Nitartha Digital Library
Tibetan
 
previousརང་བྱུང་རྡོ་རྗེའི་གསུང་འགུར་ཐོར་བུ་དང་པོ།next

རང་བྱུང་རྡོ་རྗེའི་གསུང་འགུར་ཐོར་བུ་དང་པོ།

རང་བྱུང་རྡོ་རྗེ་ཡིས། གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ལ་གདམས་པ་ནི། ཆོས་རྣམས་རང་བཞིན་མཉམ་པ་ཉིད། སྤྲོས་དང་བྲལ་བ་ཡིན་པའི་ཕྱིར། །གང་ལ་བདེན་པ་ཡོད་མ་ཡིན། །བདེན་པ་མེད་ཀྱང་ཀུན་རྫོབ་ཏུ། །བྱང་ཆུབ་སེམས་དང་མ་བྲལ་བར། །བསོད་ནམས་ཚོགས་ཆེན་བསགས་པར་བྱ། །རྒྱུན་དུ་བླ་མའི་རྣལ་འབྱོར་བསྒོམས། །གདུང་བས་རྟག་ཏུ་གསོལ་བ་གདབ། །དུས་དང་གནས་སྐབས་ཐམས་ཅད་དུ། །འགྲོ་འཆག་སྤྱོད་ལམ་ཐམས་ཅད་དུ། །སྙིང་རྗེ་ཆེན་པོའི་འདུ་ཤེས་བསྒོམ། རྒྱུན་དུ་བདག་མེད་དོན་ལ་ལྟ། །ཕྱོགས་རིས་མེད་པའི་རི་ཁྲོད་དུ། །ལྟེམ་བརྐྱང་མེད་པའི་བསྒྲུབ་པ་མཛོད། །སྙིང་པོའི་དོན་མཆོག་མ་རྟོགས་པར། །རི་ཁྲོད་དགོན་པ་འགྲིམ་བྱ་ཞིང་། །བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། རྒྱུན་ཆད་མེད་པར་ཆུ་རྒྱུན་ལྟར། །དར་དྲག་ཡུན་དུ་བསྒྲུབ་པར་བྱ། །དེ་ལྟར་མཛོད་ཅིག་བསྒོམ་ཆེན་ཀུན། ཤུབྷཱཾ།།

ཨོཾ་སརྦ་སྭ་སྟི་སིད་དྷི་ཧཱུཾ། རང་བྱུང་རྡོ་རྗེ་ཡིས། དགེ་བཤེས་གཞོན་ནུ་རིན་ཆེན་ལ་གདམས་པ། ཉམས་དང་རྟོགས་པའི་ཁྱད་པར་གང་ཡིན། །རྒྱུད་ལ་གང་སྐྱེས་སྔ། མཉམ་གཞག་དང་རྗེས་ཐོབ་ཀྱི་ཁྱད་པར་གང་ལགས། །ཆོས་རྣམས་བསྡུས་ན་གང་དུ་འདུས། །ཉམས་སུ་ལེན་པའི་ཚུལ་གང་ལགས། །ཞེས་ཞུས་པའི་ལན་ལེགས་པར་བཤད་ཀྱིས་གཟུ་བའི་བློས་ལེགས་པར་སྤྱོད་ཅིག །ཀྱེ་ཧོ། མ་ལུས་དོན་དམ་སྙིང་པོའི་དོན། །རྟོགས་པ་ཉིད་ཀྱིས་རབ་དགའི་ས་ཞེས་གྲགས། །ཉམས་ཞེས་བྱ་བ་ཚོགས་སྦྱོར་རྣམས་གཉིས་ཀྱིས། བཟང་ངན་རྟོག་པ་ཡིན་གྱིས་གོ་བར་གྱིས། །རྒྱུད་ལ་སྐྱེ་ལུགས་དེའི་ཤུགས་ལ་གསལ། །མཉམ་གཞག་རྗེས་ཐོབ་འདི་ལ་འགའ་ཞིག་སྣང་། །སོ་སོའི་སྐྱེ་བོ་ཉན་ཐོས་རང་རྒྱལ་དང་། འཕགས་པ་རྣམས་དང་དེ་དག་གང་ལ་ཟེར། །ཆོས་རྣམས་མཐའ་དག་བསྡུས་ན་སྙིང་པོའི་དོན། །ཉམས་སུ་ལེན་པའི་ཚེ་ན་བྱང་ཆུབ་སེམས། །ཐེག་གསུམ་བདག་ཉིད་བཤིག་པའི་ཆ་ཡིས་མཐོང་། །རྒྱལ་དང་རྒྱལ་བའི་སྲས་རྣམས་དེ་སྐད་གསུང་། གཞན་ཡང་ཉམས་སུ་ལེན་པར་བྱེད་པ་ལ། །སྙིང་རྗེ་རྣམ་པ་གསུམ་ལ་སྦྱང་བར་བྱ། །ཐབས་ཀྱི་རྩལ་སྦྱོང་རྡོ་རྗེ་ཐེག་པར་དྲིལ། །རྒྱས་གདབ་ཕ་རོལ་ཕྱིན་པ་དྲུག་ལ་མཛོད། །ལམ་སྔ་ས་བཅུའི་བགྲོད་ལུགས་ཇི་ལྟ་བར། །བགྲོད་པར་གྱུར་ན་ཐུབ་དབང་ཉིད་ལྟར་གྱུར། །དྲི་བ་གཞན་དག་རང་གི་སེམས་ལ་གྱིས། །འདབ་ལྡན་པད་ཚོགས་རྒྱས་པའི་གེ་སར་ལ། །ཤིན་ཏུ་འཇམ་མཛེས་རྣམ་པ་ཁ་དོག་ལྡན། །རོ་མཆོག་ལེགས་པར་རྟོགས་པ་གཞན་གྱི་གཉེན། །ཤིན་ཏུ་གྱུར་པ་བདག་གིས་རྣམ་པར་སྤེལ། །འདི་དོན་བཀའ་ལུང་རྒྱུད་རྣམས་ཐམས་ཅད་དང་། །ས་ར་ཧ་དང་ཀླུ་གྲུབ་ཐོགས་མེད་སོགས། །མཁས་གྲུབ་ལེགས་པར་རྟོགས་པ་ཐམས་ཅད་ཀྱིས། །གསུང་མི་འགལ་རང་གཟོ་སྤངས་པ་ཡིན། །འདི་མཐོང་ཐོས་དྲན་པའི་གདུལ་བྱ་རྣམས། །ཚེ་འདི་ལ་སངས་རྒྱས་ཐོབ་པར་ཤོག །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རང་བྱུང་རྡོ་རྗེས། བསྒོམ་ཆེན་ཡོན་ཏན་འོད་ལ་གདམས་པ། ཡང་དག་པའི་དོན་རྟོགས་པར་བྱེད་པ་ལ་སྔོན་དུ་སྒྱུ་མ་ལྟ་བུ་བསྒོམ་པ་གལ་ཆེ་བས། སྒྱུ་མ་ལྟ་བུའི་དོན་ལ་མཉམ་པར་བཞག་ཅིང་། དེ་ལྟར་བདེན་པ་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ལྟ་བུའི་དོན་ལ་མཉམ་པར་བཞག་ཅིང་བསྒོམ་པར་བྱའོ། །སྤྱིར་ཡང་དུས་དང་གནས་སྐབས་ཐམས་ཅད་དུ་བླ་མ་དམ་པ་བསྒོམ་ཞིང་མོས་གུས་ཕུན་སུམ་ཚོགས་པ་བྱ་བ་དང་། བླ་མ་དང་དུས་གསུམ་སངས་རྒྱས་ཡི་དམ་ལ་སོགས་པའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་ཡང་ཡང་བསྲེ་བར་བྱའོ། །དེ་ལྟར་དུ་བྱས་ན་ཡོན་ཏན་ཕུན་སུམ་ཚོགས་པ་སྐྱེ་བར་འགྱུར་རོ། །དེ་ལྟར་མཁྱེན་པར་མཛོད་ཅིག །ཨོཾ་སརྦ་སྭ་སྟི་སིད་དྷི་ཧཱུཾ། མི་ཡོངས་སུ་གྲགས་པ་ཀརྨ་པ་དང་ཐ་དད་མེད་པའི་སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། བསྒོམ་ཆེན་བཀྲ་ཤིས་ཡེ་ཤེས་ལ་གདམས་པ་ནི་འདི་ལྟ་སྟེ། ཆོས་རྣམས་སྒྱུ་མ་ལྟ་བུ་སྟེ། བདེན་པའི་སྙིང་པོ་གང་ཡང་མེད། །མེད་བཞིན་སྣང་བའི་དངོས་པོ་ལ། །བདེན་པར་འཛིན་པ་མ་བྱེད་དང་། །ཆོས་རྣམས་ཐམས་ཅད་རྣམས་གཉིས་ཏེ། །ཀུན་རྫོབ་དང་ནི་དོན་དམ་མོ། །ཀུན་རྫོབ་བདེན་པ་མེད་པ་ལ། །བདེན་མེད་སྒྱུ་མ་ལྟ་བུ་བསྒོམས། །དོན་དམ་ཉིད་ནི་སྤྲོས་བྲལ་ཡང་། །རྟོགས་པར་བྱེད་པའི་ཐབས་ལ་ནི། །འབད་པ་དཔག་མེད་བྱེད་པ་དང་། །སྒྱུ་མ་ལྟ་བུ་བསྒོམ་པར་བྱ། །གང་ལའང་ཞེན་པ་མེད་པ་དང་། །སྤང་བླང་མེད་པའི་ཏིང་འཛིན་བསྒོམས། །རྒྱུན་དུ་བླ་མ་དམ་པ་དང་། ཡི་དམ་ལྷ་ཚོགས་ཐམས་ཅད་དང་། །རང་གི་སེམས་ཉིད་རྒྱུན་དུ་བསྲེ། །དེ་ལྟར་བྱས་ན་ཡོན་ཏན་ཐོབ། །བསྒོམ་ཆེན་རྣམས་ལ་ཕན་གྱུར་ཅིག །ཤུབྷཱཾ།།

ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེན་སོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །སྐྱེ་མེད་བདེ་བ་ཆེན་པོའི་ནམ་མཁའ་ལ། འགག་མེད་ཉི་མའི་སྙིང་པོ་ཁྱད་པར་ཅན། །གཉིས་མེད་བསྡུ་དངོས་བཞིའི་འོད་ཟེར་དཔལ། །ཟག་མེད་བལྟ་བ་ཕྱོགས་བཅུར་བསྟན་མཛད་མ། །བདག་མེད་དོན་གྱི་དབྱིངས་ནས་མཆོད་པ་འབུལ། །རྐྱེན་གྱིས་བསྐྱེད་པའི་མ་རིག་རྨུ་རྒོད་འདི། །ཕ་རོལ་ཕྱིན་པའི་དོན་དུ་བསྐྱེད་མཛད་གསོལ། །ཨེ་མ་སངས་རྒྱས་བསྟན་པ་ལ། །ཉམས་ལེན་མཛད་པའི་སྐྱེས་བུ་རྣམས། །བདག་གི་ཚིག་འདི་གསན་པར་ཞུ། །ཡེ་ནས་གནས་པའི་སེམས་ཉིད་འདི། །ཤེས་རབ་ཕ་རོལ་ཕྱིན་པའི་དོན། །འོན་ཀྱང་གློ་བུར་རྐྱེན་གྱིས་ནི། །རྣམ་རྟོག་དྲི་མ་ཉོན་མོངས་ཏེ། །ཆུ་དང་གསེར་གྱི་དཔེ་ལྟར་དུ། །དག་དང་མ་དག་གནས་སྐབས་ཡིན། །མ་དག་མ་རིག་པ་ཡི་དུས། །ལུས་ཅན་འགྲོ་བ་དུ་མར་རྣམས། །དེ་ལས་མཆོག་ཏུ་གྱུར་པ་ནི། །མིའི་ལུས་འདི་ཡིན་པར་གསུངས། །སྐྱོན་བྲལ་དབང་པོར་ལྡན་པ་ཡིན། །སྐྱེས་བུ་རྣམས་ཀྱི་འདི་ལྟར་བྱ། །ཐོག་མར་བསྟན་པ་འདི་ལ་ནི། །འཇུག་པའི་ཚུལ་ནི་ཤེས་བྱ་ཞིང་། །དེ་ལས་ཉམས་སུ་བླང་པ་ཡི། །ཐབས་ནི་འདི་ལྟར་བྱ་བ་ཡིན། །སངས་རྒྱས་ཀྱིས་ནི་གསུངས་པ་བཞིན། །སྦྱིན་པ་ལ་ནི་འཇུག་པའི་ཚུལ། །དེ་ནས་བརྩམས་ཏེ་ཤེས་རབ་ཀྱི། །དོན་མཐོང་བྱ་ཕྱིར་བླ་མ་ཅེས། །དེ་ལ་ཡང་དག་ལོག་པ་ཡི། །བཤེས་གཉེན་རིམ་ན་ཤེས་པར་བྱ། །ཇི་བཞིན་སྟོང་པ་ཉིད་བལྟ་ཞིང་། ཀུན་རྫོབ་རྒྱུ་འབྲས་མི་སྤོང་ཞིང་། །ཐེག་པའི་རིམས་ལ་འཇུག་ཚུལ་མཁས། དེ་ལྟར་གཞན་ལས་དཔག་མེད་བརྗོད། །དེ་ལས་གཞན་དུ་གྱུར་པ་ནི། །ལོག་པ་བཤེས་གཉེན་ཡིན་རིག་བྱ། །དེ་ལྟར་མཚན་ཉིད་ཤེས་བྱས་ནས། །ཡང་དག་བླ་མ་དེ་བསྟེན་ཅིང་། །གདམས་པའི་ཚུལ་ནི་ལེགས་ཐོབ་སྟེ། །བརྩོན་འགྲུས་ལྡན་པས་དམན་པའི་ཐབས། དེ་ལ་ཐོག་མར་སྦྱིན་པའི་ཚུལ། །སྦྱིན་པའི་གནས་དང་དེའི་རང་བཞིན་ནི། །ཐབས་ལ་མཁས་པས་དེ་ཙམ་བྱ། །དྲུག་དང་ལྡན་པས་ཉམས་སུ་བླང་། །དེ་ལྟར་ཚུལ་ཁྲིམས་ལའང་ནི། །རིམ་པ་བཞིན་དུ་ཤེས་པར་བྱ། །བཟོད་པའི་ཚུལ་ཀྱང་འགྲོ་བ་ལ། །འགྲས་པ་མེད་པ་དེ་བསྒོམ་བྱ། །དེ་ལྟར་རྣམ་པ་གསུམ་པོ་ལོ། །བརྩོན་འགྲུས་ལྡན་པ་ཤིན་ཏུ་གཅེས། །དེ་ནས་མཆོག་ཏུ་གྱུར་པ་ལ། །བསམ་གཏན་ལ་ནི་འདི་ལྟར་བརྗོད། །དེ་ལ་ཐོག་མར་བསམ་གཏན་གྱི། །མཚན་ཉིད་རིམ་པ་ཤེས་པར་བྱ། །དམན་པའི་བསམ་གཏན་དཔག་མེད་ཀྱང་། །མཉམ་བྱེད་ཡིད་ཀྱི་འཛིན་པར་བཅས། །མཆོག་གི་བསམ་གཏན་དམིགས་པ་ཡི། །ཡུལ་དང་བྲལ་བར་ཤེས་པར་བྱ། །དེ་ལ་ཐོག་མར་བསམ་གཏན་གྱི། །གནས་ནི་རི་ཁྲོད་དགོན་པའམ། །དབེན་ཞིང་འདུ་འཛི་མེད་པའི་གནས། །དེ་རུ་ཉམས་སུ་བླང་བར་བྱ། །ཉམས་སུ་བླང་བའི་ཚུལ་ལ་ནི། །ཐོག་མར་བླ་མ་ལུང་བསྟན་གྱི། །བྱིན་བརླབས་འཇུག་པ་ཤིན་ཏུ་གཅེས། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་པའི། །རྡོ་རྗེ་འཆང་དུ་བསྒོམ་པ་གཅེས། །དེའང་འཛིན་པའི་ཡུལ་དང་བྲལ། །བསྲེ་བའི་གནད་དང་ལྡན་ལགས་ན། །བླ་མའི་བྱིན་བརླབས་འཇུག་པར་ངེས། །དེ་ནས་སྣང་སྲིད་འཁོར་འདས་ཀྱི། །སྣང་བ་འདི་དག་སྒྱུ་མ་ལྟར། །བསླབ་ཅིང་བསྒོམ་པར་བྱ་བ་ཡིན། །དེ་ལྟར་བསམ་གཏན་དཔག་མེད་ཚོགས། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །མིག་དང་མི་ལྡན་གྱུར་པ་རྣམས། །མིག་མེད་ཕ་རོལ་ཕྱིན་ལྔ་པོས། །ཐར་པའི་ལམ་མཆོག་རྙེད་མ་ཡིན། །དེ་ཕྱིར་ཤེས་རབ་ཕ་རོལ་ཕྱིན། །གཙོ་བོ་ཉིད་དུ་ཤེས་པར་བྱ། །དེ་ལས་ཕ་རོལ་ཕྱིན་པ་ནི། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། །ནམ་མཁའི་ཁམས་ནི་ཇི་བཞིན་དུ། །མཐའ་ལས་འདས་ཤིང་གཟུང་བ་བྲལ། །འཇིག་རྟེན་རྣམ་པར་རྟོག་པའི་ཚོགས། །ཡང་དག་དོན་ལ་གྲུབ་པ་མེད། །བདེ་བར་གཤེགས་པ་ཐམས་ཅད་ཀྱི། །ཐུགས་ཀྱི་ཡེ་ཤེས་དེ་ཉིད་ཡིན། །ཕྱག་རྒྱ་ཆེ་ཞེས་དེ་ལ་བརྗོད། །ཡོད་པའི་མཐའ་རྣམས་མ་གྲུབ་པས། །མེད་པ་གྲུབ་པར་ག་ལ་འགྱུར། །སོ་སོར་བཀག་པའི་རང་བཞིན་གྱིས། །གཉིས་ཀ་ཡོད་པ་མ་ཡིན་ནོ། །ཡོད་མེད་དངོས་སུ་འགལ་བའི་ཕྱིར། །དེས་ན་སྤྲོས་པ་རྣམ་བཞི་བྲལ། །འདི་དོན་གང་གིས་རྟོགས་གྱུར་པ། །ཤེས་རབ་ཕ་རོལ་ཕྱིན་པ་ཡིན། འདི་ལྟར་ཉམས་སུ་བླང་བའི་ཚུལ། །རྒྱལ་བའི་གསུང་དང་མི་འགལ་བར། །སྙིང་པོ་ལྟ་བུར་བསྡུས་པ་འདི། ཚོགས་གཉིས་ཡོངས་རྫོགས་བསོད་ནམས་ལྡན། །ཀུན་གྱི་མཆོག་དུ་གྱུར་པ་ཡི། །མཁན་པོས་ལེགས་པར་བསྐུལ་ནས་སུ། །ཀརྨ་པ་ཞེས་བྱ་བ་ཡིས། །རྣམ་པར་བསྡུས་ནས་སྦྱར་བའོ། །གང་ཟག་ཁྱད་པར་ཅན་རྣམས་ཀྱི་ཉམས་སུ་བླང་བའི་ཚུལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྦྱར་བ་འདི། རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། བྱི་བ་ལོ་ཟླ་བ་བདུན་པའི་དུས་གསུམ་མཁྱེན་པའི་བསྒྲུབ་གནས་ཇོ་མོ་གངས་ལ་སྦྱར་བའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།

༈ མགུར་འབུམ་བཞུགས་པ་ལགས་སོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། རྣལ་འབྱོར་རང་བྱུང་རྡོ་རྗེ་བཀྲ་ཤིས་གསར་མར་བཞུགས་པའི་དུས་སུ། །ནུབ་གཅིག་གི་རྨི་ལམ་ལ། རང་ཅག་དང་གཞན་ཡང་རོགས་གཉིས་དང་གསུམ་གྱིས་ལྷོ་ཕྱོགས་དཔལ་གྱི་རི་ཡིན་བྱ་བ་གཅིག་ཏུ། བླ་མ་བྲམ་ཟེ་ཆེན་པོ་འཚོལ་དུ་ཕྱིན་པས། གཞན་རོགས་གཉིས་ནི་རིའི་ལྷོ་ཕྱོགས་སུ་ཚོལ་དུ་སོང་ཞིང་། བདག་ཤར་ཕྱོགས་དེ་ཉིད་དུ་སྤང་ཐང་ཡངས་ཤིང་། བདེ་བ་གཅིག་ཏུ་སྡད་ཙ་ན། མེ་ཏོག་གི་ཆར་དཔག་ཏུ་མེད་པ་བབ། དེ་ནས་རང་ཅག་གིས་ཐོར་མང་པོ་བརྩིགས་ཤིང་། དེ་རྣམས་དཀྱིལ་དུ་མཉམ་པར་བཞག་ཅིང་འདུག་པ་ལས། ནམ་མཁའ་ནས་དབྱངས་ཀྱི་སྒྲ་ཅུང་ཟད་གཅིག་འདི་ལྟར་གྲགས་སོ། །རིགས་ཀྱི་བུ་ཁྱོད་ཡར་ཉོན་དང་། བླ་མ་བྲམ་ཟེ་ཆེན་པོ་ནི། །རང་གི་སེམས་ཉིད་ཡིན་པ་ལ། །གཞན་དུ་འཚོལ་བ་ཨ་རེ་འཁྲུལ། །དེ་སྐད་དུ་གྲག་པ་ལས། རང་ཅག་གིས་ཀྱང་སྒྲ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཨེ་མ་ཧོ། བླ་མ་བྲམ་ཟེ་ཆེན་པོ་ནི། །རང་གི་སེམས་ཉིད་ཡིན་ལགས་ཀྱང་། །དུ་མ་རོ་གཅིག་དཀྱིལ་འཁོར་དུ། །ཚོལ་བྱ་ཚོལ་བྱེད་བྲལ་བ་ལ། །གྲོགས་པོ་རྣམས་གཉིས་ཚོལ་དུ་ཐལ། །རང་ཅག་གཅིག་པུར་བསྡད་པ་ལ། །བྲམ་ཟེ་ཆེན་པོས་བརྡ་ཡིས་བསྟན། །ཨེ་མ་ངོ་མཚར་ཤིན་དུ་ཆེ། །ཞེས་སྨྲས་པས། ནམ་མཁའ་ནས་བྲམ་ཟེ་ཆེན་པོའི་གསུང་གི་སྒྲ་འདི་སྐད་ཅེས་གྲག་གོ །ཨེ་མ་ཧོ། བླ་མ་བྲམ་ཟེ་ཆེན་པོ་ནི། །རང་གི་སེམས་ཉིད་ཡིན་ལགས་པས། །དུ་མ་རོ་གཅིག་དཀྱིལ་འཁོར་དུ། །བསྒོམ་བྱ་བསྒོམ་བྱེད་བྲལ་བ་ཡི། །སྨྲས་བསམ་བརྗོད་ལས་འདས་པ་ཡི། །དོ་ཧའི་གདམ་ངག་བསྒོམས་ཅིག་བུ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་ཕྱག་ཆེན་ཡིན་ལགས་པས། །སྤྲོས་མེད་ངང་དུ་ཞོག་ཅིག་བུ། །འབད་བརྩོལ་མེད་པ་གཉུག་མའི་དོན། །མཐའ་གཅིག་བྲལ་བའི་ངང་ཉིད་དུ། །རང་གི་ཡེ་ཤེས་རྟོགས་ལགས་ན། །སེམས་ཉིད་འགྲོ་དོན་འབྱུང་ལགས་ཀྱིས། །མ་ཡེངས་མཉམ་པར་ཞོག་གཅིག་བུ། །ཨེ་མ་ཧོ་སྤྲོས་དང་བྲལ་བའི་སེམས་ཉིད་འདི། །གང་ནས་མ་འོངས་གར་མི་འགྲོ། །སྨྱོན་པ་ལྟ་བུའི་སེམས་ཉིད་འདི། །ཆུ་རྣམས་རྒྱ་མཚོར་ཐིམ་པ་བཞིན། །སྐྱེ་འགག་མེད་པ་ཡིན་ལགས་ན། །ཕྱག་ཆེན་ངང་དུ་ཞོག་ཅིག་བུ། །ཞེས་གསུངས་པ་དང་། རང་ཅག་གིས་བརྩིགས་པའི་ཐོ་དང་ས་རྡོ་རི་བྲག་ཐམས་ཅད་བྲམ་ཟེ་ཆེན་པོའི་རང་བཞིན་དུ་གྱུར་ནས་འདུག་ཅིང་། རང་ཅག་གི་སེམས་རྒྱུད་ལ་གཉུག་མའི་དོན་སྐྱེ་འགག་གནས་གསུམ་དང་བྲལ་བ། རྒྱ་མ་ཆད་པ། ཕྱོགས་སུ་མ་ལྷུང་པ། ཟང་ཐ་ལེ། ལྷང་ངེ་ལྷམ་མེར་འདུག་པའི་དུས་སུ་གཉིད་སད་པ་དང་མ་སད་པ་ལ་ཁྱད་མི་འདུག་ནས། ཉམས་དགའ་ནས་ཡིད་ལ་འདི་ལྟར་དུ་དྲན་ཞིང་འདི་སྐད་དུ་དབྱངས་སུ་བླང་ངོ་། །ཨེ་མ་ཧོ། བླ་མ་བྲམ་ཟེ་ཆེན་པོ་ཡིན། །སེམས་ཉིད་སྐྱེ་འགག་མེད་པ་ཡིན། གདམ་ངག་དུ་མ་རོ་ཅིག་ཡིན། །སྣང་བ་ཐམས་ཅད་དཔེ་ཆ་ཡིན། །འཁོར་འདས་མེད་པ་ཨེ་མ་ཧོ། ཞེས་གསུངས་སོ། །འདི་ལྟ་བུའི་གདམ་ངག་དམ་པ་འདི། །རི་ཁྲོད་འགྲིམ་པའི་བསྒོམ་ཆེན་རྣམས། །གདམ་ངག་མཛོད་ཅིང་ཉམས་སུ་སློང་། །དབྱངས་འདི་ལ་བླ་མའི་བྱིན་བརླབ་ཆགས། །གསུང་ཡིན་ངོ་ཤེས་སོ་ཐེ་ཚོམ་མེད། །ཤིན་ཏུ་ཟབ་མོ་ཉམས་སུ་ལོང་། །སྤྲེའུ་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་ལ་བཀྲ་ཤིས་གསར་མ་ན་བཞུགས་པའི་དུས་སུ་རྨི་ལམ་དུ་བླ་མ་བྲམ་ཟེ་ཆེན་པོ་དང་འཇལ་ཞིང་ཞུས་ལན་དུ་གསུངས་པའོ། །ཤུབྷཱཾ།

༈ ཨེ་མ་ཧོ། རི་ཁྲོད་དགོན་པ་ཉམས་དགའ་བར། །ཕྱི་ནང་ཞེན་པ་བཟློག་བྱ་ཞིང་། །གཅིག་པུར་རི་ཁྲོད་འགྲིམ་པར་བྱ། །ཕྱག་ཆེན་བསྒོམ་པ་མ་བྱུང་ཡང་། །དུག་ལྔའི་རྣམ་རྟོག་མི་བགྱིད་འཚལ། །བྱ་བ་ཆོས་སྤྱོད་མ་གྲུབ་ཀྱང་། །གཏི་མུག་རོ་ཉལ་མི་བགྱིད་འཚལ། །གསང་སྔགས་བཟླས་བརྗོད་མ་གྲུབ་ཀྱང་། །ཙབ་ཙུབ་བྱ་བ་མི་བགྱིད་འཚལ། །གཏུམ་མོ་བསྒོམ་པ་མ་བྱུང་ཡང་། །བེམ་དུག་གསུམ་བརྩེག་མི་གོན་འཚལ། །བཅུད་ལེན་བྱེད་པ་མ་བྱུང་ཡང་། །མི་ཚེ་སྤྲང་ལྡོམ་མི་བགྱིད་འཚལ། །གོང་མའི་བརྒྱུད་པ་མ་ཟིན་ཡང་། །སྒྱུ་ལུས་ཐ་མལ་མི་སྡོད་འཚལ། །རང་བསོད་ནམས་བསོག་པ་མ་བྱུང་ཡང་། །གཞན་གྱི་ཁ་འགོག་མི་བགྱིད་འཚལ། །རང་གཅིག་པུར་སྡོད་པ་མ་བྱུང་ཡང་། །འདུ་འཛི་གཡེང་བ་མི་བགྱིད་འཚལ། །ལར་སྙིང་པོའི་དོན་མཆོག་མ་རྟོགས་པར། །ཤི་ཁར་མི་འཚེར་ཙམ་ཅིག་འཚལ། །འཇིག་རྟེན་སྣང་བ་འདི་དག་ཀུན། །སྒྱུ་མའི་དཔེ་རུ་མ་ཤེས་ཀྱང་། །མི་རྟག་ཐུན་རེ་བསྒོམ་པ་འཚལ། །འཁོར་བ་གཡང་ས་ཆེན་པོ་ལ། །ལྟུང་དོགས་མི་དགོས་ཙམ་ཅིག་འཚལ། །འཚལ་བ་བཅུ་གཅིག་གི་མགུར་འདི་ཤིང་བུ་སྤྲེའུ་ལོ་ཟླ་བ་བདུན་པའི་ཚེས་བརྒྱད་ལ་རང་བྱུང་རྡོ་རྗེས་བསྒྲུབ་གནས་ཆེན་པོ་ཁྱུང་རྫོང་དུ། རི་ཁྲོད་འགྲིམ་པ་རྣམས་ཀྱི་དོན་དུ་གསུངས་པའོ། །ཤུབྷཾ།།

༈ ན་མོ་གུ་རུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པ། །རི་ཁྲོད་དགོན་པར་སྡད་ལགས་ཀྱང་། །གཡེང་བ་ཇེ་ཆེར་འགྲོ་ཡིས་གདའ། །གདམས་པ་བསྒོམས་པར་འདོད་ལགས་ཏེ། །ཙབ་ཙུབ་མང་བས་མི་ཡོང་གདའ། །དེ་ལྟ་བུ་རུ་གྱུར་ལགས་ཀྱང་། །ཅི་ནུས་ཀྱི་རི་ཁྲོད་འགྲིམ་ཡང་འཚལ། །གཞན་ཡང་དེ་ལྟར་མཁྱེན་པར་མཛོད།

༈ ན་མོ་གུ་རུ། རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བཀའ་བརྒྱུད་རྣམས་ཀྱིས་བྱིན་གྱིས་བརློབས། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །ཉམས་ལ་ཤར་བའི་དབྱངས་ཆུང་འདི། །སྐལ་ལྡན་རྣམས་ཀྱི་ཉམས་སུ་ལོང་། །ཕྱི་སྣོད་དང་ནི་ནང་བཅུད་དང་། །འཛིན་སེམས་རིག་དང་མ་རིག་པ། །གང་ལ་འཛིན་པའི་སེམས་ཉིད་ཀྱིས། །ཕྱག་ཆེན་མཐོང་བར་མི་འགྱུར་ཞེས། །ས་ར་ཧའི་ཞལ་ནས་ཀྱང་། །མ་ཤེས་གོལ་སར་སོང་བ་ལ། །ཐར་པ་ནམ་ཡང་ཡོད་མིན་ཟེར། །དེའི་རྟོག་པ་སྤངས་ནས་སུ། །རྒྱུན་དུ་མཉམ་པར་བཞག་པར་བྱ། །དེ་ལྟར་ཀུན་གྱིས་གོ་བ་མཛོད། ཤུབྷཾ།།

༈ ན་མོ་གུ་རུ། རྡོ་རྗེ་འཆང་སོགས་བཀའ་རྒྱུད་རྣམས། །བྱིན་གྱིས་བརློབ་པར་མཛད་དུ་གསོལ། །རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །འདི་ལྟར་ཤར་བའི་དབྱངས་ཆུང་འདི། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། ཕྱག་རྒྱ་ཆེན་པོ་སྐད་པ་དེ། འཛིན་པ་མེད་པ་ཆོས་ཀྱི་སྐུ། སྣང་སྟོང་དབྱེར་མེད་འདུ་ཤེས་མེད། །ཐམས་ཅད་སྟོང་ཉིད་ངང་ལ་ཞོག །ཤུབྷཾ།།

༈ ན་མོ་རཏྣ་གུ་རུ། བླ་མ་རྣམས་ལ་སྐྱབས་སུ་མཆི། །གྲུབ་ཐོབ་རྣམས་ཀྱི་བྱིན་གྱིས་བརློབས། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པ། །མཚན་ལྡན་རྗེ་དང་འཇལ་ལགས་པས། །རང་སེམས་གྲོལ་ལ་མ་ཕན་ཟིན། །གདམ་ངག་མང་པོ་ཐོབ་ལགས་ཀྱང་། །ཉམས་སུ་ལེན་ལ་མ་ཕན་ཟིན། རི་ཁྲོད་དགོན་པར་འདུག་ལགས་ཀྱང་། གཅིག་པུར་བསྒོམ་ལ་མ་ཕན་ཟིན། སྤྲོས་པ་མེད་པ་བསྒོམས་ལགས་ཀྱང་། །གཅིག་ཀྱང་མེད་ལ་མ་ཕན་ཟིན། །ཕྱོགས་མེད་རྒྱལ་ཁམས་འགྲིམ་ལགས་ཀྱང་། །སྣང་བ་སྤངས་ལ་མ་ཕན་ཟིན། དཔེ་ཆའི་འཕྱིང་ཁུག་སོགས་ལགས་ཀྱང་། །སྣང་བ་བདེ་བ་མ་ཕན་ཟིན། །ད་རུང་བླ་མ་རིན་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརློབས། །ཀྱེ་མ་དེ་ལྟར་ཡིན་ལགས་ཀྱང་། །ཅི་ནུས་ཉམས་སུ་ལེན་ཡང་འཚལ། །ཕ་བླ་མའི་རྗེས་འཛིན་མ་བྱུང་ཡང་། །སྙིང་རྗེ་ཆེན་པོས་མི་གཏོང་འཚལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོའི་དོན་དམ་ཕྱག་ཆེན་ལ། །གོམས་འདྲིས་མཐའ་རུ་མ་ཕྱིན་ཡང་། །རྒྱལ་བའི་དགོངས་པ་མི་གཏོང་འཚལ། །གནས་རི་ཁྲོད་དགོན་པ་མ་འགྲིམས་ཤིང་། །དཀའ་ཐུབ་བྱེད་པ་མ་བྱུང་ཡང་། །ཨ་ཧཱུཾ་གི་དམིགས་པ་མི་བརྗེད་འཚལ། །དེ་བཞིན་གཤེགས་པའི་གསུངས་རབས་ལ། ཀློང་དུ་གྱུར་པ་མ་བྱུང་ཡང་། དམ་ཆོས་རྒྱབ་ཏུ་མི་ཀྱུར་འཚལ། འོད་གསལ་ཟུང་འཇུག་ཕྱག་ཆེན་ལ། །སྤྱིར་དེ་རྣམས་ཀུན་དང་བྲལ་བའི་ཕྱིར། །ད་རུང་དགའ་བྲོད་ཀྱི་དབྱངས་གཅིག་ལེན། །སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་རྟོགས། །ཞེན་འཛིན་གྱི་འདུད་པ་ཐམས་ཅད་གྲོལ། རྒྱལ་བའི་དགོངས་པ་སེམས་ལ་ཤར། །ད་ཅེས་ཀྱང་འགྱོད་པ་མི་གདའ་འོ། །བསྒོམ་ཆེན་རྣལ་འབྱོར་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་ལ་ཞོག །དེ་ལྟར་ཀུན་གྱིས་གོ་བར་མཛོད། །རྗེ་ཀརྨ་པའི་དབྱངས་དང་འདྲ། །ཤུབྷཾ།།

༈ ན་མོ་རཏྣ་གུ་རུ། །ཕ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །གདམ་ངག་ཟབ་མོ་དབྱངས་སུ་ལེན། །སྐལ་ལྡན་རྣམས་ཚོ་དབྱངས་གསོན་མཛོད། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པ། །ནམ་མཁའི་དབྱིངས་ལ་ཕར་བལྟས་པས། །སྟོང་པ་འོད་གསལ་ཏུར་གྱིས་དྲན། །སྐྱེ་འགག་མེད་པ་མངོན་དུ་གྱུར། །ཆུ་བོའི་གཞུང་ལ་མར་ལྟས་པས། །རྒྱུན་ཆད་མེད་པ་ཏུར་གྱིས་དྲན། །བརྗོད་དུ་བྲལ་བ་མངོན་དུ་གྱུར། །རི་བོ་འདི་ལ་ཕར་ལྟས་པས། །འགྱུར་བ་མེད་པ་ཏུར་གྱིས་དྲན། །གཡོ་འགུལ་མེད་པ་མངོན་ཏུ་གྱུར། །གླུ་ངོ་མཚར་དཔེ་གསུམ་དོན་དང་དྲུག །བསྒོམ་ཆེན་རྣམས་ལ་གདམས་པ་ལགས། །དེ་ལྟར་ཀུན་གྱིས་གོ་བར་མཛོད། །ཤུབྷཾ།།

༈ ན་མོ་གུ་རུ། བླ་མ་རྣམས་ལ་སྐྱབས་སུ་མཆི། །རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །འདི་ལྟར་ཤར་བར་དབྱངས་ཆུང་འདི། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོང་། ལར་ཅིག་ཀྱང་དམ་ཆོས་བྱེད་པ་ལ། །ཡུལ་འཁོར་ཉེ་འབྲེལ་མ་ཆགས་པར། །གཅིག་ཆོད་ཀྱི་སེམས་ལ་ལྟོས་ཅིག་ཨང་། འཁོར་བ་སྡུག་བསྔལ་གྱི་རྒྱལ་མཚོ་ལ། འདིས་ཆོག་གོ་བསྙམ་པ་མ་བྱེད་པར། །ཕྱོགས་མེད་ཀྱི་རི་ཁྲོད་འགྲིམ་ཅིག་ཨང་། །ནམ་འཆིའི་དུས་ཚོད་ཆ་མེད་པར། །ཟང་ཟིང་ཁེ་པོགས་ཚོང་ལས་སོགས། །མ་བྱེད་སེམས་ལ་ལྟོས་ཅིག་ཨང་། །རྒྱལ་བའི་དགོངས་པ་རབ་འབྱམས་ལ། །གཟུ་ལུམ་ཕོད་ཚོད་མ་བྱེད་པར། །ཕྱོགས་མེད་ཀྱི་ཆོས་ལ་ལྟོས་ཅིག་ཨང་། །ལར་ནམ་འཆི་ཚོད་གཅིག་མེད་ལགས་པས། །མང་པོ་ལ་བསམ་བློ་མ་གཏོང་པར། །གཅིག་ཆོད་ཀྱི་གདམས་པ་ལྟོས་ཅིག་ཨང་། །རྒྱལ་བའི་དགོངས་པ་བསམ་ཡས་ལ། །ཕོ་ཚོད་ཆོག་ཚོད་མ་འཛིན་པར། །འཛིན་མེད་ཀྱི་ལྟ་བ་གྱིས་ཅིག་ཨང་། །ཐེག་པ་རང་སར་བདེན་པ་ལ། །ང་རྒྱལ་དང་ཆགས་འཛིན་མ་བྱེད་པར། །ཕྱོགས་མེད་ལ་དག་སྣང་གྱིས་ཅིག་ཨང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ལ། །ཚིག་གི་སྒྲོ་བཀུར་མ་འདེབས་ཨང་། ཕྱག་ཆེན་ནམ་མཁའ་ལྟ་བུ་ལྟ། །མཚན་ཉིད་གྱི་རྟོག་གཞིག་མ་གཞུག་པར། །མ་ཡེངས་རང་སར་ཞོག་ཅིག་ཨང་། །དེ་ཡན་ཆད་ལྟ་བའི་གླུ་ཆུང་ཡིན། ད་རྣལ་འབྱོར་བསྒོམ་པའི་གླུ་གཅིག་ལེན། །བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཀྱི། །ཐུགས་དགོངས་ཀྱི་མཐར་ཐུག་བསྒོམ་པ་ཡིན། །ལར་དེ་ལ་སེམས་ལ་བསྒོམ་ཅིག་ཨང་། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཆོས་རྩ་བ་བསྒོམ་པ་ཡིན། །ལར་དེ་ལ་སོམས་ལ་བསྒོམས་ཅིག་ཨང་། །གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་ལ། བསྒོམ་བཟང་ངན་དུ་སོང་བ་མ་བྱེད་པར། ལར་རྣམ་རྟོག་ཆོད་ལ་བསྒོམས་ཅིག་ཨང་། །ཚེ་འདིར་བསྒོམས་ཅིག་མ་བྱས་ན། །འཆི་ཁར་འགྱོད་པ་འབྱུང་ལགས་པས། །ཞེན་བྲལ་གྱིས་ལ་བསྒོམས་ཅིག་ཨང་། །ཟབ་དོན་སྨྲ་བརྗོད་དང་བྲལ་བ་ལ། །ཐ་སྙད་མང་པོ་མ་བྱེད་པར། །འཛིན་མེད་ཡེངས་མེད་དུ་བསྒོམས་ཅིག་ཨང་། །བདེ་གཤེགས་ཀྱི་བཀའ་ལུང་ཐམས་ཅད་ཀྱང་། །མཐར་ཐུགས་བསྒོམ་ལས་མེད་ལགས་ཀྱིས། །ཞེན་འཛིན་མེད་པར་བསྒོམས་ཅིག་ཨང་། །སངས་རྒྱས་ཀྱི་དགོངས་པ་འདི་རྣམས་ནི། །དབུ་མའི་རང་བཞིན་ཡིན་ལགས་པས། །མཐའ་གཉིས་མེད་པར་སྒོམས་ཅིག་ཨང་། །རི་ཁྲོད་ཀྱི་དགོན་པ་འདི་རྣམས་ལ། །ལུས་སེམས་བདེ་ལས་མེད་ལགས་ཀྱིས། །རི་ཁྲོད་དབེན་པར་བསྒོམས་ཅིག་ཨང་། །ལར་བསྒོམ་རྒྱུ་གཏན་ནས་མེད་པ་ལ། །ཀུན་རྫོབ་ཏུ་བརྗོད་པ་ཡིན་ལགས་ཀྱི། །བསྒོམ་མེད་ངང་ལ་བསྒོམས་ཅིག་ཨང་། །ངར་འཛིན་གྱི་རྣམ་རྟོག་འདི་རྣམས་ཀུན། །ཡེ་ནས་རྟོག་བྲལ་ཡིན་པའི་ཕྱིར། །དེ་རང་ལ་ལྟོས་ལས་བསྒོམས་ཅིག་ཨང་། །ལར་སངས་རྒྱས་ཀྱི་དམ་ཆོས་ཐམས་ཅད་ཀྱི། །རྩ་བ་ཡེ་ཤེས་ཕྱག་རྒྱ་ཆེ། །མ་རྟོགས་བར་དུ་བསྒོམས་ཅིག་ཨང་། །དེ་ཡན་ཆོད་བསྒོམ་པའི་གླུ་ཅིག་ཡིན། །ད་རྣལ་འབྱོར་སྤྱོད་པའི་གླུ་ཅིག་ལེན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མ་ཡེངས་སྤྱོད་པའི་མཐར་ཐུག་ཡིན། །མ་ཡེངས་དོན་ལ་སྤྱོད་ཅིག་ཨང་། །གྲུབ་ཐོབ་ཀྱི་བླ་མ་ཐམས་ཅད་ཀྱི། །སྤྱོད་པའི་མཐར་ཐུག་ཕྱག་རྒྱ་ཆེ། །མཐའ་བྲལ་གྱི་ངང་ལ་སྤྱོད་ཅིག་ཨང་། །ཉམས་སུ་ལེན་པའི་རྩ་བ་ལ། །དམ་ཆོས་དགོས་ངོ་ཤེས་ལགས་པས། །ཟབ་མོའི་དོན་ལ་སྤྱོད་ཅིག་ཨང་། །བདེ་གཤེགས་ཀྱི་དགོངས་པ་རབ་འབྱམས་ལ། །སྨྲ་བསམ་བརྗོད་ལས་འདས་ལགས་ཀྱི། །བརྗོད་མེད་གྱི་དོན་ལ་སྤྱོད་ཅིག་ཨང་། འདུས་བྱས་ཀྱི་དམ་ཆོས་འདི་རྣམས་ཀུན། །ཐམས་ཅད་འཇིག་པ་ཡིན་ལགས་ཀྱི། །འཇིག་མེད་ཀྱི་དོན་ལ་སྤྱོད་ཅིག་ཨང་། །འཇིག་རྟེན་གྱི་ཟས་ནོར་ཉེ་འབྲེལ་ལ། །འཆི་ཁར་འབྲལ་བ་ཡིན་ལགས་ཀྱི། །འབྲལ་མེད་ཀྱི་དོན་ལ་སྤྱོ ད་ཅིག་ཨང་། འཇིག་རྟེན་གྱི་ལྷ་འདྲེ་ཕྲ་མོ་རྣམས། །རྟེན་ན་འཆི་བའི་སྲོག་གཅོད་བྱེད། །དེ་བས་ཟབ་དོན་སྤྱོད་ཅིག་ཨང་། འོད་གསལ་ཟུང་འཇུག་བསྒོམས་ལགས་ན། །ཡི་དམ་ལྷ་ཚོགས་མཐོང་ལགས་ཀྱི། །འོད་གསལ་ཟུང་འཇུག་སྤྱོད་ཅིག་ཨང་། །ལར་སྤྱོད་རྒྱུ་གཏན་ནས་མེད་པ་ལས། སྤྱོད་ཅིག་ཟེར་བ་འཁྲུལ་པ་ཡིན། །འཁྲུལ་མེད་ཀྱི་དོན་ལ་སྤྱོད་ཅིག་ཨང་། །རྒྱལ་བའི་དགོངས་པ་རབ་འབྱམས་ལ། །འཛིན་བྱེད་དང་ཆགས་སྡང་མེད་ལགས་ཀྱི། །མཐའ་བྲལ་གྱི་སྤྱོད་པ་ལ་སྤྱོད་ཅིག་ཨང་། །དེ་ཡན་ཆད་སྤྱོད་པའི་གླུ་ཅིག་ཡིན། །ད་རྣལ་འབྱོར་འབྲས་བུའི་གླུ་ཅིག་ལེན། །བླ་མ་རྣམས་ཀྱི་བྱིན་བརླབས་ཀྱིས། །མཐར་ཐུག་བདེ་ཆེན་ཕྱག་རྒྱ་ཆེ། །འབྲས་བུ་དེ་ལས་མེད་དོ་ཨང་། །གོང་མའི་ཐུགས་རྗེ་ཆེན་པོ་ཡིས། །འོག་མ་ཀུན་ལ་ངོ་སྤྲོད་པ། །འབྲས་བུ་དེ་ལས་མེད་དེ་ཨང་། །ཟབ་མོའི་དོན་མཆོག་ཐམས་ཅད་ལ། །མཐའ་དང་བྲལ་བའི་ངོ་བོ་ཡིན། །འབྲས་བུ་དེ་ལས་མེད་དོ་ཨང་། །དམ་ཆོས་ཀྱི་མཐར་ཐུག་བསྒོམ་དུ་མེད། ཡེངས་མེད་ཀྱི་ངོ་བོ་ཡིན་ལགས་པས། །འབྲས་བུ་དེ་ལས་མེད་དོ་ཨང་། འཁོར་བ་མྱང་འདས་རྩ་བ་རྣམས། །འཛིན་མེད་ཀྱི་ངོ་བོ་ཡིན་ལགས་པས། །འབྲས་བུ་དེ་ལས་མེད་དོ་ཨང་། །འཁོར་བའི་བྱ་བ་དེ་དག་ལ། །རེ་དོགས་མེད་པར་ཤེས་ལགས་པས། །འབྲས་བུ་དེ་ལས་མེད་དོ་ཨང་། །ཕྱི་རོལ་ཡུལ་སྣང་འདི་རྣམས་ཀུན། །ངོས་བཟུང་མེད་པར་ཤེས་ལགས་པས། །འབྲས་བུ་དེ་ལས་མེད་དོ་ཨང་། །ཕྱི་རོལ་གྱི་སྒྲ་སྣང་འདི་དག་ལ། །བྲག་ཆ་བདེན་མེད་དུ་ཤེས་ལགས་ན། འབྲས་བུ་དེ་ལས་མེད་དོ་ཨང་། །གཟུགས་རྣམས་སྣང་སྟོང་རང་བཞིན་ལ། །མཐོང་ཚད་ཆོས་སྐུར་ཤར་ལགས་ན། །འབྲས་བུ་དེ་ལས་མེད་དོ་ཨང་། །འཛིན་མེད་རང་གྲོལ་ལྟ་བ་ལ། །འཕོ་འགྱུར་མེད་པར་གོམས་ལགས་ན། །འབྲས་བུ་དེ་ལས་མེད་དོ་ཨང་། །ཟང་ཟིང་གི་བསམ་པ་འདི་དག་ཀུན། །ཀུན་ཀྱང་གྲོལ་དུ་ཤེས་ལགས་ན། །འབྲས་བུ་དེ་ལས་མེད་དོ་ཨང་། །དེ་ཡན་ཆོད་འབྲས་བུའི་གླུ་ཅིག་ཡིན། །ལར་ཅེས་ཀྱང་དམ་ཆོས་མཛོད་ཅིག་ཨང་། །མཚན་ལྡན་གྱི་བླ་མ་བསྟེན་ཅིག་ཨང་། །རི་ཁྲོད་དགོན་པ་འགྲིམས་གཅིག་ཨང་། །མཉམ་མེད་ལྟ་བ་བསྒོམས་ཅིག་ཨང་། །ལར་དྲིལ་ན་དེ་ལས་མེད་ལགས་ཀྱི། །ཉམས་སུ་ལོང་ཅིག་སྐལ་ལྡན་ཀུན། །ཅེས་པའི་མགུར་འདི་ཆོས་རྗེ་རང་བྱུང་རྡོ་རྗེས་བསྒྲུབ་གནས་ཆེན་པོ་ཁྱུང་རྫོང་དུ་གསུངས་པའོ།། །།ཤུབྷཱཾ།།

ན་མོ་གུ་རུ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །རི་ཁྲོད་དགོན་པའི་གནས་འདི་ན། ཆེ་མེད་ཆུང་མེད་སྤྱིལ་པོ་བརྩིགས། །རྣལ་འབྱོར་བདག་ཀྱང་སྤྱིལ་པོ་བརྩིགས། །གཞི་སྐྱེ་བ་མེད་པའི་རི་བོ་ལ། །འཕོ་འགྱུར་མེད་པའི་སྤྱིལ་པོ་བརྩིག །ལྷན་ཅིག་སྐྱེས་པའི་རྡོ་བ་དང་། །གཉིས་སུ་མེད་པའི་འདམ་པ་གཉིས། །རིག་པའི་ཡེ་ཤེས་སྐྱེས་བུས་བརྩིགས། །ཕྱག་རྒྱ་ཆེན་པོའི་ལམ་མས་ཕུབ། །དེ་རྣལ་འབྱོར་པ་ཡི་སྤྱིལ་བུ་ཡིན། །ད་སྤྱིལ་བུ་དེ་ལ་སྐྱེས་བུ་གཅིག་འཚལ། །སྤྲོས་དང་བྲལ་བའི་ཡེ་ཤེས་ལ། །མ་འོངས་མ་བྱུང་དེ་རང་དེ་བཞིན། །མཐའ་དང་བྲལ་བ་གཉུག་མའི་དོན། །དེ་ཉིད་མངོན་གྱུར་སྐྱེས་བུ་བཞུགས། །སྐྱེས་བུ་དེ་ལ་ལྷ་གཅིག་འཚལ། །སྐྱེ་མེད་ལྷན་ཅིག་སྐྱེས་པའི་ལྷ། །ད་དེ་ལ་འབུལ་བའི་མཆོད་པ་འཚལ། །ཕྱི་དང་ནང་གི་མཆོད་པ་འདི་ལྟར་རོ། །རྒྱ་མཚོ་ཆེན་པོའི་ཡོན་ཆབ་ལ། །ཉི་མ་ཟླ་བའི་མར་མེ་སྟེ། །རི་རབ་དེ་བཞིན་མེ་ཏོག་ཏེ། །མཆོད་པ་བསམ་གྱིས་མི་ཁྱབ་པ། །ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ། །ནང་གི་མཆོད་པ་འདི་ལྟར་རོ། །ལྷན་ཅིག་སྐྱེས་པའི་ལྷ་དེ་ལ། །བདེ་བ་ཆེན་པོ་མཆོད་པ་འབུམ། །རང་ལུས་ལྷའི་དཀྱིལ་འཁོར་དུ། །འཁོར་ལོ་ལྔའི་ཕོ་བྲང་ན། །ཟག་མེད་བདེ་ཆེན་ཐིག་ལེའི་རྒྱུན། །ངོ་བོ་དེའི་མཆོད་པ་འབུལ། །ད་དེ་ལ་བསྒོམ་པའི་གདམས་པ་འཚལ། །འཁོར་ལོ་ལྔའི་ཕོ་བྲང་དུ། །ཨ་ཤད་ཧཾ་གི་ཐིག་ལེ་ལ། །བྱང་ཆུབ་སེམས་དང་ཡེ་ཤེས་རླུང་། །གཉིས་མེད་ཅིག་ཏུ་ཡེ་ཤེས་བསྒོམས། །དེ་ཉིད་ངོ་བོ་ཕྱག་ཆེན་ཉིད། །འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམས། །ད་བསྒོམ་པ་དེ་ལ་འབྲས་བུ་འཚལ། །འབྲས་བུ་དམིགས་སུ་མེད་པ་ཡིན། །མེད་ཀྱང་ཀུ་རེ་བགྱིས་པ་ཡིན། །བསྒོམ་པ་མཐར་ཕྱིན་བསྒོམ་ཆེན་དང་། །མཁས་པའི་སྟོན་པ་མ་ལུས་པ། བདག་གི་ཚིག་འདི་བཟོད་པར་གསོལ། །ཞེས་པའི་མགུར་འདི་བསྒྲུབ་གནས་ཆེན་པོ་ཁྱུང་རྫོང་དུ་སྦྱར་བའོ།། །།ཤུབྷཱཾ།།

ན་མོ་གུ་རུ། སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །དམ་ཆོས་རྣམས་ཀྱིས་བྱིན་གྱིས་བརློབས། །བདག་འདྲའི་རྣལ་འབྱོར་རི་ཁྲོད་པ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཉམ་མེད་ཕྱག་ཆེན་ལྟ་བ་རྟོགས། །དེ་ལྟར་གྱུར་པའི་རི་ཁྲོད་པ། །གང་ན་འདུག་ཀྱང་ཨེ་མ་ཧོ། འོད་གསལ་ཕྱག་ཆེན་བྱ་བ་འདི། །མཐའ་བྲལ་ཡིན་པར་གོ་ལགས་པས། །ཆོས་སྐུ་མངོན་གྱུར་ཨེ་མ་ཧོ། །རང་སེམས་སངས་རྒྱས་ཡིན་པ་ལ། །མ་རིག་འཐིབས་པོ་འདི་ཉིད་ཀྱིས། །བསྒྲིབས་པ་འདི་ཉིད་གསལ་རེ་རན། །ད་ཡང་འགྲོ་དྲུག་སྙིང་རེ་རྗེ། །བདེ་བའི་གནས་སུ་དྲང་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །འཁོར་བའི་གནས་ན་འཁྱམ་པ་རྣམས། །མྱུར་དུ་དྲང་བར་མཛད་དུ་གསོལ། །ཀྱེ་མ་མ་དག་སེམས་ཅན་རྣམས། །སངས་རྒྱས་ཀུན་གྱིས་ཐུགས་རྗེ་ཡིས། །རིགས་དྲུག་བར་དོ་དང་བཅས་པ། །འདི་དག་ཐམས་ཅད་དྲང་དུ་གསོལ། །དེ་བཞིན་གཤེགས་པ་བཅོལ་ལྡན་འདས། །འགྲོ་བའི་སྟོན་པ་ཐམས་ཅད་མཁྱེན། །གསེར་མདོག་ཅན་གྱི་གསུང་བཞིན་དུ། །ཐམས་ཅད་དེ་ལྟར་བསྒྲུབས་ན་ལེགས། །རྗེས་སུ་འབྲེངས་ན་བྱང་ཆུབ་ཐོབ། །ཐམས་ཅད་བྱང་ཆུབ་ཐོབ་བྱའི་ཕྱིར། །བདག་ཉིད་རི་ཁྲོད་དགོན་པ་རུ། འདུག་ཅིང་བསྒོམ་པར་བགྱི་ལགས་ན། །བྱང་ཆུབ་མྱུར་ཏུ་འཐོབ་ལགས་ཀྱི། །དེ་ལྟར་ཀུན་ཀྱང་བསྒྲུབ་བར་མཛོད། །ལར་ཅིས་ཀྱང་དམ་པའི་ཆོས་མཛོད་ཅིག ཤུབྷཾ།།

༈ ན་མོ་གུ་རུ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །ད་ལྟར་སྣང་བ་ཅོལ་ཆུང་པས། །འདས་མ་འོངས་གི་དྲན་པ་སྟོར་ནས་འགྲོ། །དེ་བས་མ་ཡེངས་བསྒོམ་པར་རིགས། །དུས་གསུམ་རྒྱལ་བའི་དགོངས་པ་འདི། །ཐེག་པའི་མཐར་ཐུག་ཕྱག་རྒྱ་ཆེ། །སྙིང་པོ་དོན་གྱི་ལྟ་བ་འདི། མ་ཡེངས་ཉམས་སུ་ལེན་པར་རིགས། །ལར་འཆི་བ་རྒྱུན་དུ་མ་བསམས་ན། །མི་རྟག་ཡུད་ཙམ་ལ་གཏད་པ་མེད། །ལར་འཆི་བ་ཅིས་ཀྱང་ཡོང་བ་ཡིན། །ཅིས་ཀྱང་རི་ཁྲོད་དགོན་པ་འགྲིམས། །འདི་ལྟའི་དབྱངས་ཆུང་དམ་པ་འདི། །བསྒྲུབ་གནས་དཔལ་གྱི་ཁྱུང་རྫོང་དུ། །མི་རྟག་དྲན་ནས་བཀོད་པ་ཡིན། །དེ་ལྟར་ཀུན་གྱིས་མཁྱེན་པར་མཛོད། །ཅེས་པ་འདི་བསྒྲུབ་གནས་ཆེན་པོ་ཁྱུང་རྫོང་དུ་གསུངས་པའོ། །ཤུབྷཾ།།

༈ ན་མོ་རཏྣ་གུ་རུ། དཔལ་ལྡན་བླ་མ་དམ་པ་ཡི། །ཞབས་ཀྱི་རྡུལ་ལ་ཕྱག་འཚལ་ལོ། །བདག་འདྲའི་ལས་ངན་རི་ཁྲོད་པ། །ཨ་ཙ་མ་ན་ཡི་རེ་མུག །ཕ་བླ་མ་འགྲོ་མགོན་ཐུགས་རྗེ་ཅན། །སྤྲང་ཆོས་མ་ནུས་ལ་བྱིན་གྱིས་བརློབས། །རྗེ་མི་མངོན་དབྱིངས་ནས་བྱིན་གྱིས་བརློབས། །རི་ཁྲོད་དབེན་པར་སྡོད་པ་ལ། །བྱམས་དང་སྙིང་རྗེའི་བླ་མ་དེ། །མ་ཡེངས་བདག་ལ་ཡོང་ལགས་ཀྱང་། །དེ་མ་རྟོགས་པ་ཡི་རེ་མུག །ཀྱེ་མ་བླ་མ་རིན་པོ་ཆེ། །བྱིན་གྱིས་བརློབས་ཅིག་སྤྲུལ་པའི་སྐུ། །གསོལ་བ་འདེབས་སོ་བླ་མ་རྗེ། །ཐུགས་རྗེས་བཟུང་གཅིག་བླ་མ་རྗེ། །དུས་འདིར་བདག་ཅག་བྱིན་གྱིས་བརློབས། །འགྲོ་བ་མ་ལུས་དྲང་དུ་གསོལ། །ད་ལྟ་སྙིགས་མའི་དུས་འདི་རུ། །ཆོས་གཞན་ལ་བཤད་ཀྱང་ཉན་མཁན་མེད། །ཀྱེ་མ་སྙིགས་མ་ལྔའི་དུས། །འདི་འདྲ་བྱུང་ཡང་ཨ་ཙ་མ། །ཕ་བླ་མ་འགྲོ་མགོན་ཐུགས་རྗེ་ཅན། །སེམས་ཅན་རྣམས་ལ་བྱིན་གྱིས་བརློབས། །ཤུབྷཾ།།

༈ ན་མོ་རཏྣ་གུ་རུ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་འདྲ་རང་བྱུང་རྡོ་རྗེ་ཡིས། །རྗེས་འཇུག་གང་ཟག་སློབ་མ་ལ། །འདི་ལྟར་གདམས་པ་འདི་ཟེར་རོ། །བདག་འདྲ་རྣལ་འབྱོར་འདི་ཉིད་ནི། །བསླབས་བསྒོམས་ཤེས་རབ་མེད་ལགས་ཀྱང་། །གོང་མའི་གསུང་ལ་བརྟེན་བྱས་ནས། །ཅུང་ཟད་བྱས་པ་འདི་ལ་གསོན། །དང་པོར་མི་ལུས་ཐོབ་ནས་ཀྱང་། །དཔལ་ལྡན་བླ་མའི་གདམས་ངག་དང་། །རང་གི་བརྩོན་འགྲུས་ཆེན་པོ་དང་། །བསྒྲུབ་པ་མཐའ་རུ་བཏོན་པ་ན། །བདག་ཀྱང་དེ་ལ་ཤིན་ཏུ་དགའ། །དེ་ལྟར་བསྒྲུབས་ན་ཤིན་ཏུ་ལེགས། །བླ་མ་གོང་མའི་གཞུང་བཞིན་དུ། །ཕ་བླ་མའི་གསུང་ལ་བརྟེན་ནས་ནི། །རི་ཁྲོད་དགོན་པ་འགྲིམ་པ་དང་། །རི་ཁྲོད་དུ་ཡང་གདམས་ངག་བསྒོམ། །ཐབས་ལམ་གནད་དུ་བསྣུས་བྱས་ན། །མི་བདག་ཀྱང་དེ་ལ་ཤིན་ཏུ་དགའ། །ཕ་དམ་པའི་རྗེས་སུ་བསྒྲུབ་པ་དང་། །དམ་པ་དེ་ལ་གོམས་བྱས་ནས། །མར་གྱུར་འགྲོ་བ་ཐམས་ཅད་ལ། །སྙིང་རྗེའི་འདུ་ཤེས་བསྒོམ་པར་བྱ། །ཁེ་དང་གྲགས་པའི་བསྙེན་བཀུར་དག །སྤངས་ལ་དམ་པའི་གསུང་བཞིན་བསྒྲུབ། །སྙན་གྲགས་བདུད་དུ་ཤེས་བྱས་ལ། །དེ་དག་སྤངས་པར་གྱུར་པ་ན། །དེ་ལ་བདག་ཡིད་ཤིན་ཏུ་དགའ། །འདི་ལྟ་བུ་རུ་མཛད་པར་ཞུ།

༈ བླ་མ་རྣམས་ལ་གསོལ་བ་འདེབས། །བླ་མ་རྣམས་ཀྱིས་བྱིན་གྱིས་བརློབས། །དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། སྙིང་པོ་ཡང་དག་ཕྱག་རྒྱ་ཆེ། །དོན་ལ་འགྲོ་འོང་མ་མཆིས་ཀྱང་། །ཀུན་རྫོབ་ད་ལྟར་སྣང་བ་ལ། །བདེན་པ་མེད་པར་མ་གཏོགས་པར། །གཟུང་དང་བདག་འཛིན་དག་གིས་སུ། །ཡང་དག་དོན་མཆོག་མ་རྟོགས་པར། །ཀུན་རྫོབ་རྒྱུ་འབྲས་སྣང་བ་ལ། །རིག་དང་མ་རིག་ཉོན་མོངས་དང་། །ཤེས་བསྒྲིབ་འཐུག་པོ་དང་བཅས་པ། །བླུན་རྨོངས་ཁྱོད་ཀྱིས་འདི་ལྟ་བུ། །སྒྲིབས་དང་ཉོན་མོངས་རྣམ་རྟོག་ཚོགས། །བཟང་ངན་རྣམ་རྟོག་འཁྲུལ་པའི་རྒྱུ། །ཞེན་འཛིན་ཆེན་པོས་བཅིངས་པ་རྣམས། །གཏིང་ནས་ཡང་དག་གཅིག་ཉིད་མིན། །དོན་དམ་བླའི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བཤད། །འཛིན་དང་ཤེས་བྱ་ངོ་བོ་ཉིད། །བཟང་ངན་རྣམ་རྟོག་བསམ་ཡས་པ། །འཁོར་བའི་བློའི་ཁྱད་པར་ལས། །མ་བྱུང་རང་བཞིན་ཡེ་ཤེས་རྫོགས། ཀུན་གཞིའི་བསྒྲིབ་གཡོགས་འཐུག་པོ་འདི། །སྒྲིབ་པ་ཆེན་པོས་དུས་ཀུན་ཏུ། །མ་རིག་སྒྲིབ་པའི་ལོག་རྟོག་མཁན། །ཡང་དག་དོན་འདི་མི་བསྒོམ་པར། འཛིན་པ་སྣ་ཚོགས་དང་བཅས་པས། །འདི་འདྲའི་མཚན་ཉིད་མ་ཤེས་སམ། །འདི་འདྲའི་གཏན་ཚིགས་མ་གོ་ཡང་། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་དབང་དམ་པ་མ་ཐོབ་པའི། །བདག་འཛིན་དང་བཅས་འཁྲུལ་པ་དང་། །ཉོན་མོངས་དང་བཅས་འཁྲུལ་པ་འདི། །ཤེས་རབ་ཆེན་པོས་བསལ་རེ་རན། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་དེ་ཉིད་འབྱུང་རེ་རན། །ཨེ་མ་ངོ་མཚར་དེ་ལྟ་བུ། །ཟབ་མོ་སྙན་རྒྱུད་བརྡ་ཡིས་སྟན། །འདི་ལྟ་བུའི་གདམས་ངག་འདི། སྐལ་ལྡན་ཀུན་གྱིས་གོ་བར་མཛོད། །བསྒྲུབ་གནས་ཆེན་པོ་ཁྱུང་རྫོང་དུ་གསུངས་པའོ། །ཤུབྷཱཾ།།

