Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
སེམས་བསྐྱེད་བཞི་པ་འོད་འཕྲོ་བ།
   
  expand section
   
   
   
   
   
   
   
   


 
previousསེམས་བསྐྱེད་བཞི་པ་འོད་འཕྲོ་བ།next

སེམས་བསྐྱེད་བཞི་པ་འོད་འཕྲོ་བ།


K800_Page_129
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་གཞལ་ཡས་དུས་གང་སྐད་ཅིག་ཙམ། །ལེ་ལོའི་གོ་སྐབས་བཀག་པའི་རྩོལ་བ་ནི། །གང་ལ་ཡོད་པའི་སེམས་དཔའ་དེ་དག་ཀུན། །འཕྲོག་མེད་དད་བྱའི་ཡུལ་དུ་བརྟན་པར་སྣང༌། །བཞི་པ་ལ། བརྩོན་འགྲུས་ལྷག་པའི་སྒོ་ནས་ངོ་བོ་བསྟན། སའི་མིང་དོན་དང་ཡོན་ཏན་བསྟན་པའོ། །དང་པོ་ནི། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང༌། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །བརྩོན་འགྲུས་གང་དུ་འབར་བར་གྱུར་པ་ཡི། །ས་དེ་བཞི་པ་འོད་ནི་འཕྲོ་བའོ། །ཕར་ཕྱིན་དང་པོ་གསུམ་ལས། བརྩོན་འགྲུས་ཀྱི་ཕར་ཕྱིན་ལྷག་པའི་སྒོ་ནས་སེམས་བསྐྱེད་བཞི་པ་བསྟན་ཏེ། འཇིག་རྟེན་ལས་འདས་མ་འདས་ཀྱི་ཡོན་ཏན་མ་ལུས་པ་ནི་བརྩོན་འགྲུས་ཀྱི་རྗེས་སུ་འགྲོ་ཞིང༌། དེ་མེད་པར་འབྱུང་བ་མིན་ལ། དགེ་ལས་ལ་མི་སྤྲོ་ན་སྦྱིན་སོགས་ལ་འཇུག་མི་སྲིད་ཅིང༌། བསགས་པ་ཅན་སྤྲོ་ལྡན་ནི་དགེ་ཆོས་མ་ཐོབ་པ་ཐོབ་པ་དང༌། ཐོབ་པ་གོང་འཕེལ་དུ་རྒྱས་པར་བྱེད་པའི་ཕྱིར། དེས་ན་བརྩོན་འགྲུས་དེ་གང་དུ་འབར་ཞིང༌། ལྷག་པར་གྱུར་པའི་ས་དེ་ནི་བྱང་སེམས་ཀྱི་ས་བཞི་པ་འོད་ནི་འཕྲོ་བའོ་ཞེས་བརྗོད་དེ། བསོད་ནམས་དང་བློ་གྲོས་ཀྱི་ཚོགས་ནི་གཉིས་ཀྱི་རྒྱུ་ཡང་བརྩོན་འགྲུས་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ལ། རྟོགས་པའི་ཡོན་ཏན་གྱི་མིང་དོན་དང༌། སྤངས་པའི་ཡོན་ཏན་བསྟན་པའོ། །དང་པོ་ནི། དེར་ནི་བདེར་གཤེགས་སྲས་ལ་རྫོགས་པ་ཡི། །བྱང་ཆུབ་ཕྱོགས་ལྷག་བསྒོམས་པ་ལས་སྐྱེས་པའི། །སྣང་བ་ཟངས་ཀྱི་འོད་བས་ལྷག་འབྱུང་ཞིང༌། །ས་བཞི་པ་དེར་ནི་བདེར་གཤེགས་སྲས་པོ་དེ་ལ་རྫོགས་པའི་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་ལྷག་པར་བསྒོམས་པ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་སྔར་བཤད་(༦༣ན)


