Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  collapse section
   
   
   
ཆོས་ཀྱི་བདག་མེད་བཤད་པ།
   
   
   
   
   
   
   
   
   
   
   
   
   


 
previousཆོས་ཀྱི་བདག་མེད་བཤད་པ།next

ཆོས་ཀྱི་བདག་མེད་བཤད་པ།


K800_Page_146
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། ལུང་དང༌། རིགས་པ་གཉིས་ལས། དང་པོ་ནི། ཆོས་རྣམས་ཀྱི་ཡང་དག་པ་ཉིད་ཇི་ལྟ་བ་བསྟན་པ་འདི་ལ་རེ་ཞིག་ལུང་ནི། འཕགས་པ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་ལམ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་སྟེ། དེ་ཆོས་མཉམ་པ་ཉིད་བཅུས་འཇུག་གོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་དང༌། དེ་བཞིན་དུ་སྐྱེ་བ་མེད་པ་དང༌། མ་སྐྱེས་པ་དང༌། དབེན་པ་དང༌། གདོད་མ་ནས་རྣམ་པར་དག་པ་དང༌། སྤྲོས་པ་མེད་པ་དང༌། བླང་བ་མེད་པ་དང་དོར་བ་མེད་པ་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་མིག་ཡོར་དང་བྲག་ཆ་དང་ཆུ་ཟླ་དང་གཟུགས་བརྙན་དང་སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པར་མཉམ་པ་ཉིད་དེ། དེ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་རབ་ཏུ་རྟོགས་པ་ན་རྣོ་ཞིང་རྗེས་སུ་མཐུན་པའི་བཟོད་པས་བྱང་ཆུབ་སེམས་དཔའི་ས་དྲུག་པ་མངོན་དུ་གྱུར་པ་རྗེས་སུ་ཐོབ་སྟེ། ཞེས་གསུངས་པ་ལྟ་བུའོ། །འདིར་ཆོས་ཀྱི་བདག་མེད་དང་པོར་བསྟན་པའི་རྒྱུ་མཚན་ཡོད་དེ། ས་དྲུག་པར་སེམས་དཔས་རྟེན་འབྲེལ་གྱི་དེ་ཉིད་མཐོང་བ་ལས་འཕྲོས་པའི་ཕྱིར་དང༌། རབ་དགའ་དོན་གཉེར་གྱིས་(༦༩བ)


K800_Page_147
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འདི་མཉན་པར་གྱིས་ཞེས་བྱང་འཕགས་ཀྱི་དབང་དུ་བྱས་པའི་ཕྱིར་དང༌། ཆོས་རྣམས་ཀྱི་དེ་བཞིན་ཉིད་རྟོགས་ན་གང་ཟག་གི་བདག་ལྟའི་འཁྲུལ་གཞི་རྣམས་ཀྱང་རང་བཞིན་མེད་པར་རྟོགས་ནས་སྒྲིབ་གཉིས་སྤོང་བར་བྱེད་པས་གཙོ་བོར་སྨོས་པའི་ཕྱིར། འོ་ན་ཆོས་ཀྱི་བདག་མེད་བསྟན་པ་དེ་ཉིད་ཀྱིས་དགོས་དོན་གྲུབ་པས་གང་ཟག་གི་བདག་མེད་བསྟན་པ་དོན་མེད་དོ་ཞེ་ན། མ་ཡིན་ཏེ། དབང་པོ་རྟུལ་པོ་དག་བསྟན་པ་ལ་རིམ་གྱིས་འཇུག་པའི་ཕྱིར་དང༌། ཉན་རང་གི་གང་ཟག་དག་གི་རྣམ་པར་གྲོལ་བའི་འཇུག་ངོགས་སུ་བསྟན་པའི་ཕྱིར་རོ། །གཉིས་པ་ལ། མཐའ་བཞིའི་སྐྱེ་བ་རྒྱས་པར་དགག་པ་དང༌། ཀུན་རྫོབ་པའི་སྐྱེ་བ་རྟེན་འབྲེལ་དུ་བསྟན་པ་དང༌། རིགས་པས་རྣམ་པར་དཔྱད་པའི་དགོས་པ་བཤད་པའོ། །དང་པོ་ལ། མཐའ་བཞིའི་སྐྱེ་བ་དགག་པ་དངོས་དང༌། བཀག་པ་ལ་འགལ་བ་སྤང་བའོ།།དང་པོ་ལ། སྐྱེ་མེད་ཀྱི་དམ་བཅའ་རྗེས་སུ་བརྗོད་པ་དང༌། མཐའ་བཞིའི་སྐྱེ་བ་དགག་པའི་རིགས་པ་རྒྱས་པར་བཤད་པ་དང༌། དེ་ཉིད་ཀྱི་ཕྱིར་ཆོས་རྣམས་རང་བཞིན་མེད་པར་བསྟན་པའོ། །དང་པོ་ནི། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །གཉི་ག་ལས་ཀྱང་མ་ཡིན་རྒྱུ་མེད་པར་ནི་ག་ལ་ཡོད། །མཉམ་ཉིད་བཅུའི་ལུང་གི་དང་པོ་བརྒྱད་དོན་དམ་དུ་མཉམ་པ་ཉིད་དང༌། དགུ་པ་སྒྱུ་མ་སོགས་དཔེ་བདུན་གྱིས་བསྟན་པ་ནི་ཀུན་རྫོབ་ཏུ་མཉམ་པ་ཉིད་དང༌། ཐ་མ་ནི་བདེན་པ་གཉིས་ཅར་མཉམ་པ་ཉིད་དུ་འཆད་པ་ལས་སྐྱེ་མེད་དུ་མཉམ་པ་ཉིད་རིགས་པའི་ལམ་ནས་བསྟན་པས། མཉམ་ཉིད་གཞན་རྣམས་བསྟན་པར་སླ་བས། སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ཀྱི་དང་པོར།བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་(༧༠ན)


K800_Page_148
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཅེས་ཉེ་བར་བཀོད་པའི་དོན་ནི། བདག་ལས་བརྟེན་པ་ཕྱི་ནང་གི་དངོས་པོ་གང་དག་རྟེན་ཡུལ་དང༌། དུས་དང༌། གྲུབ་པའི་མཐའ་གང་ན་ཡང་སྐྱེ་བ་ནམ་ཡང་སྟེ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་གཞན་གསུམ་ལའང་སྦྱར་རོ། །མ་ཡིན་ཅེས་པ་ནི་བདག་ལས་མ་ཡིན་ཅེས་སོགས་དང་སྦྲེལ་གྱི། བདག་ལས་སྐྱེ་བའི་ཡོད་པ་དང་ནི་མ་ཡིན་ནོ་ཞེས་སྦྲེལ་བར་བྱེད་པ་མ་ཡིན་ཏེ། རྒྱུ་བཀག་པས་འབྲས་བུ་དགག་པ་དོན་གྱིས་འགྲུབ་པའི་ཕྱིར། གཞུང་འདི་སློབ་དཔོན་ཀཱ་མ་ལ་ཤཱི་ལ་སོགས་རྡོ་རྗེ་གཟེགས་མའི་གཏན་ཚིགས་ལ་སྦྱར་ནས་འཆད་དེ། དབུ་མ་སྣང་བ་ལས། འདི་ལྟར་གང་དག་དོན་དམ་པར་རང་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་དང་རྒྱུ་མེད་པ་ལས་སྐྱེ་བ་དང་བྲལ་བ་དེ་དག་ནི་ཡང་དག་པར་ངོ་བོ་ཉིད་མེད་པ་ཡིན་ཏེ། དཔེར་ན། ནམ་མཁའི་པདྨ་ལ་སོགས་པ་ལྟ་བུའོ། །རང་དང་གཞན་གྱིས་ཡང་དག་པར་ཡོད་པར་སྨྲས་པའི་དངོས་པོ་ཐམས་ཅད་ཀྱང་དེ་དང་འདྲ་བ་ཁོ་ན་ཡིན་ནོ། །ཞེས་དང༌། དེ་ལྟ་བས་ན། རང་དང་གཞན་གྱིས་སྨྲས་པའི་དངོས་པོའི་བྱེ་བྲག་མ་ལུས་པ་དག་གཞོམ་པའི་ཕྱིར་བདག་ཉིད་ཆེན་པོ་རྣམས་ཀྱིས་རྡོ་རྗེའི་གཟེགས་མ་ཐོགས་པ་མེད་པ་བཞི་པོ་འདི་དག་རབ་ཏུ་གསུངས་པའི་ཕྱིར་ལམ་འདི་ཐམས་ཅད་ཀྱིས་འགལ་བར་མི་བྱེད་པ་ཉིད་དེ། ཞེས་གཞུང་འདི་དང་སྦྱོར་རོ། །སློབ་དཔོན་ལེགས་ལྡན་བྱེད་ལ་སོགས་པ་སྐྱེ་བ་འགོག་པ་རང་རྒྱུད་ཀྱི་དམ་བཅའ་བཞི་ལ་སྦྱར་ནས་གཏན་ཚིགས་དང་དཔེ་ཟུར་ནས་ཁ་སྐོང་བར་བྱེད་དོ། །དེ་ལྟ་མོད་ཀྱི་སློབ་དཔོན་སངས་རྒྱས་བསྐྱངས་དང༌། འདིར་སློབ་དཔོན་གྱི་འགྲེལ་ཆེན་གཉིས་ཀྱིས་མཐའ་བཞིའི་སྐྱེ་(༧༠བ)


K800_Page_149
[མ་དཔེ་གཟིགས་ན་འདིར་གནོན།]

བ་འགོག་པའི་ཐལ་འགྱུར་གྱི་དམ་བཅའ་བཞི་ལ་སྦྱར་ནས་རིགས་པ་ཟུར་ནས་ཁ་སྐོང་བར་མཛད་པ་ཉིད་ལེགས་ཏེ། འཕགས་པའི་དགོངས་པ་རང་རྒྱུད་ཡིན་པ་མི་འཐད་པའི་ཕྱིར། དེ་ལྟར་དམ་བཅའ་བཞི་པོ་དང་པོར་བརྗོད་ནས་དེ་རིགས་པས་སྒྲུབ་པ་ནི། བདག་ལས་སྐྱེ་བ་མིན་ཏེ། དེ་ཉིད་དེ་ལས་འབྱུང་མིན་ཕྱིར། ཞེས་དང༌། གཞན་ལས་མིན་ཏེ། རང་ལས་མི་འབྱུང་ན་གཞན་དག་ལས་ལྟ་ག་ལ་ཞིག་པའི་ཕྱིར་དང༌། གཉིས་ཀ་ལས་མིན་ཏེ། རེ་རེ་ནས་མ་ཡིན་ན་གཉིས་ཀ་ལས་ཀྱང་མ་ཡིན་པའི་ཕྱིར་དང༌། རྒྱུ་མེད་མིན་ཏེ། རྒྱུ་མེད་པར་ནི་ག་ལ་ཡོད་སྲིད་པའི་ཕྱིར། ཞེས་སོ། །ཅི་དམ་བཅའ་བཞི་པོ་འདི་སློབ་དཔོན་གྱིས་སྔར་བསྒྲུབས་ཟིན་པ་མ་ཡིན་ནམ། འདིར་ཡང་སྒྲུབ་ཅི་དགོས་ཞེ་ན། སློབ་དཔོན་གྱིས་ནི། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །ཅེས་སོགས་གཙོ་བོར་གཞན་སྐྱེ་འགོག་པའི་རིགས་པ་ཙམ་ཞིག་སྐབས་འདིར་བསྟན་གྱི། གཞན་གསུམ་རྒྱས་པར་མ་བསྟན་ལ། འདིར་ནི་གཞན་གསུམ་བསྟན་པ་དང༌། གཞན་སྐྱེ་འགོག་པ་ལའང་རིགས་པའི་རྣམ་གཞག་གཞན་བསྟན་པའི་ཕྱིར་བཀོད་པ་ཡིན་ནོ། །འོ་ན་ཅིའི་ཕྱིར་སློབ་དཔོན་གྱིས་བདག་ལས་སྐྱེ་བ་སོགས་འགོག་པའི་རིགས་པ་སྐབས་འདིར་སྟོན་པར་མི་མཛད་ཅེ་ན། བདག་སྐྱེ་སོགས་ནི་ཕྱི་རོལ་པ་རྣམས་ཀྱི་འདོད་པ་ཡིན་ལ། དེ་དག་ཀྱང་རང་གི་སྡེ་པ་དག་གིས་སྔར་བཀག་ཟིན་པའི་ཕྱིར་ཏེ། རིགས་པ་དྲུག་ཅུ་པ་ལས། རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱི། །རིགས་པ་གང་གིས་ཡོད་ཉིད་ཀྱང༌། །བཟློག་པར་འགྱུར་བ་མཉན་པར་གྱིས། །ཞེས་པ་ལྟར་རོ། །སློབ་དཔོན་ཉིད་ཀྱིས་(༧༡ན)


K800_Page_150
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། བདག་གིས་བྱས་དང་གཞན་གྱིས་བྱས་པ་བརྟགས་པ་སོགས་སུ་གསུང་བར་འགྱུར་བས་མ་བཀོད་པ་ཡིན་ནོ། །འདིར་བཀོད་པ་ནི་གྲོལ་བ་དོན་གཉེར་དེ་བཞིན་གཤེགས་པའི་གསུང་རབ་དང༌། དབུ་མའི་བསྟན་བཅོས་ལ་འཇུག་པ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་དང༌། རིགས་པའི་རྣམ་པ་ལྷག་པོ་གཞན་བསྟན་པའི་ཕྱིར། སྐྱེ་བ་འགོག་པ་ལ་དམ་བཅའ་བཞི་པོ་འདི་ཙམ་གྱིས་འགོག་ནུས་པ་ཡིན་ཏེ། གཞན་གྱིས་བཏགས་པའི་སྐྱེ་བ་བདེན་སྨྲ་ལ་སྐྱེ་བའི་རྣམ་པ་བཞི་པོ་འདི་ལས་གཞན་མི་སྲིད་པའི་ཕྱིར། འདིར་མཐའ་བཞིའི་སྐྱེ་བ་དོན་དམ་དུའམ་ཐ་སྙད་དུ་འགོག་ཅེ་ན། རང་རྒྱུད་པ་དག་དོན་དམ་པར་འགོག་པར་འདོད་མོད་ཀྱི། དེ་ནི་མི་རིགས་པར་འོག་ཏུ་འཆད་ལ། དེས་ན་བདེན་པ་གཉིས་ཀར་འགོག་པ་ཡིན་ནོ། །འོ་ན་སྐྱེ་བ་ཐ་སྙད་དུ་ཡོད་པ་མ་ཡིན་པར་འགྱུར་ཏེ། མཐའ་བཞི་ལས་མི་སྐྱེ་བའི་ཕྱིར་སྙམ་ན། དཔེར་ན། རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་ལ་སོགས་པ་དེ་དག་རབ་རིབ་མེད་པའི་མིག་དག་པ་ལ་ཐ་སྙད་དུ་ཡོད་པ་མ་ཡིན་པ་བཞིན་དུ། འདིར་ཡང་ཐ་སྙད་པའི་སྐྱེ་བ་ཞེས་བྱ་བ་དེ་བཞིན་གཤེགས་པས་མ་གཟིགས་ཤིང་འཕགས་པ་འོག་མ་རྣམས་ཀྱི་མཉམ་གཞག་གི་གཟིགས་ངོ་ན་ཐ་སྙད་དུའང་ཡོད་པ་མ་ཡིན་ལ། རིགས་པས་དཔྱད་ན་ཡང་ཐ་སྙད་དུ་ཡོད་པ་མ་ཡིན་ཅིང༌། མེད་པའང་མ་ཡིན་མོད་ཀྱི། དེ་ལྟར་ན་ཡང་འཇིག་རྟེན་གཞུག་པའི་དགོས་པའི་དབང་དང༌། ལས་འབྲས་ཀྱི་འབྲེལ་པ་མི་ཉམས་པར་བྱ་བའི་ཕྱིར། གཞན་ངོར་ཐ་སྙད་པའི་སྐྱེ་བ་རྣམ་པར་གཞག་པའི་ཚེ་ནི་རྨི་ལམ་དང་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པའི་སྐྱེ་བ་བཞིན་དུ་མཐའ་བཞི་དང་བྲལ་བའི་རྟེན་ཅིང་(༧༡བ)