༈ ན་མོ་རཏྣ་གུ་རུ། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །མཚུར་ཕུའི་བསྒྲུབ་གནས་ཆེན་པོ་ཁྱུང་རྫོང་དུ་བཞུགས་པའི་དུས་སུ། ཉིན་གཅིག་གནས་སྐབས་སུ་ཕྱི་རོལ་གྱི་སྣང་བ་བདེན་པ་མེད་པར་གཟིགས་ནས་མགུར་གསུངས་པ།

༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །འགྲོ་བ་འདྲེན་པར་བྱིན་གྱིས་བརློབས། །ཕྱི་རོལ་སྣང་བ་ཆོས་ཀྱི་སྐུ། །བདེན་པ་མེད་པ་ཡིན་ལགས་པས། །མ་རིག་སྒྲིབ་གཡོགས་འཐུག་པོ་ཡིས། །འཛིན་པའི་མངོན་ཞེན་དམ་པོ་བྱུང་། །ས་བརླངས་མཆེད་པའི་སྤྲིན་བཞིན་དུ། ལས་དང་རྐྱེན་གྱིས་དུ་མར་བྱུང་། །གསོན་དང་སྐྱེས་བུ་སྐལ་ལྡན་ཀུན། །དབྱར་དགུན་དུས་ཀྱི་འཕོ་འགྱུར་ལྟར། །མ་རིག་རྐྱེན་གྱིས་འབྱུང་བ་ཡི། །སྣ་ཚོགས་དུ་མར་སྣང་བ་འདི། །སྐྱེ་བ་མེད་པར་མ་ཤེས་པ། །སྣང་བ་སྒྱུ་མ་ལྟ་བུར་བསྒོམས། བདེན་པའི་དངོས་པོར་མ་ལྟ་ཅིག ཞེན་མེད་བསྒོམས་ཅིག་སྐལ་ལྡན་ཀུན། །འཁྲུལ་པའི་སྣང་བ་འཐུག་པོ་འདི། །རོ་གཅིག་ཆེན་པོའི་ངང་དུ་ལྟོས། །བདེན་མེད་སྒྱུ་མ་མ་སྐྱེས་ན། །ཚིག་གི་ཚོགས་ཀྱིས་ཅི་ཞིག་བྱ། །གསོན་དང་སྐྱེས་བུ་སྐལ་ལྡན་ཀུན། །དེང་སང་སྙིགས་མའི་དུས་འདི་རུ། །ཆོས་བརྒྱད་སྐྱོང་བའི་སློབ་དཔོན་རྣམས། །ཆོས་བརྒྱད་མགོ་བོ་མི་འཇོམས་པར། །བྱང་ཆུབ་ཐོབ་ལ་མ་རེ་ཅིག །དེང་སང་དུས་ཀྱི་སྟོན་པ་རྣམས། །རྒྱལ་བའི་གསུང་དོན་མ་རྟོགས་པར། །ཐ་སྙད་ཚིག་ཕྱིར་འབྲེངས་པ་ཡི། །སྒྲ་དོན་རྟོགས་ལ་མ་རེ་ཅིག །དེང་སང་དུས་ཀྱི་བསྒོམ་ཆེན་རྣམས། །གོང་མའི་མཛད་སྤྱོད་མི་མཛད་པར། །སྐྱིད་དུ་རེ་བའི་རི་ཁྲོད་ཀྱིས། །སེམས་ཉིད་རྟོགས་ལ་མ་རེ་ཨང་། །དེང་སང་དུས་ཀྱི་བཙུན་པ་རྣམས། །གཞན་དོན་ལྷུར་ལེན་མི་མཛད་པར། །ངོ་ལྐོག་ཅན་གྱི་ཚུལ་ཁྲིམས་གྱིས། །མཐོ་རིས་ཐོབ་ལ་མ་རེ་ཨང་། །དེང་སང་དུས་ཀྱི་སྔགས་པ་རྣམས། །རྒྱལ་བའི་བསྟན་པ་མི་བསྲུངས་པར། །ཞེ་སྡང་རང་སར་བསྲེག་པ་ཡིས། །ཡི་དམ་གྲུབ་ལ་མ་རེ་ཨང་། དེང་སང་དུས་ཀྱི་རྣལ་འབྱོར་ཚོ། །རྒྱལ་བའི་དགོངས་པ་མི་ལྟ་བར། །རྒྱལ་ཁམས་ཕྱོགས་མེད་བསྐོར་བ་ཡིས། །འཁྲུལ་པ་འཇིག་ལ་མ་རེ་ཨང་། །དེང་སང་དུས་ཀྱི་ཡོན་བདག་རྣམས། །བསོད་ནམས་ཚོགས་ཆེན་མི་བསགས་པར། །རང་འཆིས་སྡུག་ཚིར་བྱེད་པ་ཚོ། །མཐོ་རིས་ཐོབ་ལ་མ་རེ་ཨང་། སྙིགས་མའི་སེམས་ཅན་གདུལ་དཀའ་ཡང་། །ཁྱད་པར་ཅན་གྱི་སྐྱེས་བུ་རྣམས། །མཛད་ན་དམ་པའི་ལྷ་ཆོས་མཛོད། །བསྒོམ་ན་ཕྱག་རྒྱ་ཆེན་པོ་བསྒོམས། །གཏོང་ན་སྦྱིན་པ་ཕྱོགས་མེད་ཐོང་། །རྒྱུན་དུ་བླ་མ་དམ་པ་བརྟེན། །དབྱངས་འདི་གང་ཡིན་ཟེར་ཙ་ན། །རྒྱུ་འབྲས་བསྟེན་པའི་ཟུར་ཙམ་ལགས། །འཐད་པར་འདུག་ན་ཉམས་སུ་ལོང་། ཤུབྷཾ།།

༈ ན་མོ་གུ་རུ། ཡོན་ཏན་ཀུན་གྱི་འབྱུང་གནས་མཆོག །དུས་གསུམ་སངས་རྒྱས་ངོ་བོ་ཉིད། བླ་མ་རྣམས་ལ་སྐྱབས་སུ་མཆི། གསོལ་བ་འདེབས་སོ་བྱིན་གྱིས་བརློབས། །གསོན་དང་འདིར་བཞུགས་སྐལ་ལྡན་རྣམས། །བདག་ཚེ་འདིར་ཐོས་བསམ་མ་བགྱིས་ཀྱང་། །སྐལ་པ་མང་པོར་སྦྱངས་པ་བགྱིས། །དེ་ཕྱིར་ཚེ་འདིར་འབད་མི་འཚལ། །དེ་ཡང་སྔོན་དུ་རྒྱ་གར་ཡུལ། །སློབ་དཔོན་འཕགས་པ་ཀླུ་གྲུབ་ཀྱི། །སློབ་མ་དམ་པར་གྱུར་པ་ནི། །ཀླུའི་བྱང་ཆུབ་ཅེས་བྱར་གྱུར། །དེ་དུས་ཆོས་རྣམས་མ་ལུས་བསླབས། །དེའི་རྗེས་སུ་རྒྱ་གར་ཡུལ། །པཎྜྻི་ཏར་ནི་གྱུར་ནས་ཀྱང་། །སྡེ་སྣོད་རྣམས་དང་རྒྱུད་སྡེ་ལ། །ཤིན་ཏུ་མཁས་པ་གཅིག་ཀྱང་ཡིན། །དེའི་རྗེས་སུ་སློབ་དཔོན་མཆོག །པདྨ་འབྱུང་གནས་ཞེས་བྱ་ཡི། །སློབ་མ་རྒྱལ་མཆོག་དབྱངས་སུ་ནི། །གྱུར་ནས་རྙིང་མའི་ཆོས་རྣམས་དང་། །ཁྱད་པར་རྫོགས་ཆེན་རྣམས་ལ་མཁས། །དེའི་དོན་གྱིས་མ་བསླབ་ཤེས། །དེ་ནས་ཡང་ནི་པཎྜྻི་ཏ། །གཅིག་ཏུ་གྱུར་ནས་ཆོས་ཀུན་ལ། །ཤིན་ཏུ་མཁས་ཤིང་ཡོན་ཏན་རྫོགས། །དེ་ནས་གཞན་ཡང་པུ་ཏོ་བ། །ཅེས་བྱ་བར་ནི་གྱུར་པ་དང་། །ཁ་རག་བསྒོམས་ཆུང་འབྲེལ་བ་ཡོད། །དེས་ན་དེའི་ཆོས་ལ་མཁས། །དེའི་རྗེས་སུ་སྣེ་ཟུར་བ། །ཆེན་པོ་ཉིད་དུ་གྱུར་པ་ཡིན། །དེ་ནས་དཔལ་ལྡན་ཀརྨ་པ། །ཞེས་བྱར་གྱུར་ཏེ་འགྲོ་ཀུན་གྱི། །དོན་རྣམས་ཐམས་ཅད་རྫོགས་པར་བྱེད། །དེ་ལྟར་བདག་གིས་ཐོས་བསམ་དང་། །བསྒོམ་པ་རྣམས་ལ་སྐྱེ་བ་རུང་། །འབད་པ་དུ་མ་བྱས་པ་ཡིས། །འདི་རུ་འབད་རྩོལ་མི་འཚལ་བར། ཆོས་རྣམས་ཀུན་ཤེས་རྟོགས་པར་ལྡན། །ཁྱེད་འདིར་བཞུགས་རྣམས་ཀྱིས་མཁྱེན་པར་མཛོད། །ནོར་འཁྲུལ་གདའ་ན་བཟོད་པར་གསོལ། །མད་ཀྱང་ཀུ་རེ་བགྱིས་པ་ལགས། །དབྱངས་མཆོད་པར་བཞེས་ཤིག་འདིར་བཞུགས་ཀུན། །ས་ཕོ་ཁྱི་ལོ་སྟོན་ཟླའི་ཚེས་བརྒྱད་ལ། །མཚུར་ཕུའི་དབེན་གནས་ཁྱུང་རྫོང་དུ་ཚོགས་ཀྱི་མཆོད་པ་མཛད་པའི་དུས་སུ་གསུངས་པའོ། །ཤུབྷཾ།།

༈ རྗེ་གྲུབ་ཐོབ་རྣམས་ལ་གསོལ་དམ་འདེབས། །རྣལ་འབྱོར་བདག་ལ་བྱིན་གྱིས་བརློབས། །ད་ལྟར་གྱི་སྣང་བ་འདི་དག་ཀུན། ཡང་དག་མཚོན་པའི་གདམ་ངག་ཡིན། །གསོན་དང་འདི་བཞུགས་སྐལ་ལྡན་ཀུན། །ཚིག་འདི་ལ་འདིར་བཞུགས་གསན་པར་ཞུ། འདི་ལྟར་ནམ་མཁའི་དཀྱིལ་ཤེད་ནས། །ཉི་མའི་དཀྱིལ་འཁོར་ཤར་བ་དེས། །མུན་ནག་འཐིབས་པོ་སེལ་བར་བྱེད། །ལོ་ཐོག་རྣམས་ཀྱང་སྨིན་པར་བྱེད། །དོན་ལ་སྦྱར་ན་འདི་ལྟར་ཡིན། །རང་བྱུང་ཆོས་སྐུའི་ནམ་མཁའ་ལ། ཡེ་ཤེས་ཉི་མ་ཤར་བར་བྱེད། །རྟོགས་པ་མཆོག་ལྡན་བླ་མ་ཡིན། །མ་རིག་ཐིབས་པོ་སེལ་བར་བྱེད། གདུལ་བྱའི་དཔལ་དུ་འགྱུར་བར་བྱེད། །ད་ཡང་འདི་ལྟར་མཚོན་པར་བྱེད། །ཡོན་ཏན་འབྱུང་བཞིའི་རི་བོ་འདི། །ལྗོན་ཤིང་སྔོ་ལྡོམ་ཚོགས་རྣམས་རྒྱས་པར་བྱེད། སེམས་ཅན་རྣམས་ལ་དཔལ་དུ་ཆེ། །འགྲོ་བ་རྣམས་ལ་མཆོག་ཏུ་ཕན། །རྟོགས་པ་མཆོག་ལྡན་གྱི་བླ་མ་འདི། །འགྲོ་བ་སེམས་ཅན་རྣམས་ལ་ཕན་པར་བྱེད། །བླ་མ་མཆོག་ལ་མི་ཟེར་རམ། །འདབ་སྐྱེས་པད་ཚལ་སྐྱོན་མེད་པ། །བུང་བའི་ཚོགས་རྣམས་ཉམས་དང་ལྡན། །ཁྱད་པར་འཕགས་སོ་ཨེ་མ་ཧོ། །ཁྱད་པར་མཆོག་གི་བླ་མ་དེ། །ཕྱོགས་བཅུའི་གདུལ་བྱ་ཐམས་ཅད་ཀྱིས། །ཉམས་མྱོང་རྟོགས་པ་འདྲི་རུ་ཕྱིན། །འདི་མ་ནོར་སྟོན་པ་གལ་ཡང་ཆེ། །དབྱངས་འདི་ཀུན་གང་ཡིན་ཟེར་ཙ་ན། །གནས་ལུགས་མཚོན་པ་རྡོ་རྗེའི་གླུ། །དབྱངས་མཁའ་འགྲོའི་ཚོགས་ལ་མཆོད་པར་འབུལ། ཐུགས་དགྱེས་པར་མཛོད་གཅིག་འདི་བཞུགས་ཀུན། །ཞེས་པའི་མགུར་འདི་ས་ཕོ་ཕག་གི་ལོ་དབྱར་ཟླ་ར་བའི་ཚེས་བཅུ་གསུམ་ལ་ཁྱུང་རྫོང་དཔལ་གྱི་ཡང་དགོན་དུ་དབང་བསྐུར་མཛད་པའི་ཚོགས་གྲལ་དུ་གསུངས་པའོ། །ཤུབྷཱཾ།།

༈ ན་མོ་གུ་རུ། རྗེ་དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །འགྲོ་བ་འདྲེན་མཛད་བཀའ་བརྒྱུད་རྣམས། །བདག་ལ་བྱིན་གྱིས་བརླབ་དུ་གསོལ། །དུས་ད་རེས་ཁྱོད་ཀྱི་ངོ་མ་ཆོག །བཅུ་ཕྲག་བཞི་པོ་དབྱངས་སུ་ལེན། ཕྱོགས་མེད་དགོན་པ་བསྟེན་དང་གཅིག །ན་རོའི་ཆོས་དྲུག་བསྒོམ་དང་གཉིས། །སྣོད་ལྡན་གདུལ་བྱ་དེ་དང་གསུམ། །བླ་མ་མཚན་ལྡན་དེ་དང་བཞི། །དེ་ཚོ་འཛོམ་ན་བཟང་བ་ལགས། །སྙིང་རུས་དང་ཞེ་བཅད་བསྒོམ་སྲན་གསུམ། །རི་ཁྲོད་དུ་འཛོམ་ན་བཟང་བ་ལགས། །ཕྱོགས་ཆ་བསྒྲུབས་བློ་འདི་དོན་གསུམ། །ཞེན་ལོག་སྐྱེས་ན་བཟང་བ་ལགས། །ཁེ་གྲགས་དང་ཞེ་འཛིན་གཉེན་པོ་བཞི། །འཆིང་བྱེད་ལགས་སོ་སྤང་བར་མཛོད། །དེ་རུ་བཞི་ཚན་རྣམས་ལྔ་ཐལ། །ད་ཡང་ལྔ་པོ་བསྡུས་ནས་ལེན། །སྐུ་བཞིའི་དོན་མཚོན་མ་ནོར་ལེན། །རྩ་འཁོར་ལོ་བཞིའི་མ་ནོར་དོན། །དོན་སྐུ་བཞི་ཡིན་ནོ་སྐལ་ལྡན་ཀུན། །རྒྱུད་བཞིའི་སྨིན་གྲོལ་འབྱུང་བ་དང་། །དོན་འབྲས་བུ་བཞི་པོ་ཐོབ་པར་ཤོག །དེ་བཞི་ཚན་ལྔ་བསྡུས་ལགས་སོ་ཨང་། །དབྱངས་ཚན་བཞི་བཞི་བཅུ་ཐལ། །ཤོ་ལོ་ཀ་ལ་ངེས་པ་མེད། །ཐུགས་དགྱེས་པར་མཛོད་ཅིག་འདིར་ཞུགས་ཀུན། །ཞེས་པ་འདི་ཕག་ལོ་དབྱར་ཟླ་འབྲིང་པོའི་ཚེས་བཅུ་གསུམ་ལ་ཁྱུང་རྫོང་དུ་གསུངས་པའོ། །ཤུབྷཱཾ།།

༈ རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །རྣལ་འབྱོར་བདག་ལ་བྱིན་གྱིས་རློབས། །དབྱངས་འདི་ལ་འདིར་འཚོགས་གསན་པར་ཞུ། །དོན་འདི་ལྟར་གདའ་ཐུགས་ལ་ཞོག །རྗེ་བཙུན་མི་ལའི་གསུང་བཞིན་དུ། །འདི་ལ་དང་ཕྱི་མ་བར་དོ་གསུམ། །བྱ་ལོང་རྒྱུད་བཞིན་གྲལ་ལ་འགྲིགས། །སྐྱེ་དང་ན་དང་འཆི་བ་གསུམ། །ཁ་དང་ལག་པའི་ཚུལ་དུ་གདའ། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ། །དཔག་ཆེན་མདའ་བཞིན་སྔོན་དུ་སྒུགས། །འགྱུར་མེད་འཕྲང་གསུམ་དེ་ན་གདའ། །ཅི་ལས་རྒྱུ་འབྲས་ཟེར་བའི་ཡ་མཚན་ཅན། །ཐམས་ཅད་མི་རྟག་རྒྱུད་ལ་བསྐྱེད། །འདི་ལྟར་ཤེས་ཤིང་གོམས་བྱས་ནས། །ལས་མི་དགེ་བཅུ་ལས་བཟློག་པ་དང་། དཀར་པོ་བཅུ་ལ་འདུན་པ་དང་། །དེ་ལྟར་མཛོད་ལ་ཀུན་རྫོབ་ཏུ། །བསོད་ནམས་ཚོགས་ལ་འབད་པ་ཐོན། དོན་མཐར་ཐུག་འདི་ལྟར་ཉམས་སུ་ལོང་། །དགུང་ནམ་མཁའི་དབྱིངས་ལ་མཐའ་དབུས་མེད། །དེ་ལྟར་སེམས་ལའང་མཐའ་དབུས་བྲལ། །ཆུ་བོ་ཆེན་པོའི་གཞུང་འདི་ལ། རྒྱུན་ཆད་མེད་པར་གྱུར་པ་བཞིན། །དགག་བསྒྲུབ་མེད་པའི་དོན་དེ་ལ། །རྒྱུན་ཆད་མེད་པར་མ་ཡེངས་པར། །རི་ཁྲོད་དགོན་པ་བསྟེན་བྱ་ཞིང་། །དོན་མཆོག་བླ་མས་བསྟན་པ་ལྟར། །གང་ལའང་ཞེན་པ་བྲལ་བ་ཡིས། །མཐར་ཐུག་དོན་དེ་རྟོགས་པར་མཛོད། །མཐར་ཐུག་ཕྱག་རྒྱ་ཆེན་པོ་ནི། །དོན་གང་ཡང་གྲུབ་པ་མ་ཡིན་པའི། །མཐར་ཐུག་གི་ལྟ་བ་ཡ་མཚན་ཅན། །སྙིང་པོའི་དོན་མཆོག་ཕྱག་རྒྱ་ཆེ། །རྡོ་རྗེ་ཐེག་པའི་དགོངས་པ་བཞིན། །ཉམས་སུ་ལོང་ཅིག་འདིར་བཞུགས་ཀུན། །དབྱངས་འདི་ཀུན་གང་ཡིན་ཟེར་ཙ་ན། །འདི་ཀུན་དཔེ་དོན་མཚོན་པའི་དབྱངས། །དབྱངས་མཆོད་པར་འབུལ་ལོ་བླ་མ་རྗེ། །དོན་དམ་མཐར་ཐུག་རྟོགས་པར་ཤོག །ཤུབྷཾ།།

༈ ན་མོ་གུ་རུ། ཡོན་ཏན་ཀུན་གྱི་འབྱུང་གནས་མཆོག །བླ་མ་མཆོག་ལ་གསོལ་བ་འདེབས། །འཁོར་འདས་སྣང་བ་ཆོས་ཀྱི་སྐུ། མཐར་ཐུག་ཕྱག་རྒྱ་ཆེན་པོ་ལ། །བརྗོད་བྱ་བདེན་པ་མ་མཆིས་ཀྱང་། །ད་རེས་མཚོན་པའི་དབྱངས་ཅིག་ལེན། ཀྱེ་མ་གསོན་དང་ཆོས་མཛད་ཀུན། །བདེན་པ་མེད་དེ་སྤྲོས་ལས་འདས། །རང་བཞིན་ཀུན་རྫོབ་སྣང་བ་འདི། །རྣམ་རྟོག་དྲི་བྲལ་བརྡ་ཡིས་མཚོན། །དེ་དབྱེར་མེད་རང་བྱུང་སྙིང་པོའི་དོན། །རྗེ་གྲུབ་ཐོབ་རྣམས་ཀྱིས་རྟོགས་པ་ནི། །ཆོས་རྣམས་ཐམས་ཅད་མཉམ་པ་ཉིད། །གདོད་ནས་དག་ཅིང་བློ་ལས་འདས། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །མཐའ་དབུས་མེད་པའི་དོན་རྟོགས་ན། །དེའི་འབྲས་བུ་ཆོས་ཀྱི་སྐུ། །དོན་འདི་གང་གིས་མཁྱེན་པ་དང་། །མ་ནོར་མངོན་དུ་འགྱུར་བར་ཤོག །རང་བཞིན་ཀུ་རེའི་ཚུལ་དུ་བླངས། །དབྱངས་མཁའ་འགྲོའི་ཚོགས་ལ་མཆོད་པར་འབུལ། །ཞེས་པའི་མགུར་གོང་འོག་འདི་གཉིས། །ཕག་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་ལ་ཡོན་བདག་ཆོས་རྒྱལ་གྱིས་གཏོར་དབང་ཞུས་པའི་ཚོགས་གྲལ་དུ་གསུངས་པའོ།། །།

༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཀྱེ་མ་འཁོར་བའི་རྒྱ་མཚོ་ན། །གཟུང་འཛིན་གྱིས་བཅིངས་སྐྱེ་བོ་རྣམས། །གཟུང་འཛིན་དྲ་བས་རྒྱུད་བཅིངས་ཏེ། །སྡུག་བསྔལ་དཔག་མེད་གནས་སུ་འཁོར། །མ་རིག་འཁྲུལ་པའི་རྣམ་རྟོག་མང་། །འཁོར་བའི་མེ་དོང་ཚ་ཞིང་རྩུབ། །གཏི་མུག་མུན་པའི་དཔག་རུམ་འཐིམས། སྐྱེ་རྒས་ན་འཆིའི་ཆུ་བོ་ཆེ། །ང་རྒྱལ་བྲག་རི་གཟར་ལ་མཐོ། ཕྲག་དོག་རླུང་དམར་དཔག་མེད་འཁྲུག །ཚིག་ངན་ཚེར་མ་བཞིན་དུ་རྣོ། །བློ་ཡ་ངའི་སྐྱེས་བུ་མི་བརྟན་པས། །ང་བདག་འཁྲུལ་པ་ལམ་དུ་ཞུགས། །དེ་ལས་བཟློག་པར་དཀའ་བའི་ཕྱིར། །རྒྱལ་དང་བྱང་ཆུབ་སེམས་དཔའ་རྣམས། ཐུགས་རྗེའི་སྤྲིན་ཕུངས་དཔག་མེད་ཀྱང་། །དེང་སང་སྙིགས་མ་ལྔ་བདོའི་དུས། །འགྲོ་ཀུན་ཉོན་མོངས་གྱིས་བཅིངས་པས། །གཟུང་འཛིན་གྲོལ་བ་དཀའ་བ་གདའ། །ཀྱེ་མ་གསོན་དང་ཆོས་མཛད་ཀུན། །འཇིག་རྟེན་ཆོས་ཀྱིས་འཆིང་འཆིང་འདྲ། །ད་ནི་སྐྱེ་མེད་ལྟ་རེ་རན། །ཟང་ཟིང་གཡེངས་བས་འཆིང་འཆིང་འདྲ། །ད་ནི་ཡོད་ཚད་བཏང་རེ་རན། །ནོར་དང་རྫས་ཀྱིས་འཆིང་འཆིང་འདྲ། །ད་ནི་གང་ལ་ཡང་འདུ་འཛི་སྤོངས། །འཚོ་རྫས་ཟས་ཀྱི་འཆིང་འཆིང་འདྲ། །ད་ནི་དཀའ་ཐུབ་ཉམས་སུ་ལོངས། །འཁོར་དང་གཡོག་གིས་འཆིང་འཆིང་འདྲ། །ད་ནི་གཅིག་པུར་རི་ཁྲོད་འགྲིམས། །གནས་དང་ཡུལ་གྱིས་འཆིང་འཆིང་འདྲ། །ད་ནི་རྒྱལ་ཁམས་ཕྱོགས་མེད་བསྐོར། ཀུན་རྫོབ་བདེན་པས་སླུ་སླུ་འདྲ། །ད་ནི་དོན་དམ་བདེན་མེད་ལྟོས། །གསོན་དང་སྐྱེས་བུ་ཆོས་མཛད་ཀུན། །འདི་ལྟར་མ་རུངས་སྙིགས་མའི་དུས། །བློ་གྲོས་ངན་པའི་སྐྱེས་བུ་ཀུན། །གཟུང་འཛིན་མངོན་ཞེན་དམ་པའི་ཕྱིར། །ཡུན་རིངས་འཁོར་བའི་འདམ་དུ་བཅིངས། །དེ་ཕྱིར་བདག་སོགས་འགྲོ་བ་རྣམས། །ཐུགས་རྗེ་ལྡན་པའི་རྒྱལ་སྲས་ཀྱིས། །འཆི་བ་འདི་ལས་བཀྲོལ་དུ་གསོལ། །གང་ཞིག་བདག་ནི་འཆིང་འགྲོལ་ཡང་། སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །ཐོག་མར་སེམས་བསྐྱེད་མཛད་པའི་ཚེ། །གང་ཞིག་སེམས་ཅན་གཅིག་ཉིད་ཀྱང་། །སྡུག་བསྔལ་བཅིངས་ལས་མ་གྲོལ་ཚེ། །ས་བཅུའི་ཆ་ལུགས་འཆང་ཞེས་གསུངས། །བདག་ཀྱང་དེའི་རྗེས་འཇུག་ཕྱིར། །བདག་མེད་མངོན་དུ་གྱུར་ནས་ཀྱང་། །འགྲོ་རྣམས་འཆིང་བ་ལས་གྲོལ་ཚེ། །བདག་ཀྱང་འགྲོ་དོན་སྤྱོད་པར་ཤོག །རང་བྱུང་རྡོ་རྗེས་སྟག་ལོ་ཟླ་བ་དགུ་པའི་ཚེས་བཅོ་ལྔ་ལ་འགྲོ་ཕུར་གསུངས་པའོ།། །།

བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ཆོས་ཉིད་སྒྱུ་མ་ལྟ་བུའི་དོན། །རྟོགས་པར་འདོད་ན་འདིར་ལྟར་མཛོད། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །སྒྱུ་མ་ལྟ་བུའི་རང་བཞིན་ནོ། །མེད་བཞིན་སྣང་བའི་དངོས་པོ་འདི། །ནམ་མཁའི་སྤྲིན་བཞིན་ཤེས་པར་གྱིས། །ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན། །སྤྲོས་པའི་མཐའ་དང་བྲལ་བ་ལ། །ཅི་བཞིན་འཛིན་པ་མེད་པའི་དོན། །ནམ་མཁའ་ལྟ་བུར་བསྒོམ་པར་བྱ། །བདེན་པ་གཉིས་ཀྱི་རང་བཞིན་ལ། །ཚུལ་བཞིན་རྗེས་སུ་འཇུག་འདོད་ཅིང་། །བརྩོན་པས་ཉམས་སུ་ལེན་བྱེད་ན། །མིད་ལའི་མཛད་པ་ཇི་བཞིན་མཛོད། །འདི་ལྟར་བཤད་པའི་དོན་འདི་ནི། །བདེན་གཉིས་གཏན་ལ་འབེབས་བྱེད་པ། །བདག་གིས་ཚིགས་སུ་བརྗོད་པ་འདིས། །འགྲོ་རྣམས་བདེ་ཆེན་ཐོབ་པར་ཤོག །རང་བྱུང་རྡོ་རྗེས་འབྲུག་ལོ་ཟླ་བ་ལྔ་པའི་ཚེས་བཅུ་ལ་ལྷ་སྟེང་ཞེས་བྱའི་རི་ཁྲོད་དུ་སྦྱར་བའོ།། །།

ཆོས་དབྱིངས་རྒྱ་མཚོ་ལྟ་བུ་ལ། །སྣ་ཚོགས་ཆུའི་རི་མོ་བཞིན། །བདེན་མེད་རྣམ་རྟོག་དུ་མར་འཆར། །དེ་ཕྱིར་བདག་གིས་ཉམས་སུ་ལེན། །གསང་སྔགས་ཟབ་མོ་མ་རྒྱུད་ལ། །བསོད་ནམས་མཐར་ཐུག་ཚོགས་འཁོར་ལོ། །གང་ཟག་བསོད་ནམས་སྤེལ་ཕྱིར་གསུངས། །དེ་དོན་བདག་གིས་འདི་ལྟར་ཤེས། །ད་ལྟར་གང་ཟག་དམན་པ་ལ། །མོས་པའི་སྤྱོད་པའི་དུས་འདི་རུ། །རང་ལུས་ལྷ་རུ་གསལ་བཏབ་ཏེ། བཟའ་བཏུང་བདུད་རྩིར་རབ་སྦྱངས་ཏེ། ཕུང་པོ་རྒྱལ་བའི་དཀྱིལ་འཁོར་མཆོད། །ཚོགས་ཀྱི་འཁོར་ལོ་ཞེས་ཀྱང་བྱ། །དཔའ་བོ་དཔའ་མོ་རྣལ་འབྱོར་པ། །གྲགས་མཉམ་ཡོན་ཏན་ཐོབ་པ་རྣམས། །བདེ་སྟོང་ཡེ་ཤེས་དོན་དམ་བསྒོམས། །བཟའ་བཏུང་ཚོགས་ཀྱི་འཁོར་ལོ་ལྡན། ཚོགས་ཀྱི་འཁོར་ལོ་ཞེས་ཀྱང་བྱ། །དཔའ་བོ་ཐམས་ཅད་མངོན་འདུས་པས། །དཔའ་བོའི་དགའ་སྟོན་ཞེས་ཀྱང་བྱ། །སློབ་དཔོན་གསང་སྔགས་ཚུལ་ཤེས་ཤིང་། དབང་བསྐུར་རྒྱུད་སྨིན་དེ་ཉིད་ཤེས། །སློབ་མ་དཔའ་བོ་དཔའ་མོའི་ཚོགས། །བསྐྱེད་རྫོགས་ཏིང་འཛིན་བརྟེན་པ་ན། །ཚོགས་ལ་དངོས་གྲུབ་དཔག་མེད་འབྱུང་། །དེ་ལྟར་མིན་ལྡན་སྐྱེས་བུ་རྣམས། །ང་རྒྱལ་ལོག་པར་སྤྱོད་གྱུར་ན། །བར་ཆད་འབྱུང་བར་རྒྱལ་བས་གསུངས། །བདག་གིས་ཚོགས་འཁོར་མ་མཐོང་ཡང་། །རྒྱུད་སྡེའི་དགོངས་པ་གླུ་རུ་བླངས། །གནད་ཀྱི་གདམ་ངག་དེ་ལ་མཛོད། ཡིད་ཆེས་ངོ་མཚར་ཆེར་བསྐྱེད་ནས། །འདིར་བཞུགས་ཚུལ་བཞིན་བསྒྲུབ་པར་མཛོད། །འབྲུག་ལོ་ཟླ་བ་བཅུ་པའི་ཚེས་བརྒྱད་ཀྱི་ནུབ་མོ་ལྷ་སྟེང་དཔལ་གྱི་དགོན་པ་རུ། །ཚོགས་ཀྱི་འཁོར་ལོ་བསྐོར་བའི་གྲལ་དུ་རང་བྱུང་རྡོ་རྗེས་སྐལ་བ་དང་ལྡན་པ་རྣམས་ལ་གདམས་པའོ། །ཤུབྷཾ།།

ཡོན་ཏན་ཀུན་གྱི་གཞིར་གྱུར་པ། །བླ་མ་རྣམས་ལ་གསོལ་བ་འདེབས། །འདི་ལ་འདིར་འཚོགས་གསན་པར་ཞུ། །མཐའ་བྲལ་གཉུག་མ་སྙིང་པོའི་དོན། བྲམ་ཟེའི་རྒྱུད་ལས་བྱུང་བ་ལགས། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད། །སྐལ་བ་བཟང་མོའི་བརྒྱུད་པ་ལགས། །བསྐྱེད་རིམ་ལྷའི་འཁོར་ལོ་འདི། ལུ་ཧི་པ་ནས་བརྒྱུད་པ་ལགས། །བརཏལ་ཞུགས་སྤྱོད་པའི་སྣང་བ་འདི། །བིར་བ་པ་ནས་བརྒྱུད་པ་ལགས། །བཀའ་བཞི་བརྒྱུད་པས་བྱིན་བརླབས་ནས། །ཅི་བཞིན་རྟོགས་པའི་རྣལ་འབྱོར་པ། །ཏཻ་ལོ་ནཱ་རོའི་བརྒྱུད་པ་འཛིན། ལྷོ་བྲག་མར་པ་ལོ་ཙྪ་དང་། །རྣལ་འབྱོར་དབང་ཕྱུག་མི་ལ་མཆོག དེའི་རྗེས་འཇུག་སྒམ་པོ་པ། །རྒྱལ་བའི་གདུང་སོབ་དུས་གསུམ་མཁྱེན། །བཀའ་རྒྱུད་འཛིན་པའི་རས་ཆེན་པ། །དོན་རྒྱུད་འཛིན་པའི་སྤོམ་བྲག་པ། །འགྲོ་བ་འདྲེན་མཛད་རིན་པོ་ཆེ། །བརཏལ་ཞུགས་སྤྱོད་མཛད་ཨུ་རྒྱན་པ། དེ་དག་སྲས་གྱུར་རྣལ་འབྱོར་བདག །དོན་མཐར་ཐུག་བསྒོམ་པར་འདོད་ནས་ཀྱང་། །ལྷ་སྟེང་ཞེས་བྱ་འདི་རུ་ཕྱིན། །བརྟགས་ཤིང་བརྟགས་ནི་འདི་ལྟར་ཤེས། །སྐྱེ་འགྲོ་སེམས་ཅན་གཟུང་འཛིན་དམ། །འཁྲུལ་པའི་སྣང་བ་མགོ་བོ་རྒོད། །བདག་འཛིན་སེམས་ཅན་བསྒྲིབས་གཡོགས་འཐུགས། །རྒྱལ་བས་གསུངས་པའི་མདོ་རྒྱུད་རྣམས། །ཕྱིན་ཅི་མ་ལོག་རྟོགས་པ་དེ། །དེང་སང་ནམ་མཁའི་མེ་ཏོག་འདྲ། །ཡེ་ཤེས་ཆེན་པོའི་སྣང་བ་འདི། །རྟོགས་དཔྱོད་བློའི་སྒྲིབས་པ་འདྲ། །བསྒྲུབ་རྒྱུད་བསྟན་པའི་རྒྱ་མཚན་འདི། །ཕྲག་དོག་བ་མོའི་སད་ཀྱིས་ཁྱེར། །འདིར་བཞུགས་སྐྱེས་བུ་སྐལ་ལྡན་རྣམས། མྱུར་དུ་བྱང་ཆུབ་ཐོབ་འདོད་ན། དད་པ་ཡེ་ཤེས་རྟ་ཕོ་ལ། །སེམས་བསྐྱེད་གསལ་བའི་སྒ་ཁྲ་གཏད། །བརྩོན་འགྲུས་མྱུར་བའི་ལྕག་བྲབས་ནས། བླ་མ་ཐར་པའི་ལམ་མཁན་རྗེས། མྱུར་དུ་རིང་པར་འགྲོ་རེ་རན། །གོ་ན་གནད་ཀྱི་གདམས་པ་ལགས། །མ་གོ་ད་ལྟར་བྲེ་མོ་མཛོད། །འབྲུག་ལོ་ཟླ་བ་བཅུ་པའི་ཚེས་བཅུའི་ནུབ་མོ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་རང་བྱུང་རྡོ་རྗེས་སྐལ་བ་དང་ལྡན་པ་རྣམས་ལ་གདམས་པའོ། །ཤུབྷཾ།།

བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། སྐལ་བར་ལྡན་པའི་སྐྱེས་བུ་རྣམས། མ་ཡེངས་དར་ཅིག་སྙན་གསན་མཛོད། ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག །འཇིགས་པའི་ཆུ་བོ་ཆེན་པོ་ལས། ཐར་བར་བྱེད་པ་ཤིན་ཏུ་དཀའ། །གལ་ཏེ་ཐར་བ་འདོད་པ་ན། །དྲི་མ་མེད་པའི་མདོ་རྒྱུད་ལས། །གསུངས་པའི་དོན་རྣམས་ཇི་ལྟ་བར། །མ་ཡེངས་གུས་པས་ཉམས་སུ་བླངས། །བསླབ་གསུམ་དྲི་མེད་གཙང་མར་གསུངས། །ཕ་རོལ་ཕྱིན་པ་དྲུག་གིས་དོན། །ཚུལ་བཞིན་ཉམས་སུ་ལེན་བྱས་ན། །མྱུར་དུ་འཁོར་བའི་འདམ་ལས་ཐར། །གསང་བསྔགས་རྒྱུད་སྡེའི་དགོངས་པ་ཀུན། །བསྐྱེད་རྫོགས་གཉིས་མེད་པ་ཡི་དོན། །བདག་མེད་རྣམས་ཀྱིས་རྟོགས་བྱའི་ཕྱིར། །རྒྱུན་ཆད་མེད་པར་ཉམས་སུ་ལོང་། །མཐར་ཐུག་དབྱེར་མེད་སྙིང་པོའི་དོན། སྤྲོས་པའི་མཐའ་དང་བྲལ་བ་ཡིས། །ཆོས་རྣམས་ཀུན་ཀྱི་དེ་བཞིན་ཉིད། །དེ་ཉིད་མངོན་དུ་གྱུར་པར་ངེས། རྒྱལ་བས་གསུངས་པའི་མདོ་སྔགས་ཉིད། །ཚུལ་བཞིན་ཉམས་སུ་བླང་བྱའི་ཆོས། །ཅུང་ཟད་བདག་གིས་བརྗོད་པ་འདི། །ཚུལ་བཞིན་ཉམས་སུ་ལེན་པར་མཛོད། ཅེས་པའི་མགུར་འདི་རང་བྱུང་རྡོ་རྗེས་འབྲུག་ལོ་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ་ལྷ་སྟེང་། །ཞེས་བྱའི་རི་ཁྲོད་དུ་སྦྱར་བའོ། །ཤུབྷཾ།།

༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། ཐུགས་རྗེའི་དཀྱིལ་འཁོར་དཔག་མེད་ཀྱིས། །སྐལ་ལྡན་རྣམས་ལ་བྱིན་གྱིས་བརླབས། །ད་ལྟ་མ་རིག་སྙིགས་མའི་དུས། །བསྟན་པ་ཉམས་པར་གྱུར་པ་ཡིས། །ལོག་པའི་ལམ་ལ་གཞོལ་དུས་འདིར། །གཟུང་འཛིན་སྤོངས་ཅིག་སྐལ་ལྡན་ཀུན། །དབེན་གནས་རི་ཁྲོད་དགོན་པ་རུ། །རིན་ཆེན་ཞལ་གྱི་གདམས་པ་རྣམས། །ཡེངས་མེད་བརྩོན་པས་ཉམས་སུ་བླངས། །མྱུར་དུ་འཁོར་བ་ལས་ཐར་འགྱུར། །གནས་སྐབས་ཉམས་ཀྱི་ཡོན་ཏན་ལ། ཆེད་འཛིན་མེད་པར་རང་གྲོལ་དུ། །སྒྱུ་མ་ལྟ་བུར་སྦྱང་པར་བྱ། །འདི་ཉིད་བསྒོམ་པའི་མཐར་ཐུག་ཡིན། །རྒྱལ་བས་མདོ་ལས་གསུངས་པ་ཡི། །བླ་མ་རྣམས་ཀྱིས་ལེགས་བཤད་པ། །གཅིག་ཏུ་དྲིལ་བའི་གདམས་པ་འདི། །མ་ཡེངས་ཉམས་སུ་བླང་བར་མཛོད། །སྦྲུལ་ལོ་ཟླ་བ་བཅུ་པ་ལ་ལྷ་སྟེང་ཞེས་བྱ་བའི་རི་ཁྲོད་དུ་རང་བྱུང་རྡོ་རྗེས་གསུངས་པའོ།། །།

གསང་སྔགས་རྡོ་རྗེ་ཐེག་པ་འདི་ཉིད་གཏན་ལ་འབེབས་པར་བྱེད་པ་ཞེས་བྱ་བའི་གླུ། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཁྱབ་བདག་དངོས་ཀུན་རང་བཞིན་ཅན། །མ་རྟོགས་འཁོར་བར་འཁོར་བྱེད་ཅིང་། །རྟོགས་པས་དེ་ཉིད་ལམ་བསྟེན་པའི། །ཀུན་བདག་ཁྱབ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལྔའི་རང་བཞིན་ཅན། །བྱེ་བྲག་ཕུང་པོ་ལྔ་ཡི་བདག རྡོ་རྗེ་རྣམ་གསུམ་བདག་ཉིད་ཀྱི། །འདི་ཉིད་དོན་ལ་རབ་བརྟག་པ། །ཡེ་ཤེས་རྡོ་རྗེ་སྟོན་འདིའོ། །གང་དུ་རྟ་བདུན་རྒྱལ་པོ་དང་། །རི་བོང་འཛིན་པའི་བདག་ཉིད་ཅན། །ཚ་དང་བསིལ་ཟེར་རབ་འཕྲོ་བའི། ཡོན་ཏན་སྡུག་བསྔལ་ཕ་རོལ་འགྲོ། །དབྱིབས་དང་ཁ་དོག་བྲལ་བའི་རླུང་། །བརྟན་དང་གཡོ་བའི་བདག་ཉིད་ཅན། །དབུ་མར་རབ་ཏུ་ཞུགས་པའི་ཐབས། །དེ་འདིར་ཐབས་རྣམས་གྲུབ་པར་བྱེད། །དེ་འདིར་རྩ་བའི་བདག་ཉིད་ཅན། །རྣམ་གསུམ་རྣམ་པ་ལྔ་རང་བཞིན། །སུམ་བཅུ་རྩ་གཉིས་རབ་དབྱེ་བས། །ཟླ་བ་ཉི་མའི་གསལ་བྱེད་དོ། །དེ་འདིར་མ་རྟོགས་སྟེང་འགྲོ་བའི། །དབང་པོའི་ལམ་ནས་འཇུག་བྱེད་པ། །ཡུལ་ལ་རབ་ཏུ་རྒྱུག་པའི་སེམས། །སྒྲ་གཅན་ཁར་ནི་གཞུག་པར་བྱ། །ཚངས་པའི་གནས་ནི་མཐར་ཐུག་དང་། །འོག་ཏུ་ཀླུ་དབང་འཁྱིལ་པའི་བར། །ཉི་ཟླ་སྐར་མའི་བདག་ཉིད་ཅན། །ཐམས་ཅད་དབང་དུ་འགྱུར་བྱེད་དོ། །བཅུ་དྲུག་ཕྱེད་ཕྱེད་རང་བཞིན་ཅན། །མི་འཕྲོགས་བདག་ཉིད་མ་ཡི་གཟུགས། །དཔྱིད་དང་ཐིག་ལེ་རབ་བཤད་པ། །འདི་ནི་ས་གསུམ་བདག་ཉིད་དོ། །རྒྱ་མཚོའི་གཏིང་དུ་རྣམ་གྲོལ་ཞིང་། །རི་བོའི་རྩེ་ནི་སྣང་བྱེད་པ། །གློག་དང་ཀུན་དྷའི་འོད་ལྟར་གསལ། །དེའི་རིན་ཆེན་གཏེར་འགྲུབ་བོ། །འདིས་ནི་ཡེ་ཤེས་ཕ་རོལ་འགྲོ། །འདིས་ནི་རྒྱུ་དང་མི་རྒྱུའི་བདག །མཆོག་དང་ཐུན་མོང་ལ་སོགས་ཀུན། །འདི་ལས་འབྱུང་གིས་གཞན་དུ་མིན། རྡོ་རྗེ་སློབ་དཔོན་མཆོག་གྱུར་པ། །ཏེ་ལོ་ཤེས་རབ་བཟང་པོའི་བཀའ་དྲིན་གྱིས། །རྟོགས་པ་རང་བྱུང་རྡོ་རྗེས་སྦྱར། །རྡོ་རྗེ་ཐེག་པར་འཇུག་འདོད་ཅིང་། །ཤེས་ཤིང་རྟོགས་པར་འདོད་པས་ཀྱང་། །འདི་ཉིད་དོན་ལ་འཇུག་པར་བྱ། །གཞན་དག་ཕྱི་རོལ་གྱུར་པ་ཡིན། །རང་བྱུང་རྡོ་རྗེ་ཡིས་སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི་ཉི་ཤུ་ལ་ལྷ་སྟེང་སུ་མཛད་པ་རྫོགས་སོ།། །།

རྗེ་འགྲོ་བའི་དཔལ་མགོན་རིན་པོ་ཆེ། །བདག་གཞན་དགོས་འདོད་འབྱུང་བའི་གནས། །བླ་མ་རྣམས་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འཛམ་གླིང་སྙིང་པོ་བོད་ཀྱི་ཡུལ། །རི་བོ་བྱང་ཕྱོགས་རྒྱུད་འདི་རུ། ཚུལ་བཞིན་ཉམས་སུ་ལེན་བྱེད་པ། །མི་ལ་མཆོག་ལ་གསོལ་བ་འདེབས། །དེའི་རྗེས་འཇུག་འདོད་པ་རྣམས། །བསྒྲུབ་བརྒྱུད་འཛིན་པའི་སྐྱེས་བུ་རྣམས། །ཐོག་མར་བླ་མ་དམ་པ་བསྟེན། བྱིན་བརླབས་ཡོན་ཏན་འབྱུང་བར་ངེས། །དལ་འབྱོར་རིན་ཆེན་ཐོབ་དུས་འདིར། །ཡང་དག་རྒྱལ་བའི་བསྟན་པ་ལ། །འཇུག་ཅིང་ཉམས་སུ་བླངས་པ་ན། །རང་བཞིན་དོན་གཉིས་འགྲུབ་པར་ངེས། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད། །ཟབ་དོན་རྒྱུད་ལས་གསུངས་པ་ལྟར། །མ་ནོར་རྩལ་སྦྱོངས་གནད་དུ་བསྣུན། །མྱུར་དུ་འཁོར་བ་ལས་ཐར་ངེས། །སྟོང་ཉིད་སྙིང་རྗེའི་ངོ་བོ་ཉིད། །དབྱེར་མེད་གཅིག་ཏུ་ཉམས་བླངས་ཤིང་། །མདོ་རྒྱུད་རྒྱུན་དུ་གོམས་བྱས་ན། །ཐེག་དམན་གྱི་གོལ་ས་ཆོད་པར་ངེས། །དེ་དག་མདོ་རྒྱུད་ཀྱི་དགོངས་པ་ཡིན། །ཕྱོགས་གཅིག་བསྡུས་ནས་བརྗོད་པ་ལགས། །འདིར་བཞུགས་ཀུན་གྱིས་ཉམས་སུ་ལོང་། །ནོར་འཁྲུལ་ཀུན་གྱི་བཟོད་པར་གསོལ། །དཔལ་ལྡན་རང་བྱུང་རྡོ་རྗེ་ཡིས། །དབེན་གནས་རི་ཁྲོད་ལྷ་སྟེང་དུ། །སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི། །ཉི་ཤུ་ལྔའི་དུས་སུ་ཡང་། །སྨིན་གྲོལ་རིགས་གཏད་གནང་དུས་གསུངས།། །།

༈ ན་མོ་གུ་རུ། །ཡོན་ཏན་ཀུན་འབྱུང་གཞིར་གྱུར་པ། །བླ་མ་རྣམས་ལ་གསོལ་བ་འདེབས། །བདག་སོགས་འགྲོ་དྲུག་སེམས་ཅན་རྣམས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་རྡོ་རྗེ་འཆང་། །ཏཻ་ལོ་ནཱ་རོ་མར་པ་དང་། །མི་ལ་དྭགས་པོ་དུས་གསུམ་མཁྱེན། །རིན་ཆེན་རྣམས་ལ་གསོལ་བ་འདེབས། །དེའི་རྗེས་སུ་འཇུག་བྱེད་པ། །རྣལ་འབྱོར་རང་བྱུང་རྡོ་རྗེ་ནི། །ཚུལ་བཞིན་སྦྱངས་པ་མ་བྱུང་ཡང་། །རྒྱལ་བའི་བྱིན་བརླབས་ཞུགས་པ་ཡིན། །ཟབ་མོའི་མདོ་རྒྱུད་ཀུན་གྱི་དོན། །ཕྱོགས་མེད་རང་གྲོལ་མཁྱེན་པ་རྒྱས། །ཉམས་སུ་ལེན་པའི་གནད་ཤེས་པས། །བསྒྲུབ་པ་དང་དུ་ལེན་པ་ཡིན། །དེང་སང་བསྟན་པའི་སྙིགས་མ་ལ། །དགེ་བཤེས་ཀུན་ཀྱང་གཡེང་བས་ཁྱེར། །ཆོས་མཛད་ཀུན་ཀྱང་ལེ་ལོར་གྱུར། །དེ་དུས་བརྩོན་འགྲུས་བྱ་རེ་རན། །དམ་ཆོས་བྱའོ་སྙམ་ལགས་ཀྱང་། །ལེ་ལོ་འཁྲུལ་པའི་བདུད་ཀྱིས་ཁྱེར། །ལོང་ཡོད་སྙོམ་ལས་མི་ཚེ་ཟད། །བརྟགས་ཤིང་བརྟགས་ཤིང་འཇིགས་པ་སྐྱེ། །འདི་ལྟར་སྙིགས་མའི་དུས་དག་ཏུ། །རྩེ་ཅིག་ཉམས་སུ་བླངས་བྱས་ན། །མ་ནོར་གདམས་པའི་རྩལ་སྦྱངས་ནས། །བླ་མའི་རྗེས་སུ་སློབ་པར་མཛོད། །ཆོས་ཚུལ་བཞིན་ཉམས་སུ་མ་བླངས་ན། བསོད་ནམས་ཆེ་ཡང་དགོས་པ་མེད། །བསོད་ནམས་བདུད་ཀྱི་གཡབ་མོ་ཡིན། །མཁས་རྣམས་དེ་ལྟར་མཁྱེན་པར་མཛོད། །ད་ལྟར་དལ་འབྱོར་ཐོབ་དུས་འདིར། །ཐར་པའི་ལམ་སྣ་མ་ཟིན་ན། །མི་ཚེ་སྟོང་ལོག་བྱེད་ཉན་ཡོད། །དེ་ཕྱིར་ཐམས་ཅད་བརྩོན་འགྲུས་བསྐྱེད། །བླ་མའི་གདམས་ངག་སེང་གེའི་ཞོ། འཆི་མེད་བདུད་རྩི་ཐོབ་དུས་འདིར། །གང་ཟག་སྐལ་བར་ལྡན་པ་རྣམས། །རྩེ་ཅིག་འབད་པས་ཉམས་སུ་ལོང་། །འདི་ལྟར་མགུར་དུ་བརྗོད་པ་འདི། །རྩེ་ཅིག་ཉམས་སུ་བླང་བའི་ཐབས། །ཅུང་ཟད་ངག་དུ་བརྗོད་པ་ལགས། །དེ་ལྟར་ཀུན་གྱིས་མཁྱེན་པར་མཛོད། །འདིའི་དགེ་བས་འགྲོ་བ་ཀུན། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །འགལ་དང་ནོར་འཁྲུལ་གྱུར་པ་རྣམས། །བླ་མ་རྣམས་ལ་བཟོད་པར་གསོལ། །རང་བྱུང་རྡོ་རྗེས་སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི་ཉི་ཤུ་དྲུག་ལ་ལྷ་སྟེང་དུ་གསུངས་པ་རྫོགས་སོ།། །།

༈ ན་མོ་གུ་རུ། ཐུགས་རྗེའི་དཀྱིལ་འཁོར་དཔག་མེད་ཅིང་། །སྙན་པའི་སྒྲ་དབྱངས་ཀུན་ཁྱབ་པས། །དོན་གཉིས་གྲུབ་པའི་མངོན་རྟོགས་ཅན། །བླ་མ་མཆོག་ལ་གསོལ་བ་འདེབས། །ཨེ་མ་འཁོར་བའི་སྣང་བ་འདི། །སྒྱུ་མ་མཁན་པོས་སྤྲུལ་པ་ལྟར། །བརྟགས་ཤིང་བརྟགས་ནས་སྙིང་པོ་མེད། །དེ་ལྟར་འཁོར་བའི་ཞེན་འཛིན་སྤོངས། །སྤྲོས་བྲལ་ཟབ་མོའི་དེ་ཉིད་སྟོན། །རྣམ་པར་རྟོགས་པས་རྟོགས་མི་འགྱུར། །མཐའ་ཡས་གཏིང་དཔག་དཀའ་བ་དེ། །མ་ནོར་ངེས་པར་གཏན་ལ་ཕོབ། །དེང་སང་སྙིགས་མའི་དུས་འདི་རུ། །རྒྱལ་སྲས་རྣམས་ཀྱང་མི་བཞུགས་ཤིང་། དམ་ཆོས་དམན་པ་གྱུར་པ་ན། །ལེ་ལོ་མ་བྱེད་བརྩོན་འགྲུས་བསྐྱེད། །མདོ་ལས་གསུངས་པའི་དབེན་གནས་ཀུན། །རྒྱལ་བས་ཤིན་ཏུ་བསྔགས་པའི་ཕྱིར། །ལུས་དང་སྲོག་ལ་ལྟོས་མེད་པ། །བརྩོན་འགྲུས་ཆེན་པོས་དང་དུ་བླངས། །འདི་ལྟར་ངག་ཏུ་བརྗོད་པ་འདི། །ལྷ་སྟེང་ཞེས་བྱའི་རི་ཁྲོད་དུ། །མང་པོ་འཚོགས་པའི་ཁྲོམ་བསེབ་དུ། །འབྲེལ་མེད་ཚིག་ཏུ་བརྗོད་པ་ཡིན། །ཤུབྷཱཾ།། སྦྲུལ་ལོ་ཟླ་བ་དྲུག་པའི་ཚེས་ཉི་ཤུ་དྲུག་གི་ཉིན་པར་མང་སྐོལ་གོང་ཏུ་ཆུ་གཏོར་བསྔོ་བའི་ཞོར་ལ་གསུངས་སོ།། །།

༈ ན་མོ་གུ་རུ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། ཚོགས་གཉིས་བསགས་པའི་དཔལ་འབར་བ། འགྲན་གྱི་དོ་མེད་སྤྱི་གཙུག་བརྒྱན། །བླ་མ་རྣམས་ལ་གསོལ་བ་འདེབས། །རྣལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་འདིར། །ཚུལ་བཞིན་རྒྱལ་བའི་བསྟན་པ་ལ། །འཇུག་པར་འདོད་པའི་སྐལ་ལྡན་ཀུན། །ཁོ་བོའི་ཚིག་འདི་གོ་བར་གྱིས། །ཐེག་ཆེན་ཡོན་ཏན་ཀུན་གྱི་གཞི། །མཚན་ཉིད་ལྡན་པའི་བླ་མ་ཡིན། །གུས་པས་རྒྱུན་དུ་བསྟེན་པར་བྱ། །དངོས་གྲུབ་ཀུན་གྱི་གཞི་མ་ལགས། །ཚོགས་གཉིས་བསགས་སྦྱངས་རབ་འབད་ནས། །སྒྲིབ་གཉིས་བག་ཆགས་བྱང་བྱས་ཏེ། །སྐུ་གསུམ་ཡོན་ཏན་ཐོབ་བྱེད་པ། །ལམ་དང་འབྲས་བུའི་མཐར་ཐུག་ཡིན། །དེ་ལྟར་རྒྱུན་དུ་སྦྱོང་བྱེད་པ། །གནས་སྐབས་འབད་པ་དཔག་མེད་པས། །མ་ནོར་གདམས་པ་ཉམས་བླངས་ན། །ཞེན་འཛིན་རྩ་བ་ཆོད་པར་ངེས། །འཁྲུལ་པ་རང་སར་དག་བྱེད་པ། །ཉམས་སུ་ལེན་ཚུལ་བརྗོད་པ་ཡིན། །དེ་ལྟར་ཉམས་སུ་ལེན་པར་མཛོད། །མཐར་ཐུག་བདེ་ཆེན་ཐོབ་པར་ཤོག །རིན་པོ་ཆེ་རང་བྱུང་རྡོ་རྗེ་ཡིས། །སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི་ཉི་ཤུ་དྲུག་ལ་སྦྱར་བ་རྫོགས་སོ། །ཤུབྷཾ།།

༈ ན་མོ་མཉྫྱུ་ཤྲི་ཡེ། ཆོས་རྣམས་སྒྱུ་མ་ལྟ་བུ་སྟེ། །མེད་བཞིན་སྣང་བའི་རང་བཞིན་ལ། མ་སྐྱེས་གཉུག་མའི་ངོ་བོ་རུ། །གོ་ཞིང་རྟོག་ན་མཁས་པ་ཡིན། དཔལ་ལྡན་བླ་མ་དམ་པ་ལ། །རྫོགས་སངས་རྒྱས་ཀྱི་རང་བཞིན་དུ། །རང་གི་སེམས་དང་དབྱེར་མེད་པར། །གོ་ཞིང་རྟོགས་ན་བྱིན་བརླབས་འབྱུང་། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད། །རྒྱུན་ཆད་མེད་པའི་རྟེན་འབྲེལ་ཏེ། །རྒྱུན་མི་འཆད་པར་བསྒོམ་གྱུར་ན། །མྱུར་དུ་བག་ཆགས་སྒྲིབ་པ་སྦྱོང་། །བདེ་གསལ་མི་རྟོག་ཉམས་ཀྱི་ཚོགས། །རང་བྱུང་ཆུའི་རི་མོ་བཞིན། །ཞེན་མེད་ལམ་དུ་གཏད་ལགས་ན། ངོ་བོའི་གནས་ལུགས་མཐོང་བར་ངེས། །ཤུབྷཱཾ།

༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་གདམས་པ་ཐོབ་ནས་ཀྱང་། །ཚུལ་བཞིན་བསྒྲུབ་པར་བྱེད་པ་ལ། །འདོད་པ་དང་གཟུང་འཛིན་མ་སྤངས་ན། ལོངས་སྤྱོད་བདུད་ཀྱི་ཁྱེར་བ་འདྲ། །དེས་ན་སྲེད་པའི་ཞགས་པ་ཆོད། །རང་སེམས་ཀྱི་རྟ་རྒོད་བརྩོན་དུ་བཟུང་། སྒོ་ལྔའི་ཤེས་པ་རིག་ཏུར་འདི། །དྲན་པ་མ་ཡེངས་པར་ཡར་ལ་སྐྱུར། །ཆོས་ཀུན་ངོ་བོ་སྟོང་པ་ལ། །གཉིས་སུ་རྟོག་པའི་ལྟ་བ་སྤོངས། །འཁོར་བའི་རྩ་བ་མ་རིག་པ། །རྟེན་ཅིང་འབྲེལ་འབྱུང་གི་ཐོ་བས་ཆོམ། །མ་རིག་ལྟ་བའི་ཟག་པ་གཉིས། །སྟོང་ཉིད་སྙིང་རྗེའི་གཡང་ལ་བསྐྱུར། །འདོད་དང་སྲེད་པའི་ཟག་པ་དེ། །ཐབས་ཀྱིས་སྒྱུ་མ་ལྟ་བུར་སྦྱོངས། །དུག་ལྔའི་རྣམ་རྟོག་རྐུན་བུ་འདི། །མ་འགགས་ངོ་བོ་ཉིད་ལ་ལྟོས། །སྟོང་ཞིང་གསལ་བའི་རང་སེམས་ལ། །ཡིད་དཔྱོད་ཀྱི་དྲི་མ་དངས་སུ་ཆུག །རྩ་བ་ཀུན་གཞིའི་རྣམ་ཤེས་ལ། །རྟོག་པའི་ཆོས་ཀྱིས་སླད་མི་བྱ། །ཨེ་མ་ཡ་མཚན་འདི་ལྟ་བུ། །ཆུ་དང་གསེར་དང་ནམ་མཁའ་དང་། །རླུང་དང་མེ་ཏོག་མི་གཙང་པ། །རི་དང་མེ་ཏོག་མེ་དང་ནི། །སྒྱུ་མ་སྨིན་ལམ་མེ་ལོང་དང་། །བྲག་ཆག་འཇའ་ཚོན་ཡིད་བཞིན་ནོར། །བཅོ་ལྔ་པོ་འདི་མཐོང་ལགས་སམ། །འདི་རྣམས་མཐོང་བར་བྱ་བའི་ཕྱིར། །དགེ་སློང་བུ་ཆུང་རོ་དང་གསུམ། །གཅིག་པུ་རྣམ་པར་ལྟ་བར་བྱ། །རང་བྱུང་རྡོ་རྗེའི་འཁྲུལ་གཏམ་ཡིན།

༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་གྱིས་བྱིན་གྱིས་བརློབས། །ད་ལྟར་སྣང་བ་དཀར་དམར་འདི། །སྣང་སྟོང་སྒྱུ་མའི་རང་བཞིན་ཅན། །འདི་ཉིད་ཕྱོགས་མེད་རྟོགས་བྱེད་པ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །ཡིན་ཕྱིར་དེ་ལ་འབད་པར་བྱ། །འཛིན་བྱེད་ཤེས་པ་རིག་ཏུར་འདི། །སྤྲོས་བྲལ་ལམ་དུ་འཆར་བྱེད་པ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན། ཡིན་ཕྱིར་མཐའ་ལ་གནས་མི་བྱ། །ད་ལྟར་མ་རིག་སྐྱེ་བོའི་དུས། །ཐབས་ཀྱི་ཡན་ལག་སྦྱོང་བྱེད་པ། །མ་ནོར་རྒྱུད་ཀྱི་སྙིང་པོ་ལྟར། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད། །རྒྱུན་ཆད་མེད་པར་བསྐོར་བ་གཅེས། །མ་ནོར་ཐར་པའི་ལམ་སྟོན་པ། །དགེ་བའི་བཤེས་དང་མི་འབྲལ་བྱ། དད་པའི་ས་བོན་རབ་དངས་པས། །རྒྱུན་ཆད་མེད་པར་གསོལ་བ་གདབ། །དེ་ལྟར་བསྒྲུབ་པའི་སྤྱོད་པ་ནི། །བས་མཐའ་དགོན་པར་རི་དྭགས་བཞིན། །འཁོར་བར་སྐྲག་བཅས་དང་པོ་ཡིན། །ཡ་ང་མེད་པ་སེང་གེ་ལྟར། འཁོར་བ་སྐྲག་བཅས་གཉིས་པ་ཡིན། །བུ་གཅིག་པ་ཡི་མ་བཞིན་དུ། །གནས་པའི་རྒྱལ་སྲས་སྤྱོད་པ་བཟང་། །འདི་འདྲའི་ཚུལ་ལ་སྦྱོང་བྱེད་ན། །གནས་ནི་བས་མཐའ་དགོན་པའང་། ནགས་འདབ་ཤིང་དྲུང་བརྟེན་པར་བྱ། གོས་ནི་ཕྱག་དར་ཁྲོད་བོར་བའི། །དབུགས་བྲལ་རྗེས་སུ་མཐུན་པར་བྱ། །ཟས་ནི་སྣ་ཚོགས་བྱ་བཞིན་དུ། །ཞེན་མེད་པ་ཡི་ཚུལ་དུ་བྱས། །འདི་ལྟར་ཉམས་སུ་བླངས་བྱས་ན། །མི་རྟག་འཁོར་བའི་རང་བཞིན་འདི། །སྡུག་བསྔལ་རྣམས་ལ་སྤོང་བ་དང་། །རྒྱལ་བའི་སྲས་སུ་འགྱུར་བ་སྙམ། །ཞེས་བྱ་བ་འདི་ཉམས་ལ་ཤར་ནས་རང་བྱུང་རྡོ་རྗེ་བདག་གིས་བྲིས། །ཤུབྷཱཾ།།

༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྔོན་སྦྱངས་ལས་འཕྲོ་ལྡན་པ་ཡི། །སྐྱེས་བུ་བསྒྲུབ་ལ་གཞོལ་བ་རྣམས། ཉམས་ལེན་གནད་འདི་ཡིན་པ་སྙམ། །དམིགས་བཅས་འབད་པ་དུ་མ་རྣམས། །དམིགས་མེད་འོད་གསལ་རྟོགས་པའི་ཐབས། །ལས་དང་པོའི་གང་ཟག་ལ། གནས་ཆ་ཡོད་ཀྱང་གསལ་ཆ་མེད། །དེ་ཕྱིར་སྒོ་ལྔའི་ཤེས་པ་འདི། །མ་དག་ངོ་བོ་ཉིད་ལ་ལྟོས། །ལས་དང་པོའི་གང་ཟག་ལ། །གསལ་ཆ་ཡོད་ཀྱང་བདེ་ཆ་མེད། །དེས་ན་ཡུལ་སེམས་སྣང་བ་འདི། བདེ་བའི་རོལ་པར་ཁྱེར་ཅིག་ཨང་། །ལས་དང་པོའི་གང་ཟག་ལ། །བདེ་ཆ་ཡོད་ཀྱང་སྟོང་ཆ་མེད། །དེས་ན་དགའ་བཞིའི་ངོ་བོ་དེ། །སྐྱེ་མེད་སྟོང་པར་རྒྱ་ཡིས་ཐོབ། །གསུམ་ཀ་ཡོད་པའི་རྣལ་འབྱོར་ཀྱང་། །དྲན་པའི་ཐག་པས་མ་བཟུང་ནས། །རྒྱུ་མཐུན་གྱི་བག་ཆགས་མི་མཛད་པས། །ཡེངས་བ་མེད་པར་དྲན་པས་བཟུང་། །ཐམས་ཅད་འབྲལ་མེད་ཡོངས་ལགས་ཀྱང་། །བསམ་གཏན་རྩལ་སྦྱོང་མི་བྱེད་ན། །མངོན་ཤེས་རྫུ་འཕྲུལ་མི་འཆར་བས། །ལྟ་སྟངས་ཀྱི་བྱེ་བྲག་འབད་ལ་སྦྱོངས། །མངོན་ཤེས་རྫུ་འཕྲུལ་ཐོབ་ལགས་ཀྱང་། །ཐབས་མཁས་སྙིང་རྗེ་མ་སྦྱངས་ནས། །གཞན་གྱི་འཕྲིན་ལས་མི་འབྱུང་པས། །བསྡུ་དངོས་རྣམ་བཞི་ཕུལ་དུ་བྱུང་། །དེ་ལྟར་འབད་ནས་མཐར་ཐུག་ཏུ། །རྒྱལ་སྲས་ཀུན་གྱིས་རབ་རྟོགས་པ། །འཁོར་བ་མྱ་ངན་འདས་པ་རྣམས། །བརྟེན་ཅིང་འབྲེལ་པར་འབྱུང་ཆོས་ཅན། །དེ་ལ་དེར་འཛིན་རབ་དག་པ། །རྟོགས་པ་འདི་ནི་སྟོང་ཞིང་བཟོད། ཀུན་ལ་རྒྱ་ཡིས་བཏབ་པ་ནི། །ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་འདྲའི་དོན་དེ་རབ་རྟོགས་ནས། །དུས་མཐར་གཞན་དོན་བསྒྲུབ་པར་བྱ། །བཟོད་པ་བསྟན་ལ་འབེབས་པའི་གླུ། །རང་བྱུང་རྡོ་རྗེས་ཡིག་གེར་བཀོད།། །།

༈ ན་མོ་གུ་རུ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རང་གིས་ཉམས་སུ་མ་མྱོང་ན། །གཞན་གྱིས་བརྗོད་པ་ཐ་སྙད་ཡིན། །བླ་མའི་བྱིན་བརླབས་མ་ཞུགས་ན། །ཚིག་ལ་མཁས་ཀྱང་ཟིན་མེད་ཡིན། །དད་པ་གཏིང་ནས་མ་སྐྱེས་ན། །ཁ་སྤྱང་ཆེ་ཡང་སྡུག་སྐད་ཡིན། །སྲེད་པ་རྩད་ནས་མ་ཆོད་ནས། །བྱ་བྲལ་བྱས་ཀྱང་གཟུགས་བརྙན་ཡིན། །སྙིང་རྗེ་གཏིང་ནས་མ་སྐྱེས་ན། །གཞན་དོན་བྱེད་པ་ཟོག་པོ་ཡིན། །འདུ་བྱེད་རྩ་བ་མ་ཆོད་ན། །རྐྱེན་རྟོག་ཆོམ་ཡང་ལོ་མ་ཡིན། །སྣང་བ་སྒྱུ་མར་མ་རྟོག་ན། །ཚོར་བ་བཀག་ཀྱང་གཏི་མུག་ཡིན། །སྤྲོས་བྲལ་རྒྱུད་ལ་མ་ཁེལ་ན། །ལྟ་བ་ཟེར་ཡང་ཁ་ལྟ་ཡིན། །ཅིར་སྣང་ཐད་ཀར་མ་གྲོལ་ན། །བསྒོམ་པ་བཟང་ཡང་འཁོར་བའི་ལམ། །གང་བྱས་དོན་དུ་མ་འགྱུར་ན། །སྤྱོད་པའི་འཇིག་རྟེན་ལས་མ་འདས། །ཟག་པ་བྲལ་བར་མ་གྱུར་ན། །འབྲས་བུ་ཟེར་ན་ཡིད་སྨོན་ཡིན། །སྣང་བ་དཔེ་རུ་མ་ཤེས་ན། །དཔེ་ཆ་མང་ཡང་དུམ་བུ་ཡིན། །ཆོས་དོན་རྒྱུད་ལ་མེད་པ་ན། །བཤད་ལུང་མང་ཡང་འཇོག་རྒྱུ་ཡིན། །དབང་བསྐུར་སེམས་ལ་མ་ཐོབ་ན། །བཀའ་ལུང་མ་ཡང་བུམ་སྟོང་ཡིན། །བསྐྱེད་རྫོགས་བརྟན་པ་མ་ཐོབ་ན། །སློབ་མ་བསྡུ་བ་གཟུགས་བརྙན་ཡིན། །དབང་ཐོབ་དམ་ཚིག་མི་བསྲུང་ན། །དམྱལ་བར་འཁྲིད་པའི་སྣ་ཐག་ཡིན། །ཐོས་པ་ཉམས་སུ་མ་བླངས་ན། །སངས་རྒྱས་བཀའ་དང་འགལ་བ་ན། །རྡོ་རྗེ་དམྱལ་བའི་ས་བོན་ཡིན། །ཉམས་སུ་བླངས་ནས་ཞེན་གྱུར་ན། །ལྟ་ངན་ནང་དུ་ཞེན་པ་ཡིན། །འཛིན་པ་གང་གིས་བཅིངས་གྱུར་ཀྱང་། །བདུད་ཀྱིས་ཞགས་པས་བཅིངས་པ་ཡིན། །དེས་ན་རང་བྱུང་རྡོ་རྗེ་ལ། །རང་གིས་བསྐུལ་ཕྱིར་བྲིས་པ་ཡིན། །མི་མཐུན་ཕྱོགས་རྣམས་རབ་སྤངས་ནས། །མཐུན་པའི་དོན་དེ་བསྒྲུབ་པ་ཡིན། །མཐུན་དང་མི་མཐུན་གཉིས་ཀ་ཡང་། །ཞེན་པ་མེད་པར་སྦྱོང་བ་ཡིན། །རྟའི་ལོ་ལ་ལྷ་སྟེང་དུ། །རྟོགས་པའི་དུམ་བུ་བྲིས་པ་ཡིན། །ཤུབྷཾ།།

༈ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཆོག་གི་སྤྲུལ་པ་རིན་པོ་ཆེ། །དུས་གསུམ་སངས་རྒྱས་མི་གཟུགས་ཅན། །གྲུབ་ཐོབ་རྣམས་ཀྱི་བྱིན་གྱིས་བརློབས། །དལ་འབྱོར་མི་ལུས་ཐོབ་དུས་འདིར། །རྒྱལ་བའི་བསྟན་པ་རྙེད་ཟེར་ཞིང་། ཐེག་ཆེན་ཆོས་དང་འཇལ་བར་བཀའ། །མྱུར་དུ་བརྩོན་འགྲུས་བསྐྱེད་ན་ལེགས། །མྱུར་དུ་བརྩོན་པ་བསྐྱེད་ནས་ཀྱང་། །མདོ་རྒྱུད་ཀྱི་དགོངས་པ་དཔག་མེད་ལ། །ཐེ་ཚོམ་བྲལ་བར་བརྗོད་བྱ་ཞིང་། བས་མཐའ་རི་ཁྲོད་དགོན་པ་ན། །ཚུལ་བཞིན་བསྒྲུབ་པ་དང་དུ་བླང་། །དེ་ལྟར་བླ་མ་རྣམས་ཀྱི་གསུངས། །གལ་ཏེ་བརྩོན་འགྲུས་མ་བསྐྱེད་ན། །ཚེ་མི་རྟག་རྩ་ཁའི་ཟིལ་པ་འདྲ། མྱུར་དུ་གཡོ་ཞིང་འགྲོ་བའི་ཕྱིར། །ཡེངས་མེད་བརྩོན་འགྲུས་བགྱིད་ཀྱང་འཚལ། །འདི་ལྟར་བརྩོན་པས་ཉམས་བླངས་ན། །རང་གཞན་འབྲས་བུ་ཐོབ་པའི་ཕྱིར། །ཡེངས་བ་མེད་པར་བསྒྲུབ་པར་བྱ། །རྟ་ལོ་ཟླ་བ་བཅུ་ཅིག་པའི་ཉི་ཤུ་ལ་ལྷ་སྟེངས་ཀྱི་རི་ཁྲོད་དུ་རང་བྱུང་རྡོ་རྗེས་ཡི་གེར་བཀོད་པའོ།། །

ན་མོ་གུ་རུ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕྱི་རོལ་སྣང་བ་སྣ་ཚོགས་འདི། །ཆོས་ཀུན་མཚོན་པའི་བརྡ་རུ་གོ །ཐེག་པ་ཆེན་པོའི་ས་གཞི་ལ། ཕ་རོལ་ཕྱིན་པའི་སྡོང་པོ་སྐྱེས། །ཤར་ཕྱོགས་སྦྱིན་པའི་སྡོང་པོ་དེ། །ཆགས་པ་མེད་པའི་གཞི་ལ་སྐྱེས། །ལྷོ་ཕྱོགས་ཚུལ་ཁྲིམས་སྡོང་པོ་དེ། །ཉེས་སྐྱོན་མེད་པའི་གཞི་ལ་སྐྱེས། །ནུབ་ཕྱོགས་བཟོད་པའི་སྡོང་པོ་དེ། །ཁོང་ཁྲོ་མེད་པའི་རྩ་བ་ཅན། །བྱང་ཕྱོགས་བརྩོན་གྲུས་ཀྱི་སྡོང་པོ་དེ། །ལེ་ལོ་མེད་པའི་གཞི་ལ་སྐྱེས། །མཚམས་བཞི་བསམ་གཏན་གྱི་སྡོང་པོ་དེ། །གཡེང་བ་མེད་པའི་རྩ་བ་ཅན། །དབུས་ཤེས་རབ་རྣམ་དག་གི་སྡོང་པོ་འདི། །འཆལ་པ་མེད་པའི་གཞི་ལ་སྐྱེས། །གྲོགས་བྱང་ཆུབ་སེམས་ཀྱི་སྡོང་པོ་འདི། སྙིང་རྗེ་ཆེན་པོའི་རྩ་བ་ཅན། །དེ་ལྟར་ཐབས་ཀྱི་སྡོང་པོ་བདུན། །རྟེན་ཅིང་འབྲེལ་འབྱུང་གི་ཡན་ལག་ཅན། །ལོངས་སྤྱོད་ཆེན་པོའི་ལོ་འདབ་སྟེ། །སྦྱིན་པའི་སྡོང་པོ་ལས་སྐྱེས་པ་ལགས། །བདེ་འགྲོ་ཐོབ་པའི་ལོ་འདབ་དེ། །ཚུལ་ཁྲིམས་ཀྱི་སྡོང་པོ་ལས་སྐྱེས་པ་ལགས། །མཚན་དང་དཔེ་བྱད་ལོ་འདབ་དེ། །བཟོད་པའི་སྡོང་པོ་ལས་སྐྱེས་པ་ལགས། །ཐོགས་མེད་གྲུབ་པའི་ལོ་འདབ་དེ། །བརྩོན་འགྲུབ་ཀྱི་སྡོང་པོ་ལས་སྐྱེས་པ་ལགས། །གཡེང་བ་སྤངས་པའི་ལོ་འདབ་དེ། །བསམ་གཏན་གྱི་སྡོང་པོ་ལས་སྐྱེས་པ་ལགས། །ཐར་པ་ཐོབ་པའི་ལོ་འདབ་དེ། །ཤེས་རབ་ཀྱི་སྡོང་པོ་ལས་སྐྱེས་པ་ལགས། གཞན་དོན་བསྒྲུབ་པའི་ལོ་འདབ་དེ། །སྙིང་རྗེའི་སྡོང་པོ་ལས་སྐྱེས་པ་ལགས། །དེ་ལྟར་ཕུན་སུམ་ཚོགས་པ་ལས། །ས་ལམ་རྫོགས་པའི་མེ་ཏོག་ཅན། །རྩལ་སྦྱངས་འབད་པའི་རྐྱེན་གྱིས་ནི། དོན་གཉིས་གྲུབ་པའི་འབྲས་བུ་སྨིན། །དེ་ལྟར་མདོ་ལ་གསུངས་པ་ཅན། །ལྗོན་པའི་དཔེ་དང་སྦྱར་བ་འདི། །སྤྲང་པོ་རྣལ་འབྱོར་རྡོ་རྗེ་ཡིས། །སྤངས་ཀྲའི་གནས་སུ་བླངས་པ་ལགས།

༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱི་བརླབ་པར་མཛད་དུ་གསོལ། །འཛམ་གླིང་བྱང་ཕྱོགས་བོད་ཀྱི་ཡུལ། །རི་བོ་གངས་ཅན་ཤར་གྱི་ཕྱོགས། །ས་ཁོལ་དུ་བྱུང་བའི་སྐང་ཆུང་དུ། །ཁྱད་པར་ཀོལ་ཏིའི་གཙུག་ལག་འདིར། །རྣལ་འབྱོར་རང་བྱུང་རྡོ་རྗེའི་ཡིས། །གཞན་ཡི་རྒྱུད་ཚོད་མི་ཤེས་ཀྱང་། །དུས་ངན་བསྟན་པའི་མར་འགྲིབ་ཀྱི། །བྱེད་པ་ཅུང་ཟད་འདི་ལྟར་མཐོང་། །ཆེན་པོར་འདོད་པའི་དགེ་བཤེས་རྣམས། །བག་མེད་ལེ་ལོའི་དབང་དུ་གྱུར། །ཁེ་དང་གྲགས་པའི་འདབ་དུ་བྱིང་། །ཤ་དང་ཆང་གི་རོ་ལ་ཆགས། །བསྟན་ལ་གནོད་པར་མི་འགྱུར་རམ། །རྒྱལ་བའི་བསྟན་ལ་ཞུགས་པ་ཡི། །རབ་ཏུ་བྱུང་བར་འདོད་པ་རྣམས། །ཚུལ་ཆོས་ངོས་ལྐོག་བྱེད་པ་མཐོང་། །ངན་སོང་གི་ས་བོན་མ་བྱས་སམ། །བསྒོམ་པར་འདོད་པའི་བསྒོམ་ཆེན་རྣམས། །ཉིན་པར་ཟང་ཟིང་གི་གཡེང་བས་ཁྱེར། །མཚན་མོ་གཏི་མུག་གི་གཉིད་དུ་སོང་། །ནང་ནུབ་འདོད་ཡོན་ཟས་ཕྱིར་འབྲེངས། །དེ་ལྟར་གཡེངས་བར་གྱུར་པ་ཡིས། རང་རྒྱུད་གྲོལ་བར་ཅང་འགྱུར་རམ། །ནུས་པར་བརློབ་པའི་སྔགས་པ་རྣམས། །ཐོ་ཅོ་སྙིང་ཁམས་ལ་བརྟེན་ཅིང་། གཞན་ལ་གནོད་པར་བྱེད་པ་རྣམས། །རང་རྒྱུད་བསྲེག་པར་མི་འགྱུར་རམ། །ཁེ་གྲགས་འདོད་པའི་ཡོན་བདག་རྣམས། །དད་པའི་དད་པ་མི་བསྐྱེད་པར། །མི་དགེའི་སྤྱོད་པ་བསྒྲུབ་པ་རྣམས། །ངན་སོང་གསུམ་དུ་མི་ལྟུང་ངམ། །དེ་ལྟར་ངག་ཏུ་བརྗོད་པ་འདི། །སྐྱེ་བའི་ཡིད་ཀྱིས་རབ་བསྐུལ་ནས། །གཞན་དག་ཉན་པར་མི་འགྱུར་ཡང་། ནམ་མཁའ་སྟོང་པ་ཁྱོད་ལ་སྨྲས། །ད་ནི་རྣམ་པ་ཐམས་ཅད་དུ། །ཟང་ཟིང་གཡེང་བ་མི་བསྐྱེད་ཅིང་། བླ་མ་དམ་པའི་གདམས་པ་ལྟར། །རྩེ་ཅིག་ཉམས་སུ་བླང་བར་བྱང་། །མགུར་འདི་རང་བྱུང་རྡོ་རྗེས་ངོ་ཁྲོའི་ནང་འཁྲུག་བསྡུམས་པའི་དུས་སུ། །ཀོལ་ཏིའི་གཙུག་ལག་ཁང་དུ་ལུག་ལོ་ཟླ་བ་བཅུ་གཉིས་པའི་ཉི་ཤུ་བརྒྱད་ལ་ཡི་གེར་བཀོད་པའོ། །ཤུབྷཾ།།

༈ །རྗེ་དུས་གསུམ་སངས་རྒྱས་བླ་མ་རྗེ། །འགྲོ་བའི་དཔལ་མགོན་རིན་པོ་ཆེ། །འགྲན་གྱི་དོ་མེད་གཙུག་གི་རྒྱན། །ཕ་བླ་མ་རྣམས་ལ་གསོལ་བ་འདེབས། །འདི་ལ་འདིར་བཞུགས་གསན་པར་ཞུ། །སྔོན་ཚེ་རྒྱལ་བས་གསུངས་པ་ཡི། །མདོ་རྒྱུད་ལུང་དང་བསྟན་ཆོས་ཀྱི། །དགོངས་པ་བསམ་གྱིས་མི་ཁྱབ་པ། །གདུལ་བྱ་རྣམས་ཀྱི་དོན་དུ་གསུངས། །དེའི་རྗེས་འཇུག་སྐྱེས་བུ་ལ། །གསལ་བར་སྟོན་མཛད་བཀའ་བརྒྱུད་རྣམས། །རིན་ཆེན་འོད་ཀྱི་དྲ་བ་ཅན། །ཕྲེང་བ་རྒྱུས་པ་ལྟ་བུར་སྣང་། །དེའི་རྗེས་འཇུག་རྣལ་འབྱོར་པ། །དཔལ་བརཏལ་ཞུགས་སྤྱོད་པའི་དགོངས་པ་ལྟར། །ཚུལ་བཞིན་རྟོགས་པའི་རྣལ་འབྱོར་པ། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིན། །ཕྱོགས་མེད་མཁྱེན་པའི་བློ་གྲོས་འདིས། །ཀུན་ཤེས་ཀུན་རིག་མངོན་དུ་གྱུར། །ཕྱི་ནང་གོལ་གྲིབ་སེམས་ལ་ཆོད། །མཁས་པ་མིན་ཀྱང་བཟོད་པ་ཙམ། །ཕྱོགས་མེད་རྒྱལ་ཁམས་མ་འགྲིམས་ཀྱང་། ཐམས་ཅད་བསམ་གཏན་ཅིག་ཏུ་ཤར། །གཡེང་བ་མི་སྤོང་གྲོགས་སུ་ཆོད། །བསྒོམ་ཆེན་མིན་ཡང་བཟོད་པ་ཙམ། །ཕྱི་ནང་གཞན་གསུམ་དེ་བཞིན་ཉིད། །མཁའ་ལ་འཛའ་ཚོན་སྣང་བ་བཞིན། །གསལ་སྟོང་སྣང་བ་ལམ་མེ་ཙམ། །སྔགས་པ་མིན་ཀྱང་བཟོད་པ་ཙམ། གཅིག་ཤེས་ཀུན་གྲོལ་ཤེས་པ་འདི། །རྣམ་པ་ཀུན་མཁྱེན་རྟོགས་པ་ལྟར། །གསལ་འགྲིབ་མེད་པར་རྒྱུན་དུ་གནས། །མངོན་ཤེས་མེད་ཀྱང་བཟོད་པ་ཙམ། །ཕྱོགས་མེད་རི་ཁྲོད་མ་འགྲིམས་ཏེ། །རང་ལུས་དགོན་པ་དབེན་པར་རྟོགས། །གང་སྣང་ཚོགས་དྲུག་རྟོགས་པར་ཤར། །གཅིག་ཏུ་སྡད་ཀྱང་བཟོད་པ་ཙམ། །རང་སེམས་སྐྱེ་མེད་མཉམ་པ་ཉིད། །གཡོ་མེད་ནམ་མཁའི་དཀྱིལ་དུ་ཚུད། །རྣམ་རྟོག་རོལ་པ་སྒྱུ་མར་རྟོགས། །ཕྱོགས་མེད་ཕྱིན་ཡང་བཟོད་པ་ཙམ། །ཐ་མལ་ཤེས་པ་གཉུག་མ་འདི། །རྣམ་རྟོག་སྐྱོན་གྱིས་གོས་པ་མེད། །འཛིན་མེད་ཆོས་སྐུའི་ངོ་བོར་སྣང་། །ཀུན་རྫོབ་ཞེན་ཡང་མི་འཆིང་ཙམ། །སེམས་བྱུང་རྣམ་རྟོག་སྣ་ཚོགས་འདི། །སངས་རྒྱས་རྣམས་ཀྱི་ཞིང་དུ་ཤར། །དག་སྣང་གཞན་དུ་མི་འཚོལ་བས། །ཐམས་ཅད་མངོན་དགར་འགྱུར་རམ་སྙམ། །བྱུང་ཚོར་རྟོགས་པ་ཐམས་ཅད་ཀྱང་། །མཁའ་ལ་བྱའི་རྗེས་བཞིན་དུ། །དམིགས་སུ་མེད་པས་བདེ་བ་ཆེ། །བདེ་བ་ཅན་དང་ཐ་དད་མེད། །འདི་ལྟར་ངག་ཏུ་བརྗོད་པ་འདི། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ཡིས། །རྣམ་རྟོག་ཕྲེང་བ་ངག་ཏུ་བརྗོད། །ཅུང་ཟད་ཐལ་ན་བཟོད་པར་གསོལ། །ཅེས་པའི་མགུར་འདི་རང་བྱུང་རྡོ་རྗེས་མཚུར་ཕུའི་རི་ཁྲོད་ཕུག་མོ་ཆེར་ཁྱི་ལོ་ཟླ་བ་ལྔ་པའི་ཚེས་གསུམ་གྱི་མཆོད་པའི་དུས་སུ་བཀོད་པའོ། །ཤུབྷཾ།།

༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྣམས་ཀྱིས་བྱིན་གྱིས་བརློབས། ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། གནས་པའི་འགྲོ་རྣམས་ཐུགས་རྗེས་བཟུང་། །དུས་ངན་བསྟན་པའི་སྙིགས་དུས་སུ། །རྒྱལ་བ་བསྟན་པ་མར་འགྲིབ་ཚེ། །ཆོས་ཚུལ་བཞིན་བྱེད་པ་བརྒྱ་ལ་འགའ། །ཕལ་ཆེར་བདུད་ཀྱི་དབང་དུ་གྱུར། །རྒྱལ་བའི་མདོ་ལས་གསུངས་པ་ལྟར། །བསྟན་པའི་རྗེས་སུ་ཞུགས་རྣམས་ཀྱང་། །ཕལ་ཆེར་ཟང་ཟིང་རྗེས་སུ་འབྲངས། །རི་ཁྲོད་དགོན་པར་སྡོད་པ་ཉུང་། །བླ་མ་རྣམས་ཀྱིས་མཛད་པ་ལྟར། །ཚུལ་བཞིན་བསྒྲུབ་པའི་གང་ཟག་མེད། གཞན་དོན་དགོངས་པ་མཛད་རྣམས་ཀྱང་། །མི་བཞུགས་ཡོངས་སུ་མྱ་ངན་འདས། །དེ་ལྟར་གྱུར་པའི་དུས་འདི་རུ། །འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། །མྱུར་དུ་ཐར་བར་འདོད་པ་རྣམས། །བླ་མ་རྣམས་ཀྱི་བཀའ་བཞིན་བསྒྲུབས། །རྒྱལ་བའི་གསུངས་ལ་ནན་ཏན་བསྐྱེད། །དབེན་གནས་རི་ཁྲོད་དགོན་པ་བརྟེན། །འཇིག་རྟེན་ཟང་ཟིང་འཁྲི་བ་ཆོད། །མ་ནོར་གདམས་པ་ཉམས་སུ་ལོང་། །ཆོས་ཀུན་སྒྱུ་མ་ལྟ་བུར་བསྒོམས། །བདག་མེད་སྤྲོས་བྲལ་རྒྱ་ཡིས་ཐོབ། །དེ་ལྟར་ཉམས་སུ་བླངས་བྱས་ནས། །བླ་མེད་བྱང་ཆུབ་རིང་པོར་མིན། །དེ་ལྟར་ངག་ཏུ་བརྗོད་པ་འདི། །དབེན་གནས་ཇོ་མོའི་གངས་འགུལ་དུ། །ཉམས་ལ་ཤར་ནས་བླངས་པ་ཡིན། །ཕག་ལོ་ཟླ་བ་དགུ་པའི་ཚེས་གསུམ་ལ་ཡི་གེར་བཀོད།། །།

༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱི་རླབས་པར་མཛད་དུ་གསོལ། །ཕྱིའི་ཡུལ་ལ་ཕར་བལྟས་པས། །རྨི་ལམ་ཤེས་པ་ཏུར་གྱིས་དྲན། །ནང་འཛིན་པ་སེམས་ལ་ཚུར་ལྟས་པས། །རང་གིས་རང་གསལ་ཏུར་གྱིས་དྲན། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད། །དེ་དོན་རྟོགས་པར་བྱ་བའི་ཕྱིར། །བླ་མ་རྣམས་ཀྱི་མཛད་པ་ལྟར། །རྩེ་ཅིག་ཉམས་སུ་བླང་བར་བྱ། །དེ་ལྟར་ཉམས་སུ་ལེན་པ་ལ། །སེམས་བྱུང་རྣམ་པར་རྟོག་པ་འདི། །འདུ་འཛིའི་རྗེས་སུ་འབྲེངས་པ་འཕངས། །དབེན་གནས་རི་ཁྲོད་དགོན་པ་དེར། །དང་པོ་ཉམས་སུ་བླང་བླངས་ནས། །བར་བར་སྟོང་པར་བཞག་པས་ཕངས། །དེས་ནས་ཚུལ་བཞིན་ཉམས་སུ་ལོང་། ཕག་ལོ་ཟླ་བ་བརྒྱད་པ་ལ། །གངས་དཀར་ཀྱི་མགུལ་མར་མེ་ཕུག་པར་རང་བྱུང་རྡོ་རྗེས་སྦྱར།། །།

༈ རྗེ་བླ་མ་དམ་པ་ཆོས་ཀྱི་སྐུ། །ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད། །བདེ་ཆེན་རྒྱལ་བ་ཀུན་གྱི་ཐུགས། །སྤྲོས་དང་བྲལ་ལ་ཕྱག་འཚལ་ལོ། །སྣ་ཚོགས་སྒྱུ་མའི་རོལ་པ་འདི། །མངོན་དུ་རྟོགས་པར་བྱིན་གྱིས་བརློབས། །ཨེ་མ་ངོ་མཚར་སྙིང་པོའི་དོན། །གཉིས་མེད་རྟོགས་པའི་རྡོ་རྗེ་ཡིས། །ཕྱོགས་བཅུར་བཞུགས་པའི་ཆོས་མཛད་ལ། །རྣམ་རྟོག་ཕྲེང་བའི་འཕྲིན་གཅིག་ཞུ། །མ་ཡེངས་ལེགས་པར་དགོངས་མཛོད་ལ། །ཉན་ཤེས་ལྡན་པའི་སྙན་དུ་སྐྱོལ། །བདག་ཐོག་མ་མེད་པའི་བག་ཆགས་ལ། །མངོན་ཞེན་འཁྲི་བ་བཏང་ལགས་པས། །ད་ལྟ་དངོས་འཛིན་འཆིང་བ་ཞིག །གཞི་ཤེས་ཀྱི་ང་རྒྱལ་བདག་ལ་མེད། འདི་གོ་བ་ཅན་གྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། བདག་མ་རིག་ཁང་པ་རབ་སྤངས་ཤིང་། །འདོད་སྲེད་ནོར་རྫས་རྒྱང་དུ་འཕངས། །སྲེད་པའི་ཁྱིམ་ནས་ཐོན་ལགས་པས། །ད་ལྟ་བདེ་ཆེན་གནས་སུ་སློབ། འདི་ཞེན་འཛིན་ཅན་གྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །བདག་སྦྱིན་པ་ཕྱོགས་མེད་བཏང་ཡང་། བདེ་སྡུག་ཡུལ་ལ་མངོན་ཞེན་སྤངས། །ཆོས་ཀྱི་ལོངས་སྤྱོད་རྩོལ་མེད་འདུས། །བྱང་ཆུབ་སེམས་ཀྱི་འཕྲིན་ལས་འདི། །མི་ནོར་འདོད་རྣམས་ཀྱི་སྙན་དུ་སྐྱོལ། རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །རྒྱལ་བའི་བཀའ་བཞིན་བསྒྲུབ་ལགས་པས། །རང་འདོད་བསྒྲུབ་པའི་བསམ་པ་སྟོར། །བསམ་པ་ཉེས་པའི་དྲི་མ་དག །ཚུལ་ཁྲིམས་མཐར་ཐུག་ཡིན་པར་ངེས། །འདི་བཙུན་པ་རྣམས་ཀྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །གཞན་གྱི་བརྙས་པ་མ་བྱུང་ཡང་། །ཞི་བདེའི་འདོད་པ་རིང་དུ་བྱས། །གཞན་དོན་སྒྱུ་མའི་རོལ་པར་སྤྱོད། །འདི་བཟོད་པ་མཆོག་ཏུ་གྱུར་བར་གོ །འདི་གཟུགས་བརྙན་རྣམས་ཀྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །བདག་ཙབ་ཙུབ་སྡུག་གཟེར་མ་བྱས་ཀྱང་། །སྤྱོད་ལམ་རྣམ་བཞིའི་རོལ་པ་རྣམས། །ཐར་པའི་གྲོགས་སུ་ཆོད་པར་ངེས། །ལེ་ལོའི་དྲི་མ་དག་པར་གོ །འདི་བརྩོན་འགྲུས་ཅན་གྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །བདག་བགྲོད་དཀའི་རི་སུལ་མ་འགྲིམས་ཀྱང་། །བདེ་གསལ་མི་རྟོག་སྟོང་པའི་གཟུགས། །མངོན་སུམ་རྟོག་བྲལ་ངང་དུ་འདྲེས། འདི་སྲིད་རྩེ་གཅོད་པའི་བསམ་གཏན་ཡིན། །འདི་བསྒོམ་ཆེན་རྣམས་ཀྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །བདག་གནས་ལྔ་རིག་པར་མ་གྱུར་ཀྱང་། །ཐོས་པས་ཕྱིའི་སྒྲོ་འདོགས་ཆོད། ཆོས་ཀུན་རྟེན་འབྲེལ་གཅིག་ཏུ་གྱུར། །འཁྲུལ་རྟོག་དག་པའི་ཤེས་རབ་ཡིན། །འདི་མཁས་པ་རྣམས་ཀྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །བདག་བརཏལ་ཞུགས་ཀྱི་སྤྱོད་པ་མ་སྤྱད་ཀྱང་། །ཕུང་པོའི་ཞེན་པ་ལྷ་རུ་སྣང་། །སྦྱང་གཞིའི་རྟོག་པ་དབྱིངས་སུ་ཐིམ། །འཛག་མེད་ཡེ་ཤེས་མངོན་གྱུར་པ། །འདི་སྔགས་པ་རྣམས་ཀྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །བདག་རྣམ་མཁྱེན་ཀྱི་ས་ལ་མ་ཕྱིན་ཀྱང་། །ཞི་བདེའི་འབྲས་བུ་འདོད་པ་མེད། འཁོར་བའི་རང་བཞིན་ཤེས་ལགས་པས། །གཉིས་འཛིན་གྱི་རེ་དོགས་བདག་ལ་མེད། །འདི་རྒྱལ་སྲས་རྣམས་ཀྱི་སྙན་དུ་སྐྱོལ། རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །དེ་ལྟར་རྒྱལ་བས་གསུངས་བཞིན་དུ། །ཕྱོགས་མེད་ཀྱི་སྤྲང་པོ་ཀུན་ཏུ་རྒྱུས། །སྙིགས་མའི་དུས་ཀྱི་སྐྱེ་བོ་ལ། །ཕན་པར་བསམས་ནས་ཚིག་ཏུ་སྡེབས། །འདི་སྐལ་ལྡན་རྣམས་ཀྱི་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །སྐལ་མེད་རྨོངས་པའི་སེམས་ཅན་རྣམས། །འདི་ལྟར་བསྟན་ཡང་མི་གོ་ཞིང་། །མངོན་སུམ་གྱུར་ཀྱང་ཐེ་ཚོམ་པས། །ལོག་ལྟ་ཅན་གྱི་སྐྱེས་བུ་རྣམས། །ཐར་པའི་རིགས་ཆད་གང་ཟག་ཞེས། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། ཁེ་གྲགས་བྱེད་པའི་ཡོན་བདག་དང་། །སྡོམ་པ་མེད་པའི་འདུལ་འཛིན་དང་། །ལོ་འདོད་ཅན་གྱི་སྟོན་པ་དང་། །བླུན་བསྒོམ་བྱེད་པའི་བསྒོམ་ཆེན་དེ། །འབད་ཀྱང་དོན་གོ་མེད་དོ་ཞེས། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །ཐེ་ཚོམ་བྱེད་པའི་ཞིག་པོ་དང་། །དམ་ཚིག་མེད་པའི་བསྔགས་པ་དང་། །ཆད་པར་ལྟ་བའི་རྟོགས་ལྡན་དང་། །མཚམས་མེད་སྤྱོད་པའི་གང་ཟག་རྣམས། །ཐུག་མེད་གཏིང་དུ་ལྷུང་ངོ་ཞེས། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །ཨེ་མ་ཡང་དག་ལམ་ཆེན་དང་། །ལམ་མིན་ཁྱད་པར་བསྟན་པ་འདི། །རྒྱལ་བའི་བཀའ་དང་མི་འགལ་བར། །ཙ་རིའི་ཞོལ་དུ་བླངས་པ་འདི། །ཕྱོགས་མེད་རྣམས་ཀྱིས་སྙན་དུ་སྐྱོལ། །རང་བྱུང་རྡོ་རྗེས་ཟེར་རོ་གྱིས། །རྒྱལ་ཁམས་ཡོངས་ལ་འཕྲིན་སྐྱེལ་བའི་མགུར་འདི། །གྲུབ་ཐོབ་ཆེན་པོ་རྩངས་པ་རྒྱའི་འཕྲིན་སྐྱེལ་ལ་རྟེན་ནས། །བྱི་བ་ལོ་ཟླ་བ་དྲུག་པའི་ཚེས་ཉི་ཤུ་དགུ་ལ། །རང་བྱུང་རྡོ་རྗེས་གླང་གོང་དུ་སྦྱར་བའོ།། །།

༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །བླ་མ་མཆོག་གིས་བྱིན་གྱིས་བརློབས། །རྒྱལ་བའི་གསུངས་རབས་དྲི་མེད་ལ། །སྦྱངས་པའི་རྣལ་འབྱོར་འདི་སྐད་ལོ། ལུས་འདི་རྡོ་རྗེའི་གནས་ལུགས་ལ། །རྩ་དང་རླུང་དང་ཐིག་ལེ་གསུམ། །སེམས་ཉིད་གནད་དང་རྣམ་པ་བཞི། །དོན་རྣམས་གཅིག་ཏུ་མ་སྦྱངས་ན། །གནས་ལུགས་ཡོན་ཏན་ཤེས་པ་དཀའ། །དེ་ལ་གདམས་པ་འདི་སྐད་ལོ། ཐོག་མར་ལུས་འདི་གྲུབ་པའི་ཚེ། དཀར་དམར་ཉི་ཟླའི་བདག་ཉིད་དང་། །རླུང་དང་བར་དོའི་རྣམ་པར་ཤེས། །མ་རིག་རྐྱེན་གྱིས་མཚམས་སྦྱར་ནས། །མངོན་བྱང་ལྔའི་ལུས་སུ་གྲུབ། །རྡོ་རྗེའི་གནས་ལུགས་དང་པོ་ལགས། འབུམ་ཕྲག་བཞི་པོ་འདས་ནས་ནི། །ཞག་རེ་ཉིས་བརྒྱ་རྩ་ཆགས་པས། །ཟླ་བ་བཅུ་གཉིས་བར་དག་ལ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་བྱུང་། །བརྒྱ་ལས་ཉི་ཤུ་ལྷག་པ་དང་། །སུམ་ཅུ་རྩ་གཉིས་བདག་ཉིད་འདི། །རྩའི་གནས་ལུགས་གཉིས་པ་ལགས། ཐོག་མར་ནམ་མཁའི་རླུང་ལས་ནི། །ལྔ་ལྔའི་བདག་ཉིད་ཉི་ཤུ་ལྔ། །ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ལ། །དྲུག་བརྒྱ་བདུན་ཅུ་རྩ་ལྔའི། །རྣམ་པར་དག་པའི་ཡེ་ཤེས་ལྔ། །རླུང་གི་གནས་ལུགས་གསུམ་པ་ལགས། །ཁུ་ཁྲག་དཀར་དམར་ཡེ་ཤེས་ཀྱི། །ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །སྟེང་དང་འོག་དང་འབྱུང་འཇུག་ཅིང་། །དབུ་མར་རབ་ཏུ་གནས་པ་དག །འགྲོ་བའི་རྣམ་ཤེས་རྟེན་པ་འདི། །ཐིག་ལེའི་གནས་ལུགས་བཞི་པ་ལགས། །རྩ་བ་ཀུན་གཞིའི་རྣམ་པར་ཤེས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །རྩ་བ་ས་བོན་ཐམས་ཅད་པ། །རྣམ་རྟོག་བརྒྱ་བཅུའི་ཤེས་པ་ཉིད། །ལྷན་ཅིག་སྐྱེས་པ་རབ་སྦྱོར་བ། །སེམས་ཀྱི་གནས་ལུགས་ལྔ་པ་ལགས། གནས་ལུགས་ལྔའི་བསྡུས་པ་འདི། མ་ཁྱབ་པ་ནི་རྡུལ་ཙམ་མེད། དེས་ན་རྡོ་རྗེའི་ཐེག་པ་ལ། །ཞུགས་ཤིང་བསྒྲུབ་པར་འདོད་པས་ཀྱང་། །འདི་དག་ལམ་དུ་བླང་བར་བྱ། །དེ་ལྟར་རྟོགས་པར་བྱ་བའི་ཕྱིར། །ཐོག་མར་བླ་མའི་དྲིན་ཐོབ་ནས། །སྨིན་བྱེད་དབང་བཞི་ཐོབ་ནས་ཀྱང་། །བསྐྱེད་རྫོགས་ལམ་ལ་ལེགས་སྦྱངས་ཞིང་། །ཉམས་སུ་བླངས་པས་འབྲས་བུ་འབྱུང་། །དེ་ལས་ཁྱད་པར་རྫོགས་རིམ་ཀྱིས། འཆི་མེད་གནད་ཀྱི་མན་ངག་འདི། །སྟེང་དུ་གནས་པའི་གཟའ་ལྔ་པོ། །བརྟན་པར་བཅིངས་པས་རྩ་དག་ཅིང་། །འོག་ཏུ་འགྲོ་བའི་སྒོ་གཉིས་པོ། །རྣམ་པར་སྦྱངས་པས་ལས་སུ་རུང་། །རྩ་སྦྱང་གནས་ལུགས་བསྡུས་པ་ལགས། །རྩ་བའི་རླུང་ལྔ་བཅིངས་པ་ཡིས། །ཡན་ལག་རླུང་ལྔ་བརྟན་པར་འགྱུར། །སྟེང་གི་སྦྱོར་བས་འོག་བཅིངས་ལ། །འོག་གི་སྦྱོར་བ་སྟེང་དུ་བཅིངས། །དབུ་མར་རབ་ཏུ་སྦྱོར་བ་ལས། །དུས་མེ་ལས་སུ་རུང་བར་བྱེད། །སྒྲ་གཅན་ཡེ་ཤེས་མི་འགྱུར་བདེ། །རླུང་གི་སྦྱོར་བ་བསྡུས་པ་ལགས། །ཐུར་དུ་འགྲོ་བའི་ཟླ་བ་དག །སྟེང་གི་སྦྱོར་བས་གསལ་བར་འཛིན། །སྟེང་དུ་གནས་པའི་ཟླ་བ་ཡང་། །ས་འོག་མེ་ཡིས་བསྲེག་པར་བྱེད། །དངུལ་ཆུའི་སྒྲ་ནི་མེ་ཡིན་ཞིང་། །ཁམས་ཀྱི་སྒྲ་ནི་བྷ་ག་ཞེས། །སྤྱན་རས་གཟིགས་ཀྱི་ཞལ་ནས་གསུངས། །ཐུར་སེལ་གནས་སུ་བརྟན་གྱུར་པས། །དབུ་མར་ཚེས་ཀྱི་རིམ་པར་འཕོ། །རྡོ་རྗེ་འབེབས་པ་རྨད་བྱུང་པས། སྟེང་གི་བྲམ་ཟེ་སྒོ་རུ་འཐོན། །སྒྲ་གཅན་ཟླ་བ་གཡོ་མེད་པ། །དུས་མེ་ཉི་མས་རབ་སྦྱངས་པས། །རྗེས་སུ་དྲན་པ་བཅུ་དྲུག་གོ །དག་ཅིང་ལྡན་པར་གྱུར་པའི་ཚེ། །ཐིག་ལེའི་སྦྱངས་པ་རྫོགས་པ་ཡིན། །ད་ལྟར་མ་རིག་འཁྲུལ་རྟོག་ཚོགས། །བཟང་པོའི་ཡུལ་ལ་འདོད་ཆགས་ཤིང་། །ངན་པའི་ཡུལ་ལ་ཞེ་སྡང་དང་། །བར་མ་བཏང་སྙོམས་གཏི་མུག་རྣམས། །དག་ཅིང་རྟོགས་པར་གྱུར་པ་ཡིས། །རྣམ་རྟོག་ཡེ་ཤེས་རོལ་པ་རྒྱུ། །ཚོགས་དྲུག་རང་སར་སྦྱངས་པ་ལས། །གཟུགས་སྐུའི་འཕྲིན་ལས་མངོན་གྱུར་ཞིང་། །སེམས་ཀྱི་རྡོ་རྗེ་རབ་དག་པས། །ཆོས་སྐུའི་འཕྲིན་ལས་ཕུན་སུམ་ཚོགས། །ཡེ་ཤེས་རྣམ་པར་དག་པ་ཡིན། །གསང་སྔགས་རྡོ་རྗེ་ཐེག་པ་ཡིས། །རྒྱལ་སྲས་རྣམས་ཀྱི་རྟོག་པ་དང་། །བླ་མ་རྣམས་ཀྱི་གདམས་ངག་དང་། །རྣལ་འབྱོར་བདག་གི་ཉམས་མྱོང་རྣམས། །གཅིག་ཏུ་རྟོགས་ནས་བཤད་པ་ཡིན། །རྒྱུད་སྡེ་རྒྱ་མཚོའི་དབུས་ན་ཡང་། །དེ་ལས་ལྷག་པ་གཞན་ན་མེད། །གསང་སྔགས་རྡོ་རྗེ་ཐེག་པའི་གླུ། རང་བྱུང་རྡོ་རྗེའི་མིང་ཅན་གྱིས། །ཟབ་དོན་ངག་ཏུ་བརྗོད་པ་འདི། །མཁའ་འགྲོ་རྣམས་ལ་བཟོད་པར་གསོལ། །འདི་བརྗོད་པའི་བསོད་ནམས་ཀྱིས། །རྡོ་རྗེའི་གནས་ལུགས་མངོན་གྱུར་ཤོག མགུར་འདི་རང་བྱུང་རྡོ་རྗེས་བྱི་བ་ལོ་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ་ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་གནས་སྒོ་དཔལ་གྱི་གླང་གོང་དུ་སྦྱར་བའོ།། །།

བླ་མ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་བ་འདྲེན་པར་བྱིན་གྱིས་བརློབས། །འདིར་འཚོགས་སྐྱེས་བུ་སྐལ་ལྡན་རྣམས། །མ་ཡེངས་དར་གཅིག་སྙན་གསན་མཛོད། །འཛམ་གླིང་བྱང་ཕྱོགས་བོད་ཀྱི་ཡུལ། །ཁྱད་པར་གནས་མཆོག་ཆེན་པོ་འདི། །ཀུན་གྱིས་བགྲོད་པ་རབ་དཀའ་བས། །རྡོ་རྗེ་བྲག་རིའི་ཚོགས་ཀྱིས་བསྐོར། །ཆུ་ཀློང་སྣ་ཚོགས་ཕྱོགས་མེད་འབབ། །ལྗོན་ཤིང་མེ་ཏོག་ཚོགས་ཀྱིས་གང་། །ལྷ་དང་ལྷ་མིན་མིའམ་ཅི། །འབྱུང་པོ་ཀུན་གྱིས་མཆོད་པའི་གནས། །ཕྱི་ནི་དཀྱིལ་འཁོར་རྣམ་པ་ཅན། །ནང་ནི་རང་བྱུང་ལྷའི་ཚོགས། །ངོ་མཚར་ཅན་གྱི་གྲུབ་གནས་ན། །འདི་དོན་རྣལ་འབྱོར་རྣམས་ཀྱིས་ཀྱང་། །ནང་དོན་རྟོགས་ན་དངོས་གྲུབ་འབྱུང་། །དེ་ཕྱིར་མདོ་ཙམ་བཤད་པར་བྱ། །སྤྱིར་རང་གི་ཕུང་པོའི་ལུས་འདི་ཡང་། །རང་སེམས་ལྷན་ཅིག་སྐྱེས་པའི་དོན། །མ་རྟོགས་དབང་གིས་དངོས་པོར་སྣང་། །རྟོགས་ན་རྩ་རླུང་བྱང་ཆུབ་སེམས། །དབྱེར་མེད་ཨ་བ་དྷཱུ་ཏི་ལ། །ཁྱད་པར་འཁོར་ལོ་བཞིའི་དབུས། །རང་གི་ལྷན་ཅིག་སྐྱེས་པའི་རྟེན། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་འབབ། །ཡན་ལག་ཉིང་ལག་ཐམས་ཅད་ཀུན། །རྩ་གནས་ལྗོན་པའི་ཚོགས་ཀྱི་བརྒྱན། །དབང་པོའི་མེ་ཏོག་འབྲས་བུར་བཅས། །ཕྱི་མ་རིག་འཁྲུལ་པའི་རྩ་བ་འདིས། །ཤིན་ཏུ་དམ་པར་བསྐོར་བའོ། །ནང་ན་ལྷན་ཅིག་སྐྱེས་པའི་དོན། །རང་སེམས་འཁོར་ལོ་སྡོམ་པའི་གནས། །དེ་དོན་མངོན་དུ་ཞལ་གཟིགས་ནས། །རང་བྱུང་ཙ་རི་མཐོང་བར་ངེས། །ཁྱད་པར་གཞི་མཉམ་གནས་མཆོག་ན། །ལྷན་ཅིག་སྐྱེས་པའི་བླ་མ་ཡང་། །ཨེ་བཾ་བཞིའི་རང་བཞིན་དུ། །མཆོད་རྟེན་མངོན་དུ་རྟོགས་པ་ཡང་། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེ། །རང་སེམས་རྡོ་རྗེ་མཐོང་བ་ཡིན། །ནང་དང་ཕྱི་རོལ་དབྱེར་མེད་པ། །རང་སེམས་གནས་ལུགས་མཚོན་པ་འདི། །འདིར་བཞུགས་རྣམས་ཀྱི་སྙན་དུ་ཕུལ། །རྒྱས་པར་སླད་ཀྱི་མཁྱེན་པར་མཛོད། །ཅེས་པའི་མགུར་འདི་བྱི་ལོ་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ་གནས་མཆོག་ཆེན་པོ་དཔལ་གྱི་ཙ་རི་ཏྲའི་དབེན་གནས་ཆེན་པོ་བཀྲ་ཤིས་ལྗོངས་སུ་ཚོགས་ཀྱི་མཆོད་པའི་དུས་སུ་རང་བྱུང་རྡོ་རྗེས་སྦྱར་བའོ། །ཤུབྷྃ།། །།

༈ འགྲོ་བ་འདྲེན་མཛད་བཀའ་དྲིན་ཅན། །ཡིད་བཞིན་ནོར་བུ་སྤྲུལ་པའི་སྐུ། །ཁོ་བོའི་སྤྱི་གཙུག་བརྒྱན་དུ་བཞུགས། །གཞན་སྣང་དག་པར་བྱིན་གྱིས་བརློབས། །དབེན་གནས་བགྲོད་པའི་བསྒོམ་ཆེན་རྣམས། །རང་ལུས་དབེན་པར་མ་ཤེས་ན། །ཕྱིའི་དབེན་པས་དགོས་པ་ཆུང་། །རང་སེམས་བླ་མར་མ་ཤེས་ན། །ཐ་སྙད་ཀྱི་བླ་མས་དགོས་པ་ཆུང་། །སྣང་བ་དཔེ་ཆར་མ་ཤེས་ན། །ཡིག་ནག་པོ་ཏིས་དགོས་པ་ཆུང་། །ཉོན་མོངས་ཀྱི་དགྲ་ལས་མ་རྒྱལ་ན། །ཁེ་གྲགས་ཀྱི་དགྲ་རྒྱལ་དགོས་པ་ཆུང་། འཇིག་རྟེན་གྱི་བྱ་བ་མ་སྤངས་ན། །ཚུལ་འཆོས་ཆོས་ཀྱིས་དགོས་པ་ཆུང་། །ཐམས་ཅད་སེམས་སུ་མ་ཤེས་ན། །ཕྱི་སྣང་བའི་ཡུལ་གྱིས་དགོས་པ་ཆུང་། །ཟས་ཞིམ་མངར་གྱི་ཞེན་པ་མ་བྲལ་ན། །དོན་མེད་ཀྱི་ཚོགས་འཁོར་དགོས་པ་ཆུང་། །བློ་དང་ཆོས་སུ་མ་འདྲེས་ན། །དོན་མེད་སྡོམ་པས་དགོས་པ་ཆུང་། །དོན་ཆོས་དང་མཐུན་པར་མ་བྱུང་ན། །མགུར་མའི་དབྱངས་ཀྱིས་དགོས་པ་ཆུང་། །ཐམས་ཅད་དོན་ལ་མ་གཡོས་ན། །དེ་ཁོ་ན་ཉིད་དུ་རྟོགས་པ་ན། །རྒྱལ་བའི་ཐུགས་དང་ཉེ་བ་ལགས། །དོན་བསྟན་བཅུའི་དབྱངས་ཆུང་འདི། །སྐལ་ལྡན་རྣམས་གྱི་གོ་བར་མཛོད། །མགུར་མ་འདི་ནི་བྱི་བ་ལོ་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ། །ཙ་རི་ཏྲའི་ལྗོངས་ཞེས་བྱ་བར་མཛད་པའོ།། །།

༈ །བླ་མ་དམ་པ་རིན་པོ་ཆེ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་རིག་རྨུགས་པ་དངས་པ་ན། །ཕྱིའི་ན་བུན་འཐིབས་ཀྱང་བཟོད། །ཡེ་ཤེས་ཉི་མ་ཤར་བ་ན། །ཕྱིའི་ཉི་མ་ནུབ་ཀྱང་བཟོད། །རྣམ་རྟོག་ཆར་པ་ཟད་པ་ན། །ཕྱིའི་ཆར་པ་བབ་ཀྱང་བཟོད། །འཁོར་བའི་གཡང་ས་རྟོགས་པ་ན། །ཕྱིའི་ཅོང་རོང་གཟར་ཡང་བཟོད། །ཞེ་སྡང་གི་ཚེར་མ་མེད་པ་ན། །ཕྱིའི་ཚེར་མ་རྩུབ་ཀྱང་བཟོད། །སྲེད་པའི་ཆུ་བོ་སྐམ་པ་ན། །ཕྱིའི་ཆུ་བོ་འབྲུབ་ཀྱང་བཟོད། །ང་རྒྱལ་རི་བོ་ནོན་པ་ན། ཕྱིའི་རི་བོ་མཐོ་ཡང་བཟོད། །ཏིང་འཛིན་ཟས་ཀྱི་རོ་མྱོང་ན། །ཟས་ཀྱི་རྣམ་པ་མེད་ཀྱང་བཟོད། །ཉོན་མོངས་ཤིང་རོང་མེད་གྱུར་ན། །ཕྱིའི་ཤིང་རོང་འཐིབས་ཀྱང་བཟོད། །བཟོད་པ་བརྒྱད་ཀྱི་དབྱངས་ཆུང་འདི། །སྐལ་ལྡན་རྣམས་ཀྱིས་མཁྱེན་པར་མཛོད། །ཅེས་པའི་མགུར་འདི་རང་བྱུང་རྡོ་རྗེས་པད་ཕུག་ཏུ་འགྲོ་བའི་ལམ་དུ་སྦྱར་བའོ།། །།

༈ དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ། །འགྲོ་བ་འདྲེན་མཛད་ཆོས་ཀྱི་རྗེ། །སྙིགས་མའི་དུས་ཀྱི་འཛམ་གླིང་བརྒྱན། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །འདིར་བཞུགས་སྐལ་ལྡན་སྐྱེས་བུ་རྣམས། མ་ཡེངས་དར་ཅིག་གསན་པར་ཞུ། །ཕྱོགས་མེད་རི་ཁྲོད་འགྲིམ་པ་རྣམས། །རང་ལུས་དབེན་པར་མ་རྟོགས་ཤིང་། །ཁྱད་པར་གནས་མཆོག་ཙ་རི་ཏྲ། །བསམ་གཏན་གྱི་གྲོགས་སུ་མ་ཤེས་ཤིང་། །སྡུག་བསྔལ་སྒྲིབ་སྦྱོང་དུ་མ་ཤེས་ན། །ཟ་འདོད་གློ་ལམ་བགྲོད་པ་འདྲ། །ཡི་མུག་ཐང་ཆད་དཔག་མེད་འབྱུང་། །ས་རྡོ་རི་བྲག་རྩི་ཤིང་རྣམས། །བསམ་གཏན་སེམས་ཀྱིས་མ་སྦྱངས་ན། །དོན་མེད་ཅོང་རོང་ཚེར་མར་མཐོང་། །དེ་ཕྱིར་རང་སྣང་དག་པར་སྦྱོང་། །གཟུང་འཛིན་རྣམ་རྟོག་རྐུན་མ་འདི། །དབེན་གནས་ཆེན་པོར་འབྲོས་ཀྱང་འོང་། །ཞེན་མེད་སེམས་དང་མ་ཕྲད་ན། །གང་དུ་སྡད་ཀྱང་ཁྱད་པར་མེད། །རང་སེམས་རྣམ་དག་ལྷན་ཅིག་སྐྱེས། །བསམ་གཏན་དག་པའི་ལྷ་ཚོགས་རྣམས། །གཟུང་འཛིན་རྐྱེན་གྱིས་མ་སྒྲིབས་ན། །མངོན་ཏུ་རྟོགས་པར་གྱུར་པ་ན། །ཕྱིའི་རི་ཁྲོད་བས་མཐའ་རྣམས། །བླ་མ་ཡི་དམ་མཁའ་འགྲོར་གྱུར། །ས་ཆུ་མེ་རླུང་འབྱུང་བ་རྣམས། །ཐམས་ཅད་ཆོས་ཀྱི་ཕུང་པོར་འཆར། །དེ་ཕྱིར་རང་སྣང་དག་ཀྱང་འཚལ། གཟུང་འཛིན་འཁྲི་བ་ཆོད་པ་ན། །དེ་ལྟར་རྟོགས་པར་འགྱུར་བ་ཡིན། །དབེན་གནས་བགྲོད་པའི་བསྒོམ་ཆེན་རྣམས། །སྡུག་བསྔལ་སྡིག་པའི་ཕྱགས་མ་ཡིན། །བར་ཆོད་དངོས་གྲུབ་འགྱུར་བ་དང་། །སྣང་བ་ལྷའི་རྣམ་པར་འགྱུར། །རང་སེམས་དྲི་མ་དག་པ་ན། །འབྲས་བུའི་མཆོག་ཏུ་འགྱུར་བ་ཡིན། །དེ་གོ་བར་གདའམ་འདིར་བཞུགས་རྣམས། །རྣམ་རྟོག་ཕྲེང་བའི་དུམ་བུ་འདི། །མི་དང་མི་མིན་འབྱུང་པོའི་ཚོགས། །ཐམས་ཅད་དེ་ལ་དགྱེས་པར་མཛོད། །མཐར་ཐུག་མངོན་དུ་འགྱུར་བར་ཤོག །ཅེས་པའི་མགུར་འདི། །རང་བྱུང་རྡོ་རྗེས་བྱི་བ་ལོ་ཟླ་བ་བདུན་པའི་ཚེས་བཅུ་བདུན་ལ་གནས་མཆོག་ཆེན་པོ་དཔལ་གྱི་ཙ་རི་གཡུ་མཚོ་འགྲམ་དུ་གསུངས་པའོ།། །།

༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །གནས་མཆོག་དཔལ་གྱི་ཙ་རི་ཏྲར། །བདེ་ཆེན་ཉམས་མྱོང་དབྱངས་སུ་ལེན། །འདིར་བཞུགས་མ་ཡེངས་སྙན་གསན་ཞུ། །བདེ་ཆེན་སེམས་ལ་མ་རྟོགས་ན། །ཚིག་ཁ་ལ་བརྗོད་ཀྱང་དགོས་པ་མེད། །གདར་ཤ་སེམས་ལ་མ་ཆོད་ན། །ཚིག་ཐ་སྙད་མཁས་ཀྱང་དགོས་པ་མེད། །རྣལ་འབྱོར་མངོན་སུམ་མ་མཐོང་ན། །རྗེས་དཔག་བསྒོམ་ལ་དགོས་པ་མེད། །རང་ལུས་དབེན་པར་མ་ཤེས་ན། །དབེན་གནས་བགྲོད་པས་དགོས་པ་མེད། །རྣམ་རྟོག་དབེན་པར་མ་ཤེས་ན། །དབེན་པ་བསྟེན་ཡང་དགོས་པ་མེད། །གཅིག་ཤེས་ཀུན་གྲོལ་མ་ཤེས་ན། །ཐ་སྙད་མཁས་ཀྱང་དགོས་པ་མེད། །རྣམ་རྟོག་ཆོས་སྐུར་མ་ཤེས་ན། །བཟང་པོར་འདོད་ཀྱང་དགོས་པ་མེད། །རྩ་བ་སེམས་སུ་མ་ཤེས་ན། །འཁྲུལ་པའི་རྟོག་པས་དགོས་པ་མེད། །དབྱངས་འདི་གང་ཡིན་ཟེར་ཙ་ན། །དགོས་མེད་བརྒྱད་ཀྱི་ཆོས་དབྱངས་ལགས། །འཁྲུལ་པ་གདའ་ན་བཟོད་པར་གསོལ། །ཅེས་པའི་མགུར་འདི་རང་བྱུང་རྡོ་རྗེས་བྱི་བ་ལོ་ཟླ་བ་བདུན་པའི་ཚེས་ཉི་ཤུ་གཉིས་ལ་ཙ་རི་བཀྲ་ཤིས་ལྗོངས་སུ་སྦྱར་བའོ།། །།

༈ འོག་མིན་གནས་མཆོག་དམ་པ་ན། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །བདེ་ཆེན་ལྷན་ཅིག་སྐྱེས་པའི་སྐུ། །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །གསོལ་འདེབས་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་བརླབས་སེམས་ལ་ཞུགས་པ་ན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར། །ཤྲི་ན་ག་ར་ཛའི་དགོན་པ་ན། །རྡོ་རྗེ་འཆང་དང་དབྱེར་མེད་པ། །ཏཻ་ལོ་པ་ལ་གསོལ་བ་འདེབས། །ལ་སོགས་པ་གོང་མ་རྣམས་ལའང་འགྲེའོ། །པུ་ལ་ཧ་རིའི་གནས་མཆོག་ན། །བཀའ་བ་སྤྱོད་པའི་རྣལ་འབྱོར་པ། །ནཱ་རོ་པ་ལ། ལྷོ་ཤིང་ལོ་འཚལ་གྱི་དགོན་པ་ན། །གསང་སྔགས་དོན་རྟོག་རྣལ་འབྱོར་པ། །རྗེ་ལྷོ་བྲག་པ་ལ་གསོལ་བ་འདེབས། །གངས་ཁ་བ་ཅན་གྱི་གནས་མཆོག་ན། །རླུང་སེམས་གཉིས་ཀྱི་དེ་ཉིད་རིག །རྗེ་མི་ལ་མཆོག་ལ། །ཤར་དྭགས་ལྷ་དཔལ་གྱི་གནས་མཆོག་ན། །རྒྱལ་བས་ལུང་བསྟན་སྤྲུལ་པའི་སྐུ། །རྗེ་དྭགས་པོ་ལྷ་རྗེ་ལ། །ཀམ་པོ་གངས་རིའི་གནས་མཆོག་ན། ཚད་མེད་ཐུགས་རྗེའི་རང་བཞིན་ཅན། །རྗེ་དུས་གསུམ་མཁྱེན་པ་ལ། །འོག་མིན་ཀར་མའི་གནས་མཆོག་ན། །སྨིན་གྲོལ་དབང་ཕྱུག་འགྲོ་བའི་མགོན། །རྗེ་རས་ཆེན་པ་ལ། །ཤར་ཕྱོགས་སྤུངས་རིའི་གནས་མཆོག་ན། བཀའ་རྒྱུད་བསྟན་པའི་རྒྱལ་མཚན་འཛིན། །རྗེ་པུ་ནྱ་བཛྭ་ལ །སྟོད་ལུང་མཚུར་ཕུའི་གནས་མཆོག་ན། །འགྲོ་བ་འདྲེན་མཛད་རིན་པོ་ཆེ། །རྗེ་ཀརྨ་པ་ལ། །བདེ་ཆེན་རྒྱལ་བའི་གནས་མཆོག་ན། །བརྟུལ་ཞུགས་མཆོག་གི་རྩལ་རྫོགས་པ། །རྗེ་ཨུ་རྒྱན་པ་ལ། །གསོལ་འདེབས་བྱིན་གྱིས་བརླབ་དུ་གསོལ། །བྱིན་རླབས་སེམས་ལ་ཞུགས་པ་ན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར། །ཅེས་པའི་གསོལ་འདེབས་བྲོ་བརྡུང་མ་འདི་ནི། །རང་བྱུང་རྡོ་རྗེས་བྱི་བ་ལོ་ཟླ་བ་བདུན་པའི་ཉི་ཤུ་གཉིས་ལ་ཙ་རི་བཀྲ་ཤིས་ལྗོངས་སུ་མཛད་པའོ།། །།

༈ ན་མོ་གུ་རུ། དཀར་པོའི་ཡོན་ཏན་རབ་རྫོགས་ཤིང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །འགྲོ་བློའི་མ་རིག་སེལ་མཛད་པ། །སྐུ་དྲིན་ཅན་གྱི་ཞབས་ལ་འདུད། །བདག་འདྲ་གླུ་ལེན་མི་རིགས་ཀྱང་། །གསང་བསྔགས་ཀུན་སྤྱོད་གནས་སྐབས་སུ། །རྒྱལ་བའི་སྣང་བ་ཐོབ་པའི་ཕྱིར། །རེ་ཤིག་མ་ཡེངས་གསན་པར་ཞུ། །ཀྱེ་མ་བསྟན་པ་སྙིགས་དུས་སུ། ཆོས་ཚུལ་བཞིན་ཤེས་པ་ཤིན་ཏུ་དཀོན། །བསྒྲུབ་པ་བྱེད་པ་བརྒྱ་ལ་འགའ། །མངོན་རྟོགས་ཐོན་པ་ཉིན་སྐར་ཙམ། །གཞན་དོན་བསྒྲུབ་པའི་སྐྱེས་མཆོག་རྣམས། སངས་རྒྱས་ཞིང་ཁམས་གཞན་དུ་བཞུད། །ཀྱེ་མ་བརྩོན་འགྲུས་བསྐྱེད་རེ་རེན། །ཐེག་ཆེན་བླ་མ་དང་འཇལ་ནས། །དེའི་རྗེས་སུ་མི་སློབ་པ། །བདུད་ཀྱི་ཞགས་པས་ཟིན་པ་ལགས། །དེས་ན་བླ་མའི་བཀའ་བཞིན་དུ། །ཆོས་ཚུལ་བཞིན་ཉམས་སུ་བླང་བྱ་ཞིང་། །རི་ཁྲོད་བས་མཐའ་བསྟེན་པར་བྱ། །འཇིག་རྟེན་གཟུང་འཛིན་ཁྲི་བ་ཆོད། །གདམས་ངག་ཀུན་གྱི་རྩ་བ་ཡིན། །རྒྱལ་བས་གསུངས་པའི་ཆོས་ཀུན་གྱི། །གནས་ལུགས་སྣང་སྟོང་ཟུང་དུ་འཇུག །གསལ་དག་སྒྱུ་མ་ལྟ་བུའི་ཚུལ། །བདེན་མིན་རྫུན་མིན་གཉིས་ཀ་མིན། །བློ་འདས་ཆོས་ཉིད་རོལ་པའི་ངང་། །ལྟ་བའི་གནས་ལུགས་ཡིན་པར་ངེས། །ལྟ་བ་བཞེད་རྣམས་འགྱེས་པར་མཛོད། །ཟུང་འཇུག་བརྗོད་པའི་སྤྲོས་བྲལ་ཡང་། །ཐོགས་མེད་བག་ཆགས་སྦྱང་བའི་ཕྱིར། །བདེ་གསལ་མི་རྟོག་སྟོང་པའི་ཉམས། །གཅིག་ཏུ་འདྲེས་པའི་དབྱིངས་ཉིད་ནས། །བསམ་དག་རྗེན་པ་རིག་པའི་ངར། །མ་ཡེངས་དྲན་པས་ཟིན་པ་དེ། བསྒོམ་པའི་གནས་ལུགས་བསྡུས་པ་ལགས། །བསྒོམ་པ་བཞེད་རྣམས་ཐུགས་དགྱེས་མཛོད། །བཅོས་མ་ཐོ་ཅོས་མ་སླད་ཅིང་། །རྒྱལ་བའི་གསུངས་དང་མི་འགལ་བར། །གཞན་གྱི་སྣང་བར་མཛེས་པ་དེ། །རྒྱལ་སྲས་གཞོན་ནུའི་སྤྱོད་འགྲོས་ལྟར། ཤུགས་འབྱུང་རང་དགར་སྐྱོང་ཤེས་པ། །གོམས་པས་རང་གཞན་དོན་གཉིས་འགྲུབ། །སྤྱོད་པའི་མཐར་ཐུག་ཡིན་པའི་ཕྱིར། །སྤྱོད་པ་བཞེད་རྣམས་ཐུགས་དགྱེས་མཛོད། །ལྷན་ཅིག་སྐྱེས་པའི་རིག་པ་འདི། །སྒྲིབ་པ་ཀུན་དང་བྲལ་བའི་ཚེ། །གསལ་དག་ཡིད་བཞིན་ནོར་བུ་ཡིན། །སངས་རྒྱས་ཡོན་ཏན་རྫོགས་པ་དེ། །བྱས་པ་མ་ཡིན་རང་བྱུང་ཡིན། །སྐུ་གསུམ་ཡེ་ཤེས་རྫོགས་པའི་ཕྱིར། །འབྲས་བུའི་མཐར་ཐུག་ཡིན་པར་གོ །འབྲས་བུ་བཞེད་རྣམས་ཐུགས་དགྱེས་མཛོད། །ལྟ་བསྒོམ་སྤྱོད་པ་འབྲས་བུའི་གླུ། །རྒྱལ་བའི་བཀའ་དང་མི་འགལ་བར། །རང་སེམས་སྟེང་དུ་དྲིལ་བ་འདི། །རྣལ་འབྱོར་མིན་ཡང་རྣལ་འབྱོར་ཚུལ། །བདག་གིས་ངག་ཏུ་བརྗོད་པ་ཡིན། །ཐུགས་དགྱེས་པར་མཛོད་ཅིག་སྐལ་ལྡན་ཀུན། །བཀྲ་ཤིས་པའི་ཆོས་དབྱངས་དེ་ལ་མཛོད། །ཅེས་པའི་མགུར་འདི། རྣལ་འབྱོར་རང་བྱུང་རྡོ་རྗེས། བྱི་བ་ལོ་ཟླ་བ་བདུན་པའི་ཉི་ཤུ་གསུམ་གྱི་ནུབ་མོ། བཀྲ་ཤིས་ལྗོངས་སུ་ཚོགས་གྲལ་དུ་གསུངས་པའོ།། །།ཤུབྷཱཾ།།

