Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  collapse section
   
ཡུལ་ཅན་སའི་ངོ་བོ་མདོར་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུལ་ཅན་སའི་ངོ་བོ་མདོར་བསྟན་པ།next

ཡུལ་ཅན་སའི་ངོ་བོ་མདོར་བསྟན་པ།


K800_Page_135
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཞེས་ཁོང་དུ་ཆུད་བྱ་གཉེར་མེད་ཀྱང༌། །འདི་དོན་ཁོང་དུ་ཆུད་པར་མ་གྱུར་ན། །འདི་ལྟའི་ཆོས་ལ་མཁྱེན་གཉིས་མངའ་བ་ཡི། །འདི་ཚུལ་སྟོན་མཆོག་གང་ལས་འབྱུང་ཞེས་སེམས། །དྲུག་པ་ལ། ཡུལ་ཅན་སའི་ངོ་བོ་མདོར་བསྟན། ཡུལ་སྟོང་ཉིད་རྒྱས་པར་བཤད། སའི་ཡོན་ཏན་བརྗོད་དེ་དོན་བསྡུ་བའོ། །དང་པོ་ལ། ས་དངོས་དང༌། ཡོན་ཏན་ཤེར་ཕྱིན་གྱི་ཆེ་བ་བརྗོད་པའོ། །དང་པོ་ནི། མངོན་དུ་ཕྱོགས་པར་མཉམ་བཞག་སེམས་གནས་ཏེ། །རྫོགས་པའི་སངས་རྒྱས་ཆོས་ལ་མངོན་ཕྱོགས་ཤིང༌། །འཇིག་རྟེན་འབྱུང་བའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ས་ལྔ་པ་བསམ་གཏན་གྱི་ཕར་ཕྱིན་ཡོངས་སུ་དག་པའི་རྒྱུ་ལས་ས་དྲུག་པ་མངོན་དུ་ཕྱོགས་པར་མཉམ་པར་གཞག་པ་ལ་སེམས་གནས་ཏེ་ཤེས་པ་(༦༥ན)


K800_Page_136
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་བྱའི་སྤྲོས་མཚན་ཞི་བའི་འགོག་པ་ཐོབ་པར་འགྱུར་ཏེ། རྐྱེན་འདི་པ་ཙམ་གྱི་རྟེན་ཅིང་འབྱུང་བ་ཟབ་མོའི་དེ་ཉིད་མཐོང་བའི་སེམས་དཔའ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་ཡོངས་སུ་དག་པའི་ཕྱིར། འདིའི་སྔར་འགོག་པ་ཐོབ་པ་ནི་མ་ཡིན་ཏེ། ས་ལྔར་སྦྱིན་སོགས་ལྔ་གཙོ་བོར་སྤྱོད་པས་ནི་ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བར་ཁོང་དུ་ཆུད་ལ། འདིར་ནི་གཟུགས་བརྙན་དང་མཚུངས་པར་ཡང་མི་རྟོག་པའི་ཕྱིར། ས་འདི་ལ་མངོན་དུ་ཕྱོགས་པ་ཞེས་བྱ་སྟེ། ལྔ་པར་ལམ་བདེན་ལ་དམིགས་ནས་སྟོབས་བཅུ་སོགས་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ལ་ཉེ་བར་གྱུར་པའི་ཕྱིར་རོ། །གཉིས་པ་ནི། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་འཁྲིད་པ་དེ་བཞིན་འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ། །ཡོན་ཏན་གྱི་ཚོགས་ཤེར་ཕྱིན་ལ་རག་པས་ས་འདིར་ཡང་ཤེར་ཕྱིན་གྱི་བློས་མིག་ཉམས་པ་ལྟ་བུའི་སྦྱིན་སོགས་ཤེར་ཕྱིན་གྱིས་མ་ཟིན་པ་འདིར་ཟིན་པར་བྱས་ནས་ཡོན་ཏན་བླངས་ཏེ་རྒྱལ་བ་ཉིད་ཀྱི་གོ་འཕང་དུ་འགྲོ་སྟེ། ཡང་དག་པའི་ལམ་དང་དེ་ལས་བཟློག་པ་ཉིད་ཤེས་པའི་ཕྱིར། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ་མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི་ཡུལ་དུ་ཁྲིད་པ་དེ་བཞིན་ནོ། །དེ་ལྟ་བུའི་ཤེས་རབ་དེ་ནི་འཕགས་པའི་མཉམ་གཞག་དེའི་ངོར་རྟེན་འབྱུང་གི་ཆོས་ལ་སྒྲོ་སྐུར་གྱི་ཕྱིན་ཅི་ལོག་བསལ་ནས་དེར་སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཐམས་ཅད་ངང་གིས་ཞི་བ་ལ་ཤེས་རབ་དེས་དེ་ཁོང་དུ་ཆུད་ཅེས་ཐ་སྙད་བྱས་པ་ཡིན་ཏེ། དངོས་སུ་ཤེས་བྱ་དང་ཤེས་བྱེད་ཀྱི་ཤེས་རབ་ནི་ཡོད་མེད་དང་གཉིས་ཀ་དང་གཉིས་མིན་གང་གིའང་སྨྲ་བསམ་དང་བྲལ་བའི་ཕྱིར། ཡུམ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང༌། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་(༦༥བ)


