Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།

1 occurrence of འར་བ་
[Clear Hits]


  
  
  
  
collapse section
  
  
  
  
  
 
  
  
  
  
  
  
  
  
  
  
བརྟག་པ་གཉིས་པ། བཞི་པ་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ།
  
  
  
  
  
  
  
  


1 occurrence of འར་བ་
[Clear Hits]

 
previousབརྟག་པ་གཉིས་པ། བཞི་པ་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ། next

བརྟག་པ་གཉིས་པ། བཞི་པ་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ།

ལེའུ་འདི་ནི་བརྟག་པ་དང་པོའི་ཐེ་ཚོམ་གྱི་གནས་བཞི་སེལ་བ་དང་གཏོར་མ་ལ་སོགས་པ་རྒྱས་པར་འཆད་པའོ། །འདི་ལ་གསུམ། ཞུ་བའི་ཚིག་གིས་མཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །དང་པོ་ནི་དེ་ནས་ཞེས་པ་ནས་རྣམ་དག་བཤད་དུ་གསོལ་ཞེས་པའི་བར་ཏེ། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཐེ་ཚོམ་དུ་གྱུར། བློ་ཡི་སྒྲོ་འདོགས་མ་ཆོད་པས་ཡིད་གཉིས་སུ་གྱུར་ཏེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསོལ་བ། སྦྱོང་བའི་ལེའུ་ལས་གླུ་དང་གར་དངོས་གྲུབ་སྦྱིན་པས་རྟག་དུ་བྱའོ་ཞེས་གསུང་ན། སྔར་མ་གསུངས་པས་ཐེ་ཚོམ་མཆིས་སྟེ་གླུ་དང་གར་ཅི་ལགས། ལྷའི་ལེའུ་ལས་ཞེ་སྡང་ལ་སོགས་པ་དག་པའི་ཕྱག་རྒྱ་ཡི་རྒྱས་གདབ་དེ་རྣམས་ལ་ཐེ་ཚོམ་མཆིས་ཏེ་ལྷ་མོ་གང་ལ་རིགས་བདག་གང་གིས་རྒྱས་གདབ་པ་ལགས། སྔགས་ཀྱི་ལེའུ་ལས་གསུངས་པའི་བདག་མེད་མ་ལ་སོགས་པའི་ས་བོན་རྒྱན་གྱིས་བརྒྱན་པའོ། །དེའི་གདན་ཅི་ཞེ་ན། ཏ་ཧི་ཛ་ས་ར་རྦ་བ་ནི་ཨ་ཨི་འོག་ཏུ་རོ་ནི་གཞུག་པར་བྱ་ཅེས་སོ། །མ་ལ་ས་ཛེ་ཀུ་དྷུ་དྷུ་བ་ཊ་ཨི་རེར་ནི་རིགས་ནི་མི་སྤང་པར། འཁྲིག་པས་འདུ་བ་ཉིད་དུ་བྱ་ཅེས་སོ། །རིནྷི་མ་ཏ་ཧི་ནཱ་བཛྭ་ཨ་ཨི་ཅེས་པ། རིགས་གཅིག་སྦྱོར་བས་བཟུང་བར་བྱ་ཅེས་སོ། །ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་ཁུ་ཁྲག་གི་རྒྱུ་ལས་བྱུང་བར་རིགས་གཅིག དོན་དམ་པར་ལྷན་ཅིག་སྐྱེས་པའི་བདེ་བ་སྤྲོས་བྲལ་དུ་རོ་གཅིག་པའོ། །འདི་དག་ལ་སློབ་དཔོན་མཚོ་སྐྱེས་ཀྱིས་བཤད་པའི་རྣམ་གྲངས་གསུམ་མཛད་ཀྱང་འདིར་ནི་དེ་ཙམ་དུ་བསྡུས་སོ། །ལེན་པའི་ཐབས་ནི་དང་པོའི་ཚིག་རྐང་གཉིས་པ་ཐ་མའི་ཚིག་རྐང་གཉིས་སྦྱར་ནས་ལེན་པ་ནི་ཛ་མ་ནིའི་སྡེབ་སྦྱོར་ཡིན་ཏེ། དེ་ལྟར་ཚིག་རྐང་གཉིས་གཉིས་པ། ཐ་མ་གཉིས་སྦྱོར་ཛ་མ་ནི་ཅེས་སོ། །དང་པོའི་ཚིག་རྐང་བཞི་ལ། ཐ་མ་ནས་གཉིས་སྦྱར་ནས་ལེན་པ་ནི། ཛ་མ་ནའི་སྡེབ་སྦྱོར་ཡིན་ཧེ། དེ་ལྟར་ཚིག་རྐང་གཉིས་གཉིས་པ། ཐ་མ་ནས་གཉིས་སྦྱར་ནས་ལེན་པ་ནི། དྷུ་ར་ཀ་ཏའི་སྡེབ་སྦྱོར་ཡིན་ཏེ་ཚིག་རྐང་བཞི་ལ་གཉིས་སྦྱར་བ། དྷུ་ར་ཀ་ཏའི་སྡེབ་སྦྱོར་ཏེ། ཅེས་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ནས་སོ། །དེ་ལྟར་ཕྱི་ནང་གི་གླུ་ལེན་པ་ཡང་། དྲན་པའི་རྒྱུན་རྟོག་པ་གཞན་གྱིས་མི་འཕྲོགས་པའི་རྣལ་འབྱོར་པས། ཧེ་རུའི་ཀའི་རྣལ་འབྱོར་གྱི་གཟུགས་ཀྱིས་ལུས་ཀྱི་རྣམ་པ་ཐམས་ཅད་གྱུར་དུ་འགྱུར་ཏེ། ཆགས་བྲལ་ནི་བྱང་ཆུབ་ཀྱི་སེམས་ཉམས་པ་ལ་ཟེར་བས། འདིར་འཛག་པ་མེད་པར་གོམས་པ་ལས་བདེ་བ་ཆེན་པོའི་སེམས་ཀྱི་ཆགས་པའི་སེམས་བསྒོམ་པའོ། །དེ་དུས་ཀྱི་ལྷའི་རྣལ་འབྱོར་ནི། རྡོ་རྗེ་ཆོས་ཞེས་པའི་ཚིགས་བཅད་གཅིག་སྟེ། རྡོ་རྗེ་ཆོས་ནི་གསུང་རྡོ་རྗེ་ལ་སོགས་པའི་སངས་རྒྱས་ལྔའམ། རྣལ་འབྱོར་མ་བདག་མེད་མ་འཁོར་མ་མོ་བརྒྱད་དམ་བཅུ་བཞི་དང་བཅས་པའི་གླུ་དང་གར་འདི་དག་གིས་ལེགས་པར་གླུ་བླང་གར་ཡང་བྱ་ཞེས་སོ། །གླུ་གར་གྱི་ཕན་ཡོན་ནི། འདི་ཉིད་ལ་སོགས་པའི་ཚིག་རྐང་བདུན་ཏེ། གླུ་འདི་ཉིད་ཀྱིས་ཚོགས་བསྲུང་པ་དང་། བདག་ཀྱང་བསྲུང་ཞིང་འཇིག་རྟེན་དབང་དུ་ཡང་བྱེད་དོ། །འདི་ཉིད་ཡིད་སྐྱོབ་པའི་དོན་གྱི་སྔགས་ཀྱི་བཟླས་པ་ཡང་ཡིན་ནོ། །དེ་ལྟ་བུ་ལ་གུས་པས་གླུ་ལེན་པ་དང་གར་བྱེད་པ་ཡང་ཚོགས་ཀྱི་བདག་པོ་སློབ་དཔོན་གྱི་སྔར་བྱས་ནས། དེ་ནས་གཞན་གྱིས་ཀྱང་བྱ་བ་ཡིན་ནོ། །དངོས་གྲུབ་ཀྱི་རྟགས་ནི། དེ་ལ་ཞེས་པའི་ཚིག་རྐང་དགུ་སྟེ། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་སྐབས་སུ་མཁའ་འགྲོ་མ་འདུ་བའི་དྲི་མཚོན་པར་བྱ་སྟེ། ཐོག་མར་འཇིག་རྟེན་གྱིས་མཁའ་འགྲོ་མ་རྣམས་ཀྱི་རྟགས་སུ་སྒོག་པ་དང་བྱ་རྒོད་ཀྱི་དྲིའོ། །ཡེ་ཤེས་པ་ལ་ནི་ག་པུར་དང་ཙན་དན་གྱི་དྲིའོ། །དེ་བཞིན་དུ་ངང་པ་དང་བུང་བའི་སྒྲ་དང་། བ་ལང་ཛི་ནི་ལྕེ་སྤྱང་གི་སྒྲ་ཡང་མཚོན་པ་སྟེ་བྱིན་བརླབ་ཀྱི་རྟགས་སོ། །དེ་ལྟར་གླུ་གར་བསྟན་ནས། ཕྱག་རྒྱའི་དོན་ལ་གསུམ་ལས། ཕྱག་རྒྱའི་དགོས་པ་ནི། ཚིག་རྐང་གཉིས་ཏེ་ཕྱ་རྒྱའི་འདི་དག་ནི་རིགས་སོ་སོ་རྟགས་དང་མཚན་མ་སྟེ་འདིས་ནི་རིགས་མཚོན་པར་བྱའོ། །རྒྱས་མ་བཏབ་པའི་ཉེས་པ་ནི་ཚིག་གཉིས་ཏེ། འདི་ལྟར་རང་གི་རིགས་དང་། ལུས་སེམས་དང་རྒྱུ་འབྲས་ཀྱི་རྒྱས་གདབ་པ་མ་ཡིན་པས་རིཊ་འཚོལ་བ་བསྒོམ་པའི་སྦྱོར་བ་ལས། མཆོག་དང་ཐུན་མོང་གི་དངོས་གྲུབ་མེད་ཅིང་བསྒྲུབ་པ་པོ་མེད་པར་འགྱུར་