Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
སེམས་བསྐྱེད་ལྔ་པ་སྦྱང་དཀའ་བ།
  expand section
   
   
   
   
   
   
   
   


 
previousསེམས་བསྐྱེད་ལྔ་པ་སྦྱང་དཀའ་བ།next

སེམས་བསྐྱེད་ལྔ་པ་སྦྱང་དཀའ་བ།


K800_Page_132
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་དང་ཤེས་བྱ་ཡི། །མཚན་མའི་རྟོག་ཀུན་ཞི་བྱེད་པ། །ཤིན་ཏུ་སྦྱངས་པའི་བསམ་གཏན་དེས། །མཁྱེན་པ་ཀུན་ནས་ཞི་དེར་དད། །ལྔ་པ་ལ། སའི་མིང་དོན་དང༌། ཡོན་ཏན་བསྟན་པ་གཉིས་སོ། །དང་པོ་ནི། བདག་ཉིད་ཆེ་དེ་བདུད་རྣམས་ཀུན་གྱིས་ཀྱང༌། །སྦྱང་དཀའི་ས་ལ་ཕམ་པར་ནུས་མ་ཡིན། །ས་འདིར་གནས་ཀྱི་བདག་ཉིད་ཆེན་པོ་དེ་ནི་འཇིག་རྟེན་གྱི་ཁམས་ན་གནས་པའི་ལྷའི་བུའི་བདུད་རྣམས་ཀུན་གྱིས་ཀྱང༌། སྦྱང་དཀའི་ས་ལ་(༦༤ན)


K800_Page_133
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ་པར་ནུས་པ་མ་ཡིན་ན་བདུད་ཀྱི་བཀའ་ཉན་པ་སོགས་ལྟ་ཅི་སྨོས་པའི་ཕྱིར། ས་འདིའི་མིང་ནི་སྦྱང་དཀའ་བར་བརྗོད་དེ། སྦྱང་བ་དེ་བདུད་ལ་སོགས་པ་རྒྱལ་བར་དཀའ་བ་ལས་རྒྱལ་བར་བྱེད་ནུས་པའི་དོན་ཉིད་དེ། ཆོས་དབྱིངས་བསྟོད་པར། ཉོན་མོངས་ཤིན་ཏུ་སྦྱང་དཀའ་ལས། །རྣམ་པར་རྒྱལ་བས་སྦྱང་དཀར་འདོད། །ཅེས་འབྱུང་ངོ༌། །གཉིས་པ་ནི། བསམ་གཏན་ལྷག་ཅིང་བློ་བཟང་བདེན་རང་བཞིན། །ཞིབ་མོར་རྟོགས་ལའང་ཤིན་ཏུ་མཁས་པ་འཐོབ། །ས་འདིར་སེམས་དཔའ་འདི་ནི་བསམ་གཏན་གྱི་ཕར་ཕྱིན་ལྷག་ཅིང་བློ་བཟང་པོར་གྱུར་པ་ཡིན་ཏེ། འཕགས་པའི་བདེན་པ་རྣམས་ཀྱི་རང་བཞིན་ཤེས་རབ་ཞིབ་མོས་རྟོགས་པར་བྱ་བ་ལའང་ཤིན་ཏུ་མཁས་པ་ཐོབ་པའི་ཕྱིར། འདིར་འཕགས་པའི་བདེན་པ་ནི། སྤང་བྱ་ཉོན་མོངས་པའི་རྒྱུ་དང་འབྲས་བུའི་དབང་དུ་བྱས་ཏེ་ཀུན་འབྱུང་དང་སྡུག་བསྔལ། བླང་བྱ་རྣམ་བྱང་གི་རྒྱུ་དང་འབྲས་བུའི་དབང་དུ་བྱས་ཏེ་ལམ་དང་འགོག་པའི་བདེན་པ་བཞི་པོ་དེའང་བདེན་པ་གཉིས་ཀྱིས་མ་བསྡུས་པ་མ་ཡིན་ཏེ། སྡུག་ཀུན་དང་ལམ་གྱི་བདེན་པ་ནི་ཀུན་རྫོབ་བདེན་པས་བསྡུས་ལ། འགོག་བདེན་ནི་དོན་དམ་བདེན་པས་བསྡུས་པའི་ཕྱིར། ཅི་མཉམ་གཞག་མི་རྟོག་ཡེ་ཤེས་ནི་ལམ་བདེན་དུ་གཞག་རིགས་ཏེ། སྤྲོས་མཚན་ཐམས་ཅད་ཉེ་བར་ཞི་བའི་དོན་དམ་པ་དེ་ཉིད་དུ་མཉམ་པ་ཉིད་ཀྱི་ཕྱིར་ཞེ་ན། ལམ་བདེན་དེ་དེར་སོང་ཡང་ཐ་སྙད་དུ་ཀུན་རྫོབ་བདེན་པར་འཇོག་སྟེ། སྦྱོར་དངོས་རྗེས་སོགས་ཐབས་ཀྱིས་སྔར་མེད་གསར་དུ་ཐོབ་པའི་ཆ་ནས་དེར་འཇོག་པའི་ཕྱིར། འགོག་བདེན་ནི་དོན་དམ་བདེན་པར་འཇོག་སྟེ། དེ་ཐ་སྙད་དུ་སྔར་མེད་གསར་དུ་ཐོབ་ཀྱང་གདོད་ནས་རང་བཞིན་རྣམ་དག་གི་དོན་དམ་ལ་དྲི་བྲལ་གྱིས་ཁྱད་པར་བྱས་པ་ཙམ་ལས་དེ་ལ་འདུ་བྱེད་ཀྱིས་འགྱུར་བར་མ་བྱས་པའི་ཕྱིར། ཁ་(༦༤བ)