༈ གནས་བདེ་བ་ཅན་གྱི་ཞིང་ཁམས་ན། །བཅོམ་ལྡན་མགོན་པོ་འོད་དཔག་མེད། །སྤྱན་རས་གཟིགས་དབང་ཉིད་དུ་བཞུགས། །གསོལ་འདེབས་བྱིན་གྱིས་བརླབ་དུ་གསོལ། །བྱིན་བརླབས་སེམས་ལ་ཞུགས་པ་དེས། །བདེ་བ་ཅན་དུ་འགྲོ་བ་ལགས། །གནས་ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ན། །གང་ལ་གང་འདུལ་སྤྲུལ་པའི་སྐུ། །ཨུ་རྒྱན་པད་མ་འབྱུང་གནས་བཞུགས། གསོལ་འདེབས་སོགས་གོང་གིས་འགྲེ། །ཡོན་ཏན་རྒྱས་པའི་གཞལ་ཡས་ན། །ཐུགས་རྗེའི་མངའ་བདག་འགྲོ་བའི་མགོན། །མ་གཅིག་གྲུབ་པའི་རྒྱལ་མོ་བཞུགས། །གསོལ། །རྒྱ་གར་གིང་བབས་ཀྱི་དགོན་པ་ན། །ན་རོ་མཻ་ཏྲི་ཐུགས་ཀྱི་སྲས། །ཏེ་པུ་ཆེན་པོ་ལ་གསོལ་བ་འདེབས། །ཤར་ཕྱོགས་གངས་རིའི་གནས་མཆོག་ན། །མི་ལ་རས་པའི་ཐུགས་ཀྱི་སྲས། །རས་ཆུང་པ་ལ་གསོལ་བ་འདེབས། གསོལ། ཟང་རི་དཔལ་གྱི་གནས་མཆོག་ན། །གསང་སྔགས་དོན་གྱི་དེ་ཉིད་གཟིགས། །ཟང་རི་རས་པ་ལ། །གསོལ། ཤར་ཕྱོགས་ཀར་མའི་གདན་ས་ན། །ཕྱོགས་མེད་འགྲོ་བའི་དོན་མཛད་པ། །འགྲོ་མགོན་རས་ཆེན་པ་ལ་གསོལ་བ་འདེབས། །དག་སྣང་ཆོས་སྐུའི་གཞལ་ཡས་ནས། །བཀའ་རྒྱུད་རྣམས་ཀྱི་ཆེ་བ་སྟོན། །སྤོམ་བྲག་པ་ལ་གསོལ་བ་འདེབས། །རྒྱལ་ཁམས་ཡངས་པའི་དབེན་གནས་ན། །སྤྱན་རས་གཟིགས་དབང་ཉིད་དུ་བྱིན། །ཀརྨ་པ་ལ་གསོལ་བ་འདེབས། །སྤྱི་གཙུག་ཉི་ཟླའི་གདན་སྟེངས་ན། །དྲིན་ཆེན་རྩ་བའི་བླ་མ་དེ། །མཁའ་འགྲོའི་དབང་ཕྱུག་ཆོས་ཀྱི་མཛོད། །བདེ་ཆེན་འགྲོ་དོན་དཔག་མེད་མཛད། །གསོལ་འདེབས་བྱིན་གྱི་རླབས་དུ་གསོལ། །བྱིན་བརླབས་སེམས་ལ་ཞུགས་པ་དེས། །བདེ་བ་ཅན་དུ་འགྲོ་བ་ལགས། །རྩ་བ་རྒྱུད་པར་བཅས་པ་ལ། །མོས་པའི་དབང་གིས་གསོལ་བཏབ་ན། །སངས་རྒྱས་ཞིང་དུ་སླེབ་པ་ལགས། །སངས་རྒྱས་ཞིང་ཁམས་རྣམ་དག་གི །གནས་དེར་ངན་སོང་མིང་ཡང་མེད། །རིན་ཆེན་སྣ་ཚོགས་འོད་འབར་ཞིང་། །མེ་ཏོག་སྣ་ཚོགས་ལྷག་པར་བརྒྱན། །བདུད་རྩིའི་ཆུ་རྒྱུན་དཔག་མེད་འབབ། །བདེ་བ་ཅན་དུ་འགྲོ་བ་ལགས། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་། །བདེ་བ་ཅན་གྱི་བསྔགས་པ་བརྗོད། །གནས་དེ་སངས་རྒྱས་ཞིང་ཁམས་ལགས། །དེ་ན་ཐུགས་རྗེའི་མངའ་བདག་བཞུགས། །སྤྱན་རས་གཟིགས་དབང་དྲན་པས་ནི། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །བཀའ་བརྒྱུད་ཀྱི་གསོལ་འདེབས་ཆེན་མོ་འདི་ནི། བླ་མ་རང་བྱུང་རྡོ་རྗེའི་བྱི་བ་ལོ་ཟླ་བ་བདུན་པའི་ཉི་ཤུ་བདུན་ལ་གནས་ཙ་རིའི་བཀྲ་ཤིས་ལྗོངས་སུ་གསུངས་པའོ། །ཤུབྷཾ།།

༈ རྩོད་ལྡན་དུས་ཀྱི་སྤྲུལ་པའི་སྐུ། །འགྲན་གྱི་དོ་མེད་འཛམ་གླིང་བརྒྱན། །བླ་མ་མཆོག་ལ་གསོལ་བ་འདེབས། །རང་རྒྱུད་གྲོལ་བར་བྱིན་གྱིས་བརློབས། །གསོན་དང་འདིར་བཞུགས་སྐྱེས་བུ་རྣམས། དུས་མཐའི་རྣལ་འབྱོར་རྡོ་རྗེ་ཡིས། །དང་པོ་ཆུང་ངུའི་དུས་ནས་ཀྱང་། །རྒྱལ་བའི་བསྟན་ལ་ཤིན་དུ་དད། །འགྲོ་བ་ཡོངས་ལ་སྙིང་རྗེ་བསྐྱེད། །བླ་མ་རྗེ་ཡིས་ཐུགས་ལ་བཏགས། །གཞན་དོན་ཕྱོགས་མེད་མི་གྲུབ་ཀྱང་། འགྲོ་ལ་སྙིང་རྗེ་ཅི་ནུས་བསྒོམ། །ཐོས་བསམ་གྱི་ཤེས་རབ་མི་ཆེ་ཡང་། །མདོ་རྒྱུད་གཉིས་ལ་བློ་སྦྱང་བྱས། །རི་ཁྲོད་འགྲིམ་པ་མ་བྱུང་ཡང་། །ཅི་ནུས་རང་སེམས་དབེན་པ་བསྟེན། །འདུལ་བཞིན་བཙུན་པོར་མ་བསྒྲུབས་ཀྱང་། །ཆད་དུ་བཅས་པའི་ཁྱད་མི་བསད། །གསང་སྔགས་ཀྱི་སྤྱོད་པ་མ་བསྒྲུབས་ཀྱང་། །ལུས་ངག་སེམས་ལ་བྱིང་བ་མེད། །གཞན་དོན་ཕྱོགས་མེད་མ་བསྒྲུབས་ཀྱང་། །རང་དོན་འགྲུབ་པའི་སེམས་དཔའ་མེད། །དེ་ཕྱིར་རྣལ་འབྱོར་རྡོ་རྗེ་འདི། ཤི་ཡང་རུང་ལ་གསོན་ཡང་རུང་། །དེ་གཅིག་ཙ་རི་ཏྲ་རུ་ཕྱིན། །ངོ་མཚར་ཆོ་འཕྲུལ་མང་པོ་མཐོང་། །སྐྱེ་འགྲོ་ཀུན་ལ་བརྩེ་བའི་སེམས། །སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེས། །སྤྲུལ་སྐུ་སངས་རྒྱས་གཉིས་པ་བཞིན། །དམ་པ་རྣམས་ལ་ངེས་ཤེས་ཐོབ། །དེ་ནས་ཡར་ལ་འོངས་བའི་ཚེ། །ཐོགས་མེད་བག་ཆགས་རྒྱུ་ལུས་ཀྱིས། །དཀྲུགས་པའི་ལུས་འདི་མི་བདེར་འགྱུར། །ནུབ་གཅིག་ཉམས་ཀྱི་སྣང་བ་ལ། །གནས་ཆེན་གྱིས་ཕྱོགས་ཐམས་ཅད་ཀྱང་། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྒྲིབ་པ་མེད་པར་གསལ་བར་ཤེས། །སྣ་ཚོགས་སེམས་ཅན་ཁམས་རྒྱུད་རྣམས། །ཇི་བཞིན་གསལ་བར་མངོན་དུ་བྱུང་། །དེ་ལྟར་གསལ་ཞིང་སྣང་བའི་ཚེ། དེང་སང་སྙིགས་མར་བབ་པའི་ཕྱིར། །གསང་སྔགས་དར་ལ་མ་སྨིན་པས། །མ་གོ་བའི་བདུད་རིགས་མང་བའི་ཕྱིར། །རྒྱལ་བའི་བསྟན་པ་རིན་ཆེན་འདི། །བོད་ཀྱི་གངས་ཆེན་རྒྱུད་འདི་ན། །རིང་པོར་མི་ཐོགས་འཇིག་འགྱུར་སྙམས། །རང་གི་ལུས་ཀྱི་གནས་ལུགས་ཀྱི། །རྩ་དང་རླུང་དང་ཐིག་ལེ་གསུམ། །དེ་ཁོ་ནའི་གནས་ལུགས་ཅིག་ཏུ་རྟོགས། །རྣལ་འབྱོར་འཆི་ཡང་བཟང་ངོ་སྙམས། །རྣམ་རྟོག་ཁ་ལ་ཉན་པ་མེད། །གཞན་སྣང་སྣ་ཚོགས་བཟོད་དོ་སྙམས། འདིར་བཞུགས་རྣམས་ལ་ཞུས་པ་ལགས། །དུས་མཐའི་རྣལ་འབྱོར་རང་བྱུང་སྟེ། །རྒྱལ་བའི་གསུང་བཞིན་བསྒྲུབ་པ་ཐང་། །ཉོན་མོངས་ཡེ་ཤེས་གཉིས་མེད་པ། །རྩེ་གཅིག་སྟེང་དུ་འདྲེས་ལགས་པས། །སྣ་ཚོགས་སྒྱུ་མའི་རོལ་པ་བཞིན། །སྤྱོད་པ་རྣམ་པ་སྣ་ཚོགས་སྟོན། །ངག་ཀྱང་རྣམ་པ་སྣ་ཚོགས་སྨྲ། །སེམས་སྒྱུ་མའི་རོལ་པ་ཅིག་ཏུ་འདྲེས། །དེ་ལྟར་སྣང་སྟེ་དུས་ངན་གྱི། །སྐྱེ་བོ་རྣམས་ཀྱིས་དེ་མི་ཤེས། །གཞན་ཕན་འབྲས་བུ་མེད་གྱུར་ན། །རྣམ་དག་ཞིང་དུ་འགྲོ་ཡང་སྙམས། །དེ་ལྟར་རྣལ་འབྱོར་གཟུགས་ཅན་རང་བྱུང་གིས། །ལུས་སེམས་མི་བདེ་དབང་གིས་སུ། །དུས་འདིར་དེ་སྐད་ཞུས་པ་ལགས། །དག་པའི་གདུལ་བྱ་སྣ་ཚོགས་པས། །འདུལ་ཞིང་ཕན་པར་གྱུར་པ་ན། །འཁོར་བ་ཅི་སྲིད་གནས་ཀྱང་རན། །དེས་ཀྱང་ངག་ཏུ་བརྗོད་པ་ཡིན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །བདེ་ཆེན་ས་ལ་འགོད་པར་ཤོག །ཁྱད་པར་བདག་དང་འབྲེལ་བ་རྣམས། བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་གཡོར་པོ་གུང་གསལ་ལྷུན་གྲུབ་སྒང་གི་དགོན་པར་ཚོགས་ཀྱི་མཆོད་པའི་གྲལ་དུའོ། །ཤུབྷཾ།། །།

༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱི་བརླབ་པར་མཛད་དུ་གསོལ། །རང་སེམས་རྨུ་རྒོད་གྱོང་པོ་འདི། །ཐུལ་བར་བྱིན་གྱིས་བརླབ་དུ་གསོལ། །རྒྱལ་བའི་བསྟན་པ་སྙིགས་དུས་ལ། །ཆོས་ཚུལ་བཞིན་བྱེད་པ་ཤིན་ཏུ་དཀོན། །འོན་ཀྱང་འདི་ལྟར་སྙིགས་མའི་དུས། །རྣལ་འབྱོར་བདག་གིས་འདི་སྐད་ལོ། །ཐེག་ཆེན་བླ་མ་དང་འཇལ་ནས། །དད་གུས་རྒྱུན་འཆད་མི་བགྱིད་འཚལ། །དམ་ཆོས་རིན་ཆེན་ཐོས་ནས་ཀྱང་། །ལེ་ལོ་ཚོད་ཡོད་མི་བགྱིད་འཚལ། །ད་ལྟར་སྙིགས་མའི་དུས་ལ་བབ། །སྡོད་ཀྱང་ལོང་ཡོད་མི་བགྱིད་འཚལ། །བླ་མས་གདམ་ངག་སྟེར་དུས་སུ། །ད་བཟོད་ཞུ་སྙམ་མི་བགྱིད་འཚལ། །དབེན་གནས་རི་ཁྲོད་འགྲིམ་དུས་སུ། །འདུ་འཛིའི་གསེབ་དུ་མི་སྡོད་འཚལ། །བླ་མས་ཐུགས་ལ་འདོགས་དུས་སུ། །ཟབ་མོའི་མན་ངག་བླང་ཡང་འཚལ། །བཅུད་ལེན་ཟས་ལ་བསྟེན་དུས་སུ། །ཞིམ་མངར་གྱི་སྲེད་པ་སྐྱུར་ཡང་འཚལ། །གཏུམ་མོ་རྩེ་ཅིག་བསྒོམ་དུས་སུ། །གོས་དྲོ་ལེགས་སྲེད་པ་བཅད་ཡང་འཚལ། མི་རྟག་རྒྱུད་ལ་བརྟེན་དུས་སུ། །རྟག་འཛིན་གྱི་ཞེན་པ་བཏང་ཡང་འཚལ། །སང་འཆི་གནང་འཆི་མི་ཤེས་པས། །ཡུན་རིང་སྡོད་ཚིས་མི་བགྱིད་འཚལ། །ལུས་འདི་བསོབ་ཀྱང་འདོར་དགོས་པས། །ལུས་ཀྱི་མངོན་ཞེན་སྤང་ཡང་འཚལ། །ཡུན་རིང་སྡོད་པའི་ངེས་མེད་པས། །བསྟན་གྱི་འཁར་ལན་མི་བགྱིད་འཚལ། །ཐམས་ཅད་བཞག་ནས་འགྲོ་དགོས་པས། །དེ་བས་སྲེད་པ་སྐྱུར་ཡང་འཚལ། བྱམས་པའི་ཉེ་འབྲེལ་ཐམས་ཅད་ཀྱང་། །མགྲོན་པོའི་ཚོགས་དང་མཚུངས་པ་ཡིན། །ཉེ་འབྲེལ་གཉེན་ལ་སྲེད་པ་སྤོངས། རྒྱུན་གྱི་གཏན་གྲོགས་ཡིན་པའི་ཕྱིར། །ཚོགས་གཉིས་བསོགས་ལ་གཅེས་སྤྲས་གྱིས། དད་དཔོན་གྱི་མཆོག་ཏུ་འགྱུར་བའི་ཕྱིར། །སངས་རྒྱས་སུ་མོས་པ་བསྐྱེད་ཀྱང་འཚལ། །ཐར་པའི་ལམ་ལ་འཁོད་དུས་སུ། བླ་མའི་བཀའ་བཞིན་བསྒྲུབ་ཀྱང་འཚལ། །རྒྱུན་དུ་ཉེ་བས་ཕན་འདོགས་ཕྱིར། །ཐེག་ཆེན་གྲོགས་དང་འགྲོགས་ཀྱང་འཚལ། ཀུན་གྱི་གྲོགས་སུ་འགྱུར་བའི་ཕྱིར། རྒྱུན་དུ་བརྩོན་འགྲུས་བསྐྱེད་ཀྱང་འཚལ། །ཡོན་ཏན་ཀུན་གྱི་གཞི་ཡིན་ཕྱིར། རྟག་ཏུ་རང་སེམས་གུས་ཀྱང་འཚལ། །བླ་མེད་བྱང་ཆུབ་རྗེས་མཚོན་ཕྱིར། །དམ་ཆོས་གཅིག་ཏུ་འདུན་ཡང་འཚལ། །འཁོར་བར་འཆིང་བའི་གཞི་ཡིན་ཕྱིར། །སེམས་ཀྱི་ཀུན་རྟོགས་སྤང་ཡང་འཚལ། །ཀུན་གྱི་རྩ་བ་གལ་ཆེའི་ཕྱིར། །རང་སེམས་རིག་པ་ལྟ་ཡང་འཚལ། དེ་ལྟར་བསྟན་པའི་གནད་དེ་ནི། །ལྷུན་གྲུབ་སྒང་གི་དགོན་པ་རུ། །རང་བྱུང་རྡོ་རྗེས་བརྗོད་པ་ལགས། །གོ་བ་རྣམ་ཀྱིས་གདམ་ངག་མཛོད། །མ་གོ་བ་རྣམ་ཉམས་དགའ་མཛོད། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། བདེ་ཆེན་ལམ་ལ་འཁོད་པར་ཤོག །ཤུབྷཱཾ།། ཅེས་པའི་མགུར་མ་འདི་ནི། རིན་པོ་ཆེ་རང་བྱུང་རྡོ་རྗེས་བྱི་བ་ལོ་ཟླ་བ་བཅུ་གཉིས་ཚེས་བརྒྱད་ལ་ལྷུན་གྲུབ་སྒང་གི་དགོན་པར་ཚོགས་གྲལ་དུ་གསུངས་པ་ལགས་སོ།། །།

༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། འཛམ་གླིང་བྱང་ཕྱོགས་བོད་ཀྱི་ཡུལ། །ཁྱད་པར་དཔལ་གྱི་གངས་དཀར་རུ། །དུས་ཀྱི་ཐ་མར་བྱུང་བ་ཡི། །རང་བྱུང་རྡོ་རྗེས་འདི་སྐད་ལོ། །གསོན་དང་ཕྱོགས་བཅུའི་ཆོས་མཛད་རྣམས། རང་གི་སེམས་ཉིད་མ་རྟོགས་ཤིང་། གྲོལ་ཆ་ནང་ནས་མ་ཤར་ན། །སྒྲ་དང་ཚད་མ་ཕྱི་པས་ཤེས། །རླུང་གི་རྩོལ་བ་འཕྱི་བས་ཤེས། །བྲག་ཕུག་ཡུན་རིང་གླ་བས་བཟུངས། །དཀའ་ཐུབ་ཡུན་རིང་བྲམ་ཟེས་བྱེད། །རྟོགས་པའི་འགྲོ་ལྡོག་མ་ཤེས་ན། །གང་ལྟར་བྱས་ཀྱང་ཐར་པ་མེད། །དེས་ན་བདག་རྗེས་འཇུག་པ་རྣམས། །རྒྱལ་བའི་དགོངས་པ་འཚོལ་འདོད་ན། །ཡུལ་གྱི་སྣང་བ་སྒྱུ་མ་འདྲ། །བདེན་པར་མ་ཞེན་དངོས་འཛིན་ཐོང་། །ཚོར་བའི་རྣམ་རྟོག་མེ་ལྕེ་འདྲ། །འདོད་པའི་ཡུལ་གྱིས་ངོམས་པ་མེད། །འཁྲུལ་པའི་ཤེས་པ་ན་བུན་འདྲ། །སྙིང་པོ་མེད་དེ་དོན་ལ་ལྟོས། །རྣམ་པར་རྟོག་པ་དུག་དང་འདྲ། །བདེན་པར་ཞེན་ན་འཆིང་བར་བྱེད། །དེ་ཕྱིར་ཡུལ་དང་ཡུལ་ཅན་གྱི། །གཉིས་འཛིན་ཤིག་ལ་མཉམ་པར་ཞོག །ཚེ་འདི་ལ་གཏད་པ་མི་བདོག་གི །ཕྱི་མའི་དགོས་པ་གཙོ་བོར་བསྒྲུབས། །ལར་ཐམས་ཅད་བདེན་པར་མི་འདུག་གི །བདེན་མེད་གཉུག་མ་ཉིད་ལ་ལྟོས། །ཚིག་ལ་ཟད་པ་མི་འདུག་གིས། །མཐའ་དྲུག་དོན་གྱི་སྟེང་དུ་ཞོག །དེ་ཕྱིར་ཙབ་ཙུབ་མ་མང་པར། །བླ་མའི་གདམས་པ་ཉམས་སུ་ལོང་། ཤུབྷཱཾ།། ཅེས་པ་འདི་གླང་ལོ་ཟླ་བ་བདུན་པའི་ཚེས་བརྒྱད་ལ། ཆོས་རྗེས་རང་བྱུང་རྡོ་རྗེས་ཇོ་མོ་གངས་སུ་གསུངས་པ་ལགས་སོ།། །།

༈ རྗེ་འགྲོ་བ་འདྲེན་མཛད་བཀའ་དྲིན་ཅན། །བདེ་ཆེན་རྒྱལ་བ་ཀུན་གྱི་དངོས། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རང་རྒྱུད་གྲོལ་བར་བྱིན་གྱིས་བརློབ། །འཛམ་གླིང་བྱང་ཕྱོགས་བོད་ཀྱི་ཡུལ། །ཁྱད་པར་དབུས་གཙང་གཉིས་ཀྱི་མཚམས། །གངས་མཐོ་འཐིང་ལྷ་སྨན་རྒྱལ་མོ་འདི། །རྩ་བ་རྡོ་རྗེའི་བྲག་རི་ལ། །རྩེ་མོ་དངུལ་དཀར་མཆོད་བརྟེན་འདྲ། འོད་འབར་རིན་ཆེན་ཕུང་པོ་བཞིན། །རབ་མཛེས་གསལ་བའི་བྱང་ཤར་མཚམས། །རྗེ་དུས་གསུམ་མཁྱེན་པ་ལ་སོགས་པ། །གྲུབ་ཐོབ་རྣམས་ཀྱིས་བཞུགས་གནས་ཡིན། །ཆོས་འབྱུང་དཔལ་གྱི་དབེན་གནས་སུ། །སྙིགས་མའི་དུས་ཀྱི་རི་ཁྲོད་པ། །རྡོ་རྗེའི་མིང་ཅན་འདི་སྐད་ལོ། །རྒྱལ་བའི་བསྟན་པ་སྙིགས་མ་ལ། །ཆོས་ཚུལ་བཞིན་བྱེད་པ་ཤིན་ཏུ་ཉུང་། །བསམ་གཏན་བསྒོམ་པ་བརྒྱ་ལ་འགའ། །གྲུབ་རྟགས་ཐོན་པ་ཉིན་སྐར་ཙམ། །དེ་ཕྱིར་སྐལ་ལྡན་སྐྱེས་བུ་རྣམས། །མྱུར་དུ་བརྩོན་འགྲུས་བསྐྱེད་རེ་རན། །ཐེག་ཆེན་བླ་མ་བརྙེད་པར་དཀའ། །དེ་ཕྱིར་ཚུལ་བཞིན་གུས་པས་བརྟེན། །བླ་མེད་དམ་ཆོས་རྟོགས་པ་དཀའ། །དེ་ཕྱིར་ཆོས་ལ་ཕྱོགས་རིས་སྤོངས། །ཞེན་པས་འཁོར་བར་འཆིང་བར་བྱེད། །དེ་ཕྱིར་རི་ཁྲོད་དགོན་པ་འགྲིམས། །ཡུལ་སྣང་གང་ཡང་བདེན་པ་མེད། །དེ་ཕྱིར་སྒྱུ་མ་ལྟ་བུར་སྦྱོངས། །ཕྱི་རོལ་དགྲ་ལ་ཟད་པ་མེད། །དེ་ཕྱིར་རྣམ་རྟོག་དགྲ་བོ་ཐུལ། །གཏི་མུག་གཉིད་ལ་རྒྱུ་མཚན་མེད། །དེ་ཕྱིར་སྣང་བའི་རྩལ་སྦྱོང་གྱིས། །ཕྱི་རོལ་ཡུལ་སྣང་འཁྲུལ་པ་ཡིན། །དེ་ཕྱིར་སྒྱུ་མ་ལྟ་བུར་སྦྱོངས། །འཛིན་པའི་སེམས་ནི་བདེན་པ་མེད། །དེ་ཕྱིར་རང་གསལ་ངོ་བོ་ལྟོས། །གཟུང་འཛིན་དོན་ལ་མེད་པའི་ཕྱིར། །དེ་ཕྱིར་གཉིས་འཛིན་ཤེས་པ་ཤིག །གནས་ལུགས་སྤྲོས་དང་བྲལ་བས་ན། །དེ་ཕྱིར་ཐམས་ཅད་ཕྱག་རྒྱ་ཆེ། །གནས་ལུགས་དོན་ལ་ཐུག་མེད་ཀྱང་། །གཞན་ལ་བསྐུལ་ཕྱིར་བརྗོད་པ་ཡིན། །ཆོས་འབྱུང་དཔལ་གྱི་དབེན་གནས་སུ། །བཞེད་པའི་དོན་དུ་བླངས་པ་ལགས། །མི་དང་མི་མིན་འབྱུང་པོའི་ཚོགས། །འགལ་བ་གདའ་ན་བཟོད་པར་གསོལ། །ཤུབྷཱཾ།། གཞན་ལ་བསྐུལ་འདེབས་ཀྱི་མགུར་འདི། རང་བྱུང་རྡོ་རྗེས། གླང་ལོ་བདུན་པའི་ཚེས་ཉི་ཤུ་ལ། ཆོས་འབྱུང་དཔལ་གྱི་དབེན་གནས་སུ་གསུངས་པའོ།། །།

༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཀྱེ་མ་དུས་མཐའི་རྣལ་འབྱོར་རི་ཁྲོད་པ། གངས་ཅན་རྒྱུད་དུ་བྱུང་བ་འདི། །བཀའ་རྒྱུད་རྣམས་ཀྱི་གཤེགས་ཤུལ་དུ། །བརྩོན་པ་ཆུང་ཡང་འདི་སྐད་ལོ། །ཡོང་དེང་སང་དུས་ཀྱི་ཆོས་མཛད་རྣམས། །ཆོས་ཚུལ་བཞིན་ཉམས་སུ་མི་ལེན་པར། །ལོ་འདོད་གཡེང་བའི་རྗེས་སུ་འབྲངས། །འདི་ཅུང་ཟད་བྱ་བ་ནོར་བ་ལགས། །འདོད་སྲེད་ཕ་ཡུལ་སྤངས་ནས་ཀྱང་། །བསྟན་པའི་སྤྱི་དོན་བསྒྲུབ་པོ་ཞེས། །གཞན་གྱི་ཡུལ་དུ་ཆགས་སྡང་སོགས། །འདི་ཡང་འཁྲུལ་པའི་སྤྱོད་པ་ལགས། །ཕ་ཞིང་གི་སོ་ནམ་གཤོལ་ནས་ཀྱང་། །མཐུན་རྐྱེན་གྱི་ལྡུམ་བུ་བྱེད་དོ་ཞེས། །ཅུང་ཟད་ཙམ་ལ་མ་བྱིན་ལེན། །འདི་ཡང་ལོག་པའི་སྤྱོད་པ་ལགས། །གཉེན་གྱི་གསེབ་ནས་བྲོས་ནས་ཀྱང་། །མཆེད་གྲོགས་ཀྱི་ཞེན་པ་བྱེད་དོ་ཞེས། །དོན་མེད་ཀྱི་ཆགས་སྡང་དང་དུ་ལེན། །འདི་ཡང་འཁྲུལ་པའི་སྤྱོད་པ་ལགས། །རྒྱལ་བའི་བསྟན་ལ་འཇུག་གོ་ཞེས། །ཚུལ་ཁྲིམས་ཀྱི་བསླབ་པ་བླངས་ནས་ཀྱང་། །འདི་ནི་གོང་མའི་བཀའ་ཡིན་ཞེས། །ལོག་པར་སྤྱོད་པ་ཤིན་ཏུ་རྨོངས། །དབེན་པར་བསམ་གཏན་བསྒྲུབ་པོ་ཞེས། །དགེ་འདུན་གྱི་གནས་མལ་དོར་ནས་ཀྱང་། །ལུང་སྟོང་དུ་ཙབ་ཙུབ་མང་བ་དེ། །རྣམ་རྟོག་དགྲ་ཡིས་གཡེངས་བ་ལགས། །རང་སེམས་ཀྱི་རྩ་བདར་མི་གཅོད་པར། །མཁས་པའི་བག་ཆགས་འཇོག་གོ་ཞེས། །ཡིག་ནག་གི་རྗེས་སུ་འབྲེངས་པ་དེ། །ལོག་པའི་ལམ་དུ་ཁྲིད་པ་ལགས། །མཉམ་ཉིད་ཀྱི་སྙིང་རྗེ་མ་སྐྱེས་པར། །སེམས་བསྐྱེད་ཀྱི་བསླབ་བྱ་ཡིན་ནོ་ཞེས། ཞེན་པས་སྙིང་རྗེ་བསྒོམ་པ་དེ། །འདོད་སྲེད་ཀྱི་འདམ་དུ་བྱིང་བ་ལགས། །རྒྱལ་བའི་བཀའ་ལ་མི་སྦྱོར་བར། །ང་མཁས་ང་ཆེ་འདོད་པའི་ཕྱིར། །ལོག་ལྟ་དང་ཟུར་ཟ་སྨྲ་བ་དེ། །ངན་འགྲོར་འཁྲིད་པའི་སྣ་ཐག་ལགས། །མཉམ་ཉིད་སྙིང་རྗེ་མ་ཐོབ་པར། །བླ་མེད་བྱང་ཆུབ་བསྒྲུབ་པོ་ཞེས། །བརྩོན་འགྲུས་འབད་པ་བརྒྱ་བྱས་ནས། །རྒྱལ་བའི་སྲས་ལས་བྱུང་བ་ལགས། །རང་སེམས་ཀྱི་རྩ་བདར་མ་ཆོད་པར། །ཡིད་དཔྱོད་ཀྱི་སྟོང་ཉིད་བསྒོམས་ལགས་ཀྱང་། །གནས་ལུགས་ཀྱི་དོན་ལ་རེག་པར་དཀའ། །དེ་ཕྱིར་ཐར་པ་ཐོབ་པ་ཉུང་། །སྙིགས་དུས་ཀྱི་རྣལ་འབྱོར་རི་ཁྲོད་པ། །རྡོ་རྗེའི་མིང་ཅན་དེ་སྐད་ལོ། །གཞན་ལ་ངན་བརྗོད་མ་ཡིན་ཏེ། །རྒྱལ་བའི་བསྟན་པ་ནུབ་ཁ་འདིར། །ཚུལ་བཞིན་བསྒྲུབ་པ་རྒྱལ་ལོ་སྙམ། །དེ་ཕྱིར་ཚིག་ཏུ་འདི་སྐད་བརྗོད། །དོན་སེམས་ལ་ཞོག་ཅིག་སྐལ་ལྡན་ཀུན། འགལ་བ་དང་གདའ་ན་བཟོད་པར་གསོལ། འདི་ནི་སངས་རྒྱས་ཀྱི་སྐྱེ་རབ་བརྒྱ་རྩ་གཅིག་བརྩམས་པ་ཚར་བའི་དུས། སྟག་ལོ་ཟླ་བ་གཉིས་པའི་ཚེས་ལྔ་ལ་བཀྲ་ཤིས་གསར་མར་གསུངས་པའོ།། །།

༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཀྱེ་མ་ཁམས་གསུམ་འཁོར་བ་འདིར། །རང་སེམས་མ་རྟོགས་སེམས་ཅན་ཀུན། །སྲེད་པས་འཁོར་བར་འཁྲིད་བྱེད་ཅིང་། །ལེན་པས་སྐྱེ་བའི་གནས་སུ་ཁྲིད། །ཚོར་བའི་ནད་ཀྱིས་རབ་ཏུ་གཟིར། །ཐར་པ་མེད་པ་ཡི་རེ་མུག །སེམས་གྱི་རྩ་བ་རྟོགས་ལགས་ན། རང་སེམས་སངས་རྒྱས་ངོ་བོ་ཡིན། །དག་པའི་ནམ་མཁའ་ངོ་བོ་འདྲ། །རྐྱེན་གྱི་ཤེས་པ་མེ་ལོང་མཚུངས། །ཚོགས་དྲུག་རང་ངོ་ཡེ་ཤེས་ཡིན། །དེ་ངོ་ཤེས་པ་ཨ་རེ་མཚར། །དེ་ལྟར་མ་རྟོགས་བྱིས་པ་རྣམས། །ང་མེད་ཅིག་ལ་ང་རུ་ཞེན། །གཞན་མེད་གཅིག་ལ་ཡུལ་དུ་རྨོངས། །གཉིས་མེད་ཅིག་ལ་གཉིས་སུ་བཟུང་། །བག་ཆགས་རྟོགས་པའི་ཤེས་སྒྲིབ་དང་། །བླང་དོར་རྟོག་པའི་ཉོན་མོངས་ལགས། །མ་རྟོག་ཤར་བའི་བསྒོམ་ཆེན་ཀྱང་། ད་རུང་འདུ་བྱེད་ཕུགས་མ་ཆོད། །རང་ངོ་ཤེས་པར་འདོད་རྣམས་ཀྱང་། །ད་རུང་རྟོག་པའི་གནད་མ་གོ །སྟོང་ཉིད་རྟོགས་པའི་བསྒོམ་ཆེན་ཡང་། ད་རུང་མི་འཛིན་སྒྲོག་དུ་ཚུད། །རྟགས་བཅུ་རྫོགས་པའི་བསམ་གཏན་པ། །ད་རུང་སྨིག་སྒྱུ་དེད་པ་འདྲ། །རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་ཀུན། །ད་རུང་རྒྱུ་འབྲས་དོན་མ་གོ །ལྟོ་གོས་འཁྲི་བ་མ་ཆོད་པར། །བདེན་མེད་ཁ་ལྟའི་བདུད་ལ་ཞེན། །བརཏལ་ཞུགས་སྤྱོད་པའི་བསྒོམ་ཆེན་རྣམས། །ད་རུང་འདྲེ་ལ་བདེན་པར་འཛིན། །རང་ངོ་ནང་ནས་མི་ཤེས་པར། །ཡིག་ནག་དཔེ་ལ་ཤེས་སུ་རེ། །ལར་ཐམས་ཅད་རྣམ་པར་རྟོག་པ་སྟེ། །འཁོར་བའི་གཉིས་འཛིན་སྤང་བྱ་ཡིན། །ཕྱི་ནང་གཉིས་འཛིན་ཆོད་ལགས་ན། འཁོར་བར་སྣང་ཡང་ཨའུ་རྩི། །གང་ཡང་སྤང་བླང་མི་བྱེད་ན། །རྟོགས་པ་མེད་ཀྱང་དེ་གས་ཆོག །རྣམ་རྟོག་གོམས་པའི་བག་ཆགས་ལ། །ལས་ཀྱི་རྫུ་འཕྲུལ་དཔག་ཏུ་མེད། །ཤེས་རབ་བྲལ་བའི་རྟོགས་དཔྱོད་དེ། འཇིག་རྟེན་པ་རྣམས་རབ་ཏུ་མང་། །ཐབས་ཀྱིས་མ་ཟིན་དགེ་བ་ཡིས། །འདོད་ཁམས་ལྷའི་བདེ་བ་བསྒྲུབ། །བདེ་གསལ་ལྡན་པའི་བསམ་གཏན་ཡང་། །གཟུགས་ཁམས་ལྷ་ལས་འགྲོ་ས་མེད། །འདུ་ཤེས་བཀག་པའི་མི་རྟོག་པས། །ཚེ་རིང་པོའི་ལྷ་རུ་གོལ། །ཆོས་ཀུན་མཁའ་ལྟར་རྟོགས་ལགས་ཀྱང་། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཡིན། །སེམས་ཉིད་མཁའ་ལྟར་རྟོགས་ལགས་ཀྱང་། །རྣམ་ཤེས་མཐའ་ཡས་གནས་སུ་གོལ། །ང་མེད་ཅི་ཡང་མེད་པ་དེ། ཡོད་མིན་མེད་མིན་སྲིད་པའི་རྩེ། ཀྱེ་མ་ཁམས་གསུམ་ཡོ་ལང་ལ། །མཁས་རྣམས་བདེན་པ་མ་རེ་མཛོད། །རྒྱལ་བའི་དགོངས་པ་ཅི་བཞིན་དུ། །ཉམས་སུ་ལེན་པར་འདོད་པ་ན། ཐབས་ཀྱི་རྩལ་སྦྱོངས་གནད་དུ་བསྣུན། །ཉམས་ཀྱི་ཚོགས་ལ་བདེན་མ་འཛིན། །དྲན་ལྡན་བསམ་གཏན་སྦྱངས་ནས་ཀྱང་། དབྱེར་མེད་དོན་དང་མ་བྲལ་བར། །ཞི་ལྷག་འབྲེལ་པར་ཉམས་སུ་ལོང་། །མངོན་ཤེས་རྫུ་འཕྲུལ་འདོད་ལགས་ན། །རྣམ་གནས་ཡིད་ལ་བྱེད་པས་སྦྱོངས། །འཁོར་བའི་འདམ་ལ་རྒལ་འདོད་ན། །བདག་མེད་རྟོགས་པའི་ཤེས་རབ་བསྐྱེད། །ཐབས་ཀྱི་གཞན་དོན་བྱེད་པ་ན། །སྒྱུ་མ་ལྟ་བུར་སྙིང་རྗེ་སྦྱོངས། །ལར་ཐམས་ཅད་རྣམ་རྟོག་འདི་ཡིན་ཏེ། །རྟོགས་ན་ཡེ་ཤེས་རོལ་པ་ཆེ། །མ་རྟོགས་འཁོར་བ་འདི་ཡིས་འཇུག །འདི་ལ་སྦྱོངས་གཅིག་སྐལ་ལྡན་ཀུན། །ཞེས་པ་འདི་སྙིགས་མའི་བསམ་གཏན་པ་དང་། ཉན་བཤད་པ་རྣམས་ཀྱིས་རྟོག་པའི་གནད་མི་གོ་བར་འདུག་པས་བྲིས་པའོ། །ཤུབྷཾ།།

༈ འཁོར་འདས་རང་གྲོལ་མཉམ་པ་ཉིད། །མངོན་དུ་རྟོགས་ལ་ཕྱག་འཚལ་བསྟོད། །ཕྱིའི་ཡུལ་ལ་ཕར་བལྟས་པས། །རང་གསལ་འཛིན་མེད་ངོ་བོ་མཐོང་། །ནང་གི་སེམས་ལ་ཚུར་ལྟས་པས། །རང་རིག་རང་གསལ་ངོ་བོ་སྟོང་། །སྣ་ཚོགས་རྐྱེན་ལ་ཕར་ལྟས་པས། །འཇའ་ཚོན་རང་གི་རི་མོ་མཐོང་། །འདུ་བྱེད་རྐྱེན་ལ་ཚུར་ལྟས་པས། །རང་གྲོལ་ཆུའི་རི་མོ་འདྲ། །རྣམ་རྟོག་བྱེད་པ་མཐོང་ཙ་ན། སྒྱུ་མ་མཁན་པོའི་རྣམ་འགྱུར་མཐོང་། །སྣ་ཚོགས་ཆོས་ཀུན་སེམས་ཀྱི་གནད། །སེམས་ཀྱང་རང་གྲོལ་གཉུག་མའི་ངང་། །རྒྱལ་དང་དེ་སྲས་སེམས་དཔའི་ཚོགས། །ལྷ་ཚོགས་མཛད་པ་མཐར་ཕྱིན་ཅིང་། །མེད་བཞིན་སྣང་ལ་དབང་ཐོབ་པས། །མ་རིག་སྒྱུ་འདྲའི་སེམས་ཅན་འདྲེན། །དེའི་རྗེས་སུ་ཞུགས་ནས་ཀྱང་། །རྩེ་ཅིག་ཉམས་སུ་བླང་བར་བྱ། །ངང་ཆུང་བདེ་ཆེན་ཡང་དབེན་དུ། །འབྲེལ་མེད་གླུ་རུ་བླངས་པ་ཡིན། ཤུབྷཱཾ།། ཡུལ་དང་སེམས་ཀྱི་མཚང་རིག་པའི་མགུར། མཚུར་ཕུར་ངང་ཆུང་གི་རི་ཁར། མཁན་པོ་ས་ནག་པས་གདན་དྲངས་པའི་ཚོགས་གྲལ་དུ་གསུངས་སོ།། །།

༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དབྱངས་འདི་ལ་འདིར་བཞུགས་གསན་པར་ཞུ། །དགོས་ཆེད་འདི་ལྟར་ཐུགས་ལ་ཞོག །དལ་འབྱོར་མི་ལུས་ཐོབ་ནས་ཀྱང་། །རྒྱལ་བའི་བསྟན་དང་འཇལ་བྱས་ནས། །ཐེག་ཆེན་བླ་མ་དང་འཇལ་བ། །ཆོས་མཛད་ཡོངས་ཀྱི་རྟེན་པོ་ལགས། །ཡང་དགོས་དབང་པོ་ཡང་རབ་ཀུན། །ཆོས་གཅིག་ཤེས་ཀུན་གྲོལ་རྟོགས་བྱས་ཤིང་། །ཚད་མེད་སྙིང་རྗེ་ཆེན་པོ་ཡིས། །རང་གི་འཁྲི་བ་རབ་བཏང་ཏེ། །གཞན་ལ་ཕན་པར་ལྷུར་ལེན་པ། །རྒྱལ་བ་ཀུན་གྱི་རབ་ཏུ་བསྔགས། །དབང་པོ་རབ་ཀྱི་མཛད་སྤྱོད་ལགས། །བརྩོན་འགྲུས་ཆེན་པོ་རབ་བསྐྱེད་དེ། །གདམས་པ་ཟབ་མོ་ཉམས་ལེན་ཅིང་། །རི་ཁྲོད་དགོན་པ་འགྲིམ་པ་དེ། །གྲུབ་ཐོབ་ཀུན་གྱིས་རབ་ཏུ་བསྔགས། །དབང་པོ་འབྲིང་གི་མཛད་སྤྱོད་ལགས། །རྩེ་ཅིག་གི་བསྒྲུབ་པ་མ་ནུས་ཀྱང་། །ཚུལ་ཁྲིམས་དག་པ་བསྲུང་བྱ་ཞིང་། །ཟབ་མོའི་བཀའ་ལ་ཐོས་བསམ་དང་། །ཅི་ཡོད་བསོད་ནམས་ཚོགས་སོག་པ། དབང་པོ་ཐ་མའི་ཆོས་ལུགས་ལ། དེ་ལས་ལོག་པའི་སེམས་ཅན་རྣམས། འཁོར་བའི་གནས་སུ་འཁྱམ་བྱེད་ཅིང་། སྣ་ཚོགས་སྡུག་བསྔལ་མྱོང་བར་བྱེད། དོན་འདི་ལ་སོམ་ལ་ལྷ་ཆོས་མཛད། །དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་གནས་ལུགས་ཀྱི་མགུར་འདི་རྒྱལ་གྱི་མདོར་རང་བྱུང་རྡོ་རྗེས་སྦྱར་བའོ།། །།ཤུབྷཾ།།

༈ རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། མ་རྟོགས་སེམས་ཅན་འཁོར་བ་པས། །སྡུག་བསྔལ་གྱི་ཁྲེས་པོ་རྒྱབ་དུ་ཁུར། །ཉོན་མོངས་ཀྱི་ཐང་ལ་རྟག་ཏུ་འཁྱམ། །དེ་ལས་ལོག་པའི་བསྒོམ་ཤེ་ཁྱོད། །ཚུལ་ཁྲིམས་དག་པའི་གོས་གྱོན་ཅིང་། །ཆོས་སྤྱོད་དག་པའི་རྒྱན་གྱིས་སྤྲས། །ཚོགས་གཉིས་ཀྱི་ཁྲེས་པོ་རྒྱབ་ཏུ་ཁུར། །ཐར་པར་འགྲོ་བའི་ལམ་རྒྱགས་བྱེད། ཁྲེས་པོ་ཆེ་ཡང་དོན་དང་ལྡན། །འགྲོ་བའི་མགོན་པོ་རྒྱལ་བ་དང་། །མྱུར་དུ་འཇལ་བའི་ཐབས་རྟེན་ནས། །ཤེས་རབ་ཆེན་པོས་འཛིན་པར་འགྱུར། ཅེས་པ་འདི་རང་བྱུང་རྡོ་རྗེས་རྒྱལ་གྱི་བསྒོམ་ཤེས་ལ་གདམས་པའོ།། །།

༈ རང་སེམས་ཆོས་སྐུར་སྟོན་མཛད་པ། །བླ་མ་མཆོག་ལ་གསོལ་བ་འདེབས། །འདི་ལ་འདིར་བཞུགས་སྙན་གསན་མཛོད། །དགོས་འདོད་རྟོགས་ལ་ཉམས་སུ་ལོང་། །ཀུན་གཞི་འཁོར་འདས་ཀུན་གྱི་གཞི། །མ་རྟོགས་དུས་ན་འཁོར་བ་སྟེ། །རྟོགས་ན་དེ་བཞིན་གཤེགས་པའི་ཐུགས། །ཀུན་གཞིའི་ངོ་བོ་བརྗོད་པ་ལ། །དཔེར་ན་མེ་ལོང་གཡའ་དག་ལ། །གཟུགས་བརྙན་འཆར་བ་ཅི་ལྟ་བར། །རང་སེམས་དྲི་མེད་དབྱིངས་ཉིད་ལ། །སྣ་ཚོགས་བག་ཆགས་ལྡང་ཞིང་འགག། །ཡུལ་དང་ཡུལ་ཅན་གཉིས་འཛིན་འདི། །རང་གི་དབྱིངས་ལས་སྣང་ལྡང་ཕྱིར། །འཁོར་འདས་གཉིས་མེད་ངོ་བོར་གཅིག །མ་རྟོགས་འཁྲུལ་ཞིང་རྟོགས་ན་གྲོལ། །རྟོགས་བྱ་རྟོགས་བྱེད་གཉིས་ཀྱང་མེད། །གཉིས་སུ་བཟུང་བས་འཁོར་བའི་གཞི། །གཉིས་མེད་ངོ་བོ་མཐོང་བ་ན། རྒྱལ་བའི་སྙིང་པོ་མངོན་དུ་གྱུར། །ཀུན་གཞི་གཏན་ལ་འབེབས་པའི་གླུ། །དབེན་པའི་གནས་སུ་བླངས་པ་ལགས། །ཀུན་གཞིའི་སྒྲིབ་པ་ཀུན་བསལ་ནས། །རང་སེམས་དྲི་མེད་རྟོགས་པར་ཤོག །རྒྱལ་གྱི་མདོར་བསྒོམ་ཆེན་དར་མ་དཔོན་གཡོག་ལ་གདམས་པའོ། །ཤུབྷཾ།།

༈ ན་མོ་གུ་རུ། ཡོན་ཏན་མ་ལུས་འབྱུང་བའི་གནས། རྟེན་ཅིང་འབྲེལ་པའི་དེ་ཉིད་རིག །ཐབས་རྣམས་སྣ་ཚོགས་སྟོན་མཛད་པ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྣ་ཚོགས་སེམས་ཀྱི་འཆར་ཚུལ་ལ། །ཕྱི་རོལ་ཡུལ་གྱི་གཟུང་བར་སྣང་། །ཁྱད་པར་ལྗོན་པའི་མེ་ཏོག་ཚོགས། ས་ལ་སྐྱེས་ཤིང་འགག་པར་སྣང་། །འདི་ལ་རྟེན་པའི་དབྱངས་གཅིག་ལེན། །དོན་དགོས་པ་གདའ་ན་ཐུགས་ལ་ཞོག །ཁོ་ཤིང་མཆོག་དང་པོ་སྐྱེ་བའི་ཚེ། །རྒྱུ་རྐྱེན་དྲུག་གིས་རྣམ་པར་དབྱེ། །སྣ་ཚོགས་ཡལ་འདབ་དུ་མར་རྒྱས། །གཞན་ལ་དགོས་པའི་ཤིང་ཞེས་བྱ། །ནང་དུ་རང་སེམས་རྒྱུ་རྐྱེན་གྱིས། །རྣམ་རྟོག་ཁམས་གསུམ་ལྗོན་ཤིང་སྐྱེས། །དབང་ཡུལ་སྣ་ཚོགས་ཡལ་འདབ་རྒྱས། ཁམས་གསུམ་ཞེས་ཀྱང་མིང་དུ་གྲགས། །ཕྱི་རོལ་ཤིང་དེ་བཅད་པའི་ཚེ། །ཡལ་འདབ་མང་པོ་ཤུགས་ལ་སྐམས། །མེའི་རྐྱེན་གྱིས་སྦར་བྱས་ནས། །ཐལ་བའང་མེད་པར་འགྱུར་བ་ལྟར། །ནང་དུ་རྣམ་རྟོག་ལྗོན་ཤིང་ཡང་། ཤེས་རབ་རྣོན་པོའི་མཚོན་གྱིས་བཅད། །འཁོར་བའི་ལོ་འདབ་རྩད་ནས་སྐམས། །ཡེ་ཤེས་མེ་ལྕེ་རབ་འབར་བས། །མྱང་འདས་ཀྱི་རྩ་བ་ཡང་མི་གདའ་ལགས། །ལྗོན་ཤིང་སྐྱེས་པའི་སྐྱེ་འགག་དཔེ་ལས་དྲང་། །སླད་ཀྱིས་བྱང་ཆུབ་བསྒྲུབ་པ་རྣམས། །སྣང་བ་དཔེ་རུ་ཤེས་པར་མཛོད། །དཔེ་ལྗོན་པ་ལ་དཔེ་བླངས་བའི་མགུར་མ་འདི། སྟོད་ལུང་རྒྱལ་གྱི་རི་ཁྲོད་དུ། ཆོས་རྗེ་རང་བྱུང་རྡོ་རྗེས་གསུངས་པ་ལགས་སོ།།ཤུབྷཾ།།

༈ །སྣ་ཚོགས་རིག་པའི་འཆར་ཚུལ་མཁྱེན། །བླ་མ་རྣམས་ལ་གསོལ་བ་འདེབས། །ཕྱིའི་ས་དང་ཆུ་ལས་ཀྱང་། །སྐྱེས་བུའི་ལག་པའི་འདུ་བྱེད་ཀྱིས། །རྫའི་སྣོད་དུ་བྱས་ནས་ཀྱང་། འདུས་བྱས་ཡིན་པས་ཆག་གྱུར་པ། །ནང་དུ་བཅུད་ཀྱང་མི་འཆགས་འགྱུར། །ཐབས་མཁས་སྐྱེས་བུ་དམ་པ་ཡིས། །མ་ཉམས་སྔར་བཞིན་བྱས་ནས་ཀྱང་། །ཟས་ཀྱི་སྣོད་དུ་གྱུར་པ་འདི། །ཕྱི་རོལ་དཔེ་རུ་བསྟན་པ་ཡིན། །དེ་ཉིད་དོན་ལ་སྦྱར་བ་ན། །གཟུང་འཛིན་གཉིས་ཀྱི་ས་ཆུ་དེ། །རྣམ་རྟོག་འདུ་བྱེད་ཀྱི་ལག་པ་ཡིས། །ཁམས་གསུམ་གྱི་ལུས་སུ་བཟོས་ནས་ཀྱང་། །སྲེད་པའི་སྣོད་དུ་གྱུར་པ་ན། །རྟག་འཛིན་བྱས་ཀྱང་མི་རྟག་པས། ཡང་ཡང་སྐྱེས་ཤིང་འཆི་བར་འགྱུར། །ཡོན་ཏན་སྣོད་དུ་མ་གྱུར་པས། །ཐབས་མཁས་བླ་མ་དམ་པ་ཡིས། །རང་ལུས་ལྷ་སྐུའི་རྫ་མ་དེ། །གཉུག་མའི་རྐྱེན་གྱིས་ཐབས་ཀྱིས་སྦྱར། །ཞབས་རྡོལ་ལྟ་བུའི་སྐལ་མེད་ཀྱང་། །ཏིང་ངེ་འཛིན་གྱིས་ལེགས་པར་སྦྱར། །ཟག་མེད་བཅུད་ཀྱི་སྣོད་དུ་གྱུར། །གཞན་དོན་ཕུན་སུམ་ཚོགས་པ་འགྲུབ། །སླད་ཀྱིས་ཉམས་སུ་ལེན་པ་རྣམས། །གཟུང་འཛིན་གྱི་སྣོད་ལ་མ་ཆགས་པར། །སྐལ་བཟང་ཏིང་འཛིན་སྣོད་དུ་ཤོག །ཤུབྷཱཾ།། ཅེས་པ་འདི་ནི་རྫ་མ་ལ་དཔེ་སྦྱར་བ། ཆོས་རྗེ་རང་བྱུང་རྡོ་རྗེའི་སྟོད་ལུང་མཚུར་ཕུའི་རྒྱལ་གྱི་མདོར་གསུངས་སོ།། །།

༈ ན་མོ་གུ་རུ། ཆོས་ཀུན་མཉམ་པ་ཉིད་གཟིགས་ཤིང་། རྣམ་པར་དག་པའི་ཐུགས་རྗེ་ཅན། །ཟུང་འཇུག་མངོན་དུ་གྱུར་པའི་མཆོག །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འཛམ་གླིང་བྱང་ཕྱོགས་བོད་ཀྱི་ཡུལ། །དག་པའི་ཆུ་བོ་འབབ་པའི་ངོས། །ཁ་རག་ཤར་གྱི་དབེན་གནས་སུ། །དུས་མཐའི་རྣལ་འབྱོར་འདི་སྐད་ལོ། །དལ་འབྱོར་རིན་ཆེན་ལེགས་ཐོབ་ཅིང་། ཐེག་ཆེན་བླ་མ་དང་འཇལ་ནས། །ཚུལ་བཞིན་གདམས་པ་ཐོབ་པའི་ཚེ། །རྩེ་ཅིག་ཉམས་སུ་བླང་བར་བྱ། །ཕྱི་རོལ་སྣང་བ་སྣ་ཚོགས་འདི། །སེམས་ཀྱི་ཆོ་འཕྲུལ་ཡིན་པའི་ཕྱིར། །རྨི་ལམ་དུས་ཀྱི་སྣང་བ་ལྟར། །མངོན་ཞེན་མེད་པར་མཉམ་པར་ཞོག །ནང་གི་རྣམ་པར་རྟོག་པ་འདི། །འགྱུ་བ་རང་གསལ་ངོ་བོ་ཉིད། །འཁོར་འདས་ཆོ་འཕྲུལ་དེ་ལས་བྱུང་། །འགག་མེད་རང་གྲོལ་མཉམ་པར་ཞོག །གཉིས་སྣང་ཤེས་པས་མ་སླད་ཅིང་། །གསལ་ལ་མི་རྟོག་ངོ་བོ་ཉིད། །རང་སེམས་སངས་རྒྱས་སྙིང་པོ་སྟེ། །དེ་ཉིད་ངོ་བོ་རྟོགས་པར་མཛོད། །ཟུང་འཇུག་གཏན་ལ་འབེབས་པའི་གླུ། །འགག་པ་མེད་པའི་རྩལ་དུ་ཤེས། །དགེ་བས་སེམས་ཅན་ཐམས་ཅད་ཀྱིས། །རང་སེམས་སྙིང་པོ་རྟོག་པར་ཤོག །ཁ་རག་ཤར་གྱི་ཕྱོགས་སུ་བླངས། ཤུབྷཾ།།

༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བརྩེ་བ་ཆེན་པོས་རབ་གཟིགས་ཤིང་། །ཀུན་ནས་སྐྱོབ་པའི་ཐུགས་རྗེ་ཅན། །བླ་མ་མཆོག་ལ་གསོལ་བ་འདེབས། །ཀྱེ་མ་འཁོར་བའི་སེམས་ཅན་རྣམས། །ཐོག་མེད་དུས་ཀྱི་བག་ཆགས་ཀྱིས། །མ་རིག་སྒྲིབ་པའི་དབང་སོང་སྟེ། །རྒྱལ་བ་དཔག་ཏུ་མེད་པས་ཀྱང་། །ཐུགས་རྗེའི་ལྕགས་ཀྱུས་མ་ཟིན་ཅིང་། །འཁོར་བའི་རྒྱ་མཚོར་རབ་ལྡོངས་ནས། །སྐྱེ་རྒས་ན་འཆིའི་རྦ་ལ་གཡེངས། །མ་དག་སྡུག་བསྔལ་ཚོར་བ་མྱོང་། །ཐར་པའི་རིན་ཆེན་སྲོག་དང་བྲལ། །ཀྱེ་མ་སེམས་ཅན་སྙིང་རེ་རྗེ། །ད་ཡོང་བསྟན་པའི་སྙིགས་མ་ལ། །དཀོན་པའི་མི་ལུས་ཐོབ་དུས་འདིར། །བརྩོན་གྲུས་འབད་པ་མ་བྱས་ན། །ངན་སོང་སྡུག་བསྔལ་ཤིན་ཏུ་འཇིགས། །ཡུལ་གྱི་སྣང་བ་བྲིད་རེ་མཁས། །རྣམ་པར་རྟོག་པ་འཚང་རེ་ཆེ། །གཏི་མུག་རྒྱ་མཚོ་ཏིང་རེ་ཟབ། །གཉིས་སུ་འཛིན་པ་འགྲོགས་ཡུན་རིངས། །འཁོར་བར་ཐུགས་མེད་འཁྱམ་ཉེན་གདའ། །དེ་ཕྱིར་འབད་པ་དུ་མ་ཡིས། །ཐེག་ཆེན་བླ་མའི་བཀའ་བཞིན་བསྒྲུབས། །མི་རྟག་རྒྱུད་ལ་རྒྱུན་དུ་རྟེན། །ཐོས་བསམ་བསྒོམ་ལ་འབད་པ་ཐོན། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །མི་རྟག་བསྐུལ་མ་འདེབས་པའི་གླུ། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །ཁ་རག་ལྷོའི་ཕྱོགས་སུ་བླངས། །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། །།

༈ ན་མོ་གུ་རུ། །སྣ་ཚོགས་སྣང་བའི་ཕྱོགས་རྣམས་ཀུན། །སྒྱུ་མ་ལྟ་བུར་རབ་གཟིགས་ཤིང་། །ཆོས་རྣམས་ཀུན་གྱིས་དེ་ཉིད་མཁྱེན། །བླ་མ་རྗེ་ལ་ཕྱག་འཚལ་ལོ། །དལ་འབྱོར་རིན་ཆེན་ཐོབ་པར་དཀའ། །རྒྱལ་བའི་བསྟན་ལ་མྱུར་དུ་ཞུགས། །ཐེག་ཆེན་བླ་མ་རྙེད་པར་དཀའ། བརྩོན་འགྲུས་ཆེན་པོས་བརྐྱང་ཞིང་བསྒྲུབ། །མ་ནོར་ཆོས་དང་འཕྲད་པ་དཀའ། །དྲི་མེད་ཐེག་ཆེན་ལམ་ལ་འབད། །ཡང་དག་ལྟ་བ་རྙེད་པ་དཀའ། །སྣང་སྟོང་དབྱེར་མེད་ངང་ལ་ཞོག །མ་ནོར་བསམ་གཏན་བྱེད་པ་དཀའ། །ཞེན་པ་མེད་པར་མཉམ་པར་ཞོག །གོས་པ་མེད་པའི་སྤྱོད་པ་དཀའ། །རང་བཞིན་དོན་དང་མཐུན་པར་མཛོད། །རེ་དོགས་མེད་པའི་འབྲས་བུ་དཀའ། །རང་སེམས་གསལ་བའི་ངང་ལ་ཞོག །གཞན་དོན་ཕྱོགས་མེད་བསྒྲུབ་པ་དཀའ། །སྙིང་རྗེས་སེམས་ཅན་རྗེས་སུ་བཟུང་། །ལྟ་བསྒོམ་འབྲལ་མེད་བརྗོད་པ་འདི། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །ཁ་རག་ནུབ་ཀྱི་ཕྱོགས་སུ་བླངས། །འགྲོ་རྣམས་ཐེག་ཆེན་དོན་རྟོགས་ཤོག། །།

༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འཛམ་གླིང་ཆུ་གཏེར་ཆེན་པོའི་དབུས། །སྣ་ཚོགས་གངས་རིའི་པད་ཚལ་ལ། །འབབ་ཆུའི་ཟིལ་མངར་རབ་འཕྲོ་ཞིང་། །སྐྱེ་རྒུའི་ཡིད་ཀྱི་རོ་མྱང་བྱེད། །ཁྱད་པར་གངས་ཅན་བོད་ཀྱི་དབུས། །བསིལ་བའི་ཆུ་བོ་དཔག་ཤུའི་ངོས། །རིན་ཆེན་བྲག་རིའི་ཚོགས་འདུས་པས། །བསམ་གཏན་ཅན་གྱི་དབེན་གནས་ཡིན། །སྣ་ཚོགས་བྲག་རི་སྤུངས་པ་འདི། །རྡོ་རྗེ་རིན་ཆེན་རྣམས་སྤེལ་བ། །སྣ་ཚོགས་གཡེང་བས་མི་རྫི་ཞིང་། །འཇིགས་མེད་བསམ་གཏན་གྲོགས་སུ་བཟང་། མཉམ་ཞིང་མཛེས་པའི་སྤང་ལྗོངས་ལ། །སྣ་ཚོགས་མེ་ཏོག་འབར་བ་བཞིན། །ཏིང་ངེ་འཛིན་གྱི་ཡིད་འཕྲོག་ཅིང་། །བསམ་གཏན་བརྒྱན་གྱིས་མཛེས་བྱེད་པ། །སྣ་ཚོགས་འབབ་ཆུའི་སྒྲ་སྙན་ལྡན། །བསྐོམ་པའི་ཚ་གདུང་སེལ་བར་བྱེད། །ཆོས་ཀྱི་སྒྲ་སྙན་གསལ་བ་འདིས། །ཉོན་མོངས་གདུང་བ་སེལ་བ་འདྲ། །དཀར་གསལ་གངས་རི་མཛེས་པ་ལ། །ཉི་ཟླའི་སྒྲོན་མེ་རྣམ་པར་འབར། རབ་དཀར་སྙིང་རྗེའི་འོད་ཟེར་གྱིས། །གདུལ་བྱའི་པད་ཚལ་དགའ་བྱེད་བཞིན། །མཛེས་པའི་ནམ་མཁའ་ཀུན་ཁྱབ་ཅིང་། །རྒྱུ་སྐར་ཕྲེང་བའི་ལོངས་སྤྱོད་ལྡན། །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས། །འགྲོ་ཀུན་ཁྱབ་པར་རྒྱན་པ་སྙམ། །གྲུབ་པ་རྣམས་ཀྱིས་ལེགས་བརྟེན་ཅིང་། །ལྷ་དང་ལྷ་མིན་དྲི་ཟའི་ངག །སྣ་ཚོགས་རྟོགས་པའི་འདུ་བྱེད་ཀྱི། །ཕྱོགས་ཀུན་ཁྱབ་པར་བསྒྲོགས་པར་བྱེད། །འདི་ནི་དབེན་གནས་ཁ་རག་གིས། །ཕྱི་ནང་སྤེལ་མའི་ཟློས་གར་དབྱངས། །རང་བྱུང་རྡོ་རྗེའི་མིང་ཅན་གྱིས། ཁ་རག་བྱང་གི་ཕྱོགས་སུ་བླངས། །འགྲོ་ཀུན་ཐམས་ཅད་མཁྱེན་ཐོབ་ཤོག ཤུབྷཱཾ།། ཇོ་མོ་ཁ་རག་གི་ཤར་དུ་ཟུང་འཇུག་གཏན་ལ་འབེབས་པའི་མགུར། ལྷོ་རུ་མི་རྟག་པ་བསྐུལ་མ་འདེབས་པ། ནུབ་ཏུ་ལྟ་བསྒོམ་འབྲེལ་བ་བརྗོད་པ། བྱང་དུ་ཕྱི་ནང་སྤེལ་བའི་ཟློས་གར་གྱི་མགུར་དང་དེ་ལྟར་དུ་བཞི་གསུངས་སོ།། །།