རོ། །རྒྱས་གདབ་དངོས་ནི། ཞེ་སྡང་ཕྱག་རྒྱ་ལ་སོགས་པའི་ཚིགས་བཅད་བཞི་སྟེ། དེ་ལས་དང་པོ་རང་གི་ངོ་བོ་རྣམ་པར་དག་པའི་རྒྱས་གདབ་ནི། བདག་མེད་པ་ཞེ་སྡང་གིས་ལ་ཞེ་སྡང་གི་དག་པ་མི་བསྐྱོད་པས་རྒྱས་གདབ་བོ། །དེ་བཞིན་དུ་གཏི་མུག་དག་པ་རྣམ་པར་སྣང་མཛད་གྱིས་རྡོ་རྗེ་མ་ལའོ། །སེར་སྣ་དག་པ་རིན་ཆེན་འབྱུང་ལྡན་གྱིས་དཀར་མོ་ལའོ། །འདོད་ཆགས་དག་པ་འོད་དཔག་མེད་ཀྱིས་ཆུ་མ་ལའོ། །ཕྲག་དོག་དག་པ་དོན་ཡོད་གྲུབ་པས་མཁའ་འགྲོ་མ་ལའོ། །དེ་ནས་རྒྱས་གདབ་མ་ལོག་པ་ནི། ཞེ་སྡང་དག་པས་པུ་ཀ་སི་དང་དཀར་མོ་གཉིས་སྐུའི་རང་བཞིན་ལ་ཐུགས་ཀྱི་རྒྱས་གདབ་དང་རི་ཁྲོད་མ་དང་ཆོམ་རྐུན་མ་ཐུགས་ཀྱི་རིགས་ལ་སྐུའི་རྒྱས་གདབ་དང་། གདོལ་པ་མོ་དང་རོ་ལངས་ལ་རྒྱུ་ལ་འབྲས་བུ་རྒྱས་གདབ་དང་། གཡུང་མོ་དང་གྷ་སྨ་རི་ལ་འབྲས་བུ་ལ་རྒྱུ་ཡིས་རྒྱས་གདབ་དང་། དེ་བཞིན་དུ་མཁའ་སྤྱོད་མ་དང་ས་སྤྱོད་མ་ལ་བདེ་བ་ལ་སྟོང་པ་དང་སྟོང་པ་ལ་བདེ་བའི་རྒྱས་གདབ། འོག་ནས་རྒྱས་པར་འཆད་པ་ལྟར་སོ་སོའི་རྒྱས་གདབ་ཏུ་ཤེས་པར་བྱའོ། །ལྷ་མོ་རྣམས་ཀྱི་ས་བོན་ནི། ཨ་ལི་དང་པོ་ཞེས་པའི་ཚིགས་སུ་བཅད་པ་བཞི་སྟེ། དེ་ཡང་ཨ་ཐུང་ངུ་ནི་བདག་མེད་མ། རིང་པོ་ནི་རྡོ་རྗེ་མ། ཨི་ཐུང་ངུ་དཀར་མོ། རིང་པོ་ནི་ཆུའི་རྣལ་འབྱོར་མ། ཨུ་ཐུང་ངུ་ནི་རྡོ་རྗེ་མཁའ་འགྲོ་མ། རིང་པོ་ནི་པུ་ཀ་སི། རི་ཐུང་ངུ་ནི་རི་ཁྲོད་མ། རིང་པོ་ནི་སྨེ་ཤ་ཅན། ལི་ཐུང་ངུ་ནི་གཡུང་མོ། རིང་པོ་ནི་དཀར་མོ། ཨེ་ཐུང་ངུ་ཆོམ་རྐུན་མ། རིང་པོ་རོ་ལངས་མ། ཨོ་ཐུང་ངུ་གྷ་སྨ་རི། རིང་པོ་ས་སྤྱོད་མ། ཨཾ་ནི་མཁའ་སྤྱོད་མ་སྟེ་རྣལ་འབྱོར་མ་རྣམས་ཀྱི་ས་བོན་ནོ། །རྫོགས་པའི་རིམ་པ་རྒྱས་པར་བཤད་པ་ལ་གསུམ། ཡེ་ཤེས་ཀྱི་རྟེན་གྱི་རྣམ་དག དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མི་སྤང་པར་བསྟན་པ། དེ་སྔོན་དུ་བྱེད་པའི་ཐབས་སོ། །དང་པོ་ནི་གཉིས་ལས། རྩ་རྣམས་ལྷ་མོ་བཅྭོ་ལྔར་དག་པ་ནི། རིགས་ཀྱི་ལེའུ་ཞེས་པའི་ཚིག་རྐང་དྲུག་སྟེ། དེ་ཡང་རྩ་རྣམས་ལེའུ་དང་པོར་རྒྱས་པར་བསྟན་པ་བཞིན་དུ། རྩ་གཉིས་གཉིས་རྣལ་འབྱོར་མ་རེ་རེས་བསྡུས་ཏེ། རྩ་གསུམ་པོ་ནི་བདག་མེད་མས་བསྡུས་ལ། ཤན་ཏི་པ་ནི་བདུད་བྲལ་མ་ཡང་མཁའ་སྤྱོད་མས་བསྡུས་པར་བཞེད་དོ། །འདིར་བཅུ་དྲུག་པ་སྤང་པའི་རྒྱུ་མཚན་ནི། གང་ཕྱིར་ཞེས་པའི་ཚིག་རྐང་བདུན་ཏེ། འདིར་གང་ཕྱིར་བཅུ་དྲུག་གི་ཆ་མེད་པས་ཕྱི་རོལ་གྱི་དུས་སྦྱོར་དང་མཐུན་པར་འབད་པས་ཀུན་གྱི་ལྷག་མ་བདུད་བྲལ་མ་སྤང་པའོ། །ཅིའི་སླད་དུ་ཞེ་ན་བདེ་བ་འཕེལ་བའི་དོན་གྱི་བྱ་བ་མི་བྱེད་པའི་ཕྱིར་རོ། །ལྷ་མོ་བཅོ་ལྔ་དག་པའི་རྩ་སུམ་ཅུས་ཐིག་ལེ་འཕེལ་བའི་བྱ་བ་བྱེ་དེ། དབུ་མ་ནི་གང་བའི་ཆའོ། །དེ་ལྟར་བཅྭོ་ལྔའི་ཆའི་བདག་ཉིད་ཀྱི་ཕྱིར་ཟླ་བ་བྱང་ཆུབ་ཀྱི་སེམས་སུ་གྱུར་བའི་བདེ་བ་ཆེན་པོ་ཨ་ལི་དག་པའི་གཟུགས་ཏེ་རྣལ་འབྱོར་མ་རྣམས་ཀྱང་དེའི་ཆའོ། །དེ་ལྟར་ཡང་དུས་ཀྱི་འཁོར་ལོ་ལས། སོར་མོའི་ཚིགས་ནས་གཙུག་གཏོར་བར་དུ་འགྲོ་སྟེ་ཚེས་ཀྱི་དབང་ལས་ཉའི་མཐར་ཡང་རང་གི་སེམས། ཨ་ནི་གཙུག་གཏོར་ནས་ནི་ནག་པོའི་ཕྱོགས་ཀྱི་མཐར་ཡང་འདིར་ནི་སོར་མོ་རྣམས་སུ་འགྲོ་བར་འགྱུར། ཅེས་པའི་འགྲེལ་པ་ནས། འདིར་དཀར་པོའི་ཕྱོགས་རྐང་པ་གཡོན་པའི་མཐེ་བོང་ལ་སོགས་པའི་ཟླ་བའི་ཆ་འཕེལ་ཏེ། ཚེས་དང་པོ་ནི་སོར་མོའི་ཚིགས་དང་པོ་ཉིད་ལའོ། །ཚེས་གཉིས་པ་ནི་ཚིགས་གཉིས་པའོ། །ཚེས་གསུམ་པ་ནི་སོར་ཚིགས་གསུམ་པ་ལའོ། །ཚེས་བཞི་ལ་ལོང་བུར་རོ། །ལྔ་པ་པུས་མོ་རོ། དྲུག་ལ་དཔྱི་མགོའི་ཚིགས་སོ། །བདུན་པ་ལ་ལག་པ་གཡོན་པའི་སེན་མོའི་ཚིགས་སོ། །བརྒྱད་པ་ལ་ཚིགས་བར་པ་ལའོ། །དགུ་པ་ལ་ཚིག་གསུམ་པ་ལའོ། །བཅུ་པ་ལ་འཁྲིག་མའི་ཚིགས་ལའོ། །བཅུ་ཅིག་ལ་གྲུ་མོའི་ཚིགས་ལའོ། །བཅུ་གཉིས་པ་ལ་ཕྲག་པའི་ཚིགས་ལའོ། །བཅུ་གསུམ་པ་ལ་སྙིང་ཀར་རོ། །བཅུ་བཞི་པ་ལ་མགྲིན་པར་རོ། །ཉ་ལ་དཔྲལ་བར་རོ། །ཉའི་མཐར་གཙུག་གཏོར་དུའོ། །ནག་པོའི་ཚེས་ཅིག་ལ་དཔྲལ་བར་རོ། །གཉིས་ལ་མགྲིན་པར་རོ། །གསུམ་ལ་སྙིང་ཀར་རོ། །དེ་བཞིན་དུ་དཔུང་མགོ་དང་། གྲུ་མོ་དང་། འཁྲིག་མ་དང་། ལག་པ་གཡས་པའི་སོར་མོའི་ཚིགས་པ་ལ་གསུམ་དང་། བརླ་དང་། དཔུས་མོ་དང་། ལོང་བུའི་ཚིགས་ལ་གསུམ་དང་། རྐང་པ་གཡས་པའི་སོར་མོའི་ཚིགས་ལ་གསུམ་སྟེ། གནམ་སྟོང་གི་མཐར་བསྡུད་པའི་རིམ་པས་ནག་པོའི་ཕྱོགས་སོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་རྣལ་འབྱོར་མའི་རང་བཞིན་བདུད་བྲལ་མ་ནི་ཐབས་ཀྱི་ཆ་སྟེ་རིམ་པ་འདི་ནི་སྡོམ་འབྱུང་ལ་སོགས་པ་ནས་ཀྱང་གསུངས་སོ། །དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མི་སྤང་བར་བསྟན་པ་གཉིས་ལས། ཞུས་པ་ནི། རྡོ་རྗེ་སྙིང་པོས་ཞེས་པའི་ཚིག་ལྔ་སྟེ། དེ་ལྟ་བུའི་ཁམས་བྱང་ཆུབ་ཀྱི་སེམས་ཅི་ལྟར་བསྒྲུབ་པར་བྱ་བ་རྡོ་རྗེ་སྙིང་པོས་གསོལ་བ། རྣལ་འབྱོར་མ་ཀུན་ལ་དཔའ་བོ་དང་སྦྱོར་བ་ལས་བྱུང་བའི་བདེ་བ་ཡབ་ཡུམ་གཉིས་ལྷན་ཅིག་ཚོགས་པ་ལས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་དགའ་བ་བཞིའི་རང་བཞིན་འཕེལ་འགྲིབ་མེད་པ་བཏུང་བའི