K800_Page_151
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བར་འབྱུང་བ་ཙམ་ཞིག་ལ་གཞན་ངོར་ཁས་ལེན་པར་བྱེད་ཀྱང༌། དེ་ཐ་སྙད་དུའང་སྐྱེ་བ་མ་ཡིན་པར་ཐལ་བས་མི་གནོད་དེ། དེ་ཁས་ལེན་པའི་ཚེ་ནི་རིགས་པས་1དཔྱད་པ་མི་བྱེད་ལ། རིགས་པས་དཔྱད་པ་བྱེད་པའི་ཚེ་ན་ཁས་མི་ལེན་པའི་ཕྱིར། དེས་ན་མཐའ་བཞི་དང་བྲལ་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དེ་ནི་སྟོང་པ་ཉིད་དང༌། དབུ་མའི་ལམ་དང༌། ལྟ་བ་ཐམས་ཅད་ཀྱི་གཉེན་པོ་ཡིན་པས་དེ་གཞན་ངོར་ཐ་སྙད་ཙམ་དུ་ཁས་ལེན་པ་དང༌། ཐ་སྙད་དུ་ཡང་སྐྱེ་བ་མ་ཡིན་པ་སོགས་སྨྲ་བ་ལ་ནི་འགལ་བ་མེད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་དཔྱད་ན་ཡང་མཐའ་བཞི་དང་བརྒྱད་ལ་སོགས་པའི་ལྟ་བ་ངན་པའི་དྲ་བ་ཐམས་ཅད་དང་བྲལ་བ་ཡིན་པའི་ཕྱིར་རོ། །དེས་ན་མཐའ་བཞི་གང་རུང་ལས་སྐྱེ་བར་སྨྲ་བ་ནི་རྟེན་འབྲེལ་སྨྲ་བ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་སཱ་ལུ་ལྗང་པའི་མདོ་ལ་སོགས་པ་གསུང་རབས་དུ་མར་མཐའ་བཞིའི་སྐྱེ་བ་བཀག་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་གསུངས་པའི་ཕྱིར་དང༌། སློབ་དཔོན་གྱིས་ཀྱང༌། སྡུག་བསྔལ་རང་གིས་བྱས་པ་དང༌། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་རྟོག་གེ་པ་ཡིས་བརྟགས། །ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས། །ཞེས་བསྟོད་པའི་ཕྱིར། དེས་ན་གང་རྟེན་འབྲེལ་སྨྲ་བ་དེ་ནི་ཕྱོགས་འཛིན་ཐམས་ཅད་དང་བྲལ་ཞིང་མཐར་འཛིན་གྱི་ལྟ་བ་ཐམས་ཅད་ཀྱི་གཉེན་པོ་དབུ་མའི་ལམ་སྨྲ་བ་ཡིན་པས་རང་གཞན་གྱི་སྡེ་པས་མཐའ་བཞི་གང་རུང་གི་སྐྱེ་བ་ཁས་ལེན་པ་དང༌། མཐའ་བརྒྱད་གང་རུང་གི་ལྟ་བ་ཁས་ལེན་པ་དེ་ནི་རྟེན་འབྲེལ་སྨྲ་བ་མ་ཡིན་ལ། སྟོང་པ་ཉིད་སྨྲ་བ་དང་དབུ་མའི་ལམ་སྨྲ་བའང་མ་ཡིན་ནོ། །དེས་ན་རྟེན་འབྱུང་དུ་སྨྲ་བ་དེ་ནི་བདེན་པ་གཉིས་ཀར་མཐའ་(༧༢ན)


K800_Page_152
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་བརྒྱད་སོགས་གང་དུ་ཡང་མ་ལྷུང་བས་གང་ལའང་མངོན་པར་ཞེན་པ་མེད་པའི་ཕྱིར། དོན་དམ་བདེན་པ་ལས་མི་ཉམས་པ་ཡིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་ཐམས་ཅད་འདི་ལ་མི་འཐད་པ་མེད་པའི་ཕྱིར། ཀུན་རྫོབ་ཀྱི་བདེན་པ་ལས་ཀྱང་མ་ཉམས་པ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་གྱིས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མ་ཡིན། །ཞེས་གསུངས་སོ། །འོ་ན་རྟེན་འབྲེལ་སྨྲ་བ་བདེན་པ་གཉིས་ལས་མི་ཉམས་པར་སྨྲ་བ་པོ་དེ་དབུ་མ་པ་ཡིན་ནམ། དབུ་མ་པ་ལས་གཞན་ཞིག་ཡིན་ཅེ་ན། འདི་ལ་ཐལ་རང་གཉིས་སྨྲ་ཚུལ་མི་མཐུན་ཏེ། རང་རྒྱུད་པས་རྟེན་འབྲེལ་སྨྲ་བ་པོ་དེ་དོན་དམ་པར་དབུ་མ་པར་མི་འདོད་ཀྱང་ཐ་སྙད་དུ་དབུ་མ་པ་དང༌། དེའི་ཚེ་རློམ་ཚོད་དབུ་མ་པར་རློམ་ཡང་སོང་ཚོད་དབུ་མ་པར་མ་སོང་ངོ་ཞེས་སྨྲ་ལ། ཐལ་འགྱུར་བས་ནི་རྟེན་འབྲེལ་སྨྲ་བ་པོ་དེ་གཞན་གྱིས་དབུ་མ་པར་འཕུལ་ནས་དེར་འདོགས་ཀྱང༌། ཐལ་འགྱུར་བ་ཉིད་དེས་སྨྲ་ཚུལ་ལ་ཇི་ལྟར་དགོས་བྱུང་ཡང་ཞེན་དོན་ལ་བདེན་པ་གཉིས་ཀར་དབུ་མ་པ་ཡིན་མིན་གང་དུའང་མི་འདོད་ཅིང༌། སོང་ཚོད་ལ་དབུ་མ་པར་མ་སོང་བར་མ་ཟད། སློམ་ཚོད་ལའང་དབུ་མ་པར་རློམ་པར་མི་བྱེད་དོ། །འོ་ན་དེའི་ཚེ་ཐལ་འགྱུར་བ་དེ་ཇི་ལྟ་བུ་ཞིག་ཅེ་ན། དེ་ཡང་གཞན་གྱིས་འཕུལ་ནས་ཐལ་འགྱུར་བར་བཏགས་པ་ལས། ཐལ་འགྱུར་བ་ཉིད་ཅེས་ཐལ་འགྱུར་བ་ཉིད་ཀྱིས་ཐལ་འགྱུར་བར་ཁས་བླངས་པ་མ་ཡིན་ནོ། །འོ་ན་ཁྱེད་ཅག་ཐལ་འགྱུར་བ་ཞེས་བརྗོད་པ་ཅི་ཞེ་ན། དེ་ནི་ཁྱེད་དང་རྩོད་སྐབས་འབྱེད་པའི་ཆེད་དུ་ཁྱེད་ཀྱིས་དེར་འདོག་ཀྱིན་(༧༢བ)


K800_Page_153
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པའི་རྗེས་བརྗོད་བྱས་པ་མ་གཏོགས་དེ་ལྟ་བུའི་རྩོད་པས་མི་བརྫི་བའི་རྩོད་པ་ལས་གྲོལ་སྐབས་ན། བདག་དབུ་མ་པའོ་ཞེས་སྨྲ་བསམ་གྱི་བརྗོད་པ་དང་བྲལ་ལ། རྩོད་སྐབས་ཉིད་དུའང་སྨྲ་བསམ་གྱི་བརྗོད་པ་དང་བྲལ་ཡང་དེར་བརྗོད་པར་སྣང་བ་ནི་སྒྲ་བརྙན་གྱི་སྒྲ་བཞིན་ནོ། །འདི་ལྟ་བུའི་ཞིབ་ཆ་ཕྱེད་པ་ནི་དབུ་མའི་རྟོགས་པ་མ་ནོར་བར་ཐུགས་ལ་འཁྲུངས་ནས་གྲུབ་པར་སྨྲ་བ་ཁོ་བོའི་རྗེ་རས་པ་ཆེན་པོ་ཙམ་མ་གཏོགས་གངས་ཅན་གྱི་ཕྱོགས་འདིར་མ་བྱུང་བ་ལྟ་བུར་སྣང་ངོ༌། །དེ་ལྟར་ན་དབུ་མ་དང་དབུ་མ་པ་ཞེས་བྱ་བ་ཐ་སྙད་དུའང་གཞི་མ་གྲུབ་པར་འགྱུར་རོ་ཞེ་ན། ཁོ་བོ་ཅག་ཐ་སྙད་མ་དཔྱད་པའི་དོན་གྲགས་ངོ་དང་བསྟུན་ནས་རྗེས་བརྗོད་ལས་ཐ་སྙད་དུ་གྲུབ་མ་གྲུབ་ཀྱིས་ཅི་སྟོ། དཔྱད་ན་ནི་ཁྱེད་ཅག་ཐ་སྙད་གཞི་བཅས་དང་ཐ་སྙད་གཞི་མེད་སེམས་པ་རྣམས་ལ་རག་མོད། ཁོ་བོ་ནི་དེ་དག་གི་རྣམ་རྟོག་གི་རྟོག་གེ་ལས་ཡང་དག་པར་འདས་པའི་རྣལ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་སོན་ཏོ། །དེའི་ཚེ་མཐར་སོན་པོ་དེ་གང་ཞེ་ན། དེ་ཙམ་ནས་ཚིག་གི་ལམ་ཆད་ཟིན་པས་ཁོ་བོ་དང་ཁྱེད་ཅག་གཉིས་བརྗོད་བྱ་དང་རྗོད་བྱེད་ཀྱི་ལན་འདེབས་དང་བྲལ་བས་བརྗོད་མེད་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཀློང་དུ་ཆུད་པས་ལན་ཇི་ལྟར་འདེབས། དེས་ན་འདི་ལྟའི་གནད་ཁོང་དུ་ཆུད་ནས་རྟོགས་པ་རྡོ་རྗེའི་གླུར་བླངས་པ་ནི། རྒྱལ་བ་སྦོམ་བྲག་པས། གནས་ལུགས་ཀྱི་ངེས་དོན་འཚོལ་འདོད་ན། །མི་རོ་ལ་ནམ་མཁའ་སེམས་སུ་ཆུག །ཁོང་དུ་ཆུད་ན་དེ་ཉིད་ཡིན། །རྟོག་དཔྱོད་ཅན་གྱིས་དེ་མི་ཤེས། །ཉམས་མྱོང་ཅན་གྱིས་དེ་མི་མྱོང༌། །རྟོག་པ་ཅན་གྱིས་དེ་མི་རྟོགས། །མི་རྟོག་ཙམ་ཡང་མ་ཡིན་ཏེ། །ཅི་ཡང་མ་འདྲེས་ས་ལེར་ཤེས། །འགལ་འདུ་མཁན་(༧༣ན)


K800_Page_154
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྟོག་གེ་ལ། །ཟབ་མོའི་དོན་དེ་མི་འཐད་ཀྱང༌། །འགལ་འདུའི་འཆིང་ལས་གྲོལ་བ་ལ། །ཅི་ཡང་བདེ་ལ་ཅི་ཡང་ཉན། །འཕུར་ཤེས་ཀྱི་བྱ་ལ་ནམ་མཁའ་བདེ། །འཕྱོ་ཤེས་ཀྱི་ཉ་ལ་ཆུ་བོ་བདེ། །ཞེས་འབྱུང་བ་ལྟར་རོ། །ཁ་ཅིག་དབུ་མ་པ་ལ་དམ་བཅའ་ཡོད་ཟེར་བ་ནི་མི་འཐད་དེ། དམ་བཅའ་དང་ཁས་ལེན་དང་འདོད་པ་རྣམས་ནི་ཕྱོགས་གང་ཡང་རུང་བ་ལ་མངོན་པར་ཞེན་པ་དང༌། དངོས་པོ་ལ་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་ན། བདེན་པ་གཉིས་ཀ་ཡང་རིགས་པས་དཔྱད་ན་རྙེད་པ་རྡུལ་ཕྲ་རབ་ཀྱི་ཆ་ཤས་བརྒྱ་སྟོང་དུ་བགོས་པ་ཙམ་ཡང་མེད་ཅིང༌། འཕགས་པའི་མཉམ་གཞག་ལ་རྣམ་པར་རྟོག་པ་གང་ཡང་མི་མངའ་བས་དབུ་མ་པས་ཕྱོགས་གང་ཡང་ཁས་བླངས་པ་མེད་པའི་ཕྱིར། གང་རུང་ཞིག་ཁས་བླངས་ཤིང༌། མངོན་ཞེན་ཡོད་ན་ནི་དབུ་མ་པར་མི་འགྱུར་གྱི། ཕྱོགས་སུ་ལྷུང་བ་དང་མཐར་ལྷུང་བ་ཉིད་དུ་འགྱུར་རོ། །འོན་ཏེ་དོན་དམ་པར་མེད་ཀྱང་ཐ་སྙད་ཙམ་དུ་ཡོད་དོ་ཞེ་ན། འདི་ལ་ནི་གོང་དུ་ཐ་སྙད་པའི་སྐྱེ་བ་དཔྱོད་པའི་སྐབས་སུ་བསྟན་ཟིན་ཅིང༌། དབུ་མ་པས་ནི་ཐ་སྙད་དུའང་ཆོས་ཐམས་ཅད་རྟེན་འབྲེལ་ཙམ་དང༌། སྟོང་ཉིད་ནི་ཐ་སྙད་དུ་ཡང་སྤྲོས་པ་དང་ཕྱོགས་སུ་འཛིན་པ་ཐམས་ཅད་དང་བྲལ་བར་བྱེད་པ་ཡིན་གྱི། ཕྱོགས་འཛིན་འགའ་ཞིག་འཕེལ་བར་བྱེད་པ་ནི་མ་ཡིན་ཏེ། ཕྱོགས་འཛིན་འགའ་ཞིག་དང་མ་བྲལ་ཞིང་འཕེལ་བར་བྱེད་ན་དབུ་མའི་ལམ་དུ་མི་རུང་ལ། དབུ་མའི་ལམ་མ་ཡིན་ན་སྤྲོས་པ་ཐམས་ཅད་ཞི་བར་བྱེད་པར་མི་འཐད་པའི་ཕྱིར། འོན་ཏེ་ཆོས་ཐམས་ཅད་རྟེན་འབྲེལ་དང་སྟོང་ཉིད་དུ་སྨྲ་བ་དེ་ཉིད་ཐ་སྙད་དུ་དམ་བཅའ་མ་ཡིན་ནམ། གཞན་ཡང་གཞུང་ནས་མཐའ་བཞིའི་སྐྱེ་བ་འགོག་པའི་དམ་བཅའ་(༧༣བ)