༈ ན་མོ་གུ་རུ། རི་ཁྲོད་དབང་ཕྱུག་འགྲོ་བའི་མགོན། །བླ་མ་རྣམས་ཕྱག་འཚལ་ལོ། །བདེ་ཆེན་སྟེང་གི་རི་ཁྲོད་ན། །བཞུགས་བའི་བསམ་གཏན་པ་རྣམས་གསོན། །དང་པོ་མི་ལུས་རྙེད་དཀའ་ཐོབ། །རྒྱལ་བའི་བསྟན་པ་དྲི་མེད་རྙེད། །བླ་མ་རྗེ་དང་འཇལ་དུས་ན། །རྩེ་ཅིག་ཉམས་སུ་བླང་ཡང་འཚལ། །ད་རེས་འབད་པ་མ་བྱས་ན། །འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །སྡུག་བསྔལ་ཆུ་སྲིན་མི་ཟད་ལྡན། །འདི་ལས་ཐོན་པ་རབ་ཏུ་དཀའ། །སྔ་རབས་འདས་པའི་སངས་རྒྱས་རྣམས། །ཐུགས་རྗེའི་འོད་ཟེར་དཔག་མེད་ཀྱང་། །བདག་ཅག་མ་རིག་མུན་པར་འཁྱམས། །ད་རུང་ཉམས་ངའི་ཁྲོད་དུ་ལུས། །ད་རེས་མི་ལུས་རིན་པོ་ཆེ། །ཕུན་ཚོགས་འབྱོར་པ་འཛོམ་པའི་ཚེ། །བརྩོན་འགྲུས་རྟ་ལ་ཞོན་ནས་ཀྱང་། །རྩེ་ཅིག་བསམ་གཏན་ཟས་ཟ་ཞིང་། །ཚུལ་ཁྲིམས་དག་པའི་རྒྱན་གྱིས་རྒྱན། །ཤེས་རབ་ལམ་ལྡན་བླ་མ་ཡིས། །ཁྲིད་དུས་ལེ་ལོ་སྤངས་ནས་ཀྱང་། །མྱུར་དུ་བྱང་ཆུབ་བསྒྲུབ་པར་བྱ། །འདི་ལ་འབད་པ་མ་བྱས་ན། །རྣམ་རྟོག་རིག་པ་ཅོལ་ཆུང་འདི། །སྣ་ཚོགས་ཡུལ་ལ་རྟག་ཏུ་རྒྱུག །སྲེད་པའི་བདེ་བ་མགོ་བསྐོར་མཁས། །མ་རིག་བདུད་ཀྱི་འཕྲང་བསྒུགས་དམ། །སྐྱེ་རྒ་ན་འཆི་ཆུ་བོ་ཆེ། །བསྟན་པའི་ཉི་མ་ནུབ་ཏུ་ཉེ། །ཡང་ནི་ཐུག་མེད་འཁྱམ་དོགས་གདའ། །ད་ནི་རང་བྱུང་ཡེ་ཤེས་འདི། །རང་གི་སེམས་ཉིད་ལགས་མོད་ཀྱང་། །ད་རུང་གཉིས་འཛིན་སྤྲིན་གྱིས་བསྒྲིབས། །ཤེས་རབ་རླུང་གིས་སྟོར་ཀྱང་འཚལ། །རྣམ་པར་རྟོག་པ་གཡོ་བ་འདི། བསམ་ཏན་བདེ་ལ་བཅིངས་ནས་ཀྱང་། །ཞེན་པའི་འཁྲུལ་པ་ཕྲའུ་དེ། །ཡེ་ཤེས་མཚོན་གྱིས་བཅད་ནས་ཀྱང་། །ད་ལྟར་རང་དབང་ཡོད་པ་ལ། །རྩེ་ཅིག་ཉམས་སུ་བླངས་བྱས་ན། །མི་ལུས་ཐོབ་པ་དོན་ཡོད་ཅིང་། །རྒྱལ་བའི་བཀའ་བཞིན་བསྒྲུབ་པ་ལགས། །ཐར་པའི་རིན་ཆེན་གླིང་དུ་ཉེ། །ཡོན་ཏན་རྒྱ་ཆེན་མྱུར་དུ་ཐོབ། །འགྲོ་བའི་དགོས་འདོད་ཤུགས་ལས་འབྱུང་། །དེ་ཕྱིར་རྩེ་ཅིག་བསྒྲུབ་པར་མཛོད། །དུས་མཐའི་རྣལ་འབྱོར་རྡོ་རྗེ་ཡིས། རྩེ་ཅིག་སྙིང་རྗེས་བསྐུལ་ནས་ཀྱང་། །བསྐུལ་བ་ཚིག་ཏུ་བརྗོད་པ་འདི། །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །ཅེས་བྱ་བ་འདི་བདེ་ཆེན་སྟེང་དུ་གསུངས་སོ།། །།

༈ རྗེ་བླ་མ་མཆོག་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དང་པོར་དབེན་པ་བརྟེན་ནས་ཀྱང་། །བླ་མས་གདམས་ངག་བཏབ་པའི་ཚེ། །འདི་ལྟར་ཉམས་སུ་བླང་ཡང་འཚལ། །རྣམ་རྟོག་འདུ་བྱེད་གཡོ་བ་འདི། །རང་གི་སེམས་སུ་ཐག་བཅད་ནས། །ལྟ་བའི་གོ་ཡུལ་བསྟན་པར་བྱ། །དེས་ཀྱང་རྣམ་རྟོག་མི་གནས་པས། །མ་ཡེངས་རྩེ་ཅིག་ཡིད་བཏད་ནས། །གནས་པ་ཡིད་ལ་བསྐྱེད་པར་བྱ། །དེ་ནས་ཡུལ་སྣང་ཀུན་ལ་བརྟག །རྒྱུ་འབྲས་སོ་སོར་དཔྱད་ནས་ཀྱང་། དགའ་བདེ་ནང་དུ་བསྐྱེད་པ་ཡིན། །དེ་ནས་རྟོག་པ་ནུབ་པ་ཡིན། །དཔྱོད་པའི་རྒྱུ་ལྡན་བསམ་གཏན་སྐྱེ། །དེ་བཞིན་རྟོགས་སྤྱོད་ནུབ་ནས་ཀྱང་། །འདུ་བྱེད་གཡོ་བ་རླུང་ལྡན་པ། །མཐོང་ནས་ངོ་མཚར་ནང་དུ་སྐྱེ། །གཡོ་བ་དེ་ཡང་ནུབ་ནས་ཀྱང་། །གསལ་ལ་མི་རྟོག་ངོ་བོ་ཉིད། །བདེ་སྡུག་རྟོགས་དཔྱོད་དགའ་མི་དགའ། །གཡོ་བའི་སྐྱོན་བྲལ་ལྷང་ངེ་མཆར། །དེ་ལ་བསམ་གཏན་ངོ་བོ་ཟེར། །བླུན་པོ་ཁ་ཅིག་ཕྱག་རྒྱ་ཆེར། །འཁྲུལ་ནས་རོ་མྱོང་མཆོག་འཛིན་ན། །ཕྱིར་ཞིང་མི་ཁོམ་ནང་དུ་ལྷུང་། །དེ་ཕྱིར་དེ་མཐོང་མི་ཞེན་པར། །འདི་ཡང་རང་སེམས་ཀྱིས་བྱས་སྣང་། །ཆོས་ཀུན་འདུ་བྱེད་ཀུན་རྟོག་གིས། །བསྐྱེད་བྱས་རྟེན་ཅིང་འབྲེལ་འབྱུང་མཐོང་། །ཐོས་དང་བསམ་དང་བསྒོམ་འབྱུང་གིས། །ཤེས་རབ་དེ་ལ་རྟེན་ནས་སྐྱེ། །གཉིས་སྣང་གང་ལ་ཞེན་ཡང་འཆིང་། །གཉིས་མེད་མ་ཞེན་དེ་བས་བླུན། །ཞེན་བྱ་གནས་བྱ་མ་ཞེན་བློ། །ཐམས་ཅད་རང་གི་སེམས་ཉིད་ལ། །རྒྱུ་འབྲས་མཐོང་ན་མཁས་པ་ཡིན། །དེར་འཛིན་ཟད་པ་ཕྱག་རྒྱ་ཆེ། །བླང་དོར་རང་གིས་ཞིག་ནས་ཀྱང་། །བསམ་གཏན་དེ་བརྟེན་མངོན་ཤེས་དང་། །རྫུ་འཕྲུལ་དུ་མ་སྐྱེ་བ་ཡིན། །དེ་ཚེ་རྒྱལ་བ་རྣམས་མཆོད་ཅིང་། །སྙིང་རྗེས་སེམས་ཅན་ཐམས་ཅད་འཛིན། །སྟོང་པར་རྟོགས་ཀྱང་དངོས་པོ་ལ། །རྒྱུ་འབྲས་མི་འདོར་བླང་དོར་མཁས། །དག་པའི་ས་རྣམས་དེ་ནས་བགྲོད། །གང་ཚེ་རང་སེམས་གཤིས་ལྔ་ལ། །ངོ་བོ་སྟོང་པ་ཆོས་སྐུ་ཏེ། །རང་བཞིན་གསལ་ལྡན་ལོངས་སྤྱོད་རྫོགས། །མཚན་ཉིད་འགག་མེད་སྤྲུལ་པའི་སྐུ། །ཀུན་ལ་ཁྱབ་པ་ངོ་བོ་ཉིད། །མཚན་དཔེ་བྲལ་བ་དེ་བཞིན་ཉིད། །རྟོགས་པས་འཁོར་འདས་རོ་མཉམ་དུ། །རྐྱ་གྱུར་པ་དེ་ལ་འབྲས་བུ་ཟེར། །ཞི་ལྷག་འབྲས་བུ་དང་བཅས་པ། །རྟོགས་པར་བྱ་ཕྱིར་རང་བྱུང་གི། །བདེ་ཆེན་སྟེང་གི་གནས་སུ་བླངས། །བསམ་གཏན་སྐྱོན་རྣམས་ཟད་ནས་ཀྱང་། །ལྷན་ཅིག་སྐྱེས་པ་མངོན་གྱུར་ཤོག

༈ རྣམ་རྟོག་རྒྱ་མཚོ་ཆེན་པོ་འདི། །སྲེད་པ་རླན་དང་རབ་ཏུ་ལྡན། །གཉིས་འཛིན་བརླབས་ཀྱིས་ཕྲེང་བ་མང་། །ཚོར་བའི་ལྦུ་བ་རྣམ་པར་གཡོ། །ཉོན་མོངས་རྦ་ཀློང་དུ་མ་འཁྱིལ། །ངག་གིས་སྒྲ་དྲག་ཆིལ་ཆིལ་སྒྲོགས། །ཀྱེ་མ་འདི་ལ་ཕ་མཐའ་མེད། །འདི་འཁོར་བའི་རྒྱ་མཚོ་མ་ལགས་སམ། །གལ་ཏེ་འདི་ལས་ཐར་འདོད་ན། །ལོག་རྟོག་རིང་དུ་སྤངས་ནས་ཀྱང་། །བླ་མ་རིན་ཆེན་གྱི་མཉན་པ་དེ། །ཐེག་ཆེན་གདམས་པའི་གྲུ་ཆེན་འཛིན། །མོས་གུས་ཆེན་པོས་གདུང་བ་བསྐྱེད། །ལུས་དང་ལོངས་སྤྱོད་གྲུ་བླར་ཕུལ། །གསུངས་པའི་ཡང་དག་གདམས་པ་ཉན། །ཐར་པའི་སྐམ་ས་ཡིད་ལ་གྱིས། །བརྩོན་འགྲུས་སྐྱ་བ་འབད་ལ་གྱིས། །མྱུར་དུ་ཕ་རོལ་ཕྱིན་ཏེ་མཆི། ཱ། ཞེས་བྱ་བ་འདི་གྲུ་དང་མཐུན་པར་གསུངས་པ་ལགས་སོ།། །།

༈ དཔལ་ལྡན་བླ་མ་དམ་པ་ལ། །ཅི་གསུང་བཀའ་བཞིན་བསྒྲུབ་ལགས་ན། །བྱིན་བརླབས་སེམས་ལ་འཇུག་ལགས་ཀྱང་། །དེང་སང་བསྒྲུབ་པ་ཉུང་བ་གདའ། །འཇིག་རྟེན་འཁྲི་བ་བཅད་ལགས་ན། །སྐྱིད་ཀྱི་མགོ་མ་ཟིན་ལགས་ཀྱང་། །དེང་སང་འཇིག་རྟེན་བྱ་བ་ལ། །ཐམས་ཅད་སུས་ཐོབ་བྱེད་ཅིང་གདའ། །ཅི་ཡོད་སྦྱིན་པར་བཏང་ལགས་ན། །ལོངས་སྤྱོད་དཔག་མེད་འབྱུང་ལགས་ཀྱང་། དེང་སང་སེར་སྣའི་ཞེན་པ་ཡིས། །རྐུ་འཕྲོག་སློང་གསུམ་བྱེད་ཅིང་གདའ། །དབེན་པའི་རི་ཁྲོད་རྟེན་ལགས་ན། །སོ་བསོད་མདུན་མ་ལེགས་ལགས་པས། དེང་སང་གྲོང་ཡུལ་འདུ་འཛི་ལ། །ཐམས་ཅད་འབད་པ་བྱེད་ཅིང་གདའ། ཞེན་མེད་ཐོས་བསམ་བྱས་ལགས་ན། །རང་ལ་ཕན་པར་འབྱུང་ལགས་ཏེ། །དེང་སང་ང་མཁས་ང་རྒྱལ་གྱིས། །རང་རྒྱུད་བསྲེག་པར་བྱེད་ཅིང་གདའ། །རྣམ་དག་ཚུལ་ཁྲིམས་བསྲུངས་ལགས་ན། །ཕྱི་མ་བདེ་འགྲོ་ཐོབ་ལགས་ཏེ། །དེང་སང་དོན་མེད་འཁྲུལ་པ་ཡིས། །མངོན་ལྐོག་ཉེས་སྤྱོད་བྱེད་ཅིང་གདའ། །མ་ཞེན་བསམ་ག ཏན་བསྒོམས་ལགས་ན། །བླ་མེད་བྱང་ཆུབ་ཉེ་ལགས་ཏེ། །དེང་སང་བསམ་གཏན་བྱེད་པ་རྣམས། །བདེ་གསལ་རོ་ལ་ཞེན་ཅིང་གདའ། །ཀྱེ་མ་འཁོར་བའི་སེམས་ཅན་རྣམས། །རང་གིས་རང་ལ་ངན་བྱེད་ཅིང་། །དབང་མེད་ངན་འགྲོའི་ནང་དུ་འཁྱམ། །འཁོར་བ་ཐུག་མེད་གཏིང་དུ་བྱིང་། །བླ་མ་རྒྱལ་བ་སྲས་བཅས་རྣམས། །ཐུགས་རྗེ་ཆེན་པོས་གཟིགས་ནས་ཀྱང་། །འཁོར་བའི་སེམས་ཅན་ཉོན་མོངས་རྣམས། །མྱུར་དུ་བྱང་ཆུབ་འཁོད་པར་མཛོད། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡིས། །སྙིང་རྗེའི་དབང་གིས་བསྐུལ་ནས་ཀྱང་། །དབང་མེད་ཚིག་ཏུ་བྲིས་པ་ཡིན། །ཀུན་ཀྱང་བྱང་ཆུབ་ཐོབ་པར་ཤོག །ཤུབྷཱཾ།། ཅེས་པ་འདི་བདེ་ཆེན་སྟེང་དུ་གསུངས་པའོ།། །།

༈ ན་མོ་བྷུ་དྷ་ཡ། འཁོར་བ་ཐོག་མ་མེད་པ་ནས། སེམས་ཉིད་འཁྲུལ་པ་མ་རྟོགས་པས། །ད་ལྟ་བར་དུ་ཡང་དང་ཡང་། །རྣམ་རྟོག་ཡུལ་གྱི་རྗེས་སུ་འབྲེངས། །ཕྱི་རོལ་བདེན་སྣང་གིས་བཅིངས་ནས། །འཛིན་པའི་རྣམ་པར་རྟོག་པ་འདི། །ཡང་ཡང་སླུས་ཀྱང་ད་རུང་དུ། ཡུལ་སྣང་ཚོར་ལ་བླང་དོར་བྱས། །ཀྱེ་མ་སྒྱུ་མ་མཁན་ཁྱོད་ཀྱང་། །རང་གི་སྤྲུལ་པའི་སྣང་བ་ལ། ཞེན་པས་འཆིངས་པ་མ་ཐང་ན། །མཁས་པ་རྒྱལ་སྲས་མཆོག་རྣམས་ཀྱིས། །བཞེད་པའི་གནས་སུ་མ་གྱུར་རམ། ཀུན་གཞི་ཁྱེད་ལུང་མ་བསྟན་ཅིང་། །རྟོག་པའི་བག་ཆགས་དུ་མས་ཀྱང་། མ་གང་ནམ་མཁའི་དབྱིངས་ལྟ་བུ། །རྟོགས་པའི་བརླབས་ཀྱིས་ཀུན་བསྐྱེད་ནས། །འཕེལ་འགྲིབ་མེད་པ་རྒྱ་མཚོ་བཞིན། །བདེ་སྡུག་ཡུལ་རྣམས་ལྷུན་ཐུག་ཀྱང་། །སྲེད་པའི་མདུན་པ་ཉུང་བ་བཞིན། །བླང་དོར་རྟོག་པ་མེ་ལྕེ་འདྲ། །གཡོས་ཤིང་ཟད་མེད་ཡང་ཡང་ལྡན། །རྣམ་རྟོག་འདུ་བྱེད་རླུང་དང་འདྲ། །བདེན་མེད་ཡུལ་ལ་དམ་ཞེན་ནས། །གཟུང་བས་ཤིན་ཏུ་བརྟན་གྱུར་པ། །ཕུང་སོགས་བསྟེན་པ་ས་གཞི་བཞིན། །རང་གིས་རང་ལ་གནོད་བྱེད་པ། །རྣམ་རྟོག་ཁྱོད་ནི་སྨྱོན་པ་བཞིན། །རང་ལ་ཞེན་པས་མི་འགྲོ་བ། །ཁྱོད་ནི་སྲིན་གྱི་ཁ་ཆུ་བཞིན། །རང་ལ་བལྟས་ན་བདེན་མེད་པས། ཁྱོད་ནི་དྲི་ཟའི་གྲོང་ཁྱེར་བཞིན། །བརྟགས་ཤིང་བརྟགས་ཤིང་སྟོང་པས་ན། །ཁྱོད་ནི་ཆུའི་ཆུ་བུར་བཞིན། །ཕྱེ་ན་སྙིང་པོ་མེད་པས་ན། །ཁྱོད་ནི་ཆུའི་སྙིང་པོ་བཞིན། །གསལ་ཀྱང་གཟུང་དུ་མེད་པས་ན། །རྟོག་པ་ཁྱོད་ནི་ཆུ་ཟླ་འདྲ། །སྐད་ཅིག་མི་རྟག་ཟིལ་པ་བཞིན། །གཡོ་ཡང་བཟུང་མེད་སྨིག་སྒྱུ་འདྲ། །ལེགས་ཀྱང་སླུ་བས་འཇའ་ཚོན་བཞིན། །རྐྱེན་ལས་བྱུང་བས་བྲག་ཆ་འདྲ། །གསོབ་དུ་འདུག་པ་གཟུགས་སྙན་བཞིན། །ཕུགས་ན་སྤྲུལ་པ་ལྟར་སྣང་སྟེ། །ཡ་མཚན་ཅན་གྱི་རྣམ་རྟོག་ཁྱོད། །མ་འགྱུ་སྔར་གྱི་དེ་ཀས་ཆོག །འགྱུ་ཡང་རང་ངོ་དྲན་པས་བཟུང་། །བདེན་རྟོག་ཞེན་པ་ཁྱོད་མ་བྱེད། །བདེན་མེད་དུ་ཡང་ལོག་མ་རྟོག །གཉིས་འཛིན་མ་བྱེད་ཁྱོད་ལ་གནོད། །གཉིས་ཀ་མ་བཏང་ཁྱོད་རང་ཡིན། །རྒྱལ་སྲས་བླ་མ་ཁྱོད་རྟོག་རྣམས། །ངོ་མཚར་ཆེ་བས་བཀའ་ལ་ཉོན། །སྐད་ཅིག་དུས་ཀྱི་རྟོག་ཡིན་ཀྱང་། །ཁྱོད་ལ་རྒྱུན་རིང་འདུས་བྱས་མེད། །སྣང་བ་ཀུན་གྱི་རྩ་བ་ཁྱོད། །སྟོང་པ་གཞན་ན་མི་གདའོ། །བདེན་ཞེན་བྱས་པས་དེ་ཀར་ཞིག །ཁྱོད་ལ་བློ་གཏད་མི་གདའོ། །ཇི་ལྟར་ནང་བཞིན་ཕྱི་ན་སྣང་། །ཁྱོད་ལ་རྟེན་ནས་འཆིང་བ་འདི། །ཁྱོད་ཤེས་གྲོལ་བར་གྱུར་པ་ཡིན། །ཁྱོད་མཐོང་བླང་དོར་རྟོག་པ་ཞིག །མཐོང་བས་སྤངས་བ་མི་ཟེར་རམ། །ད་རུང་ཉོན་མོངས་སྐྱེ་བར་སྣང་། །གོམས་ནས་འདུ་མི་བྱེད་པའི་ཚེ། །བསྒོམ་པས་སྤངས་བ་མ་ལགས་སམ། །སྤངས་ཀྱང་ཁྱོད་རང་བཅིངས་ཀྱང་ཁྱོད། །ཁྱོད་ནི་རྒྱལ་སྲས་ཀུན་གྱིས་ཀྱང་། །མ་བཏང་མ་བཟུང་ངོ་མཚར་ཆེ། །ཀྱེ་མ་རྣམ་རྟོག་བྱུང་ཚོར་རྣམས། །རང་བྱུང་རང་བཞིན་རང་དག་ཏུ། །རང་བྱུང་རྡོ་རྗེ་བྲིས་པ་ཡིན། །དོན་མེད་ཀུན་རྟོག་ཞི་བ་དང་། དོན་ཡོད་རྟོགས་པ་རྒྱས་ནས་ཀྱང་། །བླང་དོར་མེད་པར་འགྱུར་བར་ཤོག །ཅེས་བྱ་བ་འདི་རང་གི་རྣམ་རྟོག་ལ་རྒོད་བྲོ་ནས་བདེ་ཆེན་སྟེང་དུ་བྲིས་པའོ།། །།

༈ ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །བླ་མ་རྗེ་ཡིས་བྱིན་གྱི་རློབས། །གསོན་དང་ཆོས་མཛད་བསྒོམ་ཆེན་ཀུན། །བཅོམ་ལྡན་འདས་ཀྱི་མདོ་རྒྱུད་དང་། །བླ་མ་རྣམས་ཀྱིས་གསུངས་པ་ལྟར། །དེང་སང་སྙིགས་མ་ལྔ་ཡི་དུས། །སངས་རྒྱས་བསྟན་པ་མར་འགྲིབ་འདིར། ཆོས་མཛད་རྣམས་ཀྱང་ཕྲག་དོག་ཆེ། །ཐོས་པ་ལྡན་པའི་དགེ་བཤེས་དཀོན། །བསྒྲུབ་བློ་ཡོད་པའི་སྐྱེས་བུ་ཉུང་། །རི་ཁྲོད་དབེན་པར་གནས་འདོད་རྣམས། །དུས་འདིར་གཡེང་བའི་སད་ཀྱིས་ཁྱེར། །མ་རུངས་སྙིགས་མའི་དུས་འདི་རུ། །མཐར་ཐུག་མ་ནོར་སྙིང་པོའི་དོན། །ཉམས་སུ་ལེན་ན་འདི་བཞིན་ལོང་། །འཇིག་རྟེན་མངོན་ཞེན་དམ་པོ་འདི། །འཁོར་བའི་རྩ་བ་ཡིན་པའི་ཕྱིར། །མ་ཆགས་ཞེན་པ་མེད་པར་མཛོད། །རྒྱུན་དུ་རི་ཁྲོད་དགོན་པ་བརྟེན། །ཚེ་འདིའི་འཇིག་རྟེན་སྣང་བ་ཀུན། །བདེན་པ་མེད་པས་དུས་ཀུན་དུ། །རྟག་ཏུ་བདེ་ཆེན་ཐོབ་འདོད་ན། །ཆོས་ཀྱི་སྡུག་བསྔལ་དང་དུ་ལོང་། །ད་ལྟའི་ལས་ལ་ཟིན་པ་མེད། །དེ་ཕྱིར་རིགས་པས་དམ་ཆོས་མཛོད། གསོན་དང་སྐྱེས་བུ་ཆོས་མཛད་རྣམས། །འདིའི་སྙན་གྲགས་བསོད་ནམས་དག །འཆི་བའི་ཚེ་ན་རྨི་ལམ་འདྲ། །གཡོག་འཁོར་ཉེ་བཞི་རྩ་ལག་རྣམས། །བཞག་ནས་འགྲོ་བ་ཆ་མེད་དམ། མཐོ་བཙན་ཉམས་དགའི་མཁར་བརྩིགས་ཀྱང་། །འཆི་བའི་ཚེ་ན་འཁྲི་ས་མེད། །འདུས་བྱས་མཚན་མའི་ལག་རྗེས་ཀུན། །བཟང་ཡང་རྗེས་སུ་ཡོང་བ་མེད། །དེ་བས་བླ་མའི་གདམས་ངག་ལྟར། །རྒྱུན་དུ་བདེན་མེད་ལྟ་བ་བསྒོམ། །འཛིན་པ་མེད་པའི་དོན་ལ་ཞོག །མི་རྟག་རྗེས་སུ་དྲན་བྱས་ན། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །མངོན་ཞེན་འཛིན་པ་ཞིག་པའི་ཚེ། །ང་དང་བདག་ཏུ་འཛིན་པ་རྣམས། །མ་ལུས་བདེ་བ་ཆེན་པོའི་ངང་། །ཉིད་དུ་ཤེས་པར་གྱུར་བའི་ཚེ། །རྩོལ་བའི་གནད་དང་བྲལ་བ་ལགས། །དེ་དག་ཀུན་གྱི་མཐར་ཐུག་ནི། །གཟུང་འཛིན་བདག་འཛིན་སྤངས་བ་དང་། །རྒྱལ་བའི་གསུང་ལྟར་ཉམས་སུ་ལོང་། དོན་མཐར་ཐུག་བསྡུས་ན་དེ་ལས་མེད། །དེ་ཕྱིར་འདི་ནི་ཉམས་སུ་ལོང་།

༈ ན་མོ་གུ་རུ། །ནམ་མཁའ་ལྟ་བུའི་བདེ་གཤེགས་ལ། འཇའ་ཚོན་ལྟ་བུའི་རྟོག་པ་ཡིས། །སྒྱུ་མ་ལྟ་བུའི་རབ་སྣང་པས། །བྲག་ཆ་ལྟ་བུར་ཕྱག་འཚལ་ལོ། །ཨེ་མ་ཕྱོགས་བཅུའི་ཆོས་མཛད་རྣམས། །རྒྱལ་བའི་བསྟན་པའི་སྙིགས་མ་ལ། །བཅིངས་པ་མེད་པའི་རྟོག་པ་འདི། །གྲོལ་བར་འདོད་ན་ཚིག་འདི་གསོན། །སྣང་བའི་ཡུལ་གྱི་སླུ་སླུ་འདྲ། །བློ་གཏད་བྱས་ན་བདེན་པ་མེད། །དེས་ན་གཟུང་བའི་རྣམ་པ་འདི། སྐྱེ་འགག་མེད་པར་གོ་བ་ལོང་། །དེར་འཛིན་ཤེས་པས་སླུ་སླུ་འདྲ། །རྟག་པར་བལྟས་ཀྱང་ངོ་བོ་སྟོང་། །དེས་ན་ནང་གི་འགྱུ་བ་འདི། །རྩོད་བྲལ་ཡིན་པར་གོ་བ་ལོང་། །ཕྱི་རོལ་བླ་མས་སླུ་སླུ་འདྲ། །མངོན་པར་ཞེན་ཀྱང་འཆིང་བའི་རྒྱུ། །དེས་ན་རང་རིག་འགག་མེད་འདི། །བླ་མ་ཡིན་པར་གོ་བ་ལོང་། །འདུས་བྱས་ཆོས་ཀྱི་སླུ་སླུ་འདྲ། །རྩོལ་བསྒྲུབ་བྱས་ཀྱང་བདེན་པ་མེད། །དེས་ན་ཟག་མེད་དེ་ཉིད་དོན། །ཆིག་ཆོད་ཡིན་པར་གོ་བ་ལོང་། །གོ་ཡུལ་ཤེས་པས་སླུ་སླུ་འདྲ། །ཇི་ལྟར་གསལ་ཡང་རྟོག་པ་ཡིན། །དེས་ན་ཉམས་སུ་མྱོང་བ་ཡིན། །རླན་དང་འབྲེལ་བར་གོ་བ་ལོང་། །ཉམས་སུ་མྱོང་བས་སླུ་སླུ་འདྲ། །བཟང་ཡང་ཟག་པར་བཅས་པ་ཡིན། །དེས་ན་འཁོར་བའི་གཉེན་པོ་དེ། །ཤེས་རབ་ཡིན་པར་གོ་བ་ལོང་། །སྤང་བླང་རྟོག་པས་སླུ་སླུ་འདྲ། །ཐ་སྙད་འཛིན་པས་འཁྲུལ་པ་ཡིན། །དེས་ན་རང་སེམས་ལྷན་ཅིག་སྐྱེས། །སངས་རྒྱས་ཡིན་པར་གོ་བ་ལོང་། །འདྲ་ལྟར་བརྗོད་པས་སླུ་སླུ་འདྲ། །བདེན་ནོ་སྙམ་ཡང་བྲག་ཆ་ཡིན། །དེས་ན་ནང་དུ་སྦྱོར་ཤེས་པར། །ཐག་ཆོད་གཅིག་ཏུ་གོ་བ་ལོང་། །དེ་ལྟར་ངག་ཏུ་བརྗོད་པ་འདི། །རི་ཁྲོད་དགོན་པ་དབེན་པ་རུ། །རང་བྱུང་རྡོ་རྗེ་སྨྲས་པ་ལགས། །འགལ་བར་གདའ་ན་བཟོད་པར་གསོལ། ཞེས་པ་འདི་བདེ་ཆེན་དུ་གསུངས་སོ། །

༈ སེམས་རྣམ་རྟོག་ཁྱེད་ལ་མཚར་ཅིག་ཡོད། །ཕྱི་རོལ་གྱི་ཅོང་རོང་ཅུང་ཟད་ལ། རེས་འགའ་སྐྲག་ཅིང་ཞུམ་པར་འགྱུར། །ངན་སོང་གི་ཅོང་རོང་ཟབ་མོ་ལ། །ལྟུང་དོགས་ཀྱི་གོ་ཟོན་མི་བྱེད་པར། །རྒྱུ་མི་དགེ་སྤྱོད་པ་ཁྱོད་རེ་འཁྲུལ། །རེས་འགའ་ཡུལ་མེད་ཅུང་ཟད་ལ། །སེམས་རྣམ་རྟོག་སྤྱོད་པས་རྗེས་སུ་འབྲེངས། །ཁྱོད་དེ་ཙམ་བདེ་ལ་སྲེད་པ་ན། །ཟག་མེད་དོན་གྱི་བདེ་བ་ལ། །བསྒྲུབ་པར་མི་བྱེད་ཕྱིར་ཕྱོགས་ནས། །འཁོར་བར་འཇུག་པ་ཁྱོད་རེ་མཚར། །རྣམ་རྟོག་གཉིས་སུ་སྣང་བ་འདི། །བདེན་པར་ཅུང་ཟད་མ་གྲུབ་ཀྱང་། །ཁྱོད་ཞེན་པས་ཡུལ་གྱིས་རྗེས་སུ་འབྲེངས། རྟག་པར་ལྷན་ཅིག་སྐྱེས་པའི་དོན། །རང་གསལ་གཅིག་ཏུ་མི་སྡོད་པར། །སེམས་ཆུང་ཁྱོད་ལ་མཚར་ཅིག་ཡོད། །དོན་དྲུག་ལྡན་པ་བྲག་ཆའི་སྒྲ། །ཟུང་སྡེབས་ཀྱི་ཚིག་རྐང་དྲུག་དྲུག་པོ། །ཚོགས་དྲུག་སྣང་བ་སྒྱུ་མ་མཁན། རྟོག་པའི་ངག་ཏུ་སྡེབས་པ་འདི། །བྲག་ཆ་ལྟ་བུར་བླངས་པ་ལགས། །འགལ་བ་གདའ་ན་བཟོད་པར་གསོལ། ཅེས་པ་འདི་རི་སྐོར་ལ་བྱོན་པའི་དུས་སུ་གཡའ་ཤལ་དང་བྲག་རོང་ལ་འཁོར་རྣམས་སྐྲག་ཟེར་བའི་དུས་རིན་པོ་ཆེ་རང་བྱུང་རྡོ་རྗེས་གསུངས་སོ། །

༈ །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བདག་གི་གདམས་པ་འདི། རྟག་ཏུ་བླ་མའི་རྣལ་འབྱོར་བསྒོམས། །ཉིན་མཚན་ཀུན་ཏུ་གསོལ་བ་ཐོབ། །རང་རྒྱུད་གྲོལ་བ་དངོས་གྲུབ་འབྱུང་། །རྒྱུ་འབྲས་རྣམས་ལ་ངེས་ཤེས་བསྐྱེད། །སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམས། །རང་དབང་མེད་པའི་རྟོགས་པ་སྐྱེ། །བྱ་ཆའི་ཆོས་ལ་བརྩོན་པ་གྱིས། །དམ་པའི་ཆོས་ལ་ཡིད་ཆེས་བསྐྱེད། གཟུང་འཛིན་སྤོངས་ལ་རི་ཁྲོད་འགྲིམས། །གདམས་པ་རྣམས་ལ་ཡིད་ཆེས་མཛོད། །དཀའ་ཐུབ་ཉིད་ལ་རྟག་ཏུ་འབད། །གཏུམ་མོའི་གདམ་ངག་བསྒོམས་པར་མཛོད། །དེ་ལྟར་ཀུན་གྱིས་གོ་བར་ཉམས་སུ་ལོང་། །ཤུབྷཾ།།

༈ ན་མོ་གུ་རུ། དལ་འབྱོར་མི་ལུས་རིན་ཆེན་ཐོབ། །རྒྱལ་བའི་བསྟན་པ་དང་འཇལ་བ། །འདི་འདྲ་བརྙེད་པར་དཀའ་བ་ཡིན། །ལེ་ལོ་མ་བྱེད་བརྩོན་འགྲུས་བསྐྱེད། །ཐེག་ཆེན་བླ་མ་མཆོག་དང་འཇལ། །མཉེས་བཞིན་གདམ་ངག་གང་འདོད་གནང་། །རྩེ་བས་ཐུགས་ལ་འདོག་པའི་ཚེ། །མོས་གུས་གདུང་བ་ཚུལ་བཞིན་གྱིས། །འཁོར་བའི་འདམ་རྫབ་དབུས་ནས་ཀྱང་། །ཐར་པའི་སྐམ་སར་འགྲོ་བ་ལ། །འཇིག་རྟེན་སྲེད་པ་བཏང་ནས་ནི། །ཚུལ་ཁྲིམས་གཙང་མ་བསྲུང་ལ་འབད། །འཇིག་རྟེན་འདི་ལ་སྙིང་པོ་མེད། །ངན་འགྲོའི་སྡུག་བསྔལ་འཇིགས་པ་ཆེ། འདི་ལ་ཐར་པ་འདོད་པ་ན། །བསམ་གཏན་བསྒོམ་ལ་འབད་པ་ཐོན། །ཆོས་ཀུན་རང་གི་སེམས་ཉིད་ཡིན། །ཐམས་ཅད་རྨི་ལམ་སྒྱུ་མ་འདྲ། །བདེན་མེད་གཅིག་ཏུ་སྦྱངས་ལགས་ན། །མྱུར་དུ་ལྟ་བའི་དོན་རྟོགས་འགྱུར། འདི་ནི་ཉམས་ལེན་རྩ་བ་ཡིན། །དེ་ཕྱིར་རི་ཁྲོད་དབེན་པ་རྟེན། །ཅི་ཡོད་བསོད་ནམས་ཚོགས་སུ་ཐོང་། །མི་རྟག་བདེན་མེད་རྒྱུན་དུ་བསྒོམ། །འདི་ནི་རང་བྱུང་རྡོ་རྗེ་ཡིས། །གདམས་པ་བསྐུལ་འདེབས་བྲིས་པ་ཡིན། །རྗེས་སུ་འདུག་པར་འདོད་པ་རྣམས། །ཚུལ་བཞིན་ཉམས་སུ་ལེན་པར་ཞུ། །དེ་ལས་བྱུང་བའི་བསོད་ནམས་ཀྱིས། །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། །།

༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །དལ་འབྱོར་བརྙེད་པར་དཀའ་བ་ཐོབ་དུས་འདིར། །རྒྱལ་བའི་བསྟན་པ་སྐྱོན་མེད་དང་འཇལ་ཚེ། །ཚེ་ཅིག་དམ་ཆོས་བསྒྲུབ་པ་བརྩོན་པར་བྱ། །ཡོན་ཏན་ཀུན་གྱི་རྩ་བ་བླ་མ་དང་། །ལུས་ངག་ལོངས་སྤྱོད་དག་པས་ཞབས་ཐོག་བྱ། །མ་ཡེངས་གུས་པས་རྒྱུན་དུ་གསོལ་བ་གདབ། །ལོངས་སྤྱོད་སྙིང་པོ་མེད་པས་སྙིང་པོ་བླང་། །ལན་ལ་རེ་བ་མེད་པས་སྦྱིན་པ་བཏང་། །མཐོ་རིས་ཐེམས་སྐས་ཏིང་འཛིན་རྒྱུ་ཡིན་ཕྱིར། །ཉེས་སྤྱོད་གོས་པ་མེད་པའི་ཚུལ་ཁྲིམས་བསྲུངས། །ཡོན་ཏན་བསྒྲུབ་ལ་བཟོད་པའི་གོ་ཆ་གྱོན། །མྱུར་དུ་བརྩོན་འགྲུས་སྐྱོ་དུབ་མེད་པ་བརྩམ། །བསམ་གཏན་ཡོན་ཏན་མྱུར་དུ་འཐོབ་བྱའི་ཕྱིར། །བླ་མའི་གདམས་པ་རྩེ་ཅིག་རྒྱུན་དུ་བསྒོམ། །ཤེས་རབ་ཀུན་གྱི་མཆོག་གྱུར་ཡིན་པའི་ཕྱིར། །ཆོས་ཀུན་སྟོང་ཉིད་ཞི་བའི་དོན་ལ་བལྟ། །སྲིད་དང་ཞི་བའི་མཐའ་གཉིས་དགག་བྱའི་ཕྱིར། །སྟོང་དང་སྙིང་རྗེ་ཟུང་འཇུག་རྟག་ཏུ་བསྒོམ། །འཁོར་བའི་རྩ་བ་བདག་འཛིན་ཡིན་པའི་ཕྱིར། །རྒྱུན་དུ་བདག་མེད་སྙིང་པོའི་དོན་ལ་བལྟ། །ཐབས་ལ་མཁས་པའི་ཁྱད་པར་ཡིན་པའི་ཕྱིར། །བསྔོ་བ་སྨོན་ལམ་སྟོབས་ཀྱིས་ཟིན་པར་བྱ། །ནམ་མཁའི་མཐར་གཏུགས་སེམས་ཅན་ཐམས་ཅད་ཀྱི། དོན་དུ་རྒྱལ་བའི་དགོངས་པ་ཅི་བཞིན་བྱ། །དེ་ལྟར་མ་ཡེངས་ཉམས་སུ་བླང་བྱས་ན། །མྱུར་དུ་རང་གཞན་དོན་གཉིས་འགྲུབ་པར་འགྱུར། །འདི་ནི་གུས་ལྡན་སློབ་མ་ལ་ཕན་ཕྱིར། །རང་བྱུང་རྡོ་རྗེས་བདེ་ཆེན་སྟེང་དུ་བྱས། འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་པར་ཤོག

༈ ཐོག་མེད་དུས་ཀྱི་བག་ཆགས་འདིས། །ཏིང་འཛིན་སྟོབས་ཀྱིས་མ་སྦྱངས་ན། །རྣམ་རྟོག་ཡུལ་དང་འབྲེལ་གྱུར་པས། ཞེན་པ་ཐོངས་པ་དཀའ་བར་མཆི། །དྲུག་པ་ཡིད་ཀྱི་ཤེས་པ་འདིས། །སྐད་ཅིག་གཅིག་ཏུ་མ་རྟོགས་ན། །ཡིད་ཤེས་རྩ་བ་མ་ཆོད་པས། །གནས་ལུགས་རྟོགས་པ་དཀའ་བར་མཆི། །སེམས་དང་སེམས་འབྱུང་ཐམས་ཅད་ཀྱི། རང་རིག་གསལ་ལ་མི་རྟོག་གང་། མཚུངས་ལྡན་ཡིད་དུ་གོ་གྱུར་ན། །གྲུབ་མཐའ་ངན་པས་འཆིང་བར་མཆི། ང་ཞེས་ཀུན་ཏུ་རྟོག་པའི་ཡིད། །སེམས་དང་འབྲེལ་བའི་ཉོན་མོངས་ཅན། །བདག་མེད་དོན་གྱིས་མ་བཅོས་པ། །བདག་རྟོག་ཆོམས་པར་དཀར་བར་མཆི། །འདི་ལྟར་རྟོགས་ན་མཁས་པ་ལགས། །ཉམས་སུ་ལེན་པ་བསྒོམ་ཆེན་ལགས། །དོན་མེད་ཁ་ལ་འཁྱེར་བྱེད་པ། །སངས་རྒྱས་ཐོབ་པ་དཀའ་བར་མཆི། །གནས་ལུགས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ནི། །རྣམ་རྟོག་སྤྲོས་པའི་མཚན་མ་ཀུན་གྱིས་སྟོང་། །གསལ་ལ་འཛིན་མེད་དག་པའི་རང་བཞིན་ཏེ། །དམ་ཚིག་དེ་དོན་མ་རྟོགས་མ་རིག་འདུ་བྱེད་ཀྱི། །བླང་དོར་བྱས་པས་འཁྲུལ་པའི་འཁོར་བ་སྟེ། བླང་དོར་མེད་ཅིང་རང་སར་གྲོལ་བ་ན། །མྱུར་དུ་སེམས་ཀྱི་ཡེ་ཤེས་རྟོགས་པར་འགྱུར། །དེས་ན་རྒྱུན་དུ་བླ་མ་དམ་པ་ལ། །མོས་གུས་ལྡན་པས་གསོལ་གདབ་མན་ངག་ཞུ། །དམ་ཚིག་སྡོམ་ལྡན་རྟག་ཏུ་བརྩོན་འགྲུས་བྱ། བསྐྱེད་རྫོགས་དབྱེར་མེད་གཅིག་ཏུ་ཉམས་སུ་བླང་། །རྩ་རླུང་བྱང་ཆུབ་སེམས་རྣམས་གཅིག་ཏུ་སྣུན། །བདེ་གསལ་མི་རྟོག་ཉམས་ལ་ཞེན་པ་སྤང་། །རྣམ་རྟོག་རྩལ་སྦྱང་མི་རྟོག་ཏིང་འཛིན་བསྒོམ། །མཐར་ཐུག་སྤྲོས་བྲལ་རང་གྲོལ་རྒྱ་ཡིས་གདབ། །ལུས་ངག་ཡིད་ཀྱི་དགེ་བ་དཔག་མེད་སྦྱང་། །གཞན་གྱི་དོན་དུ་བསྔོ་བ་སྨོན་ལམ་བྱ། །ཉམས་ལེན་གནད་ཀུན་བསྡུས་པ་དེ་ཉིད་ཡིན། །དེ་ལྟར་ཉམས་ལེན་ཀུན་གྱིས་བརྩོན་པར་མཛོད།། །།

༈ བླ་མ་དམ་པ་འགྲོ་བའི་མགོན། །ཐུགས་རྗེའི་འཕྲིན་ལས་དཔག་མེད་ཀྱི། །སྐལ་ལྡན་བློའི་མུན་པ་སེལ། །འགྲོ་བའི་དཔལ་ལ་ཕྱག་འཚལ་ལོ། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །ཤུན་པ་དང་བཅས་འོད་དང་མདོག །མི་སྣང་བྱི་དོར་བྱས་པའི་ཚེ། །རང་གི་ཡོན་ཏན་སྣང་བར་བྱེད། །སེམས་ཉིད་ནོར་བུ་རིན་ཆེན་ལ། །གཟུང་འཛིན་ཤུན་བཅས་སངས་རྒྱས་གྱི། །ཡོན་ཏན་མི་སྣང་དེ་སྦྱངས་ལ། །རྒྱལ་བའི་ཡོན་ཏན་རྫོགས་པར་འཆར། །ཕྱི་རོལ་ནམ་མཁའ་སྟོང་པ་ལ། །སྤྲིན་དང་ན་བུན་རང་བཞིན་འབྱུང་། །རླུང་གི་རྐྱེན་གྱིས་དག་བྱས་ཏེ། །འགག་པ་མེད་པར་རང་སར་དེངས། །ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། །རྟོག་པའི་འདུ་བྱེད་རང་བཞིན་བྱུང་། །ཤེས་རབ་རྟོགས་པས་དེ་སྦྱངས་པས། །གཉིས་སྣང་འགག་མེད་ངང་དུ་དག །ཉི་མའི་དཀྱིལ་འཁོར་རྟོག་མེད་པར། །དཀྱིལ་འཁོར་ཀུན་ཏུ་སྤྲོས་ནས་ཀྱང་། །མུན་སེལ་པ་ཡི་སྟེང་དུ་བབ། །འོན་ཀྱང་ས་དང་འདྲེས་པ་མེད། །རྒྱལ་བའི་འཕྲིན་ལས་རྟོག་མེད་པ། །ནམ་མཁའ་ཁྱབ་པར་སྤྲོས་ནས་ཀྱང་། །འགྲོ་བློའི་མུན་སེལ་སེམས་ཅན་སྨིན། །སེམས་ཅན་འཁྲུལ་དང་བསྲེས་པ་མེད། །ཇི་ལྟར་ཤིང་གཉིས་དྲུད་པའི་མེ། འབར་བས་གཉིས་ག་བསྲེགས་ནས་ཀྱང་། །བསྲེག་བྱ་སྲེག་བྱེད་གཉིས་མེད་པར། །ནམ་མཁའི་ངང་དུ་ཐིམ་པ་ལྟར། །སྤང་བྱའི་ཉོན་མོངས་རྟོག་པ་ཡང་། །གཉེན་པོའི་ཤེས་པས་དྲུད་པ་ལས། །གཉིས་ཀའི་མཚན་མ་དག་ནས་ཀྱང་། །སྤྲོས་བྲལ་ཤེས་རབ་ངང་དུ་ཐིམ། ཇི་ལྟར་ས་བོན་མྱུ་གུ་ལ། །འབྲས་བུ་སྨིན་པ་མ་དམིགས་ཀྱང་། །ཆུ་ལུད་རྒྱུ་རྐྱེན་འཛོམ་པ་ཡིས། །ཕུན་སུམ་ཚོགས་པའི་འབྲས་བུ་འབྱུང་། །ཐ་མལ་ཤེས་པའི་རང་ངོ་ལ། །ད་ལྟར་ཡེ་ཤེས་མ་དམིགས་ཀྱང་། སྤྲོས་བྲལ་ཤེས་རབ་ངང་དུ་ཐིམ། །ཚོགས་གཉིས་བསགས་པའི་རྒྱུ་རྐྱེན་གྱིས། སྐུ་གསུམ་འབྲས་བུ་ཕུན་ཚོགས་ཐོབ། །དེ་ལྟར་དཔེ་དོན་རྣམ་པ་བཅུ། །འགག་མེད་ཚིག་ཏུ་བརྗོད་པ་ཡིས། །འགལ་བ་འདུག་ན་བཟོད་པར་མཛོད། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །ཤོ་ལོ་ཀ་བཅུ་གཉིས་པ་དགེ་བཤེས་བསམ་གཏན་པ་རྣམས་ལ་རྫོགས་ཆེན་བཤད་དུས་བླངས་པའོ།། །།

༈ བླ་མ་དང་དཔལ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དལ་འབྱོར་མི་ལུས་ཐོབ་དུས་འདིར། །བླ་མ་སངས་རྒྱས་དང་མཇལ་ནས་ཀྱང་། །རྩེ་ཅིག་ཉམས་ལེན་བྱེད་པ་ལ། །ལེ་ལོ་གཡེང་བ་འདི་བདུད་དུ་ཆེ། །རྒྱལ་བའི་གསུང་རབས་རབ་འབྱམས་དང་། །མཇལ་ནས་བརྩོན་པར་བྱེད་པའི་ཚེ། །ཉན་བསམ་རྒྱུད་ལ་སྦྱོང་བའི་དུས། །ཆོག་ཤེས་ཕྱོགས་རིས་འདི་བདུད་དུ་ཆེ། །དབེན་པས་སངས་རྒྱས་ཐོབ་པ་ལ། །རི་ཁྲོད་བས་མཐའ་བརྟེན་པའི་ཚེ། བརྩོན་འགྲུས་རྩོམ་པར་བྱེད་པ་ལ། །འདུ་འཛི་གཡེང་བ་འདི་བདུད་དུ་ཆེ། །འཁོར་བ་སྒྱུ་མ་འདྲ་བ་ལ། །བདེན་པ་མེད་པར་སྦྱོང་བའི་དུས། །ཞེན་པ་མེད་པར་བཏང་རྒྱུ་ལ། །གྲོགས་མངོན་ཞེན་ཅན་དེ་བདུད་དུ་ཆེ། །བསྟན་པའི་བྱ་བ་འཁོར་བ་སྤོངས། །ཆེ་ཐབས་ལོ་འདོད་བསྐྱུར་བ་ལ། །འབད་པས་རང་སེམས་སྦྱོང་བའི་ཚེ། །རང་འདོད་ཆེ་བ་བདུད་དུ་ཆེ། །ནང་དུ་ཡང་དག་འཇོག་པ་ཡི། །ཏིང་ངེ་འཛིན་ལ་མཚོན་དུས་ན། །རྣམ་རྟོག་དུ་མ་སྤྲོ་སྤྲོ་ནས། །སེམས་མི་གནས་པ་དེ་བདུད་དུ་ཆེ། །རྗེས་ཐོབ་ཡེ་ཤེས་སྦྱོང་བ་ལ། །རྒྱུ་འབྲས་རྟོགས་པར་བྱེད་པའི་ཚེ། །བློའི་གསལ་སྣང་མི་སྐྱེ་བར། །ནང་དུ་འཁྱིལ་པ་བདུད་དུ་ཆེ། །ལར་འདུས་བྱས་ཆོས་ལ་བདེན་པ་མེད། འདུས་མ་བྱས་ལ་རྟོག་པ་བྲལ། །གཉིས་མེད་དོན་ཅིག་མ་རྟོགས་ན། །བྱས་ཚད་འཁོར་བའི་རྒྱུ་འབྲས་ཡིན། །བློ་ཞེན་པ་ཐོང་ཅིག་རྣལ་འབྱོར་པ། །གཟུང་འཛིན་མ་བྱེད་རང་སར་ཞོག །ཀྱེ་མ་འཁྲུལ་པའི་རྣམ་རྟོག་འདི། །ཡེ་ཤེས་ཉིད་དུ་གྲོལ་བར་ཤོག །

༈ ན་མོ་གུ་རུ། རྗེ་བླ་མ་རྣམས་ཀྱིས་བྱིན་གྱིས་བརློབས། །རང་རྒྱུད་གྲོལ་བར་མཛད་དུ་གསོལ། །འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །རྣམ་པར་རྟོག་པ་འཕྲོ་འདུ་མང་། །རང་རིག་གསལ་བ་ཡུལ་ལ་ཤོར། །དེར་འཛིན་ཤེས་པ་སླུ་བྲིད་མཁས། །ཉོན་མོངས་ཇག་པ་དགྲ་ཐབས་མཁས། །འདོད་ཡོན་རོ་འདི་མྱངས་ཤིང་སྲེད། །གཉིས་འཛིན་རྟོག་པ་འབྲེལ་བ་ཆེ། །བསམ་གཏན་མཐུ་འདི་ཤིན་ཏུ་ཆུང་། ཅུང་ཟད་ཡོད་ཀྱང་འཁོར་བའི་ཁྲོད། །སྣང་མེད་བསམ་གཏན་འཇིག་པའི་རྒྱུ། །མཐར་འཛིན་བདུད་འདི་ནུས་པ་ཆེ། །ང་བདག་འགོང་པོ་ཕུགས་ན་དམ། །བདེན་མེད་འདོད་པ་བདེན་པར་ཆེ། །བླ་མ་སངས་རྒྱས་ཐམས་ཅད་ཀྱང་། །ཐུགས་རྗེའི་རྩལ་ཁ་ཆུང་བ་འདྲ། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས། །མི་བཞུགས་ཞིང་ཁམས་དག་པར་གཤེགས། །མ་དག་འགྲོ་བས་ས་སྟེང་གང་། །རྒྱལ་བའི་བསྟན་པ་གདུགས་ལ་ཉེ། །ཀྱེ་མ་དུས་ངན་སྙིགས་མའི་དུས། །འདི་དུས་བརྩོན་འགྲུས་བྱེད་རེ་རན། །རྗེས་འཇུག་བསམ་གཏན་བྱེད་པ་རྣམས། །ཉིན་མཚན་མེད་པར་མཉམ་པར་ཞོག །ལེ་ལོ་མ་བྱེད་བརྩོན་འགྲུས་བསྐྱེད། །རྟག་ཏུ་སྲོག་རྩོལ་རླུང་ལ་འབད། །སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ། བླང་དོར་བཤིག་ལ་མཉམ་པར་ཞོག །འདོད་ཡོན་སྤོངས་ལ་ཉམས་སུ་ལོང་། ཞེས་ཆོས་རྗེ་རིན་པོ་ཆེས་གསུངས།། །།

༈ །བླ་མ་དམ་པ་མཆོག་ལ་ཕྱག་འཚལ་ལོ། །སེམས་ཀྱི་ཀུན་རྟོག་བཅས་པའི་འཁོར་བའི་རྒྱུ། །བག་ཆགས་བསྟན་པའི་གཞི་ནི་རྒྱ་མཚོ་འདྲ། །གཡོ་བ་འདུ་བྱེད་རྐྱེན་ནི་རླུང་དང་མཚུངས། །ཡུལ་ལ་མཚན་འཛིན་འདུ་བྱེད་ཆུ་ཟླ་བཞིན། །ཚོགས་དྲུག་འཚམས་སྦྱོར་ལྡན་པ་སྒྱུ་མ་བཞིན། །ཚོར་བ་རྣམ་གསུམ་ཤིང་ལ་མེ་འབར་མཚུངས། །སྲེད་པའི་རྣམ་རྟོག་ཚ་ཆུ་འཐུང་བ་ལྟར། །རྒྱུ་དང་རྐྱེན་དེས་འཁོར་བར་འགྲུབ་པ་ཡིན། །དེ་དོན་ཤེས་ནས་ཞི་ལྷག་རྩལ་སྦྱངས་ནས། །རྒྱལ་སྲས་རྣམས་ཀྱི་གདམ་ངག་ཐོབ་པ་ཡིན།། །།

༈ ཨོཾ་སྭ་སྟི་མཾགྷ་ལཾ་བྷ་ཝནྟུ། །དཀར་ཕྱོགས་མཁའ་ལ་དཀར་ཟླུམ་ནི། །དཀར་པོའི་ཟེར་འཕྲོ་དཀར་པོའི་གཉེན། །ཉིན་མོར་བྱེད་པའི་རྗེས་མཐུན་པ། །ཐུབ་པ་རྣམས་ཀྱིས་བསྔགས་པ་ཡིན། །གཟུང་འཛིན་རྡོ་རྗེའི་རི་བོ་ལ། །ཐོས་བསམ་ཚིག་གི་བཟོང་བཙུག་ཤིང་། །རིགས་པའི་ཐོ་བས་བརྡུངས་གྱུར་ཀྱང་། །འཛུག་པ་ཉིན་མོའི་སྐར་མ་ཙམ། །ཏིང་འཛིན་རྟགས་ཀྱི་འཁྲུལ་འཁོར་ཀྱིས། །རྣམ་རྟོག་དམིགས་པའི་རྡོ་བླངས་ཏེ། །རྒྱབ་ཀྱང་མ་ཕེད་ཚུར་ལ་གས། །ཕྱག་རྒྱ་ཆེ་དང་དབུ་མ་ཆེ། །ནམ་མཁའི་རླུང་ནི་འར་འུར་གྱིས། །ཕོག་ཀྱང་འཇིག་པ་དཀའ་བར་གདའ། །རྫོགས་ཆེན་སེམས་ཀློང་མན་ངག་གི །མེ་ལྕེ་འར་འུར་གྱིས་བསྲེགས་ཀྱང་། །གཟུང་འཛིན་འ ཚིག་པར་མི་གདའ་ན། ངར་འཛིན་རྡོ་རྗེ་ཕ་ལམ་འདི། །སྔར་ཡང་སྐལ་པ་བགྲངས་པ་ཡིན། །ད་ཡང་སྐལ་པ་དུ་འགྲོ་ལྟ། །རང་རིག་གཟུང་འཛིན་བྱེད་པ་ཡིན། དགྲ་བོ་ནང་ནས་མ་ཕྱུང་ན། །མཚན་དང་དཔེ་བྱད་འོད་འབར་བའི། །སངས་རྒྱས་སྟོང་གི་དམག་དྲངས་ཀྱང་། །ང་ལ་གནོད་པ་རྡུལ་ཙམ་མེད། །མ་རིག་གོས་འདི་མ་ཕུད་ན། །ཆོས་ཆར་སྐལ་པ་བརྒྱ་ཕབ་ཀྱང་། །བངས་ཀྱི་མི་དགོས་ཨེ་མ་ཧོ། །གཟུང་འཛིན་རྡོ་རྗེའི་ཆོས་དབྱངས་འདི། །ཉམས་དགའ་ལ་རེ་ནས་བླངས་པ་ལགས།། །།

༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རང་སེམས་རྟོགས་པར་བྱིན་གྱིས་བརློབས། །ཚིག་འདི་ལ་འདིར་བཞུགས་གསན་པར་ཞུ། །རང་སེམས་སྤྲོས་དང་བྲལ་བ་ལ། །གཉིས་སྣང་གི་ཤེས་པས་མ་སླད་པར། །རང་གྲོལ་ལྷན་ཅིག་སྐྱེས་པ་འདི། །མཐའ་བྲལ་གྱི་ལྟ་བ་ཟེར་བ་ཡིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང་། །མ་ཡེངས་རྒྱུན་གྱི་དྲན་པ་ཅན། །དམིགས་པའི་མཚན་མས་མ་བཅིངས་པ། །རང་གྲོལ་བསྒོམ་པའི་གནས་ལུགས་ལགས། །རང་གཞན་ཀུན་གྱིས་དོན་གྲུབ་ཅིང་། །མཐའ་གཉིས་ཕྱོགས་སུ་མི་ལྷུང་པར། །བཅོས་པའི་སྤྱོད་པ་མ་སླད་པ། །ཤུགས་འབྱུང་སྤྱོད་པའི་གནས་ལུགས་ལགས། །གཞི་དང་འབྲས་བུ་དབྱེར་མེད་ཅིང་། །མ་སྤངས་སྒྲིབ་པ་ཀུན་དང་བྲལ། །ཐོབ་རྒྱུ་མེད་པའི་ཡོན་ཏན་རྫོགས། །འབྲས་བུ་ཟུང་འཇུག་གི་ངོ་བོ་ལགས། །ལྟ་བསྒོམ་སྤྱོད་པ་འབྲས་བུ་བཞི། སྤངས་བླང་མེད་པ་སེམས་ལ་རྫོགས། །བརྟགས་ན་རྒྱལ་བའི་དགོངས་དང་མཐུན། །འཐད་པར་གདའ་ན་ཉམས་སུ་ལོང་།

༈ རྗེ་བླ་མ་དམ་པ་བཀའ་དྲིན་ཅན། །དཔལ་རྡོ་རྗེ་འཆང་དང་ཐ་དད་མེད། །ཟབ་དོན་མངོན་དུ་སྟོན་པ་པོ། །རྗེ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །མ་ནོར་ཉམས་སུ་ལེན་པ་ལ། །འདི་དོན་གནད་དུ་བསྣུན་པར་མཛོད། །ཐོག་མར་ཐེག་ཆེན་གྱི་བླ་མ་བསྟེན། །མོས་གུས་རྣམ་དག་གི་སེམས་དང་བསྲེས། །འཇིག་རྟེན་འཁྲི་བ་རྩད་ནས་ཆོད། །དབེན་གནས་རི་ཁྲོད་བས་མཐའ་བརྟེན། །རྩ་རླུང་ཐབས་ལམ་གནད་དུ་བསྣུན། །མ་ཡེངས་རྒྱུན་དུ་བསམ་གཏན་མཛོད། །དོན་དེ་ལྟར་ཉམས་སུ་ལེན་པའི་ཚེ། །ཐོག་མེད་ཀྱི་བག་ཆགས་རྨུ་རྒོད་འདི། །གཉིས་འཛིན་སྣང་བ་བྱུང་ནས་ཀྱང་། །འདོད་ཆགས་ཞེ་སྡང་ཀུན་སློང་གིས། །སྤོང་ལེན་རེ་དོགས་རྟོག་པ་འབྱུང་། །མ་རིག་བག་ཆགས་སྒྲིབ་པ་འདིས། །བྱིང་ཞིང་རྨུངས་པའི་ས་བོན་བྱེད། །བླ་མེད་ལམ་གྱི་བར་དུ་གཅོད། །གེགས་ཀྱི་འབྱུང་བའི་རྒྱུ་རུ་བཤད། །གེགས་སེལ་གནད་ཀྱི་མན་ངག་ནི། །གཉེན་པོ་ཡེ་ཤེས་ཀྱི་རྟོག་པ་འདི། །བརྩོན་འགྲུས་རྟ་ལ་ཞོན་ནས་ཀྱང་། །བསམ་ག ཏན་ཟག་མེད་ཟས་དང་བཅས། །བཟོད་པའི་སྙིང་རུས་ཀྱི་གོ་གོན་ནས། །ཤེས་རབ་རྣོན་པོའི་མཚོན་ཆ་ཡིས། །བྱིང་རྒོད་དགྲ་བོ་འདུལ་བར་ངེས། །མདོར་བསྟན་དཔེ་དང་སྦྱར་བ་ལགས། །ད་ནི་རྒྱས་བཤད་བསྟན་ལགས་ན། །སེམས་བྱིང་ན་ཡུལ་སྣང་སྟེང་དུ་སྤྲོས། ཡུལ་དེ་སྣང་སྟོང་གི་ངོ་བོ་ལྟོས། །རྨུགས་ན་རྣམ་རྟོག་ཡན་པར་ཐོང་། བཏང་ས་རུ་མ་ཡེངས་དྲན་པས་བཟུང་། །ཉམས་རྒྱལ་ན་སྣང་བ་རླུང་དང་བསྲེས། །འགྲོ་འོང་མཁའ་དང་ཅིག་ཏུ་བསྲེས། །འཐོར་ན་རྣམ་རྟོག་དྲན་པས་བཟུང་། །གང་གསལ་དེའི་སྟེང་དུ་ཞོག །ནན་ཏར་འཕྲོ་ན་འཕྲོ་སར་ཐོང་། །འགྲོ་ས་མ་རྙེད་གློད་ལ་ཞོག །རྒོད་ན་གཉེན་པོའི་ཤེས་པ་དེ། །སྡུག་ཙིར་མ་བྱེད་གློད་ལ་ཞོག །རྟོག་མེད་བཏང་སྙོམས་བསྒོམ་པའི་མཆོག །སེམས་ཀྱི་གེགས་སེལ་བསྡུས་ལགས་ན། །རྩ་སྟེང་འོག་བར་གསུམ་ཁང་པ་འདྲ། །རླུང་སྟེང་འོག་བར་གསུམ་མི་དང་མཚུངས། །ཁམས་དྭངས་སྙིག་སེམས་གསུམ་ནོར་དང་འདྲ། །དེ་གསུམ་མ་ནོར་བསྒྲིགས་པ་ཅེས། །བྱིང་བའི་གེགས་རྣམས་རླུང་གིས་གཏོར། །རླུང་སེམས་སྟེང་དུ་མདའ་ལྟར་འཕོངས། །རྒོད་པའི་བགེགས་རྣམས་འོག་ཏུ་ནོན། །ཐུར་སེལ་ས་དང་ཅིག་ཏུ་བསྲེས། །གྲང་ཞིང་འདར་ན་གཏུམ་མོ་སྤོར། །རླུང་སྣ་ནས་ཁུག་ལ་མེ་ལ་བསྣུན། །ཚ་ཞིང་བརྩེ་ན་ཆུ་དང་བསྲེས། །རླུང་ཁ་ནས་སྒྲ་བཅས་དྲག་ཏུ་བྱུང་། །རྩ་བའི་སྲོག་རླུང་རེངས་པ་གསུམ། །ལུས་ལ་རེངས་ན་ཕྱི་རུ་གཞིལ། །རྩ་ལ་རེངས་ན་གཅིག་ཏུ་དུལ། སེམས་ལ་རེངས་ན་དབུ་མའི་སྒོར། །ཉི་ཟླ་མེ་གསུམ་གཅིག་ཏུ་བསྲེས། །སེམས་དང་བདེ་སྟོང་གཅིག་ཏུ་བྱ། །སྐྱོན་ལས་གྲོལ་བར་ཐེ་ཚོམ་མེད། །ཐིག་ལེའི་དངས་མ་གཉིས་པོ་འདི། །ལུས་ཀུན་ཁྱབ་པར་གནད་དུ་བསྣུན། །འོག་ཏུ་དཀར་ཆ་གནས་པ་མེད། །དམར་ཆ་སྟེང་དུ་བསྟན་པ་མེད། །གོ་བཟློག་འཛིན་པ་ཤེས་ལགས་ན། །རྒྱལ་པོ་བརྩོན་དུ་བཟུང་དང་མཚུངས། །ཡན་ལག་སྙིགས་མ་ཉི་ཤུ་བཞིས། །འཐུམས་ན་དབྱུང་པས་ཕྱུང་ལ་ཐོང་། །འདྲེན་ན་ཐམས་ཅད་རླུང་གིས་གཏོར། །སྟོང་ན་རང་རང་ངོ་བོས་གསོལ། །རྩ་རླུང་གེགས་སེ ལ་དེ་ལས་མེད། །རྟེན་དང་རྟེན་པ་རྣམ་པ་གཉིས། །དཔེར་ན་བྱའི་གཤོག་པ་འདྲ། །ཐབས་ཤེས་གནད་དུ་བསྣུན་ཤེས་ན། །བདེ་ཆེན་མཁའ་སྤྱོད་ཀྱི་ལམ་ལ་འགྲོ། །དཔལ་རྡོ་རྗེ་འཆང་གི་འབྲས་བུ་འཐོབ། །ཟག་མེད་མྱང་འདས་གནས་སུ་སླེབ། །བླ་མའི་མན་ངག་བརྒྱ་ཤེས་ཀྱང་། ངས་ནི་དེ་ལས་མཐོང་བ་མེད། ཞེས་ཆོས་རྗེ་རང་བྱུང་རྡོ་རྗེས་གསུངས་སོ།། །།

