Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།

1 occurrence of འར་བ་
[Clear Hits]


  
  
  
 
  
  
  
  
  
  
  
  
  
  
  
  
  
ཚེ་གཅིག་གིས་ཟུངས་ཇུག་རྡོ་རྗེའི་སྐུ་འགྲུབ་ཅིང་འཇའ་ལུས་སུ་ཡལ་བའི་ཚུལ་བསྟན་པའི་ཡོན་ཏན།


1 occurrence of འར་བ་
[Clear Hits]

 
previousཚེ་གཅིག་གིས་ཟུངས་ཇུག་རྡོ་རྗེའི་སྐུ་འགྲུབ་ཅིང་འཇའ་ལུས་སུ་ཡལ་བའི་ཚུལ་བསྟན་པའི་ཡོན་ཏན།no next

ཚེ་གཅིག་གིས་ཟུངས་ཇུག་རྡོ་རྗེའི་སྐུ་འགྲུབ་ཅིང་འཇའ་ལུས་སུ་ཡལ་བའི་ཚུལ་བསྟན་པའི་ཡོན་ཏན།

དེ་ནས་བཅོ་བརྒྱད་པ་ཚེ་གཅིག་གིས་ཟུངས་ཇུག་རྡོ་རྗེའི་སྐུ་འགྲུབ་ཅིང་འཇའ་ལུས་སུ་ཡལ་བའི་ཚུལ་བསྟན་པའི་ཡོན་ཏན་ནི། དེ་ནས་འབྲི་སྒོམ་དང་། སེ་བན་རས་པ་ལ་སོགས་པའི་རས་པ་རྣམས་ཚོགས་ནས། བླ་མའི་གསུང་དེ་ལ་ངེད་ཚོ་ཡིད་མ་ཆེས་པས། བསྐང་བ་འདྲ་བྱས་ན་ཞུས་པས། ཨ་མཚར་པོ་ཁོ་བོའི་འདུལ་སྐལ་རྫོགས་པ་ལ། བསྐང་བ་དང་འདོན་པས་ཅི་གོ་བྱེད་གསུངས་ནས་མགུར་འདི་གསུངས་སོ། །རྣམ་འབྱོར་ལུས་ཀྱི་མེ་ཏོག་འདི། །འཆི་བདག་གཤིན་རྗེའི་བ་མོ་འདིས། །བཅོམ་སྟེ་ཕ་རོལ་འགྲོ་དུས་སུ། །ང་ལ་མཐོང་སྣང་སྣ་ཚོགས་འོང་། །ཞེས་གསུངས་པས། འབྲི་སྒོམ་གྱིས། དག་མ་དག་ལགས་སམ་ཞུས་པས། ཁྱེད་ཀྱིས་གོ་བར་འདུག་དེ་ཀ་གསུངས་སོ། །དེ་ཞིབ་ཏུ་ཕྱེས་ན་ཇི་ལྟར་ལགས་ཞུས་པས། ང་ཡི་སློབ་མ་བཅུ་གཉིས་ལ། སྣང་བ་བཅུ་གཉིས་འཆར་ཏེ་དག་པ་དྲུག །མ་དག་པ་དྲུག་གོ །དག་པའི་ལུས་དང་མ་དག་པའི་ལུས་གཉིས་སོང་སྟེ། དག་པའི་ལུས་མཁའ་སྤྱོད་དུ་མ་དང་མཁའ་འགྲོས་སེང་གེ་དང་རིན་པོ་ཆེའི་ཁྲི་ལ་བཏེགས་ནས་གདུགས་དང་རྒྱལ་མཚན་རོལ་མོའི་སྒྲ་དང་བཅས་པས་གདན་འདྲེན་པ། དག་པའི་ལྷ་དང་དཔའ་བོ་མཁའ་འགྲོ་མ་མིན་པས་མི་མཐོང་། སློབ་མ་ཡང་གྲུབ་ཐོབ་རེ་རེའི་མཐོང་སྲིད། མ་དག་པའི་ལུས་ཤིག་ལུས་ནའང་། ལུང་སྟོན་ཅི་བྱུང་བ་བཞིན་མཛོད། །ཅེས་གསུངས་པས། སེ་བན་གྱིས་ཞུས་པ། བླ་མ་འདས་ན་བདུན་ཚིག་དང་། ཆོ་ག་དང་། མཆོད་རྟེན་དང་། གདན་ས་དང་། དུས་དྲན་ལ་སོགས་པ་ཇི་ལྟར་བྱེད་ལགས་ཞུས་པས། བླ་མས་མགུར་འདི་གསུངས་སོ། །རྗེ་ལྷོ་བྲག་མར་པའི་བཀའ་དྲིན་གྱིས། །བྱ་བ་ཐམས་ཅད་བྱས་ནས་ཡོད། །མི་ལ་རས་པའི་སྙིང་རུས་ཀྱིས། །བྱེད་པ་ཐམས་ཅད་ཟིན་ནས་ཡོད། །བརྒྱུད་ལྡན་བླ་མ་མ་བསྟེན་པའི། །དབང་བསྐུར་ཞུས་པས་ཅི་ལ་ཕན། །རང་རྒྱུད་དོན་ལ་མི་བསྲེ་བའི། །རྒྱུད་སྡེ་བཟུང་བས་ཅི་ལ་ཕན། །འཇིག་རྟེན་བྱ་བ་མ་བཏང་བའི། །གདམས་ངག་བསྒོམས་པས་ཅི་ལ་ཕན། །སྤྱོད་པ་ཆོས་དང་མི་བསྟུན་པས། །ཆོ་ག་བྱས་པས་ཅི་ལ་ཕན། །ཚིག་ངན་གཉེན་པོས་མི་ཟིན་པས། །བདུན་ཚིག་བྱས་པས་ཅི་ལ་ཕན། །ཕྱོགས་རིས་ཆགས་སྡང་མ་ཞི་བའི། མཆོད་པ་ཕུལ་བས་ཅི་ལ་ཕན། །རང་འདོད་རྩ་བ་མ་སྤངས་པའི། །སྦྱིན་པ་བཏང་བས་ཅི་ལ་ཕན། །འགྲོ་དྲུག་ཕ་མར་མ་ཤེས་པའི། །གདན་ས་བཟུང་བས་ཅི་ལ་ཕན། །སེམས་ལ་དག་སྣང་མ་སྐྱེས་པའི། །མཆོད་རྟེན་བཞེངས་པས་ཅི་ལ་ཕན། །ཐུན་བཞི་རྣལ་འབྱོར་མ་ནུས་པའི། །ཚྭ་ཚྭ་བཏབ་པས་ཅི་ལ་ཕན། །གསོལ་བ་སྙིང་ནས་མི་འདེབས་པའི། །དུས་དྲན་བསྐྱངས་པས་ཅི་ལ་ཕན། །གདམས་ངག་རྣ་བར་མི་འཇོག་པས། །གདུང་མཆོད་བྱས་པས་ཅི་ལ་ཕན། །གསོན་ཚེ་དད་པ་མ་སྐྱེས་པའི། །གདུང་ཞལ་བལྟས་པས་ཅི་ལ་ཕན། །ཡིད་རྨོངས་སྐྱོ་ཤས་མ་སྐྱེས་པའི། །སྤོང་དག་བྱས་པས་ཅི་ལ་ཕན། །སྙིང་རྗེ་སེམས་ལ་མ་སྐྱེས་པའི། །ཁ་བཟང་སྙིང་རྗེས་ཅི་ལ་ཕན། །ཉོན་མོངས་འདོད་པ་མ་སྤངས་པའི། །ཞབས་ཏོག་བྱས་པས་ཅི་ལ་ཕན། །ཅི་གསུང་ཚད་མར་མི་འཛིན་པའི། །དཔོན་སློབ་བྱས་པས་ཅི་ལ་ཕན། །ཕན་པ་མེད་པ་བྱས་བྱས་པས། །གནོད་པ་མེད་པར་ཙོག་གེ་སྡོད། །བྱ་བ་བྱས་པའི་རྣལ་འབྱོར་ལ། །བྲེལ་བ་མང་པོ་འཁྲུལ་པའི་རྒྱུ། །ཞེས་གསུངས་པས་བླ་མ་ལ། བྱ་བ་བཏང་བའི་རང་གིས་ཚོགས་ལགས་སམ་ཞུས་པས། བླ་མ་རྗེ་བཙུན་མི་བསྟེན་པའི། །མོས་གུས་བྱས་ཀྱང་བྱིན་རླབས་ཆུང་། །དབང་བསྐུར་ཟབ་མོ་མ་ཞུས་པའི། །རྒྱུད་རྐྱང་ཚིག་གིས་རང་ཉིད་འཆིང་། །རྒྱུད་སྡེ་མང་པོར་མི་འཇོག་པའི། ལག་ལེན་ཐམས་ཅད་ལོག་པའི་རྒྱུ། །མན་ངག་ཟབ་མོ་མི་བསྒོམ་པའི། །བྱ་བ་བཏང་ཟེར་རང་སྡུག་ཡིན། །ཉོན་མོངས་གཉེན་པོས་མི་འཛིན་པའི། །ཁ་བཤད་སྐམ་པོ་སྟོང་སྒྲ་ཡིན། །ཟབ་མོའི་ཐབས་ལམ་མི་ཤེས་པའི། བརྩོན་འགྲུས་བྱས་ཀྱང་སྙིང་པོ་མེད། །འགག་དང་ཉ་ག་མི་ཤེས་པའི། །སྙིང་རུས་བྱས་ཀྱང་འཁྲུལ་པའི་རྒྱུ། །བསོད་ནམས་མང་དུ་མ་བསགས་པའི། །རང་དོན་གཅིག་པུ་འཁོར་བའི་རྒྱུ། །བསགས་པ་ཆོས་ལ་མ་བཏང་བའི། །བསྒོམ་ཀྱང་ཡོན་ཏན་སྐྱེ་བ་མིན། །ཆོག་ཤེས་ནང་ནས་མ་སྐྱེས་པའི། །མང་པོ་བསགས་ཀྱང་མི་ཡི་ནོར། །བདེ་སྐྱིད་ནང་ནས་མ་སྐྱེས་པའི། །ཕྱི་ཡི་སྐྱིད་འདོད་སྡུག་བསྔལ་ཡིན། །བདེ་འདོད་འགོང་པོའི་དམག་གིས་བསྐོར། །གྲགས་འདོད་རང་ཕུང་ཁ་མཆུ་འཕོག །ཡག་འདོད་ཉོན་མོངས་དུག་ལ་འཁྲུགས། །བཟང་འདོད་གྲྭ་རོགས་གྲོགས་དང་འགྲས། །ངས་བྱས་རེ་འཁང་མང་བའི་རྒྱུ། །ཁྱེད་ཁ་རོག་བཞུགས་དང་མ་མཆུ་མེད། །ལྷན་ནེ་སྡོད་དང་བསམ་པ་འགྲུབ། །མ་ཡེངས་སྐྱོང་དང་ཡེང་བ་མེད། །གཅིག་པུར་སྡོད་དང་གྲོགས་དང་མཇལ། །དམན་ས་བཟུང་དང་ཆེན་པོར་ཕྱིན། །དལ་ལོ་སྐྱོང་དང་མགྱོགས་པོ་སླེབ། །བྱ་བ་བཏང་ན་དོན་ཆེན་འགྲུབ། ཟབ་ལམ་བསྒོམ་དང་མྱུར་ལམ་རྙེད། །སྟོང་ཉིད་རྟོགས་ན་སྙིང་རྗེ་རྙེད། །སྙིང་རྗེ་སྐྱེས་ན་བདག་གཞན་མེད། །སྙིང་རྗེ་སྐྱེས་ཤིང་འགྲོ་དོན་འགྲུབ། །འགྲོ་དོན་འགྲུབ་ན་ང་དང་མཇལ། །ང་དང་མཇལ་ཙ་མངོན་སངས་རྒྱས། བདག་དང་སངས་རྒྱས་བུ་སློབ་རྣམས། །དབྱེར་མེད་གཅིག་ཏུ་གསོལ་བ་ཐོབ། །ཅེས་གསུངས་ཏེ་ང་ཡི་ཤུལ་དུ་དངོས་པོ་ཆེན་མོ། ཨ་ག་རུ་ནག་པོའི་ཕྱག་འཁར་འདི་དང་། རས་ཀྱི་ཞྭ་དང་། རས་ཀྱི་དུམ་བུ་གཅིག་དང་དེ་