Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  collapse section
   
   
ཡུལ་སྟོང་ཉིད་རྒྱས་པར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   


 
previousཡུལ་སྟོང་ཉིད་རྒྱས་པར་བཤད་པ།next

ཡུལ་སྟོང་ཉིད་རྒྱས་པར་བཤད་པ།


K800_Page_139
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། གང་ལ་བརྟེན་ནས་བཤད་པ་དང༌། ཡུལ་གང་ལ་བཤད་པ་དང༌། ཆོས་གང་བཤད་པའོ། །དང་པོ་ནི། ཇི་ལྟར་དེ་ཡིས་ཆོས་ཟབ་ཆོས་རྟོགས་པ། །ལུང་དང་གཞན་ཡང་རིགས་པས་ཡིན་པས་ན། །དེ་ལྟར་འཕགས་པ་ཀླུ་སྒྲུབ་གཞུང་ལུགས་ལས། །ཇི་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ། །འགོག་པ་ཐོབ་འགྱུར་གྱི་རྟེན་འབྲེལ་གྱི་དེ་ཉིད་མཐོང་བའི་ཤེས་པ་སྐྱེ་ཞེས་པའི་རྟེན་འབྱུང་གི་དེ་ཉིད་ནི་གང༌། སེམས་དཔའ་དེས་ཇི་ལྟར་མཐོང་ཞེ་ན། དེ་ནི་རང་ཅག་འཛིན་པ་ཅན་གྱི་ཡུལ་མིན་གྱི། ས་དྲུག་པ་སོགས་གོང་མ་ལ་གནས་པའི་ཡུལ་ཡིན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དག་ལ་དྲི་བར་བྱའི། ཁོ་བོ་ཅག་ལ་དྲི་བྱ་མ་ཡིན་ནོ། །འོ་ན་གལ་ཏེ་ཤེར་ཕྱིན་དང་ས་བཅུ་པའི་མདོ་སོགས་འདོན་པ་ལས་རྟེན་འབྲེལ་གྱི་དོན་མཐོང་ཞེས་གསུངས་པས་ལུང་ལ་བརྟེན་ནས་དྲི་བའི་ལན་བཤད་པར་རིགས་ཞེ་ན། བདག་ལྟ་བུས་ནི་ལུང་ལ་རང་དབང་དུ་བརྟེན་ནས་ལན་འདོན་མི་ནུས་ཏེ། ལུང་དོན་མངོན་དུ་མ་བྱས་པས་དེའི་དོན་རིགས་པའི་སྟོབས་ཀྱིས་སྨྲ་བར་དཀའ་བའི་ཕྱིར། འོན་ཀྱང་ལུང་དོན་མངོན་དུ་བྱས་པའི་བསྟན་བཅོས་ཚད་མའི་སྐྱེས་བུས་བྱས་པ་ཕྱིན་ཅི་མ་ལོག་པ་འཆད་པ་བདག་གིས་ཐོས་པ་ལུང་གི་དགོངས་པ་ཉིད་ཡང་དག་(༦༦བ)