༈ ཡོན་ཏན་མ་ལུས་འབྱུང་བའི་གནས། །དགོས་འདོད་ཐམས་ཅད་འབྱུང་བའི་དཔལ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདི་ལ་འདིར་བཞུགས་སྙན་གསན་མཛོད། །བདག་མེད་དོན་ལ་རབ་མོས་ཤིང་། །རྒྱུ་འབྲས་ཁྱད་དུ་མི་བསོད་པ། །རྒྱལ་བ་ཚད་མར་ལྟ་བ་དེ། །འཇིག་རྟེན་གྱི་ཡང་དག་བལྟ་བ་ལགས། །དཀོན་མཆོག་གསུམ་ལ་མོས་པ་བསྒོམ། །སྦྱིན་དང་ཚུལ་ཁྲིམས་ཉམས་སུ་ལེན། །བསམ་གཏན་དོན་ལ་མཉམ་པར་འཇོག །འཇིག་རྟེན་པ་ཡི་བསྒོམ་པ་ལགས། །མཐོ་དམན་ཀུན་ལ་སྙོམས་པར་བྱེད། །མི་དགེ་ནག་པོ་རྒྱབ་དུ་བསྐྱུར། དཀར་པོ་དགེ་བ་དང་དུ་ལོང་། །ཁྲེལ་ཡོད་འཇིག་རྟེན་སྤྱོད་པ་ཡིན། །གནས་སྐབས་བདེ་འགྲོ་ལྷ་ཡི་འཐོབ། །ཐོན་མོང་སྲིད་ལས་རྣམ་གྲོལ་འཐོབ། །མཐར་ཐུག་རྒྱལ་བའི་ལམ་སྟེགས་ཡིན། །འཇིག་རྟེན་པའི་འབྲས་བུ་ལགས། ཐུན་མོང་ཐེག་པའི་ལྟ་བ་དང་། །བསྒོམ་དང་སྤྱོད་དང་འབྲས་བུ་བཞི། །དང་པོའི་ལས་ཅན་དང་མཐུན་པར། །རང་བྱུང་རྡོ་རྗེ་མགུར་དུ་བླངས།། །།

༈ རང་སེམས་མཁའ་དབྱིངས་བརྡལ་བ་ལ། །སྣང་སྟོང་ཀུན་བཟང་རྣམ་འཕྲུལ་ཤར། །རྒྱ་ཆད་ཕྱོགས་ལྷུང་མེད་པ་ལ། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་ལོ། །རིག་པའི་ཡེ་ཤེས་མངོན་སུམ་ལ། །མཐའ་དབུས་མེད་པ་ནམ་མཁར་འཕྱོ། །སྒྲིབ་བྱེད་བྲལ་བའི་མིག་གིས་བལྟ། འཁྲུལ་མེད་ངོ་བོའི་ལྟ་བ་ལགས། །ལུས་ནི་སེང་གེ་དྲང་སྲོང་མཚུངས། །ངག་ནི་གཡོ་མེད་ལྐུགས་པ་བཞིན། །སེམས་ནི་དྲན་མེད་རོ་དང་མཚུངས། །ཆོས་ཉིད་རང་གི་བསྒོམ་པ་ཡིན། །དཀར་ནག་སྤྱོད་པས་མི་སྒྲིབ་ཅིང་། རྟེན་མེད་ནམ་མཁའི་དཀྱིལ་དུ་སྤྱོད། །འགག་མེད་གོང་འཕེལ་སྣང་བ་འཆར། །རིག་པ་དྭངས་པའི་སྤྱོད་པ་ལགས། །འཁོར་འདས་རེ་དོགས་མེད་པ་ལ། །མངོན་སུམ་སྣང་བ་ལམ་དུ་བྱེད། །མཐར་ཐུག་ཆོས་རྣམས་ཟད་སར་སྐྱོལ། །བླ་མེད་ཐེག་པ་འབྲས་བུ་ལགས། །ལྟ་བསྒོམ་སྤྱོད་འབྲས་བཞི་པོ་འདི། །ཐུན་མོང་ཐེག་པའི་སྤྱོད་ཡུལ་མིན། །འོན་ཀྱང་རང་བྱུང་མིང་ཅན་གྱིས། །འགག་མེད་ངང་ནས་བླངས་པ་ལགས།། །།

༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །རྣལ་འབྱོར་བདག་ལ་བྱིན་གྱིས་བརློབས། །རྒྱལ་བའི་བསྟན་པ་སྙིགས་མ་ལ། །བྱང་ཕྱོགས་གངས་རིའི་ཞོལ་འདིར་ནི། །རྩོད་ལྡན་སེམས་ཅན་ནང་དུ་སྐྱེས། །རྣམ་རྟོག་ལས་ལ་ཞེན་པས་ལན། །ད་རུང་རྟོག་ལ་བདེན་འཛིན་ན། །ཐུག་མེད་འཁོར་བར་འཁྱམ་དོགས་ཡོད། །ཀྱེ་མ་དུས་མཐའི་རི་ཁྲོད་པ། །ནང་བསམ་གཏན་ཚུལ་བཞིན་བསྒོམ་པ་ལ། །རྣམ་གཡེང་འདུ་འཛི་མ་སྤངས་ན། །ཉོན་མོངས་དགྲ་བོ་རླུང་ཚུབ་ལྡང་། དབེན་པར་གཉེན་པོ་རྩལ་ཆེན་སྦྱོངས། །དེ་ལྟར་མ་ནུས་རང་ལ་སྨོད། །ལྷག་མཐོང་ཤེས་རབ་ཡེ་ཤེས་ཀྱི། །སྣང་བ་གོང་དུ་སྤེལ་བ་འདི། །རྒྱལ་བའི་གདུང་འཚོབ་རྗེ་ལས་བྱུང་། །འོན་ཀྱང་ཐོག་མེད་ཀུན་རྟོག་གིས། བཏང་སྙོམས་ལེ་ལོ་བྱས་གྱུར་ཅིང་། །བརྩོན་འགྲུས་སྦྱང་ལ་མ་འབད་པས། །དེས་ཀྱང་རང་གི་སེམས་མ་མཐོང་། བླ་མེད་བྱང་ཆུབ་སེམས་དཔའ་རྣམས། འགྲོ་བ་ཀུན་ལ་བུ་བཞིན་བལྟ། རང་སེམས་སྙིང་རྗེ་མ་འབྱོངས་ཤིང་། ཉོན་མོངས་ཞེ་སྡང་སྐྱོན་གྱིས་འཁྱེར། བྱང་སེམས་མངོན་དུ་མ་འབྱོངས་པས། དེས་ཀྱང་རང་གི་སེམས་མ་བཅོས། །ཆོས་རྣམས་རྨི་ལམ་སྒྱུ་འདྲ་ལ། །སྟོང་པ་རྒྱུད་ལ་མ་རྟོགས་ཤིང་། ཡོད་རྟོག་བདག་འཛིན་འཆིང་བས་བཅིངས། དངོས་མེད་དངོས་པོར་འཛིན་པ་ཡིས། །སེམས་ཀྱི་འཁོར་བའི་རྨང་རྡོ་བྱས། །དེ་བས་རང་སེམས་རང་གིས་ཁྲེལ། །རང་སྐྱོན་མཐོང་ནས་སྒྲིབ་པ་འདི། །གཞན་ལ་འཛུག་མོ་འཛུགས་པ་མིན། །སླད་ཀྱིས་བསྟན་ལ་འཇུག་པ་རྣམས། སེམས་ནང་དུ་ཁུག་ལ་ནང་དུ་གཞོལ། །དོན་མེད་འཁྲུལ་པ་བསྐྱུར་ལ་ཐོང་། །ཤེས་ཡི་རྒྱལ་ལ་ཉེ་བ་ལགས། ཞེས་ཆོས་རྗེ་རང་བྱུང་རྡོ་རྗེས་གསུངས་སོ།། །།

༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཀྱེ་མ་བསྟན་པའི་སྙིགས་མ་ལ། །རྒྱལ་བ་ཐུགས་རྗེའི་མངའ་བདག་གི འཕྲིན་ལས་ཉི་མ་ནུབ་ཁར་ཕྱིན། །འབད་པ་དུ་མ་བྱས་ལགས་ཀྱང་། །མ་རིག་བདུད་ཀྱི་མཐུ་ཆེ་ཞིང་། །ཆགས་པའི་དགའ་མོ་གཡོ་སྒྱུ་ཆེ། །སྲེད་མ་མྱོས་དང་དགའ་བྱེད་མ། །མྱུར་མགྱོགས་ཆེ་ཞིང་རྟག་ཏུ་འབྲེང་། །ཡུལ་གྱི་མདའ་ལྔ་རབ་ཏུ་རྣོ། །ཀུན་རྟོག་གཞུ་འདི་ནུས་པ་ཆེ། །དེས་རྐྱེན་གཡེང་དང་སླུ་བ་དང་། །འཁྲུག་དང་རྨོང་བྱེད་ཕོ་ཉ་བཞི། མཐུ་ལྡན་སེམས་ལ་ལྷན་ཅིག་བྱུང་། །ངག་དང་ལུས་ཀྱི་ལམ་རྒྱུད་ནས། །མི་དགེ་བཅུའི་དཔུང་ཚོགས་བསྡུས། །དུག་གསུམ་གོ་ཆ་རབ་བགོས་ནས། །རྒྱལ་བའི་བསྟན་ལ་གནོད་པ་བྱེད། །དགེ་སེམས་བསམ་སྦྱོར་འཇོམས་བྱེད་པ། །འདི་འདྲ་ཀྱེ་མ་ཉོན་རེ་མོངས། །འགྲོ་དྲུག་སེམས་ཅན་སྙིང་རེ་རྗེ། །འདི་དུས་རང་བྱུང་རྡོ་རྗེ་ཡི། །རྒྱལ་བ་ཀུན་ལ་བསྐྱེལ་མར་བོས། །སེམས་དཔའ་ཆེ་ཀུན་མོས་པས་བསྐུལ། །དམ་ཆོས་འཛིན་པའི་དགྲ་ཐབས་སླབས། །རང་རིག་ལྟ་བའི་སྐྱེས་བུ་ལ། །སྙིང་རྗེ་ཆེན་པོའི་གོ་ཆ་བཀོན། །བཟོད་པའི་ནན་ཏན་གོ་བསྒོས་ནས། །བསམ་གཏན་ཆེན་པོའི་གཞུ་ཐོགས་ནས། །དམིགས་པ་རྩེ་ཅིག་མདའ་དང་སྦྱར། །ཤེས་རབ་རལ་གྲི་རྣོན་པོ་དང་། །ཐབས་མཁས་བསྡུ་དངོས་ཀྱིས་བྲིད་ཅིང་། །དྲན་དང་ཏིང་འཛིན་ཡིད་བརྟན་པས། །ཤེས་བཞིན་ལྡན་པ་ཕོ་ཉར་བསྐུལ། །དགེ་བཅུའི་དཔུང་ཆེན་བསྡུས་ནས་ཀྱང་། །ཉོན་མོངས་བདུད་དང་འཐབ་སྙམ་པས། །ཕལ་ཆེར་སྙིགས་མའི་སྐྱེས་བུ་རྣམས། །ཁ་ཡར་ཁོ་བོས་ཐོབ་ལགས་པས། །ཕལ་ཆེར་མ་རིག་བདུད་ལ་ཤོར། །ཁྲོ་སོགས་བདུད་ཀྱིས་སྐྱེད་པ་ལ། །ལ་ལ་ཐར་ཀྱང་སྲེད་མ་སོགས། །ཡུལ་གྱི་བདེ་འདོད་གྱིས་བཅིངས་ཁྲིད། །ལ་ལ་དེ་ལས་ཁྲོས་བྱེད་ཀྱང་། །མ་རིག་དོན་མེད་ཡུལ་དུ་འཁྱམ། །ཀྱེ་མ་སེམས་ཅན་སྙིང་རེ་རྗེ། །བདག་རང་རྣལ་འབྱོར་གཅིག་པུ་འདི། །རྣམ་རྟོག་བདུད་ཀྱི་གཡུལ་ལས་རྒྱལ། །རྒྱབ་ན་སྙིང་རྗེའི་ཟླ་བ་ཤར། །མདུན་ན་ཡེ་ཤེས་ཉི་འོད་འཁྱིལ། །དགའ་བྱེད་བསམ་གཏན་ངང་དུ་ཐིམ། །སྲེད་མ་འཁོར་འདས་ངང་དུ་དེངས། །མྱོས་མ་ཟག་མེད་ལྷ་རུ་གྱུར། །ཁྲོ་དང་གཡེང་སོགས་བཞི་པོ་དང་། སྲིད་དུ་ཆོད་ནས་མེལ་ཙེ་བྱེད། གཡེང་བྱེད་རྟོག་པ་གཡོ་བ་ཡིན། །དགེ་ལ་རྩོལ་ཡང་ཨའུ་ཙི། །འཁྲུལ་བྱེད་བཟོད་པའི་གོ་ཆར་གྱུར། །ངར་འཛིན་མེད་པར་གཅིག་ཏུ་བོར། །རྨུགས་བྱེད་མི་རྟོག་དྲན་པར་སོང་། གཉིས་སྣང་ཟད་ཀྱང་དེ་ཀ་ཡིན། །འཐབ་བྱེད་ཡེ་ཤེས་མཚོན་ཐོགས་ཏེ། །བདག་འཛིན་འཇོམས་པར་བྱེད་པར་འགྱུར། །མི་ངའི་རྗེས་སུ་སློབ་པ་ཀུན། །དེ་ལྟར་གྱིས་ལ་རྣམ་རྟོག་གི །མི་དགེ་བདུད་ལས་རྒྱལ་བར་མཛོད། རྒྱལ་བ་སྲས་དང་བཅས་པ་རྣམས། ཐུགས་རྗེ་ཆེན་པོའི་དཔུང་བསྐྱེད་ལ། །བདག་རྗེས་འཇུག་པའི་སྐལ་ལྡན་རྣམས། །བསམ་གཏན་བདེ་བའི་ཟས་མཆོག་དང་། །ཐར་པའི་རིན་ཆེན་ཁང་བཟང་དུ། །རྣམ་གཡེང་བདུད་ཀྱི་མ་ཕྲོགས་པར། །ཉམས་དགའི་དགའ་སྟོན་བྱེད་པར་མཛོད། །སྲིད་ཞི་གཉིས་འཛིན་བྲལ་ནས་ནི། །ཐུབ་དབང་ཁྱེད་དང་མཚུངས་གྱུར་ཅིག །

༈ ན་མོ་གུ་རུ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དང་པོ་དད་པ་བརྟན་པོ་དེ། ཕྱི་རོལ་རྐྱེན་གྱིས་མི་འགྱུར་བས། །རྩེ་གཅིག་བརྟན་ན་ཡོན་ཏན་འབྱུང་། །རང་སེམས་དྲན་པའི་སོ་པ་དེ། །ལེ་ལོའི་སད་ཀྱིས་མ་ཁྱེར་བར། །རྩེ་ཅིག་བསམ་གཏན་བསྒོམ་པ་ལ། །རྒྱུན་དུ་བསྟེན་ན་མཁས་པ་ཡིན། །རང་སེམས་དག་པའི་མེ་ལོང་ལ། །བག་ཆགས་ངན་པའི་གཡས་གཡོགས་པ། །ཕྱིས་ཤིང་ཤེས་པར་གསལ་བཏབ་ན། །དཀར་པོའི་ཡོན་ཏན་འབྱུང་བ་ཡིན། །རང་སེམས་རྩ་གདར་མ་ཆོད་ན། །སྒྲ་ཚིག་རྗེས་སུ་བརྩལ་ལགས་ཀྱང་། །གཉུག་མའི་ངོ་བོ་མི་མཐོང་པས། །རང་སེམས་རང་གྲོལ་གསལ་བ་དེ་ཉིད་ལྟོས། །ངེས་ཤེས་ནང་ནས་མ་སྐྱེས་པར། །ཁ་འཁྱལ་ཚིག་གི་རྗེས་འབྲངས་ཀྱང་། །གདར་ཤ་སེམས་ལ་མི་ཆོད་པས། །སེམས་དྭངས་སུ་ཆུག་ལ་མཉམ་པར་ཞོག །སེམས་ནང་དུ་བཀུག་པས་འཕྲོས་པ་ན། །ཕར་ལ་ཐོང་ལ་རང་ངོ་ལྟོས། །ཕྱི་ཡུལ་ལ་ཞེན་པ་སྐྱེས་པ་ན། །ཡུལ་དེ་རང་གི་སེམས་སུ་ལྟོས། །རྣམ་རྟོག་དོན་མེད་འཚུབ་པ་ན། །རླུང་གིས་གཏོར་ལ་ལྷོད་ཀྱིས་གློད། །བདེ་གསལ་རོ་ལ་ཞེན་པ་ན། །བདེན་མེད་སྟོང་པའི་རྒྱ་ཡིས་ཐོབ། །དགེ་མེད་སྡིག་མེད་ཉམས་སྐྱེས་ན། །རྒྱུ་འབྲས་ཀྱི་ཚུལ་ལ་ནན་ཏན་གྱིས། །སྤང་བླང་མེད་པར་མངོན་གྱུར་ཅིང་། །ཐབས་མཁས་ཀྱིས་རྒྱུ་འབྲས་མི་འདོར་ན། །རྒྱལ་བའི་གསུང་དང་མཐུན་པ་དང་། །མ་ནོར་ལམ་མཆོག་འཕྲད་པ་ཡིན། །སྤྲོས་པ་ཆོད་ལ་མཉམ་པར་ཞོག །དེ་ལྟར་ཉམས་ལེན་རྩེ་ཅིག་གྱིས། །ཅེས་པ་འདི་ཕག་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་བདེ་ཆེན་དུ་བཀོད་པའོ། །ཤུབྷཱཾ།།

༈ གཞན་གྱི་རྒྱུད་ལ་ཕན་པའི་ཁྲིམས་ཡིག་བཞུགས་པ་ལགས་སོ། །ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། བླ་མ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཐུབ་དབང་ཐུགས་རྗེའི་འཕྲིན་ལས་ཀྱིས། །བསྟན་པ་རིན་ཆེན་འགྲོ་བའི་དཔལ་དུ་ཤར། །སྙིགས་དུས་རང་གཞན་རྒྱུད་ལ་ཕན་བྱའི་ཕྱིར། །དེ་དང་རྗེས་མཐུན་ཕྱོགས་ཙམ་བསྒྲུབ་པའི་ཕྱིར། །ཡོན་ཏན་འཕེལ་ཕྱིར་ཁྲིམས་སུ་བྱ་བ་བརྗོད། །རེ་ཤིག་རྒྱལ་བའི་ཐུགས་རྗེ་ཆེན་པོའི་རྨད་བྱུང་ཡང་། །སྙིགས་མ་ལྔ་དང་ལྡན་པ་ལ་བབ་ཅིང་། །ཐོག་མ་མེད་པའི་ཀུན་ཏུ་རྟོགས་པས། རྒྱུད་དཀྲུགས་པའི་སྐྱེ་བོས་ས་སྟེངས་གང་ཞིང་རྒྱལ་བའི་བསྟན་པ་རིན་པོ་ཆེའི་རྟགས་ཙམ་འཛིན་པ་ལ་ཉེ་བའི་དབང་གིས་བསྟན་པའི་དོན་སྤྱོད་པ་ལས་རིང་དུ་གྱུར་ཏེ། །དད་པའི་བློ་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འབྲེང་པ། རང་བྱུང་རྡོ་རྗེ་ཞེས་གྲགས་པ་བདག་ཀྱང་། དེ་ལྟ་བུ་རྣམས་ཀྱིས་གྲིབ་ཀྱིས་ཕོག་ཅིང་ལུས་དང་སེམས་ལ་བར་དུ་གཅོད་པའི་ལྟས་དུ་མ་བྱུང་བས་འདི་སྙམ་དུ་གྱུར་ཏོ། །ཀྱེ་མ་བདག་ནི་རྒྱལ་བའི་བསྟན་ལ་ཞུགས། །རྒྱལ་བ་རྣམས་ཀྱིས་རྗེས་སུ་བཟུང་གྱུར་ཀྱང་། །བྱང་ཆུབ་སེམས་དཔའི་རྣམ་ཐར་རྒྱ་མཚོ་ལས།་།རིང་འགྱུར་བདུད་ཀྱི་བར་གཅོད་སྟོབས་ལྡན་ཞིང་། །གཞན་ལ་ཕན་པར་བྱེད་པ་དཀའ་བ་འདྲ། །ཐེག་མཆོག་སྤྱོད་པ་འདོར་བ་མ་ཡིན་ཀྱང་། རང་ཉིད་གཅིག་པུ་བརྩོན་པ་བསྐྱེད་པ་དང་། །དག་པའི་ཞིང་དུ་སྐྱེས་ན་དགའ་བ་སྙམ། །སྙིགས་དུས་གཞན་ལ་ཕན་པ་ཤིན་ཏུ་དཀའ། །ལོངས་སྤྱོད་བཟུང་ན་ལོག་པར་སྤྱོད་པ་མང་། །མ་བཟུང་གྱུར་ན་བྱ་བ་སྤངས་རྣམས་ཀྱང་། །བསྡུ་བ་མེད་ཅེས་ཆོས་མིན་ཆར་ཀ་གཏོང་། །འདུལ་བཞིན་བསྡམས་པར་བྱས་ན་བསླབ་འཆལ་ཀྱང་། །བཤགས་པར་བྱེད་ལ་བསྐུལ་ན་དགྲ་བཞིན་སེམས། །བསྡམ་པར་མ་བྱས་སྐྱེ་བོས་ཁྲེལ་འགྱུར་བའི། །མ་རབས་སྤྱོད་ལ་ཕལ་ཆེར་གཞོལ་བར་བྱེད། །སྡེ་དང་ཕྱོགས་རིས་ལོངས་སྤྱོད་མ་ཆགས་པས། །དམ་ཚིག་སྡོམ་པ་སྙིང་རྗེ་ཀུན་བོར་ནས། །རྡོ་རྗེའི་སྤུན་ཀྱང་བསོད་པར་སྤྱོད་པ་མང་། །ཆོས་བསྟན་མནར་མེད་ལྟུང་བའི་རྒྱུ་རུ་འགྱུར། །ཆོས་མ་བསྟན་ན་གཏི་མུག་མུན་པ་རུ། །དེ་བས་འཁྱམ་འགྱུར་མི་ཁོམ་གནས་བཞིན་འགྲོ། །ཡང་དག་ལྟ་བ་རྣམ་དག་བསྟན་གྱུར་ཀྱང་། །ཡིད་མ་ཆེས་ཤིང་ལྟ་ངན་གཞོལ་བར་བྱེད། །འདི་ལ་ཇི་ལྟར་བྱ་བ་རིགས་པ་སྙམ། །རྒྱལ་སྲས་རྣམས་ཀྱང་བསྐུལ་བར་མི་མཛད་དམ། །དེ་ལྟར་ཀུན་རྟོག་པ་ལ་ཞུགས་ཤིང་དབེན་པ་ལ་གནས་པ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་རྗེ་ཆེན་པོས་བསྐུལ་བར་གྱུར་པས་ཡང་དག་པའི་རྟོག་པ་རྙེད་ཅིང་དྲན་པ་མ་ཉམས་པས་བསྐྱེད་པ་འདི་ལྟར་བྱུང་ངོ་། །ཀྱེ་མ་མི་ལུས་རིན་ཆེན་ཐོབ་པར་དཀའ། །ངན་འགྲོའི་ས་ལ་བལྟས་ན་གླེན་ལྐུགས་ཀྱིས། །མིར་གྱུར་པ་ཡང་ཉིན་སྐར་བཞིན་དུ་དཀོན། །དྲན་ལྡན་དབང་པོ་མ་ཉམས་སྨོས་ཅི་དགོས། །རྒྱལ་བའི་བསྟན་པ་འབྱུང་བར་རབ་ཏུ་དཀོན། །འདིའི་འོག་ཏུ་སྐལ་པ་སུམ་ཅུ་དང་། །འདི་འོག་སྐལ་པ་དྲུག་ཅུ་ཐམ་པར་ཡང་། །སངས་རྒྱས་སྒྲ་ཡང་རྣ་བར་མི་ཐོས་འགྱུར། །ཀྱེ་མ་བར་སྐབས་སྐལ་པ་བཟང་པོ་ལ། །རྒྱལ་བ་སྟོང་གི་བཞི་པའི་བསྟན་པ་ལ། །སྙིགས་དུས་གྱུར་ཀྱང་བག་ཆགས་བཞག་བྱས་པས། །དེ་ཀུན་སྐལ་པ་འདི་ལ་གྲོལ་གྱུར་ཞེས། །ཐུགས་རྗེ་ཆེ་ལྡན་རྒྱལ་བ་ཉིད་ཀྱི་གསུངས། །དེ་བས་རང་གཞན་དོན་གཉིས་གྲུབ་བྱེད་པ། །བསྐུལ་ཞིང་སྤྱད་པ་ཅུང་ཟད་དོན་ལྡན་བྱ། །དེ་ལྟར་རྟོགས་པ་བསྐྱེད་ནས་ད་ཕྱིན་ཆད་བདག་བསྲུང་བ་ཡང་དོན་དང་ལྡན་མོད་ཀྱི། །རེ་ཞིག་གཞན་ཐོག་མ་མེད་པ་ནས་འབྲེལ་བའི་སེམས་ཅན་རྣམས་སྙིང་རྗེ་ཆེན་པོ་དང་སྨོན་ལམ་གྱིས་བསྡུ་བར་བྱ་སྙམ་མོད་ཀྱང་། །དོན་ཆེན་པོ་མང་པོས་བསྐུལ་ཏེ་དྲུང་དུ་འོངས་པ་དག་བསྐུལ་བར་རིག་པས་འདི་སྐད་དུ། །འདི་ལྟར་བདག་ལ་ཡོན་ཏན་ལྡན་ནོ་ཞེས། གྲགས་པའི་རྗེས་འབྲེངས་དྲུང་དུ་འོངས་པ་དག །སེམས་ལ་རེ་ཤིག་ནང་དུ་རྟོག་པ་མཛོད། །འདི་འོངས་དབང་མེད་སུས་ཀྱང་བྱས་པ་མིན། །ལོངས་སྤྱོད་སྐྱབས་དང་བཟའ་བ་འདོད་ཕྱིར་མིན། ཐར་པའི་ལམ་འདོད་མོས་པས་འདུས་གྱུར་པ། །དེ་ཕྱིར་བདག་གིས་བསྒོས་བཞིན་སྤྱད་པར་མཛོད། །རང་གཞན་ཀུན་ལ་ཕན་པའི་རྒྱུ་རུ་འགྱུར། །དེ་བས་ཐོག་མར་དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གི་བསླབ་པ་རྒྱུད་ལ་ཡང་དག་པར་མནོས་ནས་དམ་པའི་ཆོས་འདུལ་བ་ལས་ཇི་ལྟར་བསྟན་པ་ཐམས་ཅད་བསྒྲུབ་མ་ནུས་ཀྱང་ཕྱོགས་མཐུན་པར་བྱའོ། །དགེ་སློང་རྣམས་ཀྱང་དེང་སང་གི་དུས་ན་བསླབ་པ་ཐམས་ཅད་འཛིན་པར་མ་ལྕོགས་ཀྱང་། །བསྟན་པའི་ཐ་མ་རྟགས་ཙམ་འཛིན་པ་ཡིན་ནོ་ཞེས་བཤད་པ་ལ། །རྟགས་ཐམས་ཅད་ཀྱི་ནང་ནས་མུ་སྟེགས་པ་དང་། །ཁྱིམ་པའི་རྟགས་སྤོང་ཞིང་། །དགེ་སྦྱོང་གི་རྟགས་སུ་བྱེད་པ་ནི། །ཆོས་གོས་སྣམ་སྦྱར་ཡིན་པས་བསྒྲུབ་པོ། །དེ་མི་འབྱོར་བར་གྱུར་པས་ཀྱང་སྣམ་སྦྱར་གྱི་སྣོད་དང་རྒྱུ་བྱིན་གྱིས་བརླབས་པས་བཟུངས་ཏེ། །ནམ་གྲུབ་པ་ན་བྱའོ། །དགེ་ཚུལ་རྣམས་ཀྱིས་ཀྱང་ཆོས་གོས་དང་མཐའ་གོས་བྱའོ། །ལས་དང་པོ་པ་ཤེས་རབ་ཆུང་བ་རྣམས་ཀྱིས་ཀྱང་། དགེ་ཚུལ་གྱིས་ནི་ཀ་རི་ཀ་ལྔ་བཅུ་པ་དང་། །དགེ་སློང་གིས་ནི་སྡོམ་ཚིག་བློ་ལ་བྱའོ། །ཉེས་པ་རྣམས་ཀྱིས་མ་གོས་ཤིང་རྒྱུད་གཙང་བ་ལ་འབད་པར་བྱའོ། །རང་གིས་ལྟུང་བ་ཚོར་ན་བསྡམ་པར་བྱའོ། །བཤགས་པར་བྱའོ། །བསླབ་པ་ལ་གུས་པའི་ཡན་ལག་ཡིན་པས། །དྲུང་དུ་གཉུག་མར་གནས་པའི་འདུས་པ་རྣམས་གྲིབ་ཚོད་ལྟར་མ་གྲུབ་ཀྱང་དགེ་སློང་གི་གྲལ་གྱི་མགོར་དགེ་ཚུལ་རྣམས་མི་བསྡད་དེ། ལོགས་སུ་བཀུར་དགོས་པའི་དགེ་ཚུལ་ཡང་གྲལ་མགོ་གཞན་བྱའོ། །ཕྱོགས་ནས་གསར་དུ་ལྷགས་པ་ཡང་གྲལ་སོགས་གཅིག་ཏུ་བྱའོ། །མ་ལྕོགས་པ་དང་། སྔགས་ཀྱི་སྤྱོད་པ་ཀུན་ཏུ་སྤྱོད་པ་དང་། དགེ་འདུན་སྤྱིའི་ལས་དང་། རང་ཉིད་སྦྱིན་པའི་གནས་སྐབས་ལས་གཞན་པ་དགེ་བསྙེན་དང་དགེ་ཚུལ་གྱིས་ལྕོགས་བཞིན་དུ་མེ་དང་། ལག་བདེ་དང་རྩ་ཤིང་ལ་སོགས་གཅོད་པ་དགེ་སློང་གིས་མི་རུང་པ་རྣམས་དྲན་པས་བཟུང་སྟེ་གཅོལ་བར་མི་བྱའོ། །མདོར་བསྡུས་ན་ཅི་ལྟར་ནུས་པས་བཅས་པ་དང་རང་བཞིན་གྱི་ཉེས་པས་མ་གོས་པར་བསླབ་བོ། །དེ་ནས་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དང་སྡོམ་པ་མནོས་པས་ནི་སྡོམ་པ་ཉི་ཤུ་པ་ལ་སོགས་པ་བཟུང་བར་བྱའོ། །རང་དང་གཞན་ལ་ཕན་པའི་བྱ་བ་ལ་རྟོག་ཅིང་ཅི་གྲུབ་ཏུ་ནན་ཏན་བྱའོ། །ཟས་ཀྱི་དུས་དང་ནང་ནུབ་ཕུང་པོ་གསུམ་པའི་མདོ་ཁ་ཐོན་དུ་བྱའོ། །བཟང་པོ་སྤྱོད་པའི་སྨོན་ལམ་གདབ་བོ། །སོ་སོར་ཐར་པའི་དགེ་སློང་པས་ཀྱང་ཆོས་བག་ཡོད་པར་བྱའོ། །སྔགས་ཀྱི་དབང་བསྐུར་བ་ཐོབ་པས་ནི། །ཐ་མས་ཀྱང་མངོན་རྟོགས་ཤེས་པར་བྱས་ལ་བསྒོམ་མོ། །དབང་ཐོབ་པ་ལ་སྙད་བཏགས་ནས་དུས་མ་ཡིན་པའི་ཁ་ཟས་ཟ་བ་དང་། བྱིན་གྱིས་བརླབས་པར་མ་བྱས་པ་དང་། ཐ་མལ་པ་དང་མ་གུས་པ་ཡོད་པའི་ས་ཕྱོགས་སུ་མཆོད་པར་བྱ་བ་མ་ཡིན་པ་མྱོས་བྱེད་འཐུང་བ་རྣམས་མི་བྱའོ། །ཐེག་པ་གསུམ་ཀར་བཀག་པའི་ཕྱིར་རང་གི་གསོད་དུ་བཅུག་པ་དང་མཚུངས་པའི་བསྔོས་པའི་ཤ་དང་། གསོད་པ་མཐོང་བ་དང་། གསོད་པའི་རྐྱེན་བྱས་པའི་ཤ་མི་ཟའོ། །རང་གི་ལས་ཀྱིས་ཤི་བ་དང་། ཚོང་འདུས་ལན་གཉིས་འཕར་བ་ལ་སོགས་པ་རང་བཞིན་གྱི་རྐྱེན་དང་ལྡན་པས་བཟའ་བར་བྱའོ། །ཆོས་སྐྱོང་སྤྱི་དང་། ཆ་བཅུ་དང་། ཡི་དྭགས་ཀྱི་གཏོར་མ་དང་། ཆུ་སྦྱིན་པ་ལ་སོགས་པ་གཏོར་མ་ལ་བརྩོན་པར་བྱའོ། །དེ་རྣམས་ནི་སྡོམ་པ་གསུམ་དང་ལྡན་པའི་སྤྱོད་པ་ཡིན་ནོ། །གཉིས་པ་ཏིང་ངེ་འཛིན་བྱ་བ་ནི་ལས་དང་པོ་པ་སོ་སོ་ཐར་པ་རྐྱང་པ་དང་ལྡན་པས་ནི། ཕྱག་དང་བསྐོར་བ་དང་། ཡན་ལག་བདུན་པ་དང་། བླ་མའི་རྣལ་འབྱོར་དང་། མཎྜྻལ་རྣམས་བྱའོ། །མི་རྟག་པའི་ཁྲིད་བློ་སྦྱོང་ལ་སོགས་པ་བསྒོམ་པར་བྱའོ། །སེམས་བསྐྱེད་དང་ལྡན་པ་རྣམས་ཀྱིས་ནི་སྙིང་རྗེའི་ཁྲིད་དང་སྟོང་པ་ཉིད་ཀྱི་ཁྲིད་ཀྱི་རིམ་པའོ། །དབང་བསྐུར་བ་ཐོབ་པ་ཐམས་ཅད་བསྒོམ་དུ་རུང་བ་མོད་ཀྱི། འོན་ཀྱང་རྣལ་འབྱོར་བླ་ན་མེད་པའི་དབང་བསྐུར་བ་མ་ཐོབ་པར་རྩ་རླུང་བྱང་ཆུབ་སེམས་ཀྱི་ཁྲིད་བསྒོམ་དུ་མི་རུང་ངོ་། །དེ་ལྟར་བསྒོམ་པའི་རྐྱེན་དུ་དབེན་པ་བརྟེན་དགོས་པས། །ས་གཅིག་ཏུ་སྡོད་པ་དང་། ཀུན་ཏུ་འགྲོ་ཡང་རུང་ཏེ། དབྱར་དང་དགུན་གྱི་དུས་སུ་དབྱར་བཞུགས་དང་དགུན་བཞུགས་མ་ཆག་པར་བྱའོ། །དེར་ཡང་དབེན་པའི་ཁྲིམས་སུ་བྱ་བ་གང་ཡིན་པ་བྱ་སྟེ་བསམ་གཏན་བྱའོ། །གསུམ་པ་ཤེས་རབ་ཀྱི་བསླབ་པ་ལ་ཐོག་མར་ཡི་གེ་མི་ཤེས་པ་རྣམས་ཀྱང་བསླབ་པ་དང་། ཐེག་པ་གསུམ་གྱི་དོན་ལ་འཇུག་པ་རྣམས་བཤད་པ་མ་ཆག་པ་དང་། ཉན་པ་ལ་བརྩོན་པར་བྱའོ། །དེའི་ཡན་ལག་ཏུ་མཁས་པར་གྱུར་པ་རྣམས་བཀུར་བར་བྱའོ། །ཤེས་པ་རྣམས་ལ་ཕྲག་དོག་མེད་པར་བསྟོད་པར་བྱའོ། །རྙེད་པ་དང་བཀུར་སྟི་ལྷག་པར་བྱ་ཞིང་བརྙས་པ་མི་བྱ་བ་དང་། རང་གི་རྒྱུད་ལ་བསམ་པ་དང་ལྡན་པར་བྱའོ། །དེ་ལྟར་བསླབ་པ་གསུམ་གྱི་ཡན་ལག་ཏུ་བྱ་བ་བྱེད་པ་རྣམས་ལ་བཅས་ཁྲིམས་སུ་བྱ་བ་ནི། །ཞལ་ཏ་བྱེད་པ་རྒན་པས་བཀོད་པའི། །དགེ་འདུན་གྱི་ཐབ་ཀ་བྱེད་པ་དང་། ལོངས་སྤྱོད་གཉེར་བྱེད་པ་དང་། འཛོ་རྟ་དང་ཆུ་ཤིང་ལ་སོགས་པ་རྣམས་ལ་རང་གི་སྡིག་སྦྱོང་བའི་ཕྱིར་དད་པ་ལངས་བྱེད་པ་ལ་གཏོགས་པ། །ཕལ་པ་ལ་ཐོས་པ་དང་བསྒོམ་པ་ཚུལ་བཞིན་དུ་མི་ནུས་ཀྱང་། ལུས་ངག་གི་ཞབས་ཏོག་པ་རྣམས་ཀྱང་། ཐོག་མ་ནུས་མི་ནུས་དྲིས་ཏེ། ལེགས་པར་བརྟགས་ཤིང་། །དཔང་པོ་དང་ལྡན་པར་བྱའོ། །དེ་དག་གིས་ཀྱང་གུས་པ་དང་ལྡན་པར་བྱ་ཞིང་། །བླ་མ་དང་དགེ་འདུན་གྱི་དངོས་པོ་རྣམས་ལ་རང་ཉིད་བཞིན་དུ་གཅེས་པར་བྱ་སྟེ། གཞན་མི་དད་པར་བྱེད་པ་དང་། ཆུད་གཟོན་པར་མི་བྱའོ། །གྲོགས་ཆོས་བྱེད་པ་རྣམས་ལ་གུས་པར་བྱའོ། །གྲལ་ཀྱང་ལོགས་སུ་བྱ་བ་དང་། ཆ་ལུགས་སྣ་ཚོགས་མི་བྱ་སྟེ། དགེ་བསྙེན་མ་གཏོགས་པ་རྣམས་ཀྱིས་ཧོར་གོས་དང་། ཞྭ་དཀར་མ་དག་པའི་ཆ་ལུགས་མི་བྱའོ། །ལོངས་སྤྱོད་འདོད་པ་དང་སྦྱིན་མཁན་བསོད་ནམས་མཉན་པའི་ཕྱིར་གཞན་གྱིས་ཚོགས་བསོག་པའི་ཕྱག་བདེ་གུས་པར་བྱའོ། །གྲལ་མ་འདྲེས་པ་དང་པོ་སོ་སོར་བྱས་ཀྱང་མཉམ་པར་སྦྱིན་པར་བྱའོ། །བྱ་བ་བྱེད་པས་གལ་ཏེ་མ་ལྕོག་ན། །ཉེ་བར་འདུག་པས་ཀྱང་ཚུལ་བཞིན་དུ་རོགས་བྱའོ། །གཞན་ཡང་གཉུག་མར་གནས་པ་ཐམས་ཅད་ཀྱིས་ལྷག་པའི་བསམ་པ་དག་པར་བྱ་ཏེ། ཆོས་དང་མི་མཐུན་པའི་འཐབ་དཀྲོལ་དང་སྤྱོད་པ་མ་དག་པ་མི་བྱའོ། །གལ་ཏེ་བྱེད་པ་མཐོང་ན་ལན་གཅིག་ལ་གོ་བྱར་བྱས་ཏེ་ཁ་ཏ་བྱའོ། །དེས་ལན་གཉིས་སུ་བྱེད་ན་ཆད་པ་བྱས་ཏེ་བཤགས་སུ་གཞུག་གོ །དེ་ལ་ཡང་མི་ཉན་པར་ལན་གསུམ་དུ་བྱེད་ན་ཚོགས་པ་གཞན་དུ་འགྲོར་གཞུག་གོ །འདི་ལྟར་སྤྱོད་པའི་ཚུལ་རྣམ་པར་དག་པར་བྱས་ན་རང་གཞན་གཉིས་ཀའི་དོན་དུ་འགྱུར་རོ། །བསམ་གཏན་དང་ཐོས་པ་ལ་བརྩོན་པ་དང་། ཆོས་ཁྲིམས་རྟོག་པར་བྱེད་པའི་ཞལ་ཏ་བཀོས་ཏེ། དེའི་ངག་བཞིན་དུ་བསྒྲུབ་པོ། ཞལ་ཏ་བྱེད་པས་ཀྱང་ཅི་འདི་ཆོས་དང་མཐུན་ནམ་མི་མཐུན་ཞེས་ལེགས་པར་བརྟགས་ཏེ་བྱའོ། །དགོན་པ་དང་རི་ཁྲོད་དུ་གནས་པའི་དུས་དང་། ཕན་ཚུན་འགྲོ་བ་ན་ཡང་། འགྲོ་བ་གཞན་འདུས་པར་ལ་སོགས་པར་མི་དད་པར་འགྱུར་བའི་སྤྱོད་པ་ནི། སྡོམ་པ་གསུམ་ཀའི་བསླབ་བྱ་ལས་བཀག་པས་ན། །སྤྱོད་པ་རྣམ་པར་དག་པ་ལ་འབད་དོ། །མཆོད་རྟེན་དང་བདེ་བར་གཤེགས་པའི་ལྷ་ཁང་དང་། སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་གཟུགས་ལ་སོགས་པ་རྣམས་ལ་མོས་པར་བྱའོ། །ཅི་ནུས་ཀྱི་གསོ་བ་ལ་སོགས་པའི་བྱ་བ་བྱེད་པ་ཐམས་ཅད་ཀྱིས་ཕྱོགས་གཅིག་ཏུ་བརྩོན་པར་བྱའོ། །མདོར་བསྡུས་ན་ཆོས་དང་མཐུན་པའི་བྱ་བ་བྱ་ཞིང་། རང་གཞན་ཐམས་ཅད་ཀྱི་མི་དགེ་བ་འཕེལ་བའི་སྤྱོད་པ་ཐམས་ཅད་སྤང་བ་ལ་འབད་པར་བྱའོ། །འདིར་སྨྲས་པ། འཇིག་རྟེན་འདིར་སྐྱེས་དོན་དང་ལྡན་བྱའི་ཕྱིར། །བསླབ་པ་གསུམ་དང་མཐུན་པར་སྤྱད་པར་བྱའོ། །སྡོམ་གསུམ་སོ་སོའི་ཡོན་ཏན་ལྡན་པ་ཡིས། །སྤྱོད་ལ་ལེགས་བརྟགས་སྙིང་པོ་བླང་བ་དང་། །ལོངས་སྤྱོད་གཡོ་བའི་སྙིང་པོ་མེད་པ་ནི། ཆུ་མེ་དགྲ་དང་རྒྱལ་པོ་དང་ཐུན་མོང་། །རང་ལ་ཡོད་པ་སྦྱིན་པའི་འབྲས་བུ་ཡིན། །དེ་བས་དཀོན་མཆོག་མཆོད་དང་སྦྱིན་པར་བྱ། །ཚུལ་ཁྲིམས་རྐྱེན་ནི་ཉེས་པར་སྤྱོད་པ་ཡི། །ལུས་ངག་བསྡམ་ཞིང་རྣམ་དག་སྤྱོད་པ་ཡིན། །དེ་བས་གྲོགས་ངན་ལོག་པར་སྤྱོད་པ་དག །ཐབས་ཀྱིས་བསྲིངས་ཏེ་ཡོན་ཏན་ལྡན་པ་བསྟེན། །བཟོད་པ་བསྟན་བྱེད་རང་བྱུང་རྟོགས་པ་སྟེ། །བསྟན་པ་རིན་ཆེན་སྣོད་དང་མི་སྣོད་པ། །ལེགས་བརྟགས་ཞེ་སྡང་སྤང་ཞིང་གོ་ཆ་ལྡན། །ཡོན་ཏན་ཡར་ལྡན་རྒྱུད་ལ་བསྟེན་པར་བྱ། ལུས་ངག་བརྩོན་པས་རྩ་བ་སེམས་ཡིན་པས། །མ་ཞུམ་མི་འཁྲུག་ཆོག་མི་ཤེས་པ་ཡིན། །ཐོས་སྟོང་ཏིང་འཛིན་དམ་པ་རྒྱུད་ལ་བྱ། །ལོག་པའི་བརྩོན་འགྲུས་སྤངས་ཏེ་བཏང་སྙོམས་བཞག །བསམ་གཏན་རྐྱེན་ནི་དབེན་པ་ཡིན་པས་ན། །དབྱར་དགུན་བྱ་བ་གལ་ཆེན་ཅི་ཡོད་ཀྱང་། །དོར་ལ་འཚམས་དང་སྨྲ་བཅད་བསྟེན་པ་དང་། །རི་ཁྲོད་བས་མཐའི་གནས་ལ་དགའ་བར་བྱ། །ཤེས་རབ་རྒྱུ་ནི་ཐོས་དང་སེམས་པ་སྟེ། །དེས་ན་ཉན་དང་འཆད་དང་བྲི་བ་སོགས། །བླ་མེད་ཐེག་པའི་གཞུང་ལུགས་ཐམས་ཅད་ལ། །ཕྱོགས་རིས་སྤངས་ལ་ཆོས་སྤྱོད་བཅུ་པོ་སྤྱད། །གཞན་དོན་རྩ་བ་བྱང་ཆུབ་སེམས་ཡིན་པས། །བྱམས་དང་སྙིང་རྗེའི་སྤྱོད་པ་ཕུན་ཚོགས་དང་། །གཞན་ལ་གནོད་པར་བྱེད་པ་ཀུན་དོར་ཏེ། །མཐར་ཐུག་ཕྱི་མའི་དོན་དུ་འགྱུར་བར་བྱ། །དགེ་འདུན་འདུས་པའི་ཚོགས་མཆོག་རྣམ་ཐར་ནི། །བསྟན་པའི་ཚུལ་དང་མཐུན་པར་སླབ་དགོས་ན། །རྒྱལ་དང་བླ་མ་རྣམས་ཀྱི་དགོངས་པ་ལྟར། །སྤྱོད་པའི་བཅའ་ཁྲིམས་ཚུལ་བཞིན་སྤྱད་པར་བྱ། །དེ་ལྟར་གཞན་དག་སྤྱོད་ཅིང་འཇུག་པ་ལ། །ཆོས་འདོད་པ་ལ་ཆོས་ཀུན་སྦྱིན་བྱ་ཞིང་། །རྒྱུ་རྐྱེན་ཟས་དང་གོས་དང་སྨན་རྣམས་ཀྱིས། །ཐུན་མོངས་སྤྱད་ཅིང་སྦྱིན་པར་དམ་བཅས་སོ། །སྙན་སྨྲ་དོན་མཐུན་དོན་སྤྱོད་དང་འབྲེལ་བས། འདི་དང་ཕྱི་མའི་དོན་ལ་ཞུགས་པ་ཡིན། །འདི་ལྟར་བཤད་ཀྱང་ངག་ལ་མི་ཉན་ཅིང་། །འཚེ་དང་རྐུ་དང་འདོད་ལོག་སྤྱོད་པ་དང་། །ཆོས་དང་དབང་བསྐུར་དམྱལ་བར་འགྲོ་བ་ཡི། །རྒྱུ་བྱེད་ཅིས་ཀྱང་གསོ་བར་མི་རུང་པའི། །མི་རྣམས་ཀྱིས་ནི་ས་སྟེང་གང་གྱུར་ན། །རང་ཉིད་བརྩོན་པའི་སྟོབས་ཀྱིས་བསྐུལ་བྱས་ཏེ། ལུས་སྲོག་ལོངས་སྤྱོད་ལྟོས་པ་ཀུན་བོར་ཏེ། །རྩེ་ཅིག་བསྒྲུབ་ལ་ནན་ཏན་བསྐྱེད་བྱ་སྟེ། །རྒྱལ་བའི་བཀའ་བཞིན་བརྩོན་པར་བྱར་ཟད་མོད། །ཀྱེ་མ་དེང་སང་བསྟན་པའི་སྙིགས་མར་བབ། །རྣམ་རྟོག་གིས་གཡེངས་ཡུལ་ལ་སྲེད་པ་དམ། །འདོད་ལྷའི་འཁོར་དང་ནག་པོའི་མཐུ་རྩལ་བསྐྱེད། །ཆོས་བཞིན་སྤྱོད་ལ་རྨ་བབས་སྙིང་རྗེའི་ཡུལ། །དེ་ལྟར་སྣང་ཡང་རང་བྱུང་རྡོ་རྗེ་ཡིས། །ཅུང་ཟད་སེམས་ལ་གོ་ཆ་བསྐྱེད་ནས་ཀྱང་། །རང་དག་གཞན་ལ་ཕན་པར་བསམ་ནས་ནི། །དམ་བཅས་བཞིན་དུ་བཅའ་ཁྲིམས་ལྡན་པ་ཡི། །སེམས་ཀྱི་ཀུན་རྟོག་ཡིག་གེར་བྲིས་པ་འདི། །རྒྱ་བ་སྲས་དང་བཅས་པ་ཐམས་ཅད་དང་། །དཀར་ཕྱོགས་མཐུ་ལྡན་ཆོས་སྐྱོང་བསྲུངས་མ་ཡིས། །རང་གཞན་ཀུན་གྱི་དམ་བཅའ་བརྟན་པ་ཡི། །བྱིན་བརླབས་སྡོང་གྲོགས་ལེགས་པར་མཛད་དུ་གསོལ། །ལྷ་དང་བཅས་པས་འདི་ལ་ཡིད་རང་མཛོད། །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །རང་དང་གཞན་གྱི་རྒྱུད་ལ་ཕན་པའི་དམ་བཅའ་བ་ཕྱོགས་འགའ་ཞིག་བྲིས་པའོ། །ཐུབ་པའི་བསྟན་པ་ཕྱོགས་བཅུར་རྒྱས་ཤིང་ཡུན་རིང་དུ་བརྟན་པར་གྱུར་ཅིག །

༈ ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། དུས་གསུམ་སངས་རྒྱས་ཀུན་ཀྱི་ངོ་བོ་ཉིད། །སྲིད་དང་ཞི་བ་ཀུན་གྱི་དཔལ་གྱུར་པ། །ཐུགས་རྗེ་དཔག་མེད་དུས་རིང་གཟིགས་པ་པོ། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་དགོངས་པ་ཉམས་སུ་ལེན་པ་ལ། །དད་ལྡན་ཐེག་པ་ཆེན་པོའི་བཤེས་གཉེན་བསྟེན། ཐམས་ཅད་རྩ་བའི་བླ་མར་ཤེས་པར་བྱ། །ཆོས་ཀུན་རྩ་བ་རང་གི་སེམས་ཉིད་དེ། ལ་ལ་དམིགས་བཅས་སེམས་འཛིན་བསྒོམ་པ་ཡིན། ལ་ལ་རྟོག་པའི་རང་བཞིན་བསྒོམ་པ་ཡིན། །ལ་ལ་སྟོང་ཉིད་དམིགས་པའི་ཏིང་འཛིན་ཏེ། །ལ་ལ་ཐབས་མཁས་གནད་ཀྱི་མན་ངག་བསྒོམ། །དེ་ཀུན་ཐབས་ལམ་ཁྱད་པར་ཡིན་པ་ལས། །ཕྱོགས་འཛིན་བྱས་ན་ལམ་དུ་མི་འགྲོ་སྟེ། །ཕྱོགས་མེད་སྦྱངས་ན་འབྲས་བུ་ཐོབ་པ་ཡིན། །ཀུན་གྱི་གཞི་མ་སྟོང་ཉིད་སྙིང་རྗེ་ཡིན། སྟོང་པ་དེ་ཡང་གོ་ཡུལ་མ་ལུས་པར། །ཆོས་ཀུན་རྒྱུ་འབྲས་རྟེན་འབྲེལ་ཚུལ་ཤེས་ནས། །རང་གི་ངོ་བོ་སྐྱེ་དང་འགག་མེད་པར། །མཚན་མ་ཐམས་ཅད་བྲལ་ན་གནས་ལུགས་ཡིན། །དེ་ལྟར་རྟོགས་ན་ནམ་མཁའི་མཐས་ཁྱབ་པའི། །སེམས་ཅན་རྣམས་ལ་སྙིང་རྗེ་ཕྱོགས་མེད་པ། །བསྐྱེད་ཅིང་དེའི་ཚུལ་ལ་ཞུགས་པར་བྱ། །སྲིད་ཞི་མཉམ་པར་རྟོགས་ན་སྙིང་རྗེ་ཡིན། །དེ་ལྟར་སྟོང་ཉིད་སྙིང་རྗེའི་གཞི་བརྟེན་ནས། །ཀུན་གྱི་བྱེད་པོ་རྣམ་པར་རྟོག་པ་འདི། །བསམ་གཏན་སྟོབས་ཀྱིས་རྩེ་ཅིག་བཟུང་བ་དང་། །ཤེས་རབ་སྟོབས་ཀྱིས་གང་ཤར་ངོ་བོ་སྦྱངས། །ངར་འཛིན་འཁྲུལ་པའི་ངན་རྟོག་བྱུང་བའི་ཚེ། །སྒྱུ་མ་ལྟ་བུའི་གཉེན་པོས་གཞོམ་པར་བྱ། །བདེ་གསལ་མི་རྟོག་ཏིང་འཛིན་བཟང་པོ་དང་། མངོན་ཞེན་བྱས་ན་བར་ཆོད་རྒྱུར་འགྱུར་བས། །ཞེན་པ་མེད་པར་ཏིང་འཛིན་ལམ་དུ་སྦྱངས། །དེ་ལྟར་གོམས་ཤིང་གནད་དུ་བསྣུན་བྱས་པས། །གེགས་སེལ་གཞན་ནས་མི་དགོས་འདི་རང་ཡིན། །དེ་ལྟར་ཉམས་སུ་ལེན་པའི་སྤྱོད་པ་ཡང་། །རང་རྒྱུད་ཉོན་མོངས་ཞི་བར་བྱེད་པ་དང་། གཞན་ལ་ཕན་པ་སྙིང་རྗེའི་སྤྱོད་པ་ཡིས། །མཐའ་གཉིས་སྤངས་པའི་ལམ་ལ་བརྟེན་བྱ་ཞིང་། སེམས་བསྐྱེད་བསྔོ་བས་རྟག་ཏུ་ཟིན་པ་དང་། ཐབས་མཁས་ལྡན་པས་ཉམས་སུ་བླངས་པ་ཡིན། རང་གཞན་དོན་གཉིས་འགྲུབ་པའི་འབྲས་བུ་འཐོབ། །འདི་དག་རྒྱས་པར་མན་ངག་ཚིག་བསྡུས་སུ། །བཀོད་ནས་ཡོད་པས་དེ་ལ་གཟིགས་པར་མཛོད། །ཁོ་བོའི་འདས་དང་ད་ལྟར་སྤྱོད་པ་དང་། མ་འོངས་དུས་ན་སེམས་པ་ཇི་ལྟ་བར། །རྣམ་ཐར་ནང་དུ་རྒྱས་པར་ཡོད་པས་ན། །དེ་རུ་བལྟས་པས་ལེགས་པར་རྟོགས་པར་འགྱུར། །འདི་ལྟར་ཚིགས་སུ་བཅད་པ་བསྡུས་པ་འདི། །ལེགས་པར་གཟིགས་ལ་ཉམས་སུ་བླང་བར་མཛོད།། །།

༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་སུ། །ཐེག་མཆོག་བླ་མ་དམ་པ་བརྟེན་པ་དང་། རང་གི་གཉེན་པོ་དང་མཐུན་ཚུལ་ཁྲིམས་བསྲུང་། །ལོངས་སྤྱོད་ཅི་ཡོད་སྦྱིན་པར་བཏང་བྱ་ཞིང་། །བླ་མའི་གདམས་ངག་ལེགས་པར་ཐོབ་ནས་ཀྱང་། །རྟག་ཏུ་འདུ་འཛི་དང་བྲལ་རི་ཁྲོད་བརྟེན། བླ་མའི་རྣལ་འབྱོར་རྟག་ཏུ་བསྒོམ་བྱ་ཞིང་། །གསོལ་བ་གདབ་ཅིང་རང་གི་སེམས་དང་བསྲེ། ཆོས་ཀུན་རྨི་ལམ་སྒྱུ་མ་ལྟ་བུར་བལྟ། །རྣམ་རྟོག་རྩེ་ཅིག་ཏིང་ངེ་འཛིན་གྱིས་བཟུང་། །སེམས་ཀྱི་གནས་ལུགས་སྟོང་ཞིང་སྤྲོས་བྲལ་བ། །ཕྱག་རྒྱ་ཆེན་པོའི་ངང་ལ་རྒྱུན་དུ་བསྒོམས། །སེམས་ཅན་རྣམས་ལ་སྙིང་རྗེ་རྒྱ་ཆེན་བྱ། །འདུས་བྱས་འདུས་མ་བྱས་ཀྱི་དགེ་རྩ་ཀུན། །གཞན་དོན་བསྔོ་བའི་རྒྱ་ཡིས་ཐེབས་པར་བྱ། །མ་ཡེངས་རྒྱུན་དུ་ཤེས་བཞིན་དྲན་པ་བརྟེན། །འདི་ནི་ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །དེ་ལྟར་མ་ཡེངས་རྩེ་ཅིག་རྒྱུན་དུ་བསྒོམས།། །།

༈ བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དལ་འབྱོར་མི་ལུས་ཐོབ་པར་གྱུར་པའི་ཚེ། །བླ་མ་དམ་པ་རྟག་ཏུ་བརྟེན་པར་བྱ། །མོས་པས་རྟག་ཏུ་གསོལ་བ་གདབ་བྱ་ཞིང་། འཁོར་འདས་ཐམས་ཅད་སེམས་ཀྱི་རང་བཞིན་ཏེ། །སྣང་དང་སྟོང་པ་གཉིས་སུ་མེད་པ་ལ། གཟུང་འཛིན་ཞེས་པའི་མཚན་མ་རབ་སྤངས་ནས། སྟོང་དང་སྙིང་རྗེ་གཉིས་སུ་མེད་པར་བསྒོམ། ཐབས་ཀྱི་ཡན་ལག་རྩལ་སྦྱང་དུ་མ་ཡིས། །རང་གཞན་དོན་གཉིས་འགྲུབ་པའི་རྒྱུ་ལ་འབད། །ལུས་དང་ལོངས་སྤྱོད་གཞན་དོན་རྒྱུའི་ཕྱིར། །སྦྱིན་དང་ཚུལ་ཁྲིམས་ལ་སོགས་བསོད་ནམས་ཚོགས། །དམིགས་མེད་བསྔོ་བའི་སྨོན་ལམ་གྱིས་ཟིན་བྱ། བསྐྱེད་རྫོགས་རྣལ་འབྱོར་རྩེ་ཅིག་བསྒོམ་པ་དང་། བསོད་ནམས་ཡེ་ཤེས་ཚོགས་ལ་འབད་པས་བསྒོམ། སེམས་བསྐྱེད་སྨོན་ལམ་གྱིས་ནི་ཡོངས་ཟིན་བྱ། ཆོས་རྣམས་ཀུན་གྱི་རྩ་བ་ཡིན་པས་ན། །དེ་ལྟར་ཀུན་གྱིས་ཉམས་སུ་བླང་བར་མཛོད།། །།

༈ བླ་མ་ཡིག་འབྲུ་མི་གསལ། ཕྱག་འཚལ་དྲིས་པའི་ལན་དེ་མདོར་བསྡུས་བརྗོད། །རྣམ་རྟོག་སྐྱེ་བ་དང་ནི་འགག་པ་ཡི། །བྱེད་པ་དེ་ཉིད་ལས་ཀྱི་ངོ་བོ་ཡིན། །དབྱེ་བ་དཀར་ནག་མི་གཡོའི་ལས་གསུམ་ཏེ། །སོག་པ་ཞེས་བྱ་ཀུན་གཞིར་བསགས་པ་ཡིན། །དེ་ལ་མྱོང་དང་མི་མྱོང་མུ་བཞིས་ཏེ། ལུས་ངག་ཡིད་གསུམ་ལས་གང་སྤྱད་པ་ཡི། སྦྱོར་དངོས་རྗེས་གསུམ་ཚང་ཞིང་རྒྱུན་ལ་ཞུགས། །ངེས་པར་འབྲས་བུ་འབྱིན་པའི་ལས་ཡིན་ཏེ། །ལས་བྱས་འགྱོད་ཅིང་གཉེན་པོས་བཅོམ་པ་དེ། །བྱས་ཀྱང་མྱོང་བར་མི་འགྱུར་ལས་ཞེས་བྱ། ལུས་དང་ངག་གིས་དངོས་སུ་མ་བྱས་ཀྱང་། །འདུན་དང་ཡིད་རང་ལྡན་པར་གྱུར་པའི་ལས། །མ་བྱས་འབྲས་བུ་འབྱིན་པའི་ལས་ཞེས་བྱ། རྒྱུ་ཡང་མ་བྱས་རྩོལ་བ་མེད་པ་དེ། རྒྱུ་མེད་འབྲས་བུ་མེད་པའི་ལས་སུ་གསུངས། །ཞེ་སྡང་ལྟ་བུའི་འཛིན་པ་བཅོམ་བྱས་ཀྱང་། །མ་བདེ་བ་དེ་བག་ཆགས་ལྷག་མ་སྟེ། །གནས་ངན་ལེན་ཞེས་ཡོངས་སུ་གྲགས་པ་ཡིན། །གཉིད་ནི་ཀུན་ཏུ་འགྲོ་བ་ཞེས་བྱ་སྟེ། དགེ་བའི་རྒྱུ་ལྡན་དགེ་བའི་གཉིད་ཡིན་ཏེ། མི་དགེས་འཕངས་པ་མི་དགེའི་གཉིད་ཡིན་ནོ། །ལུང་མ་བསྟན་པར་རྨུགས་པ་ལུང་མ་བསྟན། །དེ་ཕྱིར་གཉིད་ཀའི་འདུན་པ་གཙོ་བོ་ཡིན། །ཉིན་པར་རྗེས་ཤེས་མེད་མཉམ་བྱེད་པ་དེ། །ངོ་མ་ཤེས་པའི་ཡིད་གཅིག་གཡོ་བ་མེད། །དེ་ཕྱིར་རྨི་ལམ་ནང་དུ་འཁྲུལ་པ་ཡིན། །བར་དོ་དེ་ལ་འཁྲུལ་པར་ཤིན་ཏུ་འབྱུང་། །འདི་དག་རྣམ་དབྱེ་རྣམ་ཤེས་བརྟག་པ་ཡི། །བསྟན་བཅོས་ཁོ་བོས་བྱས་པར་ཞིབ་ཏུ་ལྟོས། །དམིགས་མེད་སྙིང་རྗེ་ཆེན་པོ་ཞེས་བྱ་བ། དག་པའི་ས་ལམ་འཐོབ་ལ་འབྱུང་བ་སྟེ། །དེ་རྒྱུ་ཆོས་རྣམས་ལ་དམིགས་སྙིང་རྗེ་ཡིན། །དེ་ཡང་མ་དག་ས་བདུན་ལ་ཡོད་དོ། །དེ་རྒྱུ་སེམས་ཅན་དམིགས་པའི་སྙིང་རྗེ་སྟེ། དེའི་སྐྱེ་ཚུལ་འདི་ལྟར་ཤེས་པར་བྱ། །སེམས་ཅན་ཀུན་ལ་སངས་རྒྱས་སྙིང་པོ་ཡོད། །འདི་མ་རྟོགས་པ་འཁོར་བར་འཁྱམ་པ་སྟེ། །དེ་ཕྱིར་རྟོག་པའི་དྲི་མ་སེལ་བ་ལ། །བདག་གིས་འཁོར་བ་ཇི་སྲིད་གཞན་དོན་བྱ། །སྙམ་ནས་རྒྱལ་སྲས་བསླབ་པ་སྤྱོད་པའོ། །དེ་ཡིས་བསམ་གཏན་ཏིང་འཛིན་ཤེས་རབ་ཐོབ། །མཐོང་བས་སྤངས་བྱའི་ཉོན་མོངས་དག་ནས་ནི། །སྒྱུ་མ་ལྟ་བུར་ཆོས་དང་སེམས་ཅན་ཀུན། །རྟོགས་ནས་ནུས་པ་རྫོགས་པའི་ཐབས་མཁས་ཀྱིས། །སྤྱོད་པ་ཆོས་ལ་དམིགས་པ་ཐོབ་པ་ཡིན། །ཡུལ་དང་ནུས་པ་ཐོབ་ལ་རྣམ་མི་རྟོག །ཡིད་འཛིན་རྣམ་རྟོག་གནས་གྱུར་ཐོབ་ནས་ཀྱང་། །བསྒོམ་པས་སྤང་བྱའི་ཉོན་མོངས་གཏན་དག་ཅིང་། །སྨོན་ལམ་སྟོབས་དང་ཡེ་ཤེས་མཐར་ཕྱིན་པ། །དམིགས་མེད་སྙིང་རྗེ་ཐུགས་རྗེ་ཆེ་ཞེས་བྱ། །དེ་ཕྱིར་ཁྱེད་ཀྱི་དྲི་བ་དང་པོ་དེ། །སེམས་ཅན་ལ་དམིགས་སྙིང་རྗེའི་རྒྱུ་རུ་འགྲོ། །འཁོར་གསུམ་གང་ལ་དམིགས་པ་མེད་པ་དེ། །སྟོང་པའང་མ་ཡིན་སྙིང་རྗེའང་མ་ཡིན་ཏེ། །ཡུལ་དང་ཡུལ་ཅན་འགོག་པའི་ཏིང་འཛིན་ཏེ། །འདི་ལ་སོ་སོར་བརྟན་འགོག་ཞེས་སུ་བརྗོད། །སྟོང་པ་ཞེས་བྱ་གང་གང་དེས་དབེན་པའི། །དེ་མེད་པ་ལ་སྟོང་པའི་ཐ་སྙད་བྱས། །སྙིང་རྗེ་ཞེས་བྱ་ཐམས་ཅད་སྒྱུ་མ་ལྟར། །མེད་ཀྱང་སྣང་ལ་འཇུག་པའི་ཐབས་མཁས་ཡིན། །དབྱེར་མེད་ངོ་བོ་དབྱེ་བ་མེད་པ་དང་། ལམ་ལ་མཉམ་པར་དབྱེར་མེད་སྦྱོང་བ་དང་། །འབྲས་བུ་འབད་མེད་ཡིད་བཞིན་ནོར་བུ་ལྟར། །མི་རྟོག་དགོས་འདོད་འབྱུང་བའི་དབྱེར་མེད་གསུམ། །བཞི་ལམ་འབྲས་བུའི་གནས་སྐབས་མིང་གསུམ་མོ། །དེ་ཕྱིར་ཉམས་སུ་ལེན་པར་བྱེད་པ་ན། །ཇི་སྲིད་རྟོག་པ་ཡོད་ཀྱི་བར་དུ་ནི། །རེས་འཇོག་བློ་ཡིས་ངེས་པར་སྙིང་རྗེ་དང་། །རང་བཞིན་མེད་ལ་མཉམ་པར་བྱ་དགོས་སོ། །འདྲེས་ནས་གཞན་གྱི་དོན་དང་མཐུན་སྤྱོད་ཀྱང་། །ཏིང་འཛིན་ཉམས་པ་མེད་པར་འགྱུར་བ་ཡིན། །དེ་ནི་ཟུང་འཇུག་ཞེས་བྱའི་རྣམ་གྲངས་སོ། །ལན་འདིས་ཀུན་མཁྱེན་ཤེས་རབ་སྐྱེ་གྱུར་ཅིག །