་མཆོག་བདུད་རྩི་དང་མཚུངས་པ་ནི། མཐའ་དབུས་མེད་པ་ནམ་མཁའི་མཚན་ཉིད་དང་འདྲ་བར་འདུག་པས་ག་བུར་གྱི་བདག་ཉིད་ཁུ་བ་ཅིའི་ཕྱིར་མི་སྤང་ཞེས་སོ། །ལན་ནི་ཚིག་གཉིས་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འོག་ནས་ཅི་སྐད་དུ་སྨྲ་བ་དེ་བཞིན་དུ་ཉམས་པ་མེད་པར་བྱའོ། །མངོན་དུ་བྱེད་པའི་ཐབས་ལས་ཞུས་ལན་གཉིས་ལས། ཞུས་པ་ནི་རྡོ་རྗེ་སྙིང་པོས་གསོལ་བ། ཐབས་གང་གིས་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལགས་ཞེས་སོ། །ལན་ལ་གསུམ་ལས། མདོར་བསྟན་དང་། རྒྱས་བཤད་དང་། སྡོམ་པའི་དབྱེ་བ་ཤིན་དུ་རྒྱས་བཤད་དོ། །དང་པོ་ནི་བཅོམ་ལྡན་འདས་ཞེས་པའི་ཚིག་རྐང་བདུན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་དཀྱིལ་འཁོར་འཁོར་ལོའི་ཚོགས་བསྒྲུབ་ཀྱི་ཐབས་དང་། བདག་བྱིན་གྱིས་བརླབས་པའི་རིམ་པས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རབ་དུ་བསྐྱེད་དོ། །དེ་གང་ཞེ་ན། ཀུན་རྫོབ་ནི་ཀུན་དྷ་ལྟ་བུ་དང་། དོན་དམ་པ་ནི་བདེ་བ་ཆེན་པོའི་གཟུགས་ཅན་ནོ། །རྒྱས་བཤད་ལ་གཉིས་ཏེ་དཀྱིལ་འཁོར་འཁོར་ལོ་དང་། རང་བྱིན་གྱིས་བརླབ་པའོ། །དང་པོ་ལ་ལྔ་ལས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་གནས་ནི། བུད་མེད་ཞེས་པའི་ཚིག་དྲུག་སྟེ། བྱེ་བྲག་ཏུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་འཕེལ་བའི་ཐབས་ཕྱག་རྒྱའི་ཀོ་ལ་སྟེ་མཁའ་བདེ་བ་ཆེན་པོའི་རང་བཞིན་གྱི་ཨེ་བྂ་རྣམ་པར་སྦྱོར་བ་རང་བཞིན་གྱི་བདེ་བ་འཛག་པ་མེད་པར་བསྲུངས་པ་ཉིད་ཀྱི་ཕྱིར་བདེ་བ་ཅན་ཞེས་རབ་ཏུ་བསྒྲགས་པ་མཆོག་ཏུ་མ་འགྱུར་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་པ་རྣམས་ཀྱི་གནས་སུ་བརྗོད་དོ། །བདེན་པ་གཉིས་ཀྱི་རྣམ་བཞག་ནི། དེ་ཉིད་འཁོར་བ་ཞེས་པའི་ཚིགས་སུ་བཅད་པ་ཕྱེད་དང་བཞི་སྟེ། དེ་ལྟར་བདེ་བས་མཚོན་ནས་འཁྲུལ་པ་བརྒྱུད་པ་རང་ངོ་མ་ཤེས་པས་དེ་ཉིད་འཁོར་བ་ཞེས་བྱ་སྟེ། འཁྲུལ་པ་དང་གཟུང་འཛིན་གྱི་རང་ངོ་ཤེས་པ་དེ་ཉིད་མྱ་ངན་ལས་འདས་པ་ཉིད་ཅེས་བྱའོ། །འོ་ན་འཁོར་བའི་རང་བཞིན་གཟུང་འཛིན་སྤངས་པས་མྱ་ངན་ལས་འདས་པ་ཐོབ་བམ་ཞེ་ན། འཁོར་བ་སྤངས་ནས་གཞན་དུ་ནི། མྱ་ངན་ལས་འདས་པ་རྟོགས་མི་འགྱུར་ཅེས་པས། འཁོར་བའི་རང་བཞིན་རྟོགས་པ་ཉིད་མྱ་ང ན་ལས་འདས་པའོ། །འཁོར་བའི་རང་བཞིན་དེ་གང་ཞེ་ན་དབང་པོ་དང་ཡུལ་ལ་བརྟེན་ནས་སྐྱེས་པའི་རྣམ་པར་ཤེས་པས་སོ་སོའི་ཡུལ་ལ་གཟུང་བ་དང་འཛིན་པ་ཞུགས་པས་འཁོར་བ་ཡིན་ཏེ་འཁོར་བ་གཟུགས་དང་སྒྲ་ལ་སོགས་པའོ། །དེ་བཞིན་དུ་འཁོར་བ་ཚོར་བ་ལ་སོགས་བའི་ཕུང་པོར་འཛིན་པ་ཡང་ཡིན་ནོ། །དེ་བཞིན་དུ་དབང་པོ་རྣམས་ཀྱི་གཟུང་འཛིན་ཀྱང་འཁོར་བ་ཉིད་ཡིན་ལ། དེས་བསྐྱེད་པའི་ཞེ་སྡང་ལ་སོགས་བ་རྩ་བའི་ཉོན་མོངས་པ་རྣམས་ཀྱང་བདག་དང་བདག་གི་བ་གཟུང་བ་དང་འཛིན་པའི་རྣམ་པར་ཤར་བ་ཐམས་ཅད་འཁོར་བ་ཉིད་དོ། །འོ་ན་སྔར་བཤད་པའི་ཆོས་དེ་དག་ཐམས་ཅད་འཁོར་བ་ཡིན་གྱིས་མྱ་ངན་ལས་འདས་པའི་ཆ་གཏན་ནས་མེད་དམ་ཞེ་ན་དེ་དག་གི་ཆོས་ཉིད་རྟོགས་པ་ཁོ་ན་མྱ་ངན་ལས་འདས་པ་ཡིན་ཏེ་འདི་རྣམས་ཆོས་ནི་མྱ་ངན་འདས་ཅེས་སོ། །བདག་དང་བདག་གི་བ་དང་གཟུང་འཛིན་གྱིས་རྨོངས་པའི་ཕྱིར་འཁོར་བའི་གཟུགས་ཅན་ཏེ། རྨོངས་པ་དེ་དག་དང་བྲལ་བས་འཁོར་བ་དག་པ་ནི། འཁོར་བའི་རང་བཞིན་མྱ་ངན་ལས་འདས་པར་འགྱུར་པའོ། །དེ་ལྟར་ཡང་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པས་རྣམ་འགྲེལ་ལས། །བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཀུན་འབྲེལ་བས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་མྱ་ངན་ལས་འདས་པ་དེ་རྟོགས་པར་བྱེད་པ་ལ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ངོ་བོ་ཉིད་ལ་རྟེན་ནས་ཡེ་ཤེས་དེ་མངོན་དུ་བྱེད་པར་འགྱུར་རོ། །རྟེན་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་ནི། ཤིན་དུ་བཞིན་བཟངས་ཞེས་པའི་ཚིག་རྐང་དྲུག་སྟེ། འདིར་པད་མ་ཅན་ལ་སོགས་པ་ཤིན་དུ་བཞིན་བཟང་ཞིང་ཡོན་ཏན་གྱི་མིག་ཡངས་པ། གཟུགས་དང་ལང་ཚོས་བརྒྱན་པ། མདོག་སྔོ་བསངས་ལ་ཞི་རིགས་ལྔའི་ནང་ནས་བཟང་པ་རྡོ་རྗེའི་རིགས་ཁམས་དཀར་དམར་འབྱུང་བའི་གནས་རང་གིས་དབང་བསྐུར་བ་སྙིང་རྗེ་ཅན་སྐྲ་བཟང་བ་ལག་པའི་ཆད་ཅན་སྒྲུབ་པ་པོ་ལ་དགའ་བ་ནི་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་དོ། །དེ་ཉིད་བསྟེན་པའི་ཐབས་ནི། དེར་ནི་ཞེས་པའི་ཚིག་དྲུག་སྟེ་ཐོག་མར་བྱང་ཆུབ་ཀྱི་སེམས་བསྒྲུབ་པའི་ཕྱིར། མ་ད་ན་དང་བ་ལ་ལ་སོགས་པ་བཟའ་ཞིང་བཏུང་བ་དང་། རང་གཞན་གྱི་དོན་བསྒྲུབ་པའི་ཕྱིར། ལེའུ་བཅུ་ཅིག་པ་ནས་གསུངས་པ་ལྟར་ཕྱག་རྒྱའི་རྗེས་སུ་ཆགས་པས་སྙོམས་པར་འཇུག་པ་བྱེད་པའི་བརཏལ་ཤུགས་ཅན་བྱང་ཆུབ་ཀྱི་སེམས་སྦྱོང་བའོ། །བྱང་ཆུབ་ཀྱི་སེམས་མི་ཉམས་པར་བྱ་བ་འཐད་པ་དང་བཅས་པ་ནི། དེར་ནི་ཞེས་པའི་ཚིག་བཅད་གཉིས་ཏེ། དེ་ལྟར་ཐབས་ཤེས་རབ་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ག་བུར་མཁས་པས་མི་སྤང་སྟེ་བརྟན་པར་བྱའོ། །འོ་ན་ཅི་ལྟར་བྱ་ཞེ་ན། ལག་གིས་དང་དུང་ཆོས་དང་ཉ་ཕྱིས་ལྟ་བུས་བླང་པ་ནི་མ་ཡིན་ཏེ་ངེས་པར་བློ་སྟེ་ཏིང་ངེ་འཛིན་དང་། རླུང་གི་སྟོབས་ཀྱིས་བླང་ངོ་། །དེ་ལྟར་མི་ནུས་པ་རྣམས་ཀྱིས་ཀྱང་གུས་པའི་ཕྱིར་འཆི་བ་མེད་པའི་བཅུད་ལེན་གྱི་དོན་དུ་ལྕེ་ཡིས་བླང་བའོ། །དེ་ཡང་ག་བུར་ནི་བདག་མེད་མའི་རང་བཞིན་བདེ་བའི་ཚུལ་ཡིན་ནོ། །འདི་དག་ནི་དཀྱིལ་འཁོར་ཚོགས་ཀྱི་བསྒྲུབ་པ་གཞན་ལུས་ལ་བརྟེན་པའོ། །རང་བྱིན་གྱིས་བརླབ་པའི་རིམ་པ་ལ་ལྔ་ལས། དོན་དམ་བྱང་ཆུབ་སེམས་ཀྱི་གནས་ནི། ཚིག་གཉིས་ཏེ། དེ་ལྟ་བུའི་བདེ་བ་རྒྱས་གདབ་ཀྱི་དབང་དུ་བྱས་ན་ཕྱག་རྒྱ་ཆེན་པོ། དེའི་རྟེན་ནི་རང་གི་ལྟེ་བའི་དཀྱིལ་འཁོར་ན་གནས་པའོ། །ནང་གི་ཕྱག་རྒྱའི་མཚན་ཉིད་ནི། དང་པོ་ཞེས་པའི་ཚིགས་བཅད་གཉིས་ཏེ། ལྟེ་བར་གནས་པ་དེ་གང་ཞེ་ན། དང་པོའི་དབྱངས་ཡིག་ཨ་ཐུང་གི་རང་བཞིན་ཏེ་དེ་ཉིད་ཤེས་རབ་མ་ཞེས་སངས་རྒྱས་རྣམས་ཀྱིས་བཏགས་སོ། །རང་ལུས་ཐབས་ལྡན་གྱི་རྫོགས་རིམས་ལ་དེ་ཉིད་རྣམ་པར་རྟོག་པ་འཇོམས་ཤིང་བདེ་སྟོང་གི་རྟོགས་པ་དང་ལྡན་པར་བྱེད་པའི་ཤེས་རབ་མ་སྟེ་དེ་ནི་ཨ་རིང་པོ་མ་ཡིན་ལ་ཐུང་བ་མ་ཡིན་ཏེ་ཐམས་ཅད་ལ་ཁྱབ་པ་གྲུ་བཞི་དང་ཟླུམ་པོ་མ་ཡིན་ཏེ་ཟུར་གསུམ། དྲི་རོ་ལ་སོགས་པའི་མྱ་ངན་གཅོད་པར་བྱེད་པའི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་པ་ཅན་ཡིན་ནོ། །དེའི་བདེ་བ་ལོངས་སྤྱད་པ་ནི་ཚིག་གཉིས་ཏེ། ཨ་ཐུང་ངུ་དེ་ལས་སྐྱེས་པའི་རྣལ་འབྱོར་པ་དེའི་བདེ་བ་བཟའ་བས་ཏེ་བསྒོམ་པར་བྱ་བ་འགྱུར་རོ། །དེ་ཉིད་ཀྱི་ཡུལ་དྲུག་ལས་རྒྱས་གདབ་པ་ནི། དེ་དང་ཞེས་པའི་ཚིག་རྐང་དྲུག་སྟེ། དེ་ལྟར་ནང་གི་ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་དམ་ཚིག་ཆེན་པོ་དེ་ཉིད་བདེ་བ་སྦྱིན་ཅིང་དངོས་གྲུབ་དུ་འགྱུར་པའི་ཕྱིར། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་ཁམས་རྣམས་ཤེས་རབ་དེ་ཉིད་ཀྱིས་རྒྱས་གདབ་ཅིང་སྤྱད་པར་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའོ། །མདོར་བསྟན་རྒྱས་བཤད་ཀྱིས་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། དེ་ཉིད་ཞེས་པའི་ཚིགས་སུ་བཅད་པ་གསུམ་སྟེ། དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས་ཅན་བདེ་ཆེན་བཟང་པོ་ཐབས་ཤེས་རབ་གཉིས་མེད་ཀྱི་རྣལ་འབྱོར་དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་དང་ཡེ་ཤེས་ལྔའི་ངོ་བོ་ཡང་ཡིན་ནོ། །དེ་ཉིད་ལས་ལྡོག་པས་བྱེ་བྲག་དུ་བཤད་ན། ཤེས་བྱའི་དཀྱིལ་འཁོར་མ་ལུས་པའི་གཟུགས་བརྙན་ཤར་ཅིང་མཁྱེན་པས་ན་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མ་འདྲེས་ཤིང་ཅི་ལྟ་བའི་འདུག་ཚུལ་སོ་སོར་རྟོགས་པས་ན་སོ་སོར་རྟོགས་པའི་ཡེ་ཤེས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ལ་འབད་རྩོལ་མེད་ཀྱང་ནན་ཏན་ཆེ་བ་ལྟར་མཛད་པས་བྱ་བ་ནན་ཏན་གྱི་ཡེ་ཤེས། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་གློ་བུར་གྱི་དྲི་མས་ཀྱང་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཡེ་ཤེས་དེ་ཉིད་དཀྱིལ་འཁོར་གྱི་བདག་པོ་ཡིན་པས་དགྱེས་པའི་རྡོ་རྗེ་ཡང་ཡིན་ལ། གང་ཟག་དང་ཆོས་ལ་སོགས་པའི་བདག་མེད་པར་རྟོགས་པས་བདག་མེད་རྣལ་འབྱོར་མའང་ཡིན་ནོ། །ཡེ་ཤེས་དེས་ཀུན་ལ་ཁྱབ་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །དེ་དག་ནི་འབྲས་བུ་སྐྱེ་བའི་རིམ་པ་དང་སྦྱར་བའོ། །དེ་ལྟར་རང་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ནས། གསུམ་པ་སྡོམ་པའི་དབྱེ་བས་ཤིན་ཏུ་རྒྱས་བཤད་ལ་ཞུས་ལན་གཉིས་ལས་ཞུས་པ་ནི། རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པའི་ཚིགས་བཅད་གཅིག་སྟེ། རྩ་འཁོར་ལོ་ལ་བརྟེན་ཏེ་བསྒོམ་པའི་ལམ་དང་། བསྐྱེད་པའི་རིམ་པའི་ལྷ་རྣམས་ཅི་ལྟར་འབྱུང་བའི་ཚུལ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་སྔར་གསུངས་ན། ལེའུ་དང་པོར་སྡོམ་པའི་དབྱེ་བ་གསུངས་པ་དེའི་རྒྱས་པར་བཤད་པ་དེ་བདག་ལ་བཤད་དུ་གསོལ་ཞེས་སོ། །ལན་ལ་བཞི་མདོར་བསྟན་པ་དང་། ནང་གི་སྙོམས་འཇུག་དང་། འཁོར་ལོ་བཞི་ལ་ཆོས་ཐམས་ཅད་བཞག་པ་དང་། སེམས་ཅན་སངས་རྒྱས་སུ་བསྟན་པའོ། །དང་པོ་ནི་ཚིག་ལྔ་སྟེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རྣལ་འབྱོར་མའི་ལུས་ཀྱི་དབུས་སུ་གནས་པ་ཨ་ལི་རྣམ་པར་དག་པའི་རིམ་པ་ནང་དུ་བཤད་ལ། ཅི་ལྟར་ཕྱི་རོལ་དུ་ཉན་ཐོས་རྩ་བའི་སྡེ་པས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་སྡོམ་པ་བཞིན་དུ་ནང་དུ་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་དོན་བདེ་བ་ཆེན་པོར་རབ་ཏུ་སྡོམ་པ་དེ་ཉིད་བཤད་པར་བྱའོ། །གཉིས་པ་ནང་གི་སྙོམས་འཇུག་ནི། བྷོ་ལ་ཞེས་པའི་ཚིགས་བཅད་ཅིག་སྟེ། བྷོ་ལ་ཞེས་པ་རྡོ་རྗེའོ། །ཤེས་རབ་དང་བྲལ་ཡང་རྡོ་རྗེ་ལས་སྐྱེས་པའི་བདེ་བ་ནི་ཕྱག་རྒྱའོ། །མིག་ལ་གཏི་མུག་རྡོ་རྗེ་སྟེ་ཞེས་བྱ་བ་ལ་སོགས་པས་སྐྱེ་མཆེད་དང་མཁའ་གསང་བྱིན་གྱིས