K800_Page_140
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངེས་པས་ལན་གདབ་པར་ནུས་སོ་ཞེས་ཇི་ལྟར་ཤེར་ཕྱིན་ལ་སྤྱོད་པའི་སེམས་དཔའ་དེ་ཡིས་ཆེས་ཟབ་པའི་ཆོས་རྣམས་ཀྱི་ཆོས་ཉིད་རྟོགས་པ་དེ་ལྟར་དམ་པ་དག་གི་ལུགས་ལས་དེ་བཞིན་གཤེགས་པའི་ལུང་དང༌། གཞན་ཡང་རིགས་པས་བསྟན་བྱ་ཡིན་པས་ན་ཚུལ་དེ་ལྟར་འཕགས་པ་ཀླུ་སྒྲུབ་ཀྱིས་མཁྱེན་ནས་གསལ་བར་མཛད་པའི་གཞུང་ལུགས་ལས་ཇི་ལྟར་གནས་པའི་ལུང་རིགས་མན་ངག་གི་ལུགས་བཞིན་བདག་གིས་བརྗོད་པར་བྱའོ། །འོ་ན་དེ་བཞིན་གཤེགས་པའི་ལུང་དོན་མ་ནོར་བ་འཕགས་པ་ཀླུ་སྒྲུབ་ལ་ཡོད་པ་ཁྱོད་ཀྱིས་ངེས་པར་མི་ནུས་སོ་ཞེ་ན། དེ་ནི་བཅོམ་ལྡན་འདས་ཉིད་ཀྱི་ལུང་གིས་ངེས་པ་ཡིན་ཏེ། འཕགས་པ་ལང་གཤེགས་ལས། རྟོག་གེ་རྣམས་ཀྱི་ཡུལ་མིན་པ། །སོ་སོ་རང་རིག་ཡེ་ཤེས་ནི། །ཕྱི་མའི་དུས་སུ་གྱུར་པ་ན། །མགོན་པོ་སུ་ཞིག་འཛིན་འགྱུར་གསུངས། །བདེ་གཤེགས་མྱ་ངན་འདས་པའི་འོག །དུས་དག་འདས་ནས་འབྱུང་བ་ནི། །གང་ཞིག་བསྟན་པ་འཛིན་འགྱུར་ཏེ། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བཻ་དྷའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་བྱ་བ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ང་ཡི་བསྟན་པ་འཇིག་རྟེན་འདིར། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་སོགས་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་དུ་མ་ནས་འཕགས་པ་ཀླུ་སྒྲུབ་ཐེག་ཆེན་ངེས་དོན་གྱི་དགོངས་པ་མཐར་ཐུག་རྟོགས་ནས་དེ་དོན་འགྲེལ་ཞིང་གཞན་ལ་སྟོན་པར་འགྱུར་བའི་ལུང་བསྟན་མངའ་བརྙེས་པའི་ཕྱིར་རོ། །མདོར་ན་རྒྱལ་བའི་དགོངས་པ་འགྲོལ་བར་རློམ་པའི་གྲུབ་མཐའ་སྨྲ་བ་གསུམ་དང༌། གྱེས་པ་བཅོ་བརྒྱད་སོགས་(༦༧ན)


K800_Page_141
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་བྱུང་ཡང་དེ་དག་གིས་ནི་དགོངས་པ་དཔྱིས་ཕྱིན་ལོན་པ་མིན་ཏེ། དོན་ལ་མི་གནས་བཞིན་རྟོག་གེས་བཏགས་པའི་ཕྱིར། སློབ་དཔོན་ཀླུ་སྒྲུབ་ཀྱིས་འགྲེལ་ཚུལ་ནི་དེ་ལྟར་མིན་ཏེ། དེ་ཁོ་ན་ལྟར་ཡང་དག་པར་བརྗོད་པར་མཛད་པའི་ཕྱིར་ཏེ། ལང་གཤེགས་ལས། སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱིས་དངོས་པོ་མེད། །བཏགས་པ་དངོས་པོའི་ངོ་བོར་ནི། །རྟོག་གེ་པ་དག་རྟོག་པར་འགྱུར། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་པ། །རོ་དང་འདྲ་བས་འདི་དག་བཏགས། །ཞེས་གང་མངོན་པར་ཞེན་ནས་རྣམ་པར་གཞག་པ་དེ་སྙེད་ནི་དབུ་མའི་ལུགས་ལས་ཕྱི་རོལ་དུ་སྨྲ་བ་ཁོ་ནར་བས་སོ། །གཉིས་པ་ལ། ཉན་པ་པོའི་སྣོད་བརྟག་པ་དང༌། དེ་ལ་མཉན་པར་གདམས་པའོ། །དང་པོ་ལ། རྟགས་གསུམ་གྱི་སྒོ་ནས་སྐལ་ལྡན་ཕྱི་སྣོད་བརྟག དེ་ལ་སྟོང་ཉིད་བསྟན་པའི་ཕན་ཡོན་བཤད་པའོ། །དང་པོ་ནི། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང༌། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང༌། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །རྟེན་འབྱུང་སྟོང་པ་ཉིད་ཀྱི་ཆོས་ཚུལ་འདི་ནི། སྔར་སྟོང་པ་ཉིད་ཀྱི་ཚུལ་ལ་ཐོས་པ་དང་བསམ་པ་ལ་སོགས་པ་གོམས་པར་བྱས་པའི་སྐལ་ཅན་ཁོ་ན་ལ་བསྟན་པར་བྱའི། དེ་ལས་སྐལ་མེད་ལ་བསྟན་མི་རུང་སྟེ། དེས་མཉན་ཀྱང་དེ་ལ་ལོག་ཞུགས་ཀྱི་བསམ་པས་དོན་མིན་ཆེན་པོ་བསྐྱེད་པའི་ཕྱིར། ལོག་ཞུགས་ཀྱི་བསམ་པ་ནི་གཉིས་ཏེ། སྟོང་ཉིད་མེད་པའི་དོན་དུ་རྟོག་པ་དང༌། སྟོང་ཉིད་བདེན་པའི་ངོ་བོར་རྟོག་པའོ། །དང་པོ་ལ་ཡང་གཉིས་ཏེ། ཐེག་ཆེན་ལ་སྐུར་པ་འདེབས་པའི་སྡེ་པ་ལ་སོགས་མི་མཁས་པ་ཁ་ཅིག་སྟོང་པ་ཉིད་ཀྱི་དོན་མེད་དོ་ཞེས་སྟོང་ཉིད་སྟོན་པའི་རྒྱལ་བའི་བཀའ་རྣམས་དེས་གསུངས་པ་མིན་ཏེ། ཆད་པར་ལྟ་བའི་ལུང་(༦༧བ)