K800_Page_155
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མང་དུ་བྱུང་བ་རྣམས་དམ་བཅའ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདི་དག་ནི་མཐའ་བཞི་ལས་སྐྱེ་བར་སྨྲ་བ་སོགས་དངོས་པོ་ལ་མངོན་པར་ཞེན་པ་རྣམས་ཀྱི་ལོག་རྟོག་བཟློག་པའི་ཕྱིར་དེ་དག་གི་འཁྲུལ་ངོར་བྲག་ཆ་བཞིན་དུ་སྒྲ་ཙམ་ཞིག་གིས་རྗེས་སུ་བཟུང་བར་ཟད་ཀྱི། རང་ལ་མངོན་པར་ཞེན་ནས་རང་ལུགས་སུ་གཞག་པ་གང་ཡང་མེད་པའི་ཕྱིར། གཞན་ངོར་སྨྲས་པ་ཙམ་གྱིས་དེ་བཞིན་གཤེགས་པ་དང་དབུ་མ་པ་ལ་དམ་བཅའ་ཡོད་པར་འགྱུར་ན། དེ་དག་གི་དམ་བཅའ་ཐམས་ཅད་ནང་འགལ་དང༌། རིགས་པའི་གནོད་པ་འབབ་པར་འགྱུར་ཏེ། གདུལ་བྱ་མཐའ་ཡས་པ་མངོན་ཞེན་བཟློག་པའི་ཕྱིར་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་མིན་སོགས་མཐའ་ཡས་པ་གསུངས་ཤིང༌། རིགས་པ་མཐའ་ཡས་པ་བཀོད་པའི་ཕྱིར། དེ་ལྟར་ན་དེ་བཞིན་གཤེགས་པ་དང་དབུ་མ་པས་གཞན་འཁྲུལ་ངོར་དགག་པར་མི་ནུས་ཏེ། རང་གི་དམ་བཅའ་ལ་ནང་འགལ་དང་རིགས་པས་གནོད་པ་མཐའ་ཡས་པ་ཡོད་པའི་ཕྱིར། ཁ་ཅིག་དེ་བཞིན་གཤེགས་པ་ལ་མི་འཇིགས་པ་བཞིའི་རང་ལུགས་ཀྱི་དམ་བཅའ་ཡོད་ཟེར་བ་ནི་རྣམ་པར་འཁྱམས་ཏེ། དེ་བཞིན་གཤེགས་པས་གཞན་གྱི་འཁྲུལ་པའི་སྨྲ་བསམ་གྱི་བསླུ་བ་བསལ་བའི་ལམ་བསྟན་ནས་དེ་ལ་མི་བསླུ་བར་གསུངས་སོ། །མི་འཇིགས་པར་དམ་བཅས་སོ། །ཞེས་གཞན་གྱི་ངོར་དེ་སྐད་དུ་སྒྲོ་བཏགས་ནས་གདུལ་བྱའི་བསོད་ནམས་ཀྱི་དབང་གིས་གྲགས་པ་ཙམ་དུ་ཟད་ཀྱི། དེ་བཞིན་གཤེགས་པ་ནི་འཇིགས་པ་དང་མི་འཇིགས་པའི་དམ་བཅའ་མི་བཅའ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར། དེ་ལྟ་མིན་པར་དེ་བཞིན་གཤེགས་པས་དམ་བཅའ་རང་བདེན་པ་བཅའ་བ་ཞིག་ན་ང་ནི་བསྙེངས་པ་དང་(༧༤ན)


K800_Page_156
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའོ་ཞེས་ངར་འཛིན་རང་བདེན་པའང་ཡོད་པར་འགྱུར་ཞིང༌། དེ་ལྟར་ན་གང་ངར་འཛིན་དང་དམ་བཅའ་ལ་ནང་འགལ་དང་རིགས་པས་གནོད་བྱེད་ཡོད་པ་དེ་ནི་ཐམས་ཅད་མཁྱེན་པར་མི་འཐད་དེ། སེར་སྐྱ་དང་གཟེགས་ཟན་ལ་སོགས་པ་བཞིན་ནོ། །དེས་ན་དབུ་མ་པ་ལ་དམ་བཅའ་མེད་ཀྱང་གཞན་ངོར། ཡོད་པ་དང༌། མེད་པ་དང༌། གཉིས་ཀ་དང༌། གཉིས་ཀ་མ་ཡིན་པ་སོགས་དང༌། རྟེན་འབྲེལ་དང་སྟོང་པ་ཉིད་ལ་སོགས་པ་མིང་ཙམ་བརྡ་ཙམ་ཐ་སྙད་ཙམ་དུ་སྨྲས་པ་ལ་འགལ་བ་མེད་དེ། སྨྲས་པ་དེ་ཉིད་ཕྱོགས་འཛིན་དང༌། དམ་བཅའ་གང་ཡང་མེད་པའི་དོན་ཟབ་མོ་དེ་གཞན་གྱིས་ཁོང་དུ་ཆུད་པའི་ཐབས་ཡིན་པའི་ཕྱིར། སློབ་དཔོན་གྱིས།སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་བརྗོད་མི་བྱ། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་པ་ལྟར་རོ། །དཔེར་ན། རབ་རིབ་ཅན་ལ་སྐྲ་ཤད་སོགས་སྣ་ཚོགས་སུ་སྣང་ཞིང༌། ཞེན་པ་ལ་དེའི་བདེན་ཞེན་བཟློག་པའི་ཕྱིར། རབ་རིབ་མེད་པས་སྐྲ་ཤད་སོགས་སྣ་ཚོགས་སུ་སྣང་མོད་ཀྱི། སྣང་བ་ལྟར་ཡོད་པ་མ་ཡིན་ནོ་ཞེས་སྨྲས་པ་ན། རབ་རིབ་མེད་པ་ལ་ཐ་སྙད་དུ་སྐྲ་ཤད་ལ་སོགས་པ་སྣང་དགོས་པ་མ་ཡིན་པ་བཞིན་ནོ། །ཅི་སྟེ་མཐའ་བཞིའི་སྐྱེ་བ་འགོག་པ་ལ་སོགས་པའི་རིགས་པ་འདི་དག་རང་གིའམ་གཞན་གྱི་རིགས་པ་ཡིན། དང་པོ་ལྟར་ན། དེས་གྲུབ་པའི་སྐྱེ་མེད་སོགས་རང་གི་ཕྱོགས་སུ་ཇི་ལྟར་མི་འགྱུར། གཉིས་པ་ལྟར་ན། གཞན་གྱི་རིགས་པས་གཞན་ཇི་ལྟར་འགོག་ཅེ་ན། རང་གི་མ་ཡིན་ཏེ། བསྒྲུབ་པར་བྱ་བའི་ཕྱོགས་ཅུང་ཟད་ཀྱང་ཁས་མི་ལེན་ན་སྒྲུབ་བྱེད་ཀྱི་རིགས་པ་མི་དགོས་ཤིང༌། དགག་བྱ་གཞན་གྱི་ཕྱོགས་ཅུང་(༧༤བ)


K800_Page_157
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཀྱང་ཡོད་པ་མ་ཡིན་ན་འགོག་བྱེད་ཀྱི་རིགས་པ་མི་དགོས་པའི་ཕྱིར། རྩོད་བཟློག་ལས། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱི་འགའ་ཞིག་དམིགས་ན་ནི། །སྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་དང༌། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ། །དེ་ཕྱིར་འགོག་པར་བྱེད་དོ་ཞེས། །སྐུར་པ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་པ་ལྟར་རོ། །དེས་ན་གཞན་གྱིས་ཁས་བླངས་པའི་རིགས་པས་འགོག་པ་ཡིན་ཏེ། རིགས་པ་ཞེས་བྱ་བ་ནི་འཇིག་རྟེན་ལ་གྲགས་པའི་འཐད་པ་འགའ་ཞིག་གྲུབ་མཐའ་སྨྲ་བ་རྣམས་ཀྱི་བསྟན་བཅོས་སུ་བཀོད་དེ། དེས་ཐུན་མོང་དུ་དགག་སྒྲུབ་དང་བླང་དོར་བྱེད་པ་ཡིན་ལ། དེ་ཁས་བླངས་ན་ཕྱི་ནང་གི་རྟོག་གེ་པ་རྣམས་ཀྱི་གྲུབ་མཐའ་ལ་རང་གིས་ཁས་བླངས་འགལ་བ་དང༌། གཞན་གྱི་རིགས་པས་གནོད་པ་མི་འབྱུང་མི་སྲིད་དེ། ཕྱི་ནང་གི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་འདོད་པ་རྣམས་ནི་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་དང་གཟུགས་བརྙན་དང་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་ལ་སོགས་པ་དང༌། རི་བོང་གི་རྭ་ལ་སོགས་པ་བདེན་པར་བསྒྲུབས་ནས་རྟག་པ་དང་མི་རྟག་པ་དང་བེམས་པོ་དང་ཤེས་པ་དང་གཅིག་དང་ཐ་དད་དང་རང་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་དུ་སྐྱེ་བ་སོགས་དང་སྐྱེ་འཇིག་དང་འགྲོ་འོང་ལ་སོགས་པའི་བྱ་བ་དང་ལྡན་པར་ཁས་ལེན་པ་ལྟ་བུ་ཡིན་ལ། དེ་ཡང་རང་གི་ཕྱོགས་ཡོན་ཏན་དང་ལྡན་པར་མཐོང་ནས་སྒྲུབ་པར་འདོད་ཅིང༌། གཞན་གྱི་ཕྱོགས་སྐྱོན་དང་ལྡན་པར་མཐོང་ནས་འགོག་པར་འདོད་པས་ཀུན་ནས་བསླང་བས་དགག་སྒྲུབ་བྱེད་པ་ན། རང་གི་ཕྱོགས་ལ་ནང་འགལ་དང་རིགས་པས་གནོད་པ་མཐའ་ཡས་པ་ཡོད་ཀྱང་མི་མཐོང་ཞིང༌། གཞན་གྱི་ཕྱོགས་ལ་ནང་(༧༥ན)


K800_Page_158
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་དང་ཐུན་མོང་དུ་རིགས་པས་གནོད་པ་དང༌། འཇིག་རྟེན་གྱི་གྲགས་པ་དང་འགལ་བ་གང་ཡོད་པ་ཐམས་ཅད་མཐོང་བར་འགྱུར་བ་ནི་ཕྱོགས་འཛིན་ཅན་གྱི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་ཕན་ཚུན་དགག་སྒྲུབ་བྱེད་ཅིང་རྒྱལ་ཕམ་དུ་མ་འབྱུང་བ་ཡིན་ནོ། །སྒྱུ་མ་ལ་སོགས་པ་དེའི་རང་བཞིན་ཤེས་པའི་ཤེས་རབ་ཅན་གྱིས་སྒྱུ་མ་ལ་སོགས་པའི་ཁྱད་གཞི་གང་ཡང་མ་མཐོང་བས། དེ་དག་གི་ཁྱད་ཆོས་ལ་དཔྱོད་པར་མི་རིགས་པ་བཞིན་དུ་དབུ་མ་པས་ནི་ཁྱད་གཞི་མེད་པའི་ཁྱད་ཆོས་ལ་དཔྱོད་པའི་རྟོག་གེ་པ་ཐམས་ཅད་ཀྱི་འཁྲུལ་པའི་ནང་མཚང་ཐམས་ཅད་རིག་སྟེ། རང་རང་གི་ནང་འགལ་དང་ཐུན་མོང་དུ་རིགས་པ་དང་གྲགས་པས་གནོད་པ་ཇི་སྙེད་ཡོད་པ་ཐམས་ཅད་བརྗོད་པ་ན། དེ་དག་གིས་རང་གི་རྣམ་གཞག་ཐམས་ཅད་ནང་འགལ་ཞིང༌། རིགས་པ་དང་གྲགས་པས་གནོད་པར་མཐོང་བས་རང་གི་ཕྱོགས་ལ་མངོན་པར་ཞེན་པ་བཟློག་པའི་ཕྱིར། དེ་ལྟར་ན་དབུ་མ་ལ་གུས་པར་མི་འགྱུར་ཏེ། སྒྲུབ་བྱེད་མ་མཐོང་བའི་ཕྱིར་སྙམ་ན། ཕྱོགས་འཛིན་ཅན་གྱི་རྣམ་གཞག་ཐམས་ཅད་ནང་འགལ་བ་མཐོང་སྟེ། དེ་དག་ལ་མངོན་ཞེན་ལོག་པ་ན་ཕྱོགས་ཐམས་ཅད་དང་བྲལ་བ་དབུ་མ་པ་ལ་གུས་པར་འགྱུར་བའི་ཕྱིར་རོ། །འཕྲོས་དོན་ཅུང་ཟད་བཤད་པ་འདི་ནི། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་ཞབས་ཀྱི་དགོངས་པ་སློབ་དཔོན་སངས་རྒྱས་བསྐྱངས་དང༌། སློབ་དཔོན་ཟླ་བས་ལེགས་པར་བཀྲལ་བའི་ཚུལ་དཔལ་ལྡན་མར་མེ་མཛད་བཟང་པོ་ནས་ནགས་ཚོ་ལོ་ཙཱ་བ་དང༌། འབྲོམ་སྟོན་ལ་སོགས་དགེ་བའི་བཤེས་གཉེན་སྐུ་མཆེད་གསུམ་ལས་འཕེལ་བའི་ཡིག་ཆ་རྙིང་པ་ཐམས་ཅད་དང༌། ཁྱད་པར་པ་ཚབ་ལོ་ཙཱ་བུ་བཞི་རྗེས་འབྲངས་དང་(༧༥བ)


K800_Page_159
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ལུགས་དེ་གངས་ཅན་གྱི་ལྗོངས་འདིར་ཕྱིས་ཀྱི་དུས་སུ་སྒྲ་ཇི་བཞིན་དུ་སྨྲ་བ་ལོ་ཆེན་སྐྱབས་མཆོག་དཔལ་བཟང་དང་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་ཉུང་ཤས་ལས་མ་བྱུང་བར་སྣང་བས་དེ་དག་གི་ལེགས་བཤད་ཀྱི་སྣང་བའི་ཆ་ཡང་འདིར་གསལ་བར་བྱས་པ་ཡིན་ནོ། །གཉིས་པ་ལ། མཐའ་བཞི་སྐྱེ་བ་དགག་པ་ལས་ཐལ་རང་གཉིས་སུ་གྱེས་ཚུལ་དང༌། མཐའ་དེ་དག་དགག་པའི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ལ། དབུ་མ་པ་ལ་ཐལ་རང་གཉིས་སུ་གྱེས་པའི་ཐུགས་རྩེ་གཏད་མཚམས་གང་ཡིན་དཔྱད་པ་དང༌། དེ་ལྟར་གྱེས་ནས་ཕན་ཚུན་དགག་སྒྲུབ་ཇི་ལྟར་བྱས་པའོ། །དང་པོ་ལ། བོད་གངས་ཅན་གྱི་ཐལ་འགྱུར་བ་སྔ་རབས་པ་དག་གི་དགོངས་དོན་ཕྱིས་བྱོན་སྔ་རབས་པའི་རྗེས་འབྲངས་སུ་རློམ་པ་དག་གིས་འཆད་པ་དེ་དགོངས་དོན་དཔྱིས་མ་ཕྱིན་པའི་ཚུལ། གངས་ཅན་གྱི་ཐལ་འགྱུར་བ་སྔ་རབས་པ་དག་གི་དགོངས་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་ནས་ཚུད་པ་དེ་ཐལ་རང་གི་སློབ་དཔོན་དག་གི་དགོངས་པ་ཇི་ལྟ་བར་གནས་ཚུལ། ཕྱི་རབས་པས་བཏགས་པའི་ཐལ་རང་གི་གྱེས་ཚུལ་སྨྲས་པ་དེ་གསར་དུ་བརྩམས་ཚུལ་ལོ། །དང་པོ་ནི། ཁ་ཅིག་རང་རྒྱུད་པས་ཚུར་མཐོང་གི་མངོན་རྗེས་ཚད་མ་ཚད་མ་ཡང་དག་ཏུ་ཁས་ལེན་པ་དང༌། དེའང་དངོས་པོ་སྟོབས་ཞུགས་ཀྱི་ཚད་མར་ཁས་ལེན་པ་དང༌། དེ་གཞིར་བྱས་གཞན་གྱི་ཁས་བླངས་ཙམ་མིན་པར་རང་རྒྱུད་ཀྱི་ཉམས་མྱོང་གིས་གྲུབ་ཅིང༌། ཁས་ལེན་པའི་ཚད་མ་ལ་བརྟེན་ནས་སྟོང་པ་ཉིད་སྒྲུབ་པར་བྱེད་ཅིང༌། དེའི་ལོག་ཕྱོགས་དགག་པར་བྱེད་དོ། །དེས་ན་རང་རྒྱུད་པས་དགག་སྒྲུབ་ཀྱི་རྟེན་གྱི་ཚད་མའི་ཁྱད་པར་གསུམ་ཁས་ལེན་པ་དང་སྒོ་བསྟུན་ནས། ཐལ་འགྱུར་བས་སྤྱིར་སྟོང་ཉིད་ལས་(༧༦ན)