་བརླབ་ཅིང་རང་ལུས་དགྱེས་པའི་རྡོ་རྗེ་ཡབ་ཡུམ་བསྒོམས་ཏེ་རྡོ་རྗེ་སྐྱེ་མཆེད་ཐམས་ཅད་ཉིད་ཅེས་སོ། །དེ་ལྟ་བུའི་དབབ་བཟློག་འདིས་ནི་གསང་བའི་སྙོམས་པར་འཇུག་པས། ཕྱི་རོལ་གཉིས་གཉིས་བསྟན་པ་མེད་ཅེས་སོ། །སྡོམ་པའི་དབྱེ་བ་འདི་ཡང་ཁོང་སྡོམ་གསུམ་ལས། ལམ་གྱིས་རིམ་པའོ། །འཁོར་ལོ་བཞི་ལ་ཆོས་ཐམས་ཅད་བཞག་པ་ལ་གསུམ། འཁོར་ལོ་གསུམ་དང་སྐུ་གསུམ་སྦྱར་བ། འབྲས་བུ་བཞིར་བཞག་པ་སྡེ་བ་བཞིར་གཞག་པའོ། །དང་པོ་ལ་གསུམ་ལས། མདོར་བསྟན་ནི། སྐུ་གསུམ་ཞེས་པའི་ཚིགས་བཅད་ཅིག་སྟེ། སྐུ་གསུམ་དུ་བརྗོད་པ་དེ་ཡང་རྣལ་འབྱོར་ཅན་གྱི་ལུས་གྱི་ནང་དུ་འཁོར་ལོའི་གཟུགས་ཀྱིས་བརྗོད་པར་བྱ་སྟེ། སྐུ་གསུམ་པོ་ཡོངས་སུ་ཤེས་པར་བྱེད་པ་བདེ་བ་ཆེན་པོའི་འཁོར་ལོ་ཡིན་པས་རྣམ་པ་བཞིར་བརྗོད་དོ། །རྒྱས་བཤད་ནི་ཆོས་དང་ཞེས་པའི་ཚིགས་བཅད་གཅིག་སྟེ། གོང་གི་འཁོར་ལོའི་གཟུགས་དེ་རང་གང་ཞེ་ན། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་དེ་བཞིན་དུ་བདེ་བ་ཆེན་པོ་ཉིད་དེ། ལུས་ཀྱི་འཁོར་ལོ་བཞི་ལ་སྐུ་གསུམ་པོའི་རང་བཞིན་དུ་གནས་སོ། །ཤིན་དུ་རྒྱས་བཤད་ནི། མ་ལུས་པ་ཞེས་པའི་ཚིགས་བཅད་གསུམ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྐྱེ་བའི་གནས་ཞེས་བྱ་བ་ནི། གང་གི་ཕྱིར་ལུས་བསྐྱེད་པ་དང་སྤྲུལ་པའི་རྟེན་བྱེད་པའི་ཕྱིར་གནས་བརྟན་པའི་སྡེ་པ་ཞེས་སྤྲུལ་པའི་སྐུ་དང་སྤྲུལ་པའི་འཁོར་ལོར་བརྗོད་དོ། །སེམས་ནི་ཆོས་ཀྱི་རང་བཞིན་ཡིན་ནོ། །དེ་ཡང་ཆོས་ཀྱི་སྐུ་དང་ཆོས་ཀྱི་འཁོར་ལོ་སྙིང་ཀར་འགྱུར་རོ། །རོ་དྲུག་པོ་རྣམས་ཀྱི་བཟའ་བ་ལ་ལོངས་སྤྱོད་པའི་ཕྱིར་མགྲིན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་ལོངས་སྤྱོད་ཀྱི་འཁོར་ལོར་བརྗོད་དོ། །སྤྱི་བོ་ན་བདེ་བ་ཆེན་པོའི་རྟེན་བྱང་ཆུབ་ཀྱི་སེམས་ཕལ་ཆེར་གནས་པས་བདེ་བ་ཆེན་པོའི་སྐུ་དང་འཁོར་ལོ་ཞེས་བརྗོད་དོ། །དེ་ལྟར་སྐུ་གསུམ་པོ་བཤད་ནས། འབྲས་བུ་བཞིར་བཤད་པ་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི་ཨེ་བྂ་ཞེས་པའི་ཚིག་རྐང་དྲུག་སྟེ། སྐད་ཅིག་མ་བཞིའི་སྐབས་སུ་བཤད་པ་ལྟར་ཨེ་བྂ་ལ་བརྟེན་ནས་ཕྱི་རུ་ཆོས་ཐམས་ཅད་དང་ནང་དུ་དགའ་བའི་གོ་རིམ་ལས་འཁོར་ལོ་བཞི་ལ་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་སྐྱེས་བུ་བྱེད་པའི་འབྲས་བུ་དང་། དྲི་མ་མེད་པའི་འབྲས་བུ་རྣམ་པ་བཞིར་འགྱུར་རོ། །དེ་ཉིད་རྒྱས་བཤད་ནི་ལས་ཀྱི་ཞེས་པའི་ཚིགས་སུ་བཅད་པ་གཉིས་ཏེ། ལས་ཀྱི་རླུང་གིས་བསྐུལ་ནས་ཕྱི་ནང་གི་ཕྱག་རྒྱ་ཤེས་རབ་མ་ལ་སྦྱོར་བས། ཅི་ལྟར་བྱས་པ་དེ་ཉིད་ཀྱི་དགའ་བ་ལ་སྤྱོད་པའི་རྒྱུར་གྱུར་པས་རྒྱུ་མཐུན་པའི་འབྲས་བུ་ཞེས་རབ་ཏུ་བསྒྲགས་སོ། །ལས་ཀྱི་རྩོལ་བ་ཆུང་ཞིང་འབྲས་བུ་བདེ་བའི་ཆར་སྨིན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་སྙིང་ཁར་བརྟན་པ་ལས་རྣམ་པར་སྨིན་པ་སྟེ་འདི་ནི་གྱེན་དུ་བཟློག་པའི་ཚུལ་ཡིན་ནོ། །དེ་ལྟར་སྐྱེས་བུའི་རྩོལ་བ་ལ་བརྟེན་ནས་མགྲིན་པར་སྒྱུ་མ་ལྟ་བུར་རྟོགས་པའི་དབང་གིས་སྐྱེས་བུ་བྱེད་པའི་འབྲས་བུར་འགྱུར་རོ། །སྤྱི་བོར་དག་ཅིང་དྲི་མ་མེད་པའི་སེམས་བརྟན་པས་རྣལ་འབྱོར་དག་པ་ནི་དྲི་མ་མེད་པའི་འབྲས་བུའོ། །སྡེ་པ་བཞིར་བཞག་པ་ནི། གང་ཕྱིར་ཞེས་པའི་ཚིགས་བཅད་གཉིས་ཏེ། འཁོར་ལོ་བཞི་ལ་སྡེ་པ་བཞིར་བརྗོད་པའི་རྒྱུ་མཚན་ནི། གང་གི་ཕྱིར་ལྟེ་བ་ནས་ལུས་སྤྲུལ་ཞིང་བརྟན་པའི་ཕྱིར་སྤྲུལ་པའི་འཁོར་ལོ་ལ་གནས་བརྟན་པའི་སྡེ་པར་བརྗོད་དོ། །ཆོས་སྨྲ་བ་འབྱུང་བའི་རྟེན་སེམས་ཀྱི་རྒྱལ་པོ་སྙིང་ཀར་གནས་པས་ཆོས་ཀྱི་འཁོར་ལོ་ཐམས་ཅད་ཡོད་སྨྲའོ། །མགྲིན་པ་ནི་རོ་དྲུག་རྣམས་ཀྱི་བཀུར་བའི་ཕྱིར་ལོངས་སྤྱོད་ཀྱི་འཁོར་ལོ་ནི་མང་པོས་བཀུར་བ་ཉིད་དོ། །བདེ་བ་ཆེན་པོའི་རྟེན་ཕལ་ཆེར་མགོ་བོར་གནས་པས་བདེ་བ་ཆེན་པོའི་འཁོར་ལོ་ནི་དགེ་འདུན་ཕལ་ཆེན་ནོ། །འདི་དག་ལ་སྡེ་པར་བཞག་པའི་དོན་ནི་རྩ་རླུང་བྱང་ཆུབ་ཀྱི་སེམས་དུ་མ་འདུས་ཤིང་བདེ་བའི་རྟེན་སྡོམ་པའོ། །དེ་ལྟར་འཁོར་ལོ་བཞི་ལ་ཆོས་ཐམས་ཅད་བཞག་པ་བཤད་ནས། སེམས་ཅན་སངས་རྒྱས་སུ་བསྟན་པ་ལ་ལྔ་ལས། དང་པོ་ཆོས་མཐུན་སྦྱར་བ་ནི། སྡེ་པ་ཞེས་པའི་ཚིགས་བཅད་བཞི་སྟེ། འདི་དག་ནི་གཞིའི་གནས་ལུགས་སྐྱེ་བ་སྤྲུལ་པའི་སྐུ་བསྟན་པ་སྟེ། དེ་ཡང་སྡེ་པ་ལུས་སུ་བརྗོད་པའི་རིམ་པས་ལྟོ་བ་ནི་གནས། སྐྱེ་གནས་ནི་འདོད་ཆགས་དང་བྲལ་བའི་ཚུལ་ཅན། མངལ་གྱི་ཁྲུ་མ་ནི་ཆོས་གོས། མ་ནི་མཁན་པོ་མགོ་བོར་ཐལ་མོ་སྦྱར་བ་ནི་ཕྱག