K800_Page_137
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐོང་ཞིང༌། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །དེ་ནི་ཆོས་མཐོང་ཡིན་ཅེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །གང་གིས་དེ་ལྟར་མཐོང་བ་དེ་ཡིས་ཆོས་ཀུན་མཐོང༌། །ཞེས་དང༌། སློབ་དཔོན་ལེགས་ལྡན་བྱེད་ཀྱིས། ཆོས་རྣམས་ངོ་བོ་མ་གྲུབ་ཕྱིར། །གང་ལ་རྣམ་པར་མི་རྟོག་པའི། །བློ་ཡང་སྐྱེ་བར་མི་འགྱུར་བ། །དེ་ཉིད་མཉམ་མེད་དེས་མཁྱེན་གསུངས། །ཞེས་འབྱུང་ངོ༌། །སེམས་ཙམ་པ་ནི་དེ་ལས་བཟློག་ནས་སྨྲ་བར་བྱེད་དེ། ཆོས་དང་ཆོས་ཉིད་རྣམ་འབྱེད་ལས། མཚན་ཉིད་ཡོངས་སུ་ཤེས་པ་ནི་ཡིད་ལ་མི་བྱེད་པ་དང༌། ཡང་དག་པར་འདས་པ་དང༌། ཉེ་བར་ཞི་བ་དང༌། ངོ་བོ་ཉིད་ཀྱི་དོན་དང༌། མངོན་རྟགས་སུ་འཛིན་པ་སྟེ། རྣམ་པ་ལྔ་སྤངས་པའི་རང་གི་མཚན་ཉིད་ཀྱིས་སོ། །ཞེས་གསུངས་ཤིང༌། ཐེག་བསྡུས་སུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་རྟོག་མེད་པའི་ངོ་བོ་ཉིད། །རྣམ་པ་ལྔ་ནི་རྣམས་སྤངས་ཤིང༌། །ཡང་དག་དོན་ལ་བཀྲར་འཛིན་མེད། །ཅེས་དང༌། དེ་དང་མཐུན་པར་མངོན་པ་ཀུན་ལས་བཏུས་པ་དང་རྣམ་པར་གཏན་ལ་དབབ་པ་བསྡུ་བ་སོགས་ནས་འབྱུང་ལ། དེ་ལྟ་བུའི་མི་རྟོག་པའི་ཤེས་རབ་དང་བློ་ནི་དོན་དམ་བདེན་པ་རྟོགས་བྱེད་དུ་འཇུག་པའི་མཁྱེན་པ་ཚད་མར་མི་འགྲུབ་སྟེ། ཡིད་ལ་མི་བྱེད་པས་མི་རྟོག་ཡེ་ཤེས་ཡིན་ན་གཉིད་ལོག་པ་དང་མྱོས་པ་དང་བརྒྱལ་བ་སོགས་ཀྱང་མི་རྟོག་ཡེ་ཤེས་སུ་(༦༦ན)


K800_Page_138
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བ་དང༌། རྟོག་དཔྱོད་ལས་ཡང་དག་པར་འདས་པས་ཀྱང་མ་ཡིན་ཏེ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱང་དེར་འགྱུར་བའི་ཕྱིར། ཉེ་བར་ཞི་བས་ཀྱང་མ་ཡིན་ཏེ། འགོག་པའི་སྙོམས་འཇུག་སོགས་ཀྱང་དེར་ཐལ་ཅིང༌། ཤེས་རབ་སེམས་བྱུང་མིན་པར་ཡང་འགྱུར་བའི་ཕྱིར། རྟོག་མེད་ཀྱི་ངོ་བོ་ཉིད་ཀྱི་དོན་ཡིན་པས་ཀྱང་མ་ཡིན་ཏེ། གཟུགས་སྒྲ་ལ་སོགས་པ་ལའང་ཐལ་བའི་ཕྱིར། དེ་ཁོ་ན་ཉིད་ཀྱི་དོན་ལ་འདིའོ་ཞེས་མངོན་རྟགས་སུ་འཛིན་པའམ་བཀྲ་བར་འཛིན་པས་ཀྱང་མ་ཡིན་ཏེ། དེ་ཉིད་རྟོག་པ་ཡིན་པའི་ཕྱིར་རོ། །


previousཡུལ་ཅན་སའི་ངོ་བོ་མདོར་བསྟན་པ།next