K800_Page_160
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པའི་དགག་སྒྲུབ་ཀྱི་རྟེན་ཚད་མ་ཁས་མི་ལེན་པ་དང༌། གལ་ཏེ་ལེན་ནའང་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ཁས་མི་ལེན་པ་དང༌། ཡང་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ཁས་ལེན་ཀྱང་རང་རྒྱུད་ཀྱི་ཚད་མ་ནི་མེད་ཅིང༌། དེ་ལྟར་ནའང་སྟོང་པ་ཉིད་ཀྱི་དོན་ལ་དགག་སྒྲུབ་བྱེད་པའི་རྟེན་གྱི་ཚད་མ་ནི་གཞན་གྲགས་ཁོ་ན་ལ་བརྟེན་པ་ཡིན་ནོ། །རང་རྒྱུད་པ་ནི་ཕྱོགས་གླང་ཆོས་གྲགས་ལུགས་ཀྱི་དགག་སྒྲུབ་ཡང་དག་དང་ལྟར་སྣང་གི་རྣམ་གཞག་དང་མཐུན་པར་རྩོད་པར་བྱེད་ལ། ཐལ་འགྱུར་བས་ལུགས་དེའི་དགག་སྒྲུབ་ཀྱི་རྣམ་གཞག་དང་མཐུན་པར་རྩོད་པར་མི་བྱེད་དེ། དངོས་པོར་སྨྲ་བའི་ལུགས་ཀྱི་དགག་སྒྲུབ་དང་མཐུན་པར་བྱེད་ན་ཉིད་ཅག་དངོས་སྨྲ་བར་འགྱུར་བའི་སྐྱོན་འོང་བའི་ཕྱིར། དངོས་སྨྲ་བ་ལ་མེད་པའི་དགག་སྒྲུབ་ཀྱི་རྣམ་གཞག་ཁྱད་ཅན་ཐལ་འགྱུར་བ་ཉིད་ལ་ཡོད་པ་ཡིན་ཏེ། གཞན་ལ་གྲགས་ཀྱི་རྗེས་དཔག འགལ་བ་བརྗོད་པའི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ། རང་རྒྱུད་ཀྱི་དམ་བཅའ་མེད་པའོ། །དེ་ལ་དང་པོ་བཞི་ནི་གཞན་ཕྱོགས་འཇོམས་པར་བྱེད་པ་མཚོན་ཆ་ལྟ་བུ་དང༌། ལྔ་པ་རང་ཕྱོགས་སྐྱོང་བ་གོ་ཆ་ལྟ་བུའོ། །ལྡོག་པ་གཅིག་པའི་དཔུང་འཕུལ་ཞེས་པ་ཞིག་ཡོད་པ་ནི་རྒྱུ་མཚན་མཚུངས་པའི་མགོ་སྙོམས་ཀྱི་མིང་གི་རྣམ་གྲངས་ཡིན་ནོ། །ཡང་ཞང་ཐང་སག་པའི་གསུང་གིས། འགལ་བ་བརྗོད་པའི་ཐལ་འགྱུར་དང༌། རྒྱུ་མཚན་མཚུངས་པའི་མགོ་སྙོམས་གཉིས་ནི་གཞན་ཕྱོགས་སུན་འབྱིན་པ་ཁྱབ་འཇུག་གི་མདུང་ཐུང་ལྟ་བུའི་རིགས་པ་དང༌། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པ་ནི་རང་ཕྱོགས་མེད་པ་ལ་རང་ཕྱོགས་ཀྱི་མིང་བཏགས་ནས་རང་ཕྱོགས་བསྲུང་(༧༦བ)


K800_Page_161
[མ་དཔེ་གཟིགས་ན་འདིར་གནོན།]

བ་གོ་ཆ་ལྟ་བུའི་རིགས་པ་དང༌། གཞན་ལ་གྲགས་ཀྱི་རྗེས་དཔག་ནི་རྒོལ་བ་གཉིས་རྒྱུད་གཅིག་ཏུ་བྱེད་པ་དཔང་པོ་ལྟ་བུའི་རིགས་པའོ། །ཞེས་གསུངས་སོ། །ཞེས་རླུང་ལྟར་གྲགས་ནས་དེ་ལྟར་འདོན་པར་བྱེད་དོ། །༡ རྩིང་པོར་སྨྲ་བ་དེ་ལ་ཅུང་ཟད་དཔྱད་དུ་ཡོད་དེ། རང་རྒྱུད་པའི་སློབ་དཔོན་དག་ཚུར་མཐོང་གི་མངོན་རྗེས་ཀྱི་ཚད་མ་ཚུར་མཐོང་གི་ངོར་ཚུར་མཐོང་རང་གི་ཚད་མར་རློམ་པའི་ཚད་མ་ཞིག་གི་རྣམ་གཞག་མཛད་ཀྱང༌། དེ་དབུ་མའི་ལུགས་སུ་ཚད་མ་ཡང་དག་པར་བཞེད་པ་མ་ཡིན་ཏེ། རྟོག་གེ་འབར་བར། གང་གི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཀུན་རྫོབ་ཏུ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དང༌། མཚན་ཉིད་རྣམ་པར་གཞག་པ་ཡང་མཛད་ལ། དོན་དམ་པར་ནི་ངོ་བོ་ཉིད་མེད་པར་གསུངས་ཏེ། དེ་ལྟར་ཡང་ཀཽའུ་ཤི་ཀ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པ་ལ་སོགས་པའི་དངོས་པོ་ཉིད་ཀྱང་མེད་ན་དེའི་ངོ་བོ་ཉིད་ལྟ་ག་ལ་ཡོད་དེ། དེའི་ཕྱིར་ཁས་བླངས་པས་གནོད་པ་མེད་དོ། །མངོན་སུམ་གྱི་གནོད་པ་ཡང་མེད་དེ། ཡུལ་རྣམས་ལོག་པ་ཡིན་པའི་ཕྱིར་དང༌། དབང་པོ་རྣམས་བླུན་པའི་ཕྱིར། མཐོང་བ་ལ་སོགས་པའི་ནུས་པ་མེད་བཞིན་དུ་ཡང་རབ་རིབ་ཅན་ལ་སྐྲ་དང་སྦྲང་མ་ལ་སོགས་པ་སྣང་བ་ལྟ་བུ་དང༌། བྲག་ཆ་ལ་སོགས་པ་ལྟར་མངོན་སུམ་ཡང་ང་རྒྱལ་ཡིན་པ་དེའི་ཕྱིར་གང་ལ་ཅི་ཞིག་མངོན་དུ་གྱུར་ནས་དེས་གནོད་པར་འགྱུར། གྲགས་པས་ནི་གནོད་པ་ཡང་མེད་དེ། གང་གི་ཕྱིར་ན་འཇིག་རྟེན་ནི་མི་ཤེས་པའི་ལིང་ཏོག་གིས་ལྡོངས་པ་ཡིན་པས་དོན་དམ་པར་དཔྱད་པའི་སྐབས་སུ་དེ་ནི་ནོར་བུ་རིན་ཆེན་བརྟག་(༧༧ན)


K800_Page_162
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ལ་དམུས་ལོང་གིས་བརྟགས་པ་བཞིན་དུ་མི་རྟོགས་པས་གྲགས་པས་གནོད་པ་མེད་དོ། །ཞེས་གསུངས་ལ། མངོན་སུམ་གྱི་ཚད་མའང་ཡང་དག་ཏུ་མེད་ན་རྗེས་དཔག་གི་ཚད་མ་ཡང་དག་ཏུ་མེད་དེ། ཚད་མ་ཐམས་ཅད་ནི་གཙོ་བོར་མངོན་སུམ་གྱིས་གྲུབ་པ་ཡོད་མེད་ལ་རག་པའི་ཕྱིར། ལྷག་པར་རང་རྒྱུད་པས་ཚུར་མཐོང་གི་སེམས་དང་སེམས་བྱུང་ཚད་མར་གྲགས་པ་དེ་དག་ནི་རྣམ་རྟོག་ཉིད་ཀྱི་འཆིང་བའི་རྒྱུ་ཅན་དོན་གྱི་ཚད་མ་མ་ཡིན་པ་ཉིད་དུ་བཞེད་དེ། བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །དེ་དག་འཆིང་བའི་རྒྱུ་ཉིད་དུ། །ཇི་ལྟར་གཟིགས་པས་དེ་བཞིན་གསུངས། །ཞེས་སོ། །༢ རང་རྒྱུད་པས་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ཁས་ལེན་པའི་ཁྱད་པར་ཞིབ་མོ་མ་ཕྱེ་བར་དེ་སྐད་དུ་སྨྲ་ན་སྐྱོན་ཆེར་གནས་པ་ཡིན་ཏེ། དངོས་པོ་སྟོབས་ཞུགས་ཞེས་བྱ་བ་ནི། དངོས་པོ་དོན་བྱེད་པའི་ཆ་དེ་གཞན་གང་ལའང་མ་བལྟོས་པར་དངོས་པོ་རང་བདེན་པ་དེའི་ཆོས་ཉིད་ཀྱི་སྟོབས་ཀྱིས་དོན་བྱེད་ལ། དེ་ལྟའི་དོན་བྱེད་པ་དེའང་རང་བདེན་པ་ཡིན་ཅིང༌། དེ་ལྟ་བུའི་ཚད་མ་རང་བདེན་པ་ནི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མའོ་ཞེས་སྨྲ་བར་བྱེད་དེ། རྣམ་འགྲེལ་དུ་རྣམ་པ་འགོག་པའི་དངོས་སྟོབས་ཀྱི་ཚད་མ་ཁས་ལེན་པ་ན། ཇི་སྐད་དུ། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་དང༌། ཇི་ལྟ་ཇི་ལྟར་དོན་བསམས་པ། །དེ་ལྟ་དེ་ལྟར་རྣམ་བྲལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །ཅེས་པ་ལྟར་ཁས་ལེན་པའི་ཕྱིར། དེ་ལྟར་དངོས་པོ་རང་(༧༧བ)


K800_Page_163
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་སྟོབས་ཀྱིས་ཞུགས་པ་དང༌། དེ་ལྟར་ཞུགས་པའི་ཚད་མ་དབུ་མ་རང་རྒྱུད་པས་ཁས་ལེན་པ་ཞིག་སྲིད་ན་དབུ་མ་རང་རྒྱུད་པ་དངོས་པོ་ལ་སོགས་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཞིང༌། རང་བདེན་དུ་མ་གྲུབ་པར་སྒྲུབ་པའི་འཆད་རྩོད་རྩོམ་པའི་ཆེད་དུ་ཐོས་བསམ་སྒོམ་པའི་ཚོགས་གསོག་གི་ངལ་བ་དེ་ཐམས་ཅད་ཀྱང་སྙིང་པོ་མེད་པར་ཅིས་མི་འགྱུར། ལེགས་པར་སོམས་ཤིག ༣ རང་རྒྱུད་པས་སྟོང་པ་ཉིད་རང་ཉམས་སུ་གྲུབ་ཅིང༌། མྱོང་བ་དེ་ལུགས་དེའི་ཚད་མ་ཁོ་ནས་སྨྲའི། དེ་ལས་གཞན་དུ་མི་སྨྲ་བ་རང་རྒྱུད་པའི་ལུགས་ཡིན་པར་མི་འཐད་དེ། རང་རྒྱུད་པས་ཀྱང་སྟོང་པ་ཉིད་ཟབ་མོ་རང་བློ་ལ་ཉམས་སུ་མྱོང་ན་དེ་སྟོང་པ་ཉིད་ཀྱི་ཟབ་དོན་མ་རྟོགས་པར་སྨྲས་ནས་སྟོང་པ་ཉིད་ཀྱི་ཟབ་དོན་བློའི་ཡུལ་ལས་འདས་པར་སྨྲ་བའི་ཕྱིར། རྟོག་གེ་འབར་བར། རྟོག་བཅས་རྟོག་པ་མེད་པ་ལས། །གང་ཚེ་བློ་ནི་ལོག་གྱུར་པ། །དེ་ཚེ་བློ་ནི་ཡུལ་མེད་ཕྱིར། །སྤྲོས་པ་ཉེར་ཞི་ཞི་བ་ཉིད། །ཅེས་དང༌། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཅེས་དང༌། དབུ་མ་རྒྱན་ལས། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཅེས་འབྱུང་བས། ལུགས་འདི་པས་སྟོང་ཉིད་སྨྲ་བསམ་བརྗོད་བྲལ་དུ་ཁས་ལེན་གྱི། དེ་ལྟར་ཁས་མི་ལེན་ན་ནི་ལུགས་འདི་ལ་དབུ་མ་པ་ཞེས་སེམས་ལྡན་སུ་ཞིག་བོད་པར་བྱེད། དེས་ན་རང་རྒྱུད་པས་དགག་སྒྲུབ་ཀྱི་རྟེན་གྱི་ཚད་མའི་ཁྱད་པར་གསུམ་ཁས་ལེན་ཅེས་པ་དེ་འདིར་ཕྱོགས་གཅིག་ཏུ་བསྡོམས་ནས་སྨོས་ཏེ་དཔྱད་ན་གོ་སླ་བས་དེ་ལྟར་བརྗོད་པ་ཡིན་གྱི། རང་རྒྱུད་པ་ཐམས་ཅད་མཐུན་པར་ཚད་མའི་ཁྱད་པར་གསུམ་ག་ཁས་ལེན་ནོ་ཞེས་དེས་མ་སྨྲས་ཏེ། དེ་དག་ལ་(༧༨ན)


K800_Page_164
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་སོ་སོར་རྣམ་རྟོག་གཏིང་ཚུགས་མི་འདུག་པའི་ཕྱིར། ལ་ལས་ཁྱད་པར་གསུམ་ག་དང༌། ལ་ལས་གཉིས་དང༌། ལ་ལས་གཅིག་ཙམ་ཁས་ལེན་པར་སྣང་བའི་ཕྱིར། སྨྲ་བ་དེ་དང་སྒོ་བསྟུན་པའི་ཐལ་འགྱུར་བ་སྔ་རབས་པའི་རྗེས་འབྲངས་སུ་རློམ་པ་རྣམས་ལའང་རྣམ་རྟོག་གཏིང་ཚུགས་མི་འདུག་པ་ཉིད་ཀྱིས་ལ་ལས་ཚད་མའི་ཁྱད་པར་གསུམ་ག་ཁས་མི་ལེན་པ་དང༌། ལ་ལས་གཉིས་ཙམ་ཁས་མི་ལེན་པ་དང༌། ལ་ལས་གཅིག་ཙམ་ཁས་མི་ལེན་པར་བྱེད་པ་སྟེ་ཅི་རིགས་པར་བྱུང་སྣང་ངོ༌། །དེ་ལ་སྤྱིར་ཐལ་འགྱུར་བས་གདུལ་བྱའི་ངོར་དགག་སྒྲུབ་ཀྱི་རྟེན་དུ་གྱུར་པའི་ཚད་མ་ཡེ་གནས་སྐབས་སུ་ཁས་མི་ལེན་པ་དང༌། དེའི་དབང་གིས་དེར་མི་བརྗོད་དོ་ཞེས་པ་མི་འཐད་དེ། ཚིག་གསལ་དུ་དགག་སྒྲུབ་ཀྱི་རྟེན་བྱེད་པའི་ཚད་མ་བཞི་1ཀ་རྣམ་པར་གཞག་པ་ཞལ་དུ་བླངས་ནས་རྩ་འཇུག་བཞི་གསུམ་སོགས་སུ་རྒྱ་ཆེར་བཀྲལ་ནས་ཕྱི་ནང་གི་མུ་སྟེགས་བྱེད་ཐམས་ཅད་ཚར་བཅད་པའི་ཕྱིར། ཁྱད་པར་བདེན་པ་གཉིས་ཀར་དངོས་པོ་སྟོབས་ཞུགས་ཀྱི་དངོས་པོའི་དོན་གྲུབ་པར་མི་བཞེད་ཀྱང༌། དགག་སྒྲུབ་མཛད་པ་ན་འཇིག་རྟེན་དང་བསྟན་བཅོས་ན་དངོས་པོ་ཐམས་ཅད་དངོས་སྟོབས་ཀྱི་དོན་བྱེད་པར་ཞུགས་པར་གྲགས་པ་བཞིན། གཞན་གྱིས་ཁས་བླངས་པའི་རྗེས་སུ་བརྗོད་ནས་གཞན་ལ་དངོས་པོ་སྟོབས་ཞུགས་ཀྱི་སྒོ་ནས་དགག་པ་རྒྱ་ཆེར་མཛད་དེ། དཔེར་ན། གྲངས་ཅན་ལ་ཡོད་ན་བདག་ལས་སྐྱེ་བ་དོན་མེད་པར་ཡང་འགྱུར་བ་འཇིག་རྟེན་པའི་བློ་ལྷན་སྐྱེས་ལ་དངོས་པོ་སྟོབས་ཞུགས་ཡིན་པས་དེ་བསྟན་པའི་ཆེད་དུ་དེ་ལྟར་ཚིགས་གསལ་དུ་བཀོད་ནས་བདག་ལས་སྐྱེ་བ་བཀག་པ་བཞིན་ནོ། །དེ་ལྟ་བུའི་དངོས་སྟོབས་ཀྱི་རིགས་པ་གཞན་གྱིས་སྨྲས་པ་དེ་ཉིད་གཞན་ལ་གནོད་(༧༨བ)