འགྲོ་བའི་བྱ་བ་ཤེས་པ་ནི་ཁྲིམས་སྔགས་ཀྱི་བཟླས་པ་ནི་ཨ་དང་ཧྂ། དེ་ཡང་སྐྱེ་གནས་ལྟེ་བའི་འཁོར་ལོ་ལ་ཨ། བདེ་བ་ཆེན་པོའི་རྣམ་པ་ཧ། གཅེར་བུ་སྐྲ་དང་ཁ་སྤུ་བྲེགས་པ། སྔགས་ཀྱི་དོན་དུ་སྐྱེས་པའི་དགེ་སློང་སྟེ། འདི་དག་མ་རིག་པའི་རྐྱེན་གྱིས་སེམས་ཅན་རྣམས་ཀྱང་རྟོགས་ན་གཉིས་པ་དེ་ལས་ལྷ་མོ་ངོ་མཚར་ནས་བརྒྱལ་བ་ནི། དེ་ནས་ཞེས་པ་ནས་འདར་བར་གྱུར་ཏོའི་བར་ཏེ། དེ་ན་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པའི་ལྷ་མོ་རྣམས་སྔོན་བྱུང་གི་དུས་གཞུང་ནས་བཤད་པ་བཞིན་དུ་ཡིན་ལ། འདིར་ནང་གི་དོན་དུ་ནི། ཕ་མ་གཉིས་ཀྱི་རེག་པ་སྲ་བ་ཉམས་སུ་མྱོང་བ་ནི་སྤྱན་མ་སྟེ་ས། བྱང་སེམས་གཤེར་བ་ནི་མ་མ་ཀི་ཆུ། དྲོད་ནི་གོས་དཀར་མོ་མེ། གཡོ་བ་སྒྲོལ་མ་སྟེ་རླུང་། དེས་མཚོན་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་མོ་རྣམས་ཀྱང་ཐིག་ལེའི་རྣམ་པར་ཞུ་བས་ཐོས་པ་ནི་བདེ་བ་མྱོང་ནས་མཆོག་ཏུ་ངོ་མཚར་དུ་གྱུར་ཞིང་། བྱང་ཆུབ་ཀྱི་སེམས་གཡོ་བ་ནི་འདར་བ་དང་། ཁམས་ལྷུང་པ་ནི་ས་ལ་འགྱེལ་བ་དང་། རྟོག་མེད་མྱོང་བས་ན་བརྒྱལ་བ་དང་། མ་གས་བལ་དུ་གྱུར་པ་ནི་སྐྲག་པ་ཞེས་བརྗོད་དོ། །གསུམ་པ་བརྒྱལ་བ། བསླར་ནས་ཉོན་ཅིག་བར་བསྐུལ་བ་ནི། ཡང་རྡོ་རྗེ་ཅན་ཞེས་པ་ནས། སྲོག་རྙེད་པར་གྱུར་ཏོ་ཞེས་པའི་བར་ཏེ། སྔོན་བྱུང་གི་དུས་མི་བཞིན་ཡིན་ལ་ནང་དོན་དུ་ནི་འབྱུང་བ་བཞིའི་ལྷ་མོ་དེ་རྣམས་འཁོར་ལོ་བཞི་ལ་སླར་གསོ་བའི་ཕྱིར་བསྟོད་པ་ནི། ས་དང་ཆུ་རླུང་བྱིན་བའི། ལྷ་མོ་སྣོད་ཅན་ནི་ཡོན་ཏན་སྐྱེ་བའི་རྟེན་སུ་ཡིས་ཀྱང་མི་ཤེས་པ་ནི་གྱེན་དུ་བརྟན་པར་བྱེད་པ་དེ་ཉིད་ཀྱི་རིམ་པས་སྤྲོས་པ་ལས་བཅོམ་ལྡན་འདས་ཀྱི་གསུང་རྨི་ལམ་ལྟ་བུ་ཐོས་ཏེ་སྲོག་རྙེད་པ་ནི་ཤིན་དུ་བརྟན་པའི་ཚིག་གོ །བཞི་པ་རང་བཞིན་དག་པ་ལ་གནས་སྐབས་མ་དག་པ་མི་འགལ་བར་བསྟན་པ་ནི། བཅོམ་ལྡན་འདས་ཞེས་པའི་ཚིག་བདུན་ཏེ། དེ་ཡང་སེམས་ཅན་རྣམས་ནི་སངས་རྒྱས་ཀྱི་སྙིང་པོ་ཅན་ཉིད་དེ། འོན་ཀྱང་དྲི་མ་གློ་བུར་བས་བསྒྲིབས་སོ། །དེ་ཡང་ནཱ་རོ་པའི་ཞལ་ནས། འོན་ཀྱང་སེམས་དེ་གློ་བུར་གྱི། །རྣམ་རྟོག་དྲི་མས་ཉོན་མོངས་ཏེ། །ཆུ་དང་གསེར་དང་ནམ་མཁའ་ལྟར། །གནས་སྐབས་དག་དང་མ་དག་གཉིས། །ཞེས་གསུངས་སོ། །འདིར་ནང་གི་དོན་དུ་ནི། ཁམས་འཛག་པ་ལས་དུག་གསུམ་གྱི་སེམས་སྐྱེ་བས། དེ་ཉིད་ཀྱི་དྲི་མ་དེ་འགགས་ཤིང་གསལ་ནས་སངས་རྒྱས་སུ་འགྱུར་རོ། །དེ་ཡང་ལྷ་མོས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ཏེ་བདེན་པ་མ་མཆིས་ཤིང་བརྫུན་པ་མ་མཆིས་སོ་ཞེས་པ་ནི་མཐུན་འགྱུར་གྱི་ཚིག་གོ །ལྔ་པ་འཆིང་གྲོལ་གྱི་ཁྱད་པར་ལ་གཉིས་ཏེ། མདོར་བསྟན་དང་། རྒྱས་བཤད་དོ། །དང་པོ་ནི། བཅོམ་ལྡན་འདས་ཞེས་པའི་ཚིག་དགུ་སྟེ། དེ་ལྟ་བུའི་འཐད་པའི་དཔེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུག་སྔགས་ཤེས་ན་དུག་གི་ནད་ཞི་བར་འགྱུར་ལ་མི་ཤེས་ན་འཆི་བ་ལྟར། ཆགས་པ་ལ་སོགས་པའི་རང་བཞིན་མ་ཤེས་པས་བརྒྱལ་བར་གྱུར་ལ། རྨོངས་པ་དེ་བཅད་ནས་བདེ་བ་ཆེན་པོའི་ཐབས་ཤེས་ཤིང་། ཀྱེའི་རྡོ་རྗེ་སྟོང་པ་དང་སྙིང་རྗེ་ཟུང་འཇུག་དུ་ངལ་བསོ་ན་མ་རིག་པས་མི་བསྒྲིབ་ཅིང་གཏི་མུག་ལ་སོགས་པའི་ཉོན་མོངས་པས་འཆིང་བར་མི་འགྱུར་རོ། །དེ་ཉིད་རྒྱས་པར་བཤད་པ་ལ་ལྔ་ལས། སེམས་ཀྱི་རང་བཞིན་སངས་རྒྱས་སུ་བསྟན་པ་ནི། རང་དང་ཞེས་པའི་ཚིགས་བཅད་གཉིས་སྟེ། དེ་ལ་རང་རང་གི་སྒྲིབ་བྱེད་རྟོགས་ན་རྣམ་པར་དག་པའི་སངས་རྒྱས་མ་ཡིན་པའི་སེམས་ཅན་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། དམྱལ་བ་ལ་སོགས་པའི་རིགས་དྲུག་རྣམས་དང་། ཕྲ་བ་གཤང་བའི་སྲིན་བུ་དང་། ཆེ་བ་ལྷ་དང་ལྷ་མ་ཡིན་གྱིས་ཀྱང་བདེ་བ་ཆེན་པོ་མི་ཤེས་པའི་ཕྱིར་འཁོར་ལ། ཤེས་ན་ནི་རྟག་ཏུ་རང་བཞིན་གྱིས་དག་པའི་བདེ་བ་ཅན་ཡིན་ནོ། །སེམས་ལས་སངས་རྒྱས། ཕྱི་རོལ་ན་མེད་པའི་ཚུལ་ནི། འཇིག་རྟེན་ཞེས་པའི་ཚིགས་བཅད་གཅིག་སྟེ། འདི་ལྟར་ནང་དུ་སངས་རྒྱས་མ་རྟོགས་ན་འཇིག་རྟེན་གྱི་ཁམས་གང་དུ་བཙལ་ཡང་ལྷན་ཅིག་སྐྱེས་པའི་སངས་རྒྱས་ནི་རྙེད་པར་མི་འགྱུར་ཏེ། རང་གི་སེམས་རྟོགས་ན་རྫོགས་པའི་སངས་རྒྱས་ཉིད་ཡིན་པའི་ཕྱིར། དེ་རྟོགས་ན་སངས་རྒྱས་དེ་ལས་ལྷག་པ་བསྟན་དུ་མེད་དོ། །དེ་ཡང་སེམས་ནི་ཡེ་ཤེས་ཡིན་རྟོགས་ན། སངས་རྒྱས་གཞན་དུ་མི་བཙལ་ཞེས་གསུངས་སོ། །གྲོལ་བྱེད་ལམ་ཤེས་པའི་ཕན་ཡོན་ནི། གདོལ་པ་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ལྟར་རང་གི་སེམས་ཉིད་རྟོགས་ན། གདོལ་པ་དང་བསྨྱིག་མ་མཁན་ལ་སོགས་པ་རྣམས་ཀྱང་དགྱེས་པའི་རྡོ་རྗེའི་ལམ་འདི་ཉིད་ཀྱི་གོ་འཕང་མྱུར་དུ་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །མི་ཤེས་པའི་ཉེས་དམིགས་ནི། བྱིས་པ་ཞེས་པ་ཚིགས་བཅད་གཅིག་སྟེ། རག་གི་སེམས་སངས་རྒྱས་སུ་མ་རྟོགས་པའི་བྱིས་པ་མི་ཤེས་པའི་སྒྲིབ་པ་ཅན་སེམས་ཀྱི་གནས་ལུགས་མ་རྟོགས་པས་འགྲོ་བ་དྲུག་གི་སྲིད་པའི་མཐར་ཀུན་དུ་རྨོངས་ཤིང་འཁོར་བར་འགྱུར་རོ། །ལམ་གྱི་རང་བཞིན་འབྲས་བུ་བསྟན་པ་ནི་རྡོ་རྗེ་སྙིང་པོ་ཞེས་པའི་ཚིགས་བཅད་གཅིག་སྟེ། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ཞེས་བོས་ནས། ཀྱེའི་རྡོ་རྗེ་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པའི་བསྐྱེད་རྫོགས་ཀྱི་ཐབས་རྙེད་ནས་ཡུལ་ལ་སོགས་པ་རྣམ་པར་སྦྱོང་སྟེ་མངོན་དུ་བྱས་པ་དེས་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་ལྟར་དེ་དག་ཐམས་ཅད་ཀྱིས་རྫོགས་པའི་རིམ་པ་རྒྱས་པར་བཤད་པ་སྟེ་འདི་རྣམས་གཞི་ལམ་འབྲས་བུ་གསུམ་དུ་ཕྱེ་སྟེ་བཤད་ན་དུ་མར་འགྱུར་མོད་ཀྱི། ཕལ་ཆེར་ལེའུ་དང་པོར་བསྟན་པས་འདིར་མདོར་བསྡུས་པ་ཡིན་ནོ། །གཉིས་པ་ཐུན་མོང་གི་གསལ་བྱེད་ལ་བཞི་སྟེ། ལྷ་མོ་བརྒྱད་ཀྱི་རིགས་བདག་ལ་ཐེ་ཚོམ་བསལ་བ། གཏོར་མའི་ཆོ་ག