K800_Page_142
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། ཞེས་ཆོས་སྤོང་གི་ལས་བསགས་ནས་ངན་འགྲོར་འགྲོ་བར་འགྱུར་བའི་ཕྱིར། ཡུམ་ལས། སྔོན་སྤྱོད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང༌། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །ཞེས་སོ། །ཡང་རྫོགས་ཆེན་ར་རོག་ཕད་རོག་པ་སོགས་ཁ་ཅིག་ལྟར་སྟོང་ཉིད་ཀྱི་དོན་མེད་པར་བཟུང་སྟེ། དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པས་ལོག་ལྟ་འཕེལ་ནས་ངན་འགྲོ་སོགས་དོན་མིན་བསྐྱེད་དེ། རིན་ཆེན་ཕྲེང་བ་ལས། ཆོས་འདི་ལོག་པར་བཟུང་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་འཛའ། །འདི་ལྟར་མེད་པར་བལྟ་བ་ཡི། །མི་གཙང་དེར་ནི་བྱིང་བར་འགྱུར། །ཞེས་སོ། །སྟོང་ཉིད་བདེན་པའི་དོན་དུ་འདོད་པ་ལའང་ཚུལ་གཉིས་སུ་སྨྲ་བར་སྣང་སྟེ། ཤར་ཙོང་ཁ་པ་ཆེན་པོ་རྗེས་འབྲངས་དང་བཅས་པ་ནི་སྟོང་ཉིད་ཡོད་པས་དེའི་རྟེན་དངོས་པོའི་རང་བཞིན་ཡང་ཁས་ལེན་པར་བྱེད་པ་དང༌། ཇོ་ནང་པ་དང་ཤཱཀྱ་མཆོག་ལྡན་སོགས་བོད་ཕལ་ཆེར་སྟོང་ཉིད་བདེན་པར་གྲུབ་པ་ལས་དོན་དམ་པར་གཞན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་མེད་པར་སྨྲ་བས། དེ་གཉིས་ཀ་ཡང་ཐར་ལམ་ལས་ལོག་པར་ཞུགས་པའི་ཕྱིར། སྨན་པས་བོར་བའི་ནད་པ་བཞིན་གསོར་མི་རུང་བའི་ལྟ་བ་ཅན་དུ་གསུང་རབ་དགོངས་འགྲེལ་དང་བཅས་པ་དུ་མར་ལན་མང་དུ་གསུངས་པས། དེ་དག་ལ་སྟོང་ཉིད་བསྟན་པ་ནི་འབྲས་བུ་ཇི་ལྟར་འགྱུར་ན། དེའི་ཕྱིར་སློབ་དཔོན་གྱིས། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་གཟུང་ཉེས་དང༌། །རིག་སྔགས་ཉེས་པར་བསྒྲུབས་(༦༨ན)