K800_Page_165
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆེད་དུ་དེ་ལྟར་ཐལ་འགྱུར་བས་བརྗོད་པ་མཐའ་ཡས་པའི་ཕྱིར། གཞན་ཡང་ཐལ་འགྱུར་བས་རང་གི་ཞེ་འདོད་ཀྱི་དམ་བཅའི་ཆེད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་དངོས་དོན་ལ་གནས་པ་གཞར་ཡང་ཁས་ལེན་པར་མི་བྱེད་ཀྱང༌། གདུལ་བྱ་གཞན་གྱི་ངོར་གཞན་གྲགས་དང་བསྟུན་ནས་རང་ཉིད་ཀྱི་ངག་གི་ཚིག་ཟིན་དུ་རང་རྒྱུད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྟགས་ཆོས་དོན་གསུམ་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བའི་ཞབས་ཀྱིས་རྒྱ་ཆེར་བཀོད་པ་ཡིན་ཏེ། དཔེར་ན། རབ་བྱེད་བཅུ་གསུམ་པའི་ཚིག་གསལ་དུ། དེའི་རང་བཞིན་མ་ཡིན་པ་ཉིད་ཀྱིས་ན་འདུ་བྱེད་ཐམས་ཅད་བརྫུན་པ་སྟེ། བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། སྨིག་རྒྱུའི་ཆུ་བཞིན་ནོ། །གང་ཞིག་བདེན་པ་དེ་ནི་བསླུ་བའི་ཆོས་ཅན་མ་ཡིན་ཏེ། དཔེར་ན། མྱ་ངན་ལས་འདས་པ་བཞིན་ནོ། །ཞེས་རང་རྒྱུད་ཀྱི་སྦྱོར་བ་བཀོད་པའི་ཕྱིར། དེ་ཡང་རང་རྒྱུད་དུ་ཇི་ལྟར་བཀོད་ཅེ་ན། འདུ་བྱེད་ཐམས་ཅད་ནི་ཆོས་ཅན་དུ་བཟུང་ནས་བརྫུན་པ་ནི་བསྒྲུབ་བྱའི་ཆོས་སུ་བཟུང་ཞིང༌། བསླུ་བའི་ཕྱིར་ནི་ཕྱོགས་ཀྱི་ཆོས་སུ་བཟུང་ལ། དེའི་རང་བཞིན་མ་ཡིན་པ་ཉིད་ཀྱིས་ན་ཞེས་བྱ་བ་ནི་གཏན་ཚིགས་དེ་ཉིད་མ་གྲུབ་པ་མིན་པའི་དོན་དང༌། སྨིག་རྒྱུའི་ཆ་ནི་རྗེས་འགྲོའི་ཁྱབ་པ་ངེས་པའི་དཔེ་དང༌། གང་ཞིག་བདེན་པ་དེ་ནི་བསླུ་བའི་ཆོས་ཅན་མ་ཡིན་ཏེ་ཞེས་བྱ་བས་ནི་ལྡོག་ཁྱབ་བསྟན་ལ། དཔེར་ན། མྱ་ངན་ལས་འདས་པ་བཞིན་ནོ། །ཞེས་པས་ནི་ལྡོག་ཁྱབ་ཀྱི་གཞི་བསྟན་ཏོ། །ཡང་ཐལ་འགྱུར་བས་རང་རྒྱུད་ཀྱི་ཚུལ་གསུམ་ཡང་གཞན་ངོར་འགོད་པ་ཡིན་ཏེ། དེ་མ་བཀོད་ན་ཐལ་འགྱུར་བས་ཀྱང་གཞན་ངོར་གཞན་ལ་གྲགས་ཀྱི་རྗེས་དཔག་བསྐྱེད་མི་ནུས་པའི་ཕྱིར། ཇི་ལྟར་བཀོད་སྙམ་ན། ཚིག་གསལ་དུ། ལྐོག་ཏུ་གྱུར་པའི་ཡུལ་ཅན་རྟགས་(༧༩ན)


K800_Page_166
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བ་ལས་སྐྱེས་པའི་ཤེས་པ་ནི་རྗེས་སུ་དཔག་པའོ། །ཞེས་འབྱུང་བའི་རྟགས་ཞེས་པས་ཕྱོགས་ཆོས་བསྟན་ལ། བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བ་ཞེས་པས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པའང་ཞལ་གྱིས་བཞེས་ནས་རྗེས་དཔག་ཚད་མ་བརྗོད་པར་མཛད་དོ། །དེ་རང་རྒྱུད་ཀྱི་ཚུལ་གསུམ་མ་ཡིན། གཞན་གྲགས་ཀྱི་ཚུལ་གསུམ་ཡིན་པས་དེ་འདིར་ཁས་བླངས་ཏེ་བརྗོད་པས་གདུལ་བྱ་ལ་རྗེས་དཔག་ཚད་མ་བསྐྱེད་པར་བྱས་པ་ཡིན་ནོ་སྙམ་ན། གཞན་གྱིས་དེ་ལྟ་བུའི་ཚུལ་གསུམ་ཁས་ལེན་མི་ལེན་ཅི་ཡིན་ཀྱང་བླའི། དེ་འདྲའི་ཚུལ་གསུམ་དེ་རྒོལ་བ་རང་གིས་དེར་བརྗོད་ནས་རྒོལ་བ་གཞན་ལ་རྗེས་དཔག་ཚད་མ་སྐྱེད་པར་བྱེད་ན་ཚུལ་གསུམ་དེ་རྒོལ་བ་རང་རྒྱུད་ཀྱི་དེར་བརྗོད་པ་ཡིན་གྱི། གཞན་རྒྱུད་ཀྱིས་དེར་དེ་མ་བརྗོད་པའི་ཕྱིར། དེའི་ངག་དེ་རང་རྒྱུད་ཀྱི་ངག་ལ་གནས་པའི་ཚུལ་གསུམ་མ་ཡིན་ནོ་སྙམ་པ་དེ་ལས་བླུན་པ་ནི་འཇིག་རྟེན་གྱི་ཁམས་འདིར་སུ་ཞིག་ཡོད། དེས་ན་རང་ལུགས་ཀྱིས་གྲུབ་པའི་ཚུལ་གསུམ་ཞེན་དོན་ལ་མེད་ཀྱང་གཞན་གྲགས་ཀྱི་ཚུལ་གསུམ་པ་ཅན་གྱི་ཚད་མར་གྲགས་པ་རང་གིས་བརྗོད་ནས་གཞན་འགོག་པ་ན། དེ་རང་རྒྱུད་ཀྱི་བཀོད་པའི་ཚུལ་གསུམ་པ་ཅན་ཙམ་དུ་གཞན་ངོར་བཀོད་པར་སྣང་ངོ༌། །དེ་ལྟར་གྲུབ་པ་ལས་ཇི་ལྟར་འགྱུར་ཞེ་ན། རྒོལ་བ་གཞན་ལ་གྲགས་ཟིན་ནམ་གྲགས་པར་མ་གྱུར་ཀྱང་གྲགས་རུང་དབུ་མ་པ་རང་གི་བློ་ལ་སྣང་བའི་གཞན་ལ་གནོད་བྱེད་ཀྱི་རིགས་པའི་ཕྱོགས་ཆོས་སོགས་ཚིག་ཟིན་རྒོལ་བ་དབུ་མ་རང་གི་ངག་གིས་སྒྲ་ཇི་བཞིན་པར་བླངས་ནས་བརྗོད་པའི་རང་ལུགས་དང༌། དེ་ལྟར་བརྗོད་པའི་ཕྱོགས་ཆོས་སོགས་ཀྱི་ཞེན་དོན་དབུ་མ་པ་རང་ལུགས་ཀྱི་(༧༩བ)


K800_Page_167
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་བདེན་པ་གཉིས་ཀའམ་གང་རུང་རེར་ཡང་མ་གྲུབ་པ་ཉིད་ཀྱིས་དབུ་མ་པ་ལ་རང་ལུགས་མི་འཇོག་པ་གཉིས་ལས། སྔ་མ་ལྟར་བརྗོད་པའི་རང་ལུགས་ཞེས་པ་དེ་རང་ལུགས་ཞེས་བརྗོད་པའི་མིང་ཅན་ཙམ་དུ་སྨོས་ཀྱི། བརྗོད་བྱ་དོན་ལྡན་གྱི་རང་ལུགས་མ་ཡིན་ཏེ། ཡིན་ན་དབུ་མ་པ་ལ་རང་ལུགས་ཡོད་པར་འགྱུར་བའི་སྐྱོན་ཡོད་ལ། ཚུལ་གསུམ་སོགས་དབུ་མ་པའི་རྒོལ་བ་རང་རྒྱུད་ཀྱིས་སྨྲས་པའི་ལུགས་ཞེས་བརྗོད་པའི་མིང་ཅན་ཙམ་ཞིག་མ་སྨོས་པར་དེའི་སྒྲ་སྦྱོར་བ་བཀག་ན་རྒོལ་བ་གཞན་དང་རྩོད་སྐབས་མི་འབྱེད་པའི་ཕྱིར་ཏེ་བདག་སྐྱེ་འདོད་པ་ལ་ཡོད་པའི་ཕྱིར། སྐྱེ་བ་དོན་མེད་དུ་ཐལ་བའི་ཕྱོགས་ཆོས་ཐལ་འགྱུར་བ་རང་གིས་ཁའམ་ངག་ཏུ་བླངས་ནས་རྗོད་པར་བྱེད་པ་ན་སྐབས་དེར་གཞན་གྱི་ལོག་རྟོག་ཟློག་པར་བྱེད་པའི་ལུགས་ཡིན་པ་ལ་བསྙོན་དུ་མེད་པའི་ཕྱིར། དེས་ན་གཞན་གྲགས་ཀྱི་ཚུལ་གསུམ་གཞན་གྱི་ལོག་རྟོག་འགོག་པའི་ཆེད་དུ་དབུ་མ་པ་རང་གི་ངག་ཏུ་བླངས་ནས་རྩོད་པའི་སྐབས་སུ་བརྗོད་པ་ཐལ་འགྱུར་བའི་ལུགས་ལ་གཏན་མེད་དོ་ཞེས་གངས་ཅན་གྱི་ཁྲོད་འདིར་མགྲིན་པ་བསྟོད་དེ་སྨྲ་བ་དེ་ལྟར་ན། རྒོལ་བ་ཐལ་འགྱུར་བ་དང་དངོས་སྨྲ་བ་རྩོད་པའི་ཚེ། ཐལ་འགྱུར་བའི་ལན་འདེབས་ཀྱི་བྱེད་པོ་དེ་མ་ཟིན་པའི་ངག་ཏུ་གྱུར་ཏེ་ཐལ་འགྱུར་བ་རང་གི་ངག་ཏུ་བརྗོད་པར་བྱེད་པའི་ལུགས་ལས་འདས་ཏེ། སྐྱེས་བུའི་རྩོལ་མ་བྱུང་གི་ངག་གཅིག་གིས་བྱེད་པ་ལས་འོས་མེད་པའི་ཕྱིར་རོ། །དེས་ན་རྩོད་པའི་སྐབས་འདིར་ཚིག་ཟིན་རྒོལ་བ་རང་གི་ངག་ཏུ་བརྗོད་པའི་ལུགས་དང༌། དེ་ལྟར་བརྗོད་པའི་ཞེན་དོན་རང་གི་ལུགས་ཀྱིས་གྲུབ་མཐར་བརྗོད་པའི་རང་ལུགས་གཉིས་ལས། གཉིས་པ་མི་འདོད་པ་གཞིར་བཅས། དང་(༨༠ན)


K800_Page_168
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རང་ལུགས་ངག་ཏུ་བརྗོད་པས་རང་རྒྱུད་ཀྱི་ཁས་ལེན་བརྗོད་པ་དང༌། དེ་ལྟར་བརྗོད་པས་རང་རྒྱུད་ཀྱི་རང་ལུགས་བཞག་པར་མ་སོང་ཡང༌། དབུ་མ་ཐལ་འགྱུར་བ་རང་གི་ཚུལ་གསུམ་ཁའམ་ངག་ཏུ་ལེན་པར་བྱེད་དུ་རུང་བ་ལ་གནོད་པ་ཅི་ཡང་མེད་པ་ལ་ཡོད་དོ་ཞེས་ཞེན་ཅིང༌། ཁར་འབྱིན་པ་འདི་ནི་གངས་ཅན་གྱི་ཆེན་པོ་དག་ལ་རྣམ་པར་མི་འཚམས་པའི་དོན་མ་ཡིན་པ་ཆེན་པོ་ལ་བློ་ཆུང་གང་དག་ལེགས་བཤད་བླ་མེད་དུ་འཁྲུལ་བ་ནི་ཆོས་ཀྱི་གནད་ཆེན་པོ་འཕྱུགས་པའོ། །གཞན་ཡང་ཐལ་འགྱུར་བས་དགག་སྒྲུབ་བྱེད་པ་ན། གཞན་གྱིས་བརྗོད་པའི་གཏན་ཚིགས་ཁོ་ན་བརྗོད་དགོས་ཀྱི། རང་གི་རིགས་པ་དག་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་སྨྲ་བ་འདི་ཡང་ཐལ་འགྱུར་བའི་བཞེད་པར་མཐའ་གཅིག་ཏུ་སྨྲ་བར་བྱ་བ་མ་ཡིན་ཏེ། གཞན་གྱིས་མ་ཐུབ་པར་སྨྲས་པའི་གཏན་ཚིགས་བཟང་པོ་མིན་པས་གཞན་འགོག་པར་མི་ནུས་པའི་སྐབས་སུ་ནི་དབུ་མ་པ་རང་གི་བློ་ལ་ཤར་བའི་མི་རིགས་པ་དེར་བལྟོས་ཀྱི་རིགས་པ་འཐད་ལྡན་གྱི་གཏན་ཚིགས་བཀོད་ནས་གཞན་གྱི་མི་རིགས་པ་ཚར་གཅོད་དགོས་ལ། དེ་ལྟར་མིན་པར་གཏན་ཚིགས་ངན་པ་དེ་གཞན་ལ་གནོད་པར་རེ་ནས་རང་གིས་དེ་ལྟར་སྒྲས་ཟིན་ལ་ཁས་བླངས་ཏེ་བརྗོད་ན་རང་ཉིད་ཀྱང་ཉེས་པས་གོས་པར་འགྱུར་རོ། །ཞེས་སློབ་དཔོན་ཟླ་ཞབས་བཞེད་པའི་ཕྱིར་ཏེ། བཞི་བརྒྱ་པའི་རབ་བྱེད་དགུ་པའི་འགྲེལ་པར། རྟོག་གེ་པ་དག་ནི་གང་ཞིག་ཕ་རོལ་པོས་འབྲས་བུའི་དོན་དུ་མ་སྐྱེས་པ་ཉིད་དུ་ཁས་བླངས་པ་དེ་ནི་སྐྱེས་པ་ཡིན་ཏེ། འབྲས་བུའི་དོན་ཡིན་པའི་ཕྱིར། འབྲས་བུའི་དོན་དུ་སྐྱེས་པ་བཞིན་ནོ། །ཞེས་སྨྲ་སྟེ། འདིར་རེ་ཞིག་ཕ་རོལ་པོས་ཀུན་བརྟགས་པ་ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲ་རབ་སྐྱེ་བ་དང་(༨༠བ)


K800_Page_169
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་མི་ལྡན་པ་རྣམས་ལ་ནམ་མཁའི་མེ་ཏོག་ལྟར་རྒྱུ་མེད་པ་ཉིད་ཀྱི་ཕྱིར་ཡོད་པ་ཉིད་མ་ཡིན་ནོ། །ཡོད་པ་མ་ཡིན་པ་འདི་རྣམས་ལ་ནི་ནམ་མཁའི་མེ་ཏོག་ལྟར་རྒྱུ་མེད་པ་ཉིད་ཀྱི་ཕྱིར་ཡོད་པ་ཉིད་ཡོད་པ་མ་ཡིན་ནོ། །ཡོད་པ་མ་ཡིན་པ་འདི་རྣམས་ལ་རྒྱུ་ཉིད་དུ་སྒྲོ་བཏགས་ནས་སྐྱེ་བ་སྒྲུབ་པས་མི་རྟག་པ་ཉིད་དུ་བསྒྲུབ་པར་རིགས་པ་ཡང་མ་ཡིན་ཏེ། རང་ཉིད་ལ་འབྲས་བུའི་དོན་མ་གྲུབ་པའི་ཕྱིར་དང༌། གཞན་ལ་གྲུབ་པ་གཏན་ཚིགས་སུ་ཁས་ལེན་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་མི་རིགས་པར་ཁས་བླངས་པས་ཕ་རོལ་པོ་བཟློག་པར་བྱ་བ་ཡིན་པའི་ཕྱིར་ན་རྟག་པ་འབྲས་བུའི་དོན་ཉིད་དུ་ཁས་བླང་བར་རིགས་པ་ཡང་མ་ཡིན་ནོ། །འདིས་གཞན་གྱི་དམ་བཅའ་བ་ལ་རྗེས་སུ་དཔག་པ་དང༌། འགལ་བ་བརྗོད་པ་ཡང་རིགས་པ་མ་ཡིན་ཏེ། དེ་ནི་གཉིས་ཀ་ལ་གྲུབ་པ་ཁོ་ནས་བརྗོད་པའི་ཕྱིར་རོ། །ཞེས་འབྱུང་བས། དེའི་དོན་ནི་རྟོག་གེ་པ་དག་ནི་གཞི་བརྒྱ་པའི་ཊཱིཀ་བྱེད་ཞིག་སྟེ། བྱེ་བྲག་པས་འབྱུང་བཞིའི་རྡུལ་ཕྲ་རབ་མ་སྐྱེས་པར་ཁས་ལེན་པ་ན། དེ་དག་སྐྱེས་པ་ཡིན་ཏེ། རྒྱུ་ཡིན་པའི་ཕྱིར་ཞེས་སྐྱེ་བ་གྲུབ་པས་མི་རྟག་པར་སྒྲུབ་པར་བྱེད་པ་ནི་རིགས་པ་མ་ཡིན་ཏེ། གཞན་གྱིས་བཏགས་པའི་འབྱུང་བཞི་རྡུལ་ཕྲ་རབ་དངོས་པོར་མི་རུང་བས། སྐབས་འདིར་ཆོས་ཅན་མ་གྲུབ་ཅེས་བཤད་ནས། ཆོས་ཅན་དེའི་སྟེང་དུ་འབྲས་བུའི་དོན་ཅན་གྱི་རྒྱུ་ཡིན་པ་རང་ལ་མ་གྲུབ་པས་གཏན་ཚིགས་སུ་མི་འགྱུར་ལ། རང་ལ་མ་གྲུབ་ཀྱང་གཞན་ལ་གྲུབ་པ་གཏན་ཚིགས་སུ་ཁས་ལེན་ན་ཧ་ཅང་ཐལ་ཅིང༌། གཞན་ལ་གྲུབ་པ་དེ་རེ་ཞིག་རང་གིས་ཁས་བླངས་པས་ཕ་རོལ་པོའི་ལུགས་བཟློག་པར་སེམས་ན་རང་གིས་མི་རིགས་པ་ཁས་བླངས་ནས་དེས་གཞན་གྱི་འཁྲུལ་པ་(༨༡ན)


K800_Page_170
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པར་འདོད་པ་ཡང་ཤིན་ཏུ་མི་རིགས་ཤིང༌། ཕ་རོལ་ལ་གནོད་པ་བརྗོད་པ་ཡང་གཉིས་ཀ་ལ་གྲགས་པས་གྲུབ་པ་ཞིག་དགོས་ཏེ། རང་གི་ངེས་པ་གཏན་མེད་ཀྱི་ངག་གིས་ནི་གཞན་རྒྱུད་ལ་ཚད་མ་རྣམ་དག་བསྐྱེད་མི་ནུས་པའི་ཕྱིར། གནོད་པའི་དོན་ཡང་ཕྱིར་རྒོལ་ལ་ངེས་ཤེས་བསྐྱེད་ནས་དེས་ཁོའི་ལོག་རྟོག་སེལ་བར་བྱེད་དགོས་སོ་ཞེས་གཞན་གྲགས་ཀྱི་གཏན་ཚིགས་ངན་པས་གཞན་ངོར་ལོག་རྟོག་བཟློག་མི་ནུས་པའི་སྐབས་ནི་ཆེས་མང་བས་སྐབས་དེ་ལྟ་བུ་དེ་སྦྱར་བྱ་མ་ཡིན་པ་ནི་གསང་བའི་གནད་ཆེས་ཆེ་བ་ཡིན་ནོ། །ཁྱད་པར་རང་ཉིད་དབུ་མ་པ་དག་གིས་ནང་པ་སངས་རྒྱས་པའི་གྲུབ་མཐའ་བསྲུང་བ་ན། རང་གི་སྡེ་པ་འོག་མ་ལྟ་བུའི་ཁ་བཟུང་ནས་གཞན་སྡེ་འགོག་པའི་ཚེ་གཞན་སྡེའི་རིགས་པ་ཚད་མར་སྨྲ་ན་རང་སྡེའི་གྲུབ་པ་ལ་སྨོད་པར་འགྱུར་བ་དང༌། ནང་གི་མུ་སྟེགས་བྱེད་དང་དབུ་མ་པ་རྩོད་པ་ནའང་ནང་གི་མུ་སྟེགས་བྱེད་ཀྱིས་ཕུང་སོགས་ཀྱི་ཆོས་བདེན་པར་སྒྲུབ་བྱེད་ལ་རང་རྒྱུད་ལྟ་ཅི་སྨོས། གཞན་གྲགས་ཀྱི་ཚད་མ་ཡང་ཡོད་པ་མ་ཡིན་པས་དེ་ལྟའི་གཞན་གྲགས་ཀྱི་ཚད་མའང་ཁས་ལེན་པར་མི་རིགས་ཞེས། སློབ་དཔོན་ཟླ་བས་རབ་བྱེད་བཅུ་དྲུག་པའི་འགྲེལ་པར། སྟོང་ཉིད་རིགས་པར་སྨྲ་བ་ནི་གཞུང་ལུགས་གཞན་དུ་གྲགས་པའི་གཏན་ཚིགས་ཁས་ལེན་པ་མེད་དེ། གཞན་གྱི་གཞུང་ལུགས་དེ་ཉིད་མི་རིགས་པ་ཉིད་དུ་བསྟན་པར་འདོད་པའི་ཕྱིར། གང་དུ་རྒོལ་བ་རྣམས་ལ་ལྟ་བ་ཡོད་པ་དེར་ནི་གཉིས་ཀས་ཀྱང་དོན་ཁས་བླངས་པས་ཚད་མ་ཉིད་དུ་རིགས་པ་ཁོ་ན་ཡིན་གྱི། རིགས་པར་སྨྲ་ན་ནི་འཐད་པ་དང་བཅས་པའི་དོན་མ་གྲུབ་པའི་མཐའ་ཁོ་ན་འཛིན་ཏེ། ཞེས་འབྱུང་ལ། དེའི་དོན་ཡང་རྒོལ་ཕྱིར་རྒོལ་གཉིས་དངོས་པོའི་དེ་བཞིན་ཉིད་ལ་རྩོད་པ་ན་གཉིས་ཀས་ཀྱང་ཚད་མས་གནོད་པ་མ་མཐོང་བའི་(༨༡བ)


K800_Page_171
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཁོ་ན་ལ་རིགས་པས་འཇུག་དགོས་ཀྱི། རང་ངམ་གཞན་ལ་གྲགས་པའི་ཚད་མར་ཁས་བླངས་པའི་ཕྱོགས་རེ་ལ་བདེན་ཞེན་གྱིས་སྨྲ་ན་ནི་རྒྱལ་བ་དང་ཕམ་པ་གང་ཡང་མེད་ཅིང༌། དངོས་པོ་དེའི་དེ་ཉིད་དུ་གང་ཞུགས་ཀྱང་རྒོལ་བ་དེ་དག་གི་ཁོང་དུ་ཆུད་པར་མི་འགྱུར་རོ་ཞེས་དགོངས་སོ། །ཁྱད་པར་རྒོལ་བ་གཞན་དང་རྩོད་པ་ན་དཔལ་ལྡན་ཕྱོགས་གླང་གྲགས་པའི་ལུགས་ཀྱི་དགག་སྒྲུབ་དང་མཐུན་པར་ཐལ་འགྱུར་བས་ཡེ་མི་རྩོད་ཅེས་པ་དང༌། ཐལ་འགྱུར་བས་དགག་སྒྲུབ་ཀྱི་ཁྱད་ཆོས་ཐུན་མོང་མིན་པ་འགལ་བ་བརྗོད་པའི་ཐལ་འགྱུར་སོགས་ལྔ་ཁས་ལེན་ནོ་ཞེས་པ་ནི་རང་ཚིག་འགལ་བ་བླ་ན་མེད་པར་སོང་བ་ཡིན་ཏེ། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་དང༌། རྒྱུ་མཚན་མཚུངས་པའི་མགོ་སྙོམས་གཉིས་ནི་ཕྱོགས་གླང་གྲགས་པའི་ལུགས་ལ་སུན་འབྱིན་ལྟར་སྣང་གི་ལན་ལ་རྟགས་དང་ཁྱབ་པ་མ་གྲུབ་པའི་ལན་དུ་བཤད་ལ། འགལ་བ་བརྗོད་པའི་ཐལ་འགྱུར་ནི་དེའི་ལུགས་ལ་གཞན་ཕྱོགས་དགག་པའི་ཐལ་འགྱུར་ཡང་དག་ཏུ་བཤད་པ་དང༌། གཞན་གྲགས་ཀྱི་རྗེས་དཔག་ཀྱང་དེའི་རིགས་ཚུལ་ལ་མེད་པ་མ་ཡིན་ཏེ། ལུགས་དེར་རྒོལ་བ་ཕ་རོལ་པོ་ལ་རྗེས་དཔག་བསྐྱེད་ནུས་ཀྱི་སྒྲུབ་པའི་ཐལ་འགྱུར་གང་དུ་མ་དང་འབྲེལ་ན་ཆ་དང་བཅས་པས་ཁྱབ། དཔེར་ན། སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན། བ་ལང་གི་སྤྱི་ཡང་རང་གི་གསལ་བ་དུ་མ་དང་འབྲེལ་བར་ཁས་བླངས་སོ། །ཞེས་པའི་ངག་དེ་ཉིད་ཡིན་པའི་ཕྱིར། དེས་ན་ཕྱོགས་གླང་གྲགས་པའི་དགག་སྒྲུབ་ཀྱི་ལུགས་ལས་ཐལ་འགྱུར་བའི་དགག་སྒྲུབ་ཀྱི་ཚུལ་གཞན་དུ་ཡིན་ཅེས་སྨྲ་བའང་གསོག་གསོབ་པོར་མ་གྱུར་ཏམ། ཡང་རང་ལུགས་ལ་དམ་བཅའ་མེད་པའོ་ཞེས་(༨༢ན)


K800_Page_172
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའང་ཐལ་འགྱུར་བའི་རང་ལུགས་ཀྱི་ཁྱད་ཆོས་སུ་མི་རུང་སྟེ། ཐལ་འགྱུར་བ་ལ་རང་ལུགས་འདི་ཡིན་སྨྲ་བསམ་བརྗོད་པ་དང་བྲལ་ཞིང༌། དེས་དམ་བཅའ་མེད་པའོ་ཞེས་ཀྱང་བསམ་བརྗོད་ཀྱིས་རྟོག་པར་མི་བྱེད་པའི་ཕྱིར། དེས་ན་སློབ་དཔོན་མཻ་ཏྲི་པས་དེ་ཁོ་ན་ཉིད་བཅུ་པར། དབུ་མའི་ལུགས་སུ་སྨྲ་ན། སློབ་དཔོན་བདག་ཉིད་ཆེན་པོ་ཟླ་གྲགས་ཀྱི་ལུགས་ལྟར་སྨྲ་དགོས། ཞེས་གསུངས་ལ། དེ་ཁོ་ན་ཉིད་བཅུ་པའི་འགྲེལ་པར། སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེས་ཟླ་གྲགས་ཀྱི་ལུགས་དེ་སྐྱོང་བའི་དགག་སྒྲུབ་བྱེད་པའི་ཚད་མ་ནི་ཕྱོགས་གླང་གྲགས་པའི་ལུགས་ལྟར་སྨྲ་དགོས་ལ། གཞན་དུ་མི་རིགས་པ་ཚར་གཅོད་ཅིང་རིགས་པ་ལ་དབུགས་འབྱིན་པའི་ནུས་པ་མེད་དོ་ཞེས། ཇི་སྐད་དུ། ལམ་འདིར་ཡང་ཕལ་མོ་ཆེ་དག་ཚད་མ་པ་རྣམས་ཀྱི་གཙུག་གི་ནོར་བུ་ཆོས་ཀྱི་གྲགས་པས་བརྩམས་ཤིང་ཞུགས་པའི་ལུགས་ཀྱི་ལམ་དེའི་རྗེས་སུ་འབྲངས་ནས་རྣམ་པར་གཞག་པ་ཐམས་ཅད་སྦྱོར་བར་བྱེད་ཀྱི། རང་དབང་ཁོ་ནར་སྨྱོན་པའི་འགྱིང་བ་འདི་མ་ཡིན་ནོ། །ཞེས་འབྱུང་ལ། དབུ་མ་ཐལ་འགྱུར་བས། དགག་སྒྲུབ་བྱེད་པ་ན་དེ་ལུགས་ཀྱི་དགག་སྒྲུབ་ལ་བརྟེན་ཀྱང་དབུ་མ་ཐལ་འགྱུར་བས་དེ་ལྟའི་ཚད་མ་དེ་བདེན་པ་གཉིས་ཅར་དུ་རང་བཞིན་ཚད་གྲུབ་ཏུ་བརྗོད་པར་མི་བྱའོ། །ཞེས་དེར་དེའི་ལམ་གྱི་རྗེས་སུ་འབྲངས་ན་རང་བཞིན་གྱིས་གྲུབ་པར་ཡང་འགྱུར་ཞེ་ན། མ་ཡིན་ཏེ། ཇི་ལྟར་དགོས་པའི་དབང་གིས་རེ་ཞིག་ཕྱི་རོལ་གྱི་དོན་རྒྱ་ཆེར་རྣམ་པར་གཞག་པར་མཛད་ན་ཡང་རིགས་པ་ཕྱི་མས་དེ་བརྩད་ནས་ཕྱུང་བ་ཡིན་ནོ། །ཞེས་འབྱུང་ངོ༌། །གཉིས་པ་ནི། སྤྱིར་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་ལ་ཆོས་དབྱིངས་ཟབ་མོ་སྟོང་པ་ཉིད་དོན་དམ་བདེན་པའི་བལྟ་བྱའི་(༨༢བ)


