Nitartha Digital Library
Tibetan
 
previousརླུང་སེམས་གནད་ཀྱི་ལྡེ་མིག །next

རླུང་སེམས་གནད་ཀྱི་ལྡེ་མིག །

༄༅། །རླུང་སེམས་གནད་ཀྱི་ལྡེ་མིག །

༄༅། །ཨོཾ་སརྦ་སྭ་སྟི་སིདྡྷི་ཧཱུཾ། མིང་ཡོངས་སུ་གྲགས་པ་ཀརྨ་པའི། རླུང་སེམས་ཀྱི་གདམས་ངག་གནད་ཀྱི་ལྡེ་མིག་འདི་ལ་རྩ་བའི་ཆིངས་རྣམ་པ་གསུམ་ནི། ངན་རྟོག་ཡིད་ལ་བྱེད་པས་གཟུང་ན། དེ་རྩ་ནང་དུ་འཕེལ་བས། སྡུག་བསྔལ་འབྱུང་། བཟང་རྟོག་ཡིད་ལ་བྱེད་དུས་རླུང་བཟུང་ན་ཡོན་ཏན་སྐྱེ་ལ། ཡིད་བྱེད་ཡིད་སྨོན་སྣ་ཚོགས་དང་བྲལ་བས་རླུང་གནད་དུ་ཚུད་ན་སྐད་ཅིག་གིས་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཆར་ཞིང་། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱའོ། །དེ་ལ་རྒྱས་པར་བཤད་ན་བསམ་གྱིས་མི་ཁྱབ་ཀྱང་། རགས་པ་ཙམ་ཕྱེ་ན། ངན་རྟོག་ལ་ཉོན་མོངས་པ་དུག་ལྔ་དང་། བདུད་བཞིའི་རྒྱུ་ཚུལ་ཤེས་དགོས་ཏེ། ཞེ་སྡང་སྐྱེས་དུས་རླུང་འབུད་མ་ཤེས་ན་ཕོ་གདོན་གྱིས་གནོད། ནད་གཟེར་ལྟ་བུ་དང་། བུ་སློབ་འཁྲུག་པ་དང་། མི་དུམ་པ་སྣ་ཚོགས་འབྱུང་། དེ་བཞིན་དུ་འདོད་ཆགས་ཕྱིར་འབུད་མ་ཤེས་ན། མོ་གདོན་གྱི་གནོད། ནད་གྲང་པ་འཇུག །སྡོམ་པ་མི་ཐུབ། འཁོར་སྡོམ་ཤོར་དང་ཁྲིམས་རྐུན་འོང་། གཏི་མུག་ཕྱིར་འབུད་མ་ཤེས་ན། ས་གདོན་གནོད། བད་ཀན་དང་མཛེ་ནད་ཡོང་། འཁོར་མཛེ་ནད་ཅན་འོང་། ང་རྒྱལ་ཕྱིར་འབུད་མ་ཤེས་ན། རྒྱལ་འགོང་གནོད། བསྙོས་འབོག་ཡོང་། སྡོམ་པ་མི་ཐུབ། རང་དང་འཁོར་ངན་པར་ལྟུང་། ཕྲག་དོག་ཕྱིར་འབུད་མ་ཤེས་ན། སྦོད་གཏོང་གནོད། བྱད་ཀ་དང་ནད་ཡམས་འོང་། འཁོར་གཞན་གྱི་དབང་དུ་འགྲོ། བདུད་བཞིའི་གནས་ཚུལ་ནི། ལྷའི་བུའི་བདུད་རྩ་མིག་ལ་གནས། ནམ་ལངས་ཁར་རྒྱུ། རྒྱལ་འགོང་དང་བསྡོངས། རྟགས་ཤེས་པ་ཡངས་མཐོས་བ་དང་འགྲོ་སྙིང་འདོད་པ་འོང་། གཉེན་པོ་རླུང་ཕྱིར་འབུད། རྩ་མིག་ཏུ་བླ་མ་བསྒོམ། ཕུང་པོའི་བདུད་ཕ་རུས་ལ་གནས། ཉི་མ་ཕྱེད་ལ་རྒྱུ། ས་བདག་དང་བསྡོང་རྟགས་ཤེས་པ་ཉོག །ཁམས་ཉོག་པོ་འོང་། གཉེན་པོ་རླུང་ཕྱིར་འབུད། སྤྱི་བོར་བླ་མ་བསྒོམ། ཉོན་མོངས་པའི་བདུད་ཁུ་ཁྲག་ལ་གནས། དུས་དགོངས་ཁ་རྒྱུ། མོ་གདོན་དང་བསྡོང་། རྟགས་སྙིང་མི་དགའ་བ་འོང་། གཉེན་པོ་རླུང་ཕྱིར་འབུད་། ལྟེ་བར་བླ་མ་བསྒོམ་འཆི་བདག་གི་བདུད་རླུང་ལ་གནས། དུས་ནམ་ཕྱེད་ལ་རྒྱུ། རྦད་འདྲེ་དང་བསྡོང་། རྟགས་བྲེད་དངས་དང་སྙིང་ཕུགས་འོང་། གཉེན་པོ་རླུང་ཕྱིར་འབུད། སྙིང་ཁར་བླ་མ་བསྒོམ། ནད་གདོན་གེགས་སེལ་ཐམས་ཅད་འདིས་འགྲེའོ། །བཟང་རྟོག་བྱེ་བྲག་ལ་མོས་གུས། སྙིང་རྗེ། ཞེན་ལོག །བསྐྱེད་རྫོགས། བདེ་གསལ་མི་རྟོག་པ་ལ་སོགས་སྐྱེས་དུས་རླུང་ཕྱིར་བུས་ན། དེའི་ནུས་པ་ཉམས་ཤིང་དངོས་གྲུབ་ཡལ་བས་དེའི་དུས་སུ་རླུང་སེམས་ནང་དུ་བསྡུད་དགོས་སོ། །དེ་ཡང་མོས་གུས་སྐྱེས་དུས་རླུང་ཕྱིར་བུས་ན། བླ་མས་ཐུགས་ལ་མི་འདོགས། སྙིང་རྗེ་སྐྱེས་དུས་ཕྱིར་བུས་ན་སེམས་ཅན་གྱི་དོན་མི་འགྲུབ། ཞེན་ལོག་སྐྱེས་དུས་ཕྱིར་བུས་ན་ཟས་ནོར་མི་འདུ། བསྐྱེད་རིམས་བསྒོམ་དུས་ཕྱིར་བུས་ན་ཡིད་དམ་མི་འགྲུབ། སྔགས་བཟློ་དུས་ཕྱིར་བུས་ན་ནུས་པ་མི་འབྱུང་། བདེ་གསལ་མི་རྟོག་པ་སྐྱེས་དུས་ཕྱིར་བུས་ན་ཏིང་ངེ་འཛིན་མི་སྐྱེ། དགེ་བའི་དུས་རླུང་ནང་དུ་བསྡུས་ན་དབང་བསྐུར་གསུམ་དང་། བསྲེ་བ་བསྐོར་གསུམ་ལྟ་བུར་ཉམས་སུ་ལེན་དགོས་པ་ཡིན། སྣང་སྲིད་འཁོར་འདས་ཀྱི་བདེ་སྡུག་ཐམས་ཅད་རླུང་སེམས་ཀྱི་རྟེན་འབྲེལ་ཡིན། དེ་ལ་སོགས་པ་རླུང་སེམས་ཀྱི་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པ་རྣམས་ཉམས་སུ་ལེན་ཤེས་པར་བྱའོ། །ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བ་དང་། རླུང་སེམས་ཕྱག་རྒྱ་ཆེན་པོ་དང་འབྲེལ་པ་མཆོག་གི་གཏུམ་མོ་ཡིན་པས། གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྒོམ་མོ། །མདོར་ན་རླུང་སེམས་ངན་པ་ཐམས་ཅད་ཕྱིར་བུས། བཟང་པོ་ཐམས་ཅད་ནང་དུ་བསྡུའོ། །ཐམས་ཅད་དབྱེར་མེད་རོ་གཅིག་དུ་མཉམ་པར་བཞག་གོ །ཆོས་རྗེ་རིན་པོ་ཆེ་ཀརྨ་པའི་རླུང་སེམས་གནད་ཀྱི་གདམས་པ་ཟབ་མོ་ལགས་སོ།། །།


previousརླུང་སེམས་གནད་ཀྱི་ལྡེ་མིག །next