རྣམས་དྭགས་པོ་ལྷ་རྗེ་ལ་བསྐུར། སྦ་བེར་འདི་རས་ཆུང་པ་མ་སླེབ་ན་རས་དུམ་གཅིག་དང་གཉིས་བསྐུར། གྲི་གུ་དང་མེ་ཆ་འདི་གཉིས་འབྲི་སྒོམ་གྱིས་ཟུང་། པཎ་ཞྭ་ཧྲུལ་པོ་འདི་སེ་བན་རས་པས་ཟུང་། རས་དུམ་བུ་གྱིས་ལ་མི་རེ་ལ་རེ་རེ་བྱིན། ནོར་ཆེ་བ་མིན་ཏེ་དངོས་གྲུབ་རེ་འོང་སྲིད། གསེར་དུམ་པ་ཅིག་ཡོད་དེ་ང་རང་གི་སྒོམ་ཁང་གི་རྒྱབ་དེར་སྦས་ནས་ཡོད་པ་ལ་གསེར་འགྱེད་གྱིས་གསུངས་སོ། །དེར་མི་ལ་རས་པ་ལ་གསེར་མང་པོ་ཡོད་དོ་ཟེར་བ་བྱུང་བས། ལེགས་སེ་ན་རེ། བླ་མའི་རྣམ་ཐར་འདི་ལ་གསེར་ཨེའུ་མེད། མི་ངན་པའི་ཁ་ལ་བཟོད་ཚུལ་ཚུག་མེད་དེར་ཕྱིས་གསེར་ཨེ་འདུག་བལྟས་ཙ། གསེར་མེད་པར་བུར་དཀར་རྡོག་པོ་གསུམ་རས་ཁ་གང་གི་ནང་དུ་བཏུམ་པ་དང་། ཡི་གེ་དང་གྲི་གུ་ཡུ་བས་ཁེམ་འོང་བ། སོ་ཡི་གྲི་ཡོང་བ་ལྟག་པས་མེ་ཆ་ཡོང་བ། རྩེ་མོས་འབུག་འོང་བ་དང་། དེ་རྣམས་འདུག་པ་ལ་ཡི་གེ་དེ་ལ་བལྟས་ཅིང་། བུ་རམ་འདི་གྲི་གུ་འདིས་དུམ་དུམ་གྱིས་དང་མི་རྣམས་ཁྱེར་ནས་འོང་། རས་འདི་གྲི་གུ་འདིས་དུམ་དུམ་གྱིས་དང་མི་རྣམས་ལ་ཁྱེད་ཀྱི་བར་དུ་རས་མི་འཛད་པས་ཐམས་ཅད་མཁྱེན་ནས་འོང་ཟེར་བ་དང་མི་ལ་རས་པ་ལ་གསེར་མང་པོ་ཡོད་ཟེར་བའི་མི་འགའ་རེ་ཡོད་ཟེར་བའི་ཁ་ལ་སྐྱག་པ་ཆུག་ཅིག་ཟེར་བ་བྲིས་ནས་འདུག་པས། རས་པ་ཐམས་ཅད་སྡུག་པའི་ནང་ནས་གད་ཏི་རེ་སོང་ངོ་དེ་ནས་མ་བསྙུན་པ་ལ་ཆོས་མང་པོ་གསུངས་པ་དང་། རྫུ་འཕྲུལ་མང་པོ་མཛད་པ་ལ་བསམ་གྱིས་མི་ཁྱབ་པ་སྟེ་ཡི་གེར་བྲི་བར་ག་ལ་ཡོང་། དེར་ལས་མ་དག་པའི་བོན་པོ་གཅིག་གིས། བླ་མའི་བྱིན་རླབས་ཀྱི་ཡུལ་དུ་ནད་ཡམས་དཀོན་པས་ཁོ་ཡི་ཟྭ་ཕུ་ཚོ་མ་བྱུང་བས། སྙིང་ན་ནས་དུག་ཡང་ཡང་ཙམ་པས་མ་གསོལ་བས། ད་ཞག་ལ་མཛེ་ཕོ་གཅིག་ལ་གཡུ་ཞིག་བརྔན་པ་བྱིན་ནས་དུག་ཞོ་ལ་སྦྱར་ནས་དྲངས་པས། རྗེ་བཙུན་སྤྱན་གྱིས་ཧྲིག་གེ་མཛད་ནས་ཁྱོད་ཀྱི་གཡུ་ཐོབ་པའི་ཆེད་དུ་བཏུང་དགོས་དགོངས་ནས་གསོལ། གསོལ་ཚར་བ་དང་ཨ་རེ་སྡུག་ཁྱོད་ལ་སྡིག་པ་མེད་གསུངས། དེ་ནས་དུམ་པ་བསྙུང་བ་དང་། རས་པ་རྣམས་ངུས་པ་ལ། ལུས་དྲང་པོར་བསྲང་ནས་སྤྱན་ནམ་མཁའ་ལ་གཟིགས་ཏེ་གསུངས་སོ། །འཁོར་འདས་འོད་གསལ་གྱི་དབྱིངས་སུ་གསལ། །ཕྱག་གི་རང་ས་ཟིན་པ་ལ། །འོད་གསལ་ཅི་ཡིས་རྒྱས་བཏབ་པའི། །གཉིས་སུ་མེད་པའི་ཆེ་བ་པོ། །ཐོག་རྡུག་མེད་པའི་སྤོབས་པ་ཅན། །ནད་དང་གདོན་དང་སྡིག་སྒྲིབ་རྣམས། །རྣལ་འབྱོར་ལྷ་ཡི་རྒྱན་དུ་མཛེས། །རྩ་ཐིག་རླུང་སེམས་རྣམ་པར་གནས། །རྒྱན་སོགས་མཚན་དཔེ་རྒྱན་དུ་མཛེས། །བོན་པོའི་བསམ་ངན་དག་པར་ཤོག །མཛེ་ཕོ་ནད་ལས་ཐར་བར་ཤོག །ལུས་ལ་ན་ཚ་རྩྭ་ཙམ་མེད། །ཟས་ངན་ཅིག་གིས་ཁམས་མ་སྙོམས། །སྒོམ་ཆེན་ངུ་ཙ་སྐྱེ་བོས་ཁྲེལ། །ཉམས་མྱོང་སྟེང་དུ་ལྷན་ནེ་ཞོག །ཅེས་གསུངས་པས། རས་པ་རྣམས་ཀྱིས་ཀྱང་དུག་བྱུང་བ་མ་རིག་ཙ། དེ་ནུབ་མཁའ་འགྲོའི་བཀའ་ཆད་བྱུང་ནས་བོན་པོ་ཤི། དེར་བླ་མས་བོན་པོའི་སྡིག་སྦྱོང་དུ་མགུར་འདི་གསུངས་སོ། །ལར་བསམ་ངན་ཐམས་ཅད་འདི་དང་འདྲ། །བོན་པོ་བསམ་ངན་སྙིང་རེ་རྗེ། །སྦྱོར་བ་ངན་པ་མི་འཚལ་བས། །ང་ཡི་མདུན་དུ་བོན་པོ་ཤི། །ང་ཡི་དགེ་བ་བདེ་སྐྱིད་དང་། །དུས་གསུམ་སངས་རྒྱས་དགེ་བ་ཡིས། །བོན་པོའི་སྡིག་པ་འདག་པར་ཤོག །བོན་པོའི་སྡུག་བསྔལ་ཐམས་ཅད་ཀྱང་། །བདག་གིས་བླང་ནས་སྦྱོང་བར་ཤོག །བླ་མ་སློབ་དཔོན་ཕ་མ་ལ། །གནོད་པར་བྱེད་པ་སྙིང་རེ་རྗེ། །དེ་ཡི་ལས་ཀྱི་རྣམ་སྨིན་ཡང་། །བདག་གིས་བླང་ནས་སྦྱོང་བར་ཤོག །དུས་དང་རྣམ་པ་ཐམས་ཅད་དུ། །སྡིག་པའི་གྲོགས་དང་བྲལ་བར་ཤོག །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །དགེ་བའི་གྲོགས་པོ་རྙེད་པར་ཤོག །བསོད་ནམས་འཛད་ཁའི་བསམ་ངན་དེ། །སེམས་ཅན་གཅིག་ལའང་མི་གནས་ཤོག །བསམ་པ་བཟང་པོ་བྱང་ཆུབ་ལམ། །སེམས་ཅན་ཀུན་གྱི་འཐོབ་པར་ཤོག །ཅེས་གསུངས་པས། རས་པ་འབྲི་སྒོམ་གྱིས་དེ་ཅི་ལགས་ཞུས་པས། བོན་པོ་དེའི་སྔར་སློབ་དཔོན་གཅིག་བསད་ཟིན་པས་དེ་ངན་འགྲོར་གཅིག་འགྲོ་བ་ལ། ཡུལ་གཉན་པོ་ལ་བསམ་ངན་སྐྱེས་པ་མནར་མེད་དུ་འགྲོ་མི་ནུས་པས་ང་ལ་དུག་བྱིན་པ་ཡིན་གསུངས་པས། ཨ་ཁ་འོ་ན་མཁྱེན་བཞིན་དུ་དུག་མི་གསོལ་བ་ཡིན་མོད་ཞུས་པས། ངས་ཟོས་ནས་སྨོན་ལམ་བཏབ་ན་ཨེ་ཐར་བསམ་པ་ཡིན་གསུངས་པས། བོན་ཨེ་ཐར་ཞུས་པས། ཐར་སྲིད་ཨེ་མ་ཐར་སྲིད། ང་མིན་ན་ཁོ་ད་ལ་བསྡད་ལེ་མིན་ད་ཐར་པའི་སྨོན་ལམ་སོང་ཡོད་གསུངས་སོ། །ད་རང་རེ་དང་འཕྲད་པ་ཇི་ལྟར་ཡིན་ལགས་ཞུས་པས། དེས་སློབ་དཔོན་ཅིག་བསྒྲུངས་དེ་བསྟན་པའི་གནས་པ་ཅིག་ཡིན། ད་བསྟན་པའི་བདག་པོའི་བདག་པོ་ཡིན་པས་སེམས་ཅན་བློས་བཏང་ཐབས་མེད་གསུངས་སོ། །དེ་ནས་ནམ་མཁའ་ལ་འཇའ་འོད་དང་མེ་ཏོག་མང་པོ་བབས། ནམ་ཟླ་དགུན་ཡིན་པ་ལ་ཆར་པ་སི་ལི་ལི་རྒྱུན་དུ་ཟིམ་ཟིམ་བབས་པས། མི་རྣམས་ཀྱིས་འདི་ཅི་ཡིན་ནམ་ཟེར། མི་ལ་ལས་སྙེ་ནམ་ན་དབྱངས་སྙན་པོ་གྲགས་ཟེར། ལ་ལས་སྙེ་ནམ་ན་འཇའ་གུར་འདུག་ཟེར། ལ་ལས་ནམ་མཁའ་འདི་ལ་འོད་ཕྲེང་མང་པོ་འདུག་ཟེར། ལ་ལས་རི་མགོ་ལ་འཇའ་ཕུབ་པ་འདྲ་བ་འདུག་ཟེར། ལ་ལས་ས་རྡོ་འདི་རྣམས་འཇའ་འོད་དང་གུར་དུ་འདུག་ཟེར། ལ་ལས་རྩ་དང་ཤིང་ཚོ་ལ་འོད་ཟེར་གྱིས་བསྐོར་ནས་འདུག་ཟེར། ཤིང་ཇི་ལྟར་ཡོད་པ་བཞིན་འདུག་ཟེར་ཏེ་སྐུ་མ་གཤེགས་པ་ལ་རྟགས་བསམ་གྱིས་མི་ཁྱབ་བོ། །དེ་ནས་ཡོས་བུ་ལོ་དུས་དགུན་ཟླ་ར་བ་སྟག་ཟླ་བ། ཚེས་བཅོ་ལྔའི་ཉིན་ཉི་མ་རྩེ་ཤར་ལ། དགུང་ལོ་བརྒྱད་ལ་ང་ལ་ཞག་བདུན་བར་དུ་གཅིག་ཀྱང་མ་སྤྲད་དེ་ནས་ལབ་རྒྱུ་ཞིག་ཡོད་གསུངས་པ་ལ། ཞག་ལྔ་ནས་ག་ལེར་བལྟས་ཙ་བླ་མ་འདས་ནས་འདུག །དེ་ནས་ཁོང་རྣམས་འདུག་མ་བཟོད་པས། ཡང་ཞག་དྲུག་ནས་བལྟས་ཙ་གདུང་ཆུང་དུ་སོང་ནས་ཟན་བྲེ་ཐག་ཙམ་ཞིག་འོད་ཡ་ལེ་འདུག་པ་དང་། རས་པ་ཐམས་ཅད་བསྐེད་ནས་གདུང་ལ་བལྟ་བཅུག་པ་ལ། ལ་ལས་ཧེ་རུ་ཀ་ཅིག་འདུག་ཟེར། ལ་ལས་སྤྱན་རས་གཟིགས་ཤིག་འདུག་ཟེར། ལ་ལས་འོད་ཅིག་འདུག་ཟེར། ལ་ལས་མཆོད་རྟེན་ཞིག་འདུག་ཟེར། ལ་ལས་མེ་རུ་འདུག་ཟེར། ལ་ལས་ཆུར་འདུག་ཟེར། ལ་ལས་རྡོ་རྗེར་འདུག་ཟེར། ལ་ལས་རླུང་ཞིག་ཀྱི་ལི་ལི་འདུག་ཟེར། ལ་ལས་གསེར་ཞིག་འདུག་ཟེར། ལ་ལས་བུམ་པ་ཅིག་འདུག་ཟེར། ལ་ལས་དྲིལ་བུ་ཅིག་འདུག་ཟེར་ནས་ཁ་མ་འཆམ་པ་དང་། ཞག་བདུན་མ་རྫོགས་པར་གདུང་ལ་རེག་པས། མདངས་དེ་ཆུང་དུ་སོང་ངོ་། །སེ་བན་རས་པས། ཞག་བདུན་ལ་གདུང་ལ་མ་རེག་ན་གདུང་ཡེ་ནས་ཀྱང་མི་འོང་བར་འདུག་ཟེར་བས། རས་པ་བྱིང་གིས་དེས་ན་ཡོན་བདག་ཚོས་ཀྱང་གདུང་ཅི་བྱས་ཟེར་ནས་ལབ། ངེད་རང་ཚོ་ལ་ཡང་ཕྱག་འཚལ་བའི་རྟེན་མེད་པས་མ་བཟང་ཟེར་དེར་ཡུལ་གྱི་གཙོ་བོ་དང་ཡོན་བདག་རྣམས་འོང་ནས་གདུང་བཞུ་བ་ལ་རས་པ་ཚོ་དང་ཡོན་བདག་རྣམས་ཁ་འཆམ། བུ་ཆུང་ལོ་བརྒྱད་པ་རལ་པ་ཁམ་སེག་གེ་བ་ཅིག་བར་སྣང་ནས་གར་བྱེད་ཅིང་བྱུང་བས་འདི་གསུངས་སོ། །ཁྱེད་ཀྱི་མི་ཡུལ་གླན་པ་འདིར། །མི་ལ་རས་པའི་གདུང་ལ་རྩོད། །བརྩད་པས་འཐོབ་ཏུ་མི་འཇུག་པ། མཁའ་འགྲོ་སྤྱི་ཡི་དམ་ཚིག་ཡིན། །བརྐུས་པས་རང་ནོར་མ་ཡིན་པ། །དཔའ་བོ་ཀུན་གྱི་དམ་ཚིག་ཡིན། །འཕྲོག་པས་ཐ་མར་མི་དགེ་བར། །ཆོས་སྐྱོང་ཀུན་གྱི་དམ་ཚིག་ཡིན། །བསགས་ཚད་བདག་པོས་མི་སྤྱོད་པ། །དམ་པ་ཀུན་གྱི་དགོངས་པ་ཡིན། །རང་འདོད་རང་ལ་མི་ཕན་པ། །ཆོས་རྒྱལ་ཀུན་གྱི་དམ་ཚིག་ཡིན། །རེམ་པས་དམ་ཆོས་མི་ནུས་པ། །མགོ་ནག་མི་ཡི་གནས་ལུགས་ཡིན། འདས་པས་བྱིན་རླབས་མི་ཆུང་བ། །བླ་མ་རྗེ་ཡི་དགོངས་པ་ཡིན། །རྗེ་བཙུན་ཆོས་ཀྱི་ཕུང་པོ་དེ། །ལུང་པ་གཉིས་ཀྱི་བར་གདགས་དེར། །བཞུས་ན་ཕན་ཡོན་ཆེ་བའོ། །ཞེས་ཟེར་ནས་བྲག་ཐོག་དེར་སོང་ནས་ཕྱག་གཡུག་ཅིང་ཡོད་ཙ་མེད་ནས་ཐལ། དེ་ནས་བྲ་སྒང་གི་བྲག་རྩེ་ན་བཞུགས་པས་ཀླུ་དུང་སྐྱོང་གནས་པའི་ཐད་དུ་སོང་བས་མཛེ་ནད་ཐམས་ཅད་ཆད་དེ་ཕྱིན་ནས་བོད་དུ་མཛེ་ཕོ་ཉུང་ངོ་། །དེ་ནས་གདུང་ལ་མེ་འཇོག་མ་དགོས་པར་བར་སྣང་ནས་མཁའ་འགྲོ་མ་མང་པོས་དབྱངས་དི་རི་རི་ཐམས་ཅད་ཀྱིས་ཚོར་བར་འདི་གསུངས་སོ། །རང་སེམས་གཏུམ་མོ་ལྷ་ཡི་མེ། །སྐྱེས་བུས་རྟགས་ཏུ་བསྒོམས་བསྒོམས་ནས། །ལས་ཀྱི་མེ་ཡིས་ཅི་ལ་ཕན། །མཚན་མ་ལུས་ཀྱི་ཁང་བུ་འདི། །སྔར་ནས་བཤིགས་ཤིང་བསྒོམས་བསྒོམས་ནས། །དེ་རིང་ཕུང་པོ་ཅི་ལ་ལུས། །མཛེས་པ་ལྷ་ཡི་དཀྱིལ་འཁོར་དེ། །རྣལ་འབྱོར་སེམས་ལ་རྫོགས་པ་ལ། །ས་ཡི་རི་མོ་ཅི་ལ་ཕན། །རླུང་སེམས་དབྱེར་མེད་མར་མེ་དེ། །རྒྱུན་ཆད་མེད་པར་འཆར་བ་ལ། །སེར་སྣའི་གོང་བུ་ཅི་ལ་ཕྱིར། །བདུད་རྩི་ལྔ་ཡི་ཡེ་ཤེས་དེ། །རྒྱུན་ཆད་མེད་པར་གསོལ་བར་འདེབས། །ཟན་གྱིས་བཤོས་བུ་སུ་ལ་འདྲེན། །ཚུལ་ཁྲིམས་གཙང་མའི་རྣལ་འབྱོར་དེ། །ཤེས་བྱའི་སྒྲིབ་པ་བྲལ་བ་ལ། །དེ་རིང་ཁྲུས་བུམ་སུ་ལ་འཆའ། །བར་སྣང་མཆོད་པའི་དཀྱིལ་འཁོར་རྒྱས། །དེ་རིང་བདུག་སྤོས་བྱེད་རྒྱུ་མེད། །མཁའ་འགྲོ་སྡེ་བཞིའི་མཆོད་དབྱངས་མཛད། །ཡེ་ཤེས་ཌཱ་ཀིས་མཆོད་པ་འབུལ། །དེ་རིང་ཆོ་ག་ཇི་ལྟར་བརྗོད། །རིག་འཛིན་ཀུན་གྱི་འཁོར་གྱིས་བསྐོར། །དཔའ་བོ་ཡོངས་ཀྱིས་ཞབས་ཏོག་བྱེད། །དེ་རིང་གདུང་ལ་རེག་དོན་མེད། །ཆོས་ཉིད་དབྱིངས་ཀྱི་ན་བུན་ལ། །ཅ་བཅོས་མི་དགོས་བཞག་པས་ཆོག །མཁའ་འགྲོ་སྡེ་བཞི་མཆོད་བསྟོད་ལ། །བདག་པོ་མི་དགོས་དགེ་སྦྱོར་མཛོད། །ལྷ་དང་བླ་མའི་དམ་ཚིག་ལ། །ཁ་ཏ་མི་དགོས་ཐུགས་དམ་སྐྱོངས། །རིན་ཆེན་གཏེར་གྱི་ཕུང་པོ་ལ། །ང་བདག་མ་བྱེད་མཉམ་པོར་ཞོག །བླ་མ་སངས་རྒྱས་གསང་ཚིག་ལ། །བཤད་འདོད་མ་མང་སྨྲ་བཅད་མཛོད། །མ་དང་མཁའ་འགྲོའི་ཁ་རླངས་ལ། །སྒྲིབ་ཀྱིས་འཕོག་དོགས་སྐུ་མཚམས་སྡོམས། །རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་ལ། །ཕྲག་དོག་མང་བས་གསང་ཞིང་སྒྲུབས། །ཡ་མཚན་ལྷ་ཡི་ཕ་འབབ་ལ། དངོས་གྲུབ་འབྱུང་ངོ་ཐེ་ཆོམ་མེད། །བླ་མ་རྗེ་བཙུན་རྣམ་ཐར་ལ། །སྙན་པ་ཆེན་པོ་བསྒྲགས་མི་དགོས། །ཡེ་ཤེས་མཁའ་འགྲོའི་གླུ་དབྱངས་ལ། །བྱིན་རླབས་འབྱུང་ངོ་མོས་གུས་བསྐྱེད། །མི་ལ་རས་པའི་བུ་བརྒྱུད་ལ། །གྲུབ་ཐོབ་མང་ངོ་སྐལ་པ་ཅན། །ཡུལ་ཕྱོགས་འདི་ཡི་མི་ནོར་ལ། །ནད་ཡམས་དཀོན་ནོ་ལྷ་མི་ཀུན། །དེ་རིང་འདིར་འཚོགས་སེམས་ཅན་ལ། །ངན་སོང་མེད་དོ་འགྲོ་བ་ཀུན། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ལ། །སྣང་སེམས་གཅིག་ཏུ་འདྲེས་པ་ལ། །དགེ་ཞིང་སྐྱིད་པའི་ལྷ་ཆོས་ལ། །ཀུན་གྱི་རྟག་ཏུ་སྤྱོད་པར་ཤོག །ཅེས་གསུངས་པའི་དབྱངས་ལ་ཆགས་ནས་སྣང་བ་གར་སོང་ཡང་མ་ཚོར་ཏེ། ཟླ་བ་གསུམ་ལ་ནམ་དང་ཉི་མ་ངོ་མ་ཤེས་པར་ནམ་མཁའི་དཀྱིལ་འཁོར་དུ་འོད་དཀར་པོ་དཀྱིལ་དཀྱིལ་དུ་ནམ་མཁའ་གཡའ་དག་པ་ལ། མཐའ་ཐམས་ཅད་སྤྲིན་མཆོད་རྟེན་འདྲ་བ་མང་པོ་གྲལ་བསྒྲིགས་པ་ནི་ཤར་ལྷོ་ནུབ་བྱང་མེད་པར་འཁོར་རུང་ལ་བསྡད། ནམ་མཁའ་གཡའ་དག་པའི་མཐའ་ལ་འཇའ་འོད་སྣ་ལྔ་དཀོར་རེ་ཡོད་པའི་ནམ་མཁའི་དཀྱིལ་དུ་ཨ་དཀར་པོ་ཁྲུ་གང་བ་ཞིག་གི་ལམ་ལམ་བར་སྣང་ལ་མར་འཁོར་ཞིང་ཞག་བདུན་བསྡད། སྤུར་ཁང་སྟེང་དུ་འཇའ་འོད་ཀྱི་གདུང་། ཟུར་ལ་རྒྱལ་མཚན་དང་། གཞན་ཡང་དུ་བ་དང་སྨུག་པ་འདྲེས་པ་ལ་བུམ་པ་དང་། རྡོ་རྗེ་དང་། དྲིལ་བུ་དང་། མེ་ལྕེ་ཐམས་ཅད་ཀྱང་པདྨ་དང་། ཕྱེ་མ་དང་། ཕུར་མ་དང་། རྔ་ཡབ་དང་། ནོར་བུ་དང་། དཔལ་བེའུ་དང་། འཁོར་ལོ་དང་། གཡུང་དྲུང་དང་། ཏིང་ཏིང་ཤག་དང་། ཌཱ་མ་རུ་དང་། ཁ་ཊྶཾ་ག་དང་། ཐོད་པ་དང་གྲི་གུག་དང་། རྔ་དང་རྔེའུ་དང་། མཆོད་པའི་རྫས་སྣ་ཚོགས་སུ་ལམ་ལམ་གྱུར་ཏེ། མེ་ཏོག་ཐམས་ཅད་ཀྱང་ཕྲེང་བསང་མུ་ཏིག་དང་། ཕྲེང་བའི་ལུ་གུ་རྒྱུད་མང་པོ་དང་། ཐིག་ལེ་དཀར་དམར་མཐིང་སྔོན་ལྗང་སེར་སྣ་ཚོགས་པས་ནམ་མཁའ་གང་བ་དང་། ནམ་མཁའ་ནས་མེ་ཏོག་དཀར་སྔོ་དམར་ལྗང་མཐིང་ཁ་ཁྲ་བོ་ལ་སོགས་པ་དང་། མེ་ཏོག་རེ་ལ་འཇའ་སྣ་ལྔ་ཡི་གུར་ཕུབ་པ། མེ་ཏོག་རེ་ལ་དཀྱིལ་གྱི་པདྨའི་ཁ་དོག་དང་མཚུངས་པ་དཔག་ཏུ་མེད་པའི་ཆར་ནི་ཁ་བའི་འདབ་བཞིན་བབ་པ་ཀོར་རོ་རོ་ཀྱི་ལི་ལི་མིའི་མགོ་ནས་ཡར་ལ་ལོག་ནས་མི་ཟིན་པ་དང་། སྐལ་པ་ཡོད་ཡོད་ཀྱི་མགོ་ན་རང་དབང་མེད་པར་འབབ་པ་རེག་ཡོད་པས་མ་མཐོང་བ་དང་། མཐོང་བ་ལག་པས་ཟིན་པ་དང་། མིས་མེ་ཏོག་བཟུང་བ་རྣམས་ཀྱང་ཁ་གསུམ་སོང་བ་དང་བདུན་བདུན་དུ་སོང་བ་དང་། ཉི་ཤུ་རྩ་གཅིག་རེ་སོང་བ་མང་པོ་བྱུང་ངོ་། །ལ་ལའི་ལག་ཏུ་ཡོད་ལེ་འཕེལ་དུ་མ་འདོད་པར་མདངས་ཆུང་དུ་སོང་ངོ་། །ནམ་ཟླ་དགུན་དུ་ཡོད་པ་ལ་དབྱར་ལོ་གསུམ་བྱུང་ངོ་། །དེར་ཚོགས་པ་རྣམས་ལ་ཡང་འཇིག་རྟེན་གྱི་སྣང་བ་མེད་པར་ལྟད་མོ་དང་སྒྲ་དབྱངས་ཀྱི་སྣང་བ་འོག་སྟེ་རས་པ་རྣམས་ཀྱང་དབྱངས་དང་། གསོལ་འདེབས་དང་གར་དང་། ཕྱག་རྒྱ་ལ་སོགས་པ་རྣམས་རང་དབང་མེད་པར་བྱུང་ངོ་། །ལ་ལས་གསོལ་བ་འདེབས་པའི་བར་དུ་རྗེ་བཙུན་སྐུ་ཆུང་ཆུང་ཟན་ཅིག་བྱོན་ནས་བྱུང་བས་ཆོས་དྲུག་གི་གསོལ་འདེབས་འདི་གསུངས་སོ། །འཇའ་ཚོན་ལྟ་བུའི་ལྷ་སྐུ་ལ། །ཟུང་འཇུག་རང་བཞིན་སྟོང་པ་གཅིག །འདྲེ་གདོན་སེམས་ཀྱི་རྣམ་རྟོག་ལ། །མེད་སྣང་སྒྱུ་མར་ཤེས་པ་གཅེས། །དྲིན་ཅན་བླ་མ་རྗེ་བཙུན་ལ། །འདུ་འབྲལ་མེད་པའི་དད་གུས་གཅེས། །ལས་ཟིན་དུ་མེད་པའི་བྱ་བ་ལ། །གདོས་ཐག་ཆོད་པའི་བློ་རྒོད་གཅེས། །རྩ་རླུང་བདེ་དྲོད་འཁོར་ལོ་ལ། །མ་ཡེངས་འབད་རྩོལ་བྱེད་པ་གཅེས། །རྨི་ལམ་སྒྱུ་ལུས་བསྲེ་བ་ལ། །མཚམས་སྦྱོར་འདུན་པ་དྲག་པོ་གཅེས། །ངོ་བོ་འོད་གསལ་རྗེན་པ་ལ། །བློས་བྱས་ཉམས་སུ་མ་རྟོག་གཅེས། །སྣ་ཚོགས་སྣང་བ་ཆོས་ཉིད་ལ། །གཞི་རྩ་ཆོད་པའི་གདམས་ངག་གཅེས། །མ་རྟོགས་སེམས་ཅན་ཐམས་ཅད་ལ། །བྱམས་དང་སྙིང་རྗེ་རྒྱུན་ཐག་གཅེས། །རང་སེམས་སྐྱེ་མེད་ཆོས་སྐུ་ལ། །བློ་རེ་དོགས་མེད་པའི་རྟོགས་པ་གཅེས། །ཞེས་གསུངས་པས་བར་སྣང་ནས་ལྷང་ལྷང་ཐོས། སྣང་བ་དག་པ་རྣམས་ལ་གདུང་བཞུ་རྒྱུ་ཡེ་མ་རྙེད་དེ། གཟིམས་མལ་བུ་ག་ཧ་རེ་འདུག །སྐུ་གཤེགས་ཤུལ་དུ་མཁའ་འགྲོ་མ་མང་པོ། ས་རྡོ་ཡན་ཆད་དྲངས་པ་མཐོང་། རྗེ་བཙུན་རང་གི་ཐུགས་ལ་མེ་འབར་བ་མཐོང་། ནམ་མཁའ་ཡེ་ཤེས་ཀྱི་མེ་ཡི་ནང་དུ་བདེ་མཆོག །ཀྱེ་ཡི་རྡོ་རྗེ། གསང་བ་འདུས་པ་ལ་སོགས་པའི་གསང་སྔགས་ཀྱི་དཀྱིལ་འཁོར་མང་པོ་ལྷ་དང་བཅས་བཀྲ་ལམ་མེ་མཐོང་ངོ་། །ས་ཡི་རོང་ཐམས་ཅད་སྨུག་པ་ཞོ་ཆགས་པ་འདྲ་བའི་ནང་དུ་འོད་ཟེར་གྱི་དྲ་བ་དང་། ཕྲེང་བ་དང་མཆོད་རྫས་མང་པོའི་གང་བ་བྱུང་ངོ་། །རི་རྩེ་ཐམས་ཅད་ལ་འཇའ་ཡི་མཆོད་རྟེན་དང་ཀོར་ཀོར་དང་། གྲུ་བཞི་དང་། སོག་ཀ་དང་། ཆོས་འབྱུང་ལ་སོགས་པ་དཔག་ཏུ་མེད་པ་དང་གྲལ་ཁྲིག་གེ་འདུག །རི་དེའི་རྐེད་ལ་དུ་བ་དང་། མེ་ལྕེ་དང་། སྨུག་པ་གསུམ་ལས་རང་བཞིན་གྱིས་གྲུབ་པའི་གུར་དང་མཆོད་རྟེན་ལ་སོགས་པའི་མཆོད་རྫས་ཀྱི་ནང་མཁའ་འགྲོ་མ་སྐུ་མདོག་དཀར་མོ་དམར་མོ། སེར་མོ། སྔོན་མོ་ལྗང་ཁུ། མཐིང་ཀ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་མང་པོའི་བར་སྣང་གང་ནས་གདུང་ཁང་ལ་མེ་ཏོག་གཏོར་ཞིང་། དར་དཀར་པོ་བླ་རེ་ཞིག་འཐེན་ཞིང་འདུག་པ་ཅི་ཡིན་ནམ་སྙམ་ནས་བལྟས་པས། གདུང་རིང་བསྲེལ་འདུས་པའི་གོང་བུ་གཅིག་ལ་འོད་ཟེར་སྣ་ཚོགས་འཕྲོ་བ་ཅིག་འདུག་པས། རས་པ་རྣམས་ངོ་མཚར་ཆེ་དྲན་པས་ངུ་བ་དང་བརྒྱལ་བ་བྱུང་ངོ་། །ལ་ལས་འདི་ཅི་ཡིན་ནམ་ཟེར་བས་དེའི་དུས་སུ་མཁའ་འགྲོ་མ་རྣམས་ཀྱིས་གདུངས་དབྱངས་ཀྱི་བར་སྣང་ནས་བླངས་སོ། །རྗེ་ཡིད་བཞིན་ནོར་བུ་གཤེགས་ཤུལ་དུ། །ལ་ལ་ངུ་ཞིང་ལ་ལ་དགའ། །བརྒྱལ་ཏེ་མྱ་ངན་བྱེད་དུས་འདིར། །རང་བྱུང་མེ་ནི་རང་འབར་བྱུང་། །དུ་བ་འཇའ་འོད་མཆོད་སྤྲིན་འཁྲིགས། །གདུགས་དང་རྒྱལ་མཚན་བ་དན་དང་། །བཀྲ་ཤིས་དཔའ་བེའུ་གཡུང་དྲུང་འཁྱིལ། །མེ་སྒྲ་དུང་སྒྲ་ཆ་ལང་སྒྲ། །པི་ཝང་གླིང་བུ་ཏིང་ཏིང་ཤ །ཅང་ཏེའུ་ཌཱ་མ་རུ་སྒྲ་འཁྲོལ། །མེ་སྟག་སྐར་མདའ་འཕྲོས་པ་ལས། །ཕྱི་ནང་མཆོད་པའི་ལྷ་མོར་གྱུར། གསང་བའི་མཆོད་པ་སྣ་ཚོགས་བྱེད། །ཡིད་འོང་མཁའ་འགྲོ་མང་པོ་ཡིས། །སྤུར་སྦྱངས་གདུང་ནི་གཤེགས་ནས་ཁྱེར། །ཕུང་པོ་ལྷག་མེད་གྲུབ་པ་ལ། །ཁྱེད་རྣམས་གདུང་ལ་བཞུགས་སྦྱངས་མཚར། །བླ་མ་ཆོས་སྐུ་ནམ་མཁའ་ལས། །ལོངས་སྐུ་སྨོན་ལམ་མཆོད་སྤྲིན་གཏིབས། །སྤྲུལ་སྐུ་འཕྲིན་ལས་མེ་ཏོག་ཆར། །རྒྱུན་ཆད་མེད་པར་འབབ་ཅིང་འཕེལ། །གདུལ་བྱའི་མེ་ཏོག་སྨིན་པར་མཛད། །གང་ཡང་སྐྱེ་བ་མེད་པ་ཡི། །ཆོས་ཉིད་སྐྱེ་མེ་སྟོང་པ་ཉིད། །སྟོང་པ་ཉིད་ལ་སྐྱེ་འགག་གནས། །བྲལ་བས་ཐེ་ཚོམ་ཅི་བྱར་ཡོད། །ཅེས་གསུངས་པས་དར་གྱི་བླ་རེ་འོག་ཏུ་འོད་ཧྲི་ལི་ལི་དེ་ནམ་མཁའ་ལ་འགྲོ་འདོད་པ་ལ། རས་པ་ཞི་བ་འོད་ཀྱིས་གསོལ་འདེབས་འདི་བྱས་པའི་རམ་འདེགས་སེ་བན་དང་འབྲི་སྒོམ་གཉིས་ཀྱིས་མཛད་དེ། རྗེ་བླ་མའི་དྲུང་དུ་བཞུགས་དུས་སུ། །སྙིང་རུས་མཐུ་སྟོབས་རིན་པོ་ཆེ། །གྲུབ་ཐོབ་མང་པོའི་གྲོགས་དང་འཕྲད། །གདམ་ངག་གནད་ཀྱི་ལྡེའུ་མིག་ལོན། རྗེ་འགྲོ་བའི་དོན་ལ་བརྩེ་བ་ཅན། །སེམས་ཅན་ཡོངས་ལ་ཐུགས་རྗེ་གཟིགས། །རྗེ་གཅིག་པུར་རི་ལ་བཞུགས་སུ་དུས་སུ། །སྡུག་སྒུར་སྐྱིད་ཀྱི་མཐའ་མ་འཁོར། །རྫུ་འཕྲུལ་ཏིང་འཛིན་ནུས་པ་ཆེ། །སྐལ་ལྡན་བུ་ལ་བརྩེ་བ་ཅན། །མཐོང་ཐོས་རྣམས་ལ་ཐུགས་རྗེས་ཟུངས། །རྗེ་བུ་སློབ་ནང་དུ་བཞུགས་དུས་སུ། །ཉེ་རིང་མེད་པའི་རིན་པོ་ཆེ། །མངོན་ཤེས་རིག་པའི་ཡེ་ཤེས་རྒྱས། །འགྲོ་བའི་དོན་ལ་བརྩེ་བ་ཅན། །སྐལ་ལྡན་བུ་ལ་ཐུགས་རྗེས་ཟུང་། །རྗེ་མང་པོའི་ཁྲོད་དུ་བཞུགས་ཙ་ན། །ཉེ་རིང་མེད་པའི་རིན་པོ་ཆེ། །འབྲེལ་ཚད་ཐར་པའི་ལམ་ལ་འདྲེན། །སྡུག་བསྔལ་ལྡན་ལ་བརྩེ་བ་ཅན། །ནུས་པ་མེད་ལ་ཐུགས་རྗེས་ཟུང་། །རྗེ་སྒྱུ་མའི་ལུས་ཅིག་འདོར་བའི་དུས། །མཁའ་སྤྱོད་གྲུབ་པའི་རིན་པོ་ཆེ། །སྣང་སྲིད་ཆོས་སྐུར་སྒྱུར་མཛད་ཅིང་། །མཁའ་འགྲོ་ཡོངས་ཀྱི་བརྩེ་བ་ཅན། །འདིར་བཞུགས་བུ་ལ་ཐུགས་རྗེས་ཟུང་། །ཞེས་ངུ་ཞིང་ཞུས་པས། ཐུགས་དེ་ལ་རིང་བསྲེལ་ལྕོག་གའི་སྒོ་ང་ཙམ་ཞིག་ལ་འོད་ཟེར་འཕྲོ་བ་ཅིག་སྤུར་ཁང་ཐོག་ཏུ་འོད་ཡ་ལེ་བྱུང་བས། རས་པ་རྣམས་ཀྱིས་ང་ཡི་ཡིན། ང་ཡི་ཡིན་ཟེར་ནས་ཅི་ཅིར་རེ་བཏང་བས། ཁ་གཉིས་སུ་བཏང་སོང་ནས། ཡ་བ་གཅིག་ཤེལ་གྱི་མཆོད་རྟེན་འཁྱུད་གང་བ་ཅིག་ལ་སངས་རྒྱས་སྟོང་རྩ་གཉིས་སྐུ་ཁྲ་ཤིག་གེ་བ་ཅིག་བསྟན་ནས། པདྨ་ཉི་མའི་སྟེང་དུ་རྗེ་བཙུན་སྐུ་ཆུང་ཆུང་སོར་བཅུ་གཉིས་པའི་ཚད་ཙམ་ཞིག་ཏུ་སྤྲུལ་ནས། མཆོད་རྟེན་ཞིག་ལ་སྐུ་རྒྱབ་གཏད་ནས་མགུར་འདི་གསུངས་སོ། །དད་པ་ཅན་གྱི་ཞི་བ་འོད། །འདིར་ཚོགས་འདུས་པའི་བུ་སློབ་རྣམས། །མི་བདག་གི་མཚན་ནས་བོས་བོས་ནས། ཐུགས་རྗེས་སྐུ་གསུམ་སྤྲུལ་པའི་རྟེན། །མཐོང་བས་འཁོར་བ་མི་ལྟུང་སྟེ། །དད་པ་བྱས་ནས་མངོན་སངས་རྒྱས། །ཆོས་སྐུ་ཐིག་ལེ་ཉག་གཅིག་ལ། །རིང་བསྲེལ་ལྕོག་གའི་སྒོ་ང་ཙམ། །འགྲོ་བ་ཡོངས་ཀྱི་རྟེན་ཡིན་པས། །ང་ཡིས་བྱས་ན་ཡོངས་ཀྱང་འཇིགས། །ཕལ་བའི་ཡུལ་དུ་ག་ལ་སྡོད། །འོན་ཀྱང་གསོལ་བ་བཏབ་གྱུར་ཀྱང་། །ཐུགས་རྗེ་ཆུང་དུ་མི་འགྲོ་བར། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཡིན། །ཐུབ་པ་ཆོས་ཀྱི་འཕྲིན་ལས་ཀྱི། །སྤྲུལ་སྐུ་སྣ་ཚོགས་ཅིར་ཡང་སྟོན། །ཤེལ་གྱི་མཆོད་རྟེན་མཁྱུད་གང་ལ། །སངས་རྒྱས་སྟོང་གི་ཕྲ་བཏབ་སྟེ། །དངོས་སུ་བྱོན་པ་ངོ་མཚར་ཆེ། །མ་ཡེངས་གསོལ་བ་འདེབས་འདེབས་ན། །འཕྲིན་ལས་ཆུང་དུ་མི་འགྲོ་བ། །ཆོས་སྐྱོང་སྤྱི་ཡི་དམ་ཚིག་ཡིན། །བླ་མ་སྐུ་གསུམ་དབྱེར་མེད་པ། རྫུ་འཕྲུལ་སྣང་བ་ཅིར་ཡང་སྟོན། །ཆུང་ལ་འདོད་པའི་སྐུ་འབྲས་ཅན། །དངོས་སུ་བྱོན་པ་ངོ་མཚར་ཆེ། ༢མོས་གུས་གདུང་བ་དྲག་པོ་ཡིས། །སྙིང་ནས་གསོལ་བ་འདེབས་འདེབས་ན། །དངོས་གྲུབ་ཆུང་དུ་མི་འགྲོ་བ། གྲུབ་ཐོབ་ཡོངས་ཀྱི་དམ་ཚིག་ཡིན། །དམ་ཚིག་དམ་དུ་བསྲུང་བ་ན། ༢དམ་ཅན་ཡོངས་ཀྱི་དངོས་གྲུབ་སྟེར། །གཅིག་པུར་རི་ཁྲོད་ཟིན་པ་ན། །མ་དང་མཁའ་འགྲོ་ངང་གིས་འཁོར། །ཆོས་ལ་ངོས་ལྐོག་མ་བྱས་ན། །མྱུར་དུ་འགྲུབ་པའི་སྔ་ལྟས་ཡིན། །ནང་དུ་སྐྱིད་འདོད་མི་འདུག་ན། །ཉོན་མོངས་རྩ་བ་བུད་པ་ཡིན། །བདག་དང་དངོས་པོ་མི་གདའ་ན། ༢འདྲེ་བདུད་བར་ཆད་གསོད་པ་ཡིན། །ཕྱོགས་དང་ཉེ་རིང་མི་འདུག་ན། །ལྟ་བ་ཡོངས་སུ་དག་པ་ཡིན། འཁོར་འདས་སྟོང་པར་འཆར་ནུས་ན། །སྒོམ་པ་ཡོངས་སུ་དག་པ་ཡིན། ༢བརཏལ་ཞུགས་ཁོང་ནས་རྡོལ་བ་ཡིན། །སྤྱོད་པ་ཡོངས་སུ་དག་པ་ཡིན། །བླ་མའི་ལུང་བསྟན་གྲུབ་པ་ན། །དམ་ཚིག་ཡོང་སུ་དག་པ་ཡིན། སེམས་ཅན་ཀུན་གྱི་དོན་གྲུབ་ན། །འབྲས་བུ་ཡོངས་སུ་དག་པ་ཡིན། །དཔོན་སློབ་ཐུགས་ཡིད་འདྲེས་པ་ན། །འབྲེལ་བ་གོང་ན་ཡོད་པ་ཡིན། །རྟགས་དང་དངོས་གྲུབ་མཐོང་བ་འདི། །སྣང་བ་ཡོངས་སུ་དག་པ་ཡིན། །ཅེས་གསུངས་ནས་ནམ་མཁའི་དབྱིངས་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཁྲ་སྤུངས་སེ་འདུག་པའི་ནང་དུ་བླ་མ་ཐིམ་ནས་སོང་། ཤེལ་གྱི་མཆོད་རྟེན་དེ་ནི་མཁའ་འགྲོ་མས་གདན་འདྲེན་པར་འདུག་བསམ་ནས་གསོལ་བ་འདི་སྔར་བཞིན་བཏབ་པ། རྗེ་རང་འོད་སྤྲུལ་པའི་སྐུ་གཟུགས་ཅན། །མི་མངོན་ཆོས་ཀྱི་ཞིང་ཁམས་ཁྱབ། །ལོངས་སྤྱོད་རྫོགས་པའི་རྣལ་འབྱོར་པ། །རྗེ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །རྗེ་གྲུབ་ཐོབ་རྣམས་དང་མཇལ་དུས་སུ། །རིན་ཆེན་གསེར་གྱི་འབྲུ་དང་འདྲ། །འགྲིམ་ཐད་ཆེ་བའི་རྣལ་འབྱོར་པ། །རྗེ་སྦྱངས་པ་ཅན་ལ་གསོལ་བ་འདེབས། །རྗེ་བླ་མའི་ཞབས་ཏོག་བྱེད་དུས་སུ། གཡང་དཀར་ལུག་གི་བལ་དང་འདྲ། །ཀུན་ལ་ཕན་པའི་རྣལ་འབྱོར་པ། །རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །རྗེ་འཇིག་རྟེན་བྱ་བ་བཏང་ཙམ་ན། །དྲང་སྲོང་རིག་པའི་རྒྱལ་པོ་འདྲ། འགྱུར་བ་མེད་པའི་རྣལ་འབྱོར་པ། །རྗེ་སྙིང་སྟོབས་ཅན་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་བསྒོམ་ཙམ་ན། །སྟག་མོའི་མི་རོ་ཟ་བ་འདྲ། །ཐེ་ཚོམ་མེད་པའི་རྣལ་འབྱོར་པ། རྗེ་སྙིང་སྟོབས་ཅན་ལ་གསོལ་བ་འདེབས། །རྗེ་མི་མེད་ལུང་པ་འཛིན་ཙམ་ན། ལྕགས་ཀྱི་རྡོ་བ་སྲུབ་མེད་འདྲ། །སྡུག་བསྲན་ཆེ་བའི་རྣལ་འབྱོར་པ། །རྗེ་བཅོས་མ་མེད་ལ་གསོལ་བ་འདེབས། །རྗེ་རྟགས་དང་ཆོ་འཕྲུལ་བྱུང་ཙམ་ན། །གླང་ཆེན་སེང་གེ་དཀར་མོ་འདྲ། །ཉམ་ང་མེད་པའི་རྣལ་འབྱོར་པ། རྗེ་འཇིགས་པ་མེད་ལ་གསོལ་བ་འདེབས། །རྗེ་ཉམས་དང་དྲོད་རྟགས་སྐྱེས་ཙམ་ན། །བཅོ་ལྔའི་ཟླ་བ་ཉ་རྒྱས་འདྲ། །འཛམ་གླིང་ཁྱབ་པའི་རྣལ་འབྱོར་པ། །རྗེ་ཆད་འཛིན་མེད་ལ་གསོལ་བ་འདེབས། །རྗེ་སྐལ་ལྡན་སློབ་མ་སྐྱོང་ཙམ་ན། །ཉི་མ་མེ་ཤེལ་འཕྲད་ཙ་འདྲ། །གྲུབ་ཐོབ་མཛད་པའི་རྣལ་འབྱོར་པ། །རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །རྗེ་ཟང་ཟིང་ནོར་དང་ཕྲད་ཙམ་ན། །དངུལ་དཀར་མེ་ལོང་མདོག་དང་འདྲ། །དྲི་མ་མི་གནས་རྣལ་འབྱོར་པ། །རྗེ་ཉེས་སྐྱོན་མེད་ལ་གསོལ་བ་འདེབས། །རྗེ་མང་པོའི་ཚོགས་པ་སྐྱོང་ཙམ་ན། །འཛམ་གླིང་ཉི་མ་ཤར་བ་འདྲ། །རྗེ་མུན་པ་སེལ་བའི་རྣལ་འབྱོར་པ། །རྗེ་སྙིང་སྟོབས་ཅན་ལ་གསོལ་བ་འདེབས། །རྗེ་འཛམ་གླིང་མི་དང་མཇལ་ཙམ་ན། །མ་དང་བུ་གཉིས་འཕྲད་པ་འདྲ། །ཅི་ཕན་སྒྲུབ་པའི་རྣལ་འབྱོར་པ། །རྗེ་བྱམས་པ་ཅན་ལ་གསོལ་བ་འདེབས། །མཁའ་སྤྱོད་གནས་སུ་གཤེགས་ཙམ་ན། །དངོས་གྲུབ་གཏེར་གྱི་བུམ་པ་འདྲ། །ཚད་བཟུང་མེད་པའི་རྣལ་འབྱོར་པ། །རྗེ་ངོ་མཚར་ཅན་ལ་གསོལ་བ་འདེབས། །རྗེ་མངོན་ཤེས་ལུང་བསྟན་མཛད་ཙམ་ན། །ཁ་དང་ལག་པ་སྤྲོད་ཙམ་ན། །འཆུག་པ་མེད་པའི་རྣལ་འབྱོར་པ། །རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །རྗེ་དངོས་གྲུབ་མྱུར་དུ་གནང་ཙམ་ན། །ཕ་མས་བུ་ལ་ནོར་ཕོག་འདྲ། །ཕོངས་པ་མེད་པའི་རྣལ་འབྱོར་པ། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་འདི། །བུ་སློབ་རྣམས་ལ་གནང་བར་ཞུ། །ཞེས་ཞུས་པས། རྗེ་བཙུན་གྱི་གསུང་ལྷང་ལྷང་པ་ཅིག་མཆོད་རྟེན་དེའི་ནང་དུ་གྲགས་པ་ལ། མཁའ་འགྲོ་མ་དེས་ལོ་ཚད་དང་རམ་འདེགས་མཉམ་དུ་མཛད་ནས་མགུར་འདི་གསུངས་སོ། །འོ་ན་སྐལ་ལྡན་དད་པ་ཅན། །ལྷང་ལྷང་སྐད་ཀྱིས་གསོལ་འདེབས་པ། །ཡ་མཚན་རས་པའི་བུ་སློབ་རྣམས། །ཁྱོད་བླ་མ་མཚན་ལྡན་བསྟེན་པ་དང་། །བསོད་ནམས་ཅན་ལ་བརྟེན་པ་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །སྟོང་ཉིད་སེམས་ལ་ཤར་བ་དང་། །མི་རྟོགས་བློ་ཡི་སྟོང་པ་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །སྒོམ་གཉུག་མ་རང་ས་ཟིན་པ་དང་། །ཞི་གནས་ཡིད་ལ་འབྱོར་བ་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །རང་བྱུང་ལྷུག་པའི་རང་ཤར་དང་། །འཐད་འཐད་མང་བའི་དྲན་པ་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །སེམས་ཉིད་དྲི་མ་མེད་པ་དང་། །བསམ་པ་བཟང་པོའི་ཕན་དོགས་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །དངོས་གྲུབ་རྟེན་འབྲེལ་ཤར་བ་དང་། །ཟ་ཟིང་མང་པོའི་བསོད་ནམས་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །མ་དང་མཁའ་འགྲོའི་ལུང་བསྟན་དང་། །ས་བླ་འབྱུང་པོས་རྟག་འབོད་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །ཆོས་སྐུ་དྲི་མེད་གོང་བུ་དང་། །མཚན་མ་རྫས་ཀྱི་རིང་བསྲེལ་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །སྤྲུལ་པའི་དབྱིངས་ཀྱི་མེ་ཏོག་དང་། །འོད་གསལ་ལྷ་ཡི་མེ་ཏོག་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །སྤྲུལ་པ་སྐུ་ཡི་མཆོད་རྟེན་དང་། །སྔོན་ལས་སྐྱེས་པའི་ལྷན་སྐྱེས་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །སྣང་སྲིད་འཇའ་འོད་གུར་ཁང་དང་། །འབྱུང་བ་རྐྱེན་གྱི་འཇའ་འོད་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །སྔོན་གྱི་ལས་འཕྲོ་སད་པ་དང་། །ཚེ་འདིའི་ལྟོ་གོས་དད་པ་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །དད་པ་གཏིང་ནས་སྐྱེས་པ་དང་། །ངོ་ཚ་ཁྲེལ་ལ་བསམ་པ་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །སྙིང་ནས་སྒྲུབ་པ་བསམ་པ་དང་། །བླ་མའི་ངོ་སྲུང་བྱེད་པ་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །དད་པ་འཚོ་བ་འདྲེན་པ་དང་། །དད་པ་སྲུང་བ་རེ་བ་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་མཛོད། །བསོད་ནམས་ལག་ཏུ་ལེན་པ་དང་། །ཁ་དོག་རླུང་ལ་ཕྱར་བ་གཉིས། །འདྲ་འདྲ་འདྲལ་ནོར་དོགས་མཛོད། །མ་དང་མཁའ་འགྲོའི་མཆོད་རྟེན་འདི། །དུས་གསུམ་སངས་རྒྱས་ཞིང་ཁམས་ཡིན། །དཔའ་བོ་དཔའ་མོའི་ཚོགས་ཁང་ཡིན། །བླ་མ་རྗེ་བཙུན་སྒོམ་ཁང་ཡིན། །ད་ནི་ཤར་ཕྱོགས་ཞིང་ཁམས་སུ། །མཁའ་འགྲོ་མང་པོ་འདུས་པའི་ནང་། །མངོན་དགའ་དག་པའི་ཞིང་དེ་ན། །བཅོམ་ལྡན་སངས་རྒྱས་བདེ་མཆོག་དང་། །སྤྱན་རས་གཟིགས་དབང་སྒྲོལ་མའི་ཚོགས། །ཀུན་བཟང་བདེ་བའི་གནས་དེ་ན། །མཁའ་འགྲོ་མང་པོའི་སུན་མ་ཡོད། །ཁྱོད་དད་པས་སྙིང་ནས་གསོལ་བཏབ་པས། །ཁ་ཞེ་མེད་པའི་མཆི་མ་ཕུལ། །བཅོས་མ་མེད་པའི་ཕྱག་རྟེན་ལེགས། །ཤེས་རབ་རྣོན་པོའི་མེ་ཏོག་འཐོར། །བྱང་ཆུབ་སེམས་ཀྱི་ཁྲུས་བྱས་པས། །དད་པ་འགྱུར་མེད་བསྲུང་བ་བཟང་། །ཡེ་ཤེས་འགྱུར་མེད་དབང་ཞུས་ན། །ཁྱོད་མགོ་བོ་འདི་ཡི་འོག་ཏུ་ཆུག །ཅེས་གསུངས་ཏེ་མཁའ་འགྲོ་མ་དེ་བར་སྣང་དུ་ཁྱེར་ཏེ་འོང་བས་རས་པ་བུ་ཆེན་ཚོས་མགོ་ལ་རེག་ཙམ་རེ་བྱས་ནས་ནམ་མཁའ་ལ་གདན་དྲངས་ནས་སོང་ངོ་། །དེར་མཁའ་འགྲོ་མ་དེ་རྣམས་དབྱངས་ཙེ་རེ་རེ་ཚོར་མི་ཚོར་མིན་པ་ཅིག་ཀྱང་མ་མཐོང་འཇའ་ཚོན་ཡང་མདངས་ཆུང་དུ་སོང་བ་མིན། ས་གཞན་གྱི་རྟགས་རྣམས་ད་རུང་མ་འགྱུར་རོ། །གདུང་བཞུ་བའི་རྣམ་པ་ཅིག་བྱས་ཀྱང་གདུང་རུས་དང་། གདུང་ལ་ཤ་ཁྲག་གི་གསུར་གཞོབ་མེད་པར་འཇའ་ཡོད་དུ་ཡལ་ནས་སོང་བས་གདུང་ཐལ་ཡང་མ་རྙེད་དོ། །ཡང་བར་སྣང་དུ་མཁའ་འགྲོ་མའི་མཆོད་རྫས་དེ་རྣམས་ལོ་མ་འཁོར་བར་དུ་བསྡད། དབྱར་ལོ་གསུམ། ལོ་ཡག་ལོ་བརྒྱད། ནད་ཡམས་མེད་པར་མི་རབས་གསུམ། འཁྲུག་པ་མེད་པ་མི་རབས་བདུན། དེ་ལ་སོགས་པའི་ལྟས་ཡི་གེར་བྲིར་མ་ལོང་ངོ་། །དེར་གདུང་བཞུས་པ་དེར་བུམ་པ་ཆུང་ངུ་ཅིག་བྱས་སོ། །སློབ་མ་ཡོན་བདག་དེར་ཚོགས་པས་དེ་བུར་ཀར་དེ་གྲི་གུ་དེས་ཁ་གཉིས་སུ་བྱས་པས་ཆུང་དུ་མ་སོང་བར་འདྲ་འདྲ་བཞི། བཞི་བཞི་བྱས་པས་ཀྱང་འདྲ་འདྲ་བརྒྱད། བརྒྱད་བརྒྱད་བྱས་པས་བཅུ་དྲུག །བཅུ་དྲུག་བྱས་པས་སུམ་ཅུ་སོ་གཉིས། དེ་བཞིན་དུ་ཟད་རྒྱུ་མ་བྱུང་ངོ་། །རས་ལ་ཡང་ཁ་གང་གཤགས་པས་ཁ་དོ། དེ་བཞིན་དུ་བཞི་བརྒྱད་བཅུ་དྲུག་ལ་སོགས་པ་གོང་བཞིན་བྱུང་བས། དེར་ཚོགས་པའི་ཚོགས་པ་རྣམས་ལ་བུ་རམ་རྡོག་པོ་རེ་དང་། རས་ཁ་རེ་འགྱེད་རྒྱུ་བྱུང་སྟེ། ཐམས་ཅད་ཀྱིས་བུ་རམ་ཟོས་པས་ཟད་རྒྱུ་མ་བྱུང་བར་དང་ཁ་མེར་ཆིལ་ལེ་བ་བྱུང་ཞིང་། ཁྱིམ་དུ་ཁྱེར་ཡང་ཆུང་ངུ་མ་སོང་སྟེ་བྲིན་དང་སྙེ་ནམ་གྱི་མི་ཐམས་ཅད་ཀྱིས་ལོ་མ་འཁོར་བར་དུ་ཅི་ཟ་ཟ་བྱུང་། བུ་རམ་ཟོས་ཤིང་འདི་རང་ངོ་མཚར་ཆེ་ཟེར་ཞིང་ཟོས་པས་ནམ་མཁའ་ནས་སྒྲ་སྐད་འདི་ལྟར་གྲགས་སོ། །སྐྱེས་བུ་དེ་ནི་ཏིང་འཛིན་ཟས། །མི་ཚེ་རིང་དུ་ཟོས་པས། །བསམ་གཏན་ཆེན་པོའི་དངོས་གྲུབ་ཟས། །དེ་ཁོ་ན་སོང་བའི་མི་རྣམས་ལ། །ཡི་དྭགས་སུ་སྐྱེ་བའི་སྒོ་གཅོད་དོ། །རས་དཀར་བཟང་པོའི་ཤེས་རབ་གོས། །མགུར་དུ་བཏགས་པའི་མི་རྣམས་ལ། །དམྱལ་བར་བསྲེགས་པའི་སྐྱེ་སྒོ་གཅོད། །བྱིན་རླབས་ཐོབ་པའི་མི་རྣམས་ཀུན། །ངན་སོང་གསུམ་གྱི་གནས་ལས་ཐར། །ཞེས་པའི་སྒྲ་དབྱངས་བྱུང་ངོ་། །དེ་ནས་སྤུར་བཞུས་པའི་ཤུལ་དུ་སྒྱིད་བུ་གསུམ་ལུས་འདུག་པ་དེ་གཙོ་བོ་མི་གསུམ་གྱིས་ཕྱག་འཚལ་བའི་རྟེན་བྱས་སོ། །དེ་ལ་སོགས་པའི་ལྟས་བཟང་པོ་ལོ་མ་འཁོར་བར་དུ། དུས་བཟང་ཐམས་ཅད་ལ་དཔའ་བོ་དང་མཁའ་འགྲོས་མཆོད་དབྱངས་གྲགས་ཙ། ཡུལ་གྱི་བུ་ཚ་དང་བུ་མོ་རྣམས་ཀྱིས་མེ་ཏོག་འཛིན་ཟེར་ནས་འགྲོ་བ། མེ་ཏོག་ཟིན་ལེ་འབྲོས་ནས་འོང་། མ་ཟིན་པ་རྣམས་ཀྱིས་ཕྱི་དེ་ནས་འོང་། ནུབ་མོ་ཡུལ་པ་དང་། གཞི་བདག་དང་། མི་མ་ཡིན་ཐམས་ཅད་ཀྱིས་མེ་ཏོག་སྤར་བ་གང་མང་པོ་ཐུ་བ་དང་། ཕྱག་དང་བསྐོར་བ་བྱས་བྱས་ནས་ས་འོག་ཏུ་སོང་ངོ་། །ཐོ་རངས་དང་དགོང་མོ་ལ་ཤ་བ་དང་། རྐྱང་དང་། རི་དྭགས་མང་པོས་བསྐོར་བར་བྱེད། བུད་མེད་སྨ་ར་ཡོད་པ་མང་པོ་འདུག་ཙ་ཡར་ལ་ཉེ་བ་དང་ཡོད་ཅིང་སོང་ངོ་། །དེ་ལ་སོགས་པ་མང་པོ་ངོ་མཚར་དེ་ལྟས་བསམ་གྱིས་མི་ཁྱབ་བོ། །བླ་མ་ཆོས་སྐུར་ཡལ། མཐོང་སྣང་ལོངས་སྐུར་བཞུགས། ཐུགས་རྗེ་སྤྲུལ་སྐུར་བཞུགས། དཔའ་བཞད་པ་རྡོ་རྗེའི་རྣམ་ཐར་མགུར་ཆོས་ཞལ་གདམས་དང་བཅས་པ་རྫོགས་སོ།། །།རྣམ་ཐར་འདི་སྐལ་ལྡན་སྒོམ་ཆེན་རྣམས་ཀྱི་དོན་དུ་ངན་རྫོང་སྟོན་པ་བོ་དྷི་རཱ་ཛ་ལ་སོགས་པའི་རས་པ་བུ་ཆེན་བཅུ་གཉིས་ཀྱིས་ཡི་གེར་བཀོད་པའོ། །སྤྱིར་རྗེ་བཙུན་ཆེན་པོ་དེ་ཉིད་ལ་བཞུགས་པའི་རི་ཁྲོད་ཀྱི་གནང་མང་དུ་ཡོད་ནའང་ཡོངས་སུ་གྲགས་པའི་རྫོང་ཆེན་པོ་བཅོ་བརྒྱད། རྫོང་དྲུག་ནི། བྲག་དམར་ལིང་ང་རྫོང་། རྟ་སོ་དབུ་མ་རྫོང་། བྲག་དམར་སྤོ་མཐོན་རྫོང་། རྐྱང་འཕེན་ནམ་མཁའ་རྫོང་། རག་མ་བྱ་ཆུབ་རྫོང་། སྨིན་ཁྱུག་གྲིབ་མ་རྫོང་། སྐུ་ཐང་རྫོང་དྲུག་ནི། བྲག་སྐྱ་རྡོ་རྗེ་རྫོང་། ཁྲ་ཚང་སྲིན་པོ་རྫོང་། སྐྱིད་པ་ཉི་མ་རྫོང་། ཁུ་བྱུག་དབེན་པ་རྫོང་། ཤེལ་ཕུག་ནམ་མཁའ་རྫོང་། རྩིག་པ་རྐང་གཅིག་རྫོང་། དཔའ་མོ་རྫོང་དྲུག་ནི། རྒྱ་བྲག་ནམ་མཁའ་རྫོང་། སྦས་ཕུག་མ་མོ་རྫོང་། སྟག་ཕུག་སེང་གེ་རྫོང་། ལ་ཕུག་པདྨ་རྫོང་། ཁྲོ་རྒྱལ་རྡོ་རྗེ་རྫོང་། གླང་མགོ་ཀླུ་བདུད་རྫོང་། རྫོང་ཆུང་གཉིས་ནི། བྲག་དམར་སྤོ་མཐོན་ནམ་མཁའ་རྫོང་། སྐྱིད་ཕུག་ཉི་མ་རྫོང་། གཞན་ཡང་ལྷོ་གྲོ་བོ་ལུང་། གངས་ཏི་སི། རྩིབས་རི། ཁྱད་པར་གྱི་གནས་ནི། ལ་ཕྱི་དང་ཆུ་བར་རྣམས་སུ་སྒྲུབ་པ་ལ་རྩེ་གཅིག་ཏུ་འབད་པས་མས་བརྟན་གྱི་དགའ་བ་བཞི་མགྲིན་པ་ལོངས་སྤྱོད་ཀྱི་དཀྱིལ་ཁོར་རྫོགས་ཏེ་འབྱུང་བཞིའི་སྐྱེ་མཆེད་ཟིལ་གྱིས་གནོན་པའི་རྫུ་འཕྲུལ་ཡ་མ་ཟུང་དང་། བྱ་དང་རི་དྭགས་གཅན་གཟན་ལ་སྒོམ་བཏབ་ལྷ་སྲིན་དྲེགས་པ་ཅན་བཏུལ་ནས་ཆོས་ལ་བཀོད། ཏི་སིའི་ལྷ་བཙུན་མ་ལ་གཏུམ་མོའི་ཁྲིད་བཏབ། ཇོ་མོ་བཀྲིས་ཚེ་རིང་མ་ལ་བར་དོའི་གདམས་པ་ལ་སོགས་པ་གནང་། གསང་སྔགས་ཀྱི་ལམ་མཆོག་སྒྲུབ་པའི་བཀའ་བརྒྱུད་ཀྱི་སྲུང་མར་ད་ལྟའང་བཞུགས། གཞན་ཡང་སློབ་མ་བསམ་གྱིས་མི་ཁྱབ་སྟེ། ཁྱད་པར་གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་ཉི་ཤུ་རྩ་ལྔ། དེའི་ནང་ནས་བུ་དགུ་སྲིང་བཞི་ཞེས་གྲགས་སོ། །དེ་ལ་ཐུགས་ཀྱི་སྲས་བཞི་ནི། རས་ཆུང་པ། སེ་བན་རས་པ། ངན་རྫོང་རས་པ། འབྲི་སྒོམ་རས་པ་དང་བཞིའོ། །ཉེ་བའི་སྲས་བརྒྱད་ནི། རས་པ་ཞི་བ་འོད། རས་པ་སངས་རྒྱས་སྐྱབས། རས་པ་རྡོ་རྗེ་དབང་ཕྱུག །གཤིན་སྒོམ་རས་པ། རོང་ཆུང་རས་པ། མཁར་ཆུང་རས་པ། གཉེན་སྒོམ་རས་པ། ཁྱི་ར་རས་པ་དང་བརྒྱད་དོ། །སྐུ་གཤེགས་ཁའི་སློབ་མ་དྲུག་ནི། དྭགས་པོ་ལྷ་རྗེ། ལི་སྐོར་ཕྱག་རུ་པ། ལོ་སྟོན་དགེ་འདུན། སྐྱོ་སྟོན་ཤག་གུ དམ་པ་རྒྱག་ཕུ་པ། འབྲི་བན་བཀྲ་ཤིས་དང་དྲུག་གོ །སྲིང་བཞི་ནི། ལེགས་སེ་འབུམ། དཔའ་དར་འབུམ། གསལ་ལེ་འོད། རས་ཆུང་མ་དང་བཞིའོ། །ཡང་ལོ་རྒྱུས་གཅིག་ལ་རས་པ། མཆེད་བརྒྱད་དང་ཐུགས་ཀྱི་སྲས་བཞི། ཉེ་བའི་སྲས་བརྒྱད་རྣམས་ནི་འདི་འདྲ་ཟེར་བར་འདུག་རས་ཆུང་རྡོར་གྲགས། ངམ་རྫོང་རས་པ། འབྲི་སྒོམ་རས་པ། རས་པ་ཞི་བ་འོད། བདེ་བ་སྐྱོང་། ཁྱི་ར་རས་པ། ར་རྫི་རས་པ་རྣམས་སོ། །མཁའ་སྤྱོད་དུ་བཞུགས་པའི་རྣལ་འབྱོར་ཕོ་མོ་བདུན་ནི། ཞི་བ་འོད་སངས་རྒྱས་སྐྱབས། རོང་ཆུང་རས་པ། པེ་ཏ། མཛེས་སེ། ཆོས་ཀྱི་བྱང་ཆུབ། འབྲི་མཚམས་ཀྱི་པ་ཚབ་ཟ་རྣམས་སོ། །མཆོག་གི་རྣལ་འབྱོར་ཕོ་མོ་གསུམ་ནི། མི་རྣམས་འདུལ་བའི་མཆོག་སྒམ་པོ་པ། མི་མ་ཡིན་རྣམས་འདུལ་བའི་མཆོག་བཀྲ་ཤིས་ཚེ་རིང་མ། ཌཱ་ཀི་རྣམས་འདུལ་བའི་མཆོག་སྔགས་སྐྱེས་ལྷན་ཅིག་སྐྱེས་པའི་སྒྲོལ་མ་རྣམས་སོ། །ཐུགས་ཀྱི་སྲས་བཞི། ཉེ་བའི་སྲས་བརྒྱད། གུང་ཐུང་གི་གཉན་ཆུང་རས་པ། རས་པ་ཙ་ཕུ་པ། གླང་བཙུན་རས་པ། རས་པ་རྡོ་རྗེ་དབང་ཕྱུག །གཤིན་སྒོམ་རས་པ་མཁར་ཆུང་རས་པ། གླེན་སྒོམ་རས་པ། འགོན་བཙུན་རས་པ་དང་བརྒྱད་དོ། །སྐུ་བགྲེས་ཁར་འཁྲུངས་པའི་སྟོན་པ་དྲུག་ནི། སྐྱེ་སྟོན་ཤཱཀྱ་གུ་འོར་སྟོན་དགེ་འདུན་དམ་པ་རྒྱག་ཕུ། འབྲོ་བན་བཀྲ་ཤིས། ལམ་གོང་ཕྱར་ཆུང་པ་རྣམས་སོ། །འབྲི་སྒོམ། ཇོ་དར། སྒོམ་སྟག་སོགས་གྲུབ་ཐོབ་ཕོ་མོ་ཉི་ཤུ་རྩ་ལྔ། རས་པ་ཉེར་གཅིག་སྟོན་པ་བཅུ། རས་པ་བཅུ་གཉིས། ཁྱིམ་པའི་ཚུལ་འཛིན་པའི་གྲུབ་ཐོབ་ཕོ་མོ་དྲུག །ཐོ་མཚམས་ནས་སླར་དད་དེ་གྲུབ་པ་ལ་སོགས་པ་དང་དཔག་ཏུ་མེད་པ་སྨིན་པར་མཛད་དོ། །སྙན་བརྒྱུད་འཁོར་ལོ་བདེ་མཆོག་གི །བརྒྱུད་པ་ཡིད་བཞིན་ནོར་བུ་འདི། །མ་འོངས་གདུང་བརྒྱུད་འཛིན་པ་རྣམས། བློ་དམན་བརྗེད་པས་འཇིགས་པའི་ཕྱིར། །བླ་མའི་གསུང་བཞིན་ཡི་གེར་བཀོད། །བླ་མ་མཁའ་འགྲོས་བཟོད་པར་གསོལ། ཕྱི་རབས་རྟེན་གང་ཟག་རྣམས། །དབང་བསྐུར་བྱིན་རླབས་ཆོས་འཁོར་དང་། །དཔའ་བོ་དཔའ་མོ་མཆོད་ལ་སོང་། །གྱིས་ཤིག་གནང་བ་མ་གཏོགས་པ། །བླ་མ་རྗེ་ཡི་བཀའ་རྒྱས་བཏབ། །མཁའ་འགྲོ་ཀོ་ལོང་དམ་པས་ན། ཡི་གེ་མ་སྤེལ་གནང་ལ་ཞུས། བརྒྱུད་པ་ཡིད་བཞིན་ནོར་བུ་གུ་རུ་ཌཱཀི་ས་མ་ཡ། ཆོས་ཀྱི་རྗེ་མི་ཕམ་མགོན་པའི་ཞལ་ནས་རྗེ་བཙུན་ཆེན་པོའི་མགུར་འབུམ་ལ་མཐའ་མེད་པ་ཅིག་ཡོད་པར་གྲགས་ཤིང་ཕྱོགས་གཅིག་ཏུ་བསྒྲིགས་པ་བརྒྱ་ཙམ་མཐོང་བའི་ནང་ནས་ཀྱང་འདི་ཉིད་མང་ཤོས་སུ་འདུག་ཅིང་། རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་ཉིད་ཀྱིས་ཕྱག་བྲིས་སུ་མཛད་པ་ཡིན་པས་ཁུངས་བཙུན་གསུངས་ནས་ཐུགས་རྩིས་ཤིན་ཏུ་ཆེ་བར་མཛད་འདུག་ཅེས་ཡོངས་སུ་གྲགས་པའི་གླེགས་བམ་ནི་འདི་ཡིན་ནོ། །འདིས་ཀྱང་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ཁྱད་པར་རླབས་ཆེན་དགེ་བ་དུས་གསུམ་དུ་བསགས་པ་རྣམས་ལ་བརྟེན་ནས་ས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས། སེམས་ཅན་ཉམ་ཐག་པ་རྣམས་ཀྱི་སླད་དུ་སངས་རྒྱས་ཐོབ་པར་གྱུར་ཅིག །ན་མོ་གུ་རུ་མཎྜྻ་དེ་བ། ཚོགས་གཉིས་རྒྱ་མཚོར་སྐུ་བཞིའི་ལྷུན་པོ་མཛེས། །སྤངས་རྟོགས་འཆི་མེད་ཁང་བཟང་གིས་སྤྲས་ཏེ། །རྒྱལ་བ་སྲས་བཅས་དབུས་སུ་མངོན་མཐོ་བའི། །བདེ་གཤེགས་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཆོས་དབྱིངས་མཁའ་ལ་བདེན་འཛིན་འོད་སྟོང་འཕྲོ། །ཟུང་འཇུག་རྟ་བདུན་སྨོན་ལམ་བགྲོད་མཐའ་ཡས། །རྣམ་མང་འགྲོ་བའི་ཡིད་མུན་དྲུང་འབྱིན་པའི། །རྗེ་བཙུན་ཏེ་ལོ་པ་ལ་གསོལ་བ་འདེབས། །དྲི་མེད་བདེ་སྟོང་འོད་གསལ་དཀྱིལ་འཁོར་རྒྱས། །རྣམ་དག་སྒྱུ་མའི་རི་དྭགས་གཟུགས་ཀྱིས་མཛེས། །རྒོལ་ངན་རྒྱུ་སྐར་ཚོགས་རྣམས་ཟིལ་གནོན་པའི། །དཔལ་ཆེན་ནཱ་རོ་པ་ལ་གསོལ་བ་འདེབས། །གངས་ཅན་སྒྲུབ་བརྒྱུད་དུ་མའི་བྱེད་པ་པོ། །རིག་འཛིན་ལྷ་བརྒྱའི་གཙུག་ན་གསེར་གྱི་མངལ། །ལ་ལར་དམ་ཆོས་བསྐུལ་བྱེད་འཁོར་ལོའི་འདག །སྐྱེས་མཆོག་མར་པའི་ཞབས་ལ་གསོལ་བ་འདེབས། །བདག་ལྟའི་ལྟ་མིན་ཏིང་འཛིན་རྡོ་རྗེས་བཅོམ། །སྣ་ཚོགས་སྤྲུལ་པའི་མིག་སྟོང་གིས་མཛེས་ཤིང་། །ཐེག་མཆོག་ལག་ལྡན་གཙོ་ལ་དབང་བསྒྱུར་བའི། །དབང་ཕྱུག་མི་ལའི་སྐུ་ལ་གསོལ་བ་འདེབས། །ཞེས་བསྟོད་པ་དང་རྗེས་སུ་མཐུན་པའི་རྗེ་བཙུན་ཆེན་པོ་མི་ལ་རས་པ། མཚན་གཞན་དཔལ་བཞད་པའི་རྡོ་རྗེ་ཞེས་བྱ་བ་འདི་ནི། རྗེ་དེ་ཉིད་ཀྱི་གསང་བའི་རྣམ་ཐར་ལས། སྔོན་རྒྱ་གར་ལ་སོགས་པར་སྐྱེ་བ་གཞན་གྱིས་བར་མ་ཆོད་པ་བརྒྱ་ཕྲག་ལྔ་ལ་རིག་པའི་གནས་ལྔ་མཁྱེན་པའི་པཎྜྻི་ཏ་ཁོ་ནར་སྐྱེས་ཤིང་། ཁྱད་པར་རྡོ་རྗེ་འཆང་གི་ཐེག་པའི་ལམ་མཐའ་དག་རྒྱུད་ལ་ཡོངས་སུ་བསྐྲུན་ནའང་། རང་གི་གདུལ་བར་བྱ་བའི་གདུལ་བྱ་གང་འདུལ་གཟིགས་ནས། ཁ་བ་ཅན་གྱི་ལྗོངས་འདིར་མིའང་མི་མ་ཡིན་པ་དཔག་ཏུ་མེད་པའི་དོན་རྒྱ་ཆེན་པོ་འོང་བར་གཟིགས་ཤིང་། ཁྱད་པར་དུ་ཡང་ཆོས་རྗེ་སྒམ་པོ་པ་དེ་ཉིད་ཀྱི་དོན་དང་། སྒོས་སྔགས་པ་དང་། སྤོང་བ་པ་དང་། བྱང་ཆུབ་སེམས་དཔའ་དང་། མཚན་པ་རྣམས་ལ་མ་རྟོགས་པ་དང་། ལོག་པར་རྟོགས་པ་དང་། ཐེ་ཚོམ་གྱི་དྲི་མ་དང་བྲལ་བའི་སྒོ་ནས་ཉམས་སུ་ལེན་པར་འདོད་པ་རྣམས་ཀྱིས་འདི་ལྟར་ཉམས་སུ་ལེན་དགོས་ཞེས་བསྟན་པའི་ཚེ། གངས་རིའི་ཁྲོད་འདི་པདྨའི་མཚོ་ལ་སྐོམ་པས་གདུང་བའི་གླང་པོ་ཆེ་འཇུག་པ་ལྟར་དུ་བྱང་ཆུབ་ཀྱི་སེམས་ཀྱིས་གཞན་དབང་དུ་གྱུར་ཏེ་ཐ་མལ་གྱི་ཚུལ་དུ་བྱོན་པ་ཡིན། །ཞེས་ཡོངས་སུ་གྲགས་སོ། །དེ་ལྟ་བུའི་སྐྱེས་བུ་དམ་པ་དེའི་རྣམ་པར་ཐར་པ་མདོ་སྔགས་ཀྱི་ལམ་གནད་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་གླེགས་བམ་འདི་ནི། དེ་ཉིད་ལ་མི་ཕྱེད་པའི་དད་པའི་བློ་གྲོས་གསེར་གྱི་ས་གཞི། འཁོར་འབངས་རྒྱ་མཚོའི་དབུས་སུ། རིགས་རུས་ཆོ་འབྲངས་ཀྱི་མངོན་པར་མཐོ་བ་གཏོང་བ་སོགས་ཀྱི་ཁ་བཟང་གིས་སྤྲས་ཤིང་། ཡི་གེ་འབྲི་མཆོད་སོགས་ཀྱི་རོལ་མཚོས་རྣམ་པར་བརྒྱན་པ། ལྷ་བྲན་སྲིད་སྡེ་རིས་བདུན་གྱིས་གུས་པར་འདུད་པ། འཕགས་ནོར་བདུན་གྱི་ཤིང་ཡོངས་འདུས་ལེགས་པར་སྤུད་པའི་རི་དབང་མི་དཔོན་བཞེད་རྩ་བློ་གྲོས་རྒྱ་མཚོས་ལྷག་བསམ་རྣམ་པར་དག་པས་ཡང་ཡང་བསྐུལ་ནས་ཆ་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པར་བྱས་ཏེ། གར་དབང་རྡོ་རྗེ་འཆང་གི་རྣམ་འཕྲུལ། ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོའི་དཔོན་ཡིག་པ་བློ་གྲོས་ཀྱི་ཉི་འོད་ཀྱིས་ལེགས་པར་བཤད་པ་སུམ་རྟགས་གཉིས། དག་ཡིག་གཉིས། ཀ་ལ་པ་སོགས་སྒྲ་ཡི་བསྟན་བཅོས་རྒྱ་མཚོ་ལྟ་བུ་རྣམས་ཀྱི་པད་ཚལ། མཁས་པའི་དབང་པོ་ཤཱཀྱ་ཀུ་མཱ་རའི་བཀའ་དྲིན་ལ་བརྟེན་ནས་ལེགས་པར་ཁ་འབྱེད་པར་གྱུར་པ། བློ་གྲོས་རྒྱ་མཚོས་སྡེབས་ལེགས་ནོར་བུའི་རྒྱན་གྱིས་རྣམ་པར་བརྒྱན་ཏེ། ལྷ་ལམ་ཤོག་བུའི་ངོས་ལ། རབ་གསལ་དབང་ཞུ་བའི་བདུད་རྩི་མཁོ་ལ་སྣག་གིས་མཛེས་པར་བཀོད་དེ་ཤར་བའོ། །ཞུ་དག་མཁན་ནི་ལུང་རིག་སྨྲ་བ་ཤཱཀྱའི་དགེ་སློང་རིན་ཆེན་བཟང་པོ་དང་། ཤཱཀྱ་སེང་གེ་གཉིས་ཀྱིས་མཛད་པའོ། །དགེ་བའི་རྩ་བ་འདིས་མཚོན་ནས་རང་གཞན་གྱི་དགེ་བའི་རྩ་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་མཐུ་ལ་བརྟེན་ནས། ཀུན་མཁྱེན་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་སུ་དར་ཞིང་རྒྱས་པ་དང་། སྦྱིན་པའི་བདག་པོ་རྣམས་སྐུ་ཚེའི་རྒྱལ་མཚན་རྡོ་རྗེ་ལྟར་བརྟན་པ་དང་། ཆབ་སྲིད་དཔའ་འབྱོར་ལོངས་སྤྱོད། མངའ་ཐང་། སྙན་གྲགས། སྟོབས་ལ་སོགས་རྣམས་རྒྱས་པ་དང་། འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཐམས་ཅད་འགྲུབ་པ་དང་། འཆི་བའི་ཚེ་ནའང་དངོས་བརྒྱུད་ཀྱི་མ་རྒན་རྣམས་ཀྱི་དོན་དུ་གནད་གཅོད་དྲག་པོ་མི་འབྱུང་ཞིང་། དཔལ་བཞད་པའི་རྡོ་རྗེ་འཁོར་བཅས་རྣམས་མངོན་སུམ་དུ་བྱོན་ཏེ། ཤར་ཕྱོགས་མངྒ་ལམ་ཤྲཱི་ཛ་ལ་དཱི་པ་ལ་ལསྐ་ར་བྷ་ཝནྟུ། དགེའོ། །དགེའོ། །དགེའོ།། །


previousཚེ་གཅིག་གིས་ཟུངས་ཇུག་རྡོ་རྗེའི་སྐུ་འགྲུབ་ཅིང་འཇའ་ལུས་སུ་ཡལ་བའི་ཚུལ་བསྟན་པའི་ཡོན་ཏན།no next