K800_Page_173
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང༌། དེ་ལྟར་རྟོགས་པའི་བློའི་འཇུག་པ་སྤྲོས་པ་ཐམས་ཅད་དང་བྲལ་བར་ཞི་བའི་ཚུལ་ལ་ཐལ་འགྱུར་དུ་སྨྲ་བ་ལས་རང་རྒྱུད་དུ་སྨྲ་བའི་བཞེད་པ་ཐ་དད་དུ་མེད་དེ། བལྟ་བྱ་ཡུལ་གྱི་སྟོང་ཉིད་ལས་བརྩམས་ནས་མཚོན་མེད་མཚོན་པར་མཛད་པའི་སྟོན་པ་ལ་བསྔགས་པ་ནི། རྟོག་གེ་འབར་བར། གང་གིས་དེ་ཉིད་རབ་བརྟགས་མིན། །རྣམ་ཤེས་བྱ་མིན་གཞི་མ་ཡིན། །མཚོན་མིན་རྟགས་མིན་རིག་བྱ་མིན། །སྐྱེ་འཇིག་མེད་ཅིང་བདེ་བ་དང༌། །རྣམ་བཏགས་མ་ཡིན་སྣང་བ་མེད། །མཚན་མ་མེད་ཅིང་གསལ་བྱེད་མེད། །གཉིས་མིན་གཉིས་མེད་མ་ཡིན་དང༌། །ཞི་དང་བློ་འཇུག་རྣམ་སྤངས་པ། །ཡི་གེ་མེད་པ་ཡི་གེ་ཡི། །ཐུགས་རྗེ་ཉིད་ཀྱིས་བསྟན་མཛད་པ། །སྟོན་པ་མ་ནོར་བ་ཉིད་གསུངས། །དེ་ལ་གུས་པར་ཕྱག་འཚལ་ལོ། །ཞེས་དང༌། ཟབ་མོ་སྟོང་པ་ཉིད་ཀྱི་བལྟ་བྱའི་ཡུལ་གྱི་རང་ངོ་ནས་མཐོང་བྱ་མིན་པ་ལ་མཐོང་བྱར་ཐ་སྙད་བྱས་སོ་ཞེས། དེར། རབ་ཏུ་བརྟགས་མིན་རྣམ་ཤེས་མིན། །བརྟག་བྱ་མ་ཡིན་དཔེ་མེད་པ། །མཚན་མ་མེད་ཅིང་སྣང་བ་མེད། །རྣམ་རྟོག་མེད་ཅིང་ཡི་གེ་མེད། །ལྟ་བའི་བློ་ཡིས་རྟོགས་བྱ་བ། །མཐོང་བ་མེད་པས་དེ་མཐོང་ཡིན། །ཅེས་འབྱུང་ལ། དེ་ལྟ་བུའི་སྟོང་ཉིད་རྟོགས་པའི་ཡེ་ཤེས་དེ་ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་དང་བྲལ་བ་ཉིད་ཀྱིས་ཤེས་བྱ་དང་ཤེས་པའི་འཇུག་པ་ཐམས་ཅད་མི་གནས་པའི་མྱང་འདས་དོན་དམ་པའི་རྒྱ་མཚོ་ཆེན་པོ་ལས་བཞེངས་པ་མེད་པའི་ཆོས་ཀྱི་སྐུ་དེ་ལ་སངས་རྒྱས་དང་དེ་བཞིན་གཤེགས་པ་ཞེས་གདུལ་བྱ་དག་གིས་བརྡ་བྱེད་པར་ཟད་ཀྱི། ཡང་དག་པར་ན་ཆོས་དེ་ལྟ་བུ་ནི་བརྡ་འབྲེལ་གྱི་ཡུལ་ལས་ཡང་དག་པར་འདས་སོ་ཞེས་བྱ་བ་འདི་ལ་ཐལ་རང་གི་སློབ་དཔོན་དག་དབྱངས་གཅིག་(༨༣ན)


K800_Page_174
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་གཅིག་སྨྲ་བར་གོ་སྟེ། རྟོག་གེ་འབར་བར། རབ་རིབ་བྲལ་བར་གྱུར་པའི་མིག །རྣམ་རྟོག་དྲི་མ་མེད་པ་ལ། །སྐྲ་དང་སྦྲང་བུ་ཟླ་གཉིས་དང༌། །རྨ་བྱའི་མདོངས་སོགས་མི་སྣང་ལྟར། །མཁས་པས་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ་རིབ་བྲལ་གྱུར་ཅིང༌། །ཡང་དག་མཁྱེན་སྤྱན་དྲི་མེད་ལ། །དེ་བཞིན་ཅི་ཡང་སྣང་བ་མེད། །དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་ཡས་ཁང༌། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ན་དེ་དག་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་ཕྱེ་གྱུར་ཅིང༌། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ནི་མི་མཐོང་ངོ། །དཔེར་ན་མཚན་མོ་མུན་ཁྲོད་ན། །འབྱུང་པོ་ཡང་དག་མིན་མཐོང་བ། །ཉི་མ་ཤར་ཅིང་མིག་བྱེའི་ཚེ། །སྣང་བར་གྱུར་པ་མ་ཡིན་ལྟར། །དེ་བཞིན་མཁས་པས་ཡང་དག་གི། །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་མཐོང༌། །ཞེས་དང༌། ཡང་དེར། ཡོད་མེད་བློས་ནི་རྟོགས་བྱ་བ། །བཀག་ཕྱིར་དེ་བཞིན་མཁས་རྣམས་ཀྱི། །རྣམ་པར་མི་རྟོག་བློ་གྲོས་ནི། །སྐྱེ་བ་མེད་པའི་ཚུལ་གྱིས་སྐྱེས། །ཞེས་དང༌། ཡང་སངས་རྒྱས་ལ་རྟོག་པ་མེད་པར་མ་ཟད། མི་རྟོག་ཡེ་ཤེས་ཀྱི་རྒྱུ་བའི་སྤྲོས་པ་ཡང་དབེན་པར་བཤད་དེ། ཇི་སྐད་དུ། རྣམ་པར་མི་རྟོག་དོན་ཡུལ་གྱི། །བློ་རྣམས་རྟོག་མེད་པ་ཡང་བསྐྲུན། །བདག་མེད་ལ་སོགས་ངོ་བོའི་ཕྱིར། །དཔེར་ན་རྣམ་རྟོག་བཅས་བློ་བཞིན། །ཤེས་བྱ་རྣམ་ཀུན་མ་གྲུབ་ཕྱིར། །གང་ལ་རྣམ་པར་མི་རྟོག་པའི། །བློ་ཡང་སྐྱེ་བར་མི་འགྱུར་བ། །དེ་ཉིད་མཉམ་མེད་དེས་མཁྱེན་གསུང༌། །དེ་རྟོགས་ཕྱིར་ན་(༨༣བ)


K800_Page_175
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་ལ། །བློ་སྐྱེ་མེད་པ་སངས་རྒྱས་དངོས། །རྣམ་རྟོག་ཉིད་ནི་སངས་ཕྱིར་དང༌། །རྟོག་པ་མེད་པ་རྒྱས་ཕྱིར་རོ། །ཞེས་སོགས་རང་རྒྱུད་པའི་ལུགས་ལ་འབྱམས་ཀླས་པར་འབྱུང་ངོ༌། །དེ་ལྟར་ནའང་ཆོས་ཅན་རྒྱ་ཆེན་སྤྲོས་པ་ཀུན་རྫོབ་བདེན་པའི་རྣམ་གཞག་ལ་བརྟེན་ནས་དེ་ཉིད་འཚོལ་བ་ན་ཀུན་རྫོབ་ལ་བརྟེན་ཚུལ་གྱིས་ཀུན་རྫོབ་ཀྱི་ཆོས་ཐ་སྙད་དུ་འཇོག་ཚུལ་ལ་ཐལ་རང་གཉིས་འདོད་པ་མི་འདྲ་བ་སོ་སོར་བྱུང་བ་ཡིན་ཏེ། དེའང་རང་ཅག་མཚན་མ་དང་བཅས་པའི་ཆོས་ལ་ལོངས་སྤྱོད་པོ་འདི་ཀུན་ཆོས་འདི་དག་ལ་དོན་བྱེད་པས་ན་དངོས་པོར་གྲུབ་པ་རང་བདེན་པའོ་ཞེས་ལྷན་སྐྱེས་ཀྱིས་འཛིན་པར་མ་ཟད། ཀུན་ཏུ་བརྟགས་པས་ཀྱང་ཞེན་པར་བྱེད་དོ། འོ་ན་དོན་བྱེད་པ་ལས་དངོས་པོར་ལྟ་བའི་དོན་བྱེད་པ་ཅན་དེ་དངོས་པོ་དེ་ཉིད་རང་བདེན་པར་ཞུགས་པའི་སྟོབས་ལས་དོན་བྱེད་པ་ཡིན་ནམ། དངོས་པོ་དེ་ཉིད་རང་བདེན་པར་མ་ཞུགས་ཀྱང་བཏགས་ནས་དོན་བྱེད་པར་སྣང་བ་ཡིན་ཅེ་ན། དངོས་པོར་སྨྲ་བ་དག་དངོས་པོ་དེ་ཉིད་རང་བདེན་པར་ཞུགས་པའི་སྟོབས་ལས་དོན་བྱེད་པ་ཡིན་ལ། དེ་ལྟར་དོན་བྱེད་པས་དངོས་པོ་དེའང་རང་བདེན་པ་ཡིན་ཅིང༌། དེ་ཉིད་དོན་དམ་བདེན་པའང་ཡིན་ཏེ། དོན་བྱེད་པ་ཉིད་ཀྱང་རང་བདེན་པ་དངོས་སྟོབས་ཀྱིས་ཞུགས་པས་དེ་ངོར་བསླུ་བའང་མེད་པས་གང་དངོས་པོ་སྟོབས་ཞུགས་ཀྱིས་བདེན་པའི་ཆོས་དེ་དོན་དམ་པར་བདེན་ཅིང་གྲུབ་པ་ཡིན་ལ། ཐོག་མེད་ཀྱི་དངོས་འཛིན་གྱི་བློ་སྣང་དེ་དང་མི་མཐུན་པའི་ཆོས་ནི་དོན་ལ་མ་གྲུབ་པས་བདེན་མེད་བརྫུན་པའོ་ཞེས་སྨྲ་བའི་ཕྱིར་ཏེ། དཔེར་ན། སེམས་ཙམ་རྣམ་རྫུན་པས་དབང་ཤེས་ཁ་ཕྱིར་བལྟའི་གཟུང་འཛིན་དང་བྲལ་བའི་ནང་ལྟ་ཤེས་ཙམ་རིག་ཙམ་གྱི་དངོས་པོ་(༨༤ན)


K800_Page_176
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་རང་བདེན་པར་ཞུགས་སྟོབས་ལས་དེ་ཉིད་གསལ་ཞིང་རིག་པའི་དོན་བྱེད་པའང་དངོས་སྟོབས་ཀྱིས་འོང་བ་ཡིན་ལ། དེ་ལྟར་དོན་བྱས་པ་ལས་དངོས་པོར་གྱུར་པ་ནི་དོན་དམ་བདེན་པ་བདེན་གྲུབ་པའོ་ཞེས་སྨྲ་ཞིང༌། དེ་ལྟ་བུའི་ཤེས་པ་ཚད་མ་ནི་དོན་དམ་བདེན་པའི་ཚད་མ་སྟེ་སྔར་གཉིས་སྣང་གི་འཁྲུལ་པ་ཕྱིས་དེ་དང་བྲལ་བར་མ་ཤེས་དོན་གྱི་གསལ་བྱེད་དུ་གྱུར་པའི་ཕྱིར་ཞེས་ལོག་པར་རྟོག་པ་བཞིན་ནོ། །ཐལ་འགྱུར་དང་རང་རྒྱུད་སྨྲ་བའི་དབུ་མ་པ་གཉིས་ཀའང་དོན་དམ་བདེན་པར་གྱུར་པའི་དངོས་པོ་སྟོབས་ཞུགས་ཀྱིས་དོན་བྱེད་པ་དང༌། དོན་དེ་གང་གིས་གྲུབ་པའི་ཚད་མ་ནི་བདེན་པ་གཉིས་ཅར་མེད་པར་མཐུན་པར་སྨྲ་བ་ཡིན་ཏེ། དོན་དམ་བདེན་པར་གྱུར་བའི་དོན་བྱེད་པ་ཅན་གྱི་དངོས་པོ་ཤེས་བྱ་ལ་མེད་པའི་ཕྱིར་ཞེས་དགོངས་སོ། །དེ་ལྟར་ནའང་རང་རྒྱུད་པས་ཀུན་རྫོབ་པའི་དངོས་པོ་སྟོབས་ཞུགས་ཀྱིས་དོན་བྱེད་ནུས་ཀྱི་ཆོས་དང༌། དེ་གང་གིས་གྲུབ་པའི་ཚད་མ་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཀྱི་བདེན་པར་རྣམ་པར་གཞག་པ་ན་ཀུན་རྫོབ་སྒྱུ་མ་ལྟ་བུའི་དངོས་པོ་སྟོབས་ཞུགས་ཀྱིས་དོན་བྱེད་ནུས་ཀྱི་ཆོས་དང༌། དེ་གང་གིས་གྲུབ་པའི་ཚད་མ་དེར་ཡོད་པར་འཇོག་པ་ཡིན་ཏེ། ཀུན་རྫོབ་ཀྱི་དངོས་པོ་གང་དང་གང་འཇོག་པ་དེ་ཐམས་ཅད་དོན་བྱེད་ནུས་སམ། མཚན་ཉིད་འཛིན་པའི་ཆ་ནས་དེར་འཇོག་ལ། དེའི་དོན་བྱེད་པ་དང་མཚན་ཉིད་འཛིན་བྱེད་ཀྱི་ཆོས་གང་ཡིན་པའང་རང་འཇོག་བྱེད་ཀྱི་དངོས་པོ་དེའི་སྟོབས་ཀྱིས་དོན་བྱེད་པ་དང་མཚན་ཉིད་འཛིན་པར་བྱེད་པའི་རྒྱུ་རྐྱེན་ལ་བལྟོས་པའི་ཕྱིར། རྟོག་གེ་འབར་བར། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་པ་ཡི། །སྟེང་དུ་འགྲོ་བར་བྱ་(༨༤བ)


K800_Page_177
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་སྨྲས་ཏེ། དེ་ཉིད་ཁང་བཟང་ཞེས་བྱ་བ་ནི་ཐར་པའི་ཁང་བཟང་ས་གསུམ་གྱི་གནས་ལས་མངོན་པར་འཕགས་པ་དགེ་བའི་བཟོ་བོ་དཔག་ཏུ་མེད་པས་བརྩིགས་པ། བྱང་ཆུབ་ཀྱི་ཡན་ལག་གི་ཀ་བ་ཤིན་ཏུ་མཐོན་པོས་ལེགས་པར་བརྒྱན་པ། དགེ་བའི་ཆོས་མཐའ་ཡས་པའི་དཀར་རྩིས་བྱུགས་པ། བདེ་བར་གཤེགས་པ་ཟླ་བའི་ཞལ་གྱི་འོད་ཟེར་གྱིས་སྣང་བར་བྱས་པ། རབ་རིབ་ཀྱི་རིམས་མ་ལུས་པ་རྣམ་པར་བསལ་བ་ཐམས་ཅད་མཁྱེན་པའི་གནས་སོ། ། དེའི་ཐོག་ཏུ་འཛེག་པ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པའི་ཐེམ་སྐས་བསྐལ་པ་གྲངས་མེད་པ་བདུན་པོ་དག་ཏུ་སྤྱད་པ་མེད་པར་ཕ་རོལ་ཏུ་ཕྱིན་པ་དང༌། དབང་དང་མངོན་པར་ཤེས་པ་ཡོངས་སུ་རྫོགས་པས་གྱ་ཚོམ་ཁོ་ནར་ནུས་པར་རུང་བ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང༌། ཀུན་རྫོབ་ཀྱི་ཆོས་རྣམས་མེད་པར་དོན་དམ་རྟོགས་པར་མི་ནུས་སོ། །ཞེས་གསུངས་སོ། །གང་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་དངོས་པོ་ཀུན་རྫོབ་ཀྱི་བདེན་པ་བློ་གྲོས་ཀྱིས་རབ་ཏུ་རྣམ་པར་དབྱེ་བར་བྱའོ། །ཀུན་རྫོབ་ཅེས་བྱ་བ་ནི་གཟུགས་ལ་སོགས་པའི་དངོས་པོ་ཀུན་རྣམ་པར་འབྱེད་པའི་དོན་གྱིས་ཏེ། འཇིག་རྟེན་གྱི་ཐ་སྙད་ཕྱིན་ཅི་མ་ལོག་པའོ། །དེ་ཉིད་བདེན་པ་སྟེ་རྣམ་པར་གཞག་པ་ཐམས་ཅད་ལས་འགྲོ་བའི་ཚད་མ་ཡིན་པའི་ཕྱིར། དེ་ལ་དང་པོ་གཟུགས་ནི་རྣམ་པ་གཉིས་དང་རྣམ་པ་ཉི་ཤུ་ཞེས་བྱ་བ་ལ་སོགས་པ་དང༌། དེ་བཞིན་དུ་ཡིག་འབྲུ་དང༌། བསྟན་བཅོས་དང༌། ལག་རྩིས་དང༌། ཤོད་ཐབས་དང༌། ནོར་བརྒྱུད་པའི་རྒྱུ་དང༌། སྨན་དཔྱད་དང་རྩིས་དང་རིག་སྔགས་ལ་སོགས་པ་གང་དག་འཇིག་རྟེན་ན་གྲགས་པ་རབ་ཏུ་རྣམ་པར་དབྱེ་བར་བསྟན་ཏོ། །དེ་ལ་(༨༥ན)