K800_Page_143
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན། །ཞེས་དང༌། ལང་གཤེགས་ལས། བློ་གྲོས་ཆེན་པོ་དེས་འདི་ལ་དགོངས་ནས་བདག་ཏུ་བལྟ་བ་རི་རབ་ཙམ་ནི་བླའི། ཡོད་པ་དང་མེད་པ་ཉིད་དུ་མཐོང་བའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་ཆོས་ཚུལ་འདི་སྟོན་པོས་སློབ་མའི་སྐལ་བ་བརྟགས་ནས་བཤད་པར་བྱའོ། །སྐལ་བ་ཡོད་མེད་ནི་ཆོས་ཚུལ་དེ་བསྙད་པ་ན་ཕྱིའི་རྟགས་ཀྱིས་ངེས་པར་ནུས་ཏེ། སོ་སོ་སྐྱེ་བོའི་དུས་ནའང་གཞན་ལས་སྟོང་པ་ཉིད་ཀྱི་ཆོས་ཚུལ་ཐོས་ནས་ཀྱང་ནང་དུ་སྟེ་ཡིད་ལ་རབ་ཏུ་དགའ་བ་དང་དང་བའི་དད་པ་ཡང་དང་ཡང་དུ་འབྱུང་ཞིང༌། རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པ་དེ་ལ་རྫོགས་པའི་སངས་རྒྱས་ཀྱི་བློ་སྒྲིབ་བྲལ་གྱི་ཤེས་རབ་བྱང་ཆུབ་ཀྱི་ས་བོན་ཡོད་པ་ཡིན་ཏེ། དེས་ཀུན་མཁྱེན་གྱི་ཆེད་དུ་རྩོལ་ན་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར། དེས་ན་དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ་སྟེ། བསྟན་པ་ལས་འབྲས་བུ་འཆད་འགྱུར་གྱི་ཡོན་ཏན་རྣམས་འབྱུང་བའི་ཕྱིར། གཉིས་པ་ནི། དེ་ལ་དེ་ཡི་རྗེས་སུ་འགྲོ་བའི་ཡོན་ཏན་འབྱུང༌། །རྟག་ཏུ་ཚུལ་ཁྲིམས་ཡང་དག་བླངས་ནས་གནས་པར་འགྱུར། །སྦྱིན་པ་གཏོང་བར་འགྱུར་ཞིང་སྙིང་རྗེ་བསྟེན་པར་བྱེད། །བཟོད་པ་སྒོམ་བྱེད་དེ་ཡི་དགེ་བ་བྱང་ཆུབ་ཏུ། །འགྲོ་བ་དགྲོལ་བར་བྱ་ཕྱིར་ཡོངས་སུ་བསྔོ་བྱེད་ཅིང༌། །རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད། །ཉན་པོ་དེ་ལ་དེ་བསྟན་པས་དོན་མིན་མི་བསྐྱེད་པར་མ་ཟད། བསྟན་དོན་དེའི་རྗེས་སུ་འགྲོ་བའི་ཡོན་ཏན་ཐམས་ཅད་འབྱུང་བར་འགྱུར་རོ། །དེས་ན་ཆོས་ཚུལ་འདི་ལ་གཏེར་རྙེད་པ་ལྟར་དེ་མི་ཉམས་པའི་ཆེད་ཀྱི་ཡོན་ཏན་འདི་རྣམས་བསྟེན་པར་བྱེད་དེ། རྟག་ཏུ་མི་དགེ་བ་མཐའ་དག་སྤོང་བའི་ཚུལ་ཁྲིམས་ཡང་དག་བླངས་ནས་གནས་པར་འགྱུར་ཏེ། ཚུལ་འཆལ་གྱིས་ངན་འགྲོར་སྐྱེས་ན་སྟོང་ཉིད་ཀྱི་ལྟ་བ་རྒྱུན་ཆད་པའི་ཕྱིར། ཡང་སྦྱིན་པ་གཏོང་བར་འགྱུར་ཞིང་སྟེ་(༦༨བ)


