཁུག་བསམ་པ་ན། །རི་རབ་པང་པས་ཐོབ་ལ་ཤོག །ང་ཡི་བུ་ལ་ཁུག་ཐབས་ག་ལ་ཡོད། །རེ་འཁྲུལ་རེ་འཁྲུལ་ཉ་མ་འཁྲུལ། །རེ་སྡུག་རེ་སྡུག་བསམ་རླག་སྡུག །རེ་འཇིགས་རེ་འཇིགས་ཉ་མ་འཇིགས། །འདིར་འོང་གི་ཉ་མ་སད་སིད་རྣམས། །དམ་པའི་ལྷ་ཆོས་ལ་གཏོང་བ། །སེམས་འདུ་ཤེས་ངན་པ་ལས་ངན་ཡིན། །ཞེས་གསུངས་པས། ཁོང་རྣམས་ན་རེ། དཀའ་ལས་དེ་ཙམ་ཡོད་ན་ཐུགས་སྲེལ་བྱས་མ་བྱས་མི་འདུག་པས། ངེད་རྣམས་ལ་བུ་ལོ་བཅུ་ལོན་པ་དང་། བཅོ་ལྔ་དང་། བརྒྱད་ལོན་པ་གང་ཡང་ཡོད་པ་འབུལ་བས་ཆོག་གིས། ཁྱེད་ཀྱིས་རས་ཆུང་པ་ལ་འདྲ་བ་རེ་མཛད་པར་ཞུ་ཞུས་པས། བླ་མས་མགུར་འདི་གསུངས་སོ། །ཡ་ཀི་གངས་དཀར་གྱི་ལྟོངས་ཤེད་ན། །སེང་གེ་བརྒྱ་འཚོགས་སྟོང་འཚོགས་ཀྱང་། །གཡུ་རལ་ཅན་དེ་མི་གདའ་ན། །མ་ཀི་ཙན་དན་གྱི་ནགས་གསེབ་ན། །སྟག་མོ་བརྒྱ་འཚོགས་སྟོང་འཚོགས་ཀྱང་། །ཁོང་འཛུམ་ཅན་དེ་མི་གདའ་ན། །ཕ་ཀི་བྲག་དམར་གྱི་ལོགས་ཤེད་ན། །རྒོད་པོ་བརྒྱ་འཚོགས་སྟོང་འཚོགས་ཀྱང་། །རྒོད་རྩེ་བྲོ་ཅན་དེ་མི་གདའ་ན། །མ་ཀི་མཚོ་མཐའ་མར་མེར་ན། །ཉ་མོ་བརྒྱ་འཚོགས་སྟོང་འཚོགས་ཀྱང་། །གསེར་མིག་ཅན་དེ་མི་གདའ་ན། །ཡ་ཀི་སྙེ་ནམ་གྱི་དྲོད་ཕུག་ན། །རས་པ་བརྒྱ་ཚོགས་སྟོང་ཚོགས་ཀྱང་། །བུ་རས་ཆུང་པ་དེ་མི་གདའ་ན། །ལར་ཡོན་ཏན་ཡོད་པ་དཀོན་པ་ཡིན། །དེ་བས་དད་པ་ཡོད་པ་དཀོན། །འབུལ་བ་ཐམས་ཅད་ཁ་འབུལ་ཡིན། །ཚོགས་གསོག་ཐམས་ཅད་ཁ་ལེན་ཡིན། །དད་པ་ཐམས་ཅད་འདོད་དད་ཡིན། །སྐྱབས་གནས་ཐམས་ཅད་འཇིགས་ངོ་ཡིན། །སྙིང་རྗེ་ཟེར་ཡང་ཉོན་མོངས་ཡིན། །བཟང་པོ་ཐམས་ཅད་བླུན་པོ་ཡིན། །རྒོད་པོ་ཐམས་ཅད་ངན་པ་ཡིན། །མཛངས་པ་ཐམས་ཅད་སེར་སྣ་ཡིན། །འཚོགས་པ་ཐམས་ཅད་ཁྲམ་པ་ཡིན། །ཕན་པའི་ཆོས་ལ་ངོ་ཚར་བྱེད། །གནོད་པའི་སྡིག་ལ་རྒོད་པོར་འདོད། །བསམ་ཞིང་རྒོད་བྲོ་མཚར་དུ་ཆེ། ཁྱེད་སྨན་བཙུན་ཉ་མ་ཁྱིམ་དུ་བཞུད། །ང་རྣལ་འབྱོར་དགེ་སྦྱོར་བྱེད་པ་ཡིན། །ཞེས་གསུངས་པས། བླ་མ་ལགས། ངེད་རྣམས་ཀྱིས་ཀྱང་བཀའ་གདམས་པའི་བཙུན་པ་མང་པོ་ལ་ཞབས་ཏོག་བྱས་ཏེ། ཁྱེད་ཀྱི་འདི་སྐད་མི་གསུངས། ངེད་ཚོ་ལ་ཡང་དད་པ་བཟང་པོ་ཡོད་ལགས་པས། ད་བཀའ་མ་བཀྱོན་པར་ཆོས་ཤིག་གསུངས་དང་ཟེར་བས། བླ་མས་མགུར་འདི་གསུངས་སོ། །ཚིག་ཐ་སྙད་བཏགས་པའི་ལྟ་བ་དེ། མིང་ལྟ་བ་བྱས་ཀྱང་ཁ་ལྟ་ཡིན། །གཟུང་འཛིན་གཡེང་བ་ཆེ་བའམ། སེམས་རྩེ་གཅིག་འཇོག་པའི་མི་རེ་ཉུང་། །བློ་ལ་ཡར་སྐྱེད་མེད་པའི་བསྒོམ་པ་དེ། །མིང་སྒོམ་པ་བྱས་ཀྱང་ཞི་གནས་ཡིན། །ལྷག་མཐོང་ཟུང་དུ་མ་འབྲེལ་པའི། །སེམས་གནད་དུ་བསྣུན་པའི་མི་རེ་ཉུང་། །བློ་ཉིན་སྲིབ་བྱེད་པའི་སྤྱོད་པ་དེ། །མིང་སྤྱོད་པ་བྱས་ཀྱང་བྲེལ་སྣོན་ཡིན། །ཆོས་བརྒྱད་ཟིལ་གྱིས་མི་གནོན་པའི། །ཆོས་མཐའ་རུ་སྐྱེལ་བའི་མི་རེ་ཉུང་། །ངོ་ལྐོག་དང་བཅས་པའི་དམ་ཚིག་དེ། །མིང་དམ་ཚིག་བྱས་ཀྱང་ཟོག་པོ་ཡིན། །ཁས་བླངས་དམ་བཅས་ཉམས་པའམ། །རང་སེམས་དཔང་པོར་འཇོག་པའི་མི་རེ་ཉུང་། །འདོད་པས་གདུང་བའི་འབྲས་བུ་དེ། མིང་འབྲས་བུར་བཏགས་ཀྱང་མགོ་སྐོར་ཡིན། །ཆོས་ཉིད་རྡོ་རུས་མ་འཕྲོད་པའི། །ལམ་སྣ་ཟིན་པའི་མི་རེ་ཉུང་། །ཚེ་འདིའི་བཅིངས་པའི་སློབ་དཔོན་དེ། །མིང་སློབ་དཔོན་བྱས་ཀྱང་བྲེལ་སྣོན་ཡིན། །གང་ཟག་ཚོ་མོས་གུས་ཆུང་བའམ། །མཚན་ལྡན་བླ་མ་བསྟེན་པའི་མི་རེ་ཉུང་། །གྲོང་ལྟག་གི་དགོན་ཆུང་ཁྲ་མོ་དེ། །མིང་དགོན་པ་བྱས་ཀྱང་གྲོང་ཡུལ་ཡིན། །གང་ཟག་ཚོ་གཡེང་བ་ཆེས་པའམ། །གནས་རི་ཁྲོད་འགྲིམ་པའི་མི་རེ་ཉུང་། །བཀའ་གདམས་ཀྱི་བཙུན་ཆུང་སྲན་རྡོག་མགོ །མིང་བཙུན་པ་བྱས་ཀྱང་ལུས་བསྒྱུར་ཡིན། །གང་ཟག་ཚོ་སྙིང་རུས་ཆུང་བའམ། །འདུལ་ཁྲིམས་སྣ་རེ་སྲུང་བའི་མི་རེ་ཉུང་། །སྙན་ཆུང་གི་ཉ་མ་འཕྱོར་མགོ་མ། །མིང་ཡོན་བདག་བྱས་ཀྱང་འདོད་བསླུ་ཡིན། །བུད་མེད་ཚོ་སྙིང་རྩལ་ཆུང་བ་དང་། །ཚོགས་གསོག་སྦྱིན་པ་གཏོང་བའི་མི་རེ་ཉུང་། །སྤྱིར་མགོ་ནག་གི་དད་པ་ཁ་ལ་ཡོད། །ཁྱོད་ཉ་མའི་དད་པ་འཕོངས་ལ་ཡོད། །ང་རྣལ་འབྱོར་དད་པ་སེམས་ལ་ཡོད། །ཁྱེད་ཉ་མ་ཚོ་མར་ལ་བཞུད་རེ་རན། །མགོ་ཆུང་ཉ་མའི་སྦྱིན་པ་དེ། །ཚོགས་སོགས་ཝ་སྦྲེས་བཞེས་པ་འདྲ། །ཤ་ཁོག་སྤྱང་ཀིས་འདྲེད་ཅིང་གདའ། །ཕྱེ་རྐྱལ་ཕོ་རོག་གཏོར་ཅིང་གདའ། །ཆང་བེལ་ཝ་མོས་འཕོ་ཞིང་གདའ། །ཞེས་གསུངས་པས། ཉ་མ་རྣམས་ཀྱི་བལྟས་ཙ། ཝ་སྦྲེས་དུམ་པ་གཏོར་འདུག་པས་ཁོ་རྣམས་སྐྱེངས་ནས། བླ་མ་ལ་ཕུལ་ཏེ་དབང་བསྐུར་ཞིག་ཞུ་ཟེར་ནས། བླ་མས་མ་བཞེས་ཏེ་མགུར་འདི་གསུངས་སོ། །ཉོན་དང་ཉ་མ་སེར་སྣ་ཅན། །གྲགས་སྙན་འདོད་པའི་ཚོགས་གསོག་དང་། །ཚེ་འདིའི་འཇིགས་སྐྱོབ་སྐྱབས་གནས་དང་། །ལན་རེ་བ་འདོད་པའི་སྦྱིན་པ་དང་། །ངས་བྱས་རང་འདོད་ཀྱི་འབུལ་བ་བཞི། །དེ་བཞི་ལ་ནམ་ཕུག་ཡོད་པ་མིན། །ཁ་ཟ་འདོད་ཀྱི་ཚོགས་འཁོར་བཤམས་ཁྱེར་དང་། །ཆོས་མཁས་འདོད་རང་བཟོ་ཕོ་སྒོ་དང་། །སེམས་གཡེང་འདོད་གླུ་དབྱངས་ཐོ་ཅོ་དང་། །རང་ཆེ་འདོད་དབང་བསྐུར་ངོ་སྲུང་བཞི། །དེ་བཞིས་བྱིན་རླབས་འཇུག་པ་མིན། །ཆོས་བཤད་འདོད་ཡི་གེ་ལུང་མེད་བསྒྲུབས། །ང་རྒྱལ་འདོད་ཕྱག་དང་ཞེ་ས་དགའ། །བསྒོམ་དུ་བཅུག་ཙ་བཤད་པ་འདོད། །ཆེ་ཐབས་འཇིག་རྟེན་གྱི་ལས་དང་བཞི། །དེ་བཞིས་ཐར་པ་འཐོབ་པ་ཉུང་། །བཞི་བཞི་བཞི་རུ་སྡེབས་པའི་དབྱངས། །ཁྱོད་ཉ་མའི་ཐུགས་དམ་དེ་ལ་མཛོད། །ཅེས་གསུངས་པས་ཚོགས་གསོག་མ་བཞེས་པས། འབྲི་སྒོམ་གྱིས་རས་ཆུང་པའི་རས་ཕྱམ་ཞིག་ཡོད་པ་དེ་མནབ་ནས་ཆུང་བའི་སྤྱི ལ་པོར་སོང་ཙ། ཉ་མ་ཚོས་རས་ཆུང་པ་རེད་བསམ་ནས་ཚོགས་གསོག་རྒྱུ་རྣམས་འབྲི་སྒོམ་གྱི་རྩར་ཁྱེར་སོང་བ་ལ་རས་ཆུང་པ་མ་རེད་པ་དང་སྐྱེངས་ནས། འབྲི་སྒོམ་ལ་འབུལ་ཟེར་ནས། འབྲིར་སྒོམ་བླ་མའི་དྲུང་དུ་འོང་པ་ནས་འདི་ལ་བསྔོ་ལོག་མ་མཛད་པར་བཞེས་པར་ཞུ་ཞུས་པས། བླ་མས་མགུར་འདི་གསུངས་སོ། །ཡ་ཀི་ཚེ་རིང་དྲང་སྲོང་དེ། །གང་ཤར་གྱི་ངོ་བོ་མི་ཤེས་པར། །ཐོལ་སྐྱེས་ཀྱི་ཤེས་པ་དགྲ་བོར་འཛིན། །སྙོམས་འཇུག་དྲན་མེད་བསྒོམ་དུ་འདོད། །ལས་འདི་འདྲ་བྱེད་ཅིང་ཟག་མེད་སྐྱེས། །མ་ཀི་ཡི་དྭགས་བསེ་རུ་བ། །རང་སེམས་བསེ་བར་མ་ཤེས་པར། །གཞན་ལ་ཕྲག་དོག་སེར་སྣ་བྱེད། །ལས་ངན་དབང་གིས་བཀྲེས་སྐོམ་སྤྱོད། །བར་འཛམ་གླིང་མི་དབུལ་སྡུག་མཁུན་ཅན། །ས་འོག་གསེར་སྦྲམ་མི་ཤེས་པར། །ཡུལ་མི་གྲོང་ལ་རྐུ་རྫུན་བྱེད། །རྫུན་ཟོལ་ཟོག་མང་ཞིང་ཇེ་སྡུག་འགྲོ། །སྙེ་ནམ་གྱི་ཉ་མ་སྤྲལ་སྤྲུལ་ཅན། །རྗེ་བཙུན་ལ་ཚོགས་གསོག་མ་འདོད་པར། །ཚོགས་གསོག་འཕྱོར་པོའི་རས་ལ་བྱེད། །རས་ལ་ཕུལ་ཞིང་སྐྱེངས་སུ་སོང་། །ད་འདྲེ་མོའི་སྤྲལ་སྤྲུལ་མ་མང་བར། །ལྷ་མོའི་ཚོགས་གསོག་ལྷ་ལ་ཕུལ། །ཞེས་གསུངས་པས། ཉ་མ་གཅིག་དད་པ་སྐྱེས་ནས་ངུས་པས། དེས་རྐྱེན་བྱས་ཏེ་དེར་འོངས་པའི་ཉ་མ་རྣམས་འགྱོད་པ་ཆེན་པོ་སྐྱེས་ནས། བླ་མ་ལགས། ཡུལ་ལུང་ངན་པའི་དབང་དུ་སོང་བས་ཚོགས་གང་ཆེ་མ་ཤེས་ལགས་ཟེར་ཞིང་ངུས་པས། རྗེ་བཙུན་གྱིས་ཆོས་བཤད་པས། སྒོམ་བྱེད་པ་ཡང་གསུམ་བཞི་བྱུང་གཞན་ཐམས་ཅད་ཀྱང་ཆོས་ལ་སྣང་བར་འགྱུར་རོ། །དེ་ཐམས་ཅད་དབུས་གཏད་འོག་མ་དང་ཉ་མའི་སྐོར་རོ།། །།

དེ་ནས་རྗེ་བཙུན་རས་ཆུང་པ་བྱ་ཕུལ་ནས་འོན་གྱི་ལ་ལ་བྱོན། བྱ་པའི་གྲུ་ལ་བྱོན་ནས་ཁྲ་འབྲུག་ཏུ་ཕྱག་ཕེབས། མཆོད་རྟེན་འོག་ལྔའི་རྩར་གཟིམས་ནས་བསྡད་ཅིང་། བཙད་པོ་བྱེའུ་ཆུང་པའི་བུ་མོ་ལྷ་གཅིག་ལྡེམ་བུ་བསྐོར་བ་ལ་འོང་བས་མཐོང་ནས། མ་ཉལ་བར་ཡར་ལོང་ལ་དགེ་སྦྱོར་འདྲ་བ་གྱིས་བྱས་པས་རྗེ་བཙུན་ཅི་ཡང་མི་གསུངས་པར་ཡང་བསྐོར་ནས་འོང་དུས་སུ་ཡང་སྔར་བཞིན་འདུག །རྣལ་འབྱོར་པ་ཁྱེད་ཀྱི་བརྒྱུད་པ་གང་ལ་འདོད། སྤྱི་བོ་བླ་མ་དུ་བཞུགས། བླ་མའི་གཙོ་བོ་གང་ལ་བྱེད། ཆོས་ཅི་མཉན། ཉམས་སུ་གང་ལེན། ཡུལ་གང་ནས་བྱོན། ད་གར་བཞུགས་དྲིས་པས། རྗེ་བཙུན་གྱི་ཞལ་ནས། བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། མེས་པོ་ཏི་ལོ་ནཱ་རོ་ཡིན། །བླ་མ་རྒྱ་གར་ཏི་པུ་དང་། །ཝ་ལ་ཙནྡྲ་རྣམ་གཉིས་བཞུགས། །བོད་ན་མི་ལ་རས་པ་ཡིན། །དམ་ཆོས་ཕྱག་རྒྱ་ཆེན་པོ་ཡིན། །ཡང་སྙིང་མཁའ་འགྲོའི་སྙན་བརྒྱུད་ཡིན། །བསྒོམ་ནི་རྩ་རླུང་ཐིག་ལེ་བསྒོམ། །ང་རང་གུང་ཐང་རས་ཆུང་ཡིན། །ཕྱོགས་མེད་ཀྱི་ལྡོམ་བུ་པ་ང་ལ། འདིར་འགྲོ་འདིར་འདུག་གི་གཏད་སོ་མེད། གསུངས་པས། མོ་ཡབ་ཀྱི་རྩར་ཕྱིན་པས། འོ་སྐོལ་གྱི་བླ་མཆོད་དུ་རུང་པ་ཅིག་ཁྲ་འབྲུག་ལ་བཞུགས་ནས་སྣང་ཞུས་པས། ང་ཡི་བླ་མཆོད་འོང་མི་འོང་ཁྱོད་ཀྱི་ངོ་མི་ཤེས། འོན་ཀྱང་བརྟགས་སུ་འགྲོ་གསུངས་ནས་རྒྱལ་པོ་འཁོར་བཅས་རྗེ་བཙུན་གྱི་དྲུང་དུ་ཡར་བྱོན་ནས། བརྒྱུད་པ་གང་ཡིན་སྔ་མ་བཞིན་དུ་བཙད་པོས་དྲིས་རྒྱལ་པོ་ཐུགས་ཆོས་ཀྱང་མཐའ་བརྟགས་པའི་ཕྱིར། བརྒྱུད་པ་བཟང་ཞིང་བླ་མའི་གདམས་ངག་ངོ་མཚར་ཆེ་ཨང་། ཁྱེད་རང་ལ་ཡོན་ཏན་ཅི་ཡོད། ཆོས་ཐམས་ཅད་ཚད་མའི་རིགས་པས་གཏན་ལ་འབེབས་པ་ཡིན་པས། ཆོས་ཅན་མེ་ཡོད་དེ་དུ་བ་འབྱུང་བའི་ཕྱིར་ཞེས་རྗེས་དཔག་ཚད་མ་བཀོད་པ་ལ། རྗེ་བཙུན་གྱིས་བུམ་དབང་མཐའ་བྲལ་གྱི་རིགས་པ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཅན། ངོ་བོ་ཚད་མའི་རང་བཞིན་དུ་གྲུབ་སྟེ། མཐའ་དང་བྲལ་བའི་ཕྱིར་རོ། །དཔེར་ན་ནམ་མཁའི་རང་བཞིན་ཞེས་པའི་ལན་གྱིས་བཀག་པས། རྒྱལ་པོ་ཐུགས་དགྱེས་པར་གྱུར། དེ་རིང་བསྙེན་བཀུར་གྱི་དྲོ་ཞིག་འདྲེན་པས་བདག་གི་གནས་སུ་འབྱོན་པར་ཞུ་ཞེས་གསུངས་པས། ཕོ་བྲང་དུ་སྤྱན་དྲངས་དེར་ཞབས་ཏོག་བཟང་པོ་མཛད་ནས། བརྒྱུད་པ་རྡོ་རྗེ་འཆང་ཆེན་ནས་ད་ལྟ་ཁྱེད་རང་ཡན་ཆད་དུ་སངས་རྒྱས་ཀྱི་བརྒྱུད་པ་ཟམ་པ་མ་ཆད་ཅིང་། དབང་བཞིའི་དོན་ལ་ཉམས་ཀྱི་སེལ་མ་ཞུགས་པས། ཉམས་དང་རྟོགས་པ་ལ་གློ་བུར་གྱི་དྲི་མས་མ་གོས་པས། སྤྲུལ་པའི་སྐུ་འབའ་ཞིག་ཏུ་བྱོན་པ་ངོ་མཚར་ཆེ། བདག་གི་བླ་མཆོད་དུ་བཞུགས་པར་གསོལ་བ་འདེབས། བུ་མོ་འདི་ཡང་དད་པ་ཅན་གྱི་དགེ་སྦྱོར་གྱི་གྲོགས་སུ་འགྲོ་བར་ཡོད་པས། ཞབས་ཏོག་ལ་འབུལ་བས་ཀོ་ལོང་མི་མཛད་པར་ཞུ། །ཞེས་ཞུ་བ་ཕུལ་བས། རྗེ་བཙུན་གྱི་ཞལ་ནས། ང་སྡེ་ཚན་དང་ཕ་ཚན་མེད་པའི་རྣལ་འབྱོར་པས་ཁྱེད་བཙད་པོའི་བླ་མཆོད་མི་འོང་བ། བུ་མོའི་ཞབས་ཏོག་ཀྱང་དགོས་རྒྱུ་མེད་ཅེས་ཞལ་གྱིས་མ་བཞེས་ཀྱང་། དོན་གྱིས་བཙད་པོས་མ་བཀྲོལ་བར་བཞུགས་དགོས་པར་བྱུང་། བཙད་པོའི་བུ་མོ་དང་ཡང་ཡབ་ཡུམ་དུ་གྱུར། དེའི་དུས་ན་བཙད་པའི་ཁྱིམ་མཚེར་རྒན་རྒོག་གཉིས་ལ་བུ་དང་བུ་མོ་གང་ཡང་མེད། ཟས་ནོར་ནི་ཆེ་བར་ཡོད། དེའི་སྒོ་མདུན་ན་ཆར་མི་འཕོག་པའི་ཕུག་པ་ཅིག་ཡོད་པ་དེ་རྗེ་བཙུན་གྱིས་མཁྱེན་ཏེ། སྤྲུལ་པའི་སྤྲང་པོ་མུ་ལྟོ་བ་ཅིག་ཉལ་ནས་ཡོད་ཙ། རྒན་མོ་དེས་རྒད་པོ་ལ། འོ་སྐོལ་བཟའ་མི་གཉིས་ལ་བུ་དང་བུ་མོ་ནི་མེད། ཟས་ནོར་ནི་ཆེ། རང་གི་སྐལ་བས་སྟོན་མོ་ནི་ཚར། ན་སོ་ནི་འཆི་ཁར་སོང་། རང་ལ་དབང་ཡོད་པའི་དུས་སུ་གཡུ་བཟང་པོ་འདི་ཡིས་རྗེ་བཙུན་རས་ཆུང་པའི་ཕྱག་ཏུ་འབུལ། བསྙེན་བཀུར་གྱི་དྲོ་ཡང་འདྲེན། ཕྱི་མའི་བརྒྱགས་ཕྱེ་ཞུ་ན་མི་འཐད་དམ། །ཞེས་དྲིས་པས་རྒད་པོ་ན་རེ། བློ་གྲོས་དེ་ཤིན་ཏུ་འཐད། དེ་ཁོ་ན་བཞིན་བྱེད་ཟེར། དགེ་བ་ལ་ཕྱི་བཤོལ་བྱེད་ན་བདུད་ལས་ཡིན། གནང་གི་ཉི་མ་ལ་དྲོ་དྲངས་གཡུ་འབུལ་ཆོས་ཞུ་ཟེར། དེ་སྤྲང་པོས་ཚོར་ནས། རྗེ་བཙུན་རིན་པོ་ཆེའི་ཕྱག་ཏུ་རྒན་རྒོག་གཉིས་ཀྱི་འབུལ་བ་ཆེ་ཆུང་གང་ཕུལ་ཡང་། དེ་ང་ལ་མ་ཎི་འདྲེན་པའི་ཆ་རྐྱེན་དུ་གནང་བར་ཞུ་ཞེས་ཞུ་བ་ཕུལ་བས་གནང་བར་ཞལ་གྱིས་བཞེས། དེའི་སང་ཉིན་རྗེ་བཙུན་དཔོན་སློབ་གདན་དྲངས། གཡུ་ཕུལ། ཆོས་ཞུས། འོ་སྐོལ་གཉིས་ཀྱི་གཡུ་འདི་བཙད་པོ་འཁོར་བཅས་ཀྱིས་མ་མཐོང་བར་བཞེས་པར་ཞུ་ཞུས་པས། རྗེ་བཙུན་གྱིས་གཡུ་ཕྱིང་ཁུག་ཏུ་བཅུག་སྟེ་སུ་ལ་མ་བསྟན། ཉིན་གཅིག་ཕྱིང་ཁུག་གྱང་ལ་གཟར་དཔོན་སློབ་རི་ལ་སྐྱོ་བསང་ལ་བྱོན། དེར་ལྷ་གཅིག་གིས་གཡུ་འདུག་པ་མཐོང་། མ་བལྟས་པའི་ཚུལ་དུ་ཡང་མལ་དུ་བཀལ་ནས་བཞག །གནང་ཉིན་གྱི་དུས་སུ་སོང་ཅིང་། སྤྲང་པོ་དེ་རྗེ་བཙུན་གྱི་དྲུང་དུ་འོང་ནས་ཁར་སང་ཞུས་པ་དེ་ལྡན་ནམ་ཟེར་བ་ལ། རྗེ་བཙུན་གྱིས་གཡུ་གསང་ནས་བྱིན། མ་རིག་དང་གཡུ་རིག་བྱ་བ་ཡིན་ཁྱོད་ལ་འདི་མཁོ་བ་ཡིན། འདི་ཁྱེར་ལ་མ་ཎི་འདྲེན་པའི་ཆ་རྐྱེན་མཛོད། བཙད་པོ་འཁོར་བཅས་ཀྱིས་མཐོང་ན་འཕོག །ཁྱད་པར་དུ་བུད་མེད་རྒྱུ་ཡི་རང་བཞིན་པས། ལྷ་ཅིག་གིས་ཚོར་ན་སེར་སྣ་ཆེ་བས་ཆུད་ཟོས་ལ་འགྲོ་དགོངས་ནས་ཟན་རྡོག་ནང་དུ་བཅུག་ནས་བྱིན་ནོ། །ཁྲ་འབྲུག་ན་ལྟད་མོ་བཟང་པོ་ཡོད་པའི་དུས་སུ་ལྷ་ཅིག་རྗེ་བཙུན་གྱི་དྲུང་དུ་ཕྱིན་ནས་འོ་སྐོལ་བཟའ་མི་གཉིས་ལྟད་མོ་ལ་ཆས་པར་ཞུ། ད་རེས་ཕོ་ཐོག་མོ་ཐོག་གཅོད་དགོས་པ་ཡིན་ཟེར་བ་ལ། ང་སྡེ་རིས་དང་ཕ་ཚན་མེད་པའི་རྣལ་འབྱོར་པ་ལ་ཐོག་གཅོད་ཀྱི་དོན་མེད། ཁྱེད་རང་ཆོ་རིས་དང་ཁུང་བཙུན་པས་མོ་ཐོག་གཅོད་པ་ལེགས་ཞེས་གསུངས། བླ་མ་མི་བཞུད་ན་ད་བུ་ལྟད་མོར་འགྲོ། བླ་མའི་ཕྱག་ན་གཡུ་བཟང་པོ་ཅིག་ཡོད་པར་འདུག །དེ་རིང་ང་ལ་གཡར་བར་ཞུ་ཟེར། རྗེ་བཙུན་གྱིས་གཡུ་སྤྲང་པོ་ལ་བྱིན་ནས་མེད་གསུངས། མོ་ཁྲོས་ནས་མི་ངན་པ་བརྒྱགས་པ་ཡིན། བྲ་ཟན་གྱི་ཁེངས་པ་ཡིན། སྤྲང་པོ་མིར་ཁུར་བཅུག་པ་ཆ་མེད་པར། ཁྱེད་དང་པོ་ཅི་འདྲ་ཞིག་བྱུང་བ་ཆ་ཡོད། ད་སྣུམ་པ་འདི་ངས་བྱས་པ་ཡིན། གཡུ་རྡོ་སྒོང་འདྲ་བ་ཅིག་ཡོད་པ་ཉིན་གཅིག་ང་ལ་མི་གཡར་ཟེར་ནས། མདུན་ན་ལྕང་མའི་དབྱུག་པ་ཅིག་སྣང་བ་དེས། རྗེ་བཙུན་གྱི་སྐུ་ལ་ཐེ་ལེ་ལེ་བརྒྱབ། དེའི་དུས་སུ་རྗེ་བཙུན་གྱི་ཐུགས་དགོངས་ལ། ང་ཡི་བླ་མ་རྗེ་བཙུན་གྱི་ཞལ་ནས། ཁྱོད་དབུས་ཀྱི་རྒྱ་ཁམས་སུ་མ་ཆས། ཕྱི་ནས་ཁྱི་མོ་ནག་མོ་གཅིག་གིས་བར་དུ་གཅོད་པར་སྣང་གསུངས་པའི་ཁྱི་མོ་དེ་འདི་རང་ལ་ཟེར་བར་སྣང་དགོངས་ནས། ཐུགས་སྐྱོ་བ་སྐྱེས་ནས་མགུར་འདི་གསུངས་སོ། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐུ་དྲིན་ཅན་ལ་སྐྱབས་སུ་མཆི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རི་ཁྲོད་དགོན་པ་བཞག་ནས་བླ་བྲང་བཟུང་། །རྒྱལ་པོའི་བླ་བྲང་བཟུང་བས་ང་རེ་འཁྲུལ། །དུས་ད་རེའི་བླ་བྲང་བཟུང་རེ་ཤི། །མ་མཁའ་འགྲོ་ཡོད་པ་ཤུལ་དུ་ལུས། །ཁོང་གྱོས་རྒྱུག་རྒན་རྒོག་དང་དུ་བླངས། གྱོས་རྒྱུག་དང་དུ་བླངས་པས་ང་རེ་འཁྲུལ། །ད་ནི་གྱོས་རྒྱུག་བསྟེན་རེ་ཤི། །རང་བྱུང་ཡེ་ཤེས་ཡོད་པ་ཤུལ་དུ་བཞག །ཁོང་བཙད་པོའི་བུ་མོ་དང་དུ་བླངས། །ལྷ་ཅིག་དང་དུ་བླངས་པས་ང་རེ་འཁྲུལ། །ད་ནི་ལྷ་ཅིག་བསྟེན་རེ་ཤི། ཁྱི་སྟན་དམར་ཆུང་ཡོད་པ་ཤུལ་དུ་བཞག །ཁོང་བཙད་པོའི་དར་འབོལ་དང་དུ་བླངས། །དར་འབོལ་དང་དུ་བླངས་པས་ང་རེ་འཁྲུལ། །ད་ནི་དར་འབོལ་བཏིང་རེ་ཤི། །རས་གོས་རྐྱང་གཅིག་ཡོད་པ་ཤུལ་དུ་བཞག །ཁོང་ལྷ་ཅིག་གི་ཚར་སླག་དང་དུ་བླངས། །ཚར་སླག་དང་དུ་བླངས་པས་ང་རེ་འཁྲུལ། །ད་ནི་ཚར་སླག་གྱོན་རེ་ཤི། །ཐོད་ཕོར་ཡོད་པ་ཤུལ་དུ་བཞག །ཁོང་བཙད་པོའི་དཀར་ཡོལ་དང་དུ་བླངས། ཞལ་བུ་དཀར་ཡོལ་བཟུང་བ་ང་རེ་འཁྲུལ། །ད་ནི་དཀར་ཡོལ་བཟུང་རེ་ཤི། །དཔེའུ་བུམ་ཡོད་པ་ཤུལ་དུ་བཞག །བདག་ཟེར་བ་ཅིག་ཡོད་དེ་རིན་ཆེན་གྲགས། །ཅེས་གསུངས་པས། ཡང་གླང་མའི་བེར་རྒེས་བརྡུང་། དཔུང་སྦུད་བྱས་པས་ཕྱི་རྒན་དུ་འགྱེལ་བར་གྱུར། འདི་ང་རང་ལེན་པ་ཡིན། བླ་མ་དཔང་དུ་བཙུགས་ཏེ་འགྲོ་བསམ་ནས་མགུར་འདི་གསུངས་སོ། །བླ་མ་ཡི་དམ་ཆོས་སྐྱོང་རྣམས། །མཐོང་ཐོས་དྲན་ནོ་རས་ཆུང་པ། །བསམ་ཞིང་ཡི་མུག་མཆི་མ་འཁྲུགས། །བླ་མ་སྤངས་ནས་བདུད་དང་འགྲོགས། །འགྲོགས་པས་ང་རི་འགྱོད་ཅིག་བྱུང་། །ད་ཡང་བདུད་དང་མི་འགྲོགས་འགྲོ། སྒྲུབ་ཕུག་སྤངས་ནས་བླ་བྲང་བཟུང་། །བཟུང་བས་ང་རེ་འགྱོད་ཅིག་བྱུང་། །ད་ཡང་བླང་བྲང་མི་བཟུང་འགྲོ། །རས་གོས་སྤངས་ནས་ཚར་ཐུལ་གྱོན། །གྱོན་པས་ང་རེ་འགྱོད་ཅིག་བྱུང་། །ད་ཡང་ཚར་ཐུལ་མི་གྱོན་འགྲོ། །གླང་འཁར་སྤངས་ནས་སྦ་བེར་བཟུང་། །བཟུང་བས་ང་རེ་འགྱོད་ཅིག་བྱུང་། །ད་ཡང་སྦ་བེར་མི་བཟུང་འགྲོ། །སྙན་བརྒྱུད་སྤངས་ནས་དཔེ་བུམ་བཟུང་། །བཟུང་བས་ང་རེ་འགྱོད་ཅིག་བྱུང་། །ད་ཡང་དཔེ་བུམ་མི་བཟུང་འགྲོ། །ཞེས་གསུངས་པས། དེར་ཉེ་གནས་བྱར་པ་རིན་ཆེན་གྲགས་ཡོད་པས། སྒོམ་ཆེན་པ་བློ་སྣ་རིང་དགོས། ལྷན་དུ་བསྡད་ན་ཕོར་སྡེར་ཡང་འཁྲོག །ཞུས་པས་ཡང་མགུར་འདི་གསུངས་སོ། །ཕུ་གངས་དཀར་རྩེ་ལ་བལྟས་བལྟས་ནས། །མདའ་གཙང་ཆབ་རྒྱས་པ་ངས་མ་ཚོར། །མཐོ་རི་གསུམ་རྩེ་ལ་བལྟས་བལྟས་ནས། །མདའ་སྔོ་ཐོག་རྒྱས་པ་ངས་མ་ཚོར། །རྒྱལ་པོ་ཡབ་ཡུམ་ལ་བལྟས་བལྟས་ནས། །མ་མཁའ་འགྲོ་བརྗེད་པ་ངས་མ་ཚོར། །རྒྱལ་པོའི་མཁར་ལ་བལྟས་བལྟས་ནས། །གནས་རི་ཁྲོད་བརྗེད་པ་ངས་མ་ཚོར། །ལྷམ་སྣ་ལེགས་ལ་བལྟས་བལྟས་ནས། །ཕྱི་རྟིང་ཤོར་བ་ངས་མ་ཚོར། །ལྷ་ལྕམ་གདོང་ལ་བལྟས་བལྟས་ནས། །རང་བྱུང་ཡེ་ཤེས་བརྗེད་པ་ངས་མ་ཚོར། །འཇམ་ཕྲུག་གོས་ལ་བལྟས་བལྟས་ནས། །རས་གོས་རྐྱང་ཅིག་བརྗེད་པ་ངས་མ་ཚོར། །སྐ་རགས་རྒྱ་མའི་ངོས་ལ་བལྟས་བལྟས་ནས། །སྒོམ་ཐག་འཁོར་མོ་བརྗེད་པ་ངས་མ་ཚོར། །དར་འབོལ་ངོས་ལ་བལྟས་བལྟས་ནས། །ཁྱི་སྟན་དམར་ཆུང་བརྗེད་པ་ངས་མཚོར། །ཞལ་བུ་དཀར་ཡོལ་ངོས་ལ་བལྟས་བལྟས་ནས། །ཐོད་ཕོར་བྷནྡྷ་བརྗེད་པ་ངས་མ་ཚོར། །ལས་བྱས་པ་ཡོ་དེ་བདུད་མོ་འདི། །གཏམ་ཟེར་བ་མི་བདེན་བདུད་མོའི་ཚིག །བདག་ཟེར་བ་ཉོན་དང་རིན་ཆེན་གྲགས། །བུ་ང་ནི་སྐྱོ་བས་ཁོ་ཐག་ཆོད། །རིན་ཆེན་གྲགས་གཤེགས་ད་དམ་པའི་ལྷ་ཆོས་བྱེད། །ཅེས་གསུངས་པས། མོ་ན་རེ། སྤྲང་ནག་འགྲོ་ན་གར་འགྲོར་གདོད། །ཤེལ་མི་འོང་པའི་མི་རིགས་མིན། །ཡུད་ཙམ་སྡོད་དང་ཟ་མ་སྦྱིན་ཟེར་ནས་ཚ་བ་བསྐོལ་བ་ལ་འོག་ཏུ་སོང་བའི་ཚེ། རིན་ཆེན་གྲགས་ན་རེ། དེ་ཙམ་རེ་ལ་བཟོད་པ་བསྒོམ་མི་ནུས་ཆོས་པ་ཡིན་ཡང་རྒྱུ་མཚན་ཅི་ཡོད་བྱས་པ་ལ། རས་ཆུང་པས་བླ་མ་དྲན་པ་ཅིག་བྱུང་གསུངས་ནས་མགུར་འདི་གསུངས་སོ། །རྗེ་བཀའ་དྲིན་ཅན་གྱི་བླ་མ་ལ། །གསོལ་བ་སྙིང་ནས་དྲག་ཏུ་འདེབས། །ཤོ་ཨ་ཙ་མ་བླ་མ་དྲན་པ་བྱུང་། །ཇི་ལྟར་བསམ་ཞིང་རྗེ་བཙུན་དྲན་པ་བྱུང་། །མ་ཀི་མདོ་སྨད་ཀྱི་ཕྱོགས་སུ་ཕར་བལྟས་པས། །རྟ་རྒོད་མ་གཅིག་ལ་ཏེའུ་ཆུང་བརྒྱ། །ཕྱེད་ཙམ་དབྱར་གྱི་ཅི་ཐོབ་ཡབ། །ཕྱེད་ཙམ་མ་ཡི་ཕྱི་ལ་འབྲང་། །ཏེའུ་བསོད་ཟད་ང་ཧོར་གྱི་ལག་ཏུ་ཚུད། །ཧོར་འཇའ་མོའི་ལག་ཏུ་འོ་རེ་བརྒྱལ། །ཤོ་ཨ་ཙ་མ་བླ་མ་དྲན་པ་བྱུང་། རྫུན་ཀུ་རེ་མིན་ནོ་བླ་མ་དྲན་པར་བྱུང་། །ཤར་ཀོང་པོའི་ཕྱོགས་སུ་ཕར་བལྟས་པས། །སྤྲེལ་ཨ་མ་གཅིག་ལ་སྤྲེལ་ཕྲུག་བརྒྱ། །ཕྱེད་ཙམ་ཡར་གྱི་རྩི་ཐོག་ཉབ། །ཕྱེད་ཙམ་མ་ཡི་ཕྱི་ལ་འབྲང་། །སྤྲེལ་བསོད་ཟད་ང་ཡ་པོའི་ལག་ཏུ་ཚུད། །ཡ་པོ་གཤིས་ངན་ལག་ཏུ་འོ་རེ་བརྒྱལ། ཤོ་ཨ་ཙ་མ་བླ་མ་དྲན་པར་བྱུང་། །རྫུན་ཀུ་རེ་མིན་ནོ་བླ་མ་དྲན་པར་བྱུང་། །ཕ་ཀི་ལྷོ་བྲག་གི་ཕྱོགས་སུ་ཕར་བལྟས་པས། །བྱིའུ་ཨ་མ་གཅིག་ལ་བྱིས་ཕྲུག་བརྒྱ། །ཕྱེད་ཙམ་ཡར་གྱི་ནམ་འཕང་བསྐྱོད། །ཕྱེད་ཙམ་མ་དང་ཡང་རྩལ་སྦྱངས། །བྱིའུ་བསོད་ཟད་ང་བྱིས་པའི་ལག་ཏུ་ཚུད། །བྱིས་པ་ངན་བྱེད་ཀྱི་ལག་ཏུ་འོ་རེ་བརྒྱལ། །ཤོ་ཨ་ཙ་མ་བླ་མ་དྲན་པར་བྱུང་། །རྫུན་ཀུ་རེ་མིན་ནོ་བླ་མ་དྲན་པར་བྱུང་། །ཡ་ཀི་སྤང་ཁའི་ཕྱོགས་སུ་ཕར་བལྟས་པས། །ཤ་བ་ཡུ་མོ་གཅིག་ལ་ཤེའུ་ཆུང་བརྒྱ། །ཤེའུ་ཕྱེད་ཙམ་སྤང་ཁའི་རྩི་ཐོག་ཉབ། །ཤེའུ་ཕྱེད་ཙམ་མ་དང་བང་ཁ་བཀྱེ། །ཤེའུ་བསོད་ཟད་ང་རྔོན་པའི་ལག་ཏུ་ཚུད། །རྔོན་པ་སྡིག་ཅན་གྱི་ལག་ཏུ་འོ་རེ་བརྒྱལ། །ཤོ་ཨ་ཙ་མ་བླ་མ་དྲན་པར་བྱུང་། །རྫུན་ཀུ་རེ་མིན་ནོ་བླ་མ་དྲན་པར་བྱུང་། །ཡ་ཀི་སྙེ་ནམ་གྱི་ཕྱོགས་སུ་ཡར་བལྟས་པས། །བླ་མ་རྗེས་བཙུན་གཅིག་ལ་རས་ཕྲུག་བརྒྱ། རས་པ་ཕྱེད་ཙམ་ཡར་གྱི་དབེན་པ་བསྙགས། །ཕྱེད་ཙམ་བླ་མའི་ཆགས་ཕྱིར་འབྲང་། །རས་ཆུང་བསོད་ཟད་ང་ལྷ་ལྕམ་ལག་ཏུ་ཚུད། །བདུད་མོ་ལྷ་ལྕམ་ལག་ཏུ་འོ་རེ་བརྒྱལ། །ཤོ་ཨ་ཙ་མ་བླ་མ་དྲན་པར་བྱུང་། རྫུན་ཀུ་རེ་མིན་ནོ་བླ་མ་དྲན་པར་བྱུང་། །ཞེས་གསུངས་ནས་དཔོན་སློབ་གཉིས་ཆས་ཏེ་ལུས་མེད་མཁའ་འགྲོའི་ཆོས་ཁུག་དེ་མཆན་དུ་བཅུག །ཅང་ཏེའུ་སྣང་བ་ཁྲ་ཆུང་དེ་ཕྱག་གཡས་སུ་བཟུང་། གླང་མའི་བེར་རྒ་དེ་གཡོན་དུ་བཟུང་། ཁྱི་ལྤགས་དམར་ཆུང་དེ་རྐེད་ལ་དཀྲིས། རས་ཁ་གསུམ་བྲེ་ལྔ་མ་སྐུ་ལ་གསོལ། རྒྱ་གར་གྱི་པཎ་ཞུ་དེ་དབུ་ལ་གསོལ་ནས་བྱོན་པའི་དུས་སུ། མོ་ཡི་འོག་ནས་ཚ་བ་བསྐོལ་ནས་བྱུང་ནས་ཁྲོས་པའི་རང་བཞིན་དུ་གྱུར་ནས། སྦང་ཟན་རྡོག་པོ་ཚ་བར་བརྫིས། ལོ་ཚོད་ཚྭ་མེད་རྡོལ་མེད་ཕོར་གང་ཐོགས་ན། སིང་པོ་ཕོར་གང་གཡོག་མོ་ལ་བཟུང་བཅུག་ནས། མོས་ཁྱོད་སྤྲང་སྒོ་ཕུག་འགྲིམ་པའི་དུས་སུ་བསྒོམ་དྲན། ང་རྒྱལ་གཞིའི་སྟེང་དུ་བཞག་པ་དང་གཟོད་བསྒོམ་དྲན་ཟིན་ཟེར་ནས་སྦང་ཟན་ཐུགས་ཀར་བརྒྱབ། ལོ་ཚོད་དབུ་ཐོག་ཏུ་ཕོས། ལོ་མ་དབུ་ཡི་སྟེང་དུ་ཆགས་པར་གྱུར། སིང་པོ་ཞལ་དུ་གཏོར། དེའི་དུས་སུ་མགུར་འདི་གསུངས་སོ། །བཀའ་དྲིན་ཅན་གྱི་བླ་མ་ལ། །གསོལ་བ་སྙིང་ནས་དྲག་ཏུ་འདེབས། །ཤོ་ཨ་ཙ་མ་བླ་མ་དྲན་པར་བྱུང་། །ཇི་ལྟར་བསམ་ཞིང་བླ་མ་དྲན་པར་བྱུང་། བླ་མ་ལ་མ་བསྟེན་དགུ་བསྟེན་མང་། །བདུད་མོའི་བླ་མ་བསྟེན་མ་མྱོང་། །དབང་བསྐུར་མ་ཞུས་དགུ་ཞུས་ལ། །ལོ་ཚོད་ཕོར་བའི་དབང་བསྐུར་ཞུ་མ་མྱོང་། །མེ་ཏོག་མ་འཐོར་དགུ་འཐོར་ཡང་། །ཐལ་བའི་མེ་ཏོག་འཐོར་མ་མྱོང་། །ཅོད་པན་མ་བཏགས་དགུ་བཏགས་ལ། །ལོ་མའི་ཅོད་པན་བཏགས་མ་མྱོང་། །ཚོགས་འཁོར་མ་བྱས་དགུ་བྱས་ཀྱང་། །སྦང་ཟན་གྱི་ཚོགས་འཁོར་བྱེད་མ་མྱོང་། །སྐུ་ཁྲུས་མ་གསོལ་དགུ་གསོལ་ལ། །སིང་པོའི་སྐུ་ཁྲུས་གསོལ་མ་མྱོང་། །གོས་ལ་མ་གྱོན་དགུ་གྱོན་ལ། ལོ་ཚན་གྱི་སྔོ་ཐུལ་གྱོན་མ་མྱོང་། །ལས་སྤྱད་ཅིང་ངན་ནོ་འཁོར་བ་པ། །གཞུང་འགྲོགས་ཤིང་ངན་ནོ་ཁྱིམ་ཐབས་པ། ལས་བྱས་ཤིང་ལུས་པོ་སོ་ནམ་མཁན། །ཕན་བཏགས་ཤིང་ངན་ནོ་དུས་ངན་མི། །ངན་བསམ་ཞིང་བསམ་ཞིང་རིན་ཆེན་གྲགས། །བྱེད་སྤྱོད་འདི་ལ་ལྟོས་དང་བདུད་མོ་འདི། །ང་ཡང་ན་རྒྱ་གར་ཡུལ་དུ་འགྲོ། །ཡང་ན་བལ་པོའི་ཡུལ་དུ་འགྲོ། །ཡང་ན་ཤམ་པོའི་གངས་ལ་འགྲོ། །བདག་ཟེར་བ་ཉོན་དང་རིན་ཆེན་གྲགས། གསུངས་པ་དང་མོ་ཁང་པ་ཤོད་དུ་སོང་། ཁོང་དཔོན་སློབ་གཉིས་མར་སྐས་ལ་བྱོན། མོ་མོ་གོ་ལ་བསྡད་ནས་འོག་མིག་ཅེར་ཅེར་བྱས། ཤོད་ཁང་གི་སྐས་མགོར་ཕྱིན་ནས་མོ་ན་རེ། ཁྱོད་རང་འདིར་བསྡད་པས་དགའ། འདི་ལས་སྐྱིད་པ་ཁྱེད་ལ་གར་ཡང་མི་འདུག་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་བའི་མགོན་ལ་སྐྱབས་སུ་མཆི། །ཐུགས་རྗེའི་ལྕགས་ཀྱུ་བཟུང་དུ་གསོལ། །གྲི་མོ་ཚོད་མེད་མ་ཁྲོས་པའི་རང་བཞིན་གྱིས། །གླང་བེར་དབྱུག་པའི་རྒྱབ་བརྡུང་གིས། །རྒྱུས་མགོ་མཐོ་མཐོ་རྨ་ཡིས་བཀང་། །གྲི་མོ་ཚོད་མེད་མ་ཁྲོས་པའི་རང་བཞིན་གྱིས། །ཚར་སླག་ལ་ཁའི་བྱ་སྤུ་བཞིན། །ཐེད་ཐེད་ལོང་ལོང་སྟོར་ནས་ཐལ། །གྲི་མོ་ཚོད་མེད་མ་ཁྲོས་པའི་རང་བཞིན་གྱིས། །སྣང་སེམས་ཐུགས་ཀྱི་ཤའུ་སྣང་། །གྲི་མོ་ཚོད་མེད་མ་ཁྲོས་པའི་རང་བཞིན་གྱིས། །བདག་གཙོ་བོའི་ཐུགས་ཀྱི་དཀྱིལ་འཁོར་སྣང་། །ང་ཡང་ན་རྒྱ་གར་ཡུལ་དུ་འགྲོ། །ཡང་ན་བལ་པོའི་མཐིལ་དུ་འགྲོ། །བདག་ཟེར་བ་ཉོན་དང་རིན་ཆེན་གྲགས། གསུངས་ནས་ཕྱིར་བྱོན། དེ་ནས་ལྷ་ལྕམ་གྱིས་རྗེ་བཙུན་གྱི་ན་བཟའི་ཐུ་བ་ལ་འགྱུས་ནས། ད་ཅི་བྱ་བ་དེ་ཟ་མ་བུད་མེད་ཀྱི་བློར་སོང་བས་མ་ཤེས་པ་ཡིན། ད་ཁྱེད་རང་གིས་ཅིག་གསུངས་པའི་བཀའ་ལ་ཉན་ཅིང་འབངས་སུ་མཆི་བས་བཞུགས་པར་ཞུ། །ཞེས་བཤོལ་འདེབས་སུ་བྱུང་བའི་དུས་སུ་མགུར་འདི་གསུངས་སོ། །སེམས་སངས་རྒྱས་འདོད་པས་དཀའ་ཐུབ་བྱས། ཉོན་མོངས་ཀྱི་དབང་དུ་དེས་ཤོར་བྱས། །ལུས་ལ་བདེ་དྲོད་འདོད་པས་རས་གོས་གྱོན། །ཐེལ་ཕྲུག་གི་དབང་དུ་དེས་ཤོར་བྱས། །མ་མཁའ་འགྲོ་འདོད་པས་ལྷ་ཅིག་བསྟེན། །འདོད་ཆགས་ཀྱི་དབང་དུ་དེས་ཤོར་བྱས། །ང་བྱ་རྒྱལ་ཁྱུང་གི་བུ་རྒྱུད་འདི། །སྒོ་ངའི་ནང་དུ་གཤོག་དྲུག་རྒྱས། །ད་ནམ་འཕང་བསྐྱོད་ཀྱང་ཉམ་ང་མེད། །བུ་མོ་འཐེན་འཐེན་མ་བྱེད་རས་གོས་རལ། །རས་གོས་ཤིང་ལས་བྱས་པས་རལ་དོགས་ཡོད། །ང་ཉ་ཆེན་ཉེར་མོའི་བུ་རྒྱུད་འདི། །ཉ་ཆུང་གི་རིང་ནས་མཚོ་མཐའ་བསྐོར། །ང་རྦ་རྒོད་གཤག་ཀྱང་ཉམ་ང་མེད། །བུ་མོ་འཐེན་འཐེན་མ་བྱེད་རས་གོས་རལ། །རས་གོས་ཤིང་ལ་བྱས་པས་རལ་དོགས་ཡོད། །ང་མི་ལ་རས་པའི་བུ་རྒྱུད་འདི། །སྒོམ་གསར་རིང་ནས་ཉམས་མྱོང་རྫོགས། །ད་རི་ཁྲོད་འགྲིམ་ཡང་ཉམ་ང་མེད། །བུ་མོ་འཐེན་འཐེན་མ་བྱེད་རས་གོས་རལ། །རས་གོས་ཤིང་ལས་བྱས་པས་རལ་དོགས་ཡོད། །ང་བློས་བཅད་ཀྱི་མི་ལ་བཤོལ་འདེབས་སྡུག །ཁྱེད་བདུད་མོ་སྐུ་ཁམས་ཅི་བདེར་བཞུགས། །ང་རས་ཆུང་གི་སྤྱོད་པ་གང་བདེ་ཡིན། །ཞེས་གསུངས། དེ་ནས་མོས་དཔེའུ་བུམ་མར་བཟུང་ནས། ད་འདྲེས་ཁྱེར་བ་ཡིན། བཟོད་པར་གསོལ་བས། ཡང་འདི་གསུངས་སོ། །བླ་མ་ཡི་དམ་མཁའ་འགྲོ་རྣམས། །མཐོང་ཐོས་དྲན་ནོ་རས་ཆུང་པ། །བསམ་ཞིང་ཡི་མུག་མཆི་མ་འཁྲུགས། །ཟེར་བ་ཉོན་ཅིག་བདུད་མོ་འདི། །བདུད་མོ་སྤངས་ནས་གླང་དཀར་གྱི། །རྟ་ལ་ཞོན་ནས་རྒྱལ་ཁམས་འགྲོ། །ཚར་ཐུལ་སྤངས་ནས་རས་གོས་དག །གྱོན་ནས་གངས་དཀར་རྩེ་ལ་འགྲོ། །རྫ་སྤྱད་སྤངས་ནས་ཤིང་ལ་ཡི། །རྐྱ་རྐྱང་སྣོད་དང་བརྟེན་ནས་འགྲོ། །དཔེའུ་བུམ་སྤངས་ནས་སྙན་བརྒྱུད་ཀྱི། །ཡིད་བཞིན་ནོར་བུ་བསྒོམ་ཞིང་འགྲོ། །གཡོ་སྒྱུས་བསྒྲུབ་པའི་བཟོད་གསོལ་དག །སྤངས་ནས་དམ་ཚིག་བསྲུང་ཞིང་འགྲོ། གསུངས་པས་མོས་བྱར་པ་རིན་ཆེན་གྲགས་སྦྲན་པས་ཟློག་ཏུ་མ་བྱུང་བ་ལ་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །རྐྱེན་བར་ཚད་སེལ་བར་ཐུགས་རྗེས་ཟུངས། །ཉོན་དང་ཡོན་བདག་ཕོ་མོ་རྣམས། །ལས་བྱས་པ་ཡོད་དོ་བདུད་མོ་འདིས། །ཟེར་བ་ཡོད་དོ་ཕུང་མོ་འདིས། །བྱུང་བ་ཡོད་དོ་རིན་ཆེན་གྲགས། །ལྷ་ཅིག་ངོ་ལ་བལྟས་བལྟས་ནས། །བདུད་མོ་ཅིག་གིས་དེས་བསླུས་སམ། །སློབ་མའི་དམ་ཚིག་རེ་རེ་ནས། །རིན་ཆེན་སྲོག་དང་དེས་བྲལ་བྱས། །གླང་དཀར་དབྱུག་པའི་རྒྱབ་བརྡུང་གིས། །རུས་མགོ་མཐོ་མཐོ་རྨ་ཡི་བཀང་། །ཞེ་སྡང་དྲེད་ཀྱི་སྦར་ཤད་ཀྱིས། །ཚར་ཐུལ་བྱ་སྤུ་ལྟ་བུ་གཏོར། །གཏི་མུག་དོམ་གྱི་མཐུར་འགྲོས་ཀྱིས། །འགྲོ་ལོང་མེད་པར་ཕུལ་རྒྱག་བྱས། །ཐུག་པ་རྡོར་མེད་ན་བཟའ་དག །རྣལ་འབྱོར་གོས་མེད་ལུས་ལ་བཀོན། །དཀའ་བས་བསྒྲུབས་པའི་དཔེ་བུམ་དག །ཞེ་སྡང་ཕྲག་དོག་དགྲ་ཡིས་འཕྲོག །ཚིག་རྩུབ་མཚོ་ཆ་རྣོན་པོ་ཡིས། །བདག་པོས་སྙིང་གི་ཤའུ་སྣང་། །ལེན་མེད་བྱ་རྒྱུའི་དམ་ཚིག་ཉམས། །མི་ཚེ་འདི་བས་ཕྱི་མ་རིང་། །སྔ་མ་ཤི་བའི་རོ་མཐོང་ན། །ཕྱི་མ་སྐྱོ་བ་སྐྱེ་བའི་རྒྱུ། །སྔར་བྱས་ལས་ཀྱི་རོ་ཚོར་ནས། །ད་ཡང་རྣལ་འབྱོར་མི་ལྡོག་འགྲོ། །དང་པོ་ལྷ་མོ་འཛུམ་ཁ་མ། །བར་དུ་སྲིན་མོ་སྡང་མིག་མ། ཐ་མལ་བདུད་མོ་ངོ་ནག་མ། །ལས་བྱས་པ་ཡོད་དེ་བྱ་ཐབས་མེད། །ང་རྣལ་འབྱོར་རི་ཁྲོད་གནས་སུ་འགྲོ། །ང་ཅི་ལ་ཐུགས་ཀྱང་རྒྱ་གར་དུ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་བལ་པོར་འགྲོ། གསུངས་པས་མོ་ན་རེ། རྒྱ་གར་དུ་འབྱོན་པའི་ལམ་ན་དཔལ་མོ་དཔལ་ཐང་བྱ་བའི་ཐང་ཆེན་པོ་ཡོད། ཁ་ལ་བྱ་བའི་ལ་མཐོན་པོ་ཡོད། གཅན་འཕྲང་གི་ཟམ་པ་དང་། མི་རྒོད་ཀྱི་ཇག་པ་མང་པོ་ཡོད། བལ་ནད་ཀྱི་ཚད་པ་ཚེ་ལ་གནོད། ཆུ་བོ་གང་གཱ་སྒྲོལ་བའི་ཟམ་པ་མེད། རྒྱ་གར་ཡུལ་དུ་མུ་གེ་ཆེ་བས་ཁྱེད་ཀྱི་བཞུགས་ས་མེད། ཤམ་པོའི་གངས་ལ་བཞུགས་པར་གྱུར་ན་སྒོམ་གནས་བཟང་ཞིང་ཉམས་རྟོགས་འཕེལ། ཐག་ཉེ་ཞབས་ཏོག་ཀྱང་ང་རང་གིས་འོ་མི་བརྒྱལ་བར་བྱེད། །ཅེས་ཀྱང་བལ་ཡུལ་དང་རྒྱ་གར་དུ་མུ་གེ་ཆེ་བས་མི་འབྱོན་པར་ཞུ་ཞེས་རས་གོས་ལ་འཇུས་ནས་བཤོལ་འདེབས་བྱུང་བ་ལ། རྗེ་བཙུན་གྱིས་དེ་རྣམས་ཀྱི་རྒྱུས་ཁྱོད་བས་ང་རང་ཆེ། སངས་རྒྱས་འོད་ཀོ་རེ་བྱོན་ཡང་ཁྱོད་ཀྱིས་རྩར་མི་སྡོད་གསུངས་ནས་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཐང་དཔལ་མོ་དཔལ་ཐང་ཆེ་ལགས་ཀྱང་། རྐང་མགྱོགས་དངོས་གྲུབ་གདམས་ངག་ཡོད། །ཤ་ཁྲག་ཕལ་གྱི་དོ་ཟླ་མིན། །ཤོ་ཕ་བའི་གྲོགས་ཅིག་ལྷ་ལྕམ་མ། །གཅན་འཕྲང་འཇིགས་པ་ཆེ་ལགས་ཀྱང་། །མི་རྒོད་ཇག་ཆིང་གདམས་ངག་ཡོད། །ཟླ་སྐྱེལ་ཕལ་གྱི་དོ་ཟླ་མིན། །བུ་མོ་འཐེན་འཐེན་མ་བྱེད་རས་གོས་རལ། །རས་གོས་ཤིང་ལས་བྱས་པས་རལ་དོགས་ཡོད། །ཁ་ལ་བྱ་བ་མཐོ་ན་ཡང་། །རྣམ་ཤེས་བྱ་འཕུར་གྱི་གདམས་ངག་ཡོད། །འདབ་ཆགས་ཕལ་གྱི་དོ་ཟླ་མིན། །ཤོ་ཕ་ཏའི་གྲོགས་ཅིག་ལྷ་ལྕམ་མ། །བལ་ཡུལ་ཚད་པ་ཆེ་ལགས་ཀྱང་། །རིག་པ་གངས་བསིལ་གྱི་གདམས་ངག་ཡོད། །བཟང་དྲུག་བསིལ་སྨན་གྱི་དོ་ཟླ་མིན། །ཤོ་ཕ་ཏའི་གྲོགས་ཅིག་ལྷ་ལྕམ་མ། །ཆུ་བོ་གངྒ་ཆེ་ལགས་ཀྱང་། །རྣམ་ཤེས་གྲུ་སྒྲོལ་གྱི་གདམས་ངག་ཡོད། །ཀོ་གྲུ་སྡོང་གྲུ་ཕལ་གྱི་དོ་ཟླ་མིན། །ཤོ་ཕ་ཏའི་གྲོགས་ཅིག་ལྷ་ལྕམ་མ། །ཞེས་གསུངས་པས་ལྷ་ལྕམ་ན་རེ། བླ་མ་རིན་པོ་ཆེ། འོ་སྐོལ་བཟའ་མི་འཐབ་མོ་ཡིན། དེ་ཙམ་ཀོ་ལོང་བྱ་རྒྱུ་མེད། བཟོད་པའི་ཉམས་ལེན་མཛོད་ལ་ཅེས་ཀྱང་བཞུགས་པར་ཞུ། །ཞེས་བསྐྱར་ནས་བཤོལ་འདེབས་བྱུང་བ་ལ། རྗེ་བཙུན་གྱིས་འདི་མགོ་བསྐོར་བའི་ཐབས་ཤིག་བྱ་དགོས་པར་དགོངས་ནས་ལྷ་ལྕམ་ལ་མགོ་སྐོར་ལྔ་ཡི་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ཀྱི་ཐུགས་རྗེས་ཟུངས། སྒོས་བཀའ་དྲིན་ཅན་དང་མཇལ་བར་ཤོག །ང་གྲོགས་ལ་གཞུང་མེད་མ་ཡིན་པས། །མི་ང་འགྲོ་གངས་དཀར་གྱི་རྩེ་ལ་འགྲོ། །སྐྱིད་སྐྱིད་འདྲ་ན་ལྷ་ལྕམ་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །བུ་མོ་འཐེན་འཐེན་མ་བྱེད་རས་གོས་རལ། །རས་གོས་ཤིང་ལས་བྱས་པས་རལ་དོགས་ཡོད། །མི་ང་ལ་རྣ་མེད་མ་ཟེར་ཅིག །མཛའ་ལ་གཞུང་མེད་མི་སྲིད་དོ། །མི་ང་འགྲོ་ལྷོ་བྲག་གི་ངོས་ལ་འགྲོ། །བྱ་རྒྱལ་རྒོད་པོའི་སྐྱིད་སྡུག་ལྟ་ཡི་འགྲོ། །སྐྱིད་སྐྱིད་འདྲ་ན་ལྷ་ལྕམ་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །མི་ང་འགྲོ་ལྷོ་ཁའི་ནགས་ལ་འགྲོ། །རྒྱ་སྟག་ཁྲ་བོའི་སྐྱིད་སྡུག་ལྟ་རུ་འགྲོ། །སྐྱི་སྐྱིད་འདྲ་ན་ལྷ་ལྕམ་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །མི་ང་འགྲོ་བྱང་ཁའི་སྤང་ལ་འགྲོ། །རྐྱང་བུ་ཁ་དཀར་སྐྱིད་སྡུག་ལྟ་རུ་འགྲོ། །སྐྱིད་སྐྱིད་འདྲ་ན་ལྷ་ལྕམ་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །མི་ང་འགྲོ་མ་ཕང་མཚོ་ལ་འགྲོ། །ཉ་ཆུང་གསེར་མིག་སྐྱིད་སྡུག་ལྟ་རུ་འགྲོ། །སྐྱིད་སྐྱིད་འདྲ་ན་ལྷ་ལྕམ་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །མི་ང་འགྲོ་ལྷོ་བྲག་ཕྱོགས་སུ་འགྲོ། །དོམ་བུ་ཐུགས་ཀར་སྐྱིད་སྡུག་ལྟ་རུ་འགྲོ། །སྐྱིད་སྐྱིད་འདྲ་ན་ལྷ་ལྕམ་བསུ་རུ་འོང་། །སྡུག་བསྔལ་འདྲ་ན་རས་ཆུང་ལོག་ནས་འོང་། །མི་ང་འགྲོ་སྙེ་ནམ་གྱི་ཕྱོགས་སུ་འགྲོ། །ཕ་བླ་མའི་སྐུ་ཁམས་ལྟ་རུ་འགྲོ། །སྐུ་ཁམས་བཟང་ན་ལྷ་ལྕམ་བསུ་རུ་འོང་། །སྡུག་སྡུག་འདྲ་ན་རས་ཆུང་ལོག་ནས་འོང་། །བུ་མོ་འཐེན་འཐེན་མ་བྱེད་རས་གོས་རལ། །རས་གོས་ཤིང་ལས་བྱས་པས་རལ་དོགས་ཡོད། །རས་གོས་རྐྱང་ཅིག་བླ་མའི་ན་བཟའ་ཡིན། །ཁྱོད་དང་ང་གཉིས་ལས་ཀྱིས་འབྲེལ། །ད་ནི་འབྲལ་ཐབས་ག་ལ་ཡོད། །ང་ནི་གྲོགས་ལ་གཞུང་ཡོད་ཡིན། །ཁྲེལ་ངོ་ཚ་ཡོད་ན་རས་གོས་ཐོང་། །ལས་འབྲེལ་མེད་ཀྱི་ཆོས་སྤྱོད་སྟབས་སུ་བྱེད། །ཅེས་གསུངས་པས་མོས་བསམ་མནོ་ཅིག་བཏང་ནས། འདི་ལ་བླ་མ་ཅིག་ཡོད་ངེས་ཡིན། ཟས་ཁམ་གང་ཟོས་ན་བླ་མ་མཆོད་ཟེར་ཞིང་འདུག །སྐྱབས་འགྲོ་ཚིག་རེ་བྱེད་ནའང་བླ་མ་མཁྱེན་ཟེར། དུས་མ་ཡིན་པ་ལ་བླ་མ་ཟེར་ཞིང་འོ་དོད་བྱེད་པ་ཅིག་འདུག །བླ་མ་དེ་ཀུན་གདན་དྲངས་ནས་བྱུང་ན་ང་ལ་ཆོས་ཨེ་གནང་བསམ་ནས་གོས་བཏང་ནས་བཞག་ཅིང་། མགྱོགས་པར་བཞུད་སོང་བ་ལ་མོ་ཡིད་མ་ཆེས་ནས་ཕྱིར་དེད་ནས་སོང་ཙ། མོས་མ་སླེབ་པ་དང་ཉང་པོའི་གྲུ་ཆོད་ཟེར་བ་བྱས་པས་གྲུ་ལ་མ་བཏང་སྟེ། རས་ཆུང་པས་བླ་མའི་རྣལ་འབྱོར་ལ་མཉམ་པར་བཞག་ནས་རས་གོས་གྲུ་ཡི་ཚུལ་དུ་བྱས། བེར་མ་ལྕག་ལ་རྐྱ་བའི་ཚུལ་བྱས་ནས་བྱོན་པ་ལ། སྔར་འབྱོན་དུས་རས་ལ་ཆུ་མི་འགོ་ཞིང་ཡོད་ཙ་དེའི་ཉིན་པར་གྲིབ་ཀྱིས་རས་དང་ཁོག་སྨད་ཆུ་ནང་དུ་སོང་ནས་ཆུས་དེས་ཁྱེར་ལ་དཔོན་སློབ་གཉིས་རྒྱངས་ཤིག་ཆུ་ཁར་ཕེབས། ལྷ་ལྕམ་ཡང་ངུ་ཞིང་རྗེས་སུ་དེད་པས་ལམ་དུ་འགྲིམ་པ་མང་པོ་བྱུང་བ་ལ། རས་ཆུང་པ་མཐོང་ངམ་དྲིས་པས། ཆ་ལུགས་ཅི་འདྲ་ཡོད་ཟེར་བས་མོས་སྨྲས་པ། དབུ་སྐྲ་ལྕང་ལོ་ཅན་གྱི་བླ་མ་རས་པ་ཅིག་ཨེ་མཐོང་། །སྙན་ལ་ཤོག་དྲིལ་བརྒྱུས་པའི་བླ་མ་རས་པ་ཅིག་ཨེ་མཐོང་། །ཁྱི་ལྤགས་ཁྲ་ཆུང་རྐེད་ལ་དཀྲིས་པའི་བླ་མ་རས་པ་ཅིག་ཨེ་མཐོང་། །བ་མན་དཀར་ཆུང་ཁུར་བའི་བླ་མ་རས་པ་ཅིག་ཨེ་མཐོང་། བཙོས་རུ་ནག་ཆུང་ཁུར་པའི་བླ་མ་རས་པ་ཅིག་ཨེ་མཐོང་། །སྙན་བརྒྱུད་པུ་ཏི་ག་ཤལ་དུ་ཁུར་བའི་བླ་མ་རས་པ་ཅིག་ཨེ་མཐོང་། །ཞེས་དྲིས་པས་གཙང་པོ་ཕར་ཁར་སླེབ་ནས་འདུག་ཟེར། མོ་ཚུར་ཁར་སླེབ་ཙ་ན་རྗེ་རས་ཆུང་པས། སྙིང་ཚིམ་དྲུག་གི་མགུར་འདི་གསུངས་སོ། །རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །སྤྲང་ཐར་པ་ཐོབ་པར་བྱིན་གྱིས་རློབས། །སྙིང་མེད་ཁྲེལ་མེད་ཀྱི་བུད་མེད་ཁྱོད། །ཞེ་འགྱོད་དམ་བདག་གི་གླུ་ལ་ཉོན། །གོང་གསུམ་འགྲིམ་པའི་རི་ཁྱི་སྔོ་ཆུང་ལ། །ལྷ་ལྕམ་ཚོད་མེད་མ་ཡི་སྒོ་ཁྱིར་རེ། །ལྕགས་ཐག་བསྟན་ཙ་སྒོ་ཁྱི་འགྱུར། །ལྷ་ལྕམ་ཚོད་མེད་མ་ལ་སྙིང་རེ་ཚིམ། །གངས་དཀར་སྟོད་ཀྱི་སེང་གེ་ལ། །ལྷ་ལྕམ་ཚོད་མེད་མ་ཡི་སྒོ་བཞོན་རེ། །གསེར་ཟོ་བསྟན་ཙ་སྒོ་བཞོན་འགྱུར། །ལྷ་ལྕམ་ཚོད་མེད་མ་ལ་སྙིང་རེ་ཚིམ། །བྲག་དཀར་སྟོད་ཀྱི་རྒོད་པོ་ལ། །ལྷ་ལྕམ་ཚོད་མེད་མ་ཡི་ཁྱིམ་བྱ་རེ། །ནམ་ཚོད་འཛིན་ཁར་ཁྱིམ་བྱ་འགྱུར། །ལྷ་ལྕམ་ཚོད་མེད་མ་ལ་སྙིང་རེ་ཚིམ། །བྱང་ན་དམར་གཞུང་གི་རྐྱང་ཆུང་ལ། །ལྷ་ལྕམ་ཚོད་མེད་མ་ཡི་རྐང་ཁལ་རེ། །གསེར་སྲབ་བསྟན་ཙ་རྐང་ཁལ་འགྱུར། །ལྷ་ལྕམ་ཚོད་མེད་མ་ལ་སྙིང་རེ་ཚིམ། །རྫ་ཁྲ་ཡག་མགུལ་གྱི་བྲེ་སྔོན་ལ། །ལྷ་ལྕམ་ཚོད་མེད་མ་ཡིས་གྲ་ཁལ་རེ། །སྒ་སྟན་བསྟན་ཚེ་གྲ་ཁལ་འགྱུར། །ལྷ་ལྕམ་ཚོད་མེད་མ་ལ་སྙིང་རེ་ཚིམ། །རྒྱ་གར་གླང་ཆེན་ས་སྲུང་ལ། །ལྷ་ལྕམ་ཚོད་མེད་མ་ཡིས་རྨོན་གླང་རེ། །གཉའ་ཤིང་འཇོག་ཁར་གླང་ཆེན་འགྱུར། །ལྷ་ལྕམ་ཚོད་མེད་མ་ལ་སྙིང་རེ་ཚིམ། །སྤང་ཁའི་དགོ་ཕོ་ས་ལེ་ལ། །བཤས་ལུག་རེ་བའི་སྙིང་མེད་མ། །ཞགས་པ་འདེབས་ཁར་དགོ་ཕོ་འགྱུར། །ལྷ་ལྕམ་ཚོད་མེད་མ་ལ་སྙིང་རེ་ཚིམ། །མཚོ་ནང་གི་ཉ་མོ་གསེར་མིག་མ། །བཅུད་འཛིན་རེ་བའི་སྙིང་མེད་མ། །བཅུད་འཛིན་བྱེད་ཁར་ཉ་མོ་འགྱུར། །ལྷ་ལྕམ་ཚོད་མེད་མ་ལ་སྙིང་རེ་ཚིམ། །གུང་ཐང་གིས་རས་ཆུང་རྡོར་གྲགས་ང་། །ལྷ་ལྕམ་ཚོད་མེད་མ་ཡིས་ཚེ་རོགས་རེ། །རྒྱལ་གཞིས་འཛིན་བདོར་ཚེ་རོགས་འགྱུར། །ལྷ་ལྕམ་ཚོད་མེད་མ་ལ་སྙིང་རེ་ཚིམ། །ཞེས་གསུངས་པས། རིན་ཆེན་གྲགས་ཀྱིས། སེམས་ཅན་མགུ་བྱས་མ་གཏོགས་པ། རྒྱལ་བ་དགྱེས་པའི་ཐབས་གཞན་མེད། བྱ་བ་ཡིན་པས་མི་དྲག་གམ་གསུངས་པས། དེས་ཤོར་བརྒྱད་ཀྱི་མགུར་འདི་གསུངས་སོ། །ཕ་རྗེ་བཙུན་མི་ལ་སྐུ་དྲིན་ཅན། །བདག་ལ་ཐུགས་རྗེའི་སྤྱན་རྒྱང་སྲིད། །བདག་སྙིང་མེད་པོའི་ལས་དང་སྤྱོད་ལ་གཟིགས། །བདག་འཁོར་བའི་འདམ་ནས་དྲང་དུ་གསོལ། །ཁྱི་སྟན་བཞག་ནས་འབོལ་སྟན་བཏིང་། །རས་ཆུང་ང་འབོལ་སྟན་གྱི་དབང་དུ་དེས་ཤོར་བྱས། །ཐོད་ཕོར་བཞག་ནས་དཀར་མོལ་བཟུང་། །རས་ཆུང་ང་རྒྱལ་པོའི་ཆས་སུ་དེས་ཤོར་བྱས། །སྒོམ་ཐག་བཞག་ནས་རྒྱ་མ་བཅིངས། རས་ཆུང་ང་འཕྱོར་པོའི་དབང་དུ་དེས་ཤོར་བྱས། །རས་གོས་བཞག་ནས་ཐེལ་ཕྲུག་གྱོན། །རས་ཆུང་ང་བཙུན་མོའི་དབང་དུ་དེས་ཤོར་བྱས། །ཤོག་དྲིལ་བཞག་ནས་གཡུ་རྣ་བཏགས། །རས་ཆུང་ང་གཅེས་ཕྲུག་དབང་དུ་དེས་ཤོར་བྱས། །ཕ་རྗེ་བཙུན་བཞག་ནས་བཙད་པོ་བསྟེན། །རས་ཆུང་ང་ངོ་སྲུང་གི་དབང་དུ་དེས་ཤོར་བྱས། །རི་ཁྲོད་བཞག་ནས་རྒྱལ་མཁར་བཟུང་། །རས་ཆུང་ང་གཡེང་བའི་དབང་དུ་དེས་ཤོར་བྱས། །མ་མཁའ་འགྲོ་བཞག་ནས་ལྷ་ལྕམ་བསྟེན། །རས་ཆུང་ང་བདུད་མོའི་དབང་དུ་དེས་ཤོར་བྱས། །ལས་བྱས་པ་ཡོད་དོ་ཕུང་མོ་འདིས། །གཏམ་ཟེར་བ་མི་བདེན་བདུད་མོའི་ཚིག །ཅེས་གསུངས་སོ། །ཡང་རས་ཆུང་པའི་ཞལ་ནས། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྲང་ཐར་པ་ཐོབ་པར་བྱིན་གྱིས་རློབས། །སྙིང་མེད་ཁྲེལ་མེད་ཀྱི་བུད་མེད་ལ། །ཞེ་འགྱོད་དམ་བདག་གི་གླུ་ལ་ཉོན། །ངེད་སེངྒེ་དཀར་མོའི་བུ་རྒྱུད་འདི། ཆུང་མ་ལ་སྐྱེས་ནས་ད་ལྟའི་བར། །གནས་གངས་དཀར་མིན་པ་འགྲིམ་མ་མྱོང་། །སེང་གཡུ་རལ་རྒྱས་པ་ཤོད་ན་བབ། །དགྲ་བུ་ཡུག་གི་སྟེང་དེར་ཙང་དེ་ཕོག །ཆེ་བ་རིན་ཆེན་སྲོག་དང་དེས་བྲལ་བྱས། །དེ་འོག་གཡུ་རལ་དེས་ཤོར་བྱས། །ཤེ་ཨ་བ་གངས་དཀར་བསྙགས་རེ་རན། །ངེད་རྒྱ་སྟག་ཁྲ་བོའི་བུ་རྒྱུད་འདི། །ཆུང་མ་ལ་སྐྱེས་ནས་ད་ལྟའི་བར། །གནས་ནགས་ཚལ་མིན་པ་འགྲིམ་མ་མྱོང་། །སྟག་འཛུམ་དྲུག་རྒྱས་ཙ་ཤོད་དུ་བབ། །དགྲ་ས་མདའི་ཁ་དེར་ཙང་ངེ་ཕོག །ཆེ་བ་རིན་ཆེན་སྲོག་དང་དེས་བྲལ་བྱས། །དེ་འོག་འཛུམ་དྲུག་དེས་ཤོར་བྱས། །ཤེ་ཨ་བ་ནགས་ཚལ་བསྙགས་རེ་རན། །ངེད་ཐང་དཀར་རྒོད་པོའི་བུ་རྒྱུད་འདི། །ཆུང་མ་ལ་སྐྱེས་ནས་ད་ལྟའི་བར། །གནས་བྲག་དཀར་མིན་པ་སྡོད་མ་མྱོང་། །གཤོག་དྲུག་རྒྱས་ཙ་ཤོད་ན་བབ། །དགྲ་ཐག་རྙིའི་ཁ་དེར་ཙང་ངེ་ཕོག །ཆེ་བ་རིན་ཆེན་སྲོག་དང་དེས་བྲལ་བྱས། །དེ་འོག་ཐེལ་གཤོག་དེས་ཤོལ་བྱས། །ཤེ་ཨ་བ་བྲག་དཀར་བསྙགས་རེ་རན། ངེད་མི་ལ་རས་པའི་བུ་རྒྱུད་འདི། །ཆུང་མ་ལ་སྐྱེས་ནས་ད་ལྟའི་བར། །གནས་རི་ཁྲོད་མིན་པར་སྡོད་མ་མྱོང་། །སྒོམ་ཉམས་མྱོང་རྒྱས་ཙ་ཤོད་དུ་བབ། །དགྲ་བདུད་མོའི་ཁ་དོགས་ཙང་ངེ་ཕོག །ཆེ་བ་རིན་ཆེན་སྲོག་དང་དེས་བྲལ་བྱས། །དེ་འོག་ཀ་དཔེ་དེས་ཤོར་བྱས། །ཤེ་ཨ་བ་རི་ཁྲོད་བསྙགས་རེ་རན། །ཞེས་གསུངས་ནས་བྱོན་སོང་ངོ་། །དེར་མོ་གྲུ་ལ་བུད་ནས་བཙལ་བ་ན་ལམ་དུ་སུ་བྱུང་ལ་དྲིས་པས། གཅིག་ན་རེ། རྫུ་འཕྲུལ་ཤུགས་ཀྱི་འགྲོ་བའི་རྣལ་འབྱོར་པ་ཅིག་འདུག་པ་སུས་ཀྱང་སླེབ་ས་མེད། གཙང་གི་ཕྱོགས་སུ་རྟས་ཀྱང་མི་སླེབ་པར་ཐལ་ཟེར་བས། དེར་མོ་ཡིད་ཆེས་དེ་ལོག་ནས་འོང་བ་ལ། རྒྱལ་པོས་མོ་ལ་ནག་ཆོད་ཟེར་བ་ལ། བློན་པོ་ཚོས་ནག་བཅད་པས་མེར་འགྲོ། ནང་པར་ངེད་རང་གི་སྒོར་སུ་སྔ་བ་ཞིག་ལ་བྱིན་བྱས་པས། ད་ནང་ཕ་བཟང་གི་བུ་ཅིག་ཨེ་ཡོང་བྱས་ཙ། ལས་ཀྱི་དབང་གིས་ཞང་གི་མཛེ་ཕོ་དགའ་ལེ་བྱ་བ་ཅིག་བྱུ་བ་དེ་ལ་བྱིན་ནོ། །དེ་ཐམས་ཅད་ལྕམ་ལྡེམ་བུའི་སྐོར་རོ།། །།

དེ་ནས་རས་ཆུང་པ་ལྷ་ཅིག་ལ་བྲོས་ནས་སོང་སྟེ་བླ་མའི་དྲུང་དུ་སླེབ་པ་ལ། ཞག་བཅོ་ལྔ་ལ་མཇལ་ས་མ་བྱུང་། ཉིན་གཅིག་ཚོགས་དང་གཏོར་མ་རྒྱུ་མང་པོ་ཁྱེར་ལ་ཤོག་གསུངས་ནས། རས་པ་རྣམས་འབྱོན་ཅིང་འདུག་པའི་ཟླ་ལ་རས་ཆུང་པས་ཡང་མཇལ་བ་ལ། བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་གཅིག་བཞེངས་ནས་རས་ཆུང་པ་ལ་དབང་བསྐུར་གནང་བ་ཡིན་གསུངས། དེ་ཙ་ན་སྔར་སྤྲང་པོ་ལ་བྱིན་པའི་གཡུ་དེ་མཎྜྻལ་ཅིག་གི་སྟེང་དུ་ངོ་ཤེས་ལྷག་གེ་འདུག་པས་རས་ཆུང་པ་ལུས་སྦྲིད་ཆིལ་ལེ་སོང་བས་དེས་རྐྱེན་བྱས་ཏེ། འཁོར་བ་ལ་ཞེན་པ་ནག་ལོག་གེ་ལོག་ནས་ཐལ་བས་དེ་ཕྱིན་ཆད་ནས་སྐྱིད་འདོད་ཀྱི་འདུན་པ་ཟད་དེ། དེར་བླ་མའི་ཞལ་ནས། ཁྱོད་རས་ཆུང་པ་ང་ཡི་འཁོར་དང་པོ་ཡིན་པས་ཇི་ལྟར་བྱས་ཀྱང་བློས་ཀློད་མ་ནུས། ཁྱེད་འགྲོ་འདུག་མང་བས་ཡང་སེམས་སྤུན་དུ་བཅུག །ད་རེས་ཁྱོད་ལ་སྙིང་རྗེ་དུམ་པ་ཅིག་དང་བླ་མ་ལ་དད་པ་ཅིག་དང་གཉིས་སྣང་བས་རང་ལ་ཡང་བརྟན་པ་བྱུང་། ཁྱེད་ཀྱང་བརྟན་པ་བྱུང་། ལར་ང་མིན་ན་ཁྱེད་ཀྱི་བླ་ཆེན་པོ་འཚོང་ཆེར་བྱས། གསུངས་ནས་མགུར་འདི་གསུངས་སོ། །ཕ་མར་པའི་བྱིན་རླབས་ནུས་པ་ཆེ། །མི་ལའི་རྫུ་འཕྲུལ་གནད་འགག་ཆེ། །རས་ཆུང་སྙིང་རྗེ་གཏོང་ཕོད་ཆེ། །གཡུ་སྤྲང་ལ་བྱིན་པ་མི་ལས་ཐོབ། །དོ་ནུབ་བདེ་མཆོག་དབང་ཡོན་མཛོད། །སྙིང་རྗེ་མ་ནུས་པ་ལ་བྱས་པ་དེ། །དུས་གསུམ་སངས་རྒྱས་མཆོད་དང་འདྲ། །སྙིང་རྗེས་སྤྲང་ལ་བྱིན་པ་དེ། །མི་ལ་རས་པ་མཆོད་པ་ཡིན། །ཁམས་གསུམ་སེམས་ཅན་མ་ཡིན་པས། །དེ་ལ་སེལ་འབྱེད་བྱེད་པ་རྣམས། །མི་ཤེས་བཙན་དུག་ཟ་བ་འདྲ། མཁས་བཙུན་ཐུགས་མཐུན་མ་བྱས་པར། །ཕོ་རྒྱུས་ཆགས་སྡང་བྱེད་པ་རྣམས། །བསླབ་ཚད་ཆུ་ལ་བཏབ་པ་ཡིན། །ཆོས་ལ་དཀར་ནག་མེད་པ་ལ། །གྲུབ་མཐའི་ཁ་འཛིན་ཆོས་ལ་སྨོད། །ཐར་པའི་འགྱུ་ཐག་བཅད་པ་ཡིན། །རང་བདེ་ཐམས་ཅད་གཞན་ལས་བྱུང་། །གཞན་བདེ་ཐམས་ཅད་རང་བདེའི་རྒྱུ། །གནོད་པ་ཐམས་ཅད་རང་ལ་སྡིག །དེ་བས་ཕན་པའི་སེམས་བསྐྱེད་ལ། །དཀྱིལ་འཁོར་ལྷ་ཡི་དྲུང་དུ་བྱོན། །སྡིག་པ་ལྟུང་བ་ཐམས་ཅད་ཤོགས། །སྡོམ་པ་དམ་བཅའ་དྲག་ཏུ་གྱིས། །ཞེས་གསུངས་པ་དེ་གོང་རས་ཆུང་པ་གནོང་བས་ཁ་འབུག་མ་ཕོད། བླ་མས་དེ་གསུངས་པ་དང་། བླ་མ་དང་མཆེད་གྲོགས་དཀྱིལ་འཁོར་རྣམས་ཀྱི་དྲུང་དུ་བཤགས་པ་འདི་ཕུལ་ལོ། །ལུས་ཀྱི་སྐྱིད་འདོད་གཡེང་བའི་ལས། །སྣང་བ་བྲིད་མཁན་ཕྱིར་འབྲང་ནས། །གཡོ་སྒྱུའི་ངན་སོང་ལས་བསགས་པ། །ཕ་བླ་མའི་སྐུ་ལ་མཐོལ་ལོ་བཤགས། །ངག་གི་བཤད་འདོད་ཁྲམ་པའི་དཔོན། །ཞལ་ལྕེ་ཕེར་ཕེར་དམྱལ་བའི་རྒྱུ། །ཤ་ཆང་མང་པོ་ཡི་དྭགས་ཀྱི་གནས། །ཁྲེལ་མེད་བརྗོད་པ་མི་དག་པས། །ཕ་བླ་མའི་གསུང་ལ་མཐོལ་ལོ་བཤགས། །སྐྱིད་འདོད་བསམ་པ་ངན་པའི་རྒྱུ། །གྲགས་འདོད་སྤྱོད་པ་མི་གཙང་གཞི། །ཁེ་འདོད་སྡིག་པའི་ལས་བསགས་པ། །ཕ་བླ་མའི་ཐུགས་ལ་མཐོལ་ལོ་བཤགས། །ཡུལ་ངན་གྲོང་དུ་འཁྱམས་པ་ལ། །དཀྱིལ་འཁོར་གཉན་པོའི་སྒྲུབ་མཆོད་ཆགས། །འདྲེ་བརྡུང་མང་པོའི་ཕྲིན་ལས་ཀྱི། །ཟབ་མོ་སྔགས་ཀྱི་ནུས་པ་ཤོར། །བྱ་བ་མང་པོའི་བསམ་བཞག་གིས། ཏིང་འཛིན་ཟབ་མོའི་སྒོམ་འཕྲོ་ཆག །དཀྱིལ་འཁོར་ལྷ་ཡི་དྲུང་དུ་མཐོལ་ལོ་བཤགས། གནས་མལ་མང་པོའི་འདུག་ས་དེ། །བདག་དང་གཞན་ལས་ཁྱད་པར་ཆེ། །རང་ཕམ་ཁུར་དུ་མ་ནུས་པའི། །མཆེད་གྲོགས་སྤུན་ལ་མཐོལ་ལོ་བཤགས། །ཞེས་ཞུས་པས་བླ་མ་མཉེས་ཏེ། མཁས་པའི་ལྟུང་བ་ལྗི་ལྗི་འདྲ་ཡང་ཡང་ཟེར་བ་ལ་ཁྱེད་ལྟ་བུ་ལ་ཟེར་བ་ཡིན་གསུངས་ནས་དབང་བསྐུར་རས་པ་ལྔ་བཅུ་ཙམ་ལ་གནང་ནས་དོ་ནུབ་སྐྱིད་པ་ཡིན་གསུངས། དེར་རས་པ་ཞི་བ་འོད་ཀྱི་མི་ཡི་རྣལ་འབྱོར་ཕོ་མོ་མང་པོ་ལྷན་ཅིག་ཏུ་སྡོད་ཅིང་འདུག །རང་རེ་དཔོན་སློབ་ལ་བཤགས་པས། འདི་ཙམ་དགོངས་པ་ཅི་ལགས་ཞུས་པས། བླ་མའི་ཞལ་ནས་ཆོས་ལ་དུས་ཚོད་མི་ཤེས་ན་ཐམས་ཅད་འཆལ་པ་ཡིན། ཆོས་ལ་དུས་ཚོད་དགོས་གསུངས་ནས་ཞལ་ཏ་འདི་མགུར་དུ་གསུངས་སོ། །དྲིན་ཆེན་མར་པའི་ཞབས་ལ་འདུད། རང་རྒྱུད་མལ་དུ་ཕེབས་པར་བྱིན་གྱིས་རློབས། །སློབ་མའི་རྒུད་ཚོད་ཟིན་པར་ཐུགས་རྗེས་ཟུངས། །ཆོས་ལ་དུས་ཚོད་མེད་ན་རྣལ་འབྱོར་འཆལ་པ་ཡིན། །གཏམ་ཟློས་དུས་མེད་ན་མི་རྒན་འཆལ་པ་ཡིན། །དགྲ་དང་འཕྲད་དུས་མེད་ན་དཔའ་བོ་འཆལ་པ་ཡིན། །རྐྱེན་དང་འཕྲད་དུས་མེད་ན་བཙུན་པོ་འཆལ་པ་ཡིན། །སྡུག་བསྔལ་བྱུང་དུས་མེད་ན་ཕན་འདོགས་འཆལ་པ་ཡིན། །སྒོམ་ལ་སྙིང་རུས་མེད་ན་རི་ཕུག་འཆལ་པ་ཡིན། །གཅིག་ཕན་གཅིག་ལ་མེད་ན་མཆེད་གྲོགས་འཆལ་པ་ཡིན། །ཅི་གསུང་ཚད་མར་མི་འཛིན་དཔོན་སློབ་འཆལ་པ་ཡིན། །ལར་འཆལ་ལུགས་བཤད་ན་བསམ་མི་ཁྱབ། །ཅི་གསུང་ཉམས་སུ་ལོངས་ཤིག་བུ་སློབ་རྣམས། །ཞེས་གསུངས་པས་བླ་མ་ལགས། རང་རེའི་བརྒྱུད་འདི་ལ་ཚོད་ཤེས་པ་ཅིག་དགོས་ཟིན། ཚོད་མེད་རྣམས་ལ་ནི་བུ་དང་བུ་མོ་མང་པོ་འདུག་ཞུས་པས། ཡང་མགུར་འདི་གསུངས་སོ། །བུ་དང་ཆུང་མ་ངོ་སྲུང་གསུམ། །འདི་གསུམ་རྣལ་འབྱོར་འཆིང་བ་ཡིན། །རྫས་དང་ཡོ་བྱད་ཁེ་གྲགས་གསུམ། །འདི་གསུམ་རྣལ་འབྱོར་བར་ཆད་ཡིན། །གཉེན་དང་ཡོན་བདག་སློབ་མ་གསུམ། །དེ་གསུམ་རྣལ་འབྱོར་ཤོལ་འདེབས་ཡིན། །ཆང་དང་གཉིད་དང་ངལ་དུབ་གསུམ། །དེ་གསུམ་རྣལ་འབྱོར་ཆོམ་པོ་ཡིན། །གཏམ་དང་ལད་མོ་གད་མོ་གསུམ། །དེ་གསུམ་རྣལ་འབྱོར་གཡེང་བ་ཡིན། །བླ་མ་དང་གདམས་ངག་དད་པ་གསུམ། །དེ་གསུམ་རྣལ་འབྱོར་གཞི་མ་ཡིན། །དབེན་གནས་དང་གྲོགས་མཆོག་འཚོ་བ་གསུམ། །དེ་གསུམ་རྣལ་འབྱོར་མཁར་པོ་ཡིན། །མ་ཡེངས་མི་རྟོགས་བདེ་བ་གསུམ། །དེ་གསུམ་རྣལ་འབྱོར་གཏན་གྲོགས་ཡིན། ལྷུག་པ་དང་རང་བྱུང་ཤུགས་འབྱུང་གསུམ། །དེ་གསུམ་རྣལ་འབྱོར་གྱི་འཁྱེར་ལུགས་ཡིན། ཆགས་མེད་སྡང་མེད་རྨོངས་མེད་གསུམ། །དེ་གསུམ་རྣལ་འབྱོར་གྱི་ལམ་རྟགས་ཡིན། །ཞེས་གསུངས་པས་རས་ཆུང་པ་ཡང་མཉེས། གཞན་རས་པ་རྣམས་ལ་ཕན་པའི་དབྱངས་དང་བྱིན་རླབས་མཛད་དོ། །དེ་ཐམས་ཅད་མཆོད་ཁང་ཞལ་མཇལ་གྱི་སྐོར་རོ།། །།

དེ་ནས་རྗེ་བཙུན་དང་རས་ཆུང་པ་དཔོན་སློབ་དྲུག་བྲག་དཀར་རྟ་སོའི་ཕུག་ལ་བྱོན་ནས་ང་འདིར་སྡོད་པ་ཡིན། རྣལ་འབྱོར་པ་རྩ་རླུང་བསྒོམ་པའི་དུས་སུ་བ་སྤུ་རེ་རེའི་རྩ་བ་ན་ཡང་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པར་ཡོད་པར་མདོ་རྒྱུད་ཀུན་ནས་གསུངས་པས་དྲོ་དྲོངས་ཤིག་གསུངས་པས། དྲོ་དྲངས་ནས་ཡང་རས་ཆུང་པས་ཞུས་པ། ལྷོ་བྲག་པའི་དྲུང་ནས་རང་རེ་ལ་སྐུ་སྙན་པ་ཆེ་བའི་ཐུགས་རྩིས་མཛད་ཟིན་པས། ངེད་རང་གི་ཆོས་བརྒྱུད་འདི་ལ་ཁྲིད་དང་ཚོགས་པ་སྐྱོང་བ་ཨེ་ཡོང་། ཁོང་ཡང་བླ་མ་དང་མཇལ་སྔ་བས་བཀའ་གནང་འདྲ་ཨེ་ཡོད། འོ་ན་གཞན་འདྲ་མ་མཆིས་སམ་ཞུས་པས། ཐུགས་ཆད་པ་ཅིག་བྱུང་ནས་རས་ཆུང་པ་ལ་དེ་སྐད་མ་ཟེར། ལྷོ་བྲག་མར་པས་ང་ཡི་སྙིང་ཁར་ཕྱག་མཛུབ་གཏད་ནས་ང་ཡི་བརྒྱུད་པ་འདི་ཁྱོད་ལ་གཏད་པ་ཡིན་གསུངས། གཞན་སློབ་མ་བཟང་ལ་མང་བ་ཡོད་དེ་ང་ཐུགས་བརྩེ་བ་མ་ཡིན་ཏེ། བརྒྱུད་པ་འཛིན་པའི་རྟེན་འབྲེལ་ཞིག་ཤར་བ་རེད། ད་ང་ཡང་བརྒྱུད་པ་འཛིན་མཁན་ཞིག་ཞག་མང་པོ་མི་འགོར་བར་ཡོང་བར་ཡོད་གསུངས་སོ། །དེ་ཡི་དུས་སུ་སྐྱིད་པ་བརྒྱད་ཀྱི་མགུར་འདི་གསུངས་སོ། །རྗེ་ཡིད་བཞིན་ནོར་བུ་སྤྲུལ་པའི་སྐུ། །འཁོར་ལོས་སྒྱུར་རྒྱལ་རིན་པོ་ཆེ། །དུག་གསུམ་མུན་པ་སེལ་མཛད་པའི། །ཕུན་སུམ་ཚོགས་པའི་ལྷོ་བྲག་པ། །མུན་སེལ་སྒྲོན་མེ་ཁྱེད་ལ་བསྟོད། །བྲག་དཀར་རྟ་སོ་དབུ་མའི་རྫོང་། །མཁའ་འགྲོ་སྡེ་བཞི་འདུ་བའི་གནས། །མི་རྒན་སྤྲོ་བ་སྐྱེས་པའི་ཉམས། །དགའ་སྤྲོ་གནས་ལུགས་གླུ་ཞིག་ལེན། །བློ་གྲོས་ཤེས་རབ་སྒོམ་སྲན་ཅན། །འདིར་བཞུགས་རས་པ་མཆེད་རྣམས་ཉོན། །གནས་ཕྱོགས་རིས་མེད་པའི་རི་ཁྲོད་འདི། །ཏིང་འཛིན་སྐྱེ་བའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །རང་ལུས་དགོན་པར་ཤེས་པའི་མི་རེ་སྐྱིད། །སེམས་ཉིད་མཁའ་ལྟར་དག་པ་འདི་ཨེ་མ་ཧོ། །འགྱུར་མེད་དད་པ་བརྟན་ལོ་འདི། །འཁོར་བ་སྤངས་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །འཁོར་འདས་རང་སར་གྲོལ་བའི་མི་རེ་སྐྱིད། །སོ་ནམ་ཕུགས་སུ་སྐྱེལ་བ་འདི་ཨེ་མ་ཧོ། །ཚོགས་དྲུག་སྣང་བ་ཐུག་ཕྲད་དེ། །རྣམ་རྟོག་གཅོད་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །འདོད་སྲེད་ཞེན་པ་མེད་པའི་མི་རེ་སྐྱིད། །རྣམ་ཤེས་ཡུལ་འབྲེལ་ཆོད་པ་འདི་ཨེ་མ་ཧོ། བརྒྱུད་ལྡན་བླ་མ་དམ་པ་འདི། །མ་རིག་སེལ་བའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །བླ་མ་སངས་རྒྱས་བསྟེན་པའི་མི་རེ་སྐྱིད། །སེམས་ཉིད་ཆོས་སྐུར་རྟོགས་པ་འདི་ཨེ་མ་ཧོ། །གྲང་དྲོ་མེད་པའི་རས་གོས་འདི། གངས་ཁྲོད་བརྟེན་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །ཚ་གྲང་འཇིགས་པ་སེལ་བའི་མི་རེ་སྐྱིད། །གངས་ལ་གཅེར་ཉལ་བྱེད་པ་འདི་ཨེ་མ་ཧོ། །བསྲེ་འཕོ་མཚམས་སྦྱོར་གདམས་ངག་འདི། །བར་དོ་འཇིགས་པའི་ལམ་མཁན་ཡིན། ལམ་དེ་དང་ལྡན་པའི་མི་ཡོད་དམ། །ཚེ་འདི་ཕྱི་བདེ་བའི་མི་རེ་སྐྱིད། །ཆོས་ཉིད་དབྱིངས་སུ་སླེབ་པ་འདི་ཨེ་མ་ཧོ། །སྙན་བརྒྱུད་ཐབས་ལམ་ཟབ་མོ་འདི། སེམས་ལམ་དུ་བྱེད་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །ལུས་སེམས་བདེ་བ་རྒྱས་པའི་མི་རེ་སྐྱིད། སྲོག་རྩོལ་དབུ་མར་ཚུད་པ་འདི་ཨེ་མ་ཧོ། །སྟོང་ཉིད་སྙིང་རྗེ་འདྲེས་པ་འདི། །རྩོད་ལྡན་སྤྲོས་པ་གཅོད་པའི་ལམ་མཁན་ཡིན། །ལམ་དེ་དང་ལྡན་པའི་མི་ཡོད་དམ། །རྟོགས་ལྡན་འཁོར་གྱིས་བསྐོར་བའི་མི་རེ་སྐྱིད། །འཁོར་དུ་སྤྲུལ་སྐུ་འདུ་བ་འདི་ཨེ་མ་ཧོ། །སྤྱིར་མི་རྒན་གླུ་ལེན་མི་མཚར་ཡང་། །ཉམས་མྱོང་དབྱངས་ཆུང་སྐྱིད་པ་བརྒྱད། །དཔལ་དེ་རིང་ལེན་པའི་གནད་ཅིག་མཆི། །ཁྱེད་འདི་ན་བཞུགས་པའི་གྲྭ་པ་དང་། །ཕྱོགས་ནས་བྱོན་པའི་བུ་སློབ་དང་། །ཁོ་བོས་དམར་ཁྲིད་བསྐྱངས་པ་རྣམས། །དོན་དམིགས་ནས་བསལ་ལོ་རས་ཆུང་པ། །ཕྱིན་ཆད་ཨེ་བདེན་གཏན་ལ་ཕོབ། །དབྱངས་མཆོད་པར་བཞེས་ཤིག་སྐུ་དྲིན་ཅན། །སྒྲ་ཚོགས་སུ་འབུལ་ལོ་མཁའ་འགྲོ་མ། །རྐྱེན་བར་ཆད་སོལ་ཅིག་ཆོས་སྐྱོང་རྣམས། །རྗེ་དངོས་གྲུབ་ཅན་གྱི་བླ་མ་དང་། །ལམ་སྣ་ཁྲིད་པའི་ཡི་དམ་ལྷ། །བྱིན་གྱིས་རློབས་པའི་དཔའ་བོ་དང་། བཀའ་སྲུང་མཛད་པའི་ཆོས་སྐྱོང་རྣམས། །མི་བདག་ལ་ཐུགས་ཀྱིས་མ་བཀྱོན་པར། །མཆོག་ཐུན་མོང་དངོས་གྲུབ་པུང་བསྐྱེད་ཅིག །ཅེས་གསུངས་ནས་ཟླ་བ་ཕྱེད་རེད་པ་དང་། རྗེ་བཙུན་གྱི་དྲུང་དུ་དྭགས་པོ་ལྷ་རྗེ་སླེབ་བྱུང་ངོ་། །དེ་ཐམས་ཅད་ནི་དྭགས་པོ་འབྱོན་པའི་མ་འོངས་ལུང་བསྟན་གྱི་སྐོར་རོ།། །

།དེ་ནས་སྒམ་པོ་པ་དེ་ཉིད་སྐུ་འཁྲུངས་པའི་ཡུལ་ནི་དབུས། ས་ཡི་མིང་ནི་གཉལ་གྱི་སེ་བ་ལུང་། གདུང་རུས་ནི་གཉི་བ། སྐྱེ་བ་ནི་ཤིན་ཏུ་མཐོ་སྟེ་གཉི་བ་ལ་གཡུ་གཉིས། རྒྱ་གཉི་དང་བོད་གཉི་གསུམ་ཡོད་པ་ལས་གཡུ་གཉི། ཡབ་གཉི་བ་ལྷ་རྗེ་རྒྱལ་བ་དང་། ཡུམ་ཡ་ངལ་བཟའ་གཉིས་ལ་སྲས་གཉིས་ཡོད་པ་ལས། གཅེན་པོའི་མཚན་ནི་གཉི་བ་ཀུན་དགའ་བྱ་བ་ཡིན། འཇིག་རྟེན་མི་ཆོས་ཀྱི་ཡོན་ཏན་ཐམས་ཅད་ཚང་བ། དང་པོ་སྨན་ཤིན་ཏུ་མཁས་པ་ལོ་ཉི་ཤུ་རྩ་གཉིས་པ་ལ་ཁྱིམ་བྱས་ཏེ་བུ་མོ་གཅིག་དང་གཉིས་ཡོད་པ་ལ། ལོ་སུམ་ཅུ་རྩ་གསུམ་ལོ་ན་བུ་དེ་ཤི། དེའི་རོ་བསྐྱལ་ནས་འོང་ཙ། བུ་མོ་ཡང་ཤི་ནས་འདུག་དེའི་རོ་བསྐྱལ་ནས་ཞག་འགའ་རེད་ཙ། བུད་མེད་ཀྱང་ནད་ཀྱིས་ཐེབ། དེར་བུད་མེད་དེ་ལྷ་རྗེ་ལ་ཆགས་ནས་ང་ནི་འཆི། དེ་ཙ་ཁྱེད་ཀྱི་བུད་མེད་ཅིག་ལེན་ཨང་ཟེར་ཞིང་མཆི་མ་ཕྲུམ་ཕྲུམ་བྱེད། དེར་ལྷ་རྗེས་ངས་བུད་མེད་མི་ལེན། ཆོས་ལ་འགྲོ་བ་ཡིན་བྱས་པས་དེ་ན་བུད་མེད་མ་ལེན་ཅིག་ཟེར་ནས་ཤིའོ། །དེར་འཁོར་བ་ལ་སྐྱོ་བ་སྐྱེས་ཏེ་ཆོས་གཤའ་མ་ཅིག་བྱ་སྙམ་ནས། དང་པོར་དགེ་བཤེས་ཤ་བ་གླིང་ལ་རབ་ཏུ་བྱུང་། མཚན་ཡང་དགེ་སློང་བསོད་ནམས་རིན་ཆེན་དུ་བཏགས། བྱ་འདུལ་བ་འཛིན་པ་གཉིས་ལ་གསན་པ་མང་དུ་མཛད། དགེ་བཤེས་མང་ཡུལ་བློ་ལྡན་ལ་ཕ་རྒྱུད་མ་རྒྱུད་ལ་སོགས་པའི་གསང་སྔགས་མང་དུ་གསན། དབང་དང་བྱིན་རླབས་ཀྱི་བརྒྱུད་པ་དང་། སྙན་བརྒྱུད་མང་པོ་དང་། སྒྲུབ་བརྒྱུད་ཀྱི་བཤད་པ་མང་པོ་མངའ་བ་རྣམས་མཁྱེན་པར་མཛད། ཆོས་ཐམས་ཅད་ཀྱི་ནང་ན་ཉམས་སུ་ལེན་པ་ཁོ་ན་གཙོ་ཆེ་བར་བཤད་ནས་འདུག་པས། དབུ་རུ་བྱང་ཕྱོགས་བཀའ་གདམས་པ་བྱོན། དགེ་བའི་བཤེས་གཉེན་སྙུག་རུམ་པ་དང་། རྒྱ་ལྕགས་རི་གོང་ཀ་བ་དང་། དགེ་བཤེས་བྱ་ཡུལ་པ་གསུམ་བསྟེན་ནས། ཇོ་བོའི་གདམས་པ་མ་ལུས་པ་མཁྱེན་པར་མཛད། ད་ནི་སྒྲུབ་པ་ཅིག་བྱ་དགོས་དགོངས་ནས་རང་གི་ཕ་མེས་ཀྱི་བརྩེགས་པའི་སེར་ཀ་བྱ་བའི་གཙུག་ལག་ཅིག་ཡོད་པ་དེར། བྲང་ཁང་བདེ་མོ་ཞིག་བརྩེགས་ཕ་ཞིང་ལ་ཡོན་བདག་བྱས་ནས་ཞག་བཅུ་གསུམ་ལ་མི་འཆོར་བའི་ཏིང་ངེ་འཛིན་བཟང་པོ་ཡང་བྱུང་། ཆགས་སྡང་རབ་འབྲིང་རྣམས་ཞི་ནས་གཉིད་ཐུན་ཆུང་རེ་ལས་མི་འབྱུང་ཞིང་། རྨི་ལམ་དུ་ཡང་མདོ་སྡེ་གསེར་འོད་དམ་པ་དང་། མདོ་སྡེ་ས་བཅུ་པ་ནས་བཤད་པའི་ས་བཅུ་ཐོབ་པའི་ལྟས་ཀྱི་རྨི་ལམ་དེ་ཚོ་ཁོ་ན་རྨིས། ང་ལ་འདི་ཚོ་རྨིས་མ་ཐག་པ་སེམས་རྨིས་ཡིན་ནམ། འདྲེ་ཡི་ཆོ་འཕྲུལ་ཡིན་ནམ་སྙམ་པ་བྱུང་གསུངས། ལུས་ལ་ཤིག་དང་སྲིན་བུ་ཡང་ཡེ་ནས་མེད། ཞག་ལྔ་ལྔ་ཙམ་དུ་ཡེ་མ་གསོལ་ཡང་ལྟོགས་པའི་སྣང་བ་ཡེ་མེད་དེ། ལུས་བདེ་ཉམས་དང་ལྡན་པ་བྱུང་གསུངས། རྗེ་བཙུན་གྱི་སྙན་པ་རྒྱང་ནས་འཁྲུངས་པའི་ཚུལ་ནི་ནམ་ཟླ་དཔྱིད་གཅིག་གི་དུས་སུ་མཚམས་ཐོན་པ་དང་། ལྕགས་རིའི་ལྷོ་ཕྱོགས་སུ་སྐྱོ་བསང་ལ་བྱོན་ཙ། སྤྲང་པོ་གསུམ་ཤིག་སྲེག་ཅིང་གཏམ་མང་པོ་བྱེད་ཅིང་འདུག །ཁོ་བོའི་སེམས་རྒྱུད་ཏིང་ངེ་འཛིན་སོང་། ཕྱག་གིས་ཡི་དྭགས་ལ་ཆུ་སྦྱིན་མཛད་ཅིང་ཡོད་སྤྲང་པོ་ཅིག་ན་རེ། འོ་སྐོལ་གསུམ་འདྲ་བའི་བསོད་ནམས་ཆུང་བ་འོང་བ་རྩོལ་བ་མི་དགོས་པར་ཟན་ཆེན་པོ་རེ་དང་། ལོ་ཚོད་ཕོར་བ་གསུམ་རེ་བཏུང་རྒྱུ་ཡོད་ན་ཅི་ལྟོ་ཟེར། གཅིག་ན་རེ། ཡིད་སྨོན་བྱེད་ན་དེ་འདྲ་ལ་མ་བྱེད་མངའ་བདག་རྩེ་ལྡེ་འདྲ་བ་རེ་ཡིན་ན་དགའ་མོད་ཟེར། གཅིག་ན་རེ། མངའ་བདག་རྩེ་ལྡེ་ལ་འཆི་བ་ཡོད་སྐྱིད་མེད། མི་ལ་རས་པ་འདྲ་བའི་གྲུབ་ཐོབ་ལུས་ལ་གོས་མི་དགོས་པ། བཟའ་མེད་ན་མཁའ་འགྲོ་མས་བདུད་རྩི་འདྲེན་པ། སེང་གེ་ལ་ཞོན་ནས་ནམ་མཁའ་ལ་འགྲོ་བ་སྐྱེ་ཤིའི་འཇིགས་པ་མེད་པ་དེ་འདྲ་བ་ཡིན་ན་དགའ་མོད་ཟེར་ཞིང་འདུག་པ་དེ། བླ་མ་རིན་པོ་ཆེས་གསན་པས། ལུས་ཀྱི་བ་སྤུ་གཟིང་སྟེ་སོང་། མིག་ལ་མཆི་མ་འཁྲུགས་པ་བྱུང་། སྔར་གྱི་དེ་མ་ཡིན་པའི་དད་པས་ཀུན་ནས་བསླངས་པའི་བསམ་པའི་སེམས་ཤིག་སྐྱེས་ནས་འདུག་པ། བླ་མ་ན་རེ། རབ་ཅིག་འགྲོ་ཡང་མ་ཤེས། དེར་བྲང་ཁང་ན་དགེ་སྦྱོང་གཙོ་བོ་ཡན་ལག་བདུན་པ་ཡིན་བྱས་ཙ། འཕྲོ་སྟོར་ཞིང་སྟོར་ཞིང་སོང་། ད་ཅི་བྱུང་བ་ཡིན་སྙམ་ནས་མལ་དུ་བསྡད་ནས་བསྒོམ་ཙ་ན། །ཁང་པ་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་ཡེ་ནས་མེད་པར་སོང་ནས་སྟོང་ཕྱམ་གྱི་སོང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡིད་ཀྱི་ཡུལ་དུ་བྱུང་བའམ། སེམས་ཅན་ཐམས་ཅད་ཀྱིས་སེམས་ཤེས་པ་སྙམ་བྱེད་པ་ཅིག་བྱུང་། ཁམས་དང་དབང་པོའི་བྱེ་བྲག་རྣམས་ཀྱང་ཤེས་སྙམ་བྱེད། དེར་དགོང་ཐུན་ཐོན་པ་དང་། སྤྲང་པོ་དེ་རྣམས་གང་ན་སྣང་བལྟས་པས་མགྲོན་ཁང་གཅིག་ཏུ་ཉལ་ནས་འདུག །གཅིག་ལ་ཁྱེད་ཀྱི་གླེང་བའི་གྲུབ་ཐོབ་དེ་གང་ན་བཞུགས་བྱས་པས། དེ་ན་རེ། མང་ཡུལ་གུང་ཐང་ན་ཡོད། མི་ལ་རས་པ་བྱ་བ་ཡིན་ཟེར། དེའི་བླ་མ་གོང་མ་རྣམས་ཅི་སྐད་བྱ་བ་ཡིན་གསུངས་པས། དེའི་བླ་མ་མར་པ་ལོ་ཙཱ་བྱ་བ་ཡིན་ཟེར། དེའི་བླ་མ་ནཱ་རོ་པཎ་ཆེན་བྱ་བ་ཡིན་ཟེར། ཆོས་ཅི་གསུང་བྱས་པས། ཆོས་དེ་ནཱ་རོའི་ཆོས་དྲུག་བྱ་བ་ཀྱཻ་རྡོར་གྱི་གདམས་ངག་ཡིན་ཟེར་ངེད་ཀྱི་ཞལ་མ་མཐོང་མི་མང་པོ་དེའི་དྲུང་དུ་འགྲོ་ཞིང་འདུག །བླ་མ་དེ་ལ་ཡོན་ཏན་ཅི་ལྟ་བུ་ཡོད་གསུངས་པས། མི་ཕལ་གྱིས་མི་རྙེད། རྙེད་ཀྱང་ལ་ལས་མཆོད་རྟེན་དཀར་པོ་ཅིག་ཏུ་མཐོང་། ལ་ལས་ཤཱཀྱ་ཐུབ་པར་མཐོང་། སྤྲུལ་པ་སྣ་ཚོགས་སྟོན་ནུས་པར་འདུག་ཟེར། གཞི་ག་ན་བཞུགས་པར་འདུག་བྱས། བྲིན་དང་སྙེ་ནམ་གཉིས་ཀྱི་རི་ཁང་ན་བཞུགས་ཟེར། ང་དེར་འགྲོ་འདོད་པས་ཁྱེད་ཀྱིས་གྲོགས་ཨི་བྱེད་བྱས་པས་དེ་ཉན་ཏེ། ཁྱེད་གཞོན་ནུ་ཅིག་འདུག་པས་ངེད་ཁྱེད་ཀྱི་རྗེས་མི་སླེབ། ཁྱེད་རང་སོང་དང་ལ་སྟོད་རང་ནས་ཤེས་ཏེ་འོང་། ཁོང་གྲགས་པ་ཆེ་བ་ཡིན། དེར་ནང་དུ་བྱོན་ནས་ཟན་ཆེན་པོ་བྱས། ལོ་ཚོད་མང་པོ་བསྐོལ་ནས་དེ་གསུམ་ལ་བྱིན། དེར་དེ་ནུབ་དཀོན་མཆོག་གསུམ་ལ་མཆོད་པ་བཤམས་ནས་ཕུལ། གསོལ་བ་བཏབ་ནས་ཉལ་བའི་རྨི་ལམ་དུ། རག་དུང་རིང་པོ་ཅིག་འདུག་པ་བུས་པས་སྐད་འཛམ་བུའི་གླིང་དུ་ཐོས་པ་རྨིས། དེ་ཡང་དབུས་གཙང་གཉིས་ན་འདི་བས་སྐད་ཆེ་བའི་རག་དུང་མེད་བྱས་པ་རྨིས། ཡང་ནམ་མཁའ་རྟེན་མེད་པ་ལ་རྔ་བོ་ཆེ་གཅིག་བཏགས་ནས་བརྡུང་བས། སྐད་ཡང་དག་པ་བྱུང་། རི་དྭགས་མང་པོས་ཉན་ཅིང་འདུག །མི་དཔག་ཏུ་མེད་པ་ཡང་འདུག །མོན་མོ་འདྲ་བའི་བུད་མེད་ཅིག་ན་རེ། མི་འདི་ཚོ་ལ་རྔ་འདི་རྡུང་། རི་དྭགས་འདི་ཚོ་ལ་འདི་བྱིན་ཅིག་ཟེར་ནས། འོ་མ་ཐོད་ཕོར་གང་བྱིན་པ་རྨིས། འདིས་རི་དྭགས་འདི་ཚོ་མི་ཁྱེད་བྱས་པས། ཁྱོད་རང་འཐུང་དང་རི་དྭགས་འདི་རྣམས་ལས་འགྲོ་བ་རིགས་དྲུག་ལ་སེམས་ཅན་ཡང་ཁྱེད་ནས་འོང་ཟེར་ཏེ། ང་ནི་ཉི་མ་ནུབ་ཕྱོགས་སུ་འགྲོ་བ་ཡིན་ཟེར་ནས་སོང་བ་རྨིས། ད་ལྟ་སྣོད་དང་མི་ལྡན་པ་རྣམས་རིམ་གྱིས་སྐྱེ་སྟེ་རྔ་ལ་ཉན་པའི་མི་དེ་ཚོ་ཡིན་པར་འདུག་བཀའ་གདམས་ཀྱི་བླ་མ་དེ་ཚོ་དྲིན་རེ་ཆེ་གསུངས། རི་དྭགས་དེ་ཚོ་ནི་ང་ཡི་རི་ཁྲོད་འགྲིམ་པ་འདི་རྣམས་ཡིན་པར་འདུག །བླ་མ་མི་ལའི་གདམས་ངག་ཐབས་ལམ་དང་། ཕྱག་རྒྱ་ཆེན་པོ་ཁོ་ན་སྦྱངས་པ་ལས་བྱུང་སྟེ། སྔོན་གྱི་རྨི་ལམ་གྱི་ལྟས་དེ་ཀར་སོང་གསུངས། དེར་ཞིང་བཟང་པོ་ཅིག་ཡོད་པ་གསེར་སྲང་དོ། ཇ་སིལ་པོ་ཞོ་གང་རྣམས་བཙོང་ནས། དགེ་བཤེས་ལྕང་རི་བ་དང་བྱ་ཡུལ་བ་གཉིས་ཀྱི་སྤྱན་སྔར་ཕྱིན་ཕྱག་ལ་བྱོན་པར། ཁྱེད་རྣལ་འབྱོར་པ་ཁྱི་ཐུལ་ཅན་གྱི་རྩར་མ་འགྲོ། སྤུས་ཀྱི་འགྲོ་ན་ངེད་ཀྱི་རྟགས་མ་དོར་བར་ཤོག །སེར་ཀ་ལ་ཕན་ན་ཁྱི་ཚིལ་འཚོལ་ན་ཡང་ཚོལ། ཟངས་ངས་བརྡུངས་ནས་ཟངས་སྐད་མི་འདིས་འདོན་པ་ཅིག་འོང་བར་འདུག་སྟེ་ཐབས་མེད་གསུངས། སྙུག་རུམ་པའི་ཞལ་ནས་ཁྱེད་ཀྱིས་ང་རྒས་ཁར་མ་འབོར་དེ་ནས་བོད་འགྲོས་པའི་ཟླ་བ་ཕྱེད་གཉིས་ཀྱི་ལམ་བཅད་ནས་བྱོན་ཏེ། ཉི་མ་ཕྱེད་ཀྱིས་སླེབ་པའི་སར་མགོ་ཡམ་བྱ་བའི་ནད་དྲག་པོ་ཅིག་བྱུང་ནས་ཉིན་ཞག་བདུན་ལུས་པ་ལ། རྗེ་བཙུན་བཞུགས་པའི་གངས་ལ་དབུ་གཏད་ནས་གསོལ་བ་བཏབ་པས་བསྙུན་དེ་ལས་དེ་མ་ཐག་གྲོལ་བར་གྱུར་ཏེ། དེ་ནས་སང་སྟེ་བཀྲ་ཤིས་སྒང་དུ་བྱོན་ནས་བུད་མེད་ཅིག་ཐགས་འཐག་ཅིང་འདུག་པ་ལ། རྗེ་བཙུན་མི་ལ་རས་པ་བདག་གཞན་རྒྱུད་ཀྱི་བསམ་པ་མཁྱེན་ཅིང་སྤྲུལ་པ་སྣ་ཚོགས་སྟོན་ནུས་པ་ཅིག་བཞུགས་ཟེར་བ་དེ་གང་ན་བཞུགས་གསུངས་པས། དེའི་རྒྱུས་ཡོད་པའི་ཉ་མོ་ཅིག་ཡོད་པ་སྟོན་ཟེར་ནས། བུད་མེད་རྒན་མོ་རས་ཀྱི་སྟེང་ན་རྒྱ་ལྷོད་བཅིངས་པ་ཅིག་འདུག་པ་འདི་ལ་དྲིས་ཟེར། དེ་ལ་དྲིས་པས་རྒན་མོ་དེ་ན་རེ། དོ་ནུབ་སླེབ་ས་མེད། ང་ཡི་ཁང་པའི་སྟེང་བཞུགས་ཟེར་ནས་སྟེང་ཁང་དུ་གདན་དྲངས་ནས། ཁར་སང་ང་རྗེ་བཙུན་ཆེན་པོའི་དྲུང་དུ་ཕྱིན་པ་ལ། བླ་མས་དབུས་ནས་བཀའ་གདམས་པའི་སྟོན་པ་ཅིག་ང་ལ་འཕྲད་དུ་འོང་བ་དེ་དང་ང་གཉིས་མཇལ་སྣ་སུས་བྱས་པ་དེ་ལ་ངན་སོང་གསུམ་གྱི་འཇིགས་པ་ལས་སྐྱོབས་གསུངས་པས། ང་ཡི་བུ་མོ་སྒོམ་མ་གཅིག་རྗེ་བཙུན་གྱི་དྲུང་དུ་ཡོད་པས་མོ་ལ་མཇལ་སྣ་འཚོལ་བ་ཡིན་ཟེར། ཕྱི་དེ་ནང་པར་བླ་མའི་སྤྱན་སྔར་བྱོན་པ་ལ། རིན་པོ་ཆེའི་དགོངས་པ་ལ་ང་ཡོང་བ་མཁྱེན་ལུགས་དེས་ང་སྣོད་ལྡན་ཞིག་ཡིན་པར་འདུག །གདམས་ངག་དཀའ་ཚེགས་མི་འོང་སྙམ་པའི་ང་རྒྱལ་ཅིག་སྐྱེས་པ་དེ་མཁྱེན་ནས། ཟླ་བ་ཕྱེད་དུ་མཇལ་བ་མ་བྱུང་། སེ་བན་རས་པས་ཕྲུ་བ་གཅིག་དང་ཤིང་ཕུན་ཅིག་བྱིན་ནས་གད་འོག་གཅིག་ཏུ་བསྐྱལ་ཏེ། དབུས་པ་སྟོན་པ་ཁྱེད་འོང་པ་བླ་མས་མཁྱེན་འདུག །གདམས་ངག་ཀྱང་གནང་བར་འདུག་གི་ངང་མ་ཐུང་བར་བཞུགས་ཟེར། དེ་ནས་ཟླ་བ་ཕྱེད་སོང་ཙ་བཀྲ་ཤིས་སྒང་དུ་བླ་མ་དང་མཇལ་ན་ཤོག་ཟེར་བས་བྱོན་སོང་ཙ། བླ་མ་རྗེ་བཙུན་རྡོ་ལེབ་ཆེན་པོ་ཅིག་གི་སྟེང་དུ་བཞུགས་ཏེ་འཁོར་རྣམས་ཀྱིས་མཐའ་བསྐོར་ནས་འདུག །དེར་གསེར་གཡུ་དང་ཇ་སིལ་པོ་ཞོ་གང་ཕུལ། ཕྱག་བྱས་ཙ། བླ་མས་གསེར་དང་ང་མི་མཐུན། ཇ་བཀོལ་བའི་ཐབ་ཆ་མེད། ཁྱོད་རང་སྒྲུབ་པ་བྱེད་པའི་བརྒྱགས་གྱིས། ཁྱེད་ཀྱི་མིང་ཅི་ཡིན་གསུངས། བསོད་ནམས་རིན་ཆེན་བྱ་བ་ལགས་ཞུས་པས། བསོད་ནམས་བསོད་ནམས་བསོད་ནམས་བྱ་བ་ལན་གསུམ་གསུངས་པས། བསོད་ནམས་ཚོགས་ཆེན་བསགས་ལས་འཁྲུངས། འགྲོ་བ་ཀུན་གྱི་རིན་པོ་ཆེ། བྱ་བ་ལན་གསུམ་གསུངས་ནས་ཆང་ཐོད་ཕོར་གང་གསོལ་འཕྲོ་འདུག་པ་དེ་བླངས་ཏེ་གནང་ནས་འདི་འཐུང་གསུངས་པས་རྟེན་དགེ་སློང་ཡིན་པ་དང་འཁོར་མང་བས་ལེན་མ་ནུས་པས། རྗེ་བཙུན་གྱི་ཞལ་ནས། རྣམ་རྟོག་མ་མང་འདི་འཐུང་གསུངས་པས། བླ་མས་མཁྱེན་ནམ་སྙམ་ནས་ལྷག་མ་ཙམ་ཡང་མ་ལུས་པར་གསོལ་བས། བརྒྱུད་པ་ཟིན་ཅིང་གདམས་ངག་མ་ལུས་པའི་སྣོད་དུ་རུང་བར་མཁྱེན་ནོ། །དེ་ནས་སེ་བན་དང་རས་ཆུང་པ་གཉིས་འདིར་ཤོག་དང་། འོ་སྐོལ་ཕ་སྤད་ཀྱིས་སྟོན་པ་ལ་མགུར་ཅིག་བྱའོ་གསུངས་ནས་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཤར་སེང་གེ་དཀར་མོའི་འོ་མ་དེ། །བཅུད་དང་ལྡན་པར་ཆ་མཆིས་ཀྱང་། །ལྷ་དབང་བརྒྱ་བྱིན་ཁོང་གིས་གསོལ་ནས་སོང་། །ལྷོ་རྒྱ་སྟག་ཁྲ་བོའི་དཔའ་རྩལ་དེ། །ཡང་རྩལ་ཆེ་བ་ཆ་མཆིས་ཀྱང་། །ཌོམ་བི་ཧེ་རུ་ཀ་ཡིས་བཅིབས་ནས་སོང་། །བྱང་ལྟང་དཀར་ཉ་མོའི་མཁྲིས་པ་དེ། །རོ་ཁའོ་སྙམ་པར་ཆ་མཆིས་ཀྱང་། །ཀླུ་གཙུག་ན་རིན་ཆེན་གྱིས་གསོལ་ནས་སོང་། །སྟེང་དགའ་ལྡན་ལྷ་ཡི་ཕོ་བྲང་དེ། །གཟིགས་མོ་ཆེ་བར་ཆ་མཆིས་ཀྱང་། །འཕགས་པ་ཐོགས་མེད་ཁོང་གིས་གཟིགས་ནས་སོང་། ནཱ་རོ་སྙན་བརྒྱུད་ཟབ་མོ་འདི། །ལམ་ཐག་ཉེ་བར་ཆ་མཆིས་ཀྱང་། །རྗེ་མར་པ་ལོ་ཙཱ་གཤེགས་ནས་བླངས། །མར་པའི་སྙན་བརྒྱུད་ཟབ་མོ་འདི། །ཉམས་རྟོགས་ཆེ་བར་ཆ་མཆིས་ཀྱང་། །རྣལ་འབྱོར་མི་ལ་ང་ཡིས་རྟོགས་ནས་ཡོངས། །ང་མི་ལའི་ཉམས་མྱོང་ཚིག་གསུམ་པོ། །དོན་གནད་དུ་ཟབ་པར་ཆ་མཆིས་ཀྱང་། །བུ་སྟོན་པ་ཁྱོད་བྱུང་འཆད་པ་ཡིན། །གསེར་དང་མི་རྒན་ལོ་མི་མཐུན། །ཇ་བཟང་པོ་བསྐོལ་བའི་ཐབ་ཆ་མེད། །ངས་ཟས་ནོར་སྤངས་ནས་རིང་ཞིག་འདས། །བུ་སྙིང་ནས་དམ་ཆོས་བྱ་སྙམ་ནས། །ཚེ་འདི་ལ་མ་དགའ་ཕྱི་མ་སོམ། །བཀའ་བརྒྱུད་ཀྱི་གདན་ས་འཛིན་འདོད་ན། །ཚིག་ལ་མ་དགའ་དོན་ལ་ལྟོས། ཁྱོད་དགེ་སློང་གི་ཐུགས་ལ་དེ་ལྟར་ཞོག །དེ་སྟོན་པ་ཁྱེད་ཀྱི་སྣ་ལེན་མཛོད། །ཅེས་གསུངས་ནས་གསེར་དང་ཇ་མ་བཞེས་ནས། ཇ་ཞོ་གང་པོ་དེ་སེ་བན་རས་པས་ཁྱེར་ནས་སོང་བ་ལ། རྗེ་བཙུན་གྱིས་ཁྱོད་ཀྱིས་དེ་ཅི་བྱེད་གསུངས། སེ་བན་གྱིས་འདི་ཡང་བཙུན་པ་ཅིག་འདུག །འོ་སྐོལ་ལ་ཡང་མིས་ཕུལ། རྡོ་ཡི་སྟེང་དུ་ཞིབ་པར་བརྡུངས་ནས་བསྐོལ་ཏེ་འདྲེན་པ་ཡིན་ཞུས་པས། ཕྱིས་རིན་པོ་ཆེ་ཡིས་གསུངས་ནས་སེ་བན་རས་པ་དེ་ཕོ་རྒོད་པོ་གསལ་པོ་རང་ཅིག་འདུག་གསུངས། དེ་ནས་ཕ་ཝོང་འོག་དེར་འཁན་པ་དང་ཟྭ་ཤིང་དང་རི་ཤོ་ཁོག་མོ་བསྡུས་ཏེ་ཕྱེད་སྐྱིལ་ཞིག་བྱས་ཏེ་ཁྲིད་ཞུས་པས། བླ་མའི་ཞལ་ནས་ཁྱོད་ལ་དབང་བསྐུར་གྱི་བཀའ་ཡོད་དམ་གསུངས། དགེ་བཤེས་མང་ཡུལ་བློ་ལྡན་ཤེས་རབ་ལ་གསང་འདུས་དབང་བསྐུར་རྫོགས་པར་ཞུས། བདེ་དགྱེས་གཉིས། བདག་མེད་མའི་བྱིན་རླབས་གསུམ། བདེ་མཆོག་ལཱུ་ཡི་པའི་བཀའ། ཕག་མོ་རིན་ཆེན་རྒྱན་དྲུག་མའི་བྱིན་རླབས་དང་། གཞན་ཡང་བླ་མ་མང་པོ་ལ་དབང་བསྐུར་མང་པོ་ཐོབ་ལགས། ང་ལ་ཞག་བཅུ་གསུམ་ཙམ་ལ་མི་འཆོར་བའི་ཏིང་ངེ་འཛིན་བཟང་པོ་ཡོད་ཞུས་པས། ཧ་ཧ་གསུངས་ནས་གད་མོ་ཆེན་པོ་ཞིག་མཛད་ནས་ལེགས་པོ་འདུག་སྟེ། ལེགས་པར་བསྐྱང་ཀྱང་འབྲས་བུ་གཟུགས་མེད་ལྷ། གསུངས་ནས་བྱེ་མ་བཙིར་བ་ལ་མར་མི་འོང་ཉུང་དཀར་བཙིར་ན་མར་ཁུ་འོང་བ་ཡིན། དེ་འདྲ་བ་ལ་དགོས་པ་མེད། ང་ཡི་གཏུམ་མོའི་སྲོག་རྩོལ་བསྒོམ་དང་། སང་ད་གཟོད་སེམས་ཀྱི་ངོ་བོ་མཐོང་ནས་འོང་གི་གསུངས། ལར་བོད་ཀྱི་སྙིང་ལ་འདྲེ་ཞུགས་ནས། ཨ་ཏི་ཤ་ལ་སྔགས་བཤད་མ་བཅུག་པ། མི་མང་པོ་ཕུང་དུ་བཅུག་གསུངས། བཀའ་གདམས་པ་ལ་ཡང་གསང་སྔགས་ཀྱི་གདམས་ངག་མང་པོ་ཡོད་ཞུས་པས། དེ་ཚོ་གསང་སྔགས་ཡིན་ཏེ་མན་ངག་མིན། སྒྲུབ་ཐབས་རྐྱང་པ་རེ་རེ་རྫོགས་རིམ་སྣོད་བཅུད་བསྡུས་པ་རེ་རེ་བཤད་ནས་འདུག །རྟོག་དཔྱོད་ཀྱི་ཏིང་ངེ་འཛིན་བྱ་བ་ཡིན། ལམ་རིམ་གྱི་བདག་མེད་སྒོམ་པ་དོན་སྤྱི་རྐྱང་པ་ཡིན། ཁ་རོག་པར་ཐབས་ལམ་སྒོམ་གསུངས། དུས་ཕྱིས་དྭགས་པོའི་ཞལ་ནས། བླ་མ་རྗེ་བཙུན་གྱིས་སྔོན་ལ་ཤེས་བྱའི་སྒྲིབ་པ་སྦྱངས་པས་ཉོན་མོངས་པ་རང་དག་ལ་འགྲོ་གསུངས། བཀའ་གདམས་ཀྱི་བླ་མ་རྣམས་ཀྱིས་ནི་ཉོན་མོངས་པ་མ་སྤངས་པར་སངས་མི་རྒྱས་གསུངས་ཏེ། དེ་གསུངས་པ་གཉིས་ཀ་མེད་པར་འདུག་གསུངས། དེ་ནས་རྗེ་བཙུན་བལ་ཡུལ་དུ་འགྲོ་གསུངས་ཏེ། ཉེ་གནས་ལ་རས་ཆུང་པ། ཁྱི་རས་པ། སྒོམ་སྟག །ཇོ་དར། སེ་བན། སྟོན་པ། ཀོང་རྒུར། མེས་སྒོམ་དང་བདུན་འདུག་པ་བལ་ཡུལ་དུ་ཕྱིན་པས་ཚད་པ་འོང་ཟེར་ཞིང་སེམས་སྲེལ་ཆེན་པོ་བྱེད་ཅིང་འདུག །རིན་པོ་ཆེའི་ཐུགས་དགོངས་ལ། ང་དག་ཀུན་ཚད་པས་ཤི་ནའང་འགྲོ་བ་ཡིན་དགོངས་ཙ། བྲིན་པས་བླ་མ་འབྱོན་པ་ཐོས་ནས་ཕྱར་བ་ཆེན་པོ་ཅིག་བཏིང་སྟེ། ཕྱག་རྟེན་གསེར་ཞོ་གསུམ། མར་འབྲས་མང་ཡར་སྤུངས་ནས་ཕུལ་བས་མ་བཞེས་ཏེ། དེ་རྣམས་རང་རང་བགོས་ནས་གནང་ངོ་། །དེའི་ནང་པར་བྲག་གཅིག་གི་རྩ་བར་བཞུད་པས། བུད་མེད་གོས་ནག་པོ་གྱོན་པ། ངམ་ནག་པ། མིག་རྩ་དམར་པ་ཅིག་གིས་བླ་མའི་ཞལ་ལ་འབུར་ཚུགས་སུ་བལྟས་ཏེ་གར་འགྲོ་གཏོང་མཁན་སུ་ཡིན་ཟེར། དེའི་ནུབ་མོ་ནས་བླ་མ་ཐུགས་འགྱུར་ནས་མ་བྱོན་ནོ། །བུད་མེད་དེ་མཁའ་འགྲོ་མར་འདུག་བྱ་བ་ཡང་གསུངས་སོ། །དེ་ནས་སྨན་ལུང་ཆུ་བར་དུ་བཞུགས་ནས་ཆོས་ཞུས་པས། བླ་མ་རྗེ་བཙུན་གྱི་ཞལ་ནས། སྔར་གྱི་དབང་བསྐུར་གྱི་གོ་མི་ཆོད་པ་མིན་ཏེ། རྟེན་འབྲེལ་ཡིན་པས་ང་རང་གི་ལུགས་ཀྱི་བྱིན་རླབས་ཆུང་ངུ་ཞིག་མཛད་དགོངས་ནས། སིནྡྷུ་རའི་མཎྜྻལ་ལ་བརྟེན་ནས་སྙན་བརྒྱུད་ཀྱི་བྱིན་རླབས་མཛད་དོ། །དེ་ནུབ་བླ་མ་རྗེ་བཙུན་གྱི་སྤྱན་སྔར་ཉལ་གསུང་གླེང་ཁོ་ཐག་ཆོད་པ་ཅིག་བྱ་དགོས་དགོངས་ནས་བྲག་ནང་དུ་བྱོན་ནོ། །བླ་མ་རྗེ་བཙུན་རིན་པོ་ཆེ་ལགས། ཚོགས་བསགས་པའི་སྟོབས་གང་ཆེ་ལགས། བདག་གིས་དགེ་བཤེས་རྒྱ་ལ་ཞུས་པས། རྒྱ་ཡི་ཞལ་ནས། པུ་ཏོ་པས་ནི། དུས་གསུམ་སངས་རྒྱས་མཆོད་པ་བས། བླ་མའི་བ་སྤུའི་ཁུང་མཆོད་མཆོག །ཅེས་གསུངས་པས། དེ་དེ་ཀ་ལྟར་ཡིན། གསང་བ་འདུས་པ་དང་། གདན་བཞི་པ་ནས། དུས་གསུམ་གྱི་སངས་རྒྱས་ཀུན་མཆོད་པ་བས། བླ་མའི་བ་སྤུའི་ཁུང་བུ་མཆོད་པས་མཆོག །ཅེས་གསུངས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་སྤུངས་ནས་ཕུལ་བ་བས་བླ་མའི་བ་སྤུ་གཅིག་མཆོད་པ་བསོད་ནམས་ཆེ་གསུངས། དེ་བས་ཟབ་པའི་ཚོགས་བསགས་ཐབས་ཡོད་དམ་ཞུས་པས། གཅིག་ཡོད་གསུངས། དེ་བདག་ལ་ཞུ་ཞུས་པས། བླ་མས་བསྟན་པའི་གདམས་ངག་དེ་ཆུད་མ་ཟོས་པར་ཉམས་སུ་བླངས་ན་དེ་ཀས་དགའ་གསུངས། བདག་གིས་དགེ་བའི་བཤེས་གཉེན་སྙུག་རུམ་པ་ལ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་སྲིད་དམ་ཞུས་པས། ཚེ་འདི་ལ་ལྟོས་པ་སྤུད་ཙམ་ཅིག་ཀྱང་མེད་དགོས་པ་ཡིན་གསུངས། དགེ་བཤེས་གཉེན་ཡར་ལུང་པ་ལ་ཞུས་པས། གསུང་དེ་ངེས་པ་ཅན་ཡིན། དགོངས་པ་ཅན་ཡིན་གསུངས། སྨན་རིལ་བུ་བསྒྲུབ་པ། ཚེ་ཉི་ཟླ་དང་མཉམ་པ། སྐྱེ་བ་བདུན་པ་ཡིན། ཡི་དམ་ལྷ་ཡི་ཞལ་མཐོང་བ། མཁའ་སྤྱོད་དུ་འགྲོ་ནུས་པ་ཞིག་དགོས་པ་ཡིན་གསུངས། དེ་ལྟར་དུ་ལགས་སམ་ཞུས་པས་གསུང་དེ་དགོངས་པ་ཅན་ཡིན། ངེས་པ་ཅན་ཡིན། ཚེ་འདི་ཀ་ལ་ལྟོས་པ་མེད་པ་དགོས། བླ་མ་མཚན་ཉིད་དང་ལྡན་པ་ཅིག་ལ་སློབ་མ་སྣོད་དང་ལྡན་པ་ཅིག་གིས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་རྫོགས་པ་ཞིག་ཞུ་ནས་བསྐྱེད་རྫོགས་གཉིས་ཀྱི་གདམས་ངག་བར་མ་ཆད་པ་བསྒོམ་པས་རབ་ཚེ་འདིར་སངས་རྒྱས། འབྲིང་འཆི་ཁའི་བར་དོར་འགྲུབ། ཤིན་ཏུ་ལེ་ལོ་ཅན་ཡང་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་དུ་འགྲུབ། དེ་ལ་མ་གྲུབ་ན་དམ་ཚིག་ལ་སེལ་ཞུགས་པ་ཡིན་པས་རེ་ཞིག་ངན་སོང་དུ་སྐྱེ་དོགས་ཡོད། ལར་ལྷ་རྗེ་ཁ་ལ་སྐུར་བའི་མི་དང་བློ་མ་བསྟུན། དེའི་ངག་ལ་མ་ཉན། རྗེས་སུ་མ་འབྲང་། སྒོམ་པ་ཉམས་སུ་ལེན་པའི་མི་དང་བློ་བསྟུན། དེའི་ངག་ལ་ཉོན། རྗེས་སུ་འབྲང་དགོས་པ་ཡིན། བློ་ཕུག་ཚེ་འདི་བློས་བཏང་བའི་སྐྱེས་བུ་རྣམས་ལ་གཏད་དགོས། ཚེ་འདིས་མིག་བྲིད་པའི་གང་ཟག་ཁ་ཅིག་གིས་ཆོས་བརྒྱད་སློབ་ཏུ་འོང་བ་ཡིན། ལར་སྟོང་ཉིད་ལ་ཤོར་ས་མང་བ་ཡིན། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་དང་། ཤེས་བྱའི་གཤིས་ལ་ཤོར་བ་དང་། སྟོང་ཉིད་གཉན་པོར་ཤོར་བ་དང་། ཆགས་པར་ཤོར་བ་དང་བཞི་ཡིན། སྟོང་ཉིད་རྒྱས་འདེབས་སུ་ཤོར་བྱ་བ་ན། འདི་ལྟར་གཟུང་བ་དང་འཛིན་པའི་བློ་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་སྟོང་པར་བསྒོམ་པ་ཡིན་ཟེར་བ་ཡོད། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བྱ་བ་ནི། འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྟོང་པ་ཡིན་ཟེར་བ་ཡོད། སྟོང་ཉིད་གཉེན་པོར་ཤོར་བྱ་བ། ཉོན་མོངས་པ་རྣམ་པར་རྟོག་པ་གང་སྐྱེས་པ་ལ་བལྟས་པས་དེ་ཀ་སྟོང་པ་ཡིན་མོད་ཟེར་བ་ཡོད། སྟོང་ཉིད་ཆགས་པར་ཤོར་བྱ་བ། ང་ལ་བསྒོམ་རྒྱུ་མེད། ཅི་བསྒོམ་ཐམས་ཅད་སྟོང་པ་ཡིན་ཟེར་བ་ཡོད། དེ་རྣམས་ལམ་ཡང་དག་པ་མ་ཡིན། འོན་ཀྱང་བློ་ཡི་བདེན་ཞེན་ལྡོག་པ་ལ་ཕན་རྒྱུ་ཙམ་ཡིན། སེམས་ཀྱི་གཞི་རྩ་མ་ཆོད་ན་བདེ་གསལ་མི་རྟོག་པ་གསུམ་གྱི་ཉམས་མྱོང་ཡོད་ཀྱང་སྲིད་པ་གསུམ་ལས་མ་འདས་སོ། །རྩ་བ་མ་ཆོད་པའི་ཉམས་བྱ་བ་ཡིན། འོ་ན་ལམ་ཡང་དག་པ་གང་ཡིན་ན། བླ་མ་མཚན་ཉིད་དང་ལྡན་པ་གཅིག་གིས་སློབ་མ་སྣོད་དང་ལྡན་པ་ཅིག་ལ་ངོ་སྤྲད་དེ་ཁྲིད་པས། གཉུག་མའི་སེམས་ལ་ཁྱབ་པར་གནས། སངས་རྒྱས་ཐམས་ཅད་ལ་ཆོས་སྐུའི་སྣང་བར་གསལ། རྣལ་འབྱོར་པས་ཐབས་དཔག་ཏུ་མེད་པས་མཚོན་ནས་བསྒོམས་པས། ལྟ་བ་ཤུགས་ལ་རྟོགས། ཉོན་མོངས་པ་ངང་གི་འགགས། རྣམ་རྟོག་རང་ཤུགས་ཀྱི་ཆོད་ཡེ་ཤེས་ཤུགས་ལ་འཆར། དེའི་དུས་སུ་ཉམས་སུ་མྱོང་བའི་རྟོགས་པ་དང་དེ་ངག་ཏུ་སྨྲ་མི་བཏུབ། བརྗོད་ཀྱང་ཟུར་ལས་མཚོན་པར་མི་ནུས། དཔེར་ན་གཞོན་ནུ་མའི་བདེ་བའི་ལྐུགས་པའི་རྨི་ལམ་བཞིན་དེ་ནི་སེམས་ཅན་ཀུན་ལ་ཡོད་ཀྱང་ངོ་མ་ཤེས། དེས་ན་བརྒྱུད་ལྡན་གྱི་བླ་མ་བསྟེན་པ་གལ་ཆེ། དེ་ཡང་གཉུག་མའི་ཤེས་པ་དེ་ཕུག་གར་ཡང་མ་གཏད། སྒོ་གར་ཡང་མ་འགགས། དཔེ་གང་གིས་ཀྱང་མཚོན་པར་མི་ནུས། བརྗོད་པ་གང་གི་ཡང་ཐོག་ཏུ་མི་ཕེབ། ཐ་སྙད་གང་གིས་ཀྱང་མཚོན་པར་མི་ནུས་ཏེ་དེ་ན་བཅས་བཅོས་མི་བྱ། རང་ཁ་མ་བཅོས་པའི་ངང་དུ་ལྷོད་དེ་ཀློད་ལ་ཞོག་གསུངས་ནས་མགུར་འདི་གསུངས་སོ། །ལྟ་བ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་ལྟོས། །རང་གི་སེམས་ལས་ལྟ་བ་གཞན་དུ་བཙལ་བ་ན། །གྱད་ཀྱི་བོར་ཚོལ་འདྲའོ་ཨང་ངེ་སྟོན་པ་བ། །སྒོམ་པ་ཡིན་པར་ངེས་ཀྱི་བྱིང་རྒོད་སྐྱོན་མ་གསལ། །སྒོམ་པ་བྱིང་རྒོད་ལ་སོགས་རྐྱེན་བསལ་ན། །ཉིན་པར་མར་མེ་འདེགས་པ་འདྲའོ་ཨང་ངེ་སྟོན་པ་བ། །སྤྱོད་པ་ཡིན་པར་ངེས་ཀྱི་བླང་དོར་རེས་མ་བྱེད། སྤྱོད་པ་བླང་དོར་ལ་སོགས་རེས་བྱས་ན། །སྦྲང་མ་རྒྱར་ཚུད་པ་འདྲའོ་ཨང་ངེ་སྟོན་པ་བ། །འབྲས་བུ་ཡིན་པར་ངེས་ཀྱི་སེམས་ལ་ངེས་ཤེས་བསྐྱེད། །ཐོབ་མེད་འབྲས་བུ་གཞན་ནས་ཐོབ་འདོད་བཙལ་བ་ན། །སྦལ་བུ་གནམ་མཆོང་འདྲའོ་ཨང་ངེ་སྟོན་པ་བ། །བླ་མ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་དྲིས། །དེ་ལས་གཞན་པའི་བླ་མ་ལོགས་སུ་བཙལ་བ་ན། །དེ་ཡི་རང་སེམས་སྤངས་པ་འདྲའོ་ཨང་ངེ་སྟོན་པ་བ། དེས་ན་འཁོར་འདས་སྣང་བ་སེམས་སུ་འདུས། དེ་ལྟར་གདའོ་ཨང་ངེ་ལྷ་རྗེ་སྟོན་པ་བ། །ཞེས་གསུངས་སོ། །དེ་ཇེ་འཇིགས་ཇེ་འཇིགས་ལ་སོང་ནས་སྐུ་ཡི་གཟི་བརྗིད་མ་བཟོད་པས། བཞུགས་གདན་ཕྱིར་ཁྱེར་ནས་མ་ཟད་གཅིག་ཏུ་བྱོན་ནས་གཟིམས་སོ། །དེའི་དུས་སུ་ནུབ་གཅིག་ཐུགས་དགོངས་བཏང་བ་ལ་བྲིན་དང་སྙེ་ནམ་གྱི་མཚམས་སུ་ཡུན་རིང་སྡོད་ལ་གདམས་ངག་རྩད་ཆོད་པ་ཅིག་བྱས་ཏེ། སྒྲུབ་པ་མཐར་ཐོན་པ་ཅིག་བྱེད་དགོས་དགོངས་པ་ལ། ང་ཡི་བརྒྱགས་འདི་ཉུང་ནས་འདུག་པས་ཡུལ་འདིའི་མི་ཆེ་བ་ཅིག་ན་ན་དེ་བཅོས་ནས་ཡོན་དྲག་པ་ཅིག་བླངས་ལ། འཚོ་བས་འཚེར་བ་མེད་པ་ཅིག་བྱ་དགོས་དགོངས་ནས། དེའི་ནང་པར་སེ་བན་སྟོན་པ་འབོད་དུ་བྱུང་སྟེ། དབུས་པ་སྟོན་པ་ཁྱོད་ལ། རྗེ་བཙུན་གྱི་སྤྱན་སྔར་བྱོན་ཤོག་གསུངས་ཟེར་བ་དང་། རྗེ་བཙུན་གྱིས་སྤྱན་སྔར་བྱོན་ནས་ཕྱག་འཚལ་བ་ལ། རྗེ་བཙུན་གྱི་ཞལ་འཛུམ་པ་མཛད་ནས། དབུས་པ་སྟོན་པ་ཁྱོད་ཀྱི་ཆོས་གཤའ་མ་ཞིག་བྱེད་བསམ་ན་ཡོན་ཏན་འཚོང་བ་དང་། དགེ་སྦྱོར་བྱེད་པ་གཉིས་རྒྱབ་བསྣོལ་ཡིན་པས། སྟོན་བྲིན་དང་སྙེ་ནམ་པ་གཉིས་ལ་བསོད་སྙོམས་གྱིས་ལ། ནུབ་མོ་གྲོང་གསེབ་ཏུ་མ་སྡོད་པ། སྤྲོ་བདེ་ཕུག་ཏུ་དགེ་སྦྱོར་ལ་སྙེགས་གསུངས་པས། དེར་རྗེ་བཙུན་མད་སྙམ་ནས་བསོད་སྙོམས་མཛད། གཏུམ་མོའི་ཁྲིད་ཞུས་ནས་བསྒོམ་པས། ནུབ་དང་པོ་ལ་ལུང་པའི་མདའ་ན་གཅེར་བུར་བསྒོམས་པས་བདེ་དྲོད་རང་འབར་དུ་སོང་། ནམ་ལངས་པ་ནས་གཉིད་སད་ཙ་ལུས་རྡོ་ལྟར་སོང་ནས་འདུག །དེ་ནས་ཞག་བདུན་བསྒོམས་པས་བདེ་དྲོད་རང་འབར་དུ་སོང་ནས། ཞག་བདུན་གྱི་ནང་པར་རྒྱལ་བ་རིགས་ལྔ་ཞལ་མཐོང་། བླ་མ་ལ་ཞུས་པས། མིག་བཙིར་ནས་བལྟས་པས་ཟླ་བ་གཉིས་སུ་མཐོང་བ་དང་། འབྱུང་བ་ལྔ་ཡི་རླུང་ཟིན་པ་ཡིན། སྐྱོན་ཡོན་གང་ཡང་མིན་གསུངས། ཡོན་ཏན་མིན་གསུངས་ཡང་བྲོད་པ་བསྐྱེད་ནས་བསྒོམས་པས་ཟླ་བ་གསུམ་སོང་བའི་ཐོ་རངས་ཁ་ཞིག་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འཁོར་ལོ་བསྐོར་བ་ལྟར་འཁོར་ཞིང་འདུག་པས་སྟོང་སྐྱུགས་བྱས་ནས་འགྱེལ། ཡུན་རིང་ཞིག་བརྒྱལ་ནས་འདུག །བླ་མ་ལ་ཞུས་པས། རོ་རྐྱར་གཉིས་ཀྱི་རླུང་དྷུ་ཏིར་ཚུད་པ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུངས། ཡང་ཉི་མ་སྔ་དྲོ་ཅིག་ལ་མདུན་གྱི་ནམ་མཁའ་ལ་ཐུགས་རྗེ་ཆེན་པོ་ཐེམ་འགག་ནེམ་འགག་ཏུ་བཞུགས་འདུག་པ་ལ། ཟླ་བའི་དཀྱིལ་འཁོར་རེ་རེ་རྣམས་ཀྱི་དབུ་ཐོག་ཏུ་ཡོད་པ་ཅིག་མཐོང་། བླ་མ་ལ་ཞུས་པས། སྤྱི་གཙུག་བདེ་ཆེན་འཁོར་ལོའི་ཐིག་ལེ་འཕེལ་བ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་སྒོམས་ཤིག་གསུངས། ཡང་དགོང་མོ་ནས་སྲོད་ཀྱི་བར་ལ་དམྱལ་བ་ཐིག་ནག་མཐོང་བས་དེས་རྐྱེན་བྱས་ནས་སྙིང་ཁར་འཚང་བ་བཞིན་སོང་ནས་སྙིང་རླུང་དྲག་པོ་ཅིག་བྱུང་། བླ་མ་ལ་ཞུས་པས། སྒོམ་ཐག་ཐུང་བས་རྩ་བཅིང་བ་ཡིན། སྒོམ་ཐག་ཅུང་རིང་བ་གྱིས། གྱེན་དུ་རྒྱུ་བའི་རླུང་ཟིན་པ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུངས། ཡང་ཉིན་གཅིག་འདོད་ལྷ་རིགས་དྲུག་གི་ལྷ་རྣམས་གསལ་བར་མཐོང་བས། གོང་མ་གོང་མས་འོག་མ་འོག་མ་ལ་བདུད་རྩིའི་ཆར་འབེབས་ཤིང་འདུག །ལྷ་རྣམས་ངོམ་ཞིང་ཚིམ་པར་འདུག་པ་ལ་བདག་གི་མ་སྐོམ་གྲིར་འཆི་ཞིང་འདུག་པ་ཅིག་མཐོང་། བླ་མ་ལ་ཞུས་པས་བདུད་རྩི་བབ་པ་དེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རོ་རྐྱང་གཉིས་ཀྱི་ཐིག་ལེ་འཕེལ་བ་ཡིན། ཨ་མ་སྐོམ་པ་དེ་དྷུ་ཏིའི་མར་སྣ་ཁ་མ་བྱེ་བ་ཡིན་པས་ལུས་ཀྱི་འཁྲུལ་འཁོར་འདི་རྣམས་གྱིས་གསུངས་ནས། འཁྲུལ་འཁོར་བཅའ་ཐབས་འདི་གནང་ནས་ཟླ་བ་གཅིག་བསྒོམ་ཙ་ན། ལུས་འཕར། འདར་སྤྲུགས་རྒོད་འདོད་པ་རྒྱུན་ཆད་མེད་པ་འབྱུང་། རང་དབང་མེད་པར་ཀུས་འདེབས་འདོད་པ་བྱུང་བས་འདྲེ་ཡིན་ནམ་སྙམ་ནས། བླ་མ་ལ་ཞུས་པས། སྙིང་ཁ་ཆོས་ཀྱི་འཁོར་ལོར་ཐིག་ལེས་གང་བ་ཡིན་འཁྲུལ་འཁོར་འཕྲོ་མ་བཅད་པར་འབུང་ལ་སྒོམས། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུངས། དེ་ནས་ཁ་ཟས་ཆེར་མི་དགོས་པར་བྱུང་། ཡང་ཉིན་གཅིག་ཙ་ན། མདུན་གྱི་ནམ་མཁའ་ལ་ཉི་ཟླ་ཆེན་པོ་གཉིས་གཟས་ཟིན་ནས་འདུག །གཟའ་དེ་རྟ་རྔ་ཕྲ་མོ་ཙམ་གཉིས་འདུག །བླ་མ་ལ་ཞུས་པས། དྷུ་ཏིར་རོ་རྐྱང་གཉིས་ཀྱི་རླུང་ཞུགས་པ་ཡིན་ཏེ་སྐྱོན་དང་ཡོན་ཏན་གང་ཡང་མིན་གསུངས། ཕོ་རྒོད་རབ་ཏུ་འདུག །ད་ནི་ད་ནི་བྱ་བ་ལན་གསུམ་གསུངས། དེ་ནས་དྲག་ཏུ་བསྒོམས་པས། ཟླ་བ་གཅིག་ནས་ཀྱཻ་རྡོ་རྗེ་དམར་པོའི་དཀྱིལ་འཁོར་གཅིག་ཞལ་མཐོང་། བླ་མ་ལ་ཞུས་པས། ཡི་དམ་གྱི་ཞལ་མཐོང་བ་ཡིན་ནམ་སྙམ་ནས་ཞུས་པས། ལྟེ་བར་མ་ལས་ཐོབ་པའི་རཀྟ་འཕེལ་བ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་ཤུགས་ཕྱུང་ལ་སྒོམ་གསུངས། དེ་ནས་འབད་དེ་བསྒོམས་པས་ཉིན་གཅིག་ཙ་ན། བདེ་མཆོག་ལཱུ་ཡི་པའི་ཀེང་རུས་ཀྱི་དཀྱིལ་འཁོར་ཅིག་མཐོང་བླ་མ་ལ་ཞུས་པས། ལྟེ་བ་སྤྲུལ་པའི་འཁོར་ལོ་ཐིག་ལེས་གང་བ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུངས། དེ་ནས་འབད་དེ་བསྒོམས་པས་ཞག་བཅུ་བཞི་ལོན་ཙ་ན། མཚན་ཐོག་གཅིག་ལ་བདག་གི་ལུས་འདི་ནམ་མཁའི་ཁམས་ཙམ་དུ་རེད་ནས་འདུག །སྤྱི་བོའི་གཙུག་ནས་རྐང་པའི་མཐིལ་ཡན་ཆད་ལ་འགྲོ་བ་རིགས་དྲུག་གི་སེམས་ཅན་འདུས་པ་ལ། ཕལ་ཆེར་འོ་མ་འབའ་ཞིག་འཐུང་ཞིང་འདུག །འགའ་ཞིག་གིས་སེངྒེ་བཞོས་པའི་འོ་མ་ཡིན་ཟེར་བ་འབའ་ཞིག་འཐུང་ཞིང་འདུག །འུར་དེང་གི་སྒྲ་ལྟ་བུ་ཞིག་གང་ནས་འོང་ཆ་མེད་པར་དུས་རྒྱུན་དུ་འོང་ཞིང་འདུག །ནམ་ལངས་ནས་སྒོམ་ཐག་བཀྲོལ་བ་དང་མེད་ནས་ཐལ། བླ་མ་ལ་ཞུས་པས། ལུས་ཀྱི་རྩ་སྟོང་ཕྲག་བསམ་གྱིས་མི་ཁྱབ་པའི་ནང་དུ་ལས་ཀྱི་རླུང་གི་ཐིག་ལེ་ཁྲིད་པ་ཡིན་ཏེ། རླུང་དེ་ཡེ་ཤེས་ཀྱི་རླུང་དེ་བསྒྱུར་འཚལ་བར་གདའ་གསུངས་ནས། མཆོག་གི་གཏུམ་མོ་གནང་ནས་བསྒོམ་པས། གུང་ཐང་གི་ལུང་པ་ཐམས་ཅད་དུད་པས་གང་ནས་འདུག །ཕྱི་དྲོ་ཙ་ན་མུན་ནག་ཏུ་རེད་ནས་འདུག །དེར་ལམ་མ་རྙེད་ནས་ལོང་བ་འགྲོ་འགྲོ་བྱས་ནས་བླ་མའི་སྤྱན་སྔར་ཕྱིན་པ་ལ། བླ་མའི་ཞལ་ནས། ཅི་ཡང་མི་ལྟོ་དེར་སྡོད་ལ་སྒོམས་དང་གསུངས་ནས་སྟེང་ཀྱི་གེགས་སེལ་དེ་གནང་ནས་བསྒོམས་པས་ནམ་ལངས་པ་བཞིན་དུ་སོང་། ཡང་ནུབ་གཅིག་རང་གི་ལུས་འདི་ཀེང་རུས་ཤ་མེད་པར་རྩ་མང་པོའི་མགོ་སྦྲེལ་ནས་འདུག་པ་མཐོང་། བླ་མ་ལ་ཞུས་པས། རླུང་རྩུབ་ཐལ་བ་ཡིན། འཇམ་པར་གྱིས་གསུངས། དེ་ནས་ནམ་སྲོད་ལ་ཡི་དམ་གྱི་ལྷ་བསྒོམ་ཞིང་བཟླས་པ་བྱས། དགོང་ལ་བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་འབའ་ཞིག་བཏབ། ཐོ་རངས་སྲོག་རྩོལ་རླུང་བསྒོམ། ནང་པར་སྐྱ་རེངས་ཤར་ཙམ་ན་གཉིད་ཐུན་ཕྲན་ཙམ་ཞིག་ཐལ་བ་ལ། སྔ་འདྲེས་ཀྱི་བག་ཆགས་ཡེ་མེད་པ་ལ། རྨི་ལམ་དུ་རྨིས་ལྟས་ཉི་ཤུ་རྩ་བཞི་བྱུང་བ་ལ། དེར་མནལ་སད་པ་དང་འདི་རྣམས་དགེའམ་མི་དགེ་སྙམ་དུ་རྟོག་པ་ཅུང་ཞིག་སྐྱེས་པ་ལ། ཡང་དགོངས་པ་བཏང་བས། བླ་མ་རྗེ་བཙུན་སངས་རྒྱས་མངོན་སུམ་ཅི་ཡང་མཁྱེན་པ་ལ་བཏུགས་ཏེ་དྲི་ཆོག་སྙམ་ན། ཚ་བ་མ་བསྐོལ་བར་དེ་ཀ་ལ་བཞེངས་ནས་སོང་། རྗེ་བཙུན་བྲག་རྩ་ཞིག་ཏུ་དབུ་གཏུམ་ནས་གཟིམས་ནས་བཞུགས་གདའ་བ་ལ་ཕྱག་བྱས་མཎྜྻལ་ཕུལ་ནས། རྗེ་བཙུན་ལགས། ཁོ་བོ་ལ་དོ་གལ་ཆེ་བ་ཅིག་མཆིས་པས། མི་གཟིམས་པར་བཞེངས་པར་ཞུ་ཞུས་པས། བླ་མའི་ཞལ་ནས། ཁྱོད་ལ་རྣམ་རྟོག་སྐྱེས་འདུག་པ་དེ་ད་ནང་ང་ཡི་ཉམས་ལ་བྱུང་། དེ་བས་མ་བདེ་བའི་ངོ་གལ་ཆེ་བ་ཅི་ཡོད་ཞུས་དང་གསུངས་པས། ཐོ་རངས་རྨི་ལམ་དུ་བྱུང་བའི་མཚན་ལྟས་དེ་རྣམས་དགེའམ་མི་དགེ་ཞུ་དོན་གླུ་རུ་ཕུལ་བ། རྗེ་བརཏལ་ཞུགས་སྤྱོད་པའི་རྣལ་འབྱོར་པ། ངོ་མཚར་རས་ཀྱི་ན་བཟའ་ཅན། །ཡིད་བཞིན་ནོར་བུ་གཙུག་གི་རྒྱན། །ཀུན་གྱིས་ཐོད་བཞིན་བཀུར་བའི་གནས། །མཚན་མི་ལ་ཞེས་བྱར་ཡོངས་སུ་གྲགས། །མཚན་དེ་ཡི་སྙན་པས་ཕྱོགས་རྣམས་ཁྱབ། །དེ་ཐོས་ཁོ་བོ་སྤྲོ་བ་སྐྱེས། །ཤར་སྐར་མ་སྨིན་དྲུག་འོག་ནས་བསྙགས། །ལུས་ཚ་གྲང་ཡིད་ལ་མ་བྱས་ཏེ། །རྟག་ཏུ་ངུ་ཡི་རྣམ་ཐར་བཞིན། །རྗེ་རས་པ་དེ་དང་ནམ་མཇལ་སྙམ། །ལམ་རིང་དཀའ་བ་སྣ་ཚོགས་སྤྱད། །གདུང་ཕྱེད་དང་གཉིས་ཀྱི་སླེབ་པ་རུ། །ལུས་སྲོག་ཡལ་བར་དེས་ཤོར་བྱས། །འོན་ཀྱང་མོས་གུས་དྲག་པོའི་མཐུས། །ཤར་ཕྱོགས་སྤོས་ལྡན་གྲོང་ཁྱེར་དུ། ཆོས་འཕགས་མངོན་དུ་ཞལ་མཐོང་ལྟར། །བཀྲ་ཤིས་སྒང་གི་གདན་ས་རུ། །ཕ་རྗེ་བཙུན་རས་པ་ཁྱེད་དང་མཇལ། །ཁོ་བོའི་བསམ་པ་མཐར་ཕྱིན་སྙམ། །ཤིན་ཏུ་སྤྲོ་དགའ་བ་སྤུ་གཡོས། །ནོར་སྒྱུ་མའི་འབུལ་རྒྱུ་མ་མཆིས་ཀྱང་། །གཞི་འཁོར་བའི་ཆོས་ལ་ཞེན་པ་ལོག །ལམ་སྐྱེ་ཤི་གཉིས་ལ་འཇིགས་ཤིང་སྐྲག །འཇིག་རྟེན་བྱ་བ་བློ་ཡིས་བཏངས། །སྒྲུབ་བློ་གཏིང་ནས་སྐྱེས་པ་དེས། །ཕ་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །ད་མི་བརྗེད་ཁོ་བོའི་སེམས་ལ་བཞག །ད་ཞུ་དོན་མཆིའོ་གུ་རུ་རྗེ། །མདང་སྲོད་ལ་ཡི་དམ་བསྒོམ་བཟླས་བྱས། །ནམ་གུང་རྗེ་ལ་གསོལ་བ་བཏབ། །དེ་རྗེས་སྲོག་རྩོལ་རླུང་ལ་འབད། །དགུང་ད་ནང་སྐྱ་རེངས་ཐ་མ་ལ། །གཉིད་ཐུན་ཕྲན་ཙམ་ཞིག་ཐལ་བ་ལ། །སྔར་འདྲིས་བག་ཆགས་མ་མཆིས་ཏེ། །ཡ་མཚན་རྨི་ལམ་འདི་རྣམས་བྱུང་། །དབྱར་ཞ་དར་གྱི་ཆ་ག་ཅན། མཚལ་དམར་འོབ་ཀྱི་བད་ཀྱིས་བརྒྱན། །དེ་ལ་རྒོད་ཀྱི་སྤུ་རུ་བཙུགས། །ཁོ་བོའི་མགོ་ལ་གྱོན་པ་རྨིས། །སུམ་ལྷམ་སྔོ་བཞི་འགྱིང་བག་ཅན། །ར་གན་འབུར་མགོ་ཆ་ལེ་བཏགས། །སྒྲོགས་དངུལ་གྱི་ཨ་ལོ་ཏ་ལེ་མཛེས། །ལྷམ་དེ་འདྲ་ཟུང་ཅིག་གྱོན་པ་རྨིས། །གུ་ལིང་དར་གྱི་རལ་ག་ལ། །གོང་སྐོར་གསེར་ཐག་ཨ་ལོང་རིས། །མཚལ་གྱི་ཐིག་ཕྲན་འཛུམ་རིས་ཅན། །གོས་འདྲ་ལུས་ལ་གྱོན་པ་རྨིས། །མོན་མོ་རས་ཡུག་སྐ་རགས་ལ། །མེ་ཏོག་ཚོན་ཚོགས་དཀར་པོས་བརྒྱན། །མུ་ཏིག་ཧར་གྱི་ཆུན་འཕྱང་ཅན། །དེ་འཁོར་གསུམ་སྐེད་ལ་བཅིངས་པ་རྨིས། །ཆུ་རློན་རེ་དཀར་ཕྱིང་པ་ལ། །བཟོ་དྲས་སུ་མ་བྱས་ཉ་རྔ་མ། །གོང་མཆན་དངུལ་གྱི་ཕོ་ལང་བཏགས། །དེ་ཡང་ཕྱི་སྟེང་དུ་གྱོན་པ་རྨིས། །ཨ་སྨྲ་ཙནྡན་དབྱུག་པ་ལ། རིན་ཆེན་སྣ་བདུན་ཕྲ་བཀོད་དེ། །ཆངས་ཟུང་གསེར་གྱི་དྲ་བ་ཅན། །དེ་ལག་པ་གཡས་སུ་ཐོགས་པ་རྨིས། མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །གསེར་མདོག་བདུད་རྩི་བཅུད་ཀྱིས་བཀང་། །ཁོ་བོས་ཁ་ཕོར་བྱ་སྙམ་ནས། །དེ་ལག་པ་གཡོན་དུ་ཁྱེར་བ་རྨིས། །སུམ་གལ་ཁྲ་བོ་དོར་གཅིག་གིས། །ནང་དུ་འབྲས་དཀར་ས་ལུ་བླུགས། །ཁོ་བོས་ཆོས་བརྒྱགས་བྱ་སྙམ་ནས། །དེ་ཕྲག་པ་གཡས་སུ་བཀལ་བ་རྨིས། །རི་དྭགས་ཁྲི་སྙན་པགས་པ་ལ། །མགོ་དང་སྡེར་བཞི་མ་ཉམས་པ། །འདི་ཁོ་བོས་གདན་དུ་བྱ་སྙམ་ནས། །འཕྲག་པ་གཡོན་དུ་བཀལ་བ་རྨིས། །དེ་རྗེས་གཡས་སུ་ཕར་བལྟས་པས། །གསེར་གྱི་སྤང་པོ་ངོས་བཟང་ལ། །བེའུ་ལུག་སྣ་ལྔ་གཟས་ལ་བཀྲམ། །ཁོ་བོས་ཕྱུགས་རྫི་བྱ་སྙམ་རྨིས། །དེ་རྗེས་གཡོན་དུ་ཕར་བལྟས་པས། །གཡུ་ཡི་ནེལ་ཐང་སིལ་མ་ལ། །མེ་ཏོག་སྣམ་བུའི་ཚོགས་ཚོགས་བཀྲ། །བུད་མེད་མང་པོས་ཕྱག་བྱས་རྨིས། །དབུས་མེ་ཏོག་སེར་པོའི་གླིང་ཁམས་ནས། །ཤིན་ཏུ་འདབ་རྒྱས་གསེར་མདོག་ཅན། །པདྨ་སྤུངས་པའི་ཁྲི་སྟེང་དུ། །སེམས་དཔའི་སྐྱིལ་ཀྲུང་བཅས་པ་རྨིས། །མདུན་དུ་ཆུ་མིག་རྡོལ་བ་རྨིས། རྒྱབ་ཏུ་འོད་ཅིག་འཁྱིལ་བ་རྨིས། །ལུས་ལ་མེ་དཔུང་འབར་བ་རྨིས། །སྙིང་ལ་ཉི་ཟླ་ཤར་བ་རྨིས། །ཡ་མཚན་རྨི་ལམ་དེ་རྣམས་བྱུང་། །ལྟས་དགེའམ་མི་དགེ་འཆད་མ་ཤེས། །རྗེ་དུས་གསུམ་མཁྱེན་པའི་རྣལ་འབྱོར་པ། །འདི་དོན་མ་འཆལ་གསུང་བར་ཞུ། །ཞེས་རྨི་ལམ་དེ་རྣམས་སྙན་དུ་གསོལ་བ་ལ། རྗེ་བཙུན་གྱི་ཞལ་ནས། བུ་ལྷ་རྗེ་སྟོན་པ་ཐུགས་མི་བདེ་མི་འཚལ། ཤེས་པ་ལྷོད་ཀྱིས་ཀློད་ལ་ཞོག་མཛོད། རྣམ་རྟོག་གི་དྲ་བར་བདག་འཛིན་གྱི་ནང་ཚང་མ་གཞུག །ཐེ་ཚོམ་གྱི་མདུད་པ་རང་གྲོལ་ལ་ཐོང་། གཉིས་འཛིན་གྱི་ཐག་པ་ཕྲ་ས་རུ་ཆོད། བག་ཆགས་ཀྱི་སྡུག་སྟན་སྲབ་ས་རུ་རྡོལ། སེམས་འདུ་འཕྲོ་མ་མང་མ་བཅོས་པའི་ངང་ལ་ཞོག །ང་སྒྱུ་ལུས་འབྱོངས་པའི་རྣལ་འབྱོར་པ་ཡིན་པས་རྨི་ལམ་འཆད་ཀྱང་ཤེས། རྨི་ལམ་བསྒྱུར་ཡང་ཤེས། རྨི་ལམ་གྱི་དེ་ཁོ་ན་ཉིད་རྒྱས་འདེབས་པའི་གདམས་ངག་ཡོད་དེ། ང་རྨི་ལམ་གྱི་ཆོས་ཉིད་ཁོང་དུ་ཆུད་པ་ཡིན་པས། བུ་ཁྱེད་ཀྱི་རྨི་ལམ་རྨིས་པའི་མཚན་ལྟས་དེ་རྣམས་དུས་ད་རེས་ཕ་རྒན་ང་ཡིས་ཞིབ་ཏུ་གོ་ངེས་སུ་བཤད་ལ། བརྡ་དོན་ངོ་སྤྲོད་ཀྱི་མ་ཡེངས་པ་གསོན་ཅིག་གསུངས་ནས་དྲིས་ལེན་མགུར་དུ་བཞེངས་པ། གླུ་དྲིས་ལེན་འཚལ་ལོ་ལྷ་རྗེ་བ། །སྙན་ལྷན་ནེ་གསོན་ལ་ཐུགས་གཏད་འཚལ། །ཟངས་དཀར་ལུགས་ཀྱི་བདེ་མཆོག་གསན། །དབུ་རུ་སྟོད་ཀྱི་བཀའ་གདམས་བསྐྱངས། གནས་པ་ཟབ་མོའི་ཆུ་རྒྱུན་མངའ། །དེ་ཀུན་ངོ་མཚར་ཆེ་སྙམ་པས། །རྨི་ལམ་བག་ཆགས་ཉིང་འཁྲུལ་ལ། །ལྟས་ཆེད་དུ་བཟུང་སྟེ་ཡིད་གཏད་པ། བུ་གསན་རྒྱ་ཆུང་ངམ་རྫུ་བག་ལ། །མདོ་རྒྱུད་བསྟན་བཅོས་མ་གཟིགས་སམ། །ངེས་དོན་ཕ་རོལ་ཕྱིན་པ་ནས། །རྨི་ལམ་ཡང་དག་མ་ཡིན་ཏེ། །གསོག་དང་གསོབ་དང་ཡ་མ་བརླ། །སྙིང་པོ་མེད་ཅེས་ཐུབ་པས་གསུངས། །དེ་བཞིན་སྒྱུ་མའི་དཔེ་བརྒྱད་ལ། །གོང་དང་འདྲ་སྟེ་རྒྱས་པར་གསུངས། །དེ་དོན་ཐུགས་སུ་མ་མཁྱེན་ནམ། །འོན་ཀྱང་ད་རེས་མཚན་ལྟས་དེ། །མ་འོངས་ལུང་བསྟན་ངོ་མཚར་ཆེ། །ང་རྨི་ལམ་འབྱོངས་པའི་རྣལ་འབྱོར་པས། སྒྱུ་མ་ངོ་སྤྲོད་འཆད་ཀྱང་ཤེས། །མགོ་ལ་ཞྭ་དཀར་གྱོན་པ་དེ། །ཐེག་པ་ཡས་ནས་འབུབ་པའི་བརྡ། །རྒྱ་མོ་དར་ཆགས་བཏབ་པ་དེ། །ཆོས་ཉིད་ཟབ་ཅིང་ཕྲ་བར་སྟོན། །སྤུ་སྡུག་འོབ་ཀྱི་ཁ་དོག་ལྟར། །གྲུབ་མཐའ་མ་འདྲེས་སོ་སོར་གསལ། །རྒོད་ཀྱི་བྱ་ཕོད་ལྡེམ་པ་དེ། ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །སྐྱེ་མེད་ངོ་བོ་མཐོང་བའི་བརྡ། །ར་གན་འབུར་མགོ་བཏབ་པ་དེ། །ཚོགས་གཉིས་བསགས་པའི་བརྡ་རུ་བསྟན། །སྒྲོགས་དངུལ་གྱི་ཨ་ལོང་གསལ་བ་དེ། །སྤྱོད་པའི་གོལ་ས་ཡིན་པའི་ཕྱིར། རྟོགས་མེད་རང་ཁར་མི་སྤྱོད་ཅིང་། །རྒྱལ་སྲས་གཞོན་ནུའི་ཚུལ་བཞིན་དུ། །བག་ཡོད་མཛེས་པར་སྤྱོད་པའི་བརྡ། །དར་དཀར་རལ་ག་གྱོན་པ་དེ། །རང་རྒྱུད་སྐྱོན་གྱིས་མ་གོས་བརྡ། གོང་སྐོར་གསེར་ཐག་བཙོ་མ་དེ། །མི་འགྱུར་བསམ་པ་བཟང་བའི་བརྡ། །མཚལ་གྱི་ཐིག་ཕྲན་འཛུམ་སྐོར་ཅན། །བརྩེ་བས་འགྲོ་དོན་བྱེད་པའི་བརྡ། །མོན་མོ་རས་ཡུག་སྐ་རགས་ཀྱིས། །འཁོར་གསུམ་རྐེད་ལ་བཅིངས་པ་དེ། །རྒྱུད་སྡོམ་པ་གསུམ་དང་ལྡན་པའི་བརྡ། །མེ་ཏོག་དཀར་པོའི་རྒྱན་མཛེས་ཤིང་། །མུ་ཏིག་ཆུན་འཕྱངས་སྤྲས་པ་ཡང་། །བསླབ་པ་གསུམ་གྱིས་རབ་བརྒྱན་ཅིང་། །གདུལ་བྱ་དང་བ་འདྲེན་པའི་བརྡ། །དངུལ་གྱི་ཨ་ལོང་བཏགས་པ་དེ། །དེ་དོན་འགྱུར་བ་མེད་པའི་བརྡ། །ཨ་མྲ་ཙནྡན་དབྱུག་པ་དེ། །རང་འདོད་བླ་མ་རྙེད་པའི་བརྡ། །རིན་ཆེན་སྣ་བདུན་ཕྲ་བཀོད་དེ། །དེ་ནི་རྗེ་ཡི་ཡོན་ཏན་ལགས། །ཆངས་ཟུང་གསེར་གྱི་དྲ་བ་དེ། །སྙན་བརྒྱུད་གནད་ཀྱི་གདམས་ངག་གི །སྐལ་ལྡན་རྗེས་སུ་འཛིན་པའི་བརྡ། །ལག་པ་གཡས་སུ་ཐོགས་པ་དེ། །བདེ་ནས་བདེ་བར་ལམ་བགྲོད་དེ། །སངས་རྒྱས་ཞིང་དུ་གཤེགས་པའི་བརྡ། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ངོ་བོ་སྟོང་པ་མཚོན་པའི་བརྡ། །བདུད་རྩིའི་བཅུད་ཀྱིས་བཀང་བ་དེ། །ཉམས་མྱོང་བདེ་བ་མཚོན་པའི་བརྡ། །གསེར་མདོག་འོད་དང་བཅས་པ་དེ། །རྣམ་པ་གསལ་བ་མཚོན་པའི་བརྡ། །ཁོ་བོས་ཁ་ཕོར་བྱ་སྙམ་པ། །དེ་གསུམ་གཅིག་ཏུ་མཚོན་པའི་བརྡ། །ལག་པ་གཡོན་དུ་ཁྱེར་བ་དེ། །ཉམས་མྱོང་འབྲལ་བ་མེད་པའི་བརྡ། །སུམ་གལ་ཁྲ་བོ་མཛེས་པ་དེ། །ཅིར་སྣང་ལམ་དུ་སློང་བའི་བརྡ། །དོར་སྡེབས་ཕྲག་ལ་བཀལ་བ་དེ། ཟུང་འཇུག་ཐབས་དང་ཤེས་རབ་ཀྱིས། ཐེག་ཆེན་ལམ་ལ་བགྲོད་པའི་བརྡ། །ནང་དེར་འབྲས་དཀར་ས་ལུ་དེ། སྐུ་ཚེ་ལ་བར་ཆད་མི་འབྱུང་བརྡ། །ཁོ་བོས་ཆོས་བརྒྱགས་བྱ་སྙམ་པ། །བསམ་གཏན་ཟས་ཀྱིས་འཚོ་བའི་བརྡ། ཕྲག་གཡོན་ཁྲི་སྙན་པགས་པ་དེ། །དྲན་པ་ཡེང་མེད་མཚོན་པའི་བརྡ། མགོ་དང་སྡེར་བཞི་མ་ཉམས་པ། །བྱང་ཆུབ་སེམས་ཀྱི་རྒྱུན་བསྒོམས་ཞིང་། །ཚད་མེད་བཞི་ལ་སྦྱངས་པའི་ཕྱིར། །འགྲོ་རྒྱུད་སྡུག་བསྔལ་སེལ་བའི་བརྡ། ཁོ་བོའི་སྟན་བྱ་སྙམ་པ་ཡང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །རྟོགས་པ་རྒྱུད་ལ་སྐྱེ་བའི་བརྡ། །དེ་རྗེས་གཡས་སུ་ཕར་བལྟས་པས། །གསེར་གྱི་སྤང་པོ་ངོས་བཟང་དེ། །ཕྱི་ནང་ཡོན་ཏན་རྒྱས་པའི་བརྡ། །བེའུ་ལུག་གཟས་ལ་བཀྲམ་པ་དེ། །ཆོས་དང་ཟང་ཟིང་སྐྱབས་གནས་ཀྱི། །འགྲོ་བའི་རེ་བ་སྐོང་བའི་བརྡ། །ཁོ་བོས་ཕྱུགས་རྫི་བྱ་སྙམ་པ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས། །ཐུགས་རྗེས་མི་གཏོང་སྐྱོང་བའི་བརྡ། །དེ་རྗེས་གཡོན་དུ་ཚུར་བལྟས་པས། །གཡུ་ཡི་ནེལ་ཐང་སིལ་མ་དེ། །ཟག་མེད་ཏིང་འཛིན་རྒྱུན་བསྒོམས་པས། །དགའ་བའི་ཡེ་ཤེས་མཐོང་བའི་བརྡ། །མེ་ཏོག་སྣ་ཚོགས་བརྒྱན་པ་དེ། །དྲོད་རྟགས་ཕྱོགས་མེད་རིམ་གྱིས་འཆར། ཉམས་མྱོང་སྣ་ཚོགས་སྐྱེ་བའི་བརྡ། བུད་མེད་མང་པོས་ཕྱག་འཚལ་བ། །རྩ་དང་ཐིག་ལེ་ལ་གནས་པའི། །མཁའ་འགྲོ་དབང་དུ་འདུ་བའི་བརྡ། །དབུས་མེ་ཏོག་སེར་པོའི་ཞིང་ཁམས་དེ། །ཏིང་འཛིན་རྟོགས་པ་དང་ལྡན་ཞིང་། །ཚུལ་ཁྲིམས་གཙང་མས་རབ་བརྒྱན་པའི། །མཁས་པའི་དགེ་བཤེས་སྤྲིན་ཚོགས་རྣམས། །ཁྱེད་ཀྱི་འཁོར་དུ་འདུས་པའི་བརྡ། །ཤིན་ཏུ་འདབ་རྒྱས་གསེར་གྱི་མདོག །པདྨ་སྤུངས་པའི་གདན་དེ་ཡངས། །ཤེས་པས་སྲིད་ལ་མི་གནས་ཕྱིར། །པདྨ་འདམ་གྱིས་མ་གོས་འདྲ། །འཁོར་བའི་སྐྱོན་གྱིས་མ་གོས་བརྡ། །སེམས་དཔའི་སྐྱིལ་ཀྲུང་བཅས་པ་ཡང་། །སྙིང་རྗེའི་ཞི་ལ་མི་གནས་ཕྱིར། །བྱང་ཆུབ་སེམས་དཔའ་གཞོན་ནུ་ལྟར། །འགྲོ་དྲུག་སེམས་ཅན་མར་གྱུར་ལ། །སྤྲུལ་སྐུས་འགྲོ་དོན་བྱེད་པའི་བརྡ། །མདུན་དུ་ཆུ་མིག་རྡོལ་བ་དེ། །ཆོས་ཀྱི་ཆབ་སྲིད་དར་བའི་བརྡ། །རྒྱབ་ཏུ་འོད་ཅིག་འཁྱིལ་བ་དེ། །བོད་ཁམས་དཀར་པོར་གཏོང་བའི་བརྡ། །ལུས་ལ་མེ་ཆེན་འབར་བ་དེ། །གཏུམ་མོའི་དྲོད་ཀྱི་ཡེ་ཤེས་ཀྱིས། །རྣམ་རྟོག་ཆབ་རོམ་བཞུ་བའི་བརྡ། །སྙིང་ལ་ཉི་ཟླ་ཤར་བ་དེ། །འགྲོ་འོང་བྲལ་བའི་འོད་གསལ་གྱི། །ངང་ལ་རྟག་ཏུ་གནས་པའི་བརྡ། །བུ་རྨི་ལམ་མི་ངན་རྨི་ལམ་བཟང་། །དུས་ཕྱི་མར་འབྱུང་བར་ལུང་བསྟན་པ། །ལྟས་དགེ་བར་བསྟན་པའི་ཆོས་ཀྱི་རྗེ། །རྨི་ལམ་མངོན་སུམ་གང་ལ་ཡང་། །མཚན་མར་བཟུང་ན་བར་ཆད་ཡིན། །སྒྱུ་མར་ཤེས་ན་ལམ་དུ་འགྱུར། རྨི་ལམ་མི་ཤེས་འཆད་མི་ཤེས། །བཟང་ལྟས་ངན་ལྟས་སྡིག་པར་བཤད། །རྨི་ལམ་སྦྱངས་པ་ཀློང་གྱུར་ན། །ངན་རྨིས་བཟང་ལྟས་དགེ་བར་བཤད། །ལར་སྐྱོན་དང་ཡོན་ཏན་གང་ལ་ཡང་། །མཆོག་ཏུ་མ་འཛིན་རིགས་ཀྱི་བུ། །ཁྱེད་དགེ་སློང་གི་ཐུགས་ལ་དེ་ལྟར་ཞོག །བུ་ལྷ་རྗེ་ཁྱེད་ལ་ད་རེས་བྱུང་བའི་མཚན་ལྟས་དེ་རྣམས་མ་འོངས་པ་ལུང་བསྟན་པའི་ཆོས་རྣམས་རྒྱུད་ལ་སྐྱེ་བའི་བརྡ་ཡིན་ཏེ། ཕ་རྒན་ང་ཡིས་འཆད་ཤེས་པས་ཞིབ་ཏུ་བཀྲོལ་ཏེ་བརྡ་དོན་ངོ་སྤྲད་པ་དེ་རྣམས་མ་བརྗེད་པར་གྱིས་ལ་དུས་ཕྱི་བདེན་རྫུན་གཏན་ལ་ཕོབ་ཅིག །བདེན་པར་བྱུང་ན་བླ་མ་ང་ལ་ཡང་མོས་གུས་ཁྱད་པར་ཅན་ཅིག་ད་ལྟ་དང་འདྲ་བ་མ་ཡིན་པ་ཅིག་དེ་དུས་སྐྱེ་བ་ཡིན། བུ་ཁྱེད་ལ་ཡང་སེམས་ཀྱི་ངོ་བོ་མ་བཅོས་པའི་རྟོགས་པ་ཁྱད་པར་ཅན་ཅིག་དེ་དུས་འཆར། ཚེ་འདི་རང་ལ་སྣང་བ་སྐྱེ་ཤི་གཉིས་ལ་ལྡོག་སྟེ་མཆི། ལར་བུ་ཁྱོད་སྒོམ་ཆེན་གཤའ་མ་ཅིག་བྱེད་ན། །རྨི་ལམ་དང་མཚན་ལྟས་གང་ལ་ཡང་མངོན་ཞེན་མ་ཆེ། བདུད་འཇུག་པའི་རྒྱུ་ཡིན་བླ་མས་གསུངས་པ་དང་། རང་གི་ཞེ་བཅད་མ་གཏོགས་པ་གཞན་གྱི་ངག་གི་རྗེས་སུ་མ་འབྲང་། སེམས་སོ་མི་ཟིན་པའི་རྒྱུ་ཡིན། །གཡས་གཡོན་གྲོགས་ཀྱི་སྐྱོན་མ་བརྟགས། བཅས་བཅོས་མ་བྱེད། གཞན་རྒྱུད་ཀྱི་སེམས་མི་ཤེས་པར་རློམ་སེམས་ཀྱིས་ལྟུང་བ་འཕོག་པའི་རྒྱུ་ཡིན། འོ་སྐོལ་ད་ལྟ་སྐྱེ་ཤིའི་བར་དོ་འཁྲུལ་སྣང་ལ་ལོངས་སྤྱོད་པ་འདི་རྨི་ལམ་ཆེན་པོ་རྨི་བདོ་བ་ཡིན། ཉིན་པར་གང་བྱས་པའི་བག་ཆགས་དེ་ནུབ་མོ་གཉིད་ལོག་ཙ་ན་རྣམ་ཤེས་ཡིད་ཀྱི་འཁྲུལ་པ་ལས་བྱུང་བ་དེ། རྨི་ལམ་བར་རོ་སྒྱུ་མ་ཉིང་འཁྲུལ་བྱ་བ་ཡི་བག་ཆགས་དེ་གོམས་པ་མཐར་ཕྱིན་པའི་ཚེ་ལས་དགེ་སྡིག་རྗེས་སུ་འབྲང་སྟེ། སྲིད་པ་བར་དོར་བདེ་སྡུག་གི་ཚོར་བ་ཉམས་སུ་མྱོང་སྟེ་རྨི་ལམ་གཅིག་རྨི་ལམ་ཆེན་པོ། སྒྱུ་མ་ན་སྒྱུ་མ་ཆེན་པོ། བར་དོ་ན་བར་དོ་ཆེན་པོ་ཡིན་ཏེ། དེ་ལམ་དུ་བྱེད་པ་ལ་རྨི་ལམ་སྒྱུ་ལུས་འབྱོངས་པའི་རྩལ་མཐར་ཕྱིན་པར་འཚལ་བས་ཤུགས་ཕྱུང་ལ་སྒོམས་མཛོད་གསུངས། རྨི་ལམ་ལུང་བསྟན་གྱི་མགུར་དྲིས་པ་ལེན་གྱི་ཚུལ་དུ་བྱོན་པའོ། །ཡང་རྗེ་བཙུན་གྱི་དྲུང་དུ་མཉམ་མེད་དྭགས་པོ་རིན་པོ་ཆེ་བཞུགས་པའི་དུས་སུ་རྨི་ལམ་བྱུང་བ་ཞུས་པ། ཨེ་མ་རྗེ་བཙུན་སྙན་གསོན་དང་། མདང་སུམ་ནམ་གྱི་གུང་ཕྱེད་ལ། །ཡ་ཀི་སྤྱི་བོའི་གཙུག་རུམ་དུ། །གཡུ་འབྲུག་སྔོན་པོ་འཁྱིལ་པ་རྨིས། །གཡུ་ཡི་ན་བུན་འཐིབ་པ་རྨིས། །དུང་གི་ཁུ་འཕང་འབབ་པ་རྨིས། །གཡས་སུ་ཁྱུང་ཅིག་ལྡིང་བ་རྨིས། །གཡོན་དུ་རྒོད་ཅིག་འཁོར་བ་རྨིས། །དཔྲལ་བར་ཉི་མ་ཤར་བ་རྨིས། །གལ་རྟ་ཕྲག་ལ་བཀལ་བ་རྨིས། །གླང་དཀར་ལག་ཏུ་བཟུང་བ་རྨིས། །རྒྱབ་ཏུ་དགྲ་ལྔ་བསད་པ་རྨིས། །མདུན་དུ་ཆུ་མིག་རྡོལ་བ་རྨིས། །འོག་ན་སེང་གེ་ཞོན་པ་རྨིས། འདི་དོན་མ་འཚལ་གསུང་བར་ཞུ། །ཞེས་ཞུས་པའི་ལན་གསུངས་པ། ཨེ་མ་སྐལ་ལྡན་ལས་འཕྲོ་ཅན། །རྨི་ལམ་མི་ངན་རྨི་ལམ་བཟང་། །སྐྱེས་བུ་ལས་དང་སྐལ་པར་ལྡན། །ཡ་ཀི་སྤྱི་བོའི་གཙུག་རུམ་ན། གཡུ་འབྲུག་སྔོན་མོ་འཁྱིལ་པ་དེ། །བླ་མ་རྗེ་བཙུན་བསྟེན་པ་ཡིན། །གཡུ་ཡི་ན་བུན་འཐིབ་པ་དེ། །སངས་རྒྱས་ཞིང་ཁམས་སླེབ་པ་ཡིན། །དུང་གི་ཁུ་འཕང་བབས་པ་དེ། །ཉོན་མོངས་ཐལ་བ་བརླན་པ་ཡིན། །གཡས་སུ་ཁྱུང་ཅིག་ལྡིང་བ་དེ། །དཔའ་བོ་མཁའ་འགྲོ་འདུ་བ་ཡིན། །གཡོན་དུ་རྒོད་ཅིག་ལྡིང་བ་དེ། །རིག་འཛིན་ཕོ་མོ་འདུ་བ་ཡིན། །དཔྲལ་བར་ཉི་མ་ཤར་བ་དེ། །འཕགས་པའི་སྤྱན་གྱིས་གཟིགས་པ་ཡིན། །གལ་རྟ་ཕྲག་ལ་བཀལ་བ་དེ། །ཐབས་ཤེས་ཟུང་དུ་འབྲེལ་བ་ཡིན། །གླང་དཀར་ཕྱག་ན་བསྣམས་པ་དེ། །བག་ཆགས་དབྱུག་པས་འདེད་པ་ཡིན། །རྒྱབ་ཏུ་དགྲ་ལྔ་བསད་པ་དེ། །དུག་ལྔ་ཉོན་མོངས་བསད་པ་ཡིན། །མདུན་དུ་ཆུ་མིག་རྡོལ་བ་དེ། །རྣལ་འབྱོར་བསོད་ནམས་སྐྱེ་བ་ཡིན། །འོག་ན་སེང་གེ་ཞོན་པ་དེ། །བདུད་བཞི་ཟིལ་གྱི་གནོན་པ་ཡིན། །ཞེས་བརྡ་དོན་བཀྲོལ་ནས་ལན་དུ་མགུར་འདི་གསུངས་སོ། །དེ་ཐམས་ཅད་དྭགས་པོ་ཞལ་མཇལ་གྱི་སྐོར་རོ།། །།

དེ་ནས་དྭགས་པོས་ཟླ་བ་གཅིག་བསྒོམས་པས་དང་པོ་སྨན་བླ་མཆེད་བདུན་ཞལ་མཐོང་། ཉིན་གཅིག་རླུང་འགྲོ་འོང་གཅིག་གིས་ཆོག་པ་བྱུང་། རླུང་ཀློད་ཙ་ཡལ་ནས་ཐལ། ཕྱི་དྲོ་རླུང་བཟུང་ཙ་ལོངས་སྐུའི་ཞིང་ཁམས་རབ་འབྱམས་རྣམས་ཞལ་མཐོང་། དེ་ལ་ཡེངས་ནས་རླུང་བཏང་ཙ་ན་ནུབ་མོ་སྲོད་དུ་རེད་ནས་འདུག །བླ་མའི་ཏིང་ངེ་འཛིན་ལ་གནོད་སྙམ་ནས་དེ་ནུབ་མ་ཞུས། མཎྜྻལ་ཕུལ་ནས་གསོལ་བ་བཏབ། ཐོ་རངས་ནས་རླུང་བསྒོམས་ཙ་སངས་རྒྱས་སྟོང་རྩ་གཉིས་ཀྱི་གཙོ་བོ་ཤཱཀྱ་ཐུབ་པས་བྱས་པ་ཅིག་མཐོང་། ནམ་ལངས་ནས་བླ་མ་ལ་ཞུར་སོང་ཙ། ཕྱག་བྱས་ཏེ་ཀུན་ཞུ་མ་ཁོམ་པར། བླ་མའི་ཞལ་ནས་ད་ཡི་དམ་གྱི་ཞལ་མཐོང་སྟེ་ལོངས་སྐུ་སྤྲུལ་སྐུ་གཉིས་མངོན་གསུམ་མཐོང་། ཆོས་སྐུ་དང་ད་གཟོད་མཇལ་བར་འདུག་གི་གསུངས། ཡང་ཐང་ཅིག་གི་ཚེ། བླ་མ་ལྷ་རྗེ། རྗེ་བཙུན་གྱི་དྲུང་དུ་བཞུགས་པ་ལ་གསུངས་པ། གྲུབ་ཐོབ་བླ་མ་དམ་པ་དེ། མ་རིག་སེལ་བའི་ལམ་མཁན་ཡིན། །དད་པ་སྐྱོ་དུབ་མེད་པ་དེ། །བདེ་འགྲོར་འཁྲིད་པའི་ལམ་མཁན་ཡིན། །ཚོགས་དྲུག་སྣང་བ་ཐུག་ཕྲད་དེ། །རྣམ་རྟོག་འཇོམས་པའི་ལམ་མཁན་ཡིན། །གྲང་བ་མེད་པའི་རས་གོས་དེ། །ཞེན་པ་ལྡོག་པའི་ལམ་མཁན་ཡིན། །ལམ་མཁན་བཞི་ཡི་སྣ་དྲངས་ནས། །འགྲོ་ནི་ཏིང་འཛིན་ལམ་ལ་འགྲོ། །སླེབ་ནི་མྱ་ངན་འདས་པར་སླེབ། །རྣམ་རྟོག་འོད་གསལ་དབྱིངས་སུ་ཐིམ། །ང་རྣལ་འབྱོར་པ་ཡི་བདེ་སྐྱིད་འདི། །ཚོགས་དྲུག་སྣང་བ་གྲོགས་སུ་ཤར། །འཁོར་འདས་ལ་ཉམ་ང་མ་མཆིས་པས། །ང་རང་སེམས་རྒྱལ་པོ་ཡིན་ནམ་སྙམ། །རང་སེམས་རྟོགས་པའི་རྒྱལ་པོ་ལ། །རིན་ཆེན་བདུན་གྱི་རྒྱན་ཡོད་དེ། །དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལས་ལ་སྦྱོར། །ཚུལ་ཁྲིམས་བཙུན་མོ་རིན་པོ་ཆེ། །རབ་ཏུ་མཛེས་པའི་རྒྱན་དང་ལྡན། །ཐོས་བསམ་དམག་དཔོན་རིན་པོ་ཆེ། ལོག་རྟོག་དགྲ་ཡི་གཡུལ་ངོ་འཇོམས། བརྩོན་འགྲུས་རྟ་མཆོག་རིན་པོ་ཆེ། །རྣལ་འབྱོར་བདག་མེད་དབྱིངས་སུ་སྐྱེལ། །ཁྲེལ་ཡོད་གླང་པོ་རིན་པོ་ཆེ། །ཕྱིན་ཅི་ལོག་གི་ལས་རྣམས་སྤངས། །བསམ་གཏན་བློན་པོ་རིན་པོ་ཆེ། བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས། །ཤེས་རབ་ནོར་བུ་རིན་པོ་ཆེ། །རང་གཞན་གཉིས་ཀྱི་དགོས་འདོད་འབྱུང་། །ཁྱེད་དེ་ལྟར་ཤེས་ན་ལེགས་ལགས་ཏེ། །དེང་སང་སྐྱེ་བོ་དམུ་རྒོད་རྣམས། །དུས་ད་ལྟ་གཡེང་བའི་དབང་དུ་སོང་། །སང་འཆི་ཁར་འགྱོད་པ་འདི་རེ་མ་དགའ། །བུ་སྙིང་ནས་སྒྲུབ་པ་དངས་སུ་ལེགས། །ཞེས་གསུངས། ཡང་། ས་བདག་རྒྱལ་པོའི་བདེ་སྐྱིད་འདི། །སྔོན་སྦྱིན་པ་རྣམ་བཞི་བཏང་ལགས་པས། །འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ། །རིན་ཆེན་བདུན་གྱི་རྒྱན་ཡང་འདོགས། །འཁོར་ལོས་གང་དུ་སྒྱུར་བར་འགྲོ། །བཙུན་མོས་མཛེས་པའི་རྒྱན་ཡང་འདོགས། །དམག་དཔོན་ཕལ་གྱི་གཡུལ་ངོ་འཇོམས། །རྟ་མཆོག་རིན་ཆེན་གར་འདོད་ཕྱིན། །གླང་པོ་རིན་ཆེན་དམག་དཔུང་འཇོམས། །བློན་པོས་གྲོས་ཀྱི་ཕུལ་ཡང་ཕྱུང་། །ནོར་བུ་རིན་ཆེན་དགོས་འདོད་འབྱུང་། །དེ་འཕྲལ་དུ་བདེ་སྟེ་རྟག་ངེས་མེད། །ཁྱེད་འཇིག་རྟེན་བདེ་སྐྱིད་བཞེད་པ་ན། ཁྱེད་འདི་ལྟར་ཤེས་ན་བདེ་སྟེ་མཆི། །བདག་རྣལ་འབྱོར་པ་ཡི་བདེ་སྐྱིད་འདི། །ཚོགས་དྲུག་གི་སྣང་བ་གྲོགས་སུ་ཤར། །འཁོར་འདས་ལ་ཉམ་ང་མ་མཆིས་པས། །རང་སེམས་རྒྱལ་པོ་ཡིན་ནམ་སྙམ། །རང་སེམས་རྟོགས་པའི་རྒྱལ་པོ་ལ། །རིན་ཆེན་བདུན་གྱི་རྒྱན་ཡང་འདོགས། །བདག་ཐ་སྙད་ཚིག་ཕྱིར་མ་འབྲང་པར། །ཟབ་མོའི་ཆོས་ལ་མོས་པ་བྱས། །ངེས་ཤེས་བློ་ཡི་གཏིང་ནས་སྐྱེས། །དེ་བློན་པོ་གྲོས་ཀྱི་ཕུལ་ཡང་ཕྱུངས། །བླ་མ་རྗེ་ཡི་ཞལ་སྔ་ནས། །ཟབ་མོའི་གདམས་ངག་ང་རང་སྟོན། །ནཱ་རོ་པ་ཡི་བུ་རྒྱུད་ལ། །རྒྱུད་འགྲེལ་སྒྲོ་འདོགས་ཆོད་ཅིག་གསུངས། །གདམས་ངག་ཆེ་ཆེ་སྤུས་ཐུས་བྱས། །འཁོར་འདས་སྒྲོ་འདོགས་ཆོད་ལགས་པས། །མ་རིག་སྐྱེ་མེད་དུ་ཡལ་ནས་ཐལ། །རྟ་མཆོག་དུག་ལྔ་དབྱིངས་སུ་བསྐྱལ། །མང་པོ་ཚོགས་པའི་འདུ་འཛི་དེས། །གཡེང་བར་འདུག་པས་རི་ཁྲོད་འགྲིམ། ལམ་བསྐྱེད་རྫོགས་གཉིས་ལ་གཞི་བྱས་ནས། །རང་གི་སེམས་ཀྱི་རྩལ་ཡང་སྦྱངས། །ཁྱུང་ཕྲུག་མཁའ་ལ་གཤོག་བརྐྱང་འདྲ། །དེ་གར་བསྒྱུར་འཁོར་ལོ་རིན་པོ་ཆེ། །ཚོགས་དྲུག་སྣང་བ་ཧད་པོར་ཐལ། །འདོད་པའི་ཡོན་ཏན་ཆོག་ཤེས་པས། །ལོངས་སྤྱོད་ཆེ་ལ་དགའ་རུ་མེད། བསྟོད་སྨད་ཚིག་གི་སྙན་སྡུག་མེད། །བར་ཆད་བདུད་ཀྱི་ཆོ་འཕྲུལ་འདི། །རང་སྣང་ཡིན་པས་འཇིགས་རྒྱུ་མེད། །སེམས་རྟག་ཆད་གཉིས་པོ་རང་ཡལ་ཐལ། །སྐྱེ་འཆི་གཉིས་ལ་སྐྲག་རྒྱུ་མེད། །དེ་དམག་དཔོན་གྱི་ལོག་རྟོག་འཇོམས་ཤིང་གདའ། །དེ་ལྟར་རྟོགས་པའི་རང་བཞིན་གྱིས། །སེམས་ཉིད་གདོད་ནས་དག་པ་ལ། །སྣང་བ་སློབ་དཔོན་དུ་འཆར་ཞིང་གདའ། འཁོར་བ་ཡེ་ཤེས་སུ་འཆར་ཞིང་གདའ། །རྣམ་རྟོག་གྲོགས་སུ་འཆར་ཞིང་གདའ། །ནགས་ལ་མེ་ཆེན་མཆེད་པ་བཞིན། །དེ་གླང་པོ་མེ་དཔུང་བསྐྱེལ་བ་འདྲ། །ཡེང་བ་མེད་པའི་རྣལ་འབྱོར་ལ། །དྲན་རྟོག་ཞེན་པ་རང་ཡལ་ཐལ། །མཁའ་ལ་བྱ་འཕུར་རྗེས་མ་མཆིས། །ཚོགས་དྲུག་རང་སྣང་གློ་བུར་ལ། །འཛིན་པ་མེད་པའི་གྲོགས་སུ་ཤར། །བཀག་པ་མེད་པས་གཟིགས་མོ་ཆེ། །བཙུན་མོ་མཛེས་པའི་རྒྱན་ཡང་འདོགས། །དེ་ལྟར་འདོགས་པའི་རྣལ་འབྱོར་ལ། །ཁྱབ་པ་ནམ་མཁའ་ལྟ་བུ་ལ། །སེམས་ཀྱི་ཁྱིམ་ལ་ཕྱི་ནང་མེད། །ངོས་བཟུང་མེད་པའི་སྣང་བ་ལ། །འོད་གསལ་སྒོམ་ལ་ཡངས་དོགས་མེད། །དབྱིངས་དང་ཡེ་ཤེས་གཉིས་མེད་ལ། །སྐུ་གསུམ་རྒྱུན་ལ་ཉིན་མཚན་མེད། །འབད་མེད་ཉི་ཟླ་ལྟ་བུ་ལ། །འོད་ཟེར་འབར་བ་ཕྱོགས་རིས་མེད། །ནོར་བུས་དགོས་འདོད་འབྱུང་བར་གོ །རིན་ཆེན་བདུན་གྱི་ནོར་མཆོག་འདི། །རྣལ་འབྱོར་པ་ཡི་རྒྱན་དུ་ཆེ། །སྲོག་དང་བྲལ་ཡང་འདི་མི་འབྲལ། ནོར་གྱི་དམ་པ་ཡིན་ནམ་སྙམ། །རྒྱལ་པོའི་ལོངས་སྤྱོད་སྨོན་རྒྱུ་མེད། །དེ་ཤོབ་བེ་ཡིན་ཡང་གུམ་པ་ལགས། །མི་ན་རེ་ལྟ་བ་ལྟ་བ་ཟེར། །བན་ཆུང་ངེད་ལ་ལྟ་རྒྱུ་མེད། །ལྟ་བ་ལྟ་བྱའི་ཡུལ་དང་བྲལ། །ལྟ་རྒྱུ་བྱུང་ན་གོལ་བ་ཡིན། །ལྟ་རྒྱུ་མེད་ན་ཐ་མལ་ཡིན། །རིག་པ་མཐོང་བ་ངོ་མཚར་ཆེ། །མི་ན་རེ་སྒོམ་པ་སྒོམ་པ་ཟེར། །བན་ཆུང་ངེད་ལ་སྒོམ་རྒྱུ་མེད། །བསྒོམ་རྒྱུ་བྱུང་ན་གོལ་བ་ཡིན། །བསྒོམ་རྒྱུ་མེད་ན་ཐ་མལ་ཡིན། །ཅི་མེད་ཅི་གསལ་ངོ་མཚར་ཆེ། །མི་ན་རེ་སྤྱོད་པ་

སྤྱོད་པ་ཟེར། །བན་ཆུང་ངེད་ལ་སྤྱོད་རྒྱུ་མེད། །སྤྱོད་པ་སྤྱོད་པའི་ཡུལ་དང་བྲལ། སྤྱོད་རྒྱུ་བྱུང་ན་གོལ་བ་ཡིན། །སྤྱོད་རྒྱུ་མེད་ན་ཐ་མལ་ཡིན། །ཤུགས་འབྱུང་སྤྱོད་པ་ངོ་མཚར་ཆེ། །མི་ན་རེ་འབྲས་བུ་འབྲས་བུ་ཟེར། །བན་ཆུང་ངེད་ལ་འབྲས་བུ་མེད། །འབྲས་བུ་བསྒྲུབ་བྱའི་ཡུལ་དང་བྲལ། །བསྒྲུབ་བྱ་བྱུང་ན་གོལ་བ་ཡིན། །བསྒྲུབ་རྒྱུ་མེད་ན་ཐ་མལ་ཡིན། །རང་སེམས་སངས་རྒྱས་ངོ་མཚར་ཆེ། །ཞེས་གསུངས་སོ། །རྗེ་བཙུན་སྙེ་ནམ་དྲོད་ཕུག་ཏུ་བཞུགས་ཏེ། རས་ཆུང་པ་ལ་དབུས་པ་སྟོན་པ་འདི་ལ་ཆོས་ཀྱི་དྲི་བ་གྱིས་དང་གསུངས་པས། རས་ཆུང་པས་ལྟ་སྒོམ་སྤྱོད་འབྲས་ཀྱི་འགག་ཏུ་དྲིལ་བའི་མགུར་འདི་གསུངས་པ། ལྟ་བ་ལྟ་རྒྱུ་མེད་པར་ཆ་མཆིས་ཀྱང་། སྟོང་པ་དོན་ཕྱིར་ཤོར་བས་དོན་མ་རྟོགས། །འདི་རྟོགས་ཐབས་ཤིག་འདུག་གམ་མཆེད་གྲོགས་ཀུན། །ཁ་ལྟ་སྟོང་མཐར་ཤོར་བ་འདི་ཡ་ཆ་རུ་གདའ། །སྒོམ་པ་བསྒོམ་དུ་མེད་པར་ཆ་མཆིས་ཀྱང་། །བརྩོན་འགྲུས་བསྒོམ་བསྲན་ཆུང་བས་ཏིང་འཛིན་རྩལ་མ་རྫོགས། །འདི་རྫོགས་ཐབས་ཤིག་འདུག་གམ་སྐལ་ལྡན་ཀུན། །སྒོམ་པ་སྤོམ་ཡོར་དུ་ཤོར་བ་འདི་ཡ་ཆ་རུ་གདའ། །སྤྱོད་པ་སྤྱོད་དུ་མེད་པར་ཆ་མཆིས་ཀྱང་། །དགེ་སྡིག་འཆོལ་མར་སྤྱོད་པས་ཆོས་བརྒྱད་མགོ་མ་ནོན། །འདི་ནོན་ཐབས་ཤིག་འདུག་གམ་སྐལ་ལྡན་ཀུན། །སྤྱོད་པ་ཚུལ་འཆོས་ལ་ཤོར་བ་འདི་ཡ་ཆ་རུ་གདའ། །འབྲས་བུ་བསྒྲུབ་ཏུ་མེད་པར་ཆ་མཆིས་ཀྱང་། །རེ་དོགས་ཡིད་སྨོན་ལ་ལུས་པས་ལོ་ཐོག་སད་ལ་ཤོར། །འདི་བསྒྲུབ་པའི་ཐབས་ཤིག་འདུག་གམ་མཆེད་གྲོགས་ཀུན། །རང་སེམས་འཁོར་བར་འཁྱམས་པ་འདི་ཡ་ཆ་རུ་གདའ། །ཞེས་དྲིས་པས། དྭགས་པོས་རྗེ་བཙུན་ཉིད་ལ་ལན་གསུང་བར་ཞུ་ཞུས་པས། རྗེ་བཙུན་གྱིས་མགུར་འདི་གསུང་སོ། །སྣང་དང་སྟོང་དང་དབྱེར་མེད་གསུམ། །བློས་བྱས་ཕྱོགས་སུ་མ་ཤོར་ན། །ལྟ་བ་ཙམ་གྱི་མཐར་ཐུག་ཡིན། །བདེ་དང་གསལ་དང་མི་རྟོགས་གསུམ། །ཞེན་པའི་ཕྱོགས་སུ་མ་ཤོར་ན། །སྒོམ་པ་ཙམ་གྱི་མཐར་ཐུག་ཡིན། །མ་བཅོས་མ་ཞེན་ལྷུག་པ་གསུམ། །ཚུལ་འཆོས་ཕྱོགས་སུ་མ་ལྷུང་ན། །སྤྱོད་པ་ཙམ་གྱི་མཐར་ཐུག་ཡིན། །མི་རེ་མི་དོགས་མི་སྒྲུབ་གསུམ། །ཡིད་སྨོན་གྱི་ཕྱོགས་སུ་མ་ལྷུང་བ། འབྲས་བུ་ཙམ་གྱི་མཐར་ཐུག་ཡིན། །ཞེས་གསུངས་སོ། །ཡང་ཉིན་གཅིག་གི་ཚེ། བླ་མ་ལྷ་རྗེ་བར་དོའི་གདམས་པ་ཞུས་པ་ལ་གསུངས་པ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །བུ་ཁྱེད་ཀྱིས་གསོལ་བ་བཏབ་པའི་ངོར། །ངས་བར་དོ་འདི་ལ་དབྱངས་ཤིག་ལེན། །སྤྱིར་ཁམ་གསུམ་འཁོར་བའི་སེམས་ཅན་དང་། །མྱ་ངན་འདས་པའི་སངས་རྒྱས་གཉིས། །དངོས་པོ་གཤིས་ཀྱི་གནས་ལུགས་གཅིག །ལྟ་བའི་བར་དོ་དེ་ལ་མཛོད། །སྣ་ཚོགས་ཤར་བའི་དཀར་དམར་དང་། །བརྗོད་དུ་མེད་པའི་སེམས་ཉིད་གཉིས། །དབྱེར་མེད་གཉུག་མའི་ངང་དུ་གཅིག །སྒོམ་པའི་བར་དོ་དེ་ལ་མཛོད། །ཚོགས་དྲུག་ཏུ་ཤར་བའི་འཁྲུལ་སྣང་དང་། །རང་སེམས་སྐྱེ་བ་མེད་པ་གཉིས། །གཉིས་མེད་ལྷན་ཅིག་སྐྱེས་པར་གཅིག །སྤྱོད་པའི་བར་དོ་དེ་ལ་མཛོད། །མདང་སུམ་རྨི་ལམ་བར་དོ་དང་། །སད་ནས་རྫུན་དུ་ཤེས་པ་གཉིས། །སྒྱུ་མ་ལྟ་བུའི་ངང་དུ་གཅིག །རྨི་ལམ་བར་དོ་དེ་ལ་མཛོད། །མ་དག་ཕུང་པོ་རྣམ་ལྔ་དང་། །དག་པ་རྒྱལ་བ་རིགས་ལྔ་གཉིས། །མི་རྟོགས་རྫོགས་རིམ་ངང་དུ་གཅིག །བསྐྱེད་རྫོགས་ཀྱི་བར་དོ་དེ་ལ་མཛོད། །ཐབས་ལས་བྱུང་བའི་ཕ་རྒྱུད་དང་། །ཤེས་རབ་ལས་བྱུང་མ་རྒྱུད་གཉིས། །དབང་གསུམ་ལྷན་ཅིག་སྐྱེས་བར་གཅིག །གདམས་ངག་གི་བར་དོ་དེ་ལ་མཛོད། །རང་དོན་ཆོས་སྐུ་འགྱུར་མེད་དང་། །གཞན་དོན་གཟུགས་སྐུ་འགྱུར་མེད་གཉིས། དབྱེར་མེད་གཉུག་མའི་ངང་དུ་གཅིག །སྐུ་གསུམ་གྱི་བར་དོ་དེ་ལ་མཛོད། །མ་དག་སྒྱུ་ལུས་མངལ་སྒོ་དང་། །དག་པ་ལྷ་ཡི་རྣམ་པ་གཉིས། །བར་དོ་འོད་གསལ་ངང་དུ་གཅིག །འབྲས་བུའི་བར་དོ་དེ་ལ་མཛོད། །ཅེས་བར་དོ་བརྒྱད་ཀྱི་མགུར་གསུངས་པའོ། །ཡང་དུས་རེ་ཞིག་གི་ཚེ། རྗེ་བཙུན་གྱི་ཞལ་ནས། བུ་དབུས་པ་སྟོན་པ་དབུས་སུ་སོང་ལ་སྒོམ། སྔར་གྱི་འཕྲང་ཚོ་ངས་བསལ་བ་ཡིན། ད་མངོན་པར་ཤེས་པའི་འཕྲང་ཡོད། མངོན་ཤེས་བྱུང་ཙ་ལྷ་ཡི་བུ་ཡི་བདུད་འཇུག་པ་ཡིན་པས་ཤིན་ཏུ་གསང་བ་གལ་ཆེ། ལར་དབང་པོ་རྣོན་པོ་རྒྱུ་ཡི་སྟོབས་ཅན་ལ་བདུད་ཀྱིས་མི་ཚུགས་པ་ཡིན། ཁྱེད་དབང་པོ་རྣོན་པོ་འདུག་སྟེ། གསང་སྔགས་གསང་ནས་འགྲུབ་པས་གསང་ནས་སྒྲུབ་པ་གྱིས་ཤིག །སེམས་ཅན་ལ་ཡང་ཕན་པར་འདུག་པས་ཚོགས་ཀྱང་སྐྱོངས་ཤིག་གསུངས། ཚོགས་པ་སྐྱོང་བའི་དུས་ནམ་ལགས་ཞུས་པས། སེམས་ཀྱི་ངོ་བོ་མཐོང་ནས་དེ་བརྟན་པར་དང་སྐྱོང་བ་ཡིན། ཅི་ཞིག་ལྟ་ན་ད་ལྟ་དང་འདྲ་བ་མ་ཡིན་པའི་རྟོགས་པ་སྐྱེ་བས་དེ་ཡི་དུས་སུ་ཚོགས་པ་སྐྱོངས། རླུང་ལག་སོ་ལ་དྲོངས་པ་འདུག་གི་མི་འདུག་ལྟོས། དེ་དྲོངས་པར་འདུག་ན་རླུང་གི་འཕྲང་ལས་ཐར་བ་ཡིན་གསུངས་པས། དེ་ནུབ་རྡོ་ལེབ་ཅིག་གི་སྟེང་དུ་ཐལ་བ་བླུགས་ནས་སོར་མོ་བཅུ་ནས་རླུང་གཅུན་ཙ་ན་ནམ་ཕྱེད་ཙམ་ནས་ཐལ་བ་བུན་བུན་འདུག །ནང་པར་བླ་མའི་སྤྱན་སྔར་དེ་ལྟར་བྱས་ཙ་ན། བླ་མའི་ཞལ་ནས། རྩ་རླུང་ལ་དབང་ཐོབ་བྱ་བ་ནི་མིན་ཏེ་རླུང་ལས་རུང་བྱ་བ་ཡིན་པ་ད་ང་དང་འགྲོགས་མི་དགོས། ལུས་སྤྲུལ་པ་དང་བསྒྱུར་བ་ལ་སོགས་པའི་ཆོ་འཕྲུལ་དང་། མཆོག་ཐུན་མོང་གཉིས་ཀའི་དངོས་གྲུབ་ཐོབ་ནས་འོང་གི་ཡང་རས་ཆུང་པ་དང་། སེ་བན་རས་པ་དང་མཉམ་མེད་དྭགས་པོ་རིན་པོ་ཆེ་གསུམ་ལ་དོ་ནུབ་རྨི་ལམ་ལྟོས་ཤིག་གསུངས་ནས་བལྟས་པས། རས་ཆུང་པས། ཐང་དཀྱིལ་ཅིག་ཏུ་བོང་བུ་ཅིག་ལ་ལན་ཚྭ་བཀལ་ནས་དེད། དུང་ཅིག་འབུད་ཅིང་ཕྱིན་པ་རྨིས་ཞུས་པས། ཁྱོད་ཀྱི་ཟེར་བ་ལྟར་སྐད་ཆེར་འོང་། ངས་གར་ཁྱབ་ཏུ་ཁྱོད་ཀྱི་གྲགས་པས་ཁྱབ་པར་འདུག །བརྒྱུད་པ་འཆད། གདམས་ངག་ལ་ཚྭ་བཞིན་དུ་འགྲིམ་གསུངས་སོ། །སེ་བན་རས་པས། སུམ་མདོ་ནས་མེ་འབར་བས་དབང་པོའི་སྒོ་ཐམས་ཅད་མྱུག་མྱུག་བྱུང་བ་ཞིག་རྨི་ཞུས་པས། ཚེ་འདིར་འགྲོ་དོན་མི་འབྱུང་། གཏུམ་མོ་དྲོད་ཀྱི་ཡེ་ཤེས་ཀྱི་རྣམ་རྟོག་གི་དྲི་མ་བསྲེགས་ནས་ཕྱི་མར་གཟུགས་སྐུའི་སྣང་བ་རྒྱ་ཆེར་འཆར་གསུངས། མཉམ་མེད་དྭགས་པོ་རིན་པོ་ཆེས། བྲག་དཀར་པོ་རེ་རྒྱལ་གྱི་རྩེར་ཕྱིན། ཉི་མ་ཤར། རྒོད་མང་པོས་བསྐོར་བ་ཅིག་རྨིས་ཞུས་པས། ད་འདི་ནས་ཤར་གྱི་ཕྱོགས་ན་སྒམ་པོ་གདར་གྱི་རི་བྱ་བ་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བ་རྩེ་མོ་རིན་ཆེན་པྲོག་ཞུ་ལྔ་རུ་ཡོད་པ། ཤིང་སྤང་གསེར་གྱི་མཎྜྻལ་གྱི་བཀོད་པ་ལྟ་བུ། མདུན་རི་རིན་ཆེན་སྤུངས་པ་འདྲ་བ། རི་བདུན་བློན་པོ་ཕྱག་འཚལ་བ་ལྟ་བུ། དེ་ཡི་མགུལ་ན་ཁྱོད་ལ་ང་ཡི་ཞྭ་འདི་ལྟ་བུ་གནས། བྲག་རི་ཆེན་པོ་ཅིག་གི་མདུན་དུ་འགྲོ་དོན་དཔག་ཏུ་མེད་པ་འབྱུང་། བྱ་རྒོད་འདུ་བ་བཞིན་སྐལ་ལྡན་གྱི་སློབ་མ་མང་པོ་འདུ་བས་ད་དབུས་སུ་སོང་གསུངས་ནས་མགུར་འདི་གསུངས་སོ། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །སེམས་རེས་འགའ་ཡུལ་གྱི་སྣང་བ་འཆར། །ཡུལ་གྱི་སྣང་བ་ཤར་ཙམ་ན། །ཆོས་ཉིད་གཏན་ཡུལ་མ་ལགས་པ། ཡུལ་སྣང་སྒྱུ་མར་ཤེས་གྱིས་ལ། །ཡུལ་སྣང་མེད་རྣལ་འབྱོར་ཉམས་སུ་ལོང་། །ཕ་ང་ལ་བསྟན་རྒྱུ་དེ་ལས་མེད། །བུ་ཁྱེད་ལ་བསྒོམ་རྒྱུ་དེ་ལས་མེད། །སེམས་རེས་འགའ་དགྲ་ཡི་སྣང་བ་འཆར། །དགྲ་སྡང་སྣང་བ་ཤར་ཙམ་ན། །དགྲ་སྡང་སྒྱུ་མར་ཤེས་གྱིས་ལ། །དགྲ་སྡང་མེད་རྣལ་འབྱོར་ཉམས་སུ་ལོང་། །ཕ་ང་ལ་བསྟན་རྒྱུ་དེ་ལས་མེད། །བུ་ཁྱེད་ལ་བསྒོམ་རྒྱུ་དེ་ལས་མེད། །སེམས་རེས་འགའ་གཉེན་གྱི་སྣང་བ་འཆར། །གཉེན་གྱི་སྣང་བ་ཤར་ཙམ་ན། གཉེན་འབྲེལ་སྒྱུ་མར་ཤེས་གྱིས་ལ། །གཉེན་ཞེན་མེད་རྣལ་འབྱོར་ཉམས་སུ་ལོང་། །ཕ་ང་ལ་བསྟན་རྒྱུ་དེ་ལས་མེད། །བུ་ཁྱོད་ལ་བསྒོམ་རྒྱུ་དེ་ལས་མེད། །སེམས་རེས་འགའ་ནོར་གྱི་སྣང་བ་འཆར། །ནོར་གྱི་སྣང་བ་ཤར་ཙམ་ན། །ནོར་ཟས་སྒྱུ་མར་ཤེས་གྱིས་ལ། །ནོར་འཛིན་མེད་རྣལ་འབྱོར་ཉམས་སུ་ལོང་། །ཕ་ང་ལ་བསྟན་རྒྱུ་དེ་ལས་མེད། །བུ་ཁྱེད་ལ་བསྒོམ་རྒྱུ་དེ་ལས་མེད། །སེམས་རེས་འགའ་ཟས་ཀྱི་སྣང་བ་འཆར། ཟས་ཀྱི་སྣང་བ་ཤར་ཙམ་ན། །ཞིམ་མངར་སྒྱུ་མར་ཤེས་གྱིས་ལ། །ཟག་མེད་ཏིང་འཛིན་ཉམས་སུ་ལོངས། །ཕ་ང་ལ་བསྟན་རྒྱུ་དེ་ལས་མེད། །བུ་ཁྱེད་ལ་བསྒོམ་རྒྱུ་དེ་ལས་མེད། །སེམས་རེས་འགའ་གོས་ཀྱི་སྣང་བ་འཆར། གོས་ཀྱི་སྣང་བ་ཤར་ཙམ་ན། །འཇམ་ལེགས་སྒྱུ་མར་ཤེས་གྱིས་ལ། །གཏུམ་མོའི་བདེ་དྲོད་ཉམས་སུ་ལོང་། །ཕ་ང་ལ་བསྟན་རྒྱུ་དེ་ལས་མེད། །བུ་ཁྱོད་ལ་བསྒོམ་རྒྱུ་དེ་ལས་མེད། །སེམས་རེས་འགའ་གྲོགས་ཀྱི་སྣ་བ་འཆར། །གྲོགས་ཀྱི་སྣང་བ་ཤར་ཙམ་ན། །ཟླ་གྲོགས་སྒྱུ་མར་ཤེས་གྱིས་ལ། །རང་བྱུང་ཡེ་ཤེས་ཉམས་སུ་ལོང་། །ཕ་ང་ལ་བསྟན་རྒྱུ་དེ་ལས་མེད། །བུ་ཁྱེད་ལ་བསྒོམ་རྒྱུ་དེ་ལས་མེད། །སེམས་རེས་འགའ་འཆི་བའི་སྣང་བ་འཆར། །སྐྱེ་འཆིའི་སྣང་བ་ཤར་ཙམ་ན། །སྐྱེ་འཆི་སྒྱུ་མར་ཤེས་གྱིས་ལ། །སེམས་སྐྱེ་མེད་ཀྱི་རྣལ་འབྱོར་ཉམས་སུ་ལོང་། །ཕ་ང་ལ་བསྟན་རྒྱུ་དེ་ལས་མེད། །བུ་ཁྱོད་ལ་བསྒོམ་རྒྱུ་དེ་ལས་མེད། །སེམས་རེས་འགའ་བླ་མའི་སྣང་བ་འཆར། །བླ་མའི་སྣང་བ་ཤར་ཙམ་ན། །ཅིར་སྣང་ཆོས་སྐུར་ཤེས་པར་མཛོད། །འབྲལ་མེད་ཀྱི་རྣལ་འབྱོར་ཉམས་སུ་ལོང་། །ཕ་ང་ལ་བསྟན་རྒྱུ་དེ་ལས་མེད། བུ་ཁྱེད་ལ་བསྒོམ་རྒྱུ་དེ་ལས་མེད། །བླ་མ་ཡང་སྒྱུ་མ་རྨི་ལམ་འདྲ། །ཐམས་ཅད་སྒྱུ་མར་ཤེས་པར་མཛོད། །ཤར་སྒམ་པོ་གདར་གྱི་རི་བོ་འདི། །རྒྱལ་པོ་གདན་ལ་བཞུགས་པ་འདྲ། རྒྱབ་རི་དར་དཀར་ཕྱར་བ་འདྲ། །མདུན་རི་རིན་ཆེན་སྤུངས་པ་འདྲ། །རྩེ་མོ་རིན་ཆེན་པྲོག་ཞུ་འདྲ། རི་བདུན་བློན་པོ་འདུད་པ་འདྲ། །ཤིང་སྤང་གསེར་གྱི་མཎྜྻལ་འདྲ། །དེ་ཡི་མགུལ་ན་གདུལ་བྱ་ཡོད། །ཁྱོད་དེ་རུ་སོང་ལ་འགྲོ་དོན་གྱིས། །བུ་ཁྱོད་ཀྱི་འགྲོ་དོན་འགྲུབ་སྟེ་མཆི། །ཞེས་གསུངས་ནས་ཁྱེད་ཀྱི་མིང་ཡང་དགེ་སློང་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་ཡིན་གསུངས་ནས་དབང་དང་བྱིན་རླབས་གཉིས་ཀའི་བཀའ་དང་། ཆོས་ཐམས་ཅད་རྫོགས་པར་གནང་ནས། བླ་མའི་ཞལ་ནས་ད་དབུས་སུ་སོང་ལ་སྒོམས་གསུངས་དེ་ནས་ཤིང་སྟག་མའི་ནགས་ཡོད་པའི་ལུང་པ་ཅིག་གི་ཆུ་ལ་རྡོ་ཟམ་ཆུང་ངུ་ཞིག་ཡོད་པའི་བར་ལ་སྐྱེལ་མ་མཛད་ནས། དབུས་པ་སྟོན་པ་རྟེན་འབྲེལ་ཞིག་གི་གནད་ཕར་ཁར་ང་འགྲོ་མི་བཏུབ་པར་འདུག་པས། འོ་སྐོལ་ཕ་ཕད་ཀྱི་ཕྲིན་བསྒོས་འདིར་བྱ་ཡི། ཁྱོད་ཁྲེས་པོ་ཕོག་ལ་འདིར་སྡོད་གསུངས། རྗེ་བཙུན་གྱིས་ཟམ་སྔུར་གྱི་ཁ་ལ་ཕྱེད་སྐྱིལ་ཞིག་མཛད་ནས་བཞུགས་པ་ལ། ཞབས་གཡས་པ་གཏད་ཅིང་ཕྱག་མང་དུ་བཙལ་བས། དབུ་བཏེགས་ཙ་ཞབས་ཀྱི་པདྨོ་ལ་གཏུག་ཅིང་གསོལ་བ་བཏབ་པས་དེའི་རྟེན་འབྲེལ་གྱིས་ཤིན་ཏུ་གཉེས་ནས། ཨ་རུ་ར་གསེར་མདོག་གཅིག །མེ་ཆ་གཅིག །བུ་རམ་ཅ་ཀོ་ར་གཅིག་གནང་ནས་ང་ལ་དགེ་སྦྱོར་སྐྱེ་དཀའ་བར་བྱུང་སྟེ། གདམས་ངག་འདི་ལ་བརྟེན་ནས། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ཡིན། ཁྱོད་ཀྱང་བར་སྐབས་སུ་དགེ་སྦྱོར་ལ་འཕེལ་འགྲིབ་བྱུང་ན་གདམས་ངག་འདི་དགོས་པ་ཡིན་གསུངས་ནས། ཕྱག་རྒྱ་ཆེན་པོ་རླུང་སེམས་གཉིས་མེད་ཀྱི་ངོ་སྤྲོད་གནང་ནས། ལར་ཁྱོད་ལ་སྒོམ་ཆེན་མཐར་ཐུག་པ་ཅིག་འོང་བར་འདུག །བུ་དབུས་པ་སྟོན་པ། ཁྱོད་ཕ་ཚན་གྱི་ཁེ་གྲགས་སྤངས། གཉེན་འདུན་གྱི་ཐག་པ་ཆོད། ཚེ་འདིའི་གདོས་ཐག་མེད་པར་གྱིས། རི་ཡི་བུ་གྱིས། ཆོས་ཐམས་ཅད་གཅིག་ཏུ་དྲིལ་ལ་ཉམས་སུ་ལོང་། མི་རྒན་ང་ལ་གསོལ་བ་ཐོབ། སྤྱིར་དུག་གསུམ་རྒྱས་པའི་མི་དང་འགྲོགས་སུ་མི་རུང་སྟེ་དེའི་གྲིབ་འཕོག་པ་ཡིན། དེ་གང་ཡིན་ན་སྣང་བ་དགྲར་ལངས་པའི་མི། ཆོས་དང་གང་ཟག་ཐམས་ཅད་ལ་ངན་སྨྲས་བྱེད་ཅིང་འཐབ་པའི་རིགས་ཡོད། དེའི་ནང་ན་ཞེ་སྡང་མེ་འབར་བ་ལྟ་བུ་ཡོད་པ་ཡིན། དཔེར་ན་སེམས་ཅན་སྦྲུལ་ལ་གཤོག་པ་ནི་མེད། རྐང་ལག་ནི་མེད། སྦྲུལ་ལས་ཉམ་ཐག་པ་མེད་པ་ལ། ཁོ་མཐོང་བ་ཙམ་ནས་མི་ཐམས་ཅད་བྲེད་ཅིང་དངངས་པ་དེ། ནང་ན་ཞེ་སྡང་ཡོད་པས་ན་ཕྱི་རོལ་གྱི་སྣང་བ་ཐམས་ཅད་དགྲར་ལང་བ་ཡིན། ཡང་གང་ཟག་ཁ་ཅིག །རྡོ་བུག་པ་ཅན་དང་ཤིང་ཉ་ག་ཅན་ཚུན་ཆད་ཚག་བྱེད་པ་ཡོད། རྒས་ན་རྒས་བརྒྱགས། ཤི་ན་དུར་བརྒྱགས་དགོས་དེ་མེད་ན་ཆོས་འཆོར། གཞན་དོན་དང་ཚོགས་པ་ཡང་ནོར་དགོས་ཟེར་ནས། ཐ་ན་བུན་སྐྱེད་ལ་སོགས་པ་ལོག་འཚོ་འབའ་ཞིག་བྱེད་པ་ཡོད་དེའི་ནང་དུ་འདོད་ཆགས་ཚྭ་ཆུ་ཁོལ་བ་ལྟ་བུ་ཡོད་པ་ཡིན། ཡང་གང་ཟག་ཁ་ཅིག་ཡང་དག་པའི་དོན་བསྒོམ་པའི་དུས་ད་ལྟ་མ་ཡིན། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་ཤེས་བྱ་ལ་མི་སྲིད། ཚོགས་མ་བསགས། སྒྲིབ་པ་མ་སྦྱངས། སྙིང་རྗེ་མ་བསྒོམས་པས་ཉན་ཐོས་སུ་གོལ། ཐབས་ཁྱད་དུ་བསད་པས་ཆད་ལྟ་ཡིན་ཟེར་བ་ཡོད་དེའི་ནང་ན་གཏི་མུག་མུན་ལྟར་འཐིབ་པ་ཡོད་པ་ཡིན། དེ་འདྲའི་མི་དང་གཏམ་བྱེད་དུའང་མི་རུང་། གཏམ་བྱས་ན་དང་པོ་ཁྱོད་པ་སུ་ཡིན་ཟེར་ནས་འོང་། ཆོས་གང་ཡིན་བླ་བོ་འདྲ་བ་ལ་བརྟེན་ནས་ཁོ་ཞེ་སྡང་ལང་སྟེ་ཆོས་དང་གང་ཟག་གཉིས་ཀ་ལ་སྐུར་པ་འདེབས། བདག་གཞན་གཉིས་ཀ་ངན་འགྲོར་འགྲོ་བའི་རྒྱུ་གསོག་པས་དེས་ན། ཐོས་ནས་བློ་ཆུང་དེ་ཡིས་སྤོང་བྱེད་དེ། སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། བྱ་བ་དེའི་དུས་སུ་འབྱུང་བས་བདག་ལ་བརྟེན་ནས་གཞན་རྒྱུད་སྲེག་པའི་སྡིག་པ་གསོག་པས། དུག་གསུམ་རྒྱས་པའི་མི་དང་འགྲོགས་སུ་མི་རུང་། དམ་ཚིག་གི་ཆོས་ཀྱི་ནང་ན། ཉན་ཐོས་ནང་ན་ཞག་བདུན་འདས། །ཞེས་བྱ་བའི་དོན་དེ་འདྲ་ལ་ཟེར་བ་ཡིན། སྤྱིར་ཡང་རི་དྭགས་སྨས་མའམ་བྱ་བཞིན་དུ་ཟོན་བག་ཆེ་བར་བྱ། ཞི་བ་དུལ་བ་རྩེ་རག་ཆུང་བར་བྱ། བཟོད་བག་ཆེ་བ་ཐམས་ཅད་དང་མཐུན་པར་བྱ། གཙང་སྦྲ་ཤིན་ཏུ་ཆེ་བར་བྱ། རི་དང་མཚམས་དང་སྨྲ་བཅད་དང་། འདག་ཆར་གསུམ་གྱིས་དུས་འདའ་བར་བྱ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་། བླ་མ་རྡོ་རྗེ་སློབ་དཔོན་མི་སྤོང་བ་ལ་བསླབ། བསགས་སྦྱོང་གཉིས་པོ་རང་སར་དག་ཀྱང་། ཚོགས་ཆུང་ངུ་ཆུང་ངུ་ནས་བསགས། ལས་འབྲས་ནམ་མཁའ་ལྟ་བུར་གོ་ཡང་། སྡིག་པ་ཕྲ་ཞིང་ཕྲ་བ་ལ་འཛེམ། མཉམ་བཞག་རྗེས་ཐོབ་མེད་པའི་ཉམས་ཡོད་ཀྱང་། ཐུན་བཞིའི་རྣལ་འབྱོར་རྒྱུན་ཆད་མེད་པར་ཉམས་སུ་ལོང་། བདག་གཞན་མཉམ་པ་ཉིད་དུ་གོ་ཡང་། ཆོས་དང་གང་ཟག་ལ་སྐུར་པ་མི་གདབ་གསུངས། ཁྱེད་བྱ་ལོ་རྟ་ཟླ་བའི་ཚེས་བཅུ་བཞི་ལ་བྲིན་དང་སྙེ་ནམ་མཚམས་སུ་སླེབ་པར་གྱིས་གསུངས་ཏེ། དེའི་ཚེ་དྭགས་པོ་ལ་སྐྱེལ་ཆོས་ཞལ་ལྟའི་མགུར་འདི་གསུངས་སོ། །བུ་སྤྲོས་བྲལ་སེམས་ལ་འཆར་དུས་སུ། །ཐ་སྙད་ཚིག་ཕྱིར་མ་འབྲང་ཅིག །དོན་མེད་འབད་རྩོལ་བྱས་ཉན་ཡོད། །བུ་ང་རྒྱལ་མེད་པའི་ངང་ལ་ཞོག །རང་གྲོལ་ནང་ནས་ཤར་དུས་སུ། །ཚད་མའི་སྦྱོར་བ་མ་འགོད་ཅིག །ཆོས་བརྒྱད་སྒྲོག་ཏུ་ཚུད་ཉེན་ཡོད། །བུ་རྣམ་རྟོག་མེད་པའི་ངང་ལ་ཞོག །རང་སེམས་ངོ་བོ་མཐོང་དུས་སུ། །ཆད་པའི་སྟོང་པར་གོལ་ཉེན་ཡོད། །བུ་སྤྲོས་པ་མེད་པའི་ངང་ལ་ཞོག །གཉུག་མའི་ངང་ལ་འཇོག་དུས་སུ། །ལུས་ངག་དགེ་སྦྱོར་མ་གཡེང་ཅིག །མི་རྟོགས་ཡེ་ཤེས་ཡལ་ཉེས་ཡོད། །བུ་མ་བཅོས་ལྷུག་པའི་ངང་ལ་ཞོག །གནས་ལུགས་གཏན་ལ་འབེབས་དུས་སུ། །རྟགས་མཚན་འདོད་པ་མ་སྐྱེད་ཅིག །བདུད་ཀྱི་ལུང་བསྟན་འོང་ཉེན་ཡོད། །བུ་ཁྱེད་འཛིན་མེད་པའི་ངང་ལ་ཞོག །ལུང་བསྟན་མངོན་ཤེས་བྱུང་དུས་སུ། །ཆེད་འཛིན་ཞེན་པ་མ་བྱེད་ཅིག །དགའ་རློམ་བདུད་ཀྱི་འཁྱེར་ཉེན་ཡོད། །བུ་རེ་དོགས་མེད་པའི་ངང་ལ་ཞོག །ཕ་ང་ལ་བསྟན་རྒྱུ་དེ་ལས་མེད། །བུ་གོའམ་དབུས་པ་སྟོན་པ་བ། །ཞེས་གསུངས་ནས་ལྷ་རྗེ་སྟོན་པ། ཁྱོད་ཀྱིས་སེམས་ཅན་མང་པོ་ལ་ཕན་ཐོག་པར་འདུག་གསུངས་ནས། ལུང་བསྟན་ཞལ་ལྟ་མང་དུ་མཛད་ནས་རྗེ་བཙུན་ཡར་བྱོན་ཏེ། སློབ་མ་རས་པ་རྣམས་བསགས་ནས་ལྷ་རྗེ་སྟོན་པ་དེས་སེམས་ཅན་མང་པོ་ལ་ཕན་ཐོག་པར་འདུག །མདང་ང་ཡི་རྨི་ལམ་ན་ང་ཡི་རྩ་ནས་བྱ་སེར་པོ་ཅིག་དབུས་སུ་འཕུར་ནས་སོང་བ་རི་ཆེན་པོ་ཞིག་གི་རྩེ་ལ་བབས་པ་ལ། ཕྱོགས་ཕྱོགས་ནས་བྱ་ངང་པའི་ཚོགས་མང་པོ་འདུས་ནས་དར་ཅིག་ནས་དེ་རྣམས་ཕྱོགས་ཕྱོགས་སུ་འཕུར་ནས་སོང་བ་ལ། ངང་པ་རེ་རེ་ལ་ཡང་ངང་པ་གཡོག་ལྔ་བརྒྱ་ལྔ་བརྒྱ་རེ་ཙམ་འདུས་ནས་ལུང་པའི་གཤེས་དང་ཕྱོགས་ཐམས་ཅད་ངང་པ་སེར་ཉོག་གི་གང་བ་ཅིག་རྨིས། ཁོ་བོ་རྣལ་འབྱོར་པ་ཡིན་པ་ལ་ཁོ་བོའི་རྗེས་སུ་འཇུག་པ་ཐམས་ཅད་རབ་ཏུ་བྱུང་བ་འབའ་ཞིག་འོང་བར་གདའ། ཁོ་བོས་ཀྱང་སངས་རྒྱས་ཀུན་གྱི་བསྟན་པ་ལ་བྱ་བ་བྱས་ནས་འདུག་གསུངས་སོ། །རྗེ་བཙུན་ཆེན་པོ་མི་ལ་རས་པ་དང་མཉམ་མེད་དྭགས་པོ་རིན་པོ་ཆེ་ཡབ་སྲས་ཀྱི་ཞུས་པ་དང་ལན་གྱི་སྐོར་རོ།། །།

དེ་ནས་དྭགས་པོ་དབུས་སུ་བྱོན་ཏེ་སྔོན་བཀའ་གདམས་ཀྱི་བླ་མ་རྣམས་ཀྱིས་ངེད་ཀྱི་རྟགས་མ་ཤོར་བར་ཤོག་གསུངས་པས། དབུ་ཞྭ་སེར་ཚོས་བྱས་པ་ཅིག་དང་། ན་བཟའ་ལ་ཕྲུག་གང་བཏགས་པ་ཅིག་དང་། སྐུ་འགགས་ཧ་ཟླུམ་མཛད་པ་གཅིག་དང་། ཆས་སྒྱུར་མཛད་པ་ལ་སོགས་པ་སྔར་ཇི་ལྟར་གསུངས་བཞིན་མཛད་ནས། སྙུག་རུམ་པའི་སར་བྱོན་པས་ཁོང་གི་ཞལ་ནས། ཁྱོད་ལ་རྣལ་འབྱོར་པའི་ཡོན་ཏན་ཅི་ཡོད་གསུངས་པས། རླུང་ཕྱི་ནང་དུ་མི་རྒྱུ་བའི་འོད་གསལ་ནམ་མཁའ་ལྟར་དག་གསུངས་པས། ཁྱོད་ལ་ཡོན་ཏན་བཟང་པོ་སྐྱེས་འདུག །ད་སེམས་ཅན་གྱི་དོན་བྱ་རན་གསུངས་པས། ང་ལ་ཚེ་ཡི་རྟེན་འབྲེལ་འབྲིང་ཙམ་ལས་མེད་པས། སྔོན་ལ་སྒྲུབ་པ་རང་གཅེས་ནས་འོང་ཞུས་པས། ཚེ་བསྲིང་བའི་གདམས་ངག་ང་ལ་ཡོད་གསུངས་ནས་ཁོང་ཅག་གི་བླ་མ་ལ། རྣལ་འབྱོར་པའི་ཐུགས་དམ་སྒྲོལ་མ་དཀར་མོ་དང་སྙུང་རུམ་པ་གཉིས་མི་ལབ་ལབ་བྱེད་པས། དེའི་སྒྲུབ་ཐབས་གནང་ངོ་། །དེ་ནས་གཉལ་དུ་བཞུགས་པའི་ཚེ་བླ་མའི་གསུང་དྲན་ནས་རྒྱ་བ་སེར་རེ་ལ་གསེར་ཞོ་བཅུ་གཉིས་ལ་ནས་འཇལ་ནས་ར་སྒོམ་རས་པ་གྲོགས་སུ་ཁྲིད་ནས་བྱོན་པས་ཡར་ལུང་མདོར་སླེབ་ཙ་གཙང་ནས་ཚོང་པ་འོང་བ་དང་འཕྲད་དེ་རྣམས་ལ་བྲིན་པ་སྤྱི་དུས་སུ་ཁམས་བདེའམ། བླ་མ་རྗེ་བཙུན་སྐུ་ཁམས་བདེ་བར་བཞུགས་སམ་དྲིས་པས། བྲིན་པ་སྤྱི་དུས་ཁམས་བདེ། བླ་མ་རྗེ་བཙུན་རྟ་ཟླ་བའི་ཚེས་བཅུ་བཞིར་གཤེགས་ཟེར་ནས། ཕྱག་འཁར་དང་། དབུ་ཞྭ་དང་། ན་བཟའ་རས་གཅིག་དང་དེ་རྣམས་མཆོད་པའི་རྟེན་དུ་བསྐུར་འདུག་པ་གཏད། དེའི་མོད་ལ་སྤྱན་ཆབ་མང་པོ་ཡང་ཤོར་དྲན་མེད་དུ་བརྒྱལ་ནས་སོང་སྐད། དེར་རྩ་ན་ཡོད་པ་རྣམས་ཀྱི་ཕྱག་ཞབས་ལ་སྐུ་མཉེ་ཕུལ། ཞལ་ངོ་ལ་ཆུ་མང་པོ་གཏོར་བས་ད་ཅིག་དྲན་པ་རྙེད་ནས། གསེར་སྲང་གང་ཁ་ཕྱེས་ནས་བྲིན་གྱི་ཕྱོགས་སུ་གཏོར་ནས་མཆོད་དེ་བླ་མ་ལ་གསོལ་བ་འདེབས་པའི་མགུར་འདི་གསུངས་སོ། །ན་མོ་རཏྣ་གུ་རུ། རྗེ་གངས་དཀར་ལྟོངས་སུ་གཤེགས་པའི་ཚེ། །སེང་གེ་དཀར་མོའི་སྤྱོད་དང་མཚུངས། །ཟིལ་གྱིས་གནོན་པའི་རྣལ་འབྱོར་པ། །རྗེ་ནགས་ཀྱི་ཁྲོད་དུ་བཞུགས་པའི་ཚེ། རྒྱ་སྟག་ཁྲ་བོའི་སྤྱོད་དང་མཚུངས། །རེ་དོགས་མེད་པའི་རྣལ་འབྱོར་པ། །རྗེ་བྲག་དམར་ལོགས་ལ་གཤེགས་པའི་ཚེ། །ཐང་དཀར་རྒོད་པོའི་སྤྱོད་དང་མཚུངས། །སྤྱི་རྒྱ་རླབས་ཀྱིས་གཅོད་པའི་རྣལ་འབྱོར་པ། །རྗེ་ཕྱོགས་མེད་རི་ཁྲོད་འགྲིམ་པའི་ཚེ། །རི་དྭགས་ཡོངས་ཀྱི་སྤྱོད་དང་མཚུངས། །གདོས་ཐག་ཆོད་པའི་རྣལ་འབྱོར་པ། །རྗེ་འཁོར་གྱི་ནང་དུ་བཞུགས་པའི་ཚེ། །རྡོ་རྗེ་འཆང་གི་སྤྱོད་དང་མཚུངས། །སྐལ་ལྡན་འདྲེན་པའི་རྣལ་འབྱོར་པ། །རྗེ་བུ་ཆུང་ལྟ་བུའི་སྤྱོད་པ་དེ། །སྤྲོས་བྲལ་ནང་ནས་ཤར་བར་ངེས། །རྗེ་སྨྱོན་པ་ལྟ་བུའི་སྤྱོད་པ་དེ། །གཟའ་གཏད་ནང་ནས་བྲལ་བར་ངེས། །རྗེ་གླང་པོ་ལྟ་བུའི་སྤྱོད་པ་དེ། །མཉམ་བཞག་རྗེས་ཐོབ་མེད་པར་ངེས། །རྗེ་བློ་དང་བྲལ་བའི་སྤྱོད་པ་དེ། །དེ་ཉིད་ཐུགས་སུ་ཆུད་པར་ངེས། །རྗེ་མངོན་ཤེས་དག་དང་ལྡན་པ་དེ། །ནང་གི་སེམས་ཉིད་གསལ་བར་ངེས། །རྗེ་ཟས་སྐོམ་འདུ་ཤེས་ཆུང་བ་དེ། །ཏིང་འཛིན་ཟས་སུ་གསོལ་བར་ངེས། །རྗེ་སྐལ་ལྡན་འདྲེན་པའི་བྱིན་རླབས་དེ། །སྟོང་ཉིད་སྙིང་རྗེ་འདྲེས་པར་ངེས། །ནོར་བུ་དབང་གི་རྒྱལ་པོ་བཞིན། །དགོས་འདོད་རང་ལ་འབྱུང་བ་ཁྱེད། །སྐར་ཚོགས་དབུས་ན་ཟླ་རྒྱས་བཞིན། །མང་པོའི་ནང་ན་མཛེས་པ་ཁྱོད། །འདམ་གྱི་ནང་ན་པདྨ་བཞིན། །འཁོར་བའི་སྐྱོན་དང་བྲལ་བ་ཁྱོད། །འགྲོ་བ་ཡོངས་ལ་དྲིན་རེ་ཆེ། །བཀའ་བརྒྱུད་རྣམས་ཀྱི་དོན་རེ་བསྒྲུབས། །ཁྱེད་ཀྱི་ཡོན་ཏན་དཔག་མེད་ལ། །འདི་ནི་ཆ་ཙམ་སྨོས་པ་ལགས། །བདག་གིས་ཅུང་ཟད་བསྟོད་པ་ལགས། ཐུགས་རྗེས་ཡོངས་སུ་བཟུང་བ་ལགས། །དངོས་པོའི་བསྙེན་བཀུར་མ་མཆིས་ཀྱང་། །སྒྲུབ་པ་ཉམས་སུ་ལེན་ལགས་ཀྱི། །དྲིན་ལེན་ཆོས་ཀྱི་བསབ་ལགས་ཀྱི། །བྱིན་རླབས་ཆུ་རྒྱུན་མ་བཅད་ཅིག །ཆོས་སྐུ་གཅིག་ཏུ་མ་གྱུར་བར། །ཐུགས་རྗེའི་ལྕགས་ཀྱུས་མ་བཏང་ཅིག །དེ་ལྟར་བསྟོད་པའི་བསོད་ནམས་ཀྱིས། །རྗེ་བཙུན་ཉིད་དང་མཇལ་བར་ཤོག །མཇལ་ནས་བྱིན་གྱིས་བརླབ་པར་ཤོག །ཅེས་གསུངས་སོ། །དེ་ནས་རང་ཡུལ་དུ་ལོག་ནས་འོང་ཉི་མ་ཡང་དྲོ་རན་སོང་ནས་འདུག་པས། སེའུ་ཅིག་གི་རྩ་ན་བུ་མེད་ཅིག་འདུག་པ་ལ་དྲོ་འདོད་གསུངས་པས། སྟེང་དུ་བྱོན་ཟེར་ནས་བུད་མེད་དེས་ཞིང་རྨོས་ནས་སྤར་གང་བཏབ། ཞིང་ལྗང་བུ་སྐྱེས། ནས་སུ་སྨིན། བཙས་མ་བྱས། དེ་བརྡུངས། ཡོས་སུ་བརྔོས། ཕྱེ་རུ་བཏགས། ཟན་དུ་བརྫིས། ཚ་བ་བསྐོལ་ནས་དྲོ་དྲངས། ཆབ་བཏང་། མདོ་བཏོན་ནས་བཞེངས་ཙམ་ན་སེའུ་དང་བུད་མེད་གང་ཡང་མི་སྣང་། ང་འཁྲུལ་པ་ཡིན་ནམ་སྙམ་ཙ་ན། ཟན་སྒྲོག་ཆིལ་ཆིལ་གདའ། ལར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ཞིང་སྟོང་པ། བདེན་རྫུན་གྱི་མཐའ་ཐམས་ཅད་དང་བྲལ་བ་འདི་ལྟ་བུ་ཞིག་རང་ཡིན་སྙམ་ནས་ཐུགས་ཉམས་ཁྱད་པར་ཅན་སྐྱེས་གསུངས། དེ་ནས་གཉལ་དང་འོལ་ཁ་རྣམས་སུ་སྒྲུབ་པ་མཛད། སྒམ་པོར་སྒྲུབ་ཁང་བཏབ་ནས་རང་གཞན་གྱི་དོན་དཔག་ཏུ་མེད་པ་མཛད་དོ། །དེ་ཐམས་ཅད་ནི་དབུས་གཏད་ཞལ་ལྟ་དང་། དྭགས་པོ་དབུས་བཞུད་ཀྱི་སྐོར་རོ།། །།

དེ་ནས་རྗེ་བཙུན་ཆུ་བར་ན་བཞུགས་པའི་དྲུང་ན་སློབ་མ་གཅིག་གིས་བླ་མའི་མཚན་ཉིད་ཞུས་པའི་ལན་དུ་བླ་མའི་འདྲ་ལུགས་ལྔ་མགུར་དུ་གསུངས་པ། འོ་སྐོལ་མ་རིག་མུན་པ་འདྲ། །ཕ་བླ་མ་སྣང་གསལ་སྒྲོན་མེ་འདྲ། །མུན་སངས་པར་འདོད་ན་བླ་མ་བསྟེན། །འོ་སྐོལ་ཤུལ་རིང་འགྲོན་པོ་འདྲ། །ཕ་བླ་མ་ཁས་དྲག་སྐྱེལ་མ་འདྲ། །འཇིགས་ལས་ཐར་འདོད་བླ་མ་བསྟེན། །འོ་སྐོལ་ནད་པ་ཉམ་ཐག་འདྲ། །ཕ་བླ་མ་འཚོ་བྱེད་སྨན་པ་འདྲ། །ནད་སོས་པར་འདོད་ན་བླ་མ་བསྟེན། །འོ་སྐོལ་ཆུ་ཁའི་མ་གྲོན་པོ་འདྲ། །ཕ་བླ་མ་མཉན་པ་གྲུ་ཐོགས་འདྲ། །ཆབ་སྒྲོལ་བར་འདོད་ན་བླ་མ་བསྟེན། །འོ་སྐོལ་ཚོང་འདུས་འགྲོན་པོ་འདྲ། །ཕ་བླ་མ་ཡིད་བཞིན་ནོར་བུ་འདྲ། །ཚོང་ལེགས་པར་འདོད་ན་བླ་མ་བསྟེན། །འོ་སྐོལ་བརླན་བྲལ་མྱུ་གུ་འདྲ། །ཕ་བླ་མ་སྦྲང་ཆར་ཟིམ་བུ་འདྲ། །འབྲས་ལེགས་པར་འདོད་ན་བླ་མ་བསྟེན། །ཅེས་བླ་མའི་མཚན་ཉིད་མགུར་དུ་གསུངས་པའོ། །དེར་འདུས་པའི་འཁོར་རྣམས་ལ་རྟོགས་པ་དང་གོ་ཡུལ་ཅི་འདུག་ཉམས་ཚད་པའི་ཕྱིར་ཞག་འགའ་ཅུང་གསུང་མི་འབྱོན་པར་སྤྱན་ཕྱོགས་བཅུར་ཡོ་ཡོ་གཟིགས་ཤིང་སྐབས་ཤིག་ཏུ། ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དིར་འདུས་བུ་རྣམས་ལེགས་པར་ཉོན། །སྣང་བ་འདི་ཅི་ཡིན་གོ་ལགས་སམ། སྣང་བ་འདི་ཅི་ཡིན་མ་གོ་ན། །སྣང་བ་འདི་ཅི་ཡིན་སྣང་བ་ཅིག་ཡིན། །དེ་མ་རྟོགས་པ་ལ་འཁོར་བ་སྟེ། །རྟོགས་པ་རྣམས་ལ་ཆོས་སྐུར་སྣང་། །སྣང་བ་འདི་ཆོས་སྐུར་ཤར་ཙམ་ན། །ལྟ་བ་གཞན་ལ་མ་འཚོལ་ཅིག །བློ་ཡི་བཞག་ཐབས་གོ་ལགས་སམ། །བློ་ཡི་བཞག་ཐབས་མ་གོ་ན། །སེམས་ཉིད་འཆོས་སུ་མ་གཞུག་པར། །རང་སེམས་བཅས་བཅོས་མ་བྱེད་ཅིག །རང་ལུགས་བུ་ཆུང་ལྟ་བུར་ཞོག །རླབས་མེད་རྒྱ་མཚོ་ལྟ་བུར་ཞོག །གསལ་བ་མར་མེ་ལྟ་བུར་ཞོག །འགྱུར་མེད་རི་བོ་ལྟ་བུར་ཞོག །སེམས་ཉིད་སྒྲོན་མ་བཏགས་སུ་ཤེས་པ་ཡིན། །ཉམས་ཀྱི་འཆར་ལུགས་གོ་ལགས་སམ། ཉམས་ཀྱི་འཆར་ལུགས་མ་གོ་ན། །ཁྲི་གདུགས་ཙམ་གྱི་མུན་པ་སངས། །རྣམ་རྟོག་གཞན་དུ་སྤངས་པ་མེད། །དེ་གཞི་མེད་རྨི་ལམ་ལྟ་བུར་འཆར། །འཛིན་མེད་ཆུ་ཟླ་ལྟ་བུར་འཆར། །དངོས་མེད་འཇའ་མཚོན་ལྟ་བུར་འཆར། ཕྱོགས་མེད་ནམ་མཁའ་ལྟ་བུར་འཆར། །ཉམས་ཀྱི་འཆར་ལུགས་གོ་ལགས་སམ། །ཉམས་ཀྱི་བཅོས་ཐབས་མ་གོ་ན། །སྐྱི་སེར་ཆེ་ཡང་ནམ་མཁའི་ངང་། །རྦ་རླབས་ཆེ་ཡང་རྒྱ་མཚོའི་ངང་། །ལྷོ་སྤྲིན་ཐུག་ཀྱང་ནམ་མཁའི་ངང་། །ཤེས་པ་འཐོར་ཡང་བྱར་མེད་ངང་། །རིག་པ་ཀློང་དུ་འཛུག་པ་ལ། །རྣམ་ཤེས་རླུང་ཞོན་གདམས་ངག་ཐོང་། །རྣམ་རྟོག་རྐུན་བུ་བྱུང་བ་ལ། །རྐུན་མ་ངོས་འཛིན་གདམས་ངག་ཡོད། །ཤེས་པ་ཡུལ་ལ་འཆོར་བ་ལ། བྱ་རོག་གཟིང་འཕུར་གདམས་ངག་ཐོང་། །སྤྱོད་པའི་སྤྱད་ཐབས་གོ་ལགས་སམ། །སྤྱོད་པའི་སྤྱད་ཐབས་མ་གོ་ན། །སེང་ཆེན་འགྱིང་བ་བཞིན་དུ་སྤྱོད། །འདམ་སྐྱེས་པདྨ་བཞིན་དུ་སྤྱོད། །གླང་ཆེན་སྨྱོན་པ་བཞིན་དུ་སྤྱོད། ཤེལ་སྒོང་ཕྱེས་པ་ལྟ་བུར་སྤྱོད། །འབྲས་བུའི་འཆར་ལུགས་གོ་ལགས་སམ། །འབྲས་བུའི་འཆར་ལུགས་མ་གོ་ན། །མི་རྟོག་པ་ལ་ཆོས་སྐུ་འབྱུང་། །བདེ་བ་ཉིད་ལ་ལོངས་སྐུ་འབྱུང་། གསལ་བ་ཉིད་ལ་སྤྲུལ་སྐུ་འབྱུང་། །གཉུག་མ་ངོ་བོ་ཉིད་ཀྱི་སྐུ། །མི་ལ་མཁས་པའི་སྐུ་གསུམ་ཡོད། །ཆོས་ཀྱི་སྐུ་ལ་དབྱེ་བ་མེད། །ལྟ་བ་སྒོམ་པ་ཉམས་མྱོང་གསུམ། །སྤྱོད་ཐབས་འབྲས་བུ་སྤྱོད་པ་དྲུག །རྣལ་འབྱོར་བློ་ལ་ཤར་ནས་བླངས། །ཞེས་གསུངས། དུས་དེ་ནས་གླུ་ཐམས་ཅད་དོན་སྡུད་དེ། ཞལ་ཆེམས་སུ་བྱོན་པ་ཡིན། ཡང་དབེན་གནས་དེ་ཉིད་དུ་བཞུགས་པའི་དུས་སུ་སྔར་གྱི་འཁོར་དྲུང་ན་ཡོད་པ་རྣམས་ཀྱང་རྟག་ཏུ་བཞུགས། གསར་དུ་འོངས་པ་དང་། ཕྱོགས་རིས་རི་ཁྲོད་དུ་བྱོན་པ་རྣམས་ཀྱང་འདུས་ནས་བྱུང་བའི་དུས་ཤིག་ན། རས་པ་ཞི་བ་འོད་དང་། ངན་རྫོང་བྷོ་ཏེ་རཱ་ཛས་དབུ་མཛད་པའི་གཞི་པ་རྣམས་དང་། སྐྱི་ཐང་བ་རས་པ་ལ་སོགས་ཕྱོགས་ནས་བྱོན་པའི་རས་པ་ཕལ་མོ་ཆེ་དང་། རི་གོང་པ་བཀྲ་ཤིས་བརྩེགས་ལ་སོགས་པ་ཡོན་བདག་རྣམས་ཡོད་པའི་དུས་སུ་ཚོགས་འཁོར་ཅིག་ཞུས་པའི་གྲལ་དུ་ཕྱིན་ནས་འཁོད་པ་རྣམས་ལ་ཞལ་ལྟ་དྲི་རྨེད་ཀྱི་ཕྱིར། ཕ་བླ་རྣམས་ལ་ཕྱག་འཚལ་ལོ། །ཁྱོད་ཕྱོགས་ནས་བྱོན་པའི་ཇོ་བོ་རྣམས། །རོ་སྙོམས་སྤྱོད་པ་བླ་ན་མེད། །ཆོས་བརྒྱད་ཆུ་བོས་མ་ཁྱེར་རམ། །མཐའ་བྲལ་ལྟ་བ་ཟུང་འཇུག་བདེ། །མུ་བཞིའི་གཡང་ལ་མ་ལྷུང་ངམ། །སྒོམ་པ་ཡིད་ལ་མི་བྱེད་པ། །མཚན་མའི་འཇུར་བུས་མ་བཅིངས་སམ། །བདེ་བ་ཆེན་པོའི་ཏིང་འཛིན་ནི། །འདོད་པའི་བདེ་བས་མ་བསླུས་སམ། །ལུས་ངག་བྱིན་གྱིས་མི་རློབ་པར། །མཚན་མའི་ཆོས་སྤྱོད་མི་ཚོར་རམ། །སྣང་བ་བླ་མར་མ་ཤར་བ། རིག་པ་ཡན་པར་མ་ཤོར་རམ། །གསང་སྔགས་བརྡ་ཡིས་སྟོན་པ་ལ། །བརྡ་དོན་མེད་པར་མ་བཤད་དམ། །དམ་པའི་རིག་རྒྱུད་དག་པ་ལ། །རྫུན་དང་གཡོ་སྒྱུས་མ་བསླུས་སམ། །བླ་མ་དམ་པས་མ་གནང་བར། །སྤྱོད་པ་རང་གར་མ་སྤྱད་དམ། །ཡི་དམ་ལྷ་ཡིས་གནང་མོད་ཀྱང་། བདུད་ཀྱི་བར་ཆད་ཆོ་འཕྲུལ་རྣམས། །བྱེ་བྲག་གི་བརྡ་ཡིས་མ་སྤྱད་པས། །བདུད་ཀྱི་དཔུང་གིས་བསླུ་བར་མཆི། །ཞེས་གསུངས་སོ། །དེ་ལྟར་ལྟ་བ་སྒོམ་པ་སྤྱོད་པ་དང་། འབྲས་བུའི་གླུ་དམ་དུམ་གསུངས་པ་དང་། ཆོ་འཕྲུལ་རྣམ་པར་འཕྲུལ་པ་འདྲ་བ་མཛད་དེ། གཞན་ཆོས་གསུངས་པ་ལ་སོགས་ནི་ད་ང་རྒས་པས་ཁམས་ཀྱི་མི་ཕེར་བར་གསུངས། དེའི་སྐབས་སུ་ལྟ་བ་གཏན་ལ་འབེབས་པའི་གླུ། ངས་ལྟ་བ་གཏན་ལ་འབེབས་པ་ན། །ཐོས་པས་ཤེས་རྒྱུད་མ་གྲོལ་ན། །གནས་ལུགས་རིག་པས་མ་རྟོགས་པར། །ལྟ་བ་ཚིག་ཏུ་མི་བཏང་འཚལ། །ཇི་ལྟར་སྣང་བཞིན་གྲགས་པ་བཞིན། །ཕན་གནོད་འབྲས་བུ་གྲུབ་བཞིན་དུ། །ལས་འབྲས་འབྲེལ་པ་མི་དགག་འཚལ། །ཐེག་པའི་ཁྱད་པར་མ་རྟོགས་པར། །རང་སེམས་མིང་ལ་ཞེན་པ་ཡི། །ལྟ་བ་ང་ཡིར་བཟུང་ནས་ནི། །གཞན་ལ་སྐུར་པ་མི་གདབ་འཚལ། །ལྟ་བའི་ཚོམ་མོ། །སྒོམ་ཉམས་སུ་ལེན་པ་ན། །རང་བཞིན་མངོན་དུ་མ་བྱས་པར། །སྒྲོ་འདོགས་ནང་ནས་མ་ཆོད་ཅིང་། །འོད་གསལ་སེམས་ལ་མ་ཤར་ལ། །ཉམས་ཀྱི་རྩ་ཡིས་མ་ཟིན་པར། སྟོང་པའི་རྫོང་ལ་མི་ཞེན་འཚལ། །ཤེས་བྱ་སྣང་སྟོང་ཟུང་འཇུག་ལ། འདོད་པ་རང་ཡན་མི་གཏོང་འཚལ། །སྟོང་དང་སྟོང་པ་མ་ཡིན་ཞེས། །མཚན་མ་ཉིང་ཕུར་མི་གཏོང་འཚལ། །ཟག་བཅས་བདེ་བའི་རྦ་ཀློང་དུ། །རྣམ་རྟོག་རག་པར་ལུས་པ་ཡིན། །བདེ་བའི་རོ་མྱོང་མེད་པར་བྱ། རྟོག་མེད་ཞི་གནས་བརྟན་པ་ལ། །དམ་པ་ཉིད་དུ་མི་བཟུང་འཚལ། །སྒོམ་པའི་ཚོམ་མོ། །སྤྱོད་པ་རོ་སྙོམས་བྱེད་པ་ན། །ཉམས་མྱོང་ཁོང་ནས་མ་ཤར་བར། སྣང་བ་བྱིན་གྱིས་མི་རློབ་པར། །ཡུལ་ལྔ་བདེ་བར་མ་མྱོང་བར། །སྤྱོད་པ་ཐོ་ཅོར་མི་བཏང་འཚལ། །དབང་པོ་རང་སྣང་མ་ཐོབ་པར། །རྣལ་འབྱོར་གྲོང་ཡུལ་མི་ལྡོམ་འཚལ། །མདོ་རྒྱུད་གཉིས་ཀྱི་དྲང་དོན་ལ། དགོངས་པ་ཚུལ་བཞིན་མ་རྟོགས་ཤིང་། །སྤྲོས་པའི་རྟོགས་པ་མ་ཟད་པར། །ལོག་པའི་བརཏལ་ཞུགས་མི་བྱ་ཞིང་། །སྦྱོར་སྒྲོལ་ལམ་དུ་མི་འཁྱེར་འཚལ། །སྤྱོད་པའི་ཚོམ་མོ། །འབྲས་བུ་མངོན་དུ་བྱེད་པ་ན། །རང་སེམས་ངོ་བོ་མ་མཐོང་བར། གཞན་སྤྱོད་སངས་རྒྱས་འཚོལ་བ་ཡི། །རེ་དོགས་མཐའ་རུ་མི་གཏོང་འཚལ། །གཟུགས་སྐུ་གདུལ་བྱའི་སྣང་བ་ལ། །སངས་རྒྱས་སོ་སོར་མི་ཞེན་འཚལ། །རྣམ་རྟོག་ཆོས་སྐུར་ཐིམ་པ་ལ། །ཡོད་པར་དགག་པ་མི་བཟུང་འཚལ། །ཡོན་ཏན་འཕྲིན་ལས་ཞིང་ཁམས་རྣམས། །ཡེ་ཤེས་དག་པའི་སྣང་བ་ལ། ཕྱི་རོལ་ངོ་བོ་མི་བཟུང་འཚལ། །འབྲས་བུའི་ཚོམ་མོ། །ཡང་དེའི་དུས་སུ་ཡོན་བདག་བཀྲ་ཤིས་བརྩེགས་ཀྱིས། རབ་གནས་འདི་ཁྱེད་རང་ལ་ལྟོས་ནས་བཞག་པ་ལགས་པས་འབྱོན་པར་ཞུ་ཞུས་པ་དེ་ལ་གསུངས་པ། ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྣང་གྲགས་བྲག་ཆ་རྟོགས་པ་ཡི། །སྤྱོད་པ་ཤུགས་འབྱུང་མི་བཀག་འཚལ། །མི་ཆེན་ཚུལ་འཆོས་བོར་ནས་བཏང་། །ཁེ་གྲགས་ཇི་ལྟར་དགྱེས་དགྱེས་མཛོད། །ཟས་ནོར་སྒྱུ་མར་ཡིད་ཆེས་པས། །ཐོབ་པའི་ལོངས་སྤྱོད་བཀྱེས་ནས་བཏང་། །བསོད་ནམས་ཇི་ལྟར་དགྱེས་དགྱེས་མཛོད། །འཁོར་གཡོག་སྤྲུལ་པ་ལྟར་ཤེས་ནས། ཕྱོགས་ནས་བྱོན་པའི་མཁས་བཙུན་ལ། །སེམས་འཛིན་ངོ་སྲུང་མ་གྲུབ་ཀྱིས། །གྲྭ་པ་ཇི་ལྟར་དགྱེས་དགྱེས་མཛོད། །མཉམ་པ་ཉིད་ཀྱི་རང་བཞིན་ལ། །ཆགས་སྡང་སྡུག་བསྔལ་རྒྱུར་རྟོགས་ནས། །གདུང་སེམས་ཐག་པ་བཅད་ནས་བཏང་། །ཉེ་རིང་ཇི་ལྟར་དགྱེས་དགྱེས་མཛོད། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །བདག་འཛིན་འཆིང་བའི་རྒྱུར་རྟོགས་ནས། །གཟུང་འཛིན་ལྕགས་སྒྲོག་བཀྲོལ་ནས་བཏང་། །སྡེ་པ་ཇི་ལྟར་དགྱེས་དགྱེས་མཛོད། སེམས་ནི་རང་རིག་འོད་གསལ་ལ། །རྣམ་རྟོག་དྲི་མ་མ་མཐོང་ནས། རྟོག་དཔྱོད་བྱེད་པ་བོར་ནས་བཏང་། །ཐ་སྙད་ཇི་ལྟར་དགྱེས་དགྱེས་མཛོད། །ཅེས་ལྟོས་མེད་དྲུག་གི་མགུར་དེ་གསུངས་སོ། །དེ་ལྟར་རྗེ་བཙུན་ཆེན་པོ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མངའ་བརྙེས་ནས། ཡི་དམ་གྱི་ལྷ་དང་དབྱེ་བ་ཐ་དད་རྡུལ་ཙམ་ཡང་མེད་པ་དེ་ལ་རས་ཆུང་པ་དང་། ངན་རྫོང་བོ་དྷི་རཱ་ཛ་དང་། སློབ་མ་རྣམས་དང་། ཡོན་མོ་ལེགས་སེ་ལ་སོགས་པ་བཅུ་ཙམ་གྱི་དབང་བསྐུར་ཞུས་པས་མཆོད་པ་དང་གཏོར་མ་བཤམས་ནས་ཁྲུས་དང་སྔོན་འགྲོ་བྱས་ཏེ། ཡེ་ཤེས་དབབ་པ་རང་འབར་དུ་བྱུང་། བུམ་དབང་བསྐུར་དུས་རས་ཀྱི་དབུ་བཏུམ་ནས་བཞུགས་པ་ལ་ཁོང་ཚོས་ཞུ་བ་བྱས་པས། རྗེ་བཙུན་གྱིས། ང་མི་ལ་རས་པ་རྒས་ནས་ནི། །དབང་བསྐུར་བདག་གིས་མ་ནུས་པས། །ས་ན་བུམ་པ་བདག་གིས་མཛོད། དེར་སློབ་མ་རྣམས་ཀྱིས། རྗེ་བཙུན་ཆེན་པོ་ངོ་མཚར་ཆེ། དབང་བསྐུར་མ་དགོས་པར་བུམ་པ་རང་བྱོན་དུ་བྱོན་ནས་དབང་བསྐུར་ཞུས་པས། རྗེ་བཙུན་གྱི་ཞལ་ནས། སྙན་བརྒྱུད་དྲི་མེད་དཀྱིལ་འཁོར་དུ། །ཞེན་པ་མེད་པར་མཆོད་པ་བཤམས། །སངས་རྒྱས་ཡེ་ཤེས་ངོ་སྤྲད་པའི། །དྲི་མེད་ཆུ་རྒྱུན་བུམ་དབང་བསྐུར། །དབང་བསྐུར་དེ་ཉིད་ཡིན་ནམ་སྙམ། །དེ་ལ་ངོ་མཚར་སྐྱེས་པ་བཟང་། །ཞེས་གསུངས་སོ། །ཡང་རས་པ་ཞི་བ་འོད་ལ་སོགས་པ་རྣམས་ཀྱིས་རྣལ་འབྱོར་མའི་ཐང་སྐུ་དང་། ཙཀ་ལི་ལ་སོགས་པ་ཁ་ཡར་ཞིག་ལ་རབ་གནས་ཞུས་པས། རབ་གནས་ཀྱི་ཆོ་ག་མཛད་ནས་ཅར་གྱིས་གཟིམས་པས། དེར་རས་པ་ཞི་བ་འོད་ཀྱིས་རྗེ་བཙུན་ཆེན་པོ་ཁྱེད་ལ་མེ་ཏོག་གཏོར་མི་མངའ་ཡང་། ངེད་ཚོའི་སྣང་ངོ་ལ་མེ་ཏོག་གཏོར་བ་ཅིག་མཛད་པར་ཞུ་ཞུས་པས། རང་བཞིན་རྟེན་འབྲེལ་ཟབ་མོའི་ཆོས། །གདོད་ནས་རྣམ་པར་དག་པའི་ངང་། །ང་མི་ལ་རས་པ་རྒས་ནས་ནི། །མེ་ཏོག་འཐོར་བར་ག་ལ་ནུས། །དགོས་ན་ལྷ་རང་མེ་ཏོག་ལོང་། གསུངས་པས་ཐང་སྐུའི་ལྷ་རྣམས་བྱོན་ཏེ། མེ་ཏོག་སྙིམ་པ་རེ་བླངས་ཏེ་ཐུགས་ཀར་བཟུང་ནས་བཞུགས་ཏེ་ཟླ་བ་ཕྱེད་དུ་མ་གོག་པར་གནས་སོ། །དེ་ལ། མི་ལ་རྒས་ནས་མ་ལོང་པར། མཁའ་འགྲོས་དངོས་གྲུབ་མེ་ཏོག་འཐོར། །ཐུབ་པ་ཆོས་ཀྱི་སྐུ་ཅན་གྱིས། །འཇའ་ཚོན་ལྟ་བུའི་རང་བཞིན་གྱིས། །གཟུགས་སྐུ་ཞེན་མེད་མེ་ཏོག་འཐོར། སླར་ཡང་དེ་ཉིད་རང་ལ་ཐིམ། །དེ་ལ་ངོ་མཚར་སྐྱེས་པ་བཟང་། །ཞེས་གསུངས། ཡང་དུས་དེར་སྐྱོ་བསང་ལ་བྱོན་པས་འཁོར་ཀུན་གྱིས། རི་རྩེར་མཐོན་པོ་འདུག་པས་སྐུ་ངལ་འགྲོ་ཞུས་པས། མཐུ་ཆེན་རི་རྩེར་འགྲོ་འདོད་པས། འགྲོ་བར་མི་ནུས་ལུས་པོ་སྒུར། །མི་ལ་རས་པ་རྒས་ནས་གདའ། །གླན་པའི་རི་ཁྱོད་ཅར་གྱིས་ཉོལ། །ཞེས་གསུངས་པས། རི་དེ་ཡུར་གྱིས་ཉལ་ཏེ་རྗེ་བཙུན་གྱིས་ཕྱོགས་སུ་བསྒུར་ནས་བྱུང་། རྗེ་བཙུན་བྱོན་པ་དང་རི་དེ་མཐོ་ཟང་སྟེ་སྔར་བས་ཆེས་མཐོ་བར་སོང་ངོ་། །དེ་ནས་རྗེ་བཙུན་གྱི་དྲུང་དུ་ཡོན་བདག་བཀྲ་ཤིས་བརྩེགས་དང་ལེགས་སེ་གཉིས་ཀྱིས་ཚོགས་དྲངས་ཏེ། ཡོན་བདག་འགས་ཆོས་འབྲེལ་ཞུས་པས་མགུར་འདི་གསུངས་སོ། །འོ་སྐོལ་འགྲོ་བ་འཇིག་རྟེན་པ། །སྐྱེ་རྒ་ན་འཆི་ཆུ་བོ་བཞི། །ཆུ་བོ་འདི་ལས་ཕྱི་མ་ཆེ། །གྲུ་པ་ཚགས་སུ་ཚུད་ལགས་སམ། །བདུད་དང་སྲིན་པོ་གཤིན་རྗེ་གསུམ། །འཇིགས་པ་འདི་ལས་ཕྱི་མ་ཆེ། །སྐྱེལ་མ་གྲབས་སུ་ཚུད་ལགས་སམ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །ཞེ་འདྲིས་འདི་ལས་ཕྱི་མ་ཆེ། །གཉེན་པོ་ཚགས་སུ་ཚུད་ལགས་སམ། །ཁམས་གསུམ་འཁོར་བའི་ཡུལ་པོ་ཆེར། །ཤུལ་ཐག་འདི་ལས་ཕྱི་མ་རིང་། །བརྒྱགས་ཕྱེ་གྲབས་སུ་ཚུད་ལགས་སམ། །ཞེས་གསུངས་པས། བླ་མ་ལགས། དེ་རྣམས་ངེད་ཚོའི་མི་ཤེས་པས་གང་ཡིན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བླ་མ་མཁས་པ་བསྟེན་པ་ལ། །འཁོར་འདས་སྐྱེལ་མ་ཟེར་བ་ཡིན། །སྦྱིན་པ་འཕངས་མེད་གཏོང་བ་ལ། །ལམ་གྱི་བརྒྱགས་ཕྱེ་ཐོག་པ་ཡིན། །ཉམས་མྱོང་མུན་པ་ཟླ་ཤར་འདྲ། །གཉེན་པོ་བཟང་པོ་ཟེར་བ་ཡིན། །བསགས་པ་ཆོས་ལ་བཏང་བ་དེ། །གྲུ་གཟིངས་ཚགས་སུ་འཛུད་པ་ཡིན། །ལྟ་བ་ཕྱོགས་རིས་མེད་པ་ཡིན། །སྒོམ་པ་ཡེངས་སུ་མེད་པ་ཡིན། །དམ་ཚིག་བླ་མ་མཉེས་པ་ཡིན། །འབྲས་བུ་འཆི་ཁར་འགྱོད་མེད་ཡིན། །ཞེས་གསུངས་པས། འཁོར་རྣམས་དད་པ་སྐྱེས་ནས་ལོ་གཉིས་བཤོས་འདྲེན་ཟེར་བ་ལ་མ་གནང་སྟེ་མགུར་འདི་གསུངས་སོ། །གཉེན་དང་ཡོན་བདག་སློབ་མ་གསུམ། །རྣལ་འབྱོར་ང་ལ་དགོས་རྒྱུ་ཆུང་། །ཁྱེད་འཁོར་བ་པ་ལ་དགོས་པ་ཡིན། །ཕྱག་དང་ཞེ་ས་ཚུལ་འཆོས་གསུམ། །ངེད་རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། ཁྱེད་ཆོས་བརྒྱད་མཁན་ལ་དགོས་པ་ཡིན། །རྫས་དང་ཡོ་བྱད་འདུ་འཛི་གསུམ། །རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །མི་ཁེ་གྲགས་ཅན་ལ་དགོས་པ་ཡིན། །ཁྲུས་དང་གཙང་སྦྲ་རྟོག་པ་གསུམ། །ང་རྣལ་འབྱོར་པ་ལ་དགོས་རྒྱུ་ཆུང་། །ཁྱེད་གཞོན་ནུ་མ་ལ་དགོས་པ་ཡིན། །མ་དགོས་བཅུ་གཉིས་བྱ་བ་ལགས། །རྣལ་འབྱོར་རས་པའི་ཁ་པོ་འདི། །སློབ་མ་རྣམས་ཀྱིས་བློ་ལ་ཟུང་། །འདུ་འཛིས་སྐྱོ་ན་དབེན་པ་བསྟེན། །སྙིང་རུས་ཆེ་ན་གཅིག་པུར་སྡོད། །བྱང་ཆུབ་འདོད་ན་སྒོམ་བསྲན་བསྐྱེད། །བདུད་གསུམ་དགྲ་ལས་རྒྱལ་བར་ངེས། །ཞེས་གསུངས་པས་དེ་རྣམས་དད་པ་སྐྱེས་ཏེ་སྣང་བ་ཆོས་ལ་འགྱུར་རོ། །དེ་ཐམས་ཅད་ཆུ་བར་གྱི་སྐོར་རོ།། །།

དེ་ནས་ཡོན་བདག་ལྕམ་མེས་བསྙེན་བཀུར་བྱས་ནས་བསྔོ་བ་ཞུས་པས། བསྔོ་བ་འདི་ལ་ཞིང་། བསམ་པ། དངོས་པོ། ཆོ་ག །བློ། དམིགས་པ། སྨོན་ལམ་དང་བདུན་ལྡན་པ་ཅིག་དགོས་པས་དཀའ་གསུངས་པས་ཡིད་ལ་མེད་པར་འཕགས་མ་སྒྲོལ་མ་ནམ་མཁའ་ལ་བྱོན་ནས་འདི་གསུངས་སོ། །ཨ་ལ་ལ། སྐྱས་བུ་ཆེན་པོ་འཇིགས་མ་དགོས། །ཚོགས་རྣམས་མ་ལུས་ཐམས་ཅད་ཀུན། །སངས་རྒྱས་འགྲུབ་པར་བྱ་བའི་ཐབས། །ང་ལ་ཡོད་པས་ལེན་མོ་མཛོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དགེ་འདུན་བདག་ལ་དགོངས་སུ་གསོལ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །ཐོག་མེད་འཁོར་བ་ཆེན་པོ་ནས། །སྦྱིན་དང་ཚུལ་ཁྲིམས་སྒོམ་པ་ཡི། །དགེ་བགྱིས་བགྱིད་སྩལ་རྗེས་ཡི་རང་། །ད་ལྟར་བགྱིས་པའི་དགེ་བ་འདིས། །སྦྱིན་པ་དམ་པ་སེམས་ཀྱི་ནི། །རྒྱན་དང་ཡོ་བྱད་རྣལ་འབྱོར་གྱི། ཚོགས་སུ་གྱུར་ཏེ་ཕ་མ་དང་། །མཁན་པོ་སློབ་དཔོན་ལ་སོགས་ཀྱི། །ཆེད་དུ་སངས་རྒྱས་ཐོབ་པར་ཤོག །མ་ཐོབ་བར་དུ་བདག་དགེ་འདིས། །ཐེག་ཆེན་བླ་མ་དམ་བསྟེན་ནས། །སྡོམ་གསུམ་གནས་པའི་ལུས་ལྡན་ཏེ། །ཡིད་ལ་འདོད་པ་ཀུན་འགྲུབ་ཅིང་། །ཕན་ཚུན་སྡིག་སོགས་མེད་པར་ཤོག །འདི་ཡང་དགེ་འབྱུང་བསོད་ནམས་ཀྱིས། །ཚེ་དང་བསོད་ནམས་ལོངས་སྤྱོད་དང་། འཁོར་དང་དགེ་སྦྱོར་ལ་སོགས་པ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས། །ཐར་པའི་སྲོག་ཅོད་བྱེད་པ་ཡི། །བར་དུ་གཅོད་པ་ཞི་གྱུར་ཅིག །ཅེས་གསུངས་ནས་བླ་མ་དང་ཐམས་ཅད་ཀྱི་བསྔོ་བ་དུས་གཅིག་ལ་མཛད་དོ། །དེ་ཐམས་ཅད་ལྕམ་མེའི་ཤོལ་བགོས་བའི་སྐོར་རོ།། །།

དེ་ནས་ཡང་རྗེ་བཙུན་དང་། རས་ཆུང་པ་དཔོན་སློབ་གཉིས་སྙེ་ནམ་ཚར་མ་ན་བཞུགས་པའི་དུས་སུ་རྗེ་བཙུན་དུམ་པ་ཅིག་བསྙུང་བ་ལ། རས་ཆུང་པ་གྲོགས་དུ་སྨན་དང་འོ་མ་འཚོལ་དུ་བཏང་བ་ལ་ཡུན་རིང་འགོར་ནས་ད་རེ་ཕྱི་མོ་མ་བྱུང་། དེར་རྗེ་བཙུན་གྱི་དགོངས་པ་ལ། ཁོང་ན་སོ་གཞོན་པས་འདོད་ཡོན་ལ་ཆགས་དགོངས་ནས། སྐུ་རྒྱབ་ལོག་གེ་བསྟན་ནས་བཞུགས་པས། རས་ཆུང་པས་ང་འདོད་ཡོན་ལ་ཆགས་པ་མིན། ཉམས་འདི་འདྲ་བ་སྐྱེས་པ་ཡིན་ཞུས་ནས་མགུར་ཕུལ་བ། བདག་བླ་མའི་དྲུང་དུ་འདུག་པའི་ཚེ། །མཚོན་ངར་མ་ལྟ་བུའི་ཉམས་ཤིག་ཤར། །སྒྲོ་འདོགས་ཆོད་པའི་རྣལ་འབྱོར་བློ་རེ་བདེ། །སེམས་མ་བཅོས་པ་འདི་སངས་རྒྱས་སུ་གདའ། །བདག་གྲོགས་པོའི་ནང་དུ་འདུག་ཙམ་ན། །སྣང་གསལ་མར་མེ་ལྟ་བུའི་ཉམས་ཤིག་ཤར། གདམས་ངག་གསལ་བདེ་འོང་བའི་རྣལ་འབྱོར་བློ་རེ་བདེ། །བདག་གངས་དཀར་རྩེ་ལ་འདུག་པའི་ཚེ། །སེང་གེ་དཀར་མོ་ལྟ་བུའི་ཉམས་ཤིག་ཤར། །གཞན་སྣང་ཟིལ་གྱི་གནོན་པའི་རྣལ་འབྱོར་བློ་རེ་བདེ། །བདག་བྲག་དམར་རྩེ་ལ་འདུག་པའི་ཚེ། །བྱ་རྒོད་པོ་ལྟ་བུའི་ཉམས་ཤིག་ཤར། །སྤྱི་རྒྱ་རླབས་ཀྱིས་གཅོད་པའི་རྣལ་འབྱོར་བློ་རེ་བདེ། །བདག་འཁོར་བའི་འདམ་དུ་འདུག་པའི་ཚེ། །མེ་ཏོག་པདྨ་ལྟ་བུའི་ཉམས་ཤིག་ཤར། །འཁོར་བའི་སྐྱོན་གྱི་མ་གོས་རྣལ་འབྱོར་བློ་རེ་བདེ། །བདག་མི་ཆོས་གསེབ་ཏུ་འདུག་པའི་ཚེ། །དངུལ་ཆུ་དཀར་མོ་ལྟ་བུའི་ཉམས་ཤིག་ཤར། །རེག་ལ་མ་འབྱར་གྱི་རྣལ་འབྱོར་བློ་རེ་བདེ། །བདག་རྒྱལ་ཁམས་ཕྱོགས་མེད་འགྲིམ་པའི་ཚེ། །སྟག་ཆུང་བུང་བ་ལྟ་བུའི་ཉམས་ཤིག་ཤར། །ཆགས་ལ་མ་ཞེན་རྣལ་འབྱོར་བློ་རེ་བདེ། །བདག་ཉ་མའི་ནང་དུ་འདུག་པའི་ཚེ། །ཕ་རྗེ་བཙུན་ལྟ་བུའི་ཉམས་ཤིག་ཤར། །གདམས་ངག་དབྱངས་སུ་ལེན་པའི་རྣལ་འབྱོར་བློ་རེ་བདེ། །སེམས་མ་བཅོས་པ་འདི་སངས་རྒྱས་སུ་གདའ། །ཞེས་ཉམས་ཤར་བརྒྱད་རས་ཆུང་པས་ཕུལ་བས། རྗེ་བཙུན་གྱི་ཞལ་ནས། བུ་ཁྱོད་ལ་ཉམས་དེ་འདྲ་ཡོད་ཀྱང་། ལྟ་བ་འདི་འདྲ་བ་མེད། ཁྱོད་རང་ང་ཡི་གླུ་འདི་ལ་ཉོན་གསུངས་ནས་མགུར་འདི་གསུངས་སོ། །ན་མོ་གུ་རུ། དད་པ་གཏིང་ནས་སྐྱེས་ཙམ་ནས། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །མེ་འོབས་ནང་དུ་ཚུད་པ་འདྲ། མཚོན་བྱེད་སྙན་ཁུང་བརྒྱུད་པ་ཡི། །གདམ་ངག་སྙིང་ལ་ཞན་པ་འདི། །ལན་ཚྭ་ཆུ་ལ་ཐིམ་པ་འདྲ། །ཡེ་ཤེས་ནང་ནས་ཤར་ཙམ་ན། །ཡིན་མིན་ཐེ་ཚོམ་འཕྲེང་བ་དེ། །སྙོམས་བྱེད་རྨི་ལམ་སངས་པ་འདྲ། །ལྟ་བ་བདེ་ཆེན་ཟིན་ཙམ་ན། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །རང་གྲོལ་ཆབ་ཀྱི་ལྦུ་བ་འདྲ། །ཤེས་བྱའི་གཤིས་ལ་ཕེབ་ཙམ་ན། །གནས་ལུགས་རིག་པའི་ཡེ་ཤེས་འདི། །སྤྲིན་ཐག་ཆད་པའི་ནམ་མཁའ་འདྲ། །འབྱུང་བ་དངས་སྙིགས་ཕྱེད་ཙམ་ན། །རང་བྱུང་རིག་པའི་ཡེ་ཤེས་འདི། །དངུལ་དཀར་མེ་ལོང་ཕྱིས་པ་འདྲ། །ཀུན་གཞི་ཆོས་སྐུར་ཐིམ་ཙམ་ན། །སྐྱེ་གནས་སྲིད་ལེན་ཕུང་པོ་འདི། །སྒོ་ང་རྡོག་པས་བརྫིས་པ་འདྲ། །འཛིན་པའི་ཐག་པ་ཆད་ཙམ་ན། ས་མཚམས་སྲིད་པའི་བར་དོ་དེ། །སྦྲུལ་ལས་བྱས་པའི་མདུད་པ་འདྲ། །སྤྱོད་པ་བླང་དོར་གྲོལ་ཙམ་ན། །སེམས་བྱ་བྲལ་ཀྱི་ངང་ལ་གནས་པ་དེ། །རྩལ་གསུམ་རྫོགས་པའི་སེང་གེ་འདྲ། སྣང་གསལ་སྟོང་གསལ་ཡེ་ཤེས་གསལ། །གསལ་བ་གསུམ་དང་འགྲོགས་ཙམ་ན། །སྤྲིན་མེད་མཁའ་ལ་ཉི་ཤར་འདྲ། །ཡུལ་སྣང་དབང་པོ་རྟགས་ཀྱང་འགྱེལ། །སེམས་དང་ཕུང་པོ་འཆིང་ཐག་ཆད། །མི་ལུས་རིན་ཆེན་ཆུད་མ་གསན། །ང་རྣལ་འབྱོར་སོ་ནམ་ཟིན་ནམ་སྙམ། །མི་ཁྱོད་ལ་དེ་འདྲ་ཅང་ཡོད་དམ། །རློམ་སེམས་མ་ཆེ་རས་ཆུང་པ། །ཞེས་གསུངས་པ་ལགས་སོ། །ཡང་རྗེ་བཙུན་གྱིས་གསུངས་པ། གྲོངས་ལ་ཁྱམ་ཁྱམ་རྣལ་འབྱོར་རྣམས། །གཉེན་དང་གྲོགས་ཀྱི་དོན་གཉེར་ཞིང་། །སྤྱོད་པ་ཚུལ་འཆོས་ཐོ་ཅོར་ཤོར། །རིག་སྟོང་དབྱེར་མེད་རྒྱང་དུ་ལུས། །རྣམ་རྟོག་ཁྲོད་ན་ཉོན་རེ་མོངས། །འཆི་ཁར་འགྱོད་དམ་མི་མཆིའམ། །སེམས་ལ་འོད་གསལ་ཤར་བ་ཡིས། །སྐྱེ་མེད་ངོ་བོ་རྟོགས་ཏེ་བདེ། །འདུ་བ་རྣམ་བཞི་འདྲེས་པ་ཡི། །ལུས་ལ་ན་ཚ་མེད་དེ་བདེ། །གཏུམ་མོ་མེ་ལྟར་འབར་བ་ཡི། །འཁྱགས་པའི་བསམ་པ་མེད་དེ་བདེ། །ཁམས་ཀྱི་ཟས་དང་མ་བྲལ་ཡང་། །སངས་རྒྱས་ཅན་གྱིས་བཏེགས་ཏེ་བདེ། དཔོན་མེད་གཡོག་མེད་ངང་གིས་བདེ། །འདི་ཞེས་མེད་པའི་རང་སྤྱོད་བདེ། །བདེ་བས་བདེ་བ་ལོགས་ན་མེད། ཡང་རྗེ་བཙུན་གྱིས་གསུངས་པ། རྗེ་བླ་མ་དམ་པའི་གདམས་ངག་དེ། །ཁ་ཚིག་རྐྱང་པར་མ་ཤོར་དམ། །སོ་སོར་རྟོག་པའི་ཤེས་རབ་དེ། །གཉིས་འཛིན་ཕྱོགས་སུ་མ་ཤོར་རམ། །རྟོགས་པར་བྱེད་པའི་ལྟ་བ་དེ། །གཟུང་འཛིན་དགྲ་ཡིས་མ་ཁྱེར་རམ། །གཉིས་མེད་བསམ་གཏན་བསྒོམ་པ་དེ། །ཟུག་རྔུའི་འཕྲང་ལ་མ་རྡུག་གམ། །རོ་སྙོམས་བྱེད་པའི་སྤྱོད་པ་དེ། །ཐེ་ཚོམ་ཡན་པར་མ་ཤོར་རམ། །མྱ་ངན་འདས་པའི་འབྲས་བུ་དེ། །གཞན་ནས་ཐོབ་ཏུ་མི་རེའམ། །རྒྱུད་ལ་མ་འབྲེལ་ཉམས་མྱོང་དེ། །ལྐོག་ཆབ་བཞིན་དུ་མི་བཏིང་ངམ། སེམས་ཉིད་གཉུག་མ་སྟོང་པ་དེ། །སྒྲོ་སྐུར་གཉིས་ཀྱིས་མ་བསླད་དམ། །རི་ཁྲོད་འགྲིམ་པའི་རྣལ་འབྱོར་ཀུན། །ངོ་སྲུང་བདུད་ཀྱིས་མ་ཁྱེར་རམ། །མ་རིག་འཁྲུལ་པའི་འཁོར་བ་དེ། །རྫ་ཆག་བཞིན་དུ་མ་བོར་རམ། །ཞེས་གསུངས་སོ། །དེ་ནས་རྗེ་བཙུན་སྙེ་ནམ་ཙར་མའི་རི་ལ་བྱོན་པའི་ལམ་དུ་ཡོན་བདག་ཕོ་མོ་མང་པོ་འདུས་པས་ཁྱེད་ཚོ་འདིར་ཅི་ཡིན་གསུངས་པ་ལ། ངེད་ཚོ་གྲོང་སྟོད་ནས་ངེད་ཀྱི་མནའ་མ་ཁྱེར་ནས་འཁྲུག་པ་བྱུང་བས། བླ་མ་ལ་འདུན་མ་ཞིག་ཞུ་བསམ་ཟེར་ནས། མནའ་མ་འདི་ཡིན་ཟེར་བའི་བུད་མེད་རྫོང་མང་པོ་བཏགས་པ་ཅིག་འདུག་པ་ལ། བླ་མའི་ཞལ་ནས། ངས་འདུན་མ་མི་ཤེས། ཕུང་རྡོ་མ་ཁྱོད་ང་ཡི་གླུ་འདི་ལ་ཉོན་གསུངས་ནས་མགུར་འདི་གསུངས་སོ། །མགོ་ལ་རྡོ་ཁུར་གྱི་རང་རྩིས་ཅན། །རང་ལ་རྩོད་མེད་ཀྱི་ཕུང་རྡོ་མ། །མི་ལ་མི་ཤོར་གྱི་རང་རྩིས་ཅན། །ཡུལ་ཁམས་མ་དཀྲུགས་རང་སར་སྡོད། །ཕྱི་ལ་དམར་སྨུག་གི་ནང་རུལ་མ། ཡིད་ལ་ཁྱོ་འདོད་ཀྱི་གཞུང་ངན་མ། །མི་ལ་ཁྱོད་མེད་ཀྱི་གདམས་ང་ཅན། །རྒྱལ་ཁམས་མ་ཕུང་རང་སར་སྡོད། །ནང་ན་སྙིང་མེད་ཀྱི་མགོ་འཕགས་ཅན། །སེམས་ལ་ཁྲེལ་མེད་ཀྱི་བཟང་འདོད་ལ། །གཏམ་ལ་རིན་མེད་ཀྱི་སྒེག་སྒེག་ཅན། །ཕུང་གསུམ་མ་གཡོ་རང་སར་སྡོད། །ལར་ཕུང་གི་རྩ་བ་བུད་མེད་ཡིན། །ཡུལ་ངན་གྱི་ནད་ངན་མི་ངན་ཡིན། །ཡུལ་ངན་དུས་ངན་མནའ་མ་འདི། །ལོད་ལ་རིན་ཐང་ཆེ་བར་འདུག །རྩོག་ལ་རྩོད་མི་མང་བར་འདུག །དེ་འཇིག་རྟེན་བསམ་རླག་སྤྱོད་པ་ཡིན། །གཞོན་འཁྲུག་པ་མ་བྱེད་རང་སྲོག་གཅེས། །རྒན་གཡོ་སྒྱུ་མ་མང་རང་ལ་སྡིག །ཁྲོམ་འདིར་འཚོགས་ཀྱི་ཁ་ལོ་ཆོས་ལ་སྒྱུར། །ཞེས་གསུངས་པས་འཁྲུག་པ་རང་ཞི་ལ་སོང་། ཕྱིས་ཀྱང་ཡུལ་དེར་འཁྲུག་པ་མེད་དོ། །དེར་ཡོན་བདག་ཕོ་མོ་ཚོས་ཆོས་འབྲེལ་ཞིག་ཞུ་ཟེར་བས། མགུར་འདི་གསུངས་སོ། །ཨེ་མ་འགྲོ་བ་འཇིག་རྟེན་པ། །ལུས་གཡུ་ལྗང་བཞིན་དུ་བསྐྱངས་བསྐྱངས་ནས། །རྐྱེན་སྡོང་རྒན་བཞིན་དུ་འགྱེལ་ཞིང་འདུག །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད་དང་། །ནོར་རྫས་སྦྲང་རྩི་བཞིན་དུ་བསགས་བསགས་ཀྱང་། །རྐྱེན་བ་མོ་བཞིན་དུ་འོང་ཞིང་འདུག །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད་དང་། །འཕྱོར་དང་ཁྲ་བཞིན་དུ་པུར་པུར་འདུག་ཀྱང་། །རྐྱེན་འཇའ་ཚོན་བཞིན་དུ་ཡར་ཞིང་འདུག །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད་དང་། །གཉེན་རི་དྭགས་བཞིན་དུ་འགྲོགས་འགྲོགས་ཀྱང་། རྐྱེན་རྔོན་པ་བཞིན་དུ་སླེབ་ཅིང་འདུག །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད་དང་། །བུ་སྒོ་ང་བཞིན་དུ་གསོས་གསོས་ཀྱང་། །རྐྱེན་ལམ་རྡོ་བཞིན་དུ་འཕྲད་ཅིང་གདའ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད་དང་། །བྱད་མེ་ཏོག་བཞིན་དུ་མཛེས་མཛེས་ཀྱང་། །རྐྱེན་སེར་བ་བཞིན་དུ་འགྲིམ་ཞིང་འདུག །སྐབས་སྐབས་སུ་མི་རྟག་སྐྱོ་ཤས་རེ་བསྐྱེད་དང་། །གྲོགས་མ་བུ་བཞིན་དུ་བཟང་བཟང་ཡང་། །རྐྱེན་དགྲ་གཉེན་བཞིན་དུ་འཐབ་ཅིང་འདུག །སྐབས་སྐབས་སུ་སེམས་ཅན་ལ་སྙིང་རྗེ་རེ་སྐྱེད་དང་། །སྐྱིད་ཉེ་བ་བཞིན་དུ་འོད་འོད་ཡང་། །རྐྱེན་རླུང་དམར་བཞིན་དུ་འཚུབ་ཅིང་འདུག །སྐབས་སྐབས་སུ་མ་ནུས་པ་ལ་སྦྱིན་པ་རེ་ཐོང་དང་། །འདིར་འཚོགས་ཀྱི་ཡོན་བདག་ཕོ་མོ་རྣམས། །དམ་པའི་ལྷ་ཆོས་མ་ནུས་ན། ཚེ་རིང་པོར་བསྡད་ཀྱང་ངན་རིང་ཡིན། །ལས་མང་པོ་འབད་པ་སྡུག་ལས་ཡིན། །ཞེས་གསུངས་པས་ཁོང་རྣམས་དད་པ་སྐྱེས་ཏེ་བླ་མ་ཐུགས་མི་བྲེལ་ན། ད་རུང་ཚོགས་གསོག་ཀྱང་འདྲེན། ཆོས་ཀྱང་ཉན་འདོད་ཟེར་བས་མ་བཞེད་དེ་མགུར་འདི་གསུངས་སོ། །གངས་སྟོད་ཀྱི་སེང་གེ་དཀར་མོ་དང་། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། དལ་བས་གངས་དཀར་ལྟོངས་སུ་འགྱིངས། །བྲེལ་བས་ཟུར་ཁ་ཡངས་ལ་འགྲིམ། །དལ་བྲེལ་མེད་པར་དཔའ་ཏིང་ངེ། །ནགས་གསེབ་ཀྱི་སྟག་མོ་རི་བཀྲ་དེ། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །དལ་བས་ནགས་མའི་གསེབ་ཏུ་ཉལ། །བྲེལ་བས་ས་འཕྲང་ཡངས་ལ་འགྲིམ། །དལ་བྲེལ་མེད་པར་འཛུམ་ཁུག་གེ །བྲག་དཀར་གྱི་བྱ་རྒྱལ་རྒོད་པོ་ང་། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །དལ་བས་བྲག་དཀར་རྫོང་ལ་ཉལ། །བྲེལ་བས་ནམ་འཕང་ཡངས་ལ་འཕུར། །དལ་བྲེལ་མེད་པར་མཐོ་ལིང་ངེ། །གུང་ཐང་གི་མི་ལ་རས་པ་ང་། །དལ་ཡང་དལ་ལ་བྲེལ་ཡང་བྲེལ། །དལ་བས་འཇིག་རྟེན་བྱ་བ་བཏང་། །བྲེལ་བས་སྐད་ཅིག་ཡེངས་སུ་མེད། །དལ་བྲེལ་མེད་པར་དགའ་ཡ་ལེ། །ཁྱེད་འདིར་བཞུགས་གྲྭ་པ་ཡོན་བདག་རྣམས། །དལ་བྲེལ་མ་རྩིར་ཆོས་ལ་འབུངས། །ཞེས་དང་། ད་ནི་ཁོ་བོ་ཡུན་རིང་པོར་མི་སྡོད། སྙེ་ནམ་ཙར་མའི་རི་འདི་ལ་ཡུན་རིང་དུ་བསྡད་པས་ཁྱོད་ཡོན་རྣམས་དང་མཇལ་བས་དགའ་གསུངས་ནས། ཡོན་བདག་རྣམས་ལ་ཆོས་མང་པོ་གསུངས་པས་ཆོས་ལ་དད་པ་དང་། འཁྲུག་པ་དང་ནད་ཡམས་ལ་སོགས་པ་མེད་པར་གྱུར་ཏེ། དེ་ཐམས་ཅད་སྙེ་ནམ་རྩར་མའི་སྐོར་རོ།། །།

དེ་ནས་རས་ཆུང་པས་བླ་མ་ལ་ཉམས་ངེས་པ་ཅན་ཡོད་ངེས་པས་ང་ལ་བསྟན་པར་ཞུ་ཞུས་པས། ངས་བསྟན་པར་དཀའ་ཁྱེད་རང་བསྒོམ་དང་ཤེས་ནས་འོང་གསུངས་ད་ཁྱེད་ལོ་དུ་མ་ནས་གྲོངས་ངས་ཀྱང་དེ་སྔ་ཞབས་ཏོག་བྱས་པས། རྟགས་ཅི་འདྲ་འོང་ཞུས་པས། བླ་མའི་ཞལ་ནས། ད་ཁྱོད་ང་དང་འཕྲེང་མི་དགོས་པའི་རྒྱུ་བཞི་ཡོད། འབྱུང་བ་བཞི་ལ་དབང་ཐོབ་པས་ནད་གཡོག་མི་དགོས། ཤི་ཡང་མི་ཡུལ་དུ་རོ་མི་ལུས་པས་རོ་ཁུར་མི་དགོས། གདུང་རིང་བསྲེལ་མཁའ་འགྲོ་མས་མཁའ་སྤྱོད་དུ་གདན་འདྲེན་པས་རོ་མེད། གདམས་ངག་སྒྲོ་འདོགས་ཆོད་པས་གསལ་འདེབས་མི་དགོས། མྱོང་བ་ལ་བརྟན་པ་ཟིན་པས་སྐྱེལ་མ་མི་དགོས། །མཐོང་སྣང་ཡང་གང་ཟག་གི་དབང་པོའི་བྱེ་བྲག་གི་མཐོང་བ་ཡིན། ང་རང་ལ་བར་དོ་མེད། བར་དོ་མི་མཐོང་ངེས། དེ་སྔ་མཐོང་མཐོང་བས་ཟད་ནུས་པ་ཡིན་གསུངས་ནས་མགུར་འདི་གསུངས་སོ། །བླ་མེད་ཐེག་པ་མཆོག་གི་ལམ། །ཤེས་རབ་སྙིང་རྗེ་ལྡན་ཙམ་ན། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །མེ་འོབས་ནང་དུ་ཚུད་པ་ལ། །འབྱུང་བ་དངས་སྙིགས་ཕྱེད་པ་ཡི། །རྣལ་འབྱོར་ལུས་ཀྱི་མེ་ཏོག་རྒྱས། །སེམས་ཅན་འབྲེལ་ཚད་དྲངས་པ་ཡིན། །ཁམས་རང་བཞི་རྣམ་པར་དག་པ་འདི། །ཆུ་ཡི་ནང་གི་གཟུགས་བརྙན་ལྟར། །ཟབ་མོ་སྐྱེ་བ་མེད་པའི་དོན། །མཚོན་བྱེད་ཉམས་ཀྱི་བརྒྱུད་པ་འདི། །གདམས་ངག་སྙིང་ལ་ཞེན་པ་འདི། །ལན་ཚྭ་ཆུ་ལ་ཐིམ་པ་འདྲ། །ཡེ་ཤེས་ནང་ནས་ཤར་བ་ཡིས། །སེམས་དང་ཕུང་པོ་འཆིང་ཐག་གྲོལ། །ཐེ་ཚོམ་ཆོད་པའི་ཤེས་པ་འདི། །ཉམས་བྱེད་རྨི་ལམ་སངས་པ་འདྲ། །ཤེས་བྱ་གཤིས་ལ་ཕེབས་པ་འདི། །ཡུལ་དང་དབང་པོ་རྟགས་གྱེས་ལ། །བདེན་ཞེན་འཐད་པའི་སྣང་བ་འདི། །གཉིས་མེད་ཆབ་ཀྱི་ལྦུ་བ་འདྲ། །རྣམ་དག་ལྟ་བའི་གདིངས་ཟིན་པས། །དོན་དམ་སྒྲིབ་མེད་ཡེ་ཤེས་ཐོབ། །རང་བྱུང་ལྷུན་གྲུབ་གཉུག་མ་འདི། །སྤྲིན་ཐག་ཆད་པའི་ནམ་མཁའ་འདྲ། །སྒོམ་བྱར་མེད་ངང་ལ་གནས་པ་ཡི། །སྣང་གསལ་སྟོང་གསལ་ཡེ་ཤེས་གསལ། །གནས་ལུགས་རིག་པའི་ཡེ་ཤེས་འདི། །དངུལ་དཀར་མེ་ལོང་ཕྱིས་པ་འདྲ། །སྤྱོད་པ་བླང་དོར་མེད་པ་ཡི། །ཐབས་ཀྱི་འཁོར་བར་མི་གནས་ལ། །ཤེས་རབ་གསུམ་གྱིས་གྲོལ་བ་ཡིས། །རྩལ་གསུམ་རྫོགས་པའི་སེང་གེ་འདྲ། །ཀུན་གཞིའི་ཆོས་སྐུར་ཐིམ་པ་ཡི། །ལས་ཀྱི་ས་བོན་གཏིང་ནས་ཟད། །སྐྱེ་གནས་སྲིད་ལེན་ཕུང་པོ་འདི། །སྒོ་ང་རྡོག་པས་རྗི་ང་འདྲ། །གཟུངས་འཛིན་ཐག་པ་ཆོད་པ་ཡི། །སེམས་ཉིད་མ་བུ་མཇལ་དུས་སུ། །སོ་མཚམས་སྲིད་པའི་བར་དོ་འདིར། །རང་གྲོལ་སྦྲུལ་གྱི་མདུད་པ་འདྲ། །ཡོན་ཏན་རྫོགས་པའི་བར་དོ་འདིར། །ཟབ་མོ་སྙན་བརྒྱུད་མཚམས་སྦྱར་ནས། །སེམས་སྐྱེ་མེད་འོད་གསལ་འཕྲོ་དུས་སུ། །མི་ང་ལ་མཐོང་སྣང་སྣ་ཚོགས་འོང་། །ཁྱེད་རྣམས་རང་སྣང་གི་མཐོང་བ་ཡིན། །ཞེས་གསུངས་ནས་རས་ཆུང་པ་ལྷོ་ཕྱོགས་ཀྱི་ཟུར་ཁ། ཤམ་པོའི་གངས། བྱར་པོའི་ནགས། སྒོམ་གནས་རྡོ་བོད་ཀྱི་སོ་མཚམས་སུ་ལུང་བསྟན་ནས་རས་ཆུང་པ་དབུས་སུ་བརྫངས་ཏེ། མ་འགྲོ་བཟླས་དུས་འགྲོ་རང་ཟེར། ད་ནི་མ་སྡོད་སོང་ལ་འགྲོ་དོན་གྱིས་གསུངས་ནས་མགུར་འདི་གསུངས་སོ། །ཕ་ཡི་བུ་ཆེན་རས་ཆུང་པ། །དབུ་རུ་བོད་ཀྱི་དབུས་སུ་སོང་། །བུ་བཞིའི་ནང་གི་དོན་པོ་ཁྱོད། །བླ་མ་སྤྱི་བོར་བསྒོམ་ཞིང་སོང་། །བརྒྱུད་པ་ནང་གི་སྲས་བུ་ཁྱོད། །དམ་ཚིག་ཡེང་མེད་བསྲུང་ཞིང་སོང་། །སྙན་བརྒྱུད་འཛིན་པའི་སྒྲོན་མེ་ཁྱོད། །མ་རིག་མུན་པ་སེལ་ཞིང་སོང་། །སངས་རྒྱས་བསྟན་པའི་སྲོག་ཤིང་ཁྱོད། །སྐལ་ལྡན་རྣམས་ལ་སྤེལ་ཞིང་སོང་། །སྐལ་མེད་རྣམས་ལ་གསང་ཞིང་སོང་། །བསྟན་པའི་སྒྲོན་མེ་འཛུགས་ཤིང་སོང་། །སྐལ་ལྡན་ཐུགས་རྗེས་འཛིན་ཞིང་སོང་། །ལྷོ་ཕྱོགས་ཟུར་ཁ་འགྲིམ་ཞིང་སོང་། །ཤམ་པོའི་གངས་ལ་སྒོམ་དུ་སོང་། །རྡོ་བོད་མཚམས་སུ་དགོན་པ་ཐོབ། །ཅེས་གསུངས་ནས་ལུང་བསྟན་པས། རས་ཆུང་པས་ཕྱག་གསུམ་འཚལ་ནས་མགུར་འདི་ཕུལ་ལོ། །རྗེ་དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ། །དུས་རྒྱུན་པར་བྱིན་གྱིས་བརླབ་ཏུ་གསོལ། །སྔོན་འཁོར་བའི་བཙོན་རར་འཁྱམས་པ་ལ། །ཡང་ཡང་ཐུགས་རྗེའི་ལྕགས་ཀྱུ་ཟུང་། །ད་ཕྱིར་མི་ལྡོག་པ་ཐར་པའི་ཡུལ། །སྐུ་གསུམ་འབྲས་བུའི་རྒྱལ་སར་བྱུང་། །བླ་མེད་མཆོད་པ་རྒྱུན་པར་འབུལ། །ཐུགས་བདེ་ཆེན་ངང་དུ་བཞེས་སུ་གསོལ། །ད་སྣང་བ་ཨ་འཐས་མེད་པ་དང་། །རྣལ་འབྱོར་ཆགས་འཛིན་མེད་པ་དང་། སྡོད་པ་ངེས་པ་མེད་པའི་ཕྱིར། །ཕྱོགས་མེད་ལྡོམ་བུ་རི་ཁྲོད་ཞུ། །རས་ཆུང་མི་འདུག་དབུས་སུ་འགྲོ། །རས་པའི་བུ་ཆེན་རས་ཆུང་ང་། །བླ་མ་སྤྱི་བོར་ཁུར་ཞིང་འགྲོ། །བུ་བཞིའི་དོན་པོ་རས་ཆུང་ང་། །དམ་ཚིག་ཡེངས་མེད་བསྲུང་ཞིང་འགྲོ། །བརྒྱུད་པའི་ཐ་ཆུང་རས་ཆུང་ང་། །སྣོད་ལྡན་རྣམས་ལ་སྤེལ་ཞིང་འགྲོ། །སྣོད་མེད་རྣམས་ལ་གསང་ཞིང་འགྲོ། །སྙན་བརྒྱུད་འཛིན་པའི་སྒྲོན་མེད་ང་། །མ་རིག་མུན་པ་སེལ་ཞིང་འགྲོ། །བསྟན་པའི་སྒྲོན་མེ་རས་ཆུང་ང་། །ཆོས་ཀྱི་རྒྱལ་མཚན་ཕྱར་ཞིང་འགྲོ། །ང་སོང་བའི་ཤུལ་དུ་བླ་མ་རིན་པོ་ཆེ། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །འགྲོ་བའི་མགོན་པོ་བདེ་བར་བཞུགས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུར་གྱུར་བླ་མ་བདེ་བར་བཞུགས། །སྐུ་གསུམ་རང་བཞིན་རྡོ་རྗེ་འཆང་། །མཉམ་མེད་བླ་མ་བདེ་བར་བཞུགས། །མངོན་ཤེས་རིག་པ་རྫུ་འཕྲུལ་ཅན། །ཆོས་ཀྱི་སྤྱན་ཅན་བདེ་བར་བཞུགས། །སྐུ་དྲིན་འཁོར་མེད་རིན་པོ་ཆེ། །མ་རིག་མུན་སེལ་བདེ་བར་བཞུགས། མཇལ་བས་དོན་ལྡན་མཐུ་སྟོབས་ཅན། །བྱང་ཆུབ་ལམ་མཁན་བདེ་བར་བཞུགས། །བདག་གི་བླ་མ་ཀུན་གྱི་བཤེས། །འགྲོ་བའི་སྐྱབས་གནས་བདེ་བར་བཞུགས། །ཞེས་ཞུས་ཏེ་རས་ཆུང་པ་སྤྱན་ཆབ་ཕྲུལ་ལེ་བྱུང་ནས་ཡུས་ཀྱི་བརྣངས་ཏེ་ཚིག་ཐོན་ཡང་དབྱངས་མ་ཐོན་པས། བྱ་འང་ཅིག་གྲག་པའི་སྐད་དེ་ལ་དཔེ་བྱས་ནས་སྨོན་ལམ་དྲུག་གི་མགུར་འདི་ཕུལ་ལོ། །འགྲོ་དྲུག་གི་སེམས་དང་རྒྱལ་བའི་ཐུགས། །རྣམ་རྟོག་གི་དབང་གི་སོ་སོ་སྟེ། །ཆོས་ཉིད་ཀྱི་ངང་དུ་གཅིག་པ་དེས། །རྟོག་མེད་དབྱིངས་སུ་མཇལ་བར་ཞུ། །དགུང་སྔོན་གྱི་དབྱིངས་དང་ཉི་ཟླའི་ཟེར། །གླིང་བཞིའི་དབང་གིས་ཤར་ནུབ་བྱུང་། །འོད་ཟེར་དང་མདངས་ལ་འདུ་འབྲལ་མེད། །དགུང་སྔོན་གྱི་དབྱིངས་སུ་མཇལ་བར་ཞུ། །བོད་ཡུལ་ཆུ་དང་རྒྱ་གར་ཆུ། །ལུང་པའི་དབང་གི་སོ་སོ་སྟེ། །འབྱུང་བཞིའི་ངང་དུ་གཅིག་པ་དེས། །རྒྱ་མཚོའི་ཀློང་དུ་མཇལ་བར་ཞུ། །གཞི་རང་ལ་ཡོད་པའི་ཡེ་ཤེས་དང་། །འཕྲལ་ལ་སྐྱེས་པའི་རྣམ་རྟོག་གཉིས། །ཆོས་ཉིད་ཀྱི་ངང་དུ་གཅིག་པ་དེས། །རྣམ་རྟོག་ཟད་ཙ་མཇལ་བར་ཞུ། །གཅིག་པུར་སྡོད་པའི་རི་ཁྲོད་དང་། མང་པོ་ཚོགས་པའི་གྲོང་ཡུལ་གཉིས། །བཞུགས་ཚུལ་གྱི་དབང་གི་སོ་སོ་སྟེ། །རང་སེམས་དབེན་པའི་དོན་རྟོགས་ནས། །ཡེ་ཤེས་ཀྱི་དབྱིངས་སུ་མཇལ་བར་ཞུ། །ཕ་རྗེ་བཙུན་རི་ལ་བཞུགས་པ་དང་། །རས་ཆུང་དབུས་སུ་འགྲོ་བ་གཉིས། །དམ་ཚིག་མངོན་ལྐོག་མ་མཆིས་པས། །འོག་མིན་གནས་སུ་མཇལ་བར་ཞུ། །ཕ་རྗེ་བཙུན་སྐུ་ཁམས་བདེ་བར་བཞུགས། སྔར་ཡང་བཀའ་དྲིན་ཡང་ཡང་ཆེ། །ད་ཡང་བྱིན་གྱིས་བརླབ་པར་ཞུ། །ཞེས་ཞུས་ཏེ་མིག་མཆི་མས་གང་བཞིན་ཞབས་ལ་འཇུས་ནས་སྤྱི་བོར་བཞག་སྟེ། རྡོ་རྗེ་སྐུ་ཡིས་བྱིན་གྱིས་རློབས། ཚངས་པའི་གསུང་གིས་བར་ཆད་སོལ། །རྟོགས་མེད་ཐུགས་ཀྱི་ལམ་སྣ་དྲོངས། །ཕ་རྗེ་བཙུན་སྐུ་ཁམས་བདེ་བར་བཞུགས། །བུ་རས་ཆུང་དབུས་སུ་འགྲོ་བ་ལ། །བཀའ་དྲིན་གྱི་སྐྱེལ་མ་ད་དུང་མཛོད། །ཞེས་ངུ་ཞིང་ཞུས་པས་རས་ཆུང་པའི་དབྱངས་ལ་སྙན་པ་དེས་རྗེ་བཙུན་ཡང་ཐུགས་གཡོ་བ་བྱུང་ངོ་། །དེ་ནས་བླ་མས་རས་ཆུང་པའི་ལག་པ་ནས་བཟུང་སྟེ་སྙན་བརྒྱུད་ཀྱི་གདམས་ངག་རྗེ་གནང་རྫོགས་པར་གནང་ནས་འདི་གསུངས་སོ། །བུ་ལྟ་བ་ཕྱོགས་རིས་མ་བྱེད་ཨང་། །སྒོམ་པ་རི་ཁྲོད་ཟུང་ཤིག་ཨང་། །སྤྱོད་པ་གྲོགས་ངན་སྤོངས་ཤིག་ཨང་། །དམ་ཚིག་སྣང་བ་བསྟུན་ཅིག་ཨང་། །འབྲས་བུ་འཆི་བ་སོམ་ཤིག་ཨང་། དེ་ལྟར་དུ་ནུས་ན་ཐམས་ཅད་ཚུར་ལ་སྟོན་མཁན་གྱི་བླ་མ་ནི་ང་དང་འདྲ་བ་ཡང་ནས་ཡང་དུ་འོང་། ངས་ཡང་དང་ཡང་དུ་ཉུལ་ལོ་གསུངས་པས། རས་ཆུང་པ། ད་གདམས་ངག་མ་ལུས་ཨང་ཞུས་པས། གཅིག་ལུས་ལ་འགོལ་སར་ཆས་ལ་བསྟན་གསུངས་པས་ཅི་ཡིན་བསམ་ཙ། བླ་མས་རས་ཆུང་པའི་མགོ་ལ་ཕྱག་གིས་བརྒྱབ་སྟེ། འཆི་བ་འཆི་བ་འཆི་བ། ཏུག་གེ་ཏུག་གེ་ཏུག་གེ །ས་ན་ས་ན་ས་ན། འོང་ངོ་འོང་ངོ་འོང་ངོ་གསུངས་ཏེ། ཁོང་དང་བསྒོམས་བསྒོམས་པའི་འཕོང་སྤྲེའུའི་འཕོང་བཞིན་ཤ་རོ་དང་། རྨེན་པོར་སོང་བ་དེ་བསྟན་ནས་འདི་བས་ཟབ་པ་མེད་གསུངས་སོ། །དེ་ནས་རས་ཆུང་པ་ཁོ་ཐག་ཆོད་ནས་དབུས་སུ་སོང་ངོ་། །དེ་ཐམས་ཅད་དབུས་གཏད་ཞལ་ཏའི་སྐོར་རོ།། །།