༈ ན་མོ་བྷུད་དྷ་ཡེ། ཡང་དག་པའི་ཤེས་རབ་ཚོལ་བར་འདོད་པ་དག་གིས། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བརྟག་པར་བྱ་སྟེ། དེའི་ཡན་ལག་བཅུ་གཉིས་གང་ཞེ་ན། མ་རིག་པ་འདུ་བྱེད་རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་སྟེ། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་ན་ནི་འདི་སྐྱེ། འདི་འགགས་ན་ནི་འདི་འགག །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ཡང་ལས་དང་ཉོན་མོངས་པ་དང་། སྡུག་བསྔལ་གསུམ་དུ་འདུས་སྟེ། དང་པོ་བརྒྱད་པ་ཀུན་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། ལྷག་མ་བདུན་ནི་སྡུག་བསྔལ་ཡིན། གསུམ་པོ་དག་ལས་གཉིས་བྱུང་ཞིང་། གཉིས་ལས་བདུན་བྱུང་བདུན་ལས་ཀྱང་། གསུམ་བྱུང་སྲིད་པའི་འཁོར་ལོ་འདི། ཉིད་ནི་ཡང་དང་ཡང་དུ་འཁོར། །འདི་ནི་འཁོར་བ་རང་བཞིན་ཏེ། །མ་རིགས་འགགས་ཤིང་སྐྱེ་མེད་ན། །འགག་པ་ཉིད་ཀྱང་མི་དམིགས་ན། །ཡང་དག་མྱ་ངན་འདས་པ་ཞེས། །ཡང་དག་གཟིགས་པ་མཆོག་གིས་གསུངས་སོ། །རྟེན་ཅིང་འབྲེལ་པ་འབྱུང་ཤེས་ཤིང་། དེའི་དོན་སྐྱེ་བ་དང་འགག་པ་མེད་པ་རྟོགས་ན་རྣམ་པར་གྲོལ་བ་ཡིན་པས། །སྐལ་བ་དང་ལྡན་པ་རྣམས་ཀྱིས་བྲིས་ཤིག །རྟོག་ཤིག་བསྒོམས་ཤིག །ཁོང་དུ་ཆུད་པ་དང་རྒྱ་ཆེར་ཡོངས་སུ་བརྟེན་ཅིག །

༈ ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱིས་མཆོད། སྲིད་ཞི་གཉིས་མེད་དོན་ལ་མཉམ་པར་བཞག །ཤེས་བྱའི་དཀྱིལ་འཁོར་མཉམ་པ་ཉིད་རྟོགས་པ། །རྒྱལ་དང་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཤེས་བྱ་གཤིས་ཀྱི་གནས་སྣང་སྣ་ཚོགས་འདི། །དུ་མ་རོ་ཅིག་རྒྱལ་བའི་དཀྱིལ་འཁོར་ཏེ། །སྣང་དང་སྟོང་པ་རང་བཞིན་གཉིས་མེད་པ། །གང་རྟོགས་དེ་ཉིད་ཆོས་ཉིད་སྙིང་པོ་ཡིན། །སྣ་ཚོགས་སྣང་བ་སྒྱུ་མ་ལྟ་བུ་སྟེ། གང་ཡང་བདེན་པ་མེད་པའི་རང་བཞིན་ཡིན། །བདེན་པར་འཛིན་ན་བརྫུན་པའི་ནང་དུ་ཆེ། །བདེན་མེད་རྟོགས་ན་ཆོས་སྐུའི་ངོ་བོ་ཡིན། །ཅི་ལྟར་སྣང་བ་ནམ་མཁའི་སྨིག་སྒྱུ་འདྲ། །བདེན་པར་འཛིན་པ་བྱིས་པའི་འཁྲུལ་པ་ཏེ། །བདེན་མེད་རྟོགས་ན་རང་གི་ངོ་བོས་སྟོང་། །སྟོང་དང་མི་སྟོང་བདེན་མེད་ངོ་བོ་ནི། །དེ་ཉིད་ངོ་བོ་དགག་བསྒྲུབ་མི་བྱ་རང་སོར་ཞོག །སྤོང་ལེན་མེད་པར་རྟོགས་པར་གྱུར་པའི་ཚེ། །རྒྱལ་བ་རྣམས་ཀྱི་དགོངས་པའི་སྙིང་པོ་ཡིན། །གང་ཞིག་རྨོངས་པའི་བྱིས་པ་ཐམས་ཅད་ཀུན། །འཁོར་བའི་གཟུང་འཛིན་མངོན་པར་ཞེན་པ་ནི། །རྨི་ལམ་བདེ་ལ་རྗེས་སུ་ཆགས་དང་མཚུངས། །དེ་ལ་སྤང་བླང་མ་བྱེད་གློད་ལ་ཞོག །འཛིན་པར་བྱེད་ན་སྨིག་རྒྱུ་ཞེན་པ་བཞིན། །མེད་པ་གཟུང་བས་སྡུག་བསྔལ་དཔག་ཏུ་མེད། །དེ་ནི་འགྲོ་དྲུག་འཁོར་བའི་མཚན་ཉིད་ཡིན། །དེས་ན་གང་ལ་བླང་དང་དོར་མེད་པར། །ཆོས་དབྱིངས་རང་བཞིན་ངོ་བོ་ཉིད་ཀྱི་དོན། །མཚན་ཉིད་རྒྱལ་བ་ཀུན་གྱིས་གསུངས་པ་ཡིན། །འགྲོ་བ་ཀུན་གྱི་འདི་དོན་རྟོགས་པར་ཤོག །

༈ ཁྱབ་བདག་སངས་རྒྱས་ཀུན་ཀྱིས་བདག །འགྲོ་བ་ཀུན་གྱི་འདྲེན་པའི་དཔལ། །དེ་བཞིན་གཤེགས་དང་དབྱེར་མེད་པ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འཁོར་དང་མྱ་ངན་འདས་པའི་ཆོས། །གཉིས་སུ་མེད་པའི་རང་བཞིན་ལ། །འཁྲུལ་པའི་ཐག་པས་མི་བཅིང་ཞིང་། །གཟུང་འཛིན་ཞེན་པ་བཅད་པར་བྱ། །ནང་གི་རྟོག་པའི་གཉིས་འཛིན་རྣམས། །ནམ་མཁའི་འཇའ་ཚོན་བཞིན་དུ་ལྟ། །བདེན་པ་མེད་པའི་རང་ངོ་ལ། །དགག་བསྒྲུབ་མེད་པར་ལྷོད་ཀྱིས་གློད། །མཐའ་དབུས་མེད་པར་ནམ་མཁའ་ལྟར། །སྤྲོས་མེད་ཆོས་ཀྱི་དབྱིངས་ཉིད་ལ། །མཉམ་པར་བཞག་པས་དེ་ཉིད་དོན། །མཚན་འཛིན་དང་བྲལ་དེ་ཉིད་དེ། དེ་དོན་གཤིས་ཀྱི་གནས་ལུགས་ལ། །མཚན་འཛིན་མེད་པར་ལྷོད་ཀྱིས་གློད། །གཤིས་ཀྱི་སྟེང་དུ་མཉམ་པར་ཞོག །དེ་ལ་འཛིན་པར་མི་བྱ་ཞིང་། །ཡུལ་དུ་བདེན་པར་རྟོག་མི་བྱ། །གཉིས་འཛིན་ཞེན་པས་མ་སླད་པར། འཆིང་གྲོལ་མེད་པར་ངང་ཉིད་དུ། །གནས་པ་རྒྱལ་བའི་སྙིང་པོ་ཡིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པའི་དོན་དེ་བླ་ན་མེད། །འདི་དོན་གང་གིས་མ་རྟོགས་པར། །ང་དང་ང་ཡིར་འཛིན་པ་རྣམས། །རང་གིས་རང་ལ་སླུས་པ་སྟེ། །དར་གྱི་སྲིན་བུ་བཞིན་དུ་འཁིང་། །དེས་ན་འཁོར་འདས་ཐམས་ཅད་ཀྱི། །གནས་ལུགས་ཡིན་པར་རྟོགས་པར་མཛོད། །འདི་བརྩམས་དགེ་བ་ཅི་ཡོད་པ། རིགས་དྲུག་སེམས་ཅན་མ་ལུས་པ། །དེ་བཞིན་ཉིད་དོན་མངོན་སུམ་དུ། །མ་ནོར་གསལ་བར་རྙེད་གྱུར་ཅིག །

༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཤེས་བྱའི་གནས་ལུགས་སྣ་ཚོགས་འདི། །སྣང་ཡང་བདེན་པ་མེད་པ་སྟེ། །བདེན་པར་འཛིན་པ་འཁྲུལ་པའི་རྒྱུ། །དེ་བས་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་གཉིས་སུ་མེད་པའི་དོན། །ནང་གི་བློ་ལ་ངེས་པར་བྱ། །གང་ཞིག་དངོས་པོའི་སྣང་བ་ལ། །ཞེན་པ་ཐམས་ཅད་དོར་བྱས་ཏེ། །མཚན་མར་འཛིན་པའི་རྟོག་པ་ཀུན། རང་སོར་ཕྲོལ་ལས་མཉམ་པར་ཞོག །བླང་དང་དོར་བར་མ་བྱེད་པར། །གཤིས་ཀྱི་གནས་ལུགས་ཅི་བཞིན་དུ། །འཆིང་གྲོལ་མེད་པའི་ངོ་བོ་རུ། །རང་གྲོལ་མཉམ་པ་ཉིད་དུ་ཞོག བལྟ་བ་ཀུན་གྱི་མཐར་ཐུག་ཡིན། གང་ཞིག་འདི་དོན་ཉམས་ལེན་ན། ལུས་ནི་བསམ་གཏན་གནས་བཅས་ཏེ། །རྣམ་རྟོག་གཞན་དུ་མི་གཡེང་པར། །རྩེ་ཅིག་མི་གཡོ་བརྟན་བྱས་ཏེ། །ཡུལ་དང་ཡུལ་ཅན་གཉིས་མེད་ལ། རང་གསལ་གཅིག་ཏུ་བཞག་པར་བྱ། གང་ཚེ་བསྒོམས་འཛིན་བྱུང་བའི་ཚེ། །དེ་ཉིད་བྱུང་བར་ཤེས་བྱས་ལ། །རང་གྲོལ་ཉིད་དུ་མཉམ་པར་ཞོག །མཉམ་པར་འཇོག་མཁན་སེམས་ཉིད་དེ། །དེ་ཡང་རང་གྲོལ་རང་གི་སེམས། །དེ་ལྟར་རྟོགས་པར་གྱུར་པ་ཡི། །མ་རྟོགས་ཐེ་ཚོམ་མི་བྱ་སྟེ། །བཅོས་མའི་ཚུལ་འཆོས་བྱེད་པ་ཡང་། །མཐའ་གཉིས་བྲལ་བའི་སྤྱོད་པ་མཆོག །ཡང་དག་དབུ་མའི་ལམ་དུ་འགྲོ། །ཡང་དག་དེའི་འབྲས་བུ་ནི། །སྲིད་ཞི་སྤངས་པའི་སངས་རྒྱས་ཏེ། །བསམ་བྱ་མེད་ཅིང་གནས་བྱ་མེད། །སྤང་པ་མེད་ཅིང་ཐོབ་པ་མེད། །རང་གི་འབྲས་བུ་མཐར་ཐུག་གོ །འདི་ནི་སེམས་ཅན་ཐམས་ཅད་ཀྱིས། །མངོན་སུམ་ཉིད་དུ་མཐོང་བར་ཤོག །

༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཀྱེ་མ་དེང་སང་བསྟན་པའི་སྙིགས་མ་ལ། །ངེས་པར་དམ་ཆོས་མཛད་ལ་གཞོལ་བ་རྣམས། །རྒྱལ་བའི་བསྟན་དང་འཇལ་བ་དཀའ་བར་སོམས། །སྐལ་པ་བྱེ་བ་མང་ལ་རེས་འགའ་འབྱུང་། །དལ་འབྱོར་སྐྱོན་མེད་དབང་པོ་ལྡན་པ་སོགས། །སྔོན་སྦྱངས་བསོད་ནམས་དུ་མ་བསགས་ལས་བྱུང་། །མཚན་ལྡན་བླ་མ་མཁས་གྲུབ་འཛོམ་པ་དཀོན། །རྙེད་ནས་དེའི་གསུང་ལྟར་བསྒྲུབ་པ་གཅེས། །ལོག་མཚོ་ཚེ་འདི་དོན་དུ་གཉེར་བ་མང་། །དེ་འདྲ་རྣམས་དང་འཕྲད་ན་ཐབས་ཀྱིས་བྱོལ། །ཡུལ་ངན་གནས་དགོན་ཆགས་སྡང་སོགས་པ་མང་། །དེ་འདྲ་རྣམས་ལ་སྡུག་ཞེན་ཆ་ཡིས་སྤོངས། །མི་ནག་ཕལ་ཆེར་ཚེ་འདི་འདོད་པ་མང་། །དེ་འདྲའི་ཁྱིམ་འདྲིས་ངོ་བསྲུང་བྱེད་པ་པོ། གྲོགས་པོ་ཕལ་ཆེར་རང་དོན་ཚེ་འདི་བསྒྲུབ། །ཁ་ལ་མི་ཉན་དེའི་དབང་མི་འགྲོ། །རྣམ་རྟོག་འདི་ནི་བག་ཆགས་ངན་པས་གཡེངས། །རྟག་ཏུ་རང་ལ་དྲན་པས་བཟུང་བ་གཅེས། དབང་པོ་ལྔ་ལ་བདེ་བས་ཆོག་ཤེས་མེད། །ཚོར་བ་མི་རྟག་ཆུ་ཟླ་ལྟ་བུར་སོམས། གཟུགས་སོགས་ཡུལ་སྣང་སྒྱུ་མས་བྲིད་པ་འདྲ། །ཡུལ་ཕྱིར་མི་འབྲང་རྨི་ལམ་ལྟ་བུར་ལྟོས། །སྡུག་ཀྱང་དབེན་གནས་རི་ཁྲོད་དགོན་པ་བསྟེན། །མི་དགེའི་ཡུལ་ལ་བགས་ཀྱིས་སྲབ་པར་འགྱུར། །རྙེད་པ་ཆེ་ཡང་སྡིག་ལྟོས་ནོར་མ་བསོག །སྔར་གྱི་བསོད་ནམས་ཟད་ནས་ངན་འགྲོའི་རྒྱུ། །སྒྲོ་བསྐུར་བཏབ་ཀྱང་འགྱོད་མེད་ཚུལ་ཁྲིམས་བསྲུངས། །རང་གི་སོ་ནམ་རང་ལ་དྲིན་དུ་ཆེ། ཞེ་སྡང་སྐྱེས་ཀྱང་བཟོད་པའི་གོ་ཆ་གྱོན། །ཤིང་གཉིས་དྲུད་ན་རང་ཚིག་ཕམ་ཁ་འོངས། །དགེ་བ་ཅི་བྱས་འགྲོ་བའི་དོན་དུ་བསྔོས། ཟད་མེད་བསྐྱེད་དུ་བཏང་བཞིན་འཕེལ་བར་འགྱུར། །རང་ཕྱིར་བྱས་ན་དབུལ་པོའི་ཕག་ནོར་མཚུངས། །རང་གི་དྲོད་རྟགས་ཁ་སྒོར་སྨྲ་མི་བྱ། །བདུད་ཀྱིས་མི་ཚུགས་མྱུར་དུ་ཡོན་ཏན་འཕེལ། །དངོས་ངན་རྒྱལ་མཚན་རྩེ་ལ་ཕྱར་གྱུར་ན། །ཆོམ་རྐུན་ཡོད་པར་ནོར་ངོམ་བྱེད་དང་མཚུངས། །དམ་པ་རྣམས་ཀྱི་སྐྱོན་ལ་བརྟག་མི་བྱ། །རལ་གྲིའི་སོ་ལ་བསྣུན་ན་རང་ལུས་ཆོད། །བློ་མི་ཤོང་བའི་ཆོས་ལ་འཕྱ་བ་སྤངས། །ཕྱི་དུས་ཐར་པའི་རྩ་བ་སྟོར་བ་སྲིད། །རང་གི་ཉོན་མོངས་གང་སྐྱེས་མྱུར་དུ་སྤང་། དུག་སྦྲུལ་རྟེན་ན་མྱུར་དུ་འཆི། །རྐྱེན་འདི་ནི་ཕྱེད་འཁོར་ཞེས་བྱ་བ་ཡིན། །ལུས་ལྷ་སྐུ་བསྒོམས་མཉམ་དུ་བཅིངས། །ངག་སྔགས་གསུང་ཅིག་རྗེས་མ་ནས། །ཡིད་བསྒོམ་ཐུགས་རྗེ་ཅིག་ལ་བརྟེན། །གསུམ་པ་ཅིག་ལ་དུ་མར་འབྲེལ། །མཉམ་ཉིད་ཆེ་རྩོལ་བསྒོམ་ཅིག་ཞེས། །བཞག་བྱེད་བཞག་བྱ་མེད་པ་སུ། །ཡིན་ཞེས་བྱ་བྲལ་མཉམ་ཉིད་བརྗོད། །ངན་བྱུང་ན་སྔོན་གྱི་ལས་སུ་བསྒོམ། །གང་བྱུང་དེ་ལ་གཉེན་པོས་ཐོག་འགེལ་བྱ། །སྡུག་བསྔལ་བྱུང་ཚད་སྒྲིབ་པའི་ཆགས་མར་བལྟ། །སེམས་ཅན་ཀུན་གྱི་སྒྲིབ་པ་དག་པར་བསྒོམ། །བདེ་བ་གང་བྱུང་སངས་རྒྱས་བཀའ་དྲིན་ཡིན། །དཀར་པོའི་ཆོས་ཀུན་དེ་ཡིས་བསྟན་པའི་ཕྱིར། །བླ་མ་རྒྱལ་སྲས་ཀུན་ལ་མོས་པ་བསྐྱེད། །ཆུ་བོ་ཆེ་ལ་སྒྲོལ་མཁན་གཞན་ན་མེད། །དམ་ཆོས་བསྒྲུབ་དུས་ལུས་ལ་གཅེས་སྤྲས་བྱ། །འཁོར་བའི་ཆུ་ལ་གྲུ་ཟམ་གཞན་ན་མེད། མི་དགེ་སོག་པའི་ལུས་ཀྱི་ཚིས་མི་བྱ། །སྡིག་མེད་ཤི་བའང་དེ་ལ་འགྱོད་པ་མེད། །ཐར་པའི་ལམ་ལ་འགྲོ་རུ་མི་ཉན་པར། །སློབ་མ་སྡོམ་མེད་ཉག་ཉོག་འཁོར་མི་བརྐྱང་། རང་གི་རྐང་པ་འཁོར་བའི་འདམ་ཚུད་འགྱུར། དེ་བས་བག་ཡོད་ཐེག་ཆེན་གདམས་པ་བསྒོམ། །འདི་ལྟར་རྒྱལ་དང་བླ་མའི་བཀའ་སྲོལ་ཏེ། །རིང་པོར་མི་ཐོགས་བྱང་ཆུབ་ཐོབ་པར་འགྱུར་རོ།། །།

༈ མཚན་ཉིད་ལྡན་པའི་བླ་མ་ལ། །སངས་རྒྱས་ཀྱི་ངོ་བོར་ཤེས་ནས་ཀྱང་། །ལུས་སྒོ་གསུམ་གུས་པས་སྐྱོ་མེད་པར། །རྟེན་ན་བླ་མའི་བྱིན་བརླབས་འབྱུང་། །སྡོམ་གསུམ་གྱི་བསླབ་པ་ཐོབ་པར་ཀྱང་། །གོང་འོག་དང་ཡོན་ཏན་ཁྱད་པར་ལ། །ཉིན་མཚན་དུ་བསམས་ཤིང་ཉམས་སུ་བླངས་ན། །འཆུག་མེད་རྒྱལ་སྲས་གྲལ་དུ་སླེབ། །རླུང་སྲོག་རྩོལ་གནད་དུ་བསྣུན་པ་ལ། །རྩ་སྟོང་གཟུགས་འཁྲུལ་འཁོར་བྱང་བར་བྱ། །སྙིགས་མ་སྒོ་དགུ་ཕྱི་རུ་དེད། །བར་སྟེང་འོག་སྙོམས་ཤེས་དཀའ་བ་མེད། ཁམས་དྭངས་མ་སྦྱོང་བར་བྱེད་པ་ན། །ཧཱུཾ་རིང་ཐུང་སྟེང་འོག་ཕུལ་ཤེས་ཤིང་། ཕྱི་ནང་དངས་སྙིགས་འབྱེད་ཤེས་ན། །བདེ་སྟོང་ལུས་སེམས་ལ་རྒྱུན་མི་འཆད། །ཁམས་དངུལ་ཆུ་གསེར་དུ་འགྱུར་འདོད་ན། །དག་པ་གསུམ་ལྡན་གྱི་མེ་ཐབ་ཏུ། རླུང་གའུ་ཁ་སྦྱོར་ལྡང་ཚེར་གྱི། །རོ་བཅུད་དང་ལེགས་སྦྱར་གསེར་དུ་འགྱུར། །རྣམ་རྟོག་དེ་ལམ་དུ་བྱེད་པ་ལ། །དྲན་པའི་ཤེས་པས་རང་ངོ་བཟུང་། །ཁོ་གང་སྐྱེས་བལྟས་ལ་མཉེ་བཏུལ་བྱ། །ཁོ་རང་སྟོང་ཅིག་ཏུ་ཤར་ནས་འོང་། ཟས་ཅིག་གིས་སེམས་ཅན་ཀུན་འགྱེད་ན། །རང་འདོད་པ་མེད་པར་ཟོ་ལས་ཞོག །རྟོགས་པ་ཡེ་ཤེས་སུ་བསྒྱུར་བ་ལ། །ཆོས་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ། །དུས་གྲངས་མེད་གསུམ་གྱི་ས་ལམ་དེ། །ལོ་ཟླ་ཡིས་བསྒྲོད་པར་འདོད་པ་ན། །ཐབས་ཤེས་རབ་བསྔོ་བ་སྨོན་ལམ་གྱིས། །རྟོགས་པ་ལ་བརྒྱ་ཡིས་ཐོབ་ལ་ཞོག །

༈ རྟོག་པའི་ཁྱིའུ་སྤུན་གཉིས་ཀྱི་ལོ་རྒྱུས་ཞེས་བྱ། མཁས་པ་རྣམས་གསོན་ཅིག །འཇིག་རྟེན་ལ་ཆགས་པའི་ཁྱེའུ་སྲེད་པ་དཔག་མེད་དང་། །འཇིག་རྟེན་སྙིང་པོ་ལེན་པར་རྟོག་པའི་ཁྱེའུ་དག་པ་གཉིས་ག ཅིག་ལ་ག ཅིག་འདི་སྐད་སྨྲའོ། །དང་པོ་ན་རེ། །ཀྱེ་མ་མི་ལུས་བཟང་པོ་ཐོབ། །དབང་པོ་སྒོ་ལྔ་སྐྱོན་མེད་ལྡན། །ཕ་མ་ཉེ་དུ་བཟང་པོ་ཡོད། ཁང་ཁྱིམ་བཟང་ལ་བདེ་དང་ལྡན། །བཟའ་བཏུང་ཞིམ་པོ་བཟའ་བར་བྱེད། འཇིག་རྟེན་འདི་ནི་བདེ་བ་ཡིན། །ཞེས་སོ། །གཉིས་པ་ན་རེ། །མི་ལུས་ཐོབ་ལ་དོན་གོ་དགོས། དབང་པོ་ལྔ་པོ་ཅི་ལ་བལྟ། །ཕ་མ་རྟག་ཏུ་སྡོད་པ་མིན། །ཁང་ཁྱིམ་འཛོམ་ཡང་མྱུར་དུ་འཇིག །བཟའ་བཏུང་མྱུར་དུ་མི་རྟག་འགྱུར། །འབྲས་བུ་གང་ཡིན་ཤེས་སམ་ཅི། ཞེས་སྨྲས་པ་དང་། ཡང་དང་པོ་ན་རེ། མི་ལུས་བསོད་ནམས་འབྲས་བུ་སྟེ། །དོན་གོ་བདེ་བར་སྤྱོད་པ་སྟེ། །གཟུགས་མཛེས་ལྟ་ཞིང་སྒྲ་རྙན་ཉན། །དྲི་ཞིམ་སྣོམ་ཞིང་རོ་མཆོག་བཟའ། །རེག་བྱ་འཇམ་གོན་དབང་པོའི་དོན། །ཕ་མ་ཁང་ཁྱིམ་མི་རྟག་ཀྱང་། རང་གིས་བརྩོན་པར་བསྒྲུབ་པས་ཆོག །ཟས་གོས་འཛོམ་དང་གྲགས་དང་སྙན། །རང་དགའ་གཞན་མགུ་འབྲས་ཡིན་སྙམ། །ཡང་གཉིས་པ་ན་རེ། ཁྱོད་ནི་ཐ་ཤལ་བླུན་པོས་སྟེ། །མི་ལུས་བསོད་ནམས་འབྲས་ཡིན་ན། །ད་ལྟར་སྤེལ་བ་ཁྱོད་རེ་བླུན། །དེ་ལ་ཆགས་ནས་སྔ་མ་ཟད། །འགྱུར་བའི་སྡུག་བསྔལ་མ་མཐོང་ངམ། །ཡུལ་ལྔ་དབང་པོ་མྱངས་བྱས་ཀྱང་། །མི་ལ་ཤིང་བཞིན་ཆོག་མི་ཤེས། སྦྱིན་དང་ཚུལ་ཁྲིམས་མ་བསྲུངས་ན། །བདེ་འདོད་ཁྱོད་ལ་སྡུག་བསྔལ་འབྱུང་། །ཕ་མ་ཉེ་དུ་རྩ་ལག་ཀྱིས། །ཁྱོད་སྤངས་སྲིད་གཞན་འགྲོ་བ་ན། །རོག་མེད་གོས་ཟས་མི་འབྲང་བས། ལོག་པའི་བརྩོན་འགྲུས་ཞེ་སྡང་དང་། །ཁེ་བསྐྱེད་ལོག་མཚོ་བྱས་པ་ཡིས། །གཤིན་རྗེ་མ་རུངས་བརྩེ་མེད་པས། ཁྱོད་ལུས་ཚེར་མའི་ཁྲོད་དུ་བསྐྱུར། །བྱ་ཁྱིས་འདྲད་ཅིང་དུམ་བུར་གཏོར། །མཛའ་རོགས་ངུ་ཞིང་འབོད་གྱུར་ཀྱང་། ཡི་མུག་རང་གཞན་གཉིས་ལ་འབྱུང་། །ཁེ་གྲགས་སྙན་གྲགས་ཡལ་ནས་འགྲོ། ཁྱོད་ནི་སྤྱང་པོ་དོན་མེད་ཅིག །མཁས་པ་ཀུན་གྱིས་ཁྲེལ་དུ་རུངས། །དེ་སྐད་ཅེས་སྨྲས་པ་དང་། ཡང་ཁྱེའུ་དང་པོ་ན་རེ། འོ་ན་ཁྱོད་མི་ལུས་ཐོབ་པ་ལ་བདེ་བ་ཅི་ཡོད་པ་ཤོད་ཅིག །བདེ་དང་འཇིག་རྟེན་ཁེ་དང་གྲགས། །དེ་ལས་གཞན་པ་གང་ཞིག་ཡིན། །ཞེས་དྲིས་པ་དང་། ཁྱེའུ་འཇིག་རྟེན་སྙིང་པོ་མེད་རྟོགས་ན་རེ། ཕ་མ་དྲིན་ཆེན་འཁོར་བར་འཁྱམས། །དེ་ལ་ལན་དུ་བདེ་བ་སྦྱིན། །དབང་པོ་ལྔ་པོ་ཡུལ་ལ་ཆགས། །ཁང་ཁྱིམ་ལོངས་སྤྱོད་སྒྱུ་མ་ལྟར། །སྙིང་པོ་མེད་པས་ཆགས་ཞེན་སྤོངས། །ལུས་ལ་ཕྱི་མའི་དོན་གྲུབ་ན། །ལེགས་པར་སོགས་ལ་ཕངས་པར་གྱིས། །དོན་མེད་དམྱལ་བར་འཁྲིད་པ་ཡི། །ལས་ལ་དགའ་ན་མྱུར་དུ་བཟློག །ཆགས་ཤིང་སྲེད་ན་བློ་ཡིས་ཐོང་། །གཟུགས་རྣམས་མི་རྟག་འཇའ་ཚོན་འདྲ། །བདེན་འཛིན་མ་བྱེད་རང་སར་ཞོག །སྒྲ་ལ་བྲག་ཆའི་གཉེར་ལས་མེད། རྗེས་སུ་མ་འབྲེང་བདེན་མ་འཛིན། དྲི་ལ་གཏད་མེད་སྨིག་སྒྱུ་འདྲ། །མ་སྣོམ་རང་སར་རྩེ་ནེ་ཞོག །རོ་ལ་གཏད་མེད་ཡུག་གཅིག་ཡིན། །ལྟོ་འགྲངས་ཙམ་ལ་ཆོག་ཤེས་བཟུང་། རེག་བྱ་བདེན་མེད་ཆུ་བུར་འདྲ། །སྣང་བ་བདེན་པར་ཁྱེད་མ་འཛིན། །མཁས་པ་སངས་རྒྱས་རྗེས་སུ་སྙོགས། ཅེས་སྨྲས་པ་ལ། ཡང་ཁྱེའུས་བསམས་ནས་སྨྲས་པ། །མཁས་པ་སངས་རྒྱས་ཀྱི་རྗེས་སུ་འབྲང་བ་ལ་ཅི་ལྟར་བྱ་མི་ཤེས་སོ། །དེ་ལ་སྨྲས་པ་དེ་བདེན་ནོ། །ངས་བསྟན་གྱི་ཉོན་ཅིག །ཚུལ་ཁྲིམས་ལྡན་ཅིང་ཆོག་ཤེས་ལ། །བླ་མ་མཁས་པའི་རྗེས་འབྲེངས་ཏེ། །དེ་དབེན་པར་བདེ་བའི་བསམ་གཏན་བསྒོམ། །མི་རྟག་རྒྱུད་ལ་བརྟེན་པར་བྱ། །ཐོས་དང་བསོད་ནམས་འབྲས་བུ་བསྒྲུབ། འདི་ནི་ཐམས་ཅད་རྩ་བ་ཡིན། ཡང་སྨྲས་པ། དབེན་པ་བསྟེན་པར་བྱེད་པའི་གནས་ན། བཟུང་བ་དང་བཏུང་བ་ལ་སོགས་པའི་ཁྱད་པར་མེད་པ། འཇིགས་པ་དང་བཅས་པ་མ་ཡིན་ནམ། ལན་དུ་སྨྲས་པ། རྣམ་གཡེང་ཆགས་དང་ཞེ་སྡང་དང་། །སྲིད་པ་འཕེལ་བ་མ་ཡིན་པ། །ཅ་ཅོ་སྒྲ་དང་བྲལ་བ་དང་། །གནོད་མེད་དབེན་པའི་གནས་མཆོག་ཡིན། །ནགས་ཚལ་རི་དང་ལྗོན་པ་རྣམས། །མེ་ཏོག་འབྲས་བུ་དུ་མས་གང་། །རླུང་གིས་བསྐྱོད་པའི་གར་མཛེས་བྱེད། །མཛེས་པའི་རི་དྭགས་ཚོགས་ཀྱིས་གང་། །བཻ་ཌཱུརྻ་ལྟར་མཛེས་པའི་ས། །ཆུ་བྲན་ལྷུང་ལྷུང་སྒྲ་སྒྲོགས་པ། །བྲག་རི་སྣ་ཚོགས་རིན་ཆེན་ཕྲེང་། །སྤང་ལྗོངས་སྣ་ཚོགས་ཤ་ཞོང་ལ། །ནེ་སིང་མཛེས་པའི་དར་ལ་བཞིན། བུང་བ་མཛེས་པ་གར་བྱེད་པ། །མཐོང་ན་ཡིད་རབ་དྭངས་བྱེད་པ། །དུས་ཀྱི་རྐྱེན་གྱི་བསྒྱུར་བ་ཡི། །ཁ་དོག་སྣ་ཚོགས་བཀྲམ་པ་འདྲ། །བྱ་རྣམས་སྙན་པའི་སྒྲ་དབྱངས་འབྱིན། །རྩ་བ་ལོ་མ་འབྲས་བུ་རྣམས། །བཟའ་བ་སྣ་ཚོགས་སྦྱར་བ་འདྲ། །ཉིན་པར་འདུ་འཛི་ཟང་ཟིང་མེད། །མཚན་མོ་སྒྲའི་རྣམ་གཡེང་བྲལ། །ལྷའི་དགའ་ཚལ་དྲི་མེད་བཞིན། །ཐུབ་པ་དྲང་སྲོང་རབ་ཏུ་དགྱེས། །དྲི་ཟ་བ་རྣམས་རྩེ་རུང་པ། །མི འམ་ཅི་རྣམས་གླུ་ལེན་པ། །ཉི་ཟླ་འོད་གསལ་དཀར་པོའི་འོད། །བདུད་ཀྱི་རྩ་ལག་རྣམས་སེལ་བ། །བརྟེན་ན་ཞི་བའི་བསམ་གཏན་འཕེལ། །འཇིག་རྟེན་མི་གཙང་དོང་ལྟ་བུ། །སུ་ཞིག་དགའ་བས་འདོད་པར་བྱེད། །ཅེས་སྨྲས་སོ། །ལུང་མ་བསྟན་གྱི་རྟོག་པ་འཕྲོ་བའི་དྲིས་ལན་རྫོགས་སོ།། །།

༈ བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དྲག་པོ་མཐར་བྱེད་མགྲིན་གསུམ་ལྷའི་ལྷ། །ཞི་བ་དཔལ་ལྡན་མིག་གསུམ་ལས་ལྷག་རབ་ཞི་བ། འཇིག་རྟེན་གསུམ་གྱི་བླ་མ་འཇིག་རྟེན་ལས་འདས་གང་། སྲིད་ཞིའི་འདྲེན་པ་བླ་མེད་དེ་ལ་ཕྱག་འཚལ་ལོ། །རྣམ་རྟོག་མཚན་མ་རབ་ཞི་བ། །ཞི་བའི་ལམ་མཆོག་ཚུལ་ལྡན་པ། །རྟེན་བྱེད་མཁས་པའི་རང་བཞིན་ཅན། །དེའི་ཚུལ་འདི་བརྗོད་པར་བྱ། །དང་པོ་རྒྱལ་བའི་བསྟན་ལ་མོས། །བར་དུ་དགེ་བའི་བཤེས་ཀྱིས་ཟིན། །ཐ་མར་དབེན་པའི་ཞི་ལྷག་བསྒོམས། །འདི་འདྲ་བསོད་ནམས་ཕུལ་དུ་བྱུང་། །ནགས་ལྗོངས་འབབ་ཆུ་ལྡན་པ་དང་། གངས་རི་སྤང་གིས་མཛེས་པར་བྱས། མཚོ་ཆེན་བརླབས་ཀྱི་ཕྲེང་བ་ཅན། དབེན་པའི་གཙོ་བོར་གྱུར་པ་ཡིན། །འཇིག་རྟེན་འཁྲི་བ་ཆོད་པ་དང་། དགེ་བའི་གྲོགས་ཀྱིས་ཟིན་པ་དང་། རང་རྒྱུད་ལས་སུ་རུང་བ་རྣམས། རྒྱུ་ནི་ཕུན་གསུམ་འཚོགས་པ་ཡིན། རྒྱལ་བའི་བསོད་ནམས་ལྟ་བ་དང་། རྒྱུད་སྡེའི་སྙིང་པོ་མཐོང་བ་དང་། མན་ངག་དཔག་མེད་ལྡན་པ་དེས། རྐྱེན་གྱི་གཙོ་ཞེས་བྱ་བ་ཡིན། །བསམ་གཏན་བཞིའི་གནས་ལ་མཁས། །ཤེས་རབ་རྒྱུ་འབྲས་རྣམ་པར་འབྱེད། སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པ། །དྲི་མེད་ལམ་གྱི་རྩ་བ་ཡིན། །བརྩོན་འགྲུས་ལེགས་པར་བརྩོམ་པ་དང་། །བཟོད་ལྡན་དྲང་ཞིང་བདེན་པར་བྱེད། །དྲན་པས་དབང་བསྒྱུར་མཁས་པ་དེ། །གྲོགས་གྱི་མཆོག་ཏེ་བླ་ན་མེད། །རྟག་ཏུ་ཞིང་ཁམས་དག་པ་སྦྱོངས། །དངོས་ཀུན་སྒྱུ་མ་ལྟ་བུར་ཤེས། །འདུན་དང་སེམས་ལ་དབང་བྱེད་པ། །འབྲས་བུ་མཆོག་གི་རྒྱུའི་གཙོ། །ཤིན་ཏུ་རྒྱལ་བའི་མདོ་ལྟར་མོས། །ཡིད་གཅོད་ཕྱོགས་སུ་མ་ལྷུང་བར། །རང་གིས་བླ་ན་མེད་འཇུག་པ། །རྒྱལ་བའི་ཐབས་མཆོག་རྟོགས་ཅེས་བྱ། །དྲན་པའི་བློ་འདི་དྲན་མེད་པ། །དགའ་ཡུལ་སྲེད་པ་གཅོད་པ་ཞེས། །རྒྱལ་ཆེན་ལ་སྲེད་སྲིད་པའི་བདེ་ཆེན་སྤྱོད་པ་ཞེས་བྱ་ཡུལ་མ་ཡིན། །ཁ་དོག་ཡོན་ཏན་མེད་པའི་ཁ་དོག་རོ་གཅིག་བྱེད་པ་རྫུན་མ་ཡིན། །བདེན་མེད་ཞེས་བྱ་བདེན་པ་དམ་པ་གང་གིས་འཁོར་བའི་ཕ་རོལ་ཕྱིན། །ཀྱེ་མའོ་རང་བྱུང་མིང་ཅན་གྱི་ནི་དོན་མེད་བྲིས་ལ་བཟོད་མཛོད།། །།

༈ ཨོཾ་སརྦ་སྭ་སྟི་སིདྷི་ཧཱུཾ། །།བླ་མ་དམ་པའི་གདམས་པ་ལེགས་ཐོབ་ན། །ཞི་གནས་ལྷག་མཐོང་གོམས་པར་བྱེད་པ་ལ། །རྟོག་པའི་རྒྱུ་བ་གསལ་སྟོང་རྩེ་གཅིག་ཏུ། །གཡོ་མེད་གནས་པ་ཞི་གནས་ངོ་བོ་ཡིན། །གཟུགས་སོགས་ཡུལ་རྣམས་རང་གི་སེམས་ཀྱིས་དངོས། རྨི་ལམ་སྒྱུ་མ་ལྟ་བུར་སྣང་བ་སྟེ། །འཛིན་མེད་རྣམ་པར་ཤེས་པའི་ཚོགས་དྲུག་པོ། །རང་གི་ངོ་བོ་གསལ་སྟོང་སྐྱེ་མེད་དུ། །རྟོགས་པ་སྟོང་པའི་རང་ངོ་མཐོང་བ་སྟེ། །འགག་མེད་རིགས་པའི་རྩལ་ཤར་བ་ཡི། དཀར་ནག་རྒྱུ་འབྲས་རྟེན་འབྲེལ་འགག་མེད་པར། །བླང་དོར་ཚུལ་ཤེས་དེ་ཡང་སྤྲོས་བྲལ་དུ། །རྟོགས་ཤིང་མ་རྟོགས་ཀུན་ལ་སྙིང་རྗེ་བསྐྱེད། །དེ་ཉིད་ལྷག་མཐོང་ཞེས་སུ་རྒྱལ་བས་གསུངས། །དེ་གཉིས་དབྱེར་མེད་གཅིག་ཏུ་ཉམས་ལེན་པ། །ཐེག་ཆེན་ལམ་གྱི་གཞུང་དུ་བཤད་པ་ཡིན། །དེ་དོན་རྟོགས་པའི་བོགས་འདོན་གེགས་སེལ་ནི། །ཉོན་མོངས་གཟུང་འཛིན་འཁོར་བའི་གེགས་ཡིན་ཏེ། །ཞི་ལྷག་ཡོན་ཏན་མངོན་ཤེས་ཏིང་འཛིན་ལ། །དགའ་ཞིང་མཚན་མར་འཛིན་ན་དེའང་གེགས། །རྒྱུ་འབྲས་བླ་དོར་བདེན་འཛིན་གེགས་ཡིན་ཏེ། བདེན་མེད་སྟོང་པར་འཛིན་ན་དེ་བས་འཁྲུལ། །དེ་ཕྱིར་རྣལ་འབྱོར་ཉམས་ཀྱི་སྣང་བ་དང་། །ཡོན་ཏན་གང་ལའང་མ་ཞེན་རྩོལ་མེད་སྦྱང་། །སྙིང་རྗེ་ཆེན་པོས་སེམས་ཅན་དོན་བྱེད་ཅིང་། །དགེ་བ་ཀུན་སྤེལ་སྨོན་ལམ་རྒྱ་ཆེན་གདབ། །སངས་རྒྱས་ཆོས་ཀུན་ཤེས་ཤིང་རྟོགས་པར་འདོད། །དེ་ཡང་གཞན་གྱི་དོན་དུ་ཡོངས་སུ་བསྔོ། །དེ་དག་ཀུན་ཀྱང་ཆུ་ཟླ་ལྟ་བུ་རུ། །མ་ཡེངས་དྲན་པའི་རྒྱུན་གྱིས་བརྟེན་བྱས་ནས། །དངོས་དང་དངོས་མེད་བདུད་ཀྱིས་ཚུགས་མི་འགྱུར། །སངས་རྒྱས་ཡོན་ཏན་ཚོགས་རྣམས་རབ་ཏུ་འཕེལ། །རྒྱལ་བ་སྲས་བཅས་ཀུན་གྱིས་བསྔགས་འགྱུར་ཞིང་། །རིང་པོར་མི་ཐོགས་འབྲས་བུ་ཐོབ་འགྱུར་པ། །འདི་ལྟར་བསྒྲུབ་ལ་མངོན་པར་བརྩོན་པར་མཛོད། བསྒོམ་སྡེ་རས་པ་ལ་གདམས་པའོ།། །།

༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྣང་བ་ཙམ་ལ་བརྟག་པའི་རབ་ཏུ་བྱེད་པའོ། །གཟུགས་འདི་སྣང་ཡང་བདེན་དངོས་སུ། །བརྟགས་ན་མ་དམིགས་གི་ཕྱིར། །བུམ་པ་མཐོང་ཞེས་གང་བརྗོད་པ། །དབྱིབས་ལྟར་སྣང་བའི་རྟོག་པ་ཡིས། །སྒྲོ་བཏགས་གང་མཐོང་མི་བདེན་ཏེ། །རབ་རིབ་ཅན་གྱི་སྐྲ་ཤད་བཞིན། །རགས་པའི་རྩོམ་གཞི་རྡུལ་ཕྲན་ནི། །ཡོད་ཅེས་ཞེན་པས་གང་སྨྲ་བ། །དབང་པོའི་མངོན་སུམ་མ་དམིགས་ཕྱིར། །མི་བརྟེན་དེར་བརྟགས་འཁྲུལ་པའི་བློ། །བདག་འཛིན་ཅན་གྱི་བདག་བརྟགས་མཚུངས། །གང་ཚེ་བློ་ཡིས་སྒྲོ་བཏགས་པ། །བདེན་པའི་རྗེས་སུ་རྟོག་ན་ཀོ། །རི་བོང་ར་ནི་དཀར་ཟླུམ་པ། །ཅིའི་ཕྱིར་ན་འགྲུབ་མི་འགྱུར། །རྫས་མེད་བདེན་པར་མི་སྣང་སྟེ། །མ་མཐོང་ལག་ན་རྫས་ཡོད་ཅེས། །འདོད་ན་བརླན་དང་བསྲེགས་པ་ཡི། །ཁམས་ལྡན་རྫས་ཅེས་ཅི་ཕྱིར་སྨྲ། །དེ་ནི་མངོན་སུམ་རྫས་ཞེ་ན། ཐག་པ་ལས་ནི་སྦྲུལ་འཛིན་དུ། །མངོན་སྣང་ཤེས་པ་ཅི་ཕྱིར་འཁྲུལ། །ཐག་པ་ལས་ནི་སྦྲུལ་མེད་ཅིང་། །བརྟགས་ན་ཐག་པའང་སྤུའི་ཚོགས། །རིལ་བུའི་རྫས་མེད་ཆ་ཤས་སྟེ། །ཆ་ཤས་བརྟགས་ན་རྡུལ་ཕྲན་ཉིད། །བདེན་པར་འགའ་ཡང་གྲུབ་མེད་ན། །བྱིས་པ་ཐ་སྙད་རྗེས་འབྲངས་པས། སྦྲུལ་སྣང་ཤེས་པས་རྫུན་པ་སྟེ། །ཐག་པ་སྣང་བ་བདེན་ཡིན་ཞེས། །ལོག་པའི་ཐ་སྙད་འཛིན་པར་བྱེད། །དེ་བཞིན་འཁོར་དང་མྱ་ངན་འདས། །ཐམས་ཅད་དེ་ཉིད་མཚུངས་པ་སྟེ། །ཇི་ལྟར་སྣང་བ་དེ་ཙམ་བདེན། །ཇི་ལྟར་བརྟགས་ན་བདེན་པ་མེད། །སྣང་དང་བདེན་མེད་རང་བཞིན་ནི། །སྐྱེད་མེད་འགག་པ་མེད་པ་སྟེ། །སྣང་དེ་སྐྱེ་ཟིན་བདེན་མི་དགོས། །སྣང་བ་དེ་ཉིད་མ་འགགས་ཕྱིར། །དེ་བཞིན་སྟོང་པའང་སྐྱེ་འགག་མེད། །སྣང་སྟོང་འགལ་མིན་མི་འགལ་མིན། །གཅིག་མིན་ཐ་དད་རྣམ་བྲལ་བས། །ཆོས་སྐུ་སྐྱེ་འགགས་མེད་དོ་ཞེས། །འཕགས་མཆོག་རྣམས་ཀྱིས་བསྟན་པ་ཡིན། འདི་མཐོང་སྲིད་པའི་རྒྱ་མཚོ་བརྒལ། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །

༈ སྙིགས་མའི་དུས་ཀྱི་ཚིགས་བཅད་བསྟན་པ་ཞེས་བྱ་བ། །འཁོར་བའི་སྲིད་འདི་ཀ་ར་ལྟ་བུར་མངར། །དེ་ལ་སྲེད་པས་ཁ་ན་མ་ཐོ་མེད། །གྲང་བའི་ནད་ལ་ག་པུར་འཐུང་བ་བཞིན། །ཕྱིན་ཅི་ལོག་ཏུ་ང་བདག་འཕེལ་བས་རྨོངས། །ངན་འགྲོའི་སྡུག་བསྔལ་ཅ་ཅོ་མ་མཐོང་པར། །འཁོར་བའི་མི་གཙང་ཆ་ཤས་ལ་རྟེན་པས། །འདོད་པའི་ལྕགས་ཀྱུ་ཇ་སོགས་རོ་ཡིས་བཅིངས། ངན་འགྲོའི་མཚོ་ལ་ཉ་ལྟར་ཀུན་ཏུ་འཁོར། །ཡོན་ཏན་མི་འཕེལ་ཏ་ལའི་མགོ་བཅད་བཞིན། །དགེ་བཅུའི་འབྲས་མེད་ཐ་རྒོད་བཞིན་དུ་རེངས། །ཐོགས་མེད་དུས་ནས་ད་རུང་ངན་འགྲོར་བཅིངས། །སྐྱེ་དང་རྒས་དང་ན་འཆིས་ཉོན་རེ་མོངས། མཚན་མོ་འཇིགས་པའི་པ་སངས་མཚན་མ་བཞིན། །དཀར་པོའི་ལམ་ཆད་ཕ་རོལ་མུ་སྟེགས་གཟུགས། །བླུན་པའི་རང་བཞིན་བ་གླང་རྒོད་ལྟ་བུ། །ཉམས་ངའི་གནས་དེར་མ་རབས་ཐམས་ཅད་འཁྱམ། །དགེ་བའི་ལམ་ཆད་ཙ་དྲའི་རང་བཞིན་ལྟར། །འདོད་ལ་སྲེད་པ་ཚ་ཆུ་འཐུངས་བ་བཞིན། །ལོག་པའི་ལས་ཀྱིས་ཛ་བརྡུངས་དབང་མེད་བྱས། །སྡུག་བསྔལ་གང་ལ་ཝ་བཞིན་ཟིན་པར་འགྱུར། །སྡུག་བསྔལ་འབྲས་བུ་ཞ་རེངས་འཁུམས་པ་དང་། །གསོད་དང་འཆི་དང་ཟ་རྒྱུ་མེད་པ་ཡི། །སྡུག་བསྔལ་གྱིས་མནར་འ་སྒྲའི་སྡུག་སྐད་འདོན། །ལོག་པ་འདི་ལས་ཡ་རབས་རྣམས་བཟློག་ལ། བཟང་པོའི་གསེར་དང་ར་གན་མ་སྙོམས་པར། །ལུས་ངན་དོར་ལ་ལ་ལའི་ལུགས་བཟང་ལོང་། །དོན་མེད་སྲེད་པའི་ཤ་ཆང་ལ་མ་ཆགས། །འཕགས་ལམ་ལ་བརྟེན་ས་ལམ་འཁྲི་ཤིང་བཞིན། དོན་མེད་སྤྱོད་པ་ཧ་ཅང་མི་བྱ་ཞེས། རྒྱལ་བའི་གསུང་ལ་ཨ་ལ་ལ་ཞེས་བསམ། །རང་གི་ཡོན་ཏན་ཏ་ཀྵ་ཀའི་བརྒྱན། །ཡིག་གེའི་ཕྱི་མོར་སྤེལ་ཏེ་བརྗོད་པ་ཡིན།། །།

༈ བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དུས་ངན་བསྟན་པའི་སྙིགས་མ་ལ། རྒྱལ་བའི་བསྟན་པ་ནུབ་ལ་ཉེ། །རབ་བྱུང་ཆོས་བཞིན་མི་བྱེད་པར། འདོད་དང་ལོག་པའི་མཚོ་བ་བསྒྲུབ། །ཆོས་གོས་རྣམས་གསུམ་མི་གོན་པའི། །སེར་གཟུགས་རྒྱབ་སེར་བེར་ཀ་ཅན། །ཁྱི་དང་བུ་ཚ་ཁྱིམ་པ་རྣམས། སྐྲོག་ཅིང་ཟས་ལ་ཁྱི་ལྟར་འཁྱམ། །ཆོས་མིན་སྤྱོད་ཅིང་ཐོབ་ཚད་ཟ། ཅུང་ཟད་ལོངས་སྤྱོད་ཡོད་པ་ཡང་། །ལོག་པའི་སྤྱོད་པ་དུ་མ་བྱེད། །གཞན་གྱིས་བཀུར་བ་དགེ་སྦྱོང་རྣམས། །ཆོས་ལྡན་སྙོམས་ཆུང་ཆད་པས་གཅོད། བརྫུན་དང་སྡིག་སྤྱོད་བྱ་ཀ་སྟེར། །ཆེ་ཚུལ་བཟུང་བའི་རབ་བྱུང་འགའ། །ཤན་པ་མ་རུངས་རི་དྭགས་བསོད། །ཆང་འཐུངས་དྲན་པ་ཉམས་བྱེད་ཅིང་། །བུ་སྨད་གསོ་ཞིང་འདོད་ལོག་སྤྱོད། རྒྱལ་པོ་ཆོས་བཞིན་མི་སྤྱོད་པར། །ལོག་ལྟ་ཅན་གྱི་དབང་དུ་གྱུར། །བློན་པོ་ཆེན་པོར་གྱུར་པ་རྣམས། །ཇག་རྐུན་རྣམས་ཀྱི་དཔོན་བྱེད་ཅིང་། །བདེན་པ་རྣམས་ལ་ཆད་པ་འབེབས། །རྐུན་མ་རྣམས་ཀྱིས་ས་སྟེང་ཁྱབ། ལྷ་ཁང་མཆོད་རྟེན་འཇིག་བྱེད་ཅིང་། སྐུ་གཟུགས་བཅོམ་ཞིང་ཟ་བ་དང་། །ཆོས་ཀྱི་པོ་ཏི་མ་རུངས་བྱེད། །དེའི་རྐྱེན་གྱི་ལྷ་འདྲེ་རྣམས། །འཁྲུགས་སྟེ་ནད་ཀྱི་རྒྱལ་ཁམས་གང་། །ཆར་མི་འབབ་ཅིང་ལོ་ཉེས་བྱུང་། །ཅུང་ཟད་སྐྱེས་པར་གྱུར་པ་རྣམས། །སད་དང་སེར་བས་འཁྱེར་བྱེད་ཅིང་། །འཕྲོག་དང་འཇོམས་པའི་མི་རྣམས་ཀུན། །མུག་གེས་ཉམས་ཐག་ཀྱི་ཧུད་འབོད། །ཕལ་ཆེར་ལམ་དུ་འགྱེལ་ཅིང་འཆི། །ལ་ལ་གཅིག་ཤ་གཅིག་གིས་ཟ། ཁ་ཅིག་བཀྲེས་པས་ཆུ་རུ་འཆོང་། །ཉིན་མཚན་མེད་པར་ཆོ་ངེ་འབྱིན། །རུས་མགོ་ལྤགས་པས་བཏུམས་ཙམ་ན། །ཁ་གཅིག་ཚལ་ཞིང་བསྲེགས་པ་བཞིན། །ཡི་དྭགས་མངོན་དུ་གྱུར་པ་བཞིན། །བསོད་དང་འཆིང་དང་བརྡེག་པས་གང་། །འཛེ་དང་ཕོལ་འབྲས་རྣག་ཁྲག་འཛག །དམྱལ་བ་མངོན་དུ་འོངས་པ་བཞིན། །བླུན་ཞིང་དཀར་པོའི་ལམ་ཆད་པས། །དུད་འགྲོ་མངོན་སུམ་དབྱེ་བ་མེད། །མི་ལུས་ངན་སོང་སྡུག་བསྔལ་ཅན། །ཀྱེ་མ་འདི་འདྲའི་སྡུག་བསྔལ་གྱུར། །ཀྱི་ཧུད་སེམས་ཅན་སྙིང་རེ་རྗེ། །བོད་ཁམས་སྟོད་ཀྱི་ས་འདི་རུ། །རྒྱལ་སྲས་ཐུགས་ཀྱི་མ་དགོངས་སམ། །གངས་ཅན་རྒྱུད་འདིར་དེ་འདྲ་བས། །མྱུར་དུ་མ་རུངས་གྱུར་གྱི་དོགས། ཤུབྷཾ།།

༈ བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཆོས་སྐུ་མཐའ་བྲལ་བདེ་བ་ཆེན་པོ་ལ། །ལོངས་སྐུ་འགག་མེད་མཚན་གྱིས་རབ་ཏུ་རྒྱན། །སྤྲུལ་སྐུ་ཐུགས་རྗེའི་རྩལ་སྣང་ཕྱོགས་བཅུར་ཁྱབ། །སྐུ་གསུམ་དབྱེར་མི་ཕྱེད་ལ་ཕྱག་འཚལ་ལོ། །དད་ལྡན་སྐྱེས་མཆོག་བསོད་ནམས་ལྡན། །དལ་འབྱོར་ཚུལ་བཞིན་ཐོབ་ཅིང་བསྟན་ལ་འཇལ། །ཐེག་ཆེན་བླ་མས་རྗེས་སུ་བཟུང་གྱུར་ཅིང་། །མ་སྨིན་སྨིན་པའི་དབང་རྣམས་ཐོབ་ནས་ཀྱང་། །ལམ་གྱི་གནས་ལུགས་དཔག་ཏུ་མེད་གྱུར་ཀྱང་། །བྱམས་དང་སྙིང་རྗེའི་ཁྲིད་ལ་བློ་སྦྱངས་ནས། །ཐེག་དམན་གོལ་ས་ཆོད་པར་ཉམས་སུ་བླང་། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད་རྣམས་ཀུན། །མ་ནོར་གནད་དུ་བསྣུན་པས་ལུས་སྦྱང་བྱ། །སྤྲོས་པ་གཅོད་པའི་སྒྲོལ་མ་གནད་ལ་དབབ། །འབྱུང་བཞི་བསྡུས་པའི་སྣང་ཡུལ་སྦྱོང་བ་ཡིན། །དེ་ནས་ལུས་ཀྱི་རུས་ཤན་གནད་ལ་བོར། །འཁོར་བའི་ལུས་ཀྱི་འཛིན་པ་དག་པར་བྱ། །ངག་གི་ལམ་རྣམས་ཅ་ཅོའི་མཚན་མ་བྲལ། །ཡིད་ནི་འཇིག་རྟེན་ཞེན་པ་ལོག་པར་བྱེད། །དེ་ལྟར་བྱས་པས་མྱ་ངན་འདས་ལ་ཉེ། །འཁོར་འདས་གཉིས་འཛིན་ཞེན་པ་བྲལ་བྱས་ནས། །དེ་ནས་ཁྲེག་ཆོད་ཆེན་པོའི་དོན་ལ་སྦྱང་། །འཁོར་འདས་ཐམས་ཅད་ཆོས་དབྱིངས་སྤྲོས་བྲལ་ལ། །དབྱིངས་ཞེས་བྱ་སྟེ་ཐམས་ཅད་དེའི་ངང་དུ། །རང་གི་སེམས་ནི་སངས་རྒྱས་ཐམས་ཅད་དང་། །ངན་འགྲོ་ལ་སོགས་སེམས་ཅན་ཀུན་ཀྱང་གཅིག །སྐད་ཅིག་ཤེས་པ་སྣང་སྟོང་བར་ན་གནས། །སྔ་མ་འགགས་ཤིང་ཕྱི་མ་མ་སྐྱེས་པ། །གསལ་སྟོང་འཛིན་མེད་རིག་པའི་ངོ་བོ་སྟེ། །འདི་ནི་རྫོགས་ཆེན་སེམས་ཀློང་ཐམས་ཅད་དང་། །སེམས་ཙམ་དབུ་མ་ཀུན་ནས་གསུངས་པ་ཡི། དབྱིངས་རིག་ཡིན་ཏེ་ཐུན་མོང་ཐེག་པར་བསྟན། །ད་ནི་ཁྱད་པར་བླ་ན་མེད་པ་ཡི། །ཐོད་རྒལ་ལྷག་མཐོང་དབྱིངས་རིག་བསྟན་པར་བྱ། །དབྱིངས་ལ་ཕྱི་ནང་གཉིས་ཏེ་ཕྱིའི་དབྱིངས། །ནམ་མཁའ་སྟོང་པ་ཡིན་ཏེ་སྣང་བའི་ཡུལ། །ནང་དབྱིངས་རྣམ་དག་སྒྲོན་མ་ཞེས་བྱ་བ། །སྣ་ཚོགས་ནམ་མཁའི་འདྲ་འགྱུ་བ་ཡི། །ཐིག་ལེ་འོད་ཟེར་དུ་མའི་བདག་ཉིད་ཅན། །ཞིང་ཁམས་རྒྱལ་བའི་ཞིང་ཁམས་དུ་འཆར་བ་ཡིན། །རིག་པ་ཞེས་བྱ་རྣམ་དབྱེ་ལྔ་པོ་སྟེ། །གཞི་གནས་རིག་པའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ། །སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན། །གཞི་འཛིན་རིག་པ་རྟོག་པ་དུ་མས་སྦགས། །སེམས་ཅན་རྒྱུད་སྡེ་ཀུན་བཞིའི་རྣམ་ཤེས་ཡིན། །མཚན་ཉིད་འཛིན་པ་རིག་པ་ཞེས་བྱ་བ། །རྣམ་རྟོག་རིག་རིག་གྱ་གྱུ་བྱེད་པ་སྟེ། །རྟོག་པ་ཞེས་བྱ་ཆོས་རྣམས་སྤྱིའི་སྐད་ཡིན། །ལྷག་པར་རིག་པ་རྡོ་རྗེ་ལུ་གུ་རྒྱུད། །བླ་མས་ངོ་སྤྲད་སྐལ་ལྡན་མིག་གི་ཡུལ། །རང་དག་ཐིག་ལེའི་སྙིང་པོ་ཅན་ཞེས་བྱ། །དེའི་ཆ་ཤས་སྐུ་དང་ཐིག་ལེ་དང་། །སྣ་ཚོགས་སྣང་སྟེ་འཁོར་བའི་འཁྲུལ་པ་འཇོམས། །རང་སྣང་རང་ཤར་འགག་མེད་ཕྱོགས་བཅུར་འཆར། །སྤྱན་ལྔ་རྣམ་དག་ཡེ་ཤེས་རང་འོད་གསལ། །ཤེས་བྱ་ཀུན་གྱི་ཕྱོགས་མཐོང་ཀུན་དང་བྲལ། །རྫུ་འཕྲུལ་ཆེན་པོའི་མིག་འཕྲུལ་ལྟ་བུ་ལ། །ས་འདྲར་སྣང་ཡང་རྡུལ་ཕྲན་མ་ཡིན་ལ། །ཆུ་ལྟར་འགྱུ་ཡང་རླན་ཅིང་གཤེར་དང་བྲལ། །མེ་ལྟར་གསལ་ཡང་ཚ་ཞིང་བསྲེག་པ་མེད། །རླུང་ལྟར་གཡོ་ཡང་རླུང་དང་བྲལ་བ་ཡིན། །མཁར་ལྟར་སྣང་ཡང་ནམ་མཁའི་མཚན་ཉིད་མིན། །སྐུ་རྣམས་འཆར་ཡང་རྡོས་བཅས་གཟུགས་སྐུ་མིན། །སྒྲ་ཀུན་སྣང་ཡང་ངག་གི་འདུ་བྱེད་མིན། །དྲི་ཀུན་སྣོམ་ཡང་སྦྱར་ཀུན་གྱུར་དང་བྲལ། །རོ་དང་ལྡན་ཡང་རོ་དྲུག་སྣོམ་པ་མིན། །རེག་དང་ལྡན་ཡང་ལུས་ལས་སྐྱེས་པ་མིན། །འགྱུ་ཡང་རྟོག་པའི་འ གྱུ་བ་དང་བྲལ་བྱ། བསམ་གཏན་ལྡན་ཀྱང་ཤེས་རབ་ཟབ་མོའི་དོན། །ཤེས་རབ་ཡིན་ཀྱང་ཐོས་བསམ་བྲལ་བ་ལ། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ་ཆེན་པོ། དང་པོའི་དུས་ནི་སྨིག་སྒྱུ་ལྟ་བུར་འཆར། །བར་དུ་གོང་འཕེལ་ཡེ་ཤེ ས་སྣང་བ་ཡིས། །ལམ་སྟོན་འཁྲུལ་པའི་དྲི་མ་སྤེལ་བ་སྟེ། ཐ་མའི་དུས་ན་རིག་པ་ཚད་ཕེབས་དུས། །རིགས་ལྔའི་ཞིང་དུ་ཐམས་ཅད་ལམ་མེར་སྣང་། །ཆོས་ཀུན་ཟད་པས་ཡུལ་དང་ཡུལ་ཅན་བྲལ། །རང་རིག་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །སྒྲ་ཚད་ཀུན་གྱི་གཏན་ལ་མི་ཕེབས་ཏེ། །མཁས་པ་པཎྜྻི་ཏས་ཀྱང་བརྟག་བྱ་མིན། །བསྟན་ན་བླུན་པོ་བ་གླང་རྫིས་ཀྱང་མཐོང་། །རྟོགས་པར་གྱུར་ཚེ་རྡོ་རྗེ་སེམས་དཔར་སྣང་། །འདི་འདྲ་ཐེག་པ་ཀུན་ལས་ཁྱད་འཕགས་པ། །བླ་མེད་རྫོགས་ཆེན་སྙིང་གིས་ཐེག་པ་ཡི། །དབྱིངས་རིག་གནས་ལུགས་མདོར་བསྡུས་བརྗོད་པ་ཡིན། །ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས། །ལུས་ཀྱི་གནད་གསུམ་བཅུན་པས་དལ་བ་བརྟེན། །ངག་གི་སྨྲ་བཅད་ཚིག་ཀུན་ཆོས་ལ་སྦྱང་། ཡིད་ནི་བསམ་རྒྱུན་བཅད་ནས་ཀྱང་། །དབྱིངས་ཀྱི་ནང་དུ་ལུག་གུ་རྒྱུད་བཅུག་ལ། །ལྟ་སྟངས་གསུམ་གྱིས་གཏད་པའི་དབེན་ལ་གཏད། །སྣང་བའི་ཞེན་པ་བཅད་ཅིང་རྟག་ཏུ་གཟིར། །རྫུ་འཕྲུལ་ཡོན་ཏན་ཐམས་ཅད་རྫོགས་པའི་ཚེ། རང་ལུས་ཟད་པའི་ས་རུ་ཕྱིན་པ་དང་། །འཕོ་བ་ཆེན་མོའི་ལུས་ལ་དབང་ཐོབ་ནས། །སེམས་ཅན་ཀུན་དོན་སྤྱོད་པ་འབྲས་བུའི་མཆོག །འདི་དོན་དེ་ལྟར་སྐལ་ལྡན་ཀུན་ལ་བསྟན། འདི་ནི་དོན་མེད་བྲི་བར་མི་རིགས་ཀྱང་། རྟོགས་ལྡན་མཛེས་པའི་མཚན་ལྡན་གྱིས་བསྐུལ་ནས། །རྫོགས་ཆེན་གནས་ལུགས་ཕྱོགས་ཙམ་བསྟན་པ་འདི། །རང་བྱུང་ཞེས་བྱ་བྷི་མ་ལ་མི་ཏྲ། རྗེས་སུ་སློབ་པས་བརྗོད་པར་གྱུར་པ་ལ། །མཁའ་འགྲོའི་ཚོགས་རྣམས་བཟོད་པར་མཛོད་ཅིག་ཀྱེ། །དགེ་བས་ཉམས་ལེན་བྱེད་པའི་སེམས་ཅན་ཀུན། །ཀུན་ཏུ་བཟང་པོའི་ཡོན་ཏན་མངོན་འགྱུར་ཤོག །