ལྷ་མོ་གསུམ་གྱི་རིགས་བདག་བསྟན་པ། རིགས་བདག་གི་དབྱེ་བ་བསྟན་པའོ། །དང་པོ་ལ་གཉིས་ལས་མཚམས་མ་བཞིའི་རིགས་བདག་ལ་ཞུས་ལན་ནི། རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པ་ནས་གཡུང་མོའི་ཕྱག་རྒྱས་གདབ་ཞེས་པའི་བར་ཏེ། རིགས་ཀྱི་རྒྱས་གདབ་པ་འདི་ཡང་ཁོང་སྡོམ་གསུམ་ཡོད་པ་ལས་ལྂ་གྱི་རིམ་པར་འགྲོ་དེ་ལས་འདི་བསྐྱེད་རིགས་སུ་འགྲོ་དེ་ལའང་འདིར་རྒྱས་གདབ་པའི་ཚུལ་ནི། ས་ནི་པུ་ཀ་སིར་བཤད་པ་ཞེས་པ་ནས། ཇི་ལྟར་མི་བསྐྱོད་ཕྱག་རྒྱ་ལགས་ཞེས་བྱ་བའི་བར་དུ་ཞུས་པ་ཡིན་ཏེ། བུ་ཀ་སི་སའི་རང་བཞིན་ཡིན་ལ། སའི་རང་བཞིན་སྲ་བ་ཡིན་ཞིང་། སྲ་བ་དེ་གཏི་མུག་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་པ་ལ། པུ་ཀ་སི་རྣམ་སྣང་གིས་རྒྱས་མི་འདེབས་པར་མི་བསྐྱོད་པས་རྒྱས་འདེབས་པ་ཅི་ལྟར་ལགས་ཅེས་ཞུས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་སྤངས་པའི་ལུས་མི་མཛེས་པའི་ཕྱིར། སྐུའི་རིགས་པུ་ཀ་སི་ལ། ཐུགས་ཀྱི་རིགས་མི་བསྐྱོད་པས་རྒྱས་གདབ་པའོ། །སྐུ་ལ་ཐུགས་ཀྱི་རྒྱས་གདབ་ཅེས་སོ། །མེ་མཚམས་ཀྱི་ལྷ་མོ་རི་ཁྲོད་མ། ཆུ་དག་པ་ཡིན་པས། མི་བསྐྱོད་པས་རྒྱས་མི་འདེབས་པར་རྣམ་སྣང་གིས་རྒྱས་འདེབས་པ་ཅི་ལྟར་ཡིན་ཞེ་ན། སེམས་ལུས་དང་ལྡན་པ་གནས་པ་ཡིན་ཏེ། སེམས་སྤངས་ནས་ནི་ལུས་ཀྱིས་ནི། །གནས་པ་གཞན་དུ་མཐོང་མི་འགྱུར། །ཞེས་བཤད་པས། ཐུགས་ཀྱི་རིགས་རི་ཁྲོད་མ་ལ། གཏི་མུག་དག་པ་རྒྱལ་བ་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པ་ཡིན་ཏེ། ཐུགས་ལ་གཏི་མུག་ཕྱག་རྒྱས་གདབ་ཅེས་སོ། །བདེན་བྲལ་གྱི་ལྷ་མོ་གདོལ་པ་མོ་འབྱུང་བ་མེ་དག་པ་ཡིན་པས་འདི་ལ་འོད་དཔག་མེད་ཀྱིས་རྒྱས་འདེབས་པ་དང་ཕྱག་རྒྱ་ཡིན་པ་ལས། ཅི་ལྟར་རིན་ཆེན་ཕྱག་རྒྱ་ལགས་ཞེ་ན། འདོད་ཆགས་ཀྱི་སེམས་ལ་སེར་སྣ་སྐྱེ་བས། འདོད་ཆགས་དག་པ་གདོལ་པ་མོ་ལ་སེར་སྣ་དག་པ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་འདེབས་པ་ཡིན་ཏེ། འདོད་ཆགས་སེར་སྣས་ཕྱག་རྒྱས་གདབ་ཅེས་སོ། །རླུང་མཚམས་ཀྱི་ལྷ་མོ་གཡུང་མོ་ལ། དོན་ཡོད་གྲུབ་པས་རྒྱས་མི་འདེབས་པར། འདོད་ཆགས་དག་པ་འོད་དཔག་མེད་ཀྱིས་རྒྱས་འདེབས་པ་ཅི་ལྟར་ཡིན་ཞེ་ན། འདོད་ཆགས་མ་གཏོགས་ཕྲག་དོག་ནི། གཞན་དུ་འབྱུང་བ་མ་ཡིན་ནོ། །ཅེས་པས་འདོད་ཆགས་ལས་ཕྲག་དོག་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་འདོད་ཆགས་དག་པ་རྒྱལ་བ་འོད་དཔག་མེད་ཀྱིས་རླུང་དང་ཕྲག་དོག་དག་པའི་ལྷ་མོ་གཡུང་མོ་ལ་རྒྱས་གདབ་པའོ། །མཁས་པས་གཡུང་མོ་ཕྱག་རྒྱས་གདབ་ཅེས་སོ། །ཕྱོགས་མ་བཞི་དེ་དང་མཚུངས་པར་བསྟན་པ་ནི། གང་གི་ཕྱིར་ཞེས་པའི་ཚིགས་བཅད་གཉིས་ཏེ། ཤར་གྱི་ལྷ་མོ་དཀར་མོ་ལ་མི་བསྐྱོད་པས་རྒྱས་འདེབས་པ་ཡིན་ཏེ། གང་ཕྱིར་གཟུགས་ནི་སྲ་བ་ཉིད། །ཅེས་པས་ན། སེམས་ཀྱི་བདག་པོའི་ཕྱག་རྒྱས་གདབ་བོ། །དེ་བཞིན་དུ་ལྷོའི་ལྷ་མོ་ཙོ་བོ་རིམ་ལ་རྣམ་པར་སྣང་མཛད་ཀྱིས་རྒྱས་གདབ་བོ། །ནུབ་ཀྱི་ལྷ་མོ་རོ་ལངས་མ་ལ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་གདབ་བོ། །བྱང་གི་གྷསྨ་རི་ལ་འོད་དཔག་མེད་ཀྱིས་རྒྱས་གདབ་སྟེ་མ་ལོག་པའི་ཕྱག་རྒྱའོ། །གཉིས་པ་གཏོར་མའི་ཆོ་ག་ལ་གསུམ་ལས། ཅི་ལྟར་གསུངས་པའི་ཚུལ་དགོས་པ་དང་བཅས་པ་ནི། ཀྱེའི་རྡོ་རྗེ་ཞེས་པའི་ཚིགས་བཅད་གཉིས་ཏེ། ཀྱེའི་རྡོ་རྗེ་མངོན་པར་བྱང་ཆུབ་པ་ལྔའི་རྡོ་རྗེ་འཛིན་པ་སངས་རྒྱས་ཀྱི་ས་ན་ཟག་པ་མེད་པའི་བདེ་བ་ཡོད་པ་མཚོན་པའི་རྟགས་སུ་ཡུམ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་པའི་ལྷ་ཉིད་ལ་སེམས་ཅན་གྱི་དོན་གྱི་ཕྱིར་གཏོར་མ་ཆེ་སྟེ་ཚོགས་གཉིས་ཀྱི་སྟོབས་དང་ལྡན་པ་དེ་བདག་མེད་མས་ཞུས་པའོ། །དེ་ལ་ཨེ་བྂ་ནི་ཐབས་ཤེས་རབ་གཉིས་སུ་མེད་པར་སྙོམས་པར་ཞུགས་ནས། ལུས་དང་སྲོག་ལ་བར་ཆོད་བྱེད་པའི་བགེགས་དང་། ལོག་པར་འདྲེན་པ་ལས་སེམས་ཅན་རྣམས་ཀྱི་སྲོག་བསྲུང་པའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གཏོར་མ་བསྟན་ཏོ། །གང་གསུངས་པའི་སྔགས་དངོས་ནི། ཨི་ཏྂ་ལ་སོགས་པ་སྟེ། འདིའི་ལག་ལེན་གྱི་རིམ་པ་ནི། བསྐྱེད་རིམས་ཀྱི་ཐུན་མཚམས་སུ་གཏོང་བའམ། གཞན་དུ་གཏོང་ན། རང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་བྱས་ལ་གནས་གསུམ་བྱིན་གྱིས་བརླབས་ནས་གཏང་ངོ་། །དེ་ནི་བདག་གི་དེ་ཁོ་ནའོ། །འགྲོན་གྱི་དེ་ཁོ་ན་ནི། སྐད་ཅིག་གིས་མདུན་གྱི་ནམ་མཁར་ཆོས་འབྱུང་ཁོང་སྟོང་གི་རྣམ་པ། དེའི་སྟེང་དུ་པད་མ་དཀར་པོ་འདབ་མ་བརྒྱད་པ། འོག་ཏུ་དམར་པོ། དབུས་སུ་སྔོན་པོ་བསམ། སྟེང་མ་ལ་ཨོཾ་དཀར་པོའི་འོད་ཟེར་སྤྲོ་བསྡུ་ལས་སྐུ་རྡོ་རྗེ། འཁོར་རྣམས་ནི་ལྷ་ཆེན་པོ་བརྒྱད་ཀྱི་རང་བཞིན། སྐུ་རྡོ་རྗེའི་རྣམ་པ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་ཅན་དུ་བསྐྱེད། བར་མར་ཧཱུྃ་ལས་ཐུགས་རྡོ་རྗེའི་ཕྱོགས་སྐྱོང་བརྒྱད་ཀྱང་དེ་ཉིད་ཀྱི་རྣམ་པ་ཅན། འོག་མར་ཨཱ་དམར་པོ་ལས། གསུང་རྡོ་རྗེ་དང་ཀླུ་ཆེན་པོ་ལ་སོགས་པ་གསུང་རྡོ་རྗེའི་གཟུགས་སུ་བསྐྱེད་ལ། ས་བླ་ས་འོག་ས་སྟེང་ན་གནས་པ་རྣམས་རྡོ་རྗེ་གསུམ་པོའི་རང་བཞིན་དུ་བཀུག་ལ། དགུག་གཞུག་བཅིང་པ་བྱ་སྟེ་དབང་བསྐུར་ནས་ཕྱི་ནང་གསང་བའི་མཆོད་པས་མཆོད་དེ། ཐམས་ཅད་ཀྱི་ལྕེ་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པར་བསམ་མོ། །གཏོར་མའི་དེ་ཁོ་ན་ཉིད་ནི་བདུད་རྩི་བྱིན་གྱིས་བརླབ་པ་ལྟར་མེ་རླུང་གི་སྦྱོར་བས་སྤྲོས་ཏེ་ཚིམ་པར་བྱའོ། །སྔགས་འདི་ཉིད་ལའང་། འགྲོན་གྱི་མིང་དང་། གཏོར་མ་འབུལ་བ་དང་། འཕྲིན་ལས་བཅོལ་བ་དང་། བཟོད་པར་གསོལ་བ་དང་། འཁོར་གསུམ་མི་རྟོག་པའི་ཆོས་ཀྱི་སྦྱིན་པ་སྟེ་ལྔའོ། །ཨོཾ་ངེས་པ་ཁོ་ནར། ཨིནྡྲདྲ་དབང་པོ། ཛ་མ་གཤིན་རྗེ། ཛ་ལ་ཆུ་ལྷ་ཛ་ཀྵ་གནོད་སྦྱིན། བྷུ་ཏ་འབྱུང་པོ། བ་ནི་མེ་ལྷ། བ་ཡུ་རླུང་ལྷ། ཡག་ཀྵ་སྲིན་པོ། ཙན་དྲ་ཟླ་བ། སུ་ཛྫ་ཉི་མ། མ་ཏ་མ་པ་བཱ་ཅེས་པ་སྟེ་ཕ་མས་གཙོ་བྱས་པའི་ཚངས་པ་ཆེན་པོ་ལ་སོགས་པའོ། །ཏ་ལ་ས་སྟེང་། པ་ཏཱ་ལྂ་ས་འོག །ཨནྡྲ་བརྒྱད། སཔཱ་སྦྲུལ་ཏེ། ཀླུ་ཆེན་པོ་བརྒྱད། སྭཱ་ཧཱ་ལྷན་ཅིག་པའོ། །གཏོར་མ་འབུལ་བ་ནི། ཨི་དྂ་འདི། བ་ལིང་གཏོར་མ། བྷུན་ཛ་གསོལ་གཅིག །ཛིང་གྷ་སྣོམས་གཅིག །པུཥྤེ་མེ་ཏོག དྷུ་པ་བདུག་སྤོས། མང་ས་ཤ། བྷི་གྷ་ཆང་དང་བཅས་པའོ། །འཕྲིན་ལས་བཅོལ་བ་ནི། ཨད་མ་བདག་གི །ཀ་ཙ་བྱ་བ། སརྦ་ས་ཏ་ཐམས་ཅད་བསྒྲུབས་གཅིག་པའོ། །བཟོད་པར་གསོལ་བ་ནི། ཁན་ཏི་བཟོད་པ། ཁུ་ནི་མཛོད་ཅིག ཕེ་ཏ་གྷ་ཏ་མ་ཚང་བ་རྣམས་གཙང་བའོ། །འཁོར་གསུམ་མི་རྟོག་པ་ཆོས་ཀྱི་སྦྱིན་པ་ནི། ཨོཾ་ཨ་ཀ་རོ་མུ་ཁྂ། སརྦ་དྷ་རྨཱ་ཎྂ་ཨཏྱ་ནུད་པན་ཏྭད་ཏཱ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་གསུངས་པ་ནི་སྔར་བསྟན་པ་བཞིན་ནོ། །དེ་ནས་བཟོད་པར་གསོལ་ཞིང་ཡི་གེ་བརྒྱ་པ་བརྗོད་ནས་གཤེགས་སུ་གསོལ། ཕན་ཡོན་ནི། གལ་ཏེ་འདིར་བཤད་པའི་གཏོར་མས་འབྱུང་པོ་ཐམས་ཅད་མཆོད་པར་བྱེད་ན་རྣལ་འབྱོར་པ་རྣམས་ལ་ལེགས་པར་འགྱུར་རོ། །ཞེས་པ་ནས་རྒྱས་པར་འགྱུར་རོ་ཞེས་ལས་ཐམས་ཅད་འགྲུབ་པར་བསྟན་ཏོ། །ལྷ་མོ་གསུམ་གྱི་རིགས་བདག་ལ་ཞུས་ལན་གཉིས་ལས། ཞུས་པ་ནི། རྡོ་རྗེ་སྙིང་པོས་གསོལ་པ་ནས་ཚིག་བཞི་སྟེ། ལྷ་མོ་གཞན་གྱི་རྒྱས་གདབ་སྔར་གསུངས་ན། མཁའ་སྤྱོད་མ་དང་། ས་སྤྱོད་མ་ལ་ཕྱག་རྒྱ་གང་གིས་རྒྱས་འདེབས་པ། གཙོ་བོ་བདག་གིས་སྔར་མ་འཚལ་ན། བཅོམ་ལྡན་འདས་ཅི་ལྷར་ཕྱག་རྒྱའི་རྒྱས་གདབ་བགྱི་ཞུས་སོ། །ལན་ནི། བཅོམ་ལྡན་འདས་ཞེས་པའི་ཚིགས་བཅད་གསུམ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གསང་བའི་ལྷ་མོ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་དབྱེ་བས། སྟེང་དང་འོག་དང་དབུས་ཀྱི་ཆར་འཁོར་ལོའི་དབུས་སུ་རྣམ་པར་གནས་ཏེ་དེས་ན་ས་སྤྱོད་མ་འོག་ཏུ་གནས་པ་ལ་སྟེང་ཞལ་སྐུའི་རྡོ་རྗེ་དག་པའི་སྐུའི་ཕྱག་རྒྱས་གདབ་བོ་སྟེང་གི་མཁའ་སྤྱོད་མ་ལ་འོག་ཞལ་གསུང་གི་རྡོ་རྗེ་དག་པ་འདོད་ཆགས་འོད་དཔག་མེད་ཀྱིས་རྒྱས་གདབ་བོ། །ཐུགས་ཀྱི་རྡོ་རྗེས་བདག་མེད་མ་ལ་རྒྱས་གདབ་སྟེ་རང་གི་སེམས་ནི་བདག་མེད་མའི་ཚུལ་ཉིད་དོ་དེས་ན་སེམས་ནི་ལུས་ཀྱི་དབུས་སྟེ་དེས་ན་བདག་མེད་མ་དབུས་ཀྱི་ཆར་གནས་པར་བཤད་དོ། །འདི་ནི་སྐུ་གསུམ་རྣམ་པར་དག་པ་སྲིད་པ་དང་ཞི་བ་གཉིས་སུ་མེད་པའི་རང་བཞིན་ནོ། །རིགས་བདག་གི་དབྱེ་བ་བསྡུ་བ་ལ་གཉིས་ལས། ཉོན་ཅིག་པར་བསྐུལ་བ་ནི། རྒྱས་པར་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ཡང་རིགས་ཀྱི་རྣམས་པ་དུ་མར་རབ་ཏུ་ཕྱེ་བ་རྣམས་ལས་བསྡུས་པས་ནི་རིགས་རྣམ་པ་དྲུག་དང་། ལྔ་དང་གསུམ་ལ་སོགས་པར་འགྱུར་བའི་ཚུལ་བཤད་ཀྱིས་རྣལ་འབྱོར་མ་ཉོན་ཅིག་ཞེས་སོ། །བཤད་པ་དངོས་ནི། མི་བསྐྱོད་ཞེས་པའི་ཚིག་རྐང་བཅུ་གསུམ་སྟེ། དེ་ཡང་རིགས་ལྷས་ཕྱེ་ན། མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་པ་དང་། དོན་ཡོད་གྲུབ་པ་དང་། རྡོ་རྗེ་སེམས་དཔའ་སྟེ་དྲུག་གོ།དེ་བཞིན་དུ་ཞེ་སྡང་དང་། གཏི་མུག་དང་། སེར་སྣ་དང་། འདོད་ཆགས་དང་། ཕྲག་དོག་དང་བདེ་བ་དང་དྲུག་པོ་འདི་ནི་སྦྱང་གཞིའི་རིམ་པས་བསྒོམ་པར་བྱ་བ་ཉིད་དོ། །བདེ་བ་དང་རྡོ་རྗེ་སེམས་དཔའི་རིགས་སྤངས་པས་ནི་རིགས་རྣམ་པ་ལྔར་འགྱུར་རོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཕྱེ་བས་རིགས་རྣམ་པ་གསུམ་དུ་འགྱུར་རོ། །མི་བསྐྱོད་བ་དང་ཞེ་སྡང་དག་པའི་རང་བཞིན་གྱི་ཐུགས་ཀྱི་བདག་པོའི་རིགས་ཅིག་དུའང་འདུ་བར་འགྱུར་ཏེ། ཞེ་སྡང་དག་པའི་རྡོ་རྗེ་སྟེ་སེམས་ཀྱི་བྱིན་བརླབས་ལས་རིགས་ཀྱི་དབྱེ་བ་དང་བསྡུ་བར་བརྗོད་དོ། །ལེའུ་ཡི་མཚན་ནི། ཀྱེའི་རྡོ་རྗེ་ལས་གཞི་ལམ་འབྲས་བུའི་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གསལ་བར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།


previousབརྟག་པ་གཉིས་པ། བཞི་པ་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ། next