དེ་ནས་ལྷ་ཅིག་གིས་མཛེ་ཕོའི་གཡོག་དང་བོང་སྣ་ཁྲིད་ཅིང་ཡོད་པ་ལ། མི་གཅིག་གིས་རས་ཆུང་པ་རོང་སོག་རྩེ་གོང་དུ་བཞུགས་ནས་མཛེ་ནད་བརྒྱ་རེ་ཕན་ཟེར་བས་དེ་མ་ཐག་ཏུ་ལྷ་ཅིག་སྤྲང་ཞིང་འོང་བས་རས་ཆུང་པའི་དྲུང་དུ་སླེབ། རིན་ཆེན་གྲགས་ཀྱིས་རས་ཆུང་པ་ལ་ཞུས་པ། མོ་གཡུ་ལ་དགའ་བ་ཅིག་ཡོད་གསུངས་ནས་གཡུ་དྲུག་དཀར་སྤར་བ་གང་བསྐུར་བས་འདི་ཁྱེར་ལ་སོང་གསུངས་པས། མོ་ལ་གཡུ་མི་དགོས་བཤགས་པ་བྱེད་དུ་འོང་བ་ཡིན། བཤགས་པ་དང་དུ་མི་ལེན་ན་གསོན་སྡུག་པས་ཤི་བ་སྐྱིད་ཟེར་བ་ཞུས་པས། འོ་ན་ངེད་གཉིས་ཀྱི་བར་དུ་རས་ཀྱི་ཡོལ་བ་ཐོང་ལ་འོང་ཆུག་གསུངས་ནས་ནང་དུ་འོང་མ་འོང་ལ་ཡུས་ཀྱི་བརྣངས་ཏེ་གླུ་འདི་ཕུལ་ལོ། །ཕ་བཤགས་པ་དང་དུ་བཞེས་པར་ཞུ། །ཕ་བཤགས་པ་དང་དུ་མི་ལེན་ན། །སྡུག་གྲི་གུ་སོར་གསུམ་སྙིང་ལ་འཛུག །ཚེ་འདི་ཡི་འདུ་བྱེད་ཀྱི་གུམ་པ་ལ། །གཏམ་སྙན་པའི་བཟང་ངན་ཅི་སྒྲོགས་པ། །ཕ་རས་ཆུང་པ་ཡི་ཐུགས་ཀྱིས་མཁྱེན། །ལར་མི་ཤེས་མུན་པ་སེལ་བ་དཀའ། །འགྱོད་པ་ཆེ་སྟེ་བྱ་ཐབས་མེད། །ལས་ངན་ལས་ཀྱི་ལ་ཡོག་དེ། །ཚེ་འདི་ལ་སྨིན་པ་ནུས་པ་ཆེ། །ལུས་ངན་གྲིབ་མའི་མཛེ་གྲོགས་དེ། །སྡུག་བསྔལ་ནད་ཀྱིས་གདུང་བ་ལ། །སྙིང་རྗེ་དང་བྱིན་རླབས་མ་ཆུང་བར། །ཐུགས་རྗེའི་ལྕགས་ཀྱུས་དམ་དུ་ཟུང་། །ཞེས་ཞུས་པས། རས་ཆུང་པས་སྡིག་སྦྱོང་མགུར་འདི་གསུངས་སོ། །ཤོ་ལ་ཙ་མ་ན་ང་རེ་འཇིགས། །བླ་མ་རྡུང་བའི་མཐུ་མོ་ཆེ། །སྦར་ཤད་བྱེད་པའི་སེན་རྣོན་མ། །དཔེ་བུམ་འཕྲོག་པའི་དབང་མོ་ཆེ། །སྐྱག་ཁ་ཟློ་བའི་སྨྲ་མཁན་མ། །ཁྱོད་དང་རྣལ་འབྱོར་བདག་ཅག་གཉིས། །སྔོན་ལས་རྐྱེན་གྱིས་ལྷན་དུ་འཛོམ། །རང་ལེན་རང་གི་སྡུག་བསྔལ་སྤྱོད། །ཁྱོད་རིན་སྲོག་དང་དེས་བྲལ་བྱས། །ཁྱོད་བླ་མ་བསྐྱུར་ནས་ཞང་དང་འགྲོགས། །ནད་གཡོག་གི་སྡུག་བསྔལ་མ་སྤྱད་དམ། །རྒྱལ་མཁར་བཞག་ལ་སྒོ་ཞུག་འགྲིམ། །མི་ཁའི་དམག་གིས་མ་བསྐོར་རམ། །རྟ་ཕོ་བཞག་ནས་བོང་སྣ་ཁྲིད། །ཡི་མུག་རྒྱུན་དུ་མ་སྐྱེས་སམ། །ནོར་གསོག་འཇོག་བཞག་ན་རྡོག་ཁམས་སྒུག །མུ་གེའི་རྫོང་ལ་མ་བསྡད་དམ། །ཐེ་ཕྲུག་བཞག་ནས་ར་སླག་གྱོན། །ཤིག་སྲོ་མའི་བུ་ལོན་མ་ཆགས་སམ། །ཞེས་གསུངས་པས། མོ་ཡིས་གླུ་འདི་ཕུལ་ལོ། །ཕ་ཡི་བུ་ཆེན་རས་ཆུང་པ། །རྗེ་རས་ཆུང་པ་ལ་གསོལ་བ་འདེབས། །ང་སྐྱེ་སར་སྐྱེས་པའི་རང་རྩིས་དང་། །སྒྱུ་མ་ནོར་གྱི་རང་མཐོང་དང་། །བསམ་པ་བརླག་པའི་སྤྱོད་པ་དང་། །རང་འབྱོར་ཆེ་བའི་རང་དབང་དང་། །ཞེ་སྡང་འཁྲུགས་པའི་ང་རྒྱལ་གྱིས། །ཕ་བླ་མའི་བུ་ལ་གནོང་འགྱོད་ཤོར། །ང་ལྷ་མི་ཁྲོས་པས་མཚར་ཟློས་བྱས། །ཚང་ཟླ་རོགས་མོས་ཞེ་ཁྲེ་ལ་བཅུག །རྒྱལ་པོ་ཕ་ཡིས་ཁྲིམས་ལ་གཏད། །ལ་ཡོག་ཁྲེལ་གྱི་མཛེ་ཕོས་སླེབ། །སྡུག་བསྔལ་སྤྲང་གི་ཐ་མས་བསྐོར། །ར་སླག་དུག་པོ་དགུ་བརྩེགས་ལ། ཤིག་སྲོ་མའི་བུ་ལོན་འཁོར་སྙམ་མེད། །བོང་སྣ་མཛེ་ཕོའི་ནད་གཡོག་ལ། །སྡུག་བསྔལ་ཡི་མུག་མཛད་སྙམ་མེད། །ད་བཤགས་པ་དང་དུ་ལེན་པར་ཞུ། །བཤགས་པ་དང་དུ་མི་ལེན་ན། ནམ་ཡང་སྡུག་གྲིར་འཆི་བ་ལ། །ཕ་རྗེ་བཙུན་ཁྱེད་ཀྱི་དྲུང་དུ་འགུམ། །བདག་ལྷ་ཆོས་སྙིང་ནས་བསམ་སྟེ་མཆི། །ཁྱེད་མ་བརྗེད་ཐུགས་རྗེས་བཟུང་དུ་གསོལ། །ཞེས་ཞུས་པས་རས་ཆུང་པ་སྙིང་རྗེ་སྐྱེས་པས་གསེར་མང་བ་ཞིག་བླ་མས་བསྐུལ་ཡོད་པ་མོ་ལ་བྱིན་ནས་མགུར་འདི་གསུངས་སོ། །སྐྱེས་མཆོག་མི་ལའི་སྐུ་ལ་གསོལ་བ་འདེབས། །བཀའ་དྲིན་ཡང་ཡང་ཟིན་པར་ཐུགས་རྗེ་ཟུང་། །ཁྱེད་སྔར་དང་མི་འདྲ་བླ་བོ་བཤན། །ང་བླ་མའི་དྲུང་དུ་བྲོས་ནས་སོང་། །འོ་སྐོལ་འཐབ་གཞིའི་གཡུ་མོ་ཆེ། །མཎྜྻལ་སྟེང་དུ་བཞག་ནས་འདུག །དེ་མཐོང་སོ་སོ་བ་སྤུ་གཡོ། །སྔར་དབུས་སུ་མ་འགྲོ་མ་འགྲོ་གསུངས། །ད་དབུས་སུ་སོང་ཅིག་སོང་ཅིག་གསུངས། །དེ་དྲན་ཞིང་ཁོ་བོ་ངོ་མཚར་སྐྱེས། །ཕ་རྗེ་བཙུན་དེ་ཡི་རྣམ་ཐར་ལ། །གསེར་དང་ས་རྡོ་ཁྱད་པར་མེད། །གསེར་འདི་ཁྱེར་ཅིག་ཁྱེར་ཅིག་གསུངས། །དེ་དྲན་ཞིང་ཁོ་བོ་ཡི་རང་སྐྱེས། །ཕ་ཡིས་གནང་བའི་གསེར་འདི། །སངས་རྒྱས་སྐུ་འདྲ་མང་དུ་བཞེངས། །དེས་ལུས་ཀྱི་སྒྲིབ་པ་འདག་པ་ཡིན། །གཟུངས་སྔགས་ཆོ་ག་མང་དུ་ཐོན། །དེས་ངག་གི་སྒྲིབ་པ་འདག་པ་ཡིན། །མཆོད་རྟེ་ཚྭ་ཚྭ་མང་དུ་གྱིས། །དེས་ཡིད་ཀྱི་སྒྲིབ་པ་འདག་པ་ཡིན། །ནང་དུ་རང་སེམས་དཔང་པོར་ཞོག །དོན་དུ་སྙན་བརྒྱུད་གདམས་ངག་སྒོམ། །ཡང་ཡང་རྗེ་ལ་གསོལ་བ་ཐོབ། །སྐབས་སུ་འགྱོད་པ་ཡང་ཡང་བསྐྱེད། །དེ་ལྟར་མཛོད་དང་དོན་ཆེན་འགྲུབ། །ཅེས་གསུངས་པས་མོ་དགའ་སྟེ། གསུངས་པ་བཞིན་བྱས་ནས་ཕྱག་དང་བསྐོར་བ་མང་དུ་བྱས་ཏེ་སྨྱུགས་ཁམས་ཀྱང་ཇེ་བདེ་ལ་སོང་ནས་མཛེ་ཕོ་དང་ལྷ་ཅིག་གཉིས་ཀའི་མཛེ་སོས་སོ། །དེ་ནས་སྙན་བརྒྱུད་ཀྱི་ཁྲིད་གནང་ནས་བསྒོམ་དུ་བཅུག་པས་ཉམས་རྟོགས་པ་སྐྱེས་ཏེ་རང་བྱུང་གི་གྲུབ་ཐོབ་མ་བཟང་མོ་ཞིག་བྱུང་སྟེ། ཕར་ལ་ཁྲིད་འདེབས་ནུས་པ་ཅིག་བྱུང་ངོ་། །རས་ཆུང་པ་དབུས་སུ་ལན་གཉིས་བྱོན་པའི་ཕྱི་ཐ་ལ་བླ་མས་ལུང་བསྟན་ནས་ལྷ་ཅིག་ལ་སོགས་པ་མཛེ་ཕོ་མང་པོ་སྨིན་པར་མཛད་ཅིང་གྲོལ་ནུས་པའོ། །དེ་ཐམས་ཅད་རོང་སོག་རྩེ་གོང་གི་སྐོར་རོ།། །།དེ་ནས་རྗེ་བཙུན་གྱིས་སྙེ་ནམ་པའི་མི་དང་མ་འཕྲད་པ་ཐམས་ཅད་ཤོག་གྱིས་ལ་སྐད་ཐོང་། ང་དང་འབྲེལ་པ་ཡོད་པ་རྣམས་ཀྱིས་ཚོགས་འཁོར་རྒྱུ་རེ་ཁྱེར་ལ་ཤོག་གསུངས་ནས། དེར་ཐམས་ཅད་ཚོགས་པ་དང་ཚོགས་འཁོར་དང་། དཀྱིལ་འཁོར་དང་ཆབ་གཏོར་མང་དུ་མཛད་བཅུག་པ་ལ། ནམ་མཁའ་ནས་འཇའ་འོད་ཀྱི་གུར་དང་མེ་ཏོག་མང་པོ་བབས་པས་འདི་རྣམས་ཅི་ཡིན་ནམ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ནམ་མཁའ་ཆོས་དབྱིངས་དག་པ་ལ། །ལྷ་དང་ལྷ་མོའི་ཆོས་ཉན་སླེབ། །ཁྱོད་སྐྱེ་བོ་ཕལ་པས་ག་ལ་མཐོང་། །ངས་ནི་ཐམས་ཅད་ས་ལེར་མཐོང་། །འདིར་ཚོགས་ཁྲོམ་པ་ཆོས་ལ་ཉོན། །སྔོན་ནས་ལས་ངན་བསགས་བསགས་པས། །མ་ལ་སྐྱེས་ནས་སྡིག་ལས་དགའ། །ཅིས་ཀྱང་དགེ་བ་མི་འདོད་ཅིང་། །རྒས་ཀྱང་བསམ་པ་མི་དགེ་བ། །ལས་ཀྱི་རྣམ་སྨིན་དུ་བ་ཡིན། །སྡིག་དེ་བཤགས་པས་ཨེ་འདག་པ། །དགེ་བ་དྲན་ན་འདག་པ་ཡིན། །ལར་བསམ་པ་ཤེས་ལ་སྡིག་སྤྱོད་པ། །ཁམས་ཟན་གཏམ་ངན་རྗེ་བ་ཡིན། །རང་ཡང་གར་འགྲོ་མི་ཤེས་པས། །རོག་ལ་གནོད་པ་སྣ་ཚོགས་པ། །རང་གི་སྡུག་བསྔལ་སྣ་ཚོགས་སྤྱོད། །ད་ངེས་པར་སྡུག་བསྔལ་མི་འདོད་ན། །གཞན་ལ་གནོད་པ་ཐམས་ཅད་སྤངས། །ལྷ་དང་བླ་མའི་ཞབས་དྲུང་དུ། །སྡིག་པ་འགྱོད་པས་བཤགས་པ་གྱིས། །ཕྱིན་ཆད་མི་བྱེད་དམ་བཅའ་ན། །མྱུར་དུ་དམ་པའི་སྡོམ་པ་ཡིན། །ལར་སྡིག་ཅན་ཕལ་ཆེར་དབང་པོ་ཉམས། །བསྲན་ཚུགས་མེད་པར་ཡེངས་ལ་དགའ། །ཆོས་ཀྱི་སྣང་བ་བྲལ་སྙམ་ན། །ད་རུང་ལས་ངན་ཡོད་རྟགས་ཡིན། །དེ་ལ་བཤགས་པ་ཡང་ཡང་གྱིས། །ཞེས་གསུངས་པས་ཁྲོམ་པ་རྣམས་ཀྱིས་བཤགས་པ་བྱས། སྡིག་པ་འབུལ་མཁན་ཡང་མང་དུ་བྱུང་། ཉ་པ་ཅིག་གི་ཉ་རྒྱ་ཞིག་ཕུལ་བས། ཁྱོད་ཀྱི་ཉ་ཅི་ཙམ་བསད་ང་ལ་འདི་འབུལ་ནས་ཅི་བྱེད་གསུངས་པས། རྒྱ་སོ་མ་ཞིག་བྱས་ཡོད་པས་འདི་འབུལ་བ་ཡིན་ཞུས་པས། བླ་མའི་ཞལ་ནས་ཨ་མཚར་པོ། རྒྱ་སོ་མ་བྱས་ནས་རྙིང་པ་ཕུལ་བས་ཕན་པ་མེད། ཉ་གཏིང་ནས་མི་གསོད་པར་ཁས་ལོང་གསུངས་པས། དེས་ན་ང་ལྟོགས་གྲིར་འཆི། ཉག་ཉོག་ཡང་མང་ཞུས་པས། ཁྱོད་ལྟོགས་གྲིར་མི་འཆི་བའི་ཁག་ངས་ཁུར། དེ་བས་ང་ཡི་གླུ་འདི་ལ་ཉོན་གསུངས་ནས་མགུར་འདི་གསུངས་སོ། །མ་ཀི་རྒྱ་ནག་གི་ཤན་པ་དེ། །མི་རང་བས་བཟང་བ་མང་པོ་གསོད། །མི་ཤ་ལ་དང་ཁ་མི་ལོག་པར། །མི་ཤ་ཟོས་ཟོས་གོད་ཤ་རླག །ལུས་ལག་ཁོག་ཙམ་དེ་མ་སོས་པས། །ལས་དེ་འདྲ་བྱེད་ཅིང་དམྱལ་བར་འགྲོ། །ལས་དེའང་བསམ་ན་སྙིང་རླུང་ལྡང་། བུ་ཉ་པ་སྡིག་པ་ཕུལ་དང་སྐྱིད། །མ་ཀི་ལྷོ་མོན་གྱི་ས་མཐའ་ན། །མ་རྒན་མོ་གསོད་ནས་མནའ་མ་ལེན། །ཞིང་ངན་པ་ཁྱི་ཕག་ཞབས་ཏོག་བྱེད། །ལས་ངན་པ་མ་ཤ་བུ་ཡིས་ཟ། །སྡིག་ཆེན་པོ་ཕ་མ་གསོད་པའི་མི། མནར་མེད་ཀྱི་དམྱལ་བར་རྒྱུན་དུ་བསྲེགས། །ལས་དེ་འདྲ་གྲུབ་པའི་གོ་ཆོད་པོ། །འདི་འདྲ་དྲན་ཞིང་སྣང་བ་ཡང་ཡང་འཁྲུགས། །བུ་ཉ་པ་སྡིག་པ་ཕུལ་དང་བརྒྱགས། །བྱང་རེའུ་ལུག་སྐྱོང་བའི་འབྲོག་པ་རྣམས། །རེའུ་ལུག་བུ་ཕྲུག་བཞིན་དུ་གསོས་གསོས་ནས། །ཡར་ཚར་ཙ་རྒྱབ་ལ་མྱོང་མྱོང་བྱེད། །གང་ཚོ་གང་ཚོར་ངན་སྔགས་འདེབས། །རང་བས་དྲུང་བ་མྱགས་སེ་གསོད། །ཁྱིམ་ནི་གཤིན་རྗེའི་ཁང་པ་བཞིན། །ཉིན་གཅིག་བདེ་སྐྱིད་དེ་ལ་རག །དེ་ཞོ་བལ་བྱིན་པའི་དྲིན་ལེན་ཡིན། །དེ་དྲན་ཞིང་མཆི་མ་ཁོང་ནས་འཁྲུགས། །བུ་ཉ་པ་སྡིག་པ་ཕུལ་ན་དགའ། །ཕ་ཀི་བྱང་ཁའི་རི་ཤི་དེས། །སེམས་ཅན་གང་མཐོང་ཟས་སུ་མཐོང་། །ཉེས་མེད་སེམས་ཅན་གསོད་ལ་དགའ། །དྲུང་དྲུང་ཅོར་ཅོར་མགོ་པུག་ལ། །ཡ་ང་བག་ཙམ་མི་སྐྱེ་བར། སྤྲུ་ཟིང་ངེ་ཁུར་ནས་ཕོ་བྱས་སྙམ། །ཁ་བྱི་ཁུང་ཙམ་ཅིག་མ་སོས་པས། །ལས་དེ་འདྲ་བྱེད་ཅིང་དམྱལ་བར་འགྲོ། །འདི་དྲན་ཅིང་བསམ་པ་ཡང་ཡང་འཁྲུགས། །བུ་ཉ་པ་སྡིག་པ་ཕུལ་ན་དགའ། །ནུབ་ཀྱི་མ་སང་མཚོ་འགྲམ་ནང་། །ཁྱོད་ཉ་པ་རྒད་པོས་ཉ་རྒྱ་བསྒྲུབས། །རྒྱ་རྩིང་ཞིབ་གསུམ་དུ་ཡོད་དོ་སྐད། །ཉ་ཆེ་ཆུང་གསུམ་དུ་འཛིན་ནོ་སྐད། །ངན་ལ་མགོ་དྲུང་བསམ་རླག་པོ། །ཉ་མང་དུ་སོད་ཀྱང་ལྟོགས་སུ་འགྲོ། །ཁ་ཐོགས་བརྒྱ་བརྒྱ་ལྟོ་ཐོབ་རེ། །དྲུང་ཧྲོག་གེ་ཟ་བ་ཁ་མི་གཡའ། །ལར་སྙིང་རྗེ་འདི་ནི་གོལ་ས་ཆེ། །བུ་སྨད་སྙིང་རྗེས་གསོའོ་སྐད། །ཚང་ཕུང་རྫ་ལོག་བྱུང་ན་ཅི་མ་རུང་། །ལས་དེ་འདྲ་སྤྱད་ཅིང་གསོ་གསོ་ཡང་། །ཕ་མ་བུ་གསུམ་དམྱལ་བར་འགྲོ། །ཕན་འདོགས་གནོད་པས་འཇིགས་པའི་རྒྱུ། །ཕན་དེ་འདྲ་མ་བྱེད་ལྷ་ཆོས་མཛོད། །ང་འདི་འདྲ་དྲན་ཞིང་ཡི་མུག་འཁྲུགས། །བུ་ཉ་པ་སྡིག་པ་ཕུལ་དང་བཟང་། །ཞེས་གསུངས་པས་ཉ་པ་དད་པ་སྐྱེས་ནས་མཆི་མ་མང་པོ་བྱུང་ནས་དེས་རྐྱེན་བྱས་ཏེ་སྡིག་པ་བྱེད་མཁན་རྣམས་སྙིང་ཚ་ཚ་ཟིང་སོང་བས། རི་དྭགས་ཁྱོད་ཚད་ཀྱིས་ཕུལ་ལོ། །ཉ་པས་ཉ་རྒྱ་དང་སྡིག་པ་ཕུལ། སྲོག་སྡོམ་བླངས་ནས་ཕ་མ་བུ་གསུམ་གྱིས་མ་ཎི་དུང་ཕྱུར་རེ་རེ་ཁས་བླངས་པས་ཉ་པ་སྐྱིད་པ་དང་དར་བརྒྱགས་སུ་སོང་ནས། ཤི་བའི་དུས་སུ་ཡང་ཕ་མ་བུ་གསུམ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །དེ་ལ་བརྟེན་ནས་རྗེ་བཙུན་དང་མངོན་དགའི་ཞིང་དུ་མཇལ་ལོ། །དེ་ནས་ཡོན་བདག་གཅིག་གིས་ངེད་འདི་ཚོས་སྡིག་པ་མི་བྱེད་བསམ་ཡང་། འཇིག་རྟེན་པའི་ལས་འདི་སྡིག་པ་རེ་མི་བྱེད་པའི་ཐབས་མ་བྱུང་། དཔོན་དང་རྗེ་བོ་དང་ཆེན་པོ་རྣམས་ཀྱང་སྡིག་པ་ལ་མཉེས་པར་འདུག །སྡིག་ནུས་ཚད་རྒོད་པོར་རྩི་བ་གདའ། ཁོང་མི་ཆེ་ཆེ་དང་དབང་ཆེ་ཆེ་ལ་ཞལ་ལྟ་རེ་མཛོད། །ཞེས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །འོ་ན་ཡོན་བདག་བསམ་པ་ཅན། །བསམ་པ་བཟང་པོའི་ཁ་ཚིག་ལེགས། །ཆེན་པོ་ལུས་ངན་ལས་ཀྱིས་འཁྲུལ། །རྒྱལ་ངན་མི་ངན་གྱི་ཁ་ལ་ཉན། །དཔོན་ངན་གཡོག་གི་ཁ་ལོ་སྒྱུར། །མི་ངན་ཁ་ཡི་ཟས་ལ་གཉག །བསམ་ངན་འཁྲུགས་པའི་ཕུང་གཞི་བསྐུལ། །འདི་བསམ་ན་རྣལ་འབྱོར་ཞེན་པ་ལོག །བུ་དད་ཅན་དམ་པའི་ལྷ་ཆོས་མཛོད། །ལར་རིང་པོར་མི་སྡོད་འཆི་བ་ལ། །རྟ་བརྒྱ་བརྒྱ་ཡོད་ཀྱང་རྐང་ཐང་འགྲོ། །གོས་བརྒྱ་བརྒྱ་ཡོད་ཀྱང་གཅེར་བུར་འགྲོ། །འབྲི་བརྒྱ་བརྒྱ་ཡོད་ཀྱང་བེའུ་རྐེད་བསྐྱུ། །ནོར་སྡུག་གསོག་བྱས་ཀྱང་མི་ཡིས་སྤྱོད། །ཁྱེད་ཕྱུག་པོའི་ནོར་ལ་ཞེན་པ་ལོག །བུ་དད་པ་ཅན་ཡོད་ཚད་ཆོས་ལ་ཐོང་། །དམག་བརྒྱ་བརྒྱའི་ནང་ནས་རང་མགོ་ཐོན། །འཐབ་ཚོད་དང་འབྲོས་ཚོད་མི་ཤེས་པར། །འཁྲུག་པའི་སྣ་ལ་རང་སྲོག་གཏོང་། །ཁོ་ཤི་བས་ཕན་པ་ཡོད་དོ་སྐད། །ཁྱེད་དཔའ་བོས་འཐབ་མོ་ཤིན་ཏུ་འཇིགས། །བུ་དད་པ་ཅན་བཟོད་པ་སྒོམས་ཤིག་ཨང་། །གོང་དུ་ཆོས་རྒྱལ་གྱི་བཀའ་ཁྲིམས་མེད། །སྡིག་པའི་ཚོགས་དཔོན་ལ་བློ་གཏད་མེད། །ཟས་ངོའི་འདུན་མ་ལ་མི་ནག་ཆད། །ཁྲམ་པའི་ཞལ་ལྕེ་སྙིང་ལ་གཟན། །མི་དཔོན་གྱི་ཁ་ཏ་ངས་མི་འོང་། །བུ་དད་པ་ཅན་རང་མགོ་བཏོན་ནམ་ལེགས། །མི་ངན་གྱི་གཡོག་པོས་ཁྲེལ་ངན་བསྒོ། །གཏམ་ང་ན་ཇེ་ཟློས་ཇེ་མང་འགྲོ། །གཞུང་ངན་ལས་ངན་སྣང་བ་འཁྲུལ། །ཁ་མཆུའི་གཞི་མ་ངས་མི་འདོད། །བུ་དད་པ་ཅན་རང་རྩིས་ཆུང་བར་མཛོད། །བུ་ཕྲུག་གི་སྐྱོང་བྲན་རང་སྐལ་འཆད། །རེའུ་ལུག་གི་བདག་པོ་སྡིག་པ་ཆེ། །ཆུང་མའི་ཞབས་ཏོག་ཕུགས་སུ་ལྷུང་། །ཁྲེལ་ངན་གྱི་རྐུ་རྫུན་གནོང་འགྱོད་ཆེ། །བུ་དད་པ་ཅན་ལྷ་ཆོས་སེམས་ཅན་གྱིས། །ཞེས་གསུངས་པས་ཡོན་བདག་དད་པ་སྐྱེས་ནས་བསགས་ཚད་ཆོས་ལ་བཏང་ནས་སྡིག་པ་ཕུལ། སྐྱབས་འགྲོ་དང་། ཕྱག་བསྐོར་དང་། མ་ཎི་རང་། བརྗོད་པས་ཤི་བའི་དུས་ཐར་པའི་གོ་འཕང་ཐོབ་བོ། །ཡང་འགས་ངེད་ལ་ཡང་ཞབས་ཏོག་མཛད་པར་ཞུ་ཞུས་པས། བླ་མའི་ཞལ་ནས། ཁྱེད་རྣམས་ཐམས་ཅད་ངས་རེ་རེ་ནས་བཟླས་པས་མི་ལོང་། གཅིག་ལ་བཟླས་པ་དེ་ཐམས་ཅད་ཀྱི་སྐལ་པ་གྱིས་གསུངས་ནས་མགུར་འདི་གསུངས་སོ། །རྗེ་བླ་མའི་ཞབས་ལ་གུས་པས་བསྟོད། ཁྱེད་དཔོན་པོ་གཡོག་པོ་སྐྱོང་འདོད་རྣམས། །གཡོག་ལ་གཟན་ཚོར་མ་བྱེད་ཅིག །གཡོག་པོས་རྗེ་བོ་ཁུར་འདོད་རྣམས། །རྗེ་ལ་གཞུང་ངན་མ་བྱེད་ཅིག །ཕྱུག་པོ་རེའུ་ལུག་སྐྱོང་འདོད་རྣམས། རང་མ་རང་གིས་མ་གསོད་ཅིག །དཔའ་བོའི་སྟག་འཐབ་བྱེད་འདོད་རྣམས། །ཁ་མཆུ་འཁྲུག་པ་མ་བསྐུལ་ཅིག །མཛངས་མ་གསོག་འཇོག་བྱེད་པ་རྣམས། །མ་འོ་ལ་བུ་སྐལ་མ་བྱེད་ཅིག །གཉེན་འདུན་རྣམས་དང་འགྲོགས་འདོད་རྣམས། །གཤིས་ངན་སྡུག་འཐབ་མ་བྱེད་ཅིག །དྲིན་ཆེན་ཕ་མ་ཁུར་འདོད་རྣམས། དྲིན་ལེན་ལོག་པས་མ་འཇལ་ཅིག །ལས་དང་བྱ་བ་བྱེད་འདོད་རྣམས། །སྡིག་པའི་ལས་དང་མ་བསྒྲེ་ཞིག །དཀོན་མཆོག་ལ་མཆོད་པ་བྱེད་འདོད་རྣམས། །ཡུལ་དང་ཞིང་ས་མ་ནོར་ཅིག །ཆུ་སྦྱིན་གཏོར་མ་གཏོང་འདོད་རྣམས། །སེར་སྣ་ཕོངས་སེམས་མ་བྱེད་ཅིག །ཀློག་དང་འདོན་པ་འདོད་པ་རྣམས། །དོན་ལ་སྙོགས་མོ་མ་ཚོལ་ཅིག །གང་ཞིག་ཆོས་ལ་འགྲོ་འདོད་རྣམས། །ལས་ངན་ཕྱི་བཤོལ་མ་འདེབས་ཤིག །ཚོགས་དང་མཆོད་པ་འདྲེན་པ་ལ། །ཐར་པའི་གེགས་ཤིང་མ་བྱེད་ཅིག །ལར་དུས་དང་རྣམ་པ་ཐམས་ཅད་དུ། །ཆོས་དང་མཐུན་པའི་ལས་མཛོད་ཅིག །ཅེས་གསུངས་པས་དེར་བཞུགས་པའི་ཡོན་བདག་རྣམས་ཀྱིས་ངེད་ཚེ་འདི་ལ་སྡིག་པ་བྱས་ཀྱང་། ཤུལ་དུ་ཡོད་པའི་བུ་དང་ཚ་བོས་དགེ་བ་དང་དབང་བསྐུར་དང་། ཆོ་ག་ལ་མཆོད་པ་སྐྱོང་བ་ཡིན་ཟེར་བས་བླ་མ་ཐུགས་སྐྱོ་ནས་མགུར་འདི་གསུངས་སོ། །ཁྱེད་མི་མང་ཁ་ལ་ཉན་ཕྱོགས་མེད། །ཚྭ་སྒོག་གཡེར་རམ་ཐུ་ལུ་ལུ། །ཁྱེད་ཅོལ་ཅོལ་མཁན་རྣམས་ང་ལ་ཉོན། །ཁྱེད་དབང་པོ་ཚང་རིང་སྡིག་བྱེད་རྣམས། །ཤི་ཙ་རོ་ལ་དབང་བསྐུར་བྱེད། །མདང་སུམ་ནོར་བུ་བོར་བ་ལ། །རྐུན་མའི་རྗེས་ལ་རྡོ་རྒྱག་འདྲ། །ཚེ་འདིར་སྡུག་གསོག་བྱེད་བྱེད་ནས། །ཤི་ཙ་རྗེས་སུ་གཏོང་ངོ་སྐད། །སེམས་ཅན་ཤི་བའི་ཐེད་རུལ་ལ། །གཅན་གཟན་བྱ་ཁྱིས་ཟ་བ་འདྲ། །དགེ་བཤེས་བཟང་པོར་མཚན་གསོལ་ཡང་། །ནོར་གྱི་ཕྱིར་དུ་ཆོ་ག་བྱེད། །བླུན་པོ་ཚོགས་པའི་གྲོང་ཁྱེར་དུ། །འབྱམས་པས་ཁ་བཤད་བྱེད་པ་འདྲ། །བླ་མ་བཟང་པོའི་མིང་བཏགས་ཀྱང་། །མི་ཤི་དགའ་བའི་སེམས་སྐྱེས་ནས། །ང་ཡི་ཅི་འཐོབ་བསམ་པ་ན། །རྔོན་པས་རི་སུལ་འགྲིམ་པ་འདྲ། །ཟབ་མོའི་དཀྱིལ་འཁོར་བཞེངས་པ་དང་། །བདུན་ཚིག་ཆོ་ག་གང་བྱེད་ཀྱང་། །སྡིག་པ་བསྔོས་པའི་སྡིག་སྤྱད་ནས། །གཤིན་པོའི་ཐར་པའི་སྲོག་རྩ་བཅད། །དགེ་དང་སྡིག་པ་མི་ཤེས་པའི། །བརྩོན་འགྲུས་བྱས་ཀྱང་ལྟུང་བའི་རྒྱུ། །རང་གིས་དགེ་ལ་མ་བཏང་ན། །ཉེ་བས་བཏང་བ་ཁྱོད་དགེ་མིན། །ལར་ཁ་ལ་ཉེ་བཟང་བ་བག་ཆགས་བཟང་། །ཆོས་བདེན་པར་བརྗོད་པ་འཕགས་པའི་རིགས། །གཏམ་དྲང་དུ་སྨྲ་བ་རྒྱལ་རིགས་རྗེ། །ཆོས་ནུས་བྱེད་པ་དུས་ཚོད་མཁས། །བྱམས་ཀུན་ལ་ཕན་པ་རྒྱལ་བའི་སྲས། །དུས་དེང་སང་ཁྲོམ་པའི་ལྷ་མི་རྣམས། །ཁ་ཡ་ཁ་མ་འབོད་ལྷ་ཆོས་མཛོད། །ཅེས་གསུངས་པས་ཁོང་ཚོ་དད་པ་དང་། འགྱོད་པ་སྐྱེས་ཏེ་དེར་ཚོགས་པའི་ཡོན་བདག་འབྲེལ་ཡོད་མེད་ཐམས་ཅད་ཀྱིས་སེམས་ཅན་མང་པོ་ཚེ་ཐར་ལ་གཏོང་བ་དང་། སྲོག་སྡོམ་ལེན་པ་དང་། བསྙེན་གནས་དང་། ཁ་ཐོན་མང་པོའི་དམ་བཅའ་བྱེད་པ་དང་། གཞན་ཡང་ཆོས་མིན་པ་རེ་མེད་པར་འདུག་ཟེར་བའི་ངེས་ཤེས་སྐྱེས་པ་མང་པོ་བྱུང་ངོ་། །དེ་ནས་ཡང་བླ་མས་ཁོང་རྣམས་ལ་འདི་གསུངས་སོ། །སྙེ་ནམ་རྩར་མའི་བུ་སློབ་རྣམས། །བདག་ལ་ཁྱོད་རྣམས་བཀའ་དྲིན་ཆེ། །བདག་ཀྱང་ཁྱེད་ལ་བཀའ་དྲིན་ཆེ། །བཀའ་དྲིན་མཉམ་པའི་བུ་སློབ་རྣམས། མངོན་དགའི་ཞིང་དུ་མཇལ་བར་ཤོག །འདིར་བཞུགས་ཡོན་བདག་ཐམས་ཅད་རྣམས། །ནད་མེད་ཚེ་རིང་བསོད་ནམས་ལྡན། །བསམ་པ་ལོག་པ་མི་སྐྱེ་ཞིང་། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །ཡུལ་ཕྱོགས་འདིར་ཡང་བཀྲ་ཤིས་ཤིང་། །མི་ངན་འཁྲུག་པ་མེད་པ་དང་། །ལོ་ཡག་འབྲུ་འཕེལ་སྐྱིད་པ་དང་། ཀུན་ཏུ་ཆོས་ལ་སྤྱོད་པར་ཤོག །བདག་གི་ཞལ་མཐོང་གསུང་ཐོས་དང་། །རྣམ་ཐར་ཡིད་ལ་དྲན་པ་དང་། །མཚན་ནི་རྣ་བར་ཐོས་ཚད་པ། །མངོན་དགའི་ཞིང་དུ་མཇལ་བར་ཤོག །གང་ཞིག་བདག་གི་རྣམ་ཐར་ལ། །དཔྱད་ཅིང་སྒྲུབ་པ་བྱེད་པ་དང་། །ཉན་ཅིང་ཀློག་པ་བྱེད་པ་དང་། །ཕྱག་དང་སྐོར་བ་མཆོད་འབུལ་རྣམས། །མངོན་དགའི་ཞིང་དུ་མཇལ་བར་ཤོག །མ་འོངས་གང་ཟག་ཐམས་ཅད་པ། །གལ་ཏེ་བསྒོམས་པར་ནུས་སྲིད་ན། །མི་ཁོ་བོས་དཀའ་བ་སྤྱད་སྤྱད་པས། །གེགས་དང་གོལ་ས་མེད་པར་ཤོག །ཆོས་ཕྱིར་དཀའ་བ་སྤྱད་པ་ལ། །བསོད་ནམས་དཔག་ཏུ་མེད་པ་ཡོད། །དེ་ལ་འཇུག་ཅིང་བསྐུལ་བ་ལ། །བཀའ་དྲིན་དཔག་ཏུ་མེད་པ་ཡོད། །མི་ཁོ་བོའི་རྣམ་ཐར་ཐོས་པ་ལ། །བྱིན་རླབས་དཔག་ཏུ་མེད་པ་ཡོད། །དཔག་མེད་གསུམ་གྱི་བྱིན་རླབས་ཀྱིས། །ཐོས་པ་ཙམ་གྱིས་གྲོལ་གྱུར་ནས། །བསམ་པ་ཙམ་གྱིས་འགྲུབ་པར་ཤོག །བདག་གི་གནས་དང་གནས་མལ་དང་། །དངོས་པོ་མཆིས་པ་ཐམས་ཅད་ཀྱིས། །གར་སོང་ཡུལ་དུ་བདེ་སྐྱིད་ཤོག །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་འབྱུང་བས་གར་ཁྱབ་པ། །དེ་བཞིན་བདག་གིས་ཁྱབ་པར་ཤོག །ལྷ་ཀླུ་ལ་སོགས་སྡེ་བརྒྱད་དང་། །དེ་བཞིན་གཞི་བདག་འབྱུང་པོའི་ཚོགས། །གནོད་སེམས་སྐད་ཅིག་མི་སྐྱེ་ཞིང་། །བསམ་པ་ཆོས་དང་འཕྲད་པར་ཤོག །སྲོག་ཆགས་སྲིན་བུ་ཡན་ཆད་ལ། །གཅིག་ཀྱང་འཁོར་བར་མིར་ལྷུང་བར། །མ་ལུས་ང་ཡིས་འདྲེན་པར་ཤོག །ཅེས་གསུངས་ཏེ་ཁྱེད་རྣམས་འདིར་ཤོག་བཟླས་པ་ལ་འདྲེན་རྒྱུ་མེད། ཁྱེད་རྣམས་དྲིན་ཆེ་བས་སྨོན་ལམ་དེ་རྣམས་སྟོན་མོའི་དོད་ཡིན་པས་ཡིད་ལ་བཟུང་། ཁྱེད་རྣམས་ཀྱིས་ཤ་གཟུགས་ལས་ཆེ་བའི་དངོས་པོ་མ་ཕུལ་བས་དཀོར་ལ་ཡང་མ་འདྲེས། དད་པ་ཡང་ཆེ་ཆུང་རན་པས་དགེ་ཡང་མ་གཡེང་། ཟ་རྒྱུ་ཁམ་རེ་ཁམ་རེ་བྱིན་པས་ལྟོགས་གྲིར་མ་བསད། ངས་སྨོན་ལམ་དང་འབྲེལ་བ་བཟང་བས་ཡུལ་འདིར་ཡང་སྐྱིད་ལེགས་པོ་འོང་ཨང་གསུངས་པས། དེར་འཚོགས་པ་ཐམས་ཅད་ཀྱིས་ཕྱག་དང་བསྐོར་བ་དང་སྨོན་ལམ་གསོལ་འདེབས་བཀྲ་ཤིས་མང་དུ་བྱས་ནས་སྣང་བ་དགའ་ཡ་ལེ་བྱུང་། ལ་ལ་སྐྱོབ་མི་རྟག་པ་སྐྱེས་ནས་མཆི་མ་མང་པོ་ཡང་བྱུང་ངོ་། །བླ་མ་གྲོངས་པ་ནི་མ་ཤེས་སྔར་ལས་ཐུགས་གསོམ་པ་ཅི་ཡིན་ནམ། དེ་རིང་ནི་ཉེ་རིང་མེད་པར་མཉེས་མཉེས་ཐམས་ཅད་ལ་བྱས་ཟིན་པ་ཅི་ཡིན་ཟེར། ལ་ལས་བྱིན་རླབས་ཀྱང་ཆེར་སོང་ནས་འདུག་ཟེར་ཏེ་ཐམས་ཅད་སོང་ངོ་། །དེ་ཐམས་ཅད་བྲིན་གྱི་སྨོན་ལམ་གྱི་སྐོར་རོ། ། ༈


previousཕྱག་རྒྱ་ཆེན་པོ་ངོ་འཕྲོད་པའི་ཡོན་ཏན། next