K800_Page_144
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་ཀྱིས་བདེ་འགྲོར་གྱུར་ཀྱང་དབུལ་ན་ཟས་སོགས་འཚོ་ཆས་ལྷུར་བྱེད་པས་སྟོང་ཉིད་ཀྱི་ལྟ་བ་རྒྱུན་ཆད་པའི་ཕྱིར། ཡང་སྙིང་རྗེ་ཚད་མེད་པ་བསྟེན་པར་བྱེད་དེ། སྟོང་ཉིད་ཀྱི་ལྟ་བ་སྙིང་རྗེས་ཟིན་པས་འཚང་རྒྱ་བར་བྱེད་ཀྱི། གཞན་གྱིས་མ་ཡིན་པའི་ཕྱིར། ཡང་བཟོད་པ་སྒོམ་པར་བྱེད་དེ། ཁྲོ་བས་ངན་འགྲོར་འགྲོ་ཞིང་ཁ་དོག་ངན་པར་འགྱུར་ལ། རྐྱེན་དེས་འཕགས་པ་མ་མཉེས་ན་གདམས་པ་མི་ཐོབ་པས་སྟོང་ཉིད་ཀྱི་ལྟ་བ་ཆད་པའི་ཕྱིར། འདིར་གཟུགས་མི་མཛེས་པ་ནི་ཡིད་དུ་མི་འོང་བ་ཡིན་ལ། དེའང་ལས་ངན་བསགས་པ་རྣམས་དང་ཕྱོགས་གཅིག་པར་གནས་པས་འཕགས་པ་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལྷན་ཅིག་པར་མི་འཚོགས་ལ། འཕགས་པ་སྙིང་རྗེ་ཅན་དག་ལས་ཀྱིས་མནར་བའི་གཟུགས་ངན་དེར་གཤེགས་ཀྱང་དེ་དག་གིས་བསྙེན་པའང་ལས་ཀྱི་མཐུ་ངན་པས་བསྐལ་པར་རིག་པར་བྱའོ། །ཡང་སེམས་དཔའ་དེའི་དགེ་བ་ཐམས་ཅད་འགྲོ་བ་མ་ལུས་པ་བྱང་ཆུབ་ཏུ་བསྒྲལ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་ཅིང་སྟེ། དེར་མ་བསྔོས་པའི་དགེ་བ་ནི་སངས་རྒྱས་ཀྱི་རྒྱུ་འབྲས་མ་ཆད་པར་འབྱུང་བ་ཅན་མ་ཡིན་པའི་ཕྱིར། ཡང་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད་དེ། སེམས་དཔའ་ལས་གཞན་པས་རྟེན་འབྱུང་སྟོན་མི་ནུས་པའི་ཕྱིར། གཉིས་པ་ནི། ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི། །རིམ་གྱིས་རབ་ཏུ་དགའ་བའི་ས་ནི་འཐོབ་འགྱུར་བས། །དེ་ནི་དོན་དུ་གཉེར་བས་ལམ་འདི་མཉན་པར་གྱིས། །ཡུན་རིང་བར་མེད་དུ་དགེ་ཚོགས་བསགས་ནས་སྟོང་ཉིད་ཟབ་ཅིང་སྦྱིན་སོགས་རྒྱ་ཆེ་བའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི་ཚོགས་སྦྱོར་བགྲོད་ནས་རིམ་གྱིས་རབ་ཏུ་དགའ་བའི་ས་ནི་ཐོབ་པར་འགྱུར་བས། རབ་དགའི་ས་དེ་ནི་དོན་དུ་གཉེར་བས་འཆད་འགྱུར་གྱི་ལམ་འདི་མཉན་པར་གྱིས་ཤིག་གོ། །གསུམ་པ་ལ། བདག་མེད་གཉིས་ཀྱི་སྒོ་ནས་(༦༩ན)


K800_Page_145
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང༌། སྟོང་ཉིད་བཅུ་དྲུག་གི་སྒོ་ནས་བཤད་པའོ། །དང་པོ་ལ། བདག་མེད་གཉིས་སོ་སོར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། ཆོས་ཀྱི་བདག་མེད་དང༌། གང་ཟག་གི་བདག་མེད་པའོ། །


previousཡུལ་སྟོང་ཉིད་རྒྱས་པར་བཤད་པ།next