K800_Page_130
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཟངས་ཀྱི་འོད་དཔེར་བྱས་པ་བས་ལྷག་པ་འབྱུང་ཞིང༌། རྒྱུ་མཚན་དེའི་ཕྱིར་ས་དེར་ཡེ་ཤེས་ཀྱི་མེ་འོད་འཕྲོ་བས་འོད་འཕྲོའི་སར་བརྗོད་དོ། །གཉིས་པ་ནི། རང་དུ་ལྟ་བ་དང་འབྲེལ་ཡོངས་སུ་ཟད། །ས་འདིར་བྱང་ཕྱོགས་ཀྱི་སྒོམ་བྱུང་གི་ཡེ་ཤེས་སུ་མ་ཟད། ས་དེ་རང་དུ་ལྟ་བ་དང༌། བདག་གིར་བལྟ་བ་དང་འབྲེལ་བའི་བྱེད་པའི་སྐྱེས་བུ་གཞན་དུ་མངོན་ཞེན་ཐམས་ཅད་ཀྱང་ཡོངས་སུ་ཟད་པར་བྱེད་དོ། །འདིར་འགྲེལ་བཤད་དང་སློབ་དཔོན་ཨ་བྷ་ཡས། ས་འདིར་འདོད་ཁམས་ཀྱི་འཇིག་ལྟ་ལྷན་སྐྱེས་འབྲིང་གི་ཆེན་པོའི་བར་སྤངས་ཀྱི། དེ་ཡན་ཆད་ཀྱི་འདོད་པ་དང༌། ཁམས་གོང་གི་ཉོན་མོངས་ལྷན་སྐྱེས་མ་སྤངས་པར་བཤད་པ་དང༌། བོད་གང་དག་འདིའི་ཐད་དུ། ས་བཞི་པ་ལ་གནས་པའི་བྱང་སེམས་ཆོས་ཅན། ཁྱོད་ལ་རང་གི་སྤང་བྱ་ངོ་སྐལ་དུ་གྱུར་པའི་ཐེག་ཆེན་གྱི་སྒོམ་སྤང་ཆེན་པོའི་ཆུང་ངུའི་ཆར་གྱུར་པའི་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་སླར་མི་ལྡོག་པའི་ཚུལ་དུ་སྤངས་པའི་ཡོན་ཏན་ཡོད་དེ། ཁྱོད་ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆེན་པོ་ལ་གནས་པའི་སེམས་དཔའ་ཡིན་པའི་ཕྱིར། ཞེས་འབྱུང་བའི། དང་པོ་མི་འཐད་དེ། དེ་འདྲ་དེ་ཐེག་དམན་གྱི་ཞུགས་གནས་ཀྱི་གང་ཟག་མཐུན་དཔེར་བྱས་ནས་ཐེག་ཆེན་གྱི་དགེ་འདུན་ཉི་ཤུ་འཆད་པར་རློམ་པ་ལས་དེར་སྨྲ་བར་སྣང་ནའང་ཆེས་མི་ལེགས་ཏེ། ཉན་ཐོས་ཀྱི་ལུགས་སུའང་རྒྱུན་ཞུགས་འབྲས་གནས་ཀྱིས་འཇིག་ལྟ་མ་ལུས་པ་སྤངས་པར་འདོད་པ་ལས། འཇིག་ལྟ་ལ་ལྷན་སྐྱེས་ཀྱི་ཆ་རྣམ་པར་གཞག་ནས་དེ་སྒོམ་ལམ་གྱི་སྤང་བྱར་མ་གཞག་པའི་ཕྱིར་རོ། །གཉིས་པ་མི་འཐད་དེ། མངོན་པ་ཀུན་ལས་བཏུས་ལ་སོགས་པར་ཀུན་གཞི་ལ་ཉོན་ཡིད་ཀྱི་བདག་ལྟར་གྱུར་པའི་སྒོམ་སྤང་སྒོམ་(༦༣བ)


K800_Page_131
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ས་དགུར་སྤོང་བའི་རྣམ་པར་གཞག་པ་ཡོད་ཀྱང༌། ལུགས་འདིར་སྒོམ་ལམ་གང་ཟག་གི་བདག་ལྟ་སྤོང་བྱེད་དུ་བཤད་པ་མིན་པའི་ཕྱིར། འོ་ན་འདིར་བསྟན་རང་དུ་ལྟ་བ་དང་འབྲེལ་ཞེས་པས་གང་ཟག་གི་བདག་ལྟ་སྤངས་ཟིན་ཀྱང་དེ་དང་རྗེས་འབྲེལ་ཕུང་སོགས་ཆོས་ཀྱི་བདག་ལྟ་དེ་ཤེས་སྒྲིབ་སྤོང་བའི་ཆེད་དུ་རྒྱས་པར་དེར་འཛིན་དང་བྲལ་བར་སྒོམ་པ་ལས་བྱུང་བའི་ཡེ་ཤེས་དེར་བསྐྱེད་པའི་དོན་ཡིན་ཏེ། འདིའི་ཐད་ཀྱི་མདོར། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བའི་བདག་དང༌། སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་མངོན་པར་ཞེན་པས་ཀུན་ནས་བསླངས་པའི་ལྷག་པར་གཡོ་བ་དང་བྲལ་བ་རྣམས་དང༌། རྣམ་པར་བརྟགས་པ་རྣམས་དང༌། རྣམ་པར་དཔྱད་པ་རྣམས་དང༌། བརྟན་པར་འཛིན་པ་རྣམས་དང༌། བདག་གིར་འཛིན་པ་རྣམས་དང༌། ནོར་དུ་འཛིན་པ་རྣམས་དང༌། རྟེན་གྱི་གནས་རྣམས་གང་ཡིན་པ་དེ་དག་ཐམས་ཅད་དང་བྲལ་བ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་བཞི་པའོ། །དབུ་མ་ལ་འཇུག་པ་ལས། འོད་འཕྲོ་བ་ཞེས་བྱ་བ་སྟེ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་བཞི་པའི་བཤད་པའོ།། །།


previousསེམས་བསྐྱེད་བཞི་པ་འོད་འཕྲོ་བ།next