K800_Page_134
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཆོས་དབྱིངས་ཡིན་ན་འགོག་བདེན་དུ་འགལ་བར་སྨྲ་བ་ནི་གཞུང་འདི་དག་གི་ལུགས་ནི་མ་ཡིན་ཏེ། དེ་ལྟར་སྨྲ་བ་དག་འགོག་བདེན་ཤེས་པ་དང་ལྡན་མིན་གྱི་རྫས་སུ་ཁས་ལེན་པའི་ཕྱིར་རོ། །ཁ་ཅིག་ཆོས་ཉིད་འགོག་བདེན་དུ་སྨྲ་ཡང་དེ་ལྟར་ན་ལམ་བདེན་ལ་མ་བལྟོས་པའི་འགོག་བདེན་སྲིད་པའི་ཕྱིར། རྒྱུ་འབྲས་ལ་སྐུར་པ་བཏབ་པར་ཡང་འགྱུར་རོ། །བདེན་པ་བཞི་བདེན་པ་གཉིས་ཀྱིས་བསྡུ་ལུགས་ཅུང་ཟད་དཔྱད་པའི་ངོར་རྣམ་གཞག་འདི་ལྟར་ཡིན་གྱི། ཆེས་དཔྱད་ན་གང་བལྟོས་ནས་འབྱུང་བའི་བྱ་བྱེད་ཅན་གྱི་བདེན་པ་བཞི་པོའང་ཀུན་རྫོབ་ལས་གཞན་དོན་དམ་པར་ནི་མི་རུང་སྟེ། དེ་ལ་རྒྱུ་འབྲས་ལ་སོགས་པར་མ་གྲུབ་པའི་ཕྱིར། དེས་ན་བདེན་པ་གཞན་བསྟན་པ་དེ་ཐམས་ཅད་ཀྱང་བདེན་པ་གཉིས་སུ་འདུས་ཏེ། དཔེར་ན། སེམས་དཔའི་ས་ལྔ་པའི་མདོར་བདེན་པ་བཅུ་གཅིག་བསྟན་པའང་བདེན་པ་གཉིས་ལས་བརྩམས་ཏེ་བཀའ་སྩལ་པ་བཞིན་ནོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་ལྔ་པའོ། །དབུ་མ་ལ་འཇུག་པ་ལས། སྦྱང་དཀའ་བ་ཞེས་བྱ་བ་སྟེ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་ལྔ་པའི་བཤད་པའོ།། །།


previousསེམས་བསྐྱེད་ལྔ་པ་སྦྱང་དཀའ་བ།next