༈ ན་མོ་ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བཟང་ཉིད་དང་རིགས། །ནོར་དང་ཤེས་རབ་དེ་བདུན་ནི། །ཐོབ་རྒྱུ་གསུངས་པ་རྟོགས་པར་བྱ། །གསོད་པ་ཆུད་པར་བཏང་བ་དང་། །དེ་བཞིན་སྲོག་ལ་ཕན་བཏགས་དང་། །སྲོག་ཆགས་འཚེ་བ་དག་ལས་བཟློག །ཚེ་རིང་བ་ནི་ཐོབ་པར་འགྱུར། །ནད་པའི་རིམ་འགྲོ་བྱས་པ་དང་། །སྨན་དང་སྨན་པ་བྱིན་པ་དང་། །སྲོག་ཆགས་བོང་བ་དབྱིག་སོགས་ཀྱིས། །འཚེ་བ་མེད་པ་ནད་མེད་ཉིད། །ཁྲོ་བ་མེད་པ་བརྟེན་པ་དང་། །བརྒྱ་བྱིན་པ་ཡིས་གཟུགས་བཟང་ཉིད། །ཕྲག་དོག་མེད་པའི་འབྲས་བུས་འདིར། །བསྐལ་པ་བཟང་པོར་ཡོངས་སུ་གྲགས། །ང་རྒྱལ་སྤངས་ཏེ་དམ་པ་རྣམས། །མཆོད་ཅིང་བསྐུར་བས་རིགས་བཟང་འགྱུར། །སྦྱིན་བྱེད་རྐུ་བ་ལས་བཟློག་པས། ལོངས་སྤྱོད་ཕུན་ཚོགས་ཐོབ་པར་འགྱུར། །དགེ་དང་སྡིག་པ་གང་ཡིན་ཞེན། །ཡང་དག་དྲི་ལ་ཡོངས་ངལ་དང་། །ཆོས་ཀྱི་བསྟན་ཆོས་བྱིན་པ་ཡིས། །བློ་གྲོས་རྒྱ་ཆེན་ཐོབ་པར་འགྱུར། །དེ་ལྟར་ཡོན་ཏན་རྣམ་པ་བདུན། བསྡུ་བ་བྱས་ནས་བདག་གིས་ནི། དགེ་བ་གང་ཞིག་ཐོབ་པ་དེས། །སྐྱེ་བོ་ཡོན་ཏན་ཅན་གྱུར་ཅིག །སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་བསྡུས་པ་ལས་བྱུང་བའོ། །འཁོར་བ་ན་བདེ་བ་འདོད་ན་བསྒྲུབ་པ་གལ་ཆེའོ།། །།

༈ རྟག་ཏུ་བླ་མའི་རྣལ་འབྱོར་བསྒོམས། །སེམས་ཅན་ཀུན་ལ་སྙིང་རྗེ་བསྐྱེད། ཆོས་རྣམས་རྨི་ལམ་ལྟ་བུར་བསྒོམ། །མ་སྐྱེས་རིག་པའི་གཤིས་ལ་སྤྱོད། །གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ཐུན་ཚམས་སྒྱུ་མའི་སྐྱེས་བུར་བྱ། །སྦྱིན་སོགས་དགེ་ལ་རབ་འབད་ཅིང་། །བསྔོ་བ་སྨོན་ལམ་བརྒྱ་ཡིས་བཏབ།། །།

༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔག་མེད་ཐུགས་རྗེའི་སྟོབས་མངའ་ཞིང་། །བློ་གྲོས་རྒྱ་ཆེན་གཏིང་དཔག་དཀའ་གྱུར་ཅིང་། །འགྲོ་བ་མཐའ་ཡས་དུས་རིང་གཟིགས་པ་པོ། །རྒྱལ་བ་ཤཱཀྱའི་རྒྱ་པོ་ལ་ཕྱག་འཚལ་ལོ། །གང་གིས་ཞབས་ལ་ལྷ་དག་མི་དབང་དྲེགས་པའི་གཙུག་གིས་ཞུམ་ཞིང་བཏུད། །སྲིད་རྩེའི་འོག་མིན་ཆུས་སྐྱེས་གདུགས་མཛེས་པད་མོའི་གདན་ལྟར་གནས་གྱུར་ཀྱང་། །འོག་འགྲོའི་མཐར་ཐུག་མནར་མེད་པའང་གཙུག་ཏུ་ཁུར་བྱེད་སྙམ་པ་གང་། །རྒྱལ་བའི་སྲས་པོ་ནམ་མཁའི་ཁྱོན་གྱིས་དཔག་མི་ནུས་པ་ཨེ་མ་མཚར། གང་གིས་སྙིགས་དུས་མུན་པ་ལ། །གསལ་བྱེད་རྒྱལ་བའི་ཉི་མ་ཤར། །དམ་ཆོས་འོད་སྟོང་གསལ་བ་གང་། །སྐྱེ་འགྲོ་ཀུན་གྱིས་དཔལ་ཡིན་མོད། །འོན་ཀྱང་རང་གི་རྟོག་པ་ལས། །ཆོས་སྤོང་བྱེད་པ་གང་དག་ལ། །འབྱུང་པོའི་བྱ་བཞིན་མིག་འགྲིབ་བྱེད། །ལུས་སྐྱེས་སྤྲིན་བཞིན་སྡུག་བསྔལ་རྒྱུ། །ཀྱེ་མ་མཚར་བཅས་མ་རིག་པའི། །འགྲོ་ལ་བདག་གིས་ཇི་ལྟར་གདམས། །གང་གིས་སྨོན་ལམ་མཐུ་ཡིས་དམྱལ་བའི་མེ། །ཞི་བྱེད་རྒྱལ་བའི་སྲས་པོ་སྤྱན་རས་གཟིགས། །མ་རིག་གཏི་མུག་ཐིབས་པོ་རབ་སེལ་བ། །ཤེས་རབ་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས། །སྐལ་པ་གྲངས་མེད་རྩེ་བའི་རྒྱུན་ལྡན་པ། །བྱམས་པ་ཞེས་གྲགས་རྒྱལ་ཚབ་གང་བཞུགས་པ། སྙིགས་དུས་འགྲོ་ལ་ཐུགས་རྗེས་སྙེལ་ལམ་ཅི། །ཀྱེ་མ་འཁོར་བ་མ་རིག་བཞི་ལ་འདུད་བྱེད་མུ་ཁྱུད་གྱིས་བསྐོར་བའི། །ལས་དང་ཉོན་མོངས་རྒྱ་མཚོ་ཆེན་པོའི་རྦ་བརླབས་རབ་ཏུ་གཡོ་ཞིང་འཁྱིལ། །སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་ནི་རྟག་འབབ་ཐུག་པ་མེད་པ་གང་། །ཚོར་བའི་ཆུ་སྲིན་ཉ་དང་སྲིན་པོ་ལྕིགས་ལྕིགས་རབ་ཏུ་གཡོ་བས་ཁེངས། ཕུང་པོ་ཁམས་སོགས་རི་གླིང་བརྟན་སྣང་བསྐྱེད་བྱེད་མི་རྟག་ལྦུ་བ་ཅན། །འདི་འདྲ་སྐེམས་བྱེད་རྒྱལ་དང་དེ་སྲས་ངོ་མཚར་རྨད་དུ་བྱུང་། གང་ཞིག་དུས་མཐར་འགྲོ་བའི་རྒྱ་མཚོར་ཡེ་ཤེས་ཉི་མ་འཆར་གྱུར་ཅིག ཕུང་པོ་ཁམས་སོགས་སྒྲིབ་པ་སྲེག་པའི་སྔ་ལྟས་ཆུ་བོ་རབ་སྐེམས་ལ། །དྲན་པ་ཉེར་བཞག་འོད་ཀྱི་འོག་མར་སྔོན་དུ་བྱེད་པའི་མཐུ་འཕྲོའོ། །གཉིས་པར་མི་དགེ་ཆུ་བོ་བཞི་སྐེམས་ཡང་དག་སྤོང་བའི་དཀྱིལ་འཁོར་འཆར། །གསུམ་པར་རྫུ་འཕྲུལ་རྐང་པའི་ཉི་མས་འདོད་པའི་མ་དྲོས་སྐམས་པ་ཡིན། །བཞི་པར་དབང་པོའི་འོད་སྟོང་འཆར་བས་ཚོར་བའི་རྒྱ་མཚོ་མཐར་བྱེད་ལ། །ལྔ་པར་སྟོབས་ཀྱི་ཚ་ཟེར་བྱེད་པས་ཁམས་གསུམ་བརླན་དང་བྲལ་བྱེད་ཅིང་། །དྲུག་པར་བྱང་ཆུབ་ཡན་ལག་འོད་ཀྱིས་མཐོང་སྤངས་ཉོན་མོངས་རི་གླིང་བསྲེག །བདུན་པར་འཕགས་ལམ་ཚ་ཟེར་བྱེད་པའི་སྟོབས་ཀྱིས་འདུ་བྱེད་སྟོང་གསུམ་བསྲེག །རྣམ་དག་ཆོས་དབྱིངས་ནམ་མཁའི་ཁམས་ནི་རྒྱལ་བའི་སྙིང་པོ་རབ་དག་བྱ། །སླར་ཡང་ཐུགས་རྗེའི་འོད་ཟེར་ཕྲིན་ལས་དག་པའི་ཞིང་ཁམས་རབ་སྤྲོས་ནས། །སྣ་ཚོགས་སྤྲུལ་སྐུའི་ཆར་རྒྱུན་འགྲོ་བའི་ཉེར་སྤྱོད་འགྱུར་ཞེས་གང་གསུངས་པ། །ཀྱེ་མ་ངོ་མཚར་འོན་ཀྱང་དེའི་དུས་ལ་བབ་པ་ཤིན་ཏུ་ཉམས། །རྒྱལ་བས་སྙིགས་དུས་གང་གསུངས་པ། །འདུ་འཛིར་གནས་པ་སྤངས་པ་དང་། །དབེན་པར་སེམས་དབེན་བརྟེན་པ་དང་། །གཞན་གྱི་འཁྲུལ་པ་མི་འཚོལ་ཞིང་། །རང་རྒྱུད་འགྲུབ་པ་སྤོང་བར་བྱེད། །སྲེད་དང་ཁྱིམ་འདྲིས་མི་བྱེད་ཅིང་། །ཆོག་ཤེས་མང་དུ་ཐོས་པ་དང་། །དད་དང་ཤེས་རབ་སྙིང་རྗེ་ལ། །རབ་རྟེན་ཀུན་ལ་དག་སྣང་བསྒོམས། །ཤེས་རབ་ཐོས་དང་ཏིང་འཛིན་ལ། །ཆོག་ཤེས་ང་རྒྱལ་མི་བྱ་ཞིང་། །ལེ་ལོ་གཡེང་བ་རྒྱུན་བཅད་ལ། །བརྩོན་འགྲུས་རབ་སྐྱེད་དུས་ལ་བབ། ཟས་དང་ནོར་དང་གོས་ལ་སོགས། སྙིང་པོ་མེད་པར་ཆོག་ཤེས་པ། །འཇིག་རྟེན་འདི་དག་ཐམས་ཅད་ཀྱང་། །སྐད་ཅིག་སྐྱེ་འགག་བྱེད་པའི་ཕྱིར། །ཐུན་མོང་ཐུན་མོང་མ་ཡིན་པའི། །རྣམ་རིག་མི་རྟག་གཡོ་བ་ཡིན། །ཁམས་གསུམ་སེམས་དང་སེམས་བྱུང་དང་། །ཐམས་ཅད་རྣམ་པར་རིག་པ་ཙམ། །སྐད་ཅིག་ཞེས་སུ་རྒྱལ་བས་གསུངས། །དེ་ཉིད་ཀུན་རྫོབ་བདེན་པ་སྟེ། །སྣང་ཡང་བདེན་མེད་ཆུ་ཟླ་ཙམ། །སྟོང་པ་ཙམ་དུ་ཡང་དམིགས་པ་མེད། ཆོས་ཅན་ལ་རྟེན་ཆོས་ཉིད་ནི། །བཅོ་བརྒྱད་རྣམ་པར་དབྱེ་བ་ཀུན། །དོན་དམ་བདེན་པ་ཞེས་གྲགས་ཏེ། །ཐ་མལ་སེམས་ཀྱི་གནས་ལུགས་ནི། །བདེན་གཉིས་དབྱེར་མེད་ངོ་བོས་ཏེ། །རྒྱལ་བས་རྟག་ཏུ་བསྔགས་པར་མཛད། །ཀྱེ་མ་འདི་དོན་འཛོམ་པར་བསྒྲུབ་པར་འདོད་པ་རྣམས། །འདི་དང་ཕྱི་མར་སྡུག་བསྔལ་འབྱུང་བའི་བཞིན། །ཆར་རླུང་ཆུ་དང་བ་མོ་ཡི་རེག་པས་ཀོས་ཐག་ཅིང་། །དབྱར་དུས་རབ་ཚ་ཉི་ཟེར་གྱིས་གདུངས་ངལ་བཞིན་དུ། །འདོད་པའི་རྣམ་གཡེང་ཤུགས་འབྱིན་ངལ་དུབ་སྤྱོད་པ་དག །ཅོང་རོང་རི་དང་ཚང་ཚིང་གིས་ཁྲེར་བས་མཐའ་རུ། །ཁ་ཟས་ལོངས་སྤྱོད་བདེ་འདོད་སྡུག་བསྔལ་གྱིས་བཅིངས་ནས། །ཚེ་འདིར་སྡུག་བསྔལ་ཕྱི་མར་ངན་འགྲོའི་གནས་རྣམས་སུ། །འགྲོ་བའི་རྒྱུར་གྱུར་དོན་མེད་རྩོལ་བ་རྣམ་པར་སྤོངས། །རང་གི་ཡུལ་དང་འཚོ་བའི་ལོངས་སྤྱོད་དུ་མ་དང་། །ཕ་མ་གཉེན་དག་བརྩེ་བཅས་སྲེད་པའི་འཆི་རྒྱུན་ཅན། །སྡུག་བསྔལ་རྩ་ལག་དེ་དག་མངོན་པར་སྤངས་གྱུར་ཅིང་། །ཐུབ་པའི་བསྟན་ལ་འཇུག་པར་བྱེད་པ་སྐལ་བར་ལྡན། །ཞུགས་ནས་ཚུལ་བཞིན་ཐོས་དང་བསམ་པ་ལེགས་བསྟེན་པ། །ཐར་པའི་ལམ་ལ་མངོན་ཕྱོགས་འདུག་པ་ཀྱེ་མ་མཚར། །དེར་ཡང་བག་མེད་ཆོམ་རྐུན་གྱིས། །རྣམ་པར་བཅོམ་ནས་ཉམས་པའི་བློས། །ཀུན་རྟོག་རླུང་གིས་སྦར་བ་ཡིས། །ཡུལ་གྱི་བུད་ཤིང་དང་འཕྲད་མེ། །ལུས་དང་ལོངས་སྤྱོད་དོན་ཙམ་དུ། །སྤེལ་བར་བྱེད་པ་མ་རུངས་ཉམས། །དེ་རྐྱེན་ཀུན་རིག་གིས་ཀུན་རྟོག་གི །རླུང་གིས་ཁྲོ་སོགས་མེ་སྦར་ནས། །དགེ་བའི་ནགས་ཚལ་རབ་བསྲེགས་བཅིངས། །བསླབ་པའི་འཚམས་ལས་འདས་ནས་ཀྱང་། །ཕམ་དང་ལྟུང་བྱས་ཆོས་སྤོང་གིས། །ལས་བསགས་བདུད་ཀྱི་དབང་འགྲོ་བ། །ཀྱེ་མ་སེམས་ཅན་ཉོན་རེ་མོངས། །གལ་ལྟེ་དེ་ལྟར་ལྟུང་བར་གྱུར་ནས་ངན་འགྲོའི་སྡུག་བསྔལ་དར་དྲག་པ། །རལ་གྲི་ཆུ་གྲི་ཤག་ཏི་མདུང་ཐུང་མདའ་དང་སྤུ་གྲི་རབ་འབར་བས། །ཡང་དང་ཡང་དུ་དུམ་བུར་བྱེད་དང་སོག་ལེ་སྟ་རིས་ལུས་གཤོག་བྱེད། ལྕགས་ཀྱི་དྲ་བས་སྟེང་དུ་གཡོགས་ཤིང་བསྡུས་གཞོམ་རི་ཡིས་ཀུན་ཏུ་གཟིར། །ལྕགས་བསྲེགས་འབར་དཀྲིས་ངུ་འབོད་དང་ལྡན་འབར་བའི་གཅོང་རོང་སྒྲ་ཆེན་འབྱིན། མེ་འདག་སྤུ་གྲིའི་རླུང་གིས་རབ་བསྲེགས་རབ་ཚར་འབར་བའི་སྡུག་བསྔལ་ལྡན། །མེ་མ་མུར་དང་རོ་དམྱགས་འདམ་བྱིང་སྤུ་གྲི་མཚོན་ཆའི་ཚལ་དུ་རྒྱུག །གཤེད་པོས་དབང་མེད་རོ་ཉེ་བདུད་བཅིངས་ལུས་བསྲེགས་ལྷག་ལྷག་སྒྲ་འབྱིན་པ། །སྣ་ཚོགས་མནར་མེད་འཁོར་བའི་སྡུག་བསྔལ་མྱོང་ཚེ་སྒྲ་ཆེན་འབྱིན། །དེ་ལས་ཐར་ཡང་ཡི་དྭགས་གཤིན་རྗེའི་སྡུག་བསྔལ་རྣམ་པ་དུ་མ་དང་། །དུད་འགྲོའི་སྡུག་བསྔལ་ཀླ་ཀློ་མི་ཁོམས་འཇིགས་སུ་རུང་བ་རྣམ་བསལ་ནས། །བག་ཡོད་བརྟན་པས་རྟོག་ངན་ཚར་གཅད་རྟག་ཏུ་དོན་ཆེན་བསམས་ན་ལེགས། །དེ་ལྟར་འཇིགས་རུང་རྒྱུའི་སེམས་བཟློག་ཅིང་། ཐོས་བསམ་ལྡན་པས་བསྒྲུབ་ལ་བརྩོན་བྱེད་གང་། །རབ་ཏུ་དབེན་པའི་བས་མཐའི་རི་ཁྲོད་བརྟེན། །ལྷུན་པོ་ལེགས་ཚལ་ཕྲེང་བ་ལེགས་མཛེས་པས། །ཡལ་ག་རྣམ་མཛེས་མེ་ཏོག་སྤུད་ཀྱིས་དུད། །རྣམ་པ་སྒྲ་འབྱིན་རི་དྭགས་ཀྱིས་གང་པ། མཛེས་པའི་ཆུ་ཕྲན་སྟེང་ཀ་དུ་མས་གང་། སྣ་ཚོགས་དྲི་བསྲུང་བཟང་པོས་དབུགས་འབྱིན་བྱེད། །རོ་མཆོག་བརྒྱད་ལྡན་འབྲས་བུ་རྩ་བས་གང་། །རྣམ་གཡེང་བྲལ་བའི་ནགས་ཁྲོད་ཞི་བ་དེར། །ལང་ཚོའི་བདེ་ལ་མ་ཆགས་ལེགས་གནས་ཤིང་། །བསམ་ཏན་ཚད་མེད་སེམས་དཔའ་དཔལ་དང་ལྡན། །ཡང་ན་སྣ་ཚོགས་བྲག་རིས་ལེགས་བསྐོར་ཞིང་། །ནེ་སིང་སྔོན་པོ་རྨ་བྱའི་མགྲིན་པར་མཚུངས། །གཙང་བའི་ཆུ་བྲན་ལྷུང་ལྷུང་སྒྲ་སྙན་འབྱིན། །མཛེས་པའི་མེ་ཏོག་བུང་བས་གར་བྱེད་པ། དེ་འདྲའི་གནས་སུ་སེམས་ཅན་ཀུན་རྟོག་གི །གཡོ་བ་འཛིན་པར་བྱེད་པ་དཔའ་བ་ཡིན། །གཞན་ཡང་གངས་རི་དཔལ་དང་ལྡན་གྱུར་པ། །ཀུ་མུད་ལྟར་དཀར་ཉི་ཟླའི་འོད་གསལ་ཞིང་། མཚོ་ཆེན་ཨི་དྷ་རྙིལ་གྱི་འོད་ལྡན་པ། །ལྦུ་བའི་ཕྲེང་མཛེས་བརླབས་ཀྱིས་རབ་གཡོ་བ། །བདེ་བའི་ཆུ་རླབས་ཆིལ་ཆིལ་སྒྲོགས་པའི་གནས། །དེ་འདྲར་རྟོག་བྲལ་བསམ་གཏན་གྱི་གནས་པ། སྲིད་པའི་བདེ་སྤང་སྐྱེ་བུ་དམ་པ་ཡིན། །དེ་ལྟར་ཐོས་བསམ་བསྒོམ་ལ་བརྩོན་བྱེད་པ། །ངན་འགྲོའི་འཇིགས་སྤངས་བདེ་འགྲོ་བདེ་བའི་ལམ། །དཀར་ཕྱོགས་ལྷ་རྣམས་ཀྱིས་བསྟོད་ཆོས་དཀར་འཛིན། །རྒྱལ་སྲས་རྣམས་ཀྱིས་རབ་བསྔགས་རྒྱལ་སྲས་མཆོག བདུད་རྣམས་ཀུན་ལས་རབ་རྒྱལ་སེམས་དཔའ་ཆེ། །རིང་པོར་མི་ཐོགས་ཐམས་ཅད་མཁྱེན་པ་ཐོབ། །དེས་ན་སྙིགས་དུས་འགྲོ་བ་ལ། །བརྩེར་ལྡན་བརྩོན་པའི་སྟོབས་ཆུང་བ། །ཆོས་ལ་མི་དགའ་ཆོས་ཅན་དང་། །རྣམ་གཡོ་རི་སྤོང་སྙིང་རྗེ་གཡོ། །རང་བྱུང་མིན་ཀྱང་རང་བྱུང་གིས། །བསྟན་ལ་དད་ལྡན་རྡོ་རྗེ་ཞེས། །མིང་བྲལ་མིང་དུ་བརྗོད་པ་ཡི། །སྙིགས་དུས་འགྲོ་བའི་སྤྱོད་མཐོང་ནས། །རང་ལ་བསྐུལ་ཕྱིར་བརྗོད་པ་འདི། །མཁས་མཆོག་རྣམས་ལ་བཟོད་པར་མཛོད།། །།

༈ བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ལ་གནས་པའི་སྨོན་ལམ་ཆེན་པོ་འདི་དག་མངོན་པར་བསྒྲུབས་ཏེ། འདི་ལྟར་སངས་རྒྱས་ཐམས་ཅད་མ་ལུས་པ་ལྷག་མ་མེད་པ་མཐའ་དག་ལ་མཆོད་ཅིང་རིམ་འགྲོ་བྱ་བའི་ཕྱིར། རྣམ་པའི་མཆོག་ཐབས་དང་ལྡན་པ་མོས་པ་རྒྱ་ཆེན་པོས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་རྒྱ་ཆེ་བ་ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པའི་ཕྱི་མའི་མཐའི་མུར་ཐུག་པ་བསྐལ་པ་གྲངས་མེད་པ་ཐམས་ཅད་དུ་སངས་རྒྱས་སྐྱེ་བ་གྲངས་མེད་པ་ལ་རིམ་འགྲོ་དང་མཆོད་པ་ཆེན་པོ་བྱ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ། །གཉིས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུངས་པའི་ཆོས་ཀྱི་གཟུང་བ་དང་། བྱང་ཆུབ་བསླང་པ་དང་། བསྟན་པ་ཡང་དག་པར་བསྲུང་བའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པོ། གསུམ་པ་ནི། འཇིག་རྟེན་ཁམས་འབྱམས་ཀླས་པ་ཐམས་ཅད་དུ་དེ་བཞིན་གཤེགས་པ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ཐམས་ཅད་ཀྱི་དྲུང་དུ་འགྲོ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་བོ། །བཞི་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ་ཚད་མེད་པ་གདམས་པ་དང་། སའི་ཡོངས་སུ་སྦྱོང་བ་ཐམས་ཅད་ནམ་མཁའི་མཐས་གཏུགས་པའི་སྨོན་ལམ་མངོན་པར་བསྒྲུབ་པོ། ལྔ་པ་ནི། སེམས་ཅན་དུ་རྟོགས་པ་ཇི་སྙེད་ཐམས་ཅད་སྨོན་པར་བྱ་བ་དང་། ཆོས་ལ་གཟུད་པ་དང་། ཡོངས་སུ་སྨིན་པར་བྱ་བ་རྒྱུན་མི་འཆད་པར་བྱ་བའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་བོ། །དྲུག་པ་ནི་ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཞིང་དག་པར་སྦྱོང་བའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པོ། བདུན་པ་ནི། ཞིང་ཐམས་ཅད་གཅིག་ཏུ་གཞོལ་བ་དང་། འོད་ཀྱིས་བརྒྱན་པ་དང་། ཉོན་མོངས་པ་མེད་པ་དང་ལྡན་པ་དང་། དག་པའི་སེམས་ཅན་གྱིས་གང་བར་བྱ་བ་དང་། སེམས་ཅན་རྣམས་ལ་བསྟན་པའི་ཞིང་དག་པའི་ལས་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པོ། བརྒྱད་པ་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསམ་སྦྱོར་དང་དགེ་བའི་རྩ་བ་དང་དམིགས་པ་མཉམ་ཞིང་རྟག་ཏུ་མི་བྲལ་བ་དང་། སངས་རྒྱས་འབྱུང་བ་ཅི་དགར་བསྟན་པ་དང་། རང་གི་སེམས་བ སྐྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་དང་མཐུ་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། མ་ཉམས་ཤིང་རྗེས་སུ་འབྲང་བའི་མངོན་ཤེས་ཐོབ་པར་བྱ་བ་དང་། འཇིག་རྟེན་གྱིས་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་བ་དང་། འཁོར་གྱི་དཀྱིལ་འཁོར་དུ་གཟུགས་རྙན་བྱུང་བ་ཡང་དག་པར་བསྟན་པ་དང་། སྐྱེ་བའི་སྐྱེས་གནས་ཐམས་ཅད་དུ་རང་གི་ལུས་རྗེས་སུ་འགྲོ་བར་བྱ་བ་དང་། ཐེག་པ་ཆེན་པོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་འཆད་པའི་ཕྱིར། །ཕྱི་མའི་མཐར་ཐུག་པའི་བར་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པོ། དགུ་པ་ནི་ཕྱིར་མི་ལྡོག་པའི་འཁོར་ལོའི་སྤྱོད་པས་མཐོང་མ་ཐག་དུ་སངས་རྒྱས་ཀྱི་ཆོས་ཐོས་པ་དང་། དབྱངས་བརྗོད་མ་ཐག་ཏུ་ཡེ་ཤེས་ཁོང་དུ་ཆུད་པ་དང་། དད་པར་གྱུར་མ་ཐག་ཏུ་ཉོན་མོངས་པ་ཕྱིར་ལ་ལྡོག་པ་དང་། བསམ་པ་སྨན་གྱི་རྒྱལ་པོ་ལྟ་བུ་དང་། ལུས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པོ། བཅུ་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་དང་། །སྐྲ་ཡི་སྦུབས་གཅིག་དང་ཐ་མི་དད་པར་སྐྲའི་རྩེ་མོ་ཐམས་ཅད་དུའང་། བྱང་ཆུབ་ཆེན་པོའི་རོལ་པ་ཀུན་ཏུ་སྟོན་པར་བྱ་བ་དང་། སེམས་ཀྱིས་སྐད་ཅིག་སྐད་ཅིག་ལ་སེམས་ཅན་གྱི་ཁམས་ཐམས་ཅད་དང་མཉམ་པའི་ཆོས་ཀྱི་སྐུའི་ཕྲིན་ལས་དང་བཅས་པའི་ཕྲོལ་བསྟན་པ། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ་རྒྱ་ཆེ་བ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པ་བགྲང་བ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཡེ་ཤེས་ཆེན་པོ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་བོ། །སྨོན་ལམ་འདི་བཅུ་ལ་སོགས་པའི་སྨོན་ལམ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་ཚང་པ་དག་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་མངོན་པར་བསྒྲུབ་བོ། །སྨོན་ལམ་དེ་དག་ཀྱང་མཐར་ཐུག་པའི་གནས་བཅུས་མངོན་པར་བསྒྲུབ་ཐོབ་སྟེ། བཅུ་གང་ཞེ་ན། སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་དང་། འཇིག་རྟེན་ཁམས་ཀྱི་མཐར་ཐུག་པ་དང་། ནམ་མཁའ་ཁམས་ཀྱི་མཐར་ཐུགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་དང་། མྱ་ངན་ལས་འདས་པའི་ཁམས་ཀྱི་མཐར་ཐུག་པ་དང་། སངས་རྒྱས་འབྱུང་བའི་ཁམས་ཀྱི་མཐར་ཐུག་པ་དང་། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཁམས་ཀྱི་མཐར་ཐུག་པ་དང་། སེམས་ཀྱི་དམིགས་པའི་མཐར་ཐུག་པ་དང་། །ཡེ་ཤེས་མངོན་པར་བསྒྲུབ་པའི་ཁམས་ཀྱི་མཐར་ཐུག་པ་དང་། །འཇིག་རྟེན་གྱི་རྒྱུད་དང་ཡེ་ཤེས་ཀྱི་རྒྱུད་ཀྱི་མཐར་ཐུག་པ་དག་གོ །རང་བྱུང་རྡོ་རྗེས་མདོ་སྡེ་ཕལ་པོ་ཆེ་ལས་བཏུས་པའོ།། །།

༈ བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་རྒྱ་མཚོ་གཏིང་མཐའ་དཔག་མེད་ཅིང་། །སྣ་ཚོགས་ནོར་བུའི་ཚོགས་ཀྱིས་རབ་ཏུ་ལྟམས། །དཔག་མེད་འགྲོ་བ་རྣམས་ཀྱི་ཉེར་མཚོའི་གནས། །བླ་མེད་ཡོན་ཏན་ལྡན་པ་ཕྱག་འཚལ་ལོ། །སྙིགས་མའི་དུས་ཀྱི་རྣལ་འབྱོར་རི་ཁྲོད་པས། །ཤེས་བྱའི་གནས་ལ་ཚད་མེད་ལེགས་གཏོགས་ཤིང་། །སྙིགས་དུས་རྒྱལ་བའི་གསུང་ལ་མཁས་པའི་མཆོག །སྐྱེས་བུ་དམ་པའི་སྙན་དུ་ཚིག་འདི་འབུལ། །བསྟན་པའི་དཀྱིལ་འཁོར་ནུབ་ཀྱི་རི་རྩེར་ཕྱིན། །ལུང་རྟོག་འོད་ཟེར་སྣང་བ་བསྒྲིབས་དུས་འདིར། །མཁས་མཆོག་རྣམས་ཀྱང་ལེ་ལོའི་དབང་གྱུར་ཏམ། །གཞན་རྐྱེན་ཆུ་འཛིན་འཐུག་པོར་གྱུར་རམ་ཅི། །གདུལ་བྱའི་ཚོགས་རྣམས་སྐལ་བ་དམན་གྱུར་ཏམ། །དེ་བས་ཁྱེད་ཀྱིས་བརྩོན་པའི་མཐུ་བསྐྱེད་ནས། །འགྲོ་བ་མི་ཤེས་མུན་པས་སྒྲིབས་རྣམས་ལ། །ལུང་དང་རྟོགས་པའི་འོད་ཟེར་བཀྱེ་མཛོད་ལ། །དག་པའི་ཞིང་བཞིན་གདུལ་བྱ་དག་པར་མཛོད། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པ་དང་། །ཐེག་མཆོག་འབྲས་བུ་རྒྱ་ཆེར་སྤེལ་དུ་གསོལ། །སླད་ཀྱིས་ཐེག་ཆེན་ཆོས་ཀྱི་འབྲེལ་བའི་གཏམ། །དགའ་སྟོན་རྒྱ་ཆེར་སྤེལ་ཅིང་འཇལ་བར་བགྱི། །ཅེས་པ་འདི་རང་བྱུང་རྡོ་རྗེས་མཁས་པ་ཆེན་པོ་རྒྱ་མཾགྷ་ལཾ་ཀེ་ཏུ་ལ་བསྐུར་བའོ།། །།

༈ བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྤྲོས་པའི་མཚན་མ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་ལྡན་རྣམས་ལ་ཐུགས་རྗེས་འཕྲིན་ལས་ཀྱི། །འཁོར་བར་མཐའ་མེད་འཇུག་པའི་སེམས་ཅན་ལ། །འཕྲིན་ལས་མཐའ་ཡས་སྟོན་ལ་ཕྱག་འཚལ་ལོ། །ཐུབ་པའི་བསྟན་པ་མཁའ་ལྟར་རྒྱ་ཆེ་བ། ཐེག་མཆོག་ཟབ་ཡངས་ཆུ་འཛིན་སྙིང་པོ་ལས། ཡན་ལག་བརྒྱད་ལྡན་འཕགས་པའི་ཆོས་ཆར་འཕྲོ། ཟབ་ཡངས་དྲི་མེད་གསུང་གི་སྒྲ་དབྱངས་ཅན། །ཡེ་ཤེས་སྣང་བའི་འོད་ཟེར་རབ་འགྱེད་ཅིང་། །དད་ལྡན་གཞི་ལ་ཐེག་མཆོག་མྱུ་གུའི་ཚལ། །རྒྱས་མཛད་རྒྱལ་བའི་འཕྲིན་ལས་རྨད་དུ་བྱུང་། །དེང་སང་བསྟན་པའི་སྙིགས་མར་གྱུར་པའི་དུས། །ཐེག་མཆོག་ཆོས་ཀྱི་སྣོད་གྱུར་ཤིན་ཏུ་ཉུང་། །བློ་གྲོས་ལྡན་རྣམས་ཉིན་མོའི་སྐར་མ་ཙམ། །བཤེས་གཉེན་བཟང་པོའི་རྗེས་སུ་འཇུག་བྱེད་པ། དད་དང་བརྩོན་འགྲུས་ལྡན་པ་དཀོན་མོད་ཀྱང་། །ཐེག་མཆོག་གཞི་ལམ་འབྲས་བུའི་བྱེ་བྲག་རྣམས། །ཐོས་ནས་ཐར་པའི་ས་བོན་འགྱུར་བའི་ཕྱིར། །རེ་ཤིག་དྲིས་པའི་ལན་དེ་བརྗོད་པར་བྱ། སེམས་ཅན་རྣམས་ཀྱི་ཐོག་མར་འཁྲུལ་པའི་ཚུལ། །རང་སེམས་རྒྱལ་བའི་སྙིང་པོ་དྲི་མེད་ལས། །རང་ངོ་སྤྲོས་བྲལ་སྟོང་པའི་རང་བཞིན་དང་། །རང་བཞིན་མ་འདྲེས་ཡོངས་སུ་གསལ་བ་ལས། །འགག་མེད་རོལ་པར་ཀུན་ཏུ་འབྱུང་བ་སྟེ། །མར་མེ་དང་ནི་མར་མེའི་འོད་བཞིན་དུ། །དེ་ཉིད་དང་ནི་གཞན་དུ་བརྗོད་མེད་ཀྱང་། །རང་སྣང་གསལ་བའི་ཆ་ལས་ཡུལ་དུ་གྱུར། །རང་རིག་འགྱུ་བ་ཡུལ་དུ་མ་གནས་པས། །ཐ་དད་ལྟར་སྣང་ཡང་དག་མི་རྟོག་གིས། །དཀྲུགས་པས་ནང་དུ་ང་དང་བདག་དུ་རྟོག །ཡུལ་དྲུག་སྣང་བ་ང་ཡི་ཞེས་སུ་འཛིན། །དེ་ལྟར་ཡུལ་དང་དམིགས་པའི་རྐྱེན་ལས་ནི། །སེམས་ཀྱི་ནུས་པ་དབང་པོར་སྣང་བ་ཡིས། །བདག་རྐྱེན་འཚོགས་པའི་སྐད་ཅིག་བྱས། །ཐ་དད་སྣང་བའི་རྣམ་ཤེས་དྲུག་པོ་བསྐྱེད། །དེའི་ཁྱད་པར་སེམས་ལས་བྱུང་བ་ལས། །དཀར་ནག་མི་གཡོ་ལས་རྣམས་འདུ་བྱེད་པས། །ཀུན་བཞིའི་རྣམ་པར་ཤེས་པ་བསྐྱེད་པ་ཡིན། །དེ་ནི་རྒྱུའི་རྐྱེན་ཞེས་གྲགས་པ་སྟེ། །དེ་ནི་མ་སྒྲིབས་ལུང་མ་བསྟན་པའི་ཕྱིར། ཁམས་གསུམ་ལས་ཀྱི་འབྲས་བུ་ཉེ་བར་བསྒྲུབས། །དེ་མ་གཏོགས་པ་རྟེན་འབྲེལ་བཅུ་གཉིས་སུ། །མ་རྟོགས་ཟོ་ཆུའི་ཁྱུད་མོ་བཞིན་དུ་འཁྱམ། །འདི་ནི་འཁོར་བའི་སེམས་ཅན་གནས་ལུགས་ཡིན། །འཁྲུལ་པའི་སྣང་བ་དེ་ལྟར་མ་ཤེས་ནས། །ལུས་ངག་ཡིད་ཀྱི་མི་དགེའི་ལས་རྣམས་ཀུན། །འདུས་བྱས་ངན་འགྲོའི་སྡུག་བསྔལ་ཉམས་སུ་མྱོང་། །གཉེན་པོའི་དགེ་བཅུའི་ལས་ལ་འབད་པ་ཡིས། །འདོད་པའི་ཁམས་ཀྱི་འགྲོ་བ་ཐོབ་འགྱུར་ཞིང་། བྱིས་པའི་ཉེར་སྤྱོད་བསམ་གཏན་བསྒོམས་པ་ཡིས། །གཟུགས་ཁམས་ལྷའི་བདེ་བ་ཉམས་སུ་མྱོང་། །སྣང་དང་སྟོང་པ་བཀག་པའི་ཏིང་འཛིན་གྱིས། གཟུགས་མེད་ཁམས་ཀྱི་འབྲས་བུ་འགྲུབ་པ་བྱེད། །སེམས་དང་སེམས་བྱུང་ཁམས་གསུམ་འཁོར་བ་འདི། རྩ་བ་ཡང་དག་མ་ཡིན་རྟོགས་ལས་བྱུང་། །ཁམས་གསུམ་གཟུང་དང་འཛིན་པའི་གཉེན་པོ་རུ། །རྒྱལ་བས་ཟབ་དོན་ཆོས་ཚུལ་དཔག་མེད་གསུངས། །ཐེག་གསུམ་སེམས་ཅན་བསམ་པའི་དབང་གིས་ན། །ལམ་དང་འབྲས་བུའི་ཐ་དད་དུ་མར་སྣང་། །ལམ་ཡང་དྲི་མེད་ཐེག་པའི་མཆོག་ལ་ནི། །ཕ་རོལ་ཕྱིན་པའི་གཞུང་དོན་རྒྱ་ཆེན་རྣམ། བསྟན་ཕྱིར་བདག་ཉིད་ཆེན་པོ་བྱམས་པས་བཤད། །ཁྱད་པར་རྡོ་རྗེ་ཐེག་པའི་ནང་གི་དོན། །གསང་བའི་བདག་པོས་ལེགས་པར་བསྟན་གྱུར་པ། །བསྡུས་པའི་ཚུལ་དུ་སྤྱན་རས་གཟིགས་དབང་གིས། །མཆོག་ཏུ་མི་འགྱུར་འགྲུབ་པའི་མདོར་བསྡུས་སུ། །བསྟན་ཞིང་དེའི་དོན་རྣམ་མདོར་བསྡུས་ན། །སྦྱངས་ལྡན་དབང་བསྐུར་ལེགས་པར་ཐོབ་པ་དང་། །བསྐྱེད་རྫོགས་ཚུལ་བཞིན་ཉམས་སུ་ལེན་པ་དེ། །ཚོགས་ཀྱི་ལམ་དུ་ངེས་པར་སོན་པའི་རྟགས། །བདེ་བསལ་མི་རྟོག་ཏིང་འཛིན་ཉམས་བླངས་ཤིང་། །བསམ་གཏན་ལ་བརྟེན་མངོན་ཤེས་རྫུ་འཕྲུལ་ཐོབ། །སྦྱོར་བའི་ལམ་ལ་ངེས་པར་སོན་པ་ཡིན། །འཁོར་འདས་ཐམས་ཅད་སེམས་ཀྱི་ཚུལ་ཤེས་ཤིང་། གཟུང་དང་འཛིན་པ་རྣམ་པར་དབེན་པ་དང་། །ཆོས་ཀུན་རྣམ་པར་འབྱེད་པའི་ཤེས་རབ་དང་། །སྐྱོན་བརྒྱད་མེད་པའི་བསམ་ག ཏན་བཞི་པ་འདྲེས། །ཡང་དག་བརྩོན་འགྲུས་ཏིང་ངེ་འཛིན་ནི། །དག་དང་ཤིན་ཏུ་སྦྱངས་པའི་ཡོན་ཏན་རྫོགས། མཉམ་གཞག་རྣམ་པར་མི་རྟོག་ཐོབ་ནས་ཀྱང་། །དེ་ཉིད་ངང་ནས་ཕྱོགས་བཅུའི་འཇིག་རྟེན་ཀུན། གཟུགས་སྒྲ་དྲི་རོ་རེག་བྱ་སེམས་ཅན་གྱི། །ཁམས་དང་དབང་པོ་གསལ་བར་སྣང་བ་དང་། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སྣང་འགྱུར་ཞིང་། །རྟོག་པ་མེད་པའི་རྒྱལ་བའི་སྲས་གྱུར་པ། །འདི་ནི་རྩ་གནས་དང་པོ་དག་པ་དང་། བརྒྱ་ཕྲག་བཅོ་བརྒྱད་ལས་རླུང་དག་པ་ཡིས། །འཛག་མེད་ལྷན་སྐྱེས་ཐིག་ལེ་བསྟན་པ་ལས། །མཐོང་ལམ་མངོན་དུ་གྱུར་པ་ཞེས་སུ་གྲགས། །དེ་ནས་བཟུངས་ཏེ་འཁོར་ལོ་དྲུག་པོ་ལ། །ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་རླུང་དག་ཅིང་། །རྗེས་སུ་དྲན་པའི་བྱང་ཆུབ་སེམས་བརྟན་པས། །ས་བཅུའི་ཡོན་ཏན་རིམ་གྱིས་མཐོང་འགྱུར་ཞིང་། །ཞིང་བརྒྱ་མཐོང་དང་གྲངས་མེད་མཐར་ཐུག་པ། །ཡོན་ཏན་གོང་ནས་གོང་དུ་རྫོགས་གྱུར་ཅིང་། །སངས་རྒྱས་ཞིང་སྦྱོང་སེམས་ཅན་ཐམས་ཅད་སྒྲོལ། །རྗེས་སུ་དྲན་པ་བཅུ་དྲུག་རྫོགས་པ་ཡིས། །སྤྱན་ལྔ་གཟུངས་དང་ཏིང་འཛིན་ཡོན་ཏན་རྣམས། །དཔག་ཏུ་མེད་པ་ཡོངས་སུ་རྫོགས་གྱུར་ཅིང་། དགའ་བ་བཅུ་དྲུག་སྙིང་རྗེ་བཅུ་དྲུག་དང་། །སྟོང་པ་བཅུ་དྲུག་ཡོངས་སུ་རྟོགས་པ་ཡིས། །སྐད་ཅིག་གཅིག་ལ་མངོན་པར་བྱང་ཆུབ་འགྱུར། །དེའི་ཡོན་ཏན་བཤད་ཀྱིས་ལང་པ་མིན། །འདི་དག་རྡོ་རྗེ་ཐེག་པའི་དབང་གི་དོན། །སྦྱང་བ་བཅུ་པའི་སྦྱོང་བྱེད་ཀྱིས་སྦྱངས་པས། །དབང་བདུན་རྣམས་ཀྱིས་ས་བདུན་ལེགས་ཐོབ་ཅིང་། བུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཀྱིས། །དག་པའི་ས་གསུམ་མངོན་དུ་བྱེད་འགྱུར་ཞིང་། །ཕྱག་རྒྱ་ཆེན་པོ་བཞི་པའི་དབང་བསྐུར་བས། །རྡོ་རྗེ་སློབ་དཔོན་རྒྱལ་བ་ཀུན་བདག་ཉིད། །སྐུ་བཞིའི་དབང་བསྐུར་ཡོངས་སུ་རྫོགས་འགྱུར་ཞིང་། །འདི་དག་རྫོགས་པའི་རིམ་པའི་དབང་དུ་ནི། །ཚོགས་སྦྱོར་སོ་སོར་བསྡུད་དང་དབང་དུ་བསྲེ། །སྲོག་རྩོལ་བསྒྲུབས་ནས་འཛིན་པའི་རྣལ་འབྱོར་གྱིས། །མཐོང་བའི་ལམ་དུ་ངེས་པར་འཇུག་པར་བྱེད། རྗེས་དྲན་ཏིང་འཛིན་བསྒོམས་པའི་རིམ་པ་ཡིས། །བསྒོམ་པའི་ལམ་དང་མི་མཐུན་བསྒྲོད་འགྱུར་ཏེ། །འདི་དག་རྣམས་སུ་སྤྱོད་པའི་ཁྱད་པར་ཡང་། །མོས་པའི་ལམ་ལ་ཐེག་གསུམ་སྤྱི་དང་མཐུན། །ཀུན་བཟང་སྤྱོད་དང་ཏིང་འཛིན་སྤྱོད་པ་ཡང་། །སྦྱོར་བའི་ལམ་དུ་ངེས་པར་བྱེད་པ་ཡིན། །སྤྲོས་མེད་སྤྱོད་པ་ཤིན་ཏུ་སྤྲོས་མེད་ཀྱང་། །མཐོང་བའི་ལམ་དུ་ངེས་པར་སྦྱོར་བར་བྱེད། ཕྱོགས་ལས་རྣམ་རྒྱལ་ཚོགས་ཀྱི་སྤྱོད་པ་ཡིས། །བསྒོམ་པའི་ལམ་དང་གཞན་དོན་བྱ་བ་ཡིས། །འདི་དག་ཟབ་ལམ་རྒྱུད་སྡེའི་སྙིང་པོ་ལས། །ཅི་ལྟར་གསུངས་པ་བདག་གིས་བྲིས་པ་ཡིན། །ཀྱེ་མ་དེང་སང་བསྟན་པའི་སྙིགས་མ་ལ། །རྒྱལ་བའི་གསུང་བཞིན་ཤིན་ཏུ་བསྒྲུབ་པ་ཉུང་། །དེ་ཕྱིར་དད་ལྡན་རྗེས་སུ་འཇུག་པ་ལ། །ཕན་ཕྱིར་ཕྱི་རོལ་ཉན་ཐོས་སྤྱོད་པ་བསྟེན། །ནང་དུ་སྟོང་པའི་སྙིང་རྗེ་ཟུང་འཇུག་གིས། །ཡང་དག་སྙིང་པོ་ཟབ་ལམ་གནད་དུ་བསྣུན། །དད་པ་ཆུང་ཞིང་ཤེས་རབ་དམན་པ་དང་། །བཏང་སྙོམས་ལེ་ལོའི་དབང་དུ་སོང་བ་རྣམས། །སྙིགས་དུས་རང་ལ་གནོད་པར་བྱེད་པའི་ཕྱིར། །སྙིང་རྗེ་བསྐྱེད་ལ་བསྡུ་བ་ཡོངས་མི་བྱ། །དད་དང་ཤེས་རབ་བརྩོན་འགྲུས་ལྡན་པ་དང་། འཆི་བ་རྗེས་དྲན་ཐེག་པའི་མཆོག་ལ་མོས། །སྐལ་ལྡན་རྣམས་ལ་གདམས་པ་སྦྱིན་བྱ་ཞིང་། །རྗེས་སུ་འཇུག་དང་རང་གཞན་དོན་གཉིས་འགྲུབ། །དེ་ཕྱིར་བླང་དོར་ལེགས་པར་ཤེས་པ་ཡིས། རང་གཞན་བླ་མེད་གཉིས་སུ་འགྲུབ་པ་བྱ། །འདི་ལྟར་བསྡུས་པར་ངག་ཏུ་བརྗོད་པ་བྱ། །མཁས་པའི་བྱ་བ་གསུམ་ལེགས་པར་སྦྱངས། །བཀའ་བ རྒྱུད་གྲུབ་པའི་རྗེས་ལ་ལེགས་པར་ཞུགས། །ཚེ་འདིའི་འཇིག་རྟེན་བྱ་བ་རྣམ་གྲལ་ཞིང་། །བླ་མེད་ཆེན་པོའི་རྗེས་ཞུགས་ལན་དུ་བྲིས། །དགེ་བས་མཁའ་ཁྱབ་སེམས་ཅན་མ་ལུས་པ། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །དགེ་བའི་བཤེས་གཉེན་ཚུལ་རིལ་གྱི་དོན་དུ་གདམས་པའོ།། །།

༈ ན་མོ་གུ་རུ། རྒྱལ་བའི་ཆོས་ཚུལ་དཔག་མེད་གསུངས། །ཀུན་ཀྱང་རང་གི་རྟོག་པ་ཡིན། །དེས་ན་གདམ་ངག་རྩ་བ་ནི། །རང་གི་སེམས་ལ་ལྟ་བ་ཡིན། །དེ་དོན་སྟོན་པའི་བླ་མ་ལ། །རྟག་ཏུ་མོས་པ་རྒྱ་ཆེན་བསྒོམ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །རང་སྣང་རང་གྲོལ་རྒྱ་ཡིས་ཐོབ། །ནང་གི་སེམས་དེ་སེམས་བྱུང་རྣམས། རང་གི་ངོ་བོ་ལྷུག་པར་ཞོག །བར་དུ་འགྱུ་བ་ངོ་ཡིས་བཟུང་། །ལྟ་བའི་ངོ་བོ་རྟོགས་ནས་འཆི། །དེ་སྟེངས་བརྩོན་འགྲུས་དྲག་པོ་ཡིས། སེམས་ཅན་ཀུན་ལ་སྙིང་རྗེ་དང་། །འབྲེལ་བར་བསམ་གཏན་བསྒོམ་ལ་འབད། །མཐའ་གཉིས་བྲལ་བའི་སྤྱོད་པ་ཡིས། ཐམས་ཅད་མཉམ་པ་ཉིད་དུ་བསྲེས། །རང་གཞན་དོན་གཉིས་འགྲུབ་པ་ཡི། འབྲས་བུ་རྒྱལ་བས་གསུངས་པ་ཡིན། །

༈ ཐུབ་དབང་ཐུགས་རྗེའི་མངའ་བདག་བཅོམ་ལྡན་འདས། །རྒྱལ་སྲས་རྒྱལ་བའི་ཡེ་ཤེས་རྟོགས་རྣམས་དང་། །རྒྱུད་ན་རྒྱུད་དུ་དངོས་གྲུབ་བརྙེས་པ་ཡིས། །དཔལ་ལྡན་མཆོག་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །ཀྱེ་མ་འདི་ལྟར་རྒྱལ་བའི་བསྟན་པ་ལ། །མི་ལུས་མཆོག་ཐོབ་རྒྱལ་བས་རྗེས་བཟུང་ཚེ། །རབ་བྱུང་འགའ་དང་འགའ་ཞིག་ཚུལ་མཐོང་བས། །ཡིད་བྱུང་རང་གི་སེམས་ལ་གྲོས་འདེབས་བྲི། །རྒྱལ་དང་སྲས་བཅས་ཐུགས་རྗེའི་བདག་ཉིད་རྣམས། །དུས་འདིར་རྩེ་བས་བདག་ལ་རྗེས་བཟུང་གསོལ། །སྐྱེས་ཆེན་སྐྱེས་བུའི་ཚོགས་རྣམས་འདི་ལ་གསོན། །ཆོས་སྐུ་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ། །གཟུགས་སྐུ་ཉི་མའི་བདག་ཉིད་འོད་ཟེར་ཅན། །ནམ་མཁའི་མཐས་ཁྱབ་སེམས་ཅན་ཀུན་ལ་ཤར། །ཁྱད་པར་ཞིང་འདིར་དམ་ཆོས་མདོ་སྡེའི་བཅུད། །གསལ་བར་གསུངས་མོད་རྗེས་སུ་མི་སློབ་ཚེ། །ཞིང་འདིར་སྐྱེས་པའི་དོན་གྱིས་ཅི་ཞིག་མཉམ། །དུལ་དང་སྡོམ་དང་དམ་ཚིག་མི་འཛིན་ཅིང་། །ཁེ་གྲགས་རྙེད་དང་བཀུར་སྟིའི་རོ་ལ་ཆགས། །རྒྱལ་བའི་ཐུགས་དགོངས་སྨྲས་ཀྱང་ལོག་པར་འཛིན། །འདི་འདྲ་མཐོང་ཚེ་བདག་ཡིད་རྣམ་པར་ཆད། །འདུལ་ལས་ཁྱད་འཕགས་གསང་སྔགས་རྒྱུད་སྡེའི་དོན། ཇི་བཞིན་བཤད་པ་ཉོན་མོངས་ཀུན་གྱི་གཉེན། །རྗེས་སུ་བསྒོམས་ནས་བདེ་ཆེན་རྟོགས་པའི་དཔལ། །ཁ་དོན་ཟོས་གྱུར་འདི་ལ་བདག་ཡིད་བྱུང་། །རྒྱལ་བས་གསུངས་པའི་ཆ་ལུགས་མཛེས་གྱུར་ཅིང་། །སླུ་མེད་གང་ལས་རྙེད་གྱུར་མ་གནང་ཡང་། །རྙེད་དང་བཀུར་སྟི་དཔག་མེད་ལ་སོགས་པའི། །སྐྱེས་བུ་འདི་དག་མཐོང་བས་བདག་ཡིད་ཆད། །རྒྱལ་བས་གསུངས་པ་ཐེག་པའི་དོན་རྣམས་ནི། མ་ནོར་རྟོགས་ན་འགྲོ་བའི་དཔལ་ཡིན་ལ། །རང་བཟོ་ང་རྒྱལ་དབང་གིས་ང་རུ་འཛིན། འདི་འདྲ་རྒྱལ་བའི་ཐུགས་ཀྱིས་མི་ཁྲེལ་ཏམ། །དམ་ཆོས་ཟབ་མོ་བསྐལ་པར་བཤད་གྱུར་ཀྱང་། །སྐྱེ་བོ་ལོག་འཛིན་དབང་གིས་དོན་མ་རྟོགས། །ཆོས་ལ་བསྐུལ་ཀྱང་ལོག་པར་ཞེན་མཐོང་ན། །བདག་ཉིད་གཅིག་ཏུ་མི་སྣང་གྱུར་ནའང་སྙམ། །རྒྱལ་བའི་དགོངས་པ་ཟབ་ཡངས་ནམ་མཁའ་ཡི། །ཆུ་གཏེར་དཔག་མེད་འདི་ལས་སྐྱེ་བོ་ཡིས། །ཟིལ་པ་ཙམ་གཅིག་མ་ཐོབ་འདི་མཐོང་ཚེ། །ཞིང་ཁམས་ཀུན་ཏུ་ཐོག་མེད་སྦྱངས་ནའང་། །སེམས་རྣམས་གྲོལ་བའི་དོན་ལ་རབ་གཞོལ་བ། ནུས་མཐུ་ཆུང་བ་ཡང་ན་སྨོན་ལམ་ཟད། །ཅིའི་ཕྱིར་ན་སེམས་ཅན་ངན་འགྲོར་ལྷུང་། །འདིའི་དུས་སུ་སྐྱེས་བུ་མཆོག་ཉིད་རྣམས། །ཅུང་ཟད་འགྲོ་བའི་དོན་ལ་སེམས་བསྐོངས་ཤིག །ཡང་ན་འདུ་འཛི་སྤངས་ལ་དབེན་པ་སྟེན། །སངས་རྒྱས་ཞིང་ཁམས་སྦྱོང་བའི་དོན་བསྒོམ་ཤིག །བདག་ཉིད་འདི་ལྟར་ཅུང་ཟད་བསམས་པའི་ཚེ། འཇིག་རྟེན་འདིའི་སྡུག་བསྔལ་མི་བཟོད་ན། །ངན་སོང་སྡུག་བསྔལ་བཟོད་པར་འདོད་པ་རྣམས། །ཡང་ན་འཁྲུལ་ལམ་ཡང་ན་སེམས་དཔའ་ཡིན། ཅི་ཕྱིར་འདི་ལ་བསམས་ཤིང་འདི་ཉིད་ནི། གསུངས་མཆོག་མ་ནོར་ཡིག་གེའི་རྩལ་སྦྱོངས་ཤིག །ཀྱེ་མ་འདི་འདྲའི་སྐྱེ་བོ་སྡིག་ཅན་རྣམས། །སེམས་ཅན་སེམས་དཔའི་ལམ་ལ་མི་འདྲེན་ནམ། །ཡང་ན་བདག་ཀྱང་མི་སྣང་གྱུར་ན་ཅི། །འདྲེན་པའི་བཤེས་གཉེན་འདྲེན་པའི་གཙོ་བོ་ཆེ། །ཐུབ་པའི་དབང་པོ་ཐུགས་རྗེའི་མངའ་བདག་ཉིད། །སྲས་ཀྱི་མཆོག་རྣམས་སྲས་སུ་ཉེར་དགོངས་ཅིག ཏིང་འཛིན་ཟས་ཀྱིས་བདག་ཉིད་འཚོར་གྱུར་མང་། ཐ་མལ་ཟས་ཀྱིས་བསོད་ནམས་རྫོགས་པའི་ཕྱིར། །དཔག་མེད་ཟས་ཀྱིས་འགྲོ་ལ་དགའ་སྟོན་གྱིས། །དབུལ་གྱུར་ཟས་ཀྱིས་བསྐྱངས་ན་ཡོན་ཏན་འཐོབ། །བདག་ཉིད་ཟས་མཆོག་སྐྱེ་མེད་བསྒོམ་པ་དང་། །དམ་ཆོས་ཟས་ཀྱི་གདུལ་བྱ་སྨིན་གྱིས་ཅིག །བདག་ཉིད་ལྟ་བ་བདག་མེད་སྐྱེས་ན་ཡང་། འགྲོ་བ་གཞན་ལ་བདག་མེད་བསྐྱེད་པའི་ཕྱིར། ལྟ་བ་མ་ནོར་དོན་ལ་སྐྱེ་བ་རུ། །ཀུན་ནས་ཀུན་ཏུ་སྐྱེ་བ་མེད་པར་ཤོག །ཡོན་ཏན་མཆོག་གྱུར་དཔལ་ལྡན་བླ་མ་དང་། བདུད་རྩིའི་མཆོག་གྱུར་དམ་ཆོས་བདུད་རྩིའི་རྒྱུན། བལྟས་སྟེ་སྐྱེ་མེད་མཆོག་འདི་མ་རྟོགས་པར། །ལྟ་བ་བདག་མེད་མཆོག་ལ་ལེགས་པ་ལྟོས། །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། སྐྱེ་མེད་མཆོག་རྟོགས་སྐྱེ་བྲལ་བླ་མ་ལ། སྐྱེ་བ་ཀུན་ཏུ་སྐྱེ་མེད་མཆོག་བསྒོམ་ཞིང་། སྐྱེ་ནའང་སྐྱེ་མེད་ངང་དུ་ཤོག །འཁོར་བ་ལ་ཡིད་ངེས་པར་བྱུང་བས་རང་ལ་གྲོས་འདེབས་ཞེས་བྱ་བ་འདི་ནི། དཔལ་མཚུར་ཕུའི་གཙུག་ལག་ཁང་དུ། རང་བྱུང་རྡོ་རྗེས་ཡི་གེར་བཀོད་པའོ།། །།

༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་འདིར། །བླ་མས་རྗེས་བཟུང་བདག་མེད་བསྒྲུབ་བྱེད་ཚེ། །གདམས་པའི་མཐར་ཐུག་འདི་བཞིན་བསྒོམ་པར་བྱ། ཕ་རོལ་ཕྱིན་ལྔ་བྱང་ཆུབ་ཡོན་ཏན་རྣམས། །བདག་མེད་ཤེས་རབ་མཆོག་གིས་རྒྱས་གདབ་ཅིང་། །རྒྱུད་སྡེའི་མཐར་ཐུག་བཅུད་ཀྱི་ཉིང་ཁུ་འདི། །གསལ་སྟོང་འཛིན་མེད་རིག་པ་དེ་ཉིད་ལྟོས། །ཀུན་གྱི་མཐར་ཐུག་ཕྱག་རྒྱ་ཆེན་པོའི་དོན། །འགྱུར་མེད་རང་གསལ་མ་བཅོས་ལྷུག་པའི་ངང་། །ཇི་བཞིན་འགྱུར་མེད་རང་བྱུང་ལྟ་བའི་གདེང་། །མཐའ་བརྒྱད་བྲལ་བས་འཕགས་པའི་དགོངས་པ་ཉིད། །རྣམ་རྟོག་ཟད་པའི་སྐྱོལ་བ་དབུ་མའི་ལམ། །རྟག་ཆད་བྱིང་རྒོད་བྲལ་བ་དེ་ཉིད་དོན། །ཏེ་ལོ་ན་རོའི་དགོངས་པ་མཐའ་བཞི་བྲལ། །དེ་ན་ཅི་ཡང་ཡིད་ལ་མ་བྱེད་ཅིག །སྐྱོན་དང་ཡོན་ཏན་རྣམས་བལྟ་རྟོག་པའི་སྒྲ། །ཡིན་གྱི་སྤྲོས་པ་གང་དུའང་མ་ལྟ་ཅིག །ཐམས་ཅད་དེ་ཉིད་ངང་དུ་གློད་ལ་ཞོག །

༈ བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་མ་བྱ་བྲལ་བ་ལ་གདམས་པ་ནི། ཐོག་མེད་འབྲེལ་པའི་མོས་པ་ཡིས། །དུས་འདིར་བླ་མ་རྣམས་དང་མཇལ། །ཁྱད་པར་ངེད་ལ་མོས་པ་ཡིས། །ཡང་ཡང་མཇལ་བ་ངོ་མཚར་ཆེ། ཆོས་ཀུན་བླ་མ་བརྟེན་ལས་བྱུང་། །དེ་ཡང་མོས་པ་ཉིད་ལ་རྟེན། །རང་གི་སེམས་དང་དབྱེར་མེད་པ། །བསྒོམས་པས་རྒྱུད་ལ་རྟོགས་པ་འཆར། །གཞན་དོན་རྩ་བ་སྙིང་རྗེས་སྟེ། །དེ་ཡང་དམིགས་པ་མེད་དང་འབྲེལ། །ལུས་ངག་ཡིད་གསུམ་དག་པ་ཡིས། །མཁའ་མཉམ་བྱང་ཆུབ་ཐོབ་པར་བསྔོ། །སྣ་ཚོགས་སྣང་བ་རྨི་ལམ་འདྲ། །དེ་ཡང་རང་གི་སེམས་དང་འབྲེལ། མ་ཡེངས་དྲན་པ་དང་ལྡན་པས། །སྣང་སྟོང་དབྱེར་མེད་གཅིག་ཏུ་སྦྱོངས། །རང་གི་རྣམ་པར་རྟོག་པ་ཀུན། །གྲོལ་ན་རང་བྱུང་ཡེ་ཤེས་སྟེ། །མ་གྲོལ་འཁོར་བ་དེ་ཉིད་ཡིན། །གཉིས་འཛིན་རང་གྲོལ་ངང་དུ་སྦྱོངས། །རྒྱལ་བས་གསུངས་པའི་མདོ་རྒྱུད་དང་། །བླ་མ་རྣམས་ཀྱི་གདམས་ངག་ཀུན། །བསྡུས་ཀྱང་འདི་ལས་ང་མ་མཐོང་། །དེ་ལྟར་ཉམས་སུ་ལེན་པར་ཞུ། །བླ་མ་བྱ་བྲལ་བ་གདམས་པ། །བདེ་ཆེན་དུ་བྲིས་པའོ།། །།

༈ ཨོཾ་སྭ་སྟི། རྣམ་དག་སྨོན་ལམ་སྟོབས་ལས་ལེགས་འཁྲུང་སྐུ། ཡོན་ཏན་མཐའ་ཡས་བསོད་ནམས་མཚན་གྱིས་བརྒྱན། །བདེ་ལྡན་ཞིང་དུ་མངོན་པར་བྱང་ཆུབ་པ། ཚེ་དང་ཡེ་ཤེས་དཔག་མེད་ཕྱག་འཚལ་ལོ། །སྲིད་བཞིའི་སྐྱོན་བྲལ་རྣམ་དག་ཕུན་ཚོགས་མངའ། །ཁྱད་འཕགས་ཞིང་མཆོག་ཀུན་གྱིས་བསྟོད་པའི་གནས། །དྲི་མེད་རྒྱལ་བའི་འོད་ལ་སྒྲིབ་མི་མངའ། བདེ་གཤེགས་སྣང་བ་མཐའ་ཡས་ཕྱག་འཚལ་ལོ། །ནུབ་ཕྱོགས་རྒྱལ་བའི་དཀྱིལ་འཁོར་བླ་མེད་ཞིང་། །གཙང་ཡངས་མཛེས་དང་དྲི་ཞིམ་བདེ་བ་དང་། །ཡིད་འོང་རིན་ཆེན་སྣ་ཚོགས་ལྗོན་པས་བརྒྱན། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདེ་ལྡན་ཞིང་གི་བརྒྱན་དང་ཡོན་ཏན་དང་། །བཀོད་པ་སྐུ་ཚེའི་འོད་ནི་དཔག་མེད་དེ། །རྒྱལ་དེ་ཆོས་རྗེ་ཉིད་ལས་གཞན་མ་མཆིས། དྲང་སྲོང་འོད་དཔག་མེད་ཞབས་སྤྱི་བོས་འདུད། །རིན་ཆེན་སྣ་ཚོགས་ལས་གྲུབ་བདེ་གཤེགས་སྐུ། །ཕྱི་ནང་རྟེན་དང་མཆོད་པའི་བྱེ་བྲག་སོགས། །འདིས་མཚོན་བསོད་ནམས་ཕུང་པོ་བདེ་ལྡན་དུ། །པད་མ་ལས་སྐྱེས་དགེ་སློང་གྱུར་ནས་ཀྱང་། །ཆོས་རྗེ་འོད་དཔག་མེད་པ་མཐོང་འགྱུར་ཞིང་། །མྱུར་དུ་བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །འོད་དཔག་མེད་ལ་བསྟོད་པ་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ་རང་བྱུང་རྡོ་རྗེས་བཀོད་པའོ།། །།


previousརང་བྱུང་རྡོ་རྗེའི་གསུང་འགུར་ཐོར་བུ་དང་པོ།next