K800_Page_178
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི། གཟུགས་སུ་རུང་བ་དང༌། མྱོང་བ་དང༌། མཚན་མར་འཛིན་པ་དང༌། མངོན་པར་འདུ་བྱེད་པ་དང༌། རྣམ་པར་ཤེས་པར་བྱེད་པ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་ལ་སོགས་པའོ། །ཡང་རང་གི་མཚན་ཉིད་ནི། སྔོན་པོ་དང༌། སེར་པོ་དང༌། རིང་པོ་དང༌། ཐུང་ངུ་ལ་སོགས་པ་དང༌། གཟུགས་སྒྲ་ལ་སོགས་པའོ། །ཞེས་འབྱུང་བ་ཀུན་རྫོབ་ཏུ་ཀུན་རྫོབ་ཀྱི་དངོས་པོ་སྟོབས་ཞུགས་མ་བརྟགས་ཉམས་དགའི་ཚད་མ་ཉིད་འདི་པས་ཁས་ལེན་ཏེ། འགྲེལ་ཆུང་ལས། མ་བརྟགས་གཅིག་པུ་ཉམས་དགའ་བ་ཉིད་དུ་རྒྱུ་དང་འབྲས་བུའི་འབྲེལ་པ། ཞེས་འབྱུང་བའི་ཕྱིར་རོ། །དེས་ན་ཀུན་རྫོབ་སྒྱུ་མ་ལྟ་བུའི་དངོས་པོ་སྟོབས་ཞུགས་ཀྱི་རྟེན་འབྲེལ་དང་ཚད་མ་ཁས་བླངས་ནས་ཕྱི་ནང་གི་དངོས་འཛིན་གྱི་དུག་སེལ་བར་བྱེད་དོ་ཞེས་དགོངས་སོ། །རང་རྒྱུད་དུ་སྨྲ་ཚུལ་འདི་ལས་བརྩམས་ཏེ། འཕགས་པའི་ཡུལ་དུ་རང་རྒྱུད་པ་ལ་སྒྱུ་མ་རིགས་སྒྲུབ་སྨྲ་བའི་དབུ་མ་པ་ཞེས་སོ། །སྟེང་པ་ལོ་ཙཱ་བ་ཆེན་པོ་རང་རྒྱུད་པའི་ཕྱོགས་ལ་དགྱེས་པས་རང་རྒྱུད་པ་སྒྱུ་མ་རིགས་པས་བདེན་པར་དོན་བྱེད་ནུས་སུ་སྒྲུབ་པར་མི་བྱེད་པས་སྒྱུ་མ་རིགས་སྒྲུབ་ཀྱི་དབུ་མ་པ་དེ་རང་རྒྱུད་པ་ནི་མ་ཡིན། ཐལ་འགྱུར་བ་ནི་མ་ཡིན་པས་རྨོངས་པ་ངོ་མཚར་བསྐྱེད་པའི་དབུ་མ་པ་ཞིག་གོ་ཞེས་གསུང་བ་ཡང་རང་གི་གནོང་ཐོག་ལ་ཕོག་པའི་ཚིག་གཞན་དུ་བསྒྱུར་བ་ཡིན་ཅེས་བློ་གྲོས་ཀྱི་ནོར་ཅན་སྟག་ཚང་ལོ་ཙཱས། བྱེ་བྲག་ཀླུ་སྒྲུབ་ལུགས་མཆོག་འཆད་པ་ལའང༌། སངས་རྒྱས་བསྐྱངས་དང་ལེགས་ལྡན་བྱེད་གཉིས་ཀྱིས། །ཐལ་འགྱུར་ཙམ་དང་རང་རྒྱུད་སྒྲུབ་བྱེད་(༨༥བ)


K800_Page_179
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །ཐལ་རང་གཉིས་སུ་མཁས་ལ་གྲགས་ཤིང་གྲུབ། །དེ་ཉིད་རིམ་བཞིན་རབ་ཏུ་མི་གནས་དང༌། །སྒྱུ་མ་རིགས་སྒྲུབ་པ་ཞེས་འཕགས་ཡུལ་གྱི། །ཚད་ལྡན་དུ་མས་བཤད་ཕྱིར་དབྱེ་བ་དེ། །རྨོངས་པ་མཚར་བསྐྱེད་ཡིན་ཅེས་གསུང་མི་རིགས། །ཞེས་འབྱུང་ངོ༌། །དེ་ལྟར་རང་རྒྱུད་དུ་སྨྲ་བ་ལ་ཐལ་འགྱུར་བས་ཀུན་རྫོབ་པའི་དངོས་པོ་སྟོབས་ཞུགས་ཀྱི་ཆོས་དང༌། དེའི་ཚད་མ་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་དངོས་པོ་སྟོབས་ཞུགས་ཡོད་དོ་ཞེས་སྨྲ་བ་ནི་མི་རིགས་ཏེ། ཀུན་རྫོབ་ཏུའང་ཀུན་རྫོབ་པའི་དངོས་སྟོབས་ཀྱིས་ཞུགས་ཤིང་ཚད་མས་གྲུབ་ན་དེར་མི་བསླུ་བར་ཡོད་དགོས་ལ། དེར་མི་བསླུ་ཞིང་བདེན་པར་ཡོད་ན་ཀུན་རྫོབ་ཐམས་ཅད་འདུས་བྱས་བརྫུན་པ་མ་ཡིན་པར་འགྱུར་བའི་ཕྱིར་སྒྱུ་མ་ལྟ་བུའི་དངོས་པོ་སྟོབས་ཞུགས་ཀྱི་ཆོས་དང་དེ་ཚད་གྲུབ་ཏུ་ཁས་བླངས་པའང་རང་ཚིག་གནོད་བཅས་ཡིན་ཏེ། སྒྱུ་མའི་རྟ་ལ་སོགས་པ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་ན་སྒྱུ་མའི་རྟ་སྒྱུ་མ་མ་ཡིན་ཅིང༌། དངོས་པོ་རང་རྒྱུད་པའི་རྟ་ཉིད་དུ་འགྱུར་བའི་ཕྱིར། དེས་ན་ཆོས་ཐམས་ཅད་སྒྱུ་མ་ལྟར་བདེན་པར་ཚད་མས་ཞེན་པར་བྱེད་པ་དེ་ལའང་སྤྲོས་མཚན་གྱི་འཛིན་པའི་ལྷག་ཅུང་ཟད་ལུས་པར་གསལ་ཏེ། མཁས་མཆོག་དཔའ་བོས་དོན་དམ་བྱང་སེམས་སྒོམ་པའི་མན་ངག་ཏུ། དེས་ན་མ་བརྟགས་ཉམས་དགའ་བར། །སེམས་ནི་སྒྱུ་མ་ལྟ་བུ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །སྒྱུ་མ་ཙམ་དུ་བརྟགས་པས་བསླུས། །འདིས་ཀྱང་ཚིག་ཏུ་བརྗོད་སྤངས་པའི། །སྤྲོས་བྲལ་འཇམ་དབྱངས་མཐོང་བ་མིན། །སྒྱུ་མ་སྒྱུ་མ་ཙམ་མིན་ཏེ། །གལ་ཏེ་ཡིན་ན་དེ་མི་འགྲུབ། །གྲུབ་ན་གཞན་གྱི་གཞུང་(༨༦ན)


K800_Page_180
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱང༌། །སྒྱུ་མའི་ཆོས་སུ་ཐལ་བར་འགྱུར། །དེ་ཕྱིར་སྒྱུ་མའི་རང་བཞིན་ནི། །སྒྱུ་བཞིན་འདི་ཞེས་བརྗོད་དུ་མེད། །ཅེས་འབྱུང་བའི་ཕྱིར། འོ་ན་རང་རྒྱུད་པའི་ཆོས་ཚུལ་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱི་དོན་མི་རྟོགས་པར་འགྱུར་རམ་ཞེ་ན་མི་འགྱུར་ཏེ། མྱུག་སོགས་ཆོས་ཅན་ལ་བསྒྲུབ་བྱ་སྟོང་པ་ཉིད་ཀྱི་དོན་གཅིག་དང་དུ་བྲལ་སོགས་ཀྱི་སྒོ་ནས་རྟོགས་པར་བྱེད་པའི་ཕྱིར། དེ་ལྟར་ནའང་སྒྲུབ་བྱེད་དེ་དག་ཐ་སྙད་དུ་རྗོད་པར་བྱེད་ཀྱང་ཐ་སྙད་ཙམ་དུ་གྲུབ་པ་དང་མ་གྲུབ་པར་འདོད་པ་ནི་ཐལ་རང་གི་ཁྱད་པར་ཡིན་ལ། བསྒྲུབ་བྱ་སྒྲུབ་བྱེད་ཐ་སྙད་དུ་གྲུབ་འཛིན་གྱི་བློ་དེ་རང་རྒྱུད་པའི་ལུགས་དེར་ཡང་ཕྱི་ནས་དབུ་མའི་ལྟ་བ་གོམས་པའི་ཚོགས་སོག་གི་མཐུས་ངང་གིས་བཟློག་པར་འགྱུར་རོ། །དེས་ན་ཐལ་འགྱུར་བས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ཀུན་རྫོབ་ཏུ་དེ་ཉིད་འཚོལ་བ་ན། ཀུན་རྫོབ་ཏུ་དགག་སྒྲུབ་ཀྱི་ཚད་མ་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཞིག་ཁས་བླངས་ནས་དེ་ཉིད་འཚོལ་བའི་དགག་སྒྲུབ་བྱེད་པ་མ་ཡིན་ཏེ། ཀུན་རྫོབ་ཙམ་དུའང་དངོས་པོ་སྟོབས་ཞུགས་ཀྱི་ཆོས་དང༌། དེའི་ཚད་མ་མེད་ཀྱང་འཇིག་རྟེན་དང་བསྟན་བཅོས་སྨྲ་བ་དག་ལ་གནས་སྐབས་ཇི་ལྟར་གྲགས་པའི་ཀུན་རྫོབ་ཙམ་ཞིག་གི་རྗེས་སུ་བརྗོད་ནས་དངོས་འཛིན་ཅན་དག་གིས་དེ་ཁོ་ན་ཉིད་ལས་ལོག་པར་བཏགས་པའི་ཀུན་རྫོབ་ཀྱི་བདེན་པ་སོགས་ལ་བདེན་པ་གཉིས་ཀར་དངོས་སྟོབས་ཀྱིས་ཞུགས་པའི་ཆོས་དང་ཚད་མས་གྲུབ་པའི་མངོན་པར་ཞེན་པའི་ཕྱིན་ཅི་ལོག་སེལ་བར་མཛད་པའི་ཕྱིར། དེས་ན་བདེན་པ་གཉིས་ལས་བརྩམས་པའི་རང་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་མེད་ཀྱང༌། གཞན་གྱིས་བཏགས་པ་སེལ་བའི་ཆེད་ཀྱི་དགག་སྒྲུབ་འཇིག་རྟེན་དང་རྗེས་(༨༦བ)


K800_Page_181
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་དུ་བརྗོད་པ་ནི་ཐལ་འགྱུར་བའི་ལུགས་ཡིན་ལ། དོན་དམ་བདེན་པ་ལས་བརྩམས་པའི་རང་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་མེད་ཀྱང་ཀུན་རྫོབ་ལས་བརྩམས་ནས་དེ་ཉིད་འཚོལ་བྱེད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་འཐད་ལྡན་གྱིས་གཞན་གྱི་བཏགས་པ་སེལ་བའི་དགག་སྒྲུབ་ཁྱད་པར་ཅན་བརྗོད་པ་ནི་རང་རྒྱུད་པའི་ལུགས་སོ་ཞེས་སྲོག་གནད་དུ་གདམས་སོ། །མདོར་ན་ཐལ་འགྱུར་བས་ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་དེ་དེར་དོན་བྱེད་པས་སྟོང་པ་དང༌། དེ་དེར་དངོས་པོར་གྲུབ་པའི་ཚད་མ་མེད་པ་ལ་དེ་ལ་དངོས་པོ་སྟོབས་ཞུགས་ཀྱི་ཆོས་དང་དེའི་ཚད་མ་འབད་ནས་བསྒྲུབས་ན་དོན་དམ་བདེན་པའི་ཚུལ་ལས་ཉམས་པར་མ་ཟད་ཀུན་རྫོབ་བདེན་པའི་ཚུལ་ལས་ཀྱང་ཉམས་པ་ཡིན་ཏེ། ཀུན་རྫོབ་བདེན་པ་ནི་འཇིག་རྟེན་པ་དག་གི་འཁྲུལ་ངོར་དེར་ཞེན་གྱིས་བདེན་པར་མོས་ཏེ་འཇོག་པར་ཟད་ཀྱི། དེའི་བདེན་ཚུལ་དཔྱད་པ་ན་བདེན་པ་གཉིས་ཀར་དེའི་དངོས་པོ་བདེན་པ་དང་བདེན་པར་འགྲུབ་བྱེད་ཀྱི་ཚད་མ་ཡོད་པ་བཀག་པ་ལས་རང་རྒྱུད་པས་དེ་ལས་གཞན་དུ་ཀུན་རྫོབ་ཀྱི་དངོས་པོ་དོན་དམ་པར་ཚད་མས་མ་གྲུབ་ཅིང༌། ཀུན་རྫོབ་ཀྱི་ཆོས་ལ་རིགས་པས་དཔྱད་ནས་དེའི་བྱེ་བྲག་ཟླ་གཅིག་ལྟ་བུ་དངོས་སྟོབས་ཀྱིས་ཞུགས་པའི་ཆོས་དང་ཚད་མས་གྲུབ་པར་ཁས་ལེན་ལ། དེའི་བྱེ་བྲག་ཟླ་གཉིས་ལྟ་བུར་དངོས་སྟོབས་ཀྱིས་མ་ཞུགས་པ་དང་ཚད་མས་མ་གྲུབ་པར་དབྱེ་འབྱེད་བྱས་པའི་ཕྱིར་དབུ་མ་རང་རྒྱུད་པའི་ལུགས་འདིས་རྫོགས་པའི་སངས་རྒྱས་དང་སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་དཔྱིས་ཕྱིན་པར་སྐོང་མ་ནུས་སོ་ཞེས། ཚིག་གསལ་ལས། ཁྱོད་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་ལ་མི་མཁས་པས་ལ་(༨༧ན)


K800_Page_182
[མ་དཔེ་གཟིགས་ན་འདིར་གནོན།]

ལར་འཐད་པ་བཅུག་ནས་རིགས་པ་མ་ཡིན་པ་ལས་དེ་འཇིག་པར་བྱེད་པ་ཡིན་ནོ། །ཁོ་བོ་ནི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་ལ་མཁས་པའི་ཕྱིར་འཇིག་རྟེན་པའི་ཕྱོགས་ཉིད་ལ་གནས་ཏེ། ཀུན་རྫོབ་ཀྱི་ཕྱོགས་གཅིག་བསལ་བའི་ཕྱིར་བཀོད་པའི་འཐད་པ་གཞན་གྱིས་ཟློག་པར་བྱེད་ཅིང༌། འཇིག་རྟེན་གྱི་རྒན་རབས་ལྟར་འཇིག་རྟེན་གྱི་ཆོས་ལུགས་ལས་ཉམས་པ་ཁྱོད་ཁོ་ན་ཟློག་པར་བྱེད་པ་ཡིན་གྱི། ཀུན་རྫོབ་ནི་མ་ཡིན་ནོ། ། དེའི་ཕྱིར་གལ་ཏེ་འཇིག་རྟེན་པའི་ཐ་སྙད་ཡིན་ན་ནི། དེའི་མཚན་ཉིད་བཞིན་དུ་མཚན་གཞིར་ཡང་གདོན་མི་ཟ་བར་འགྱུར་བར་བྱ་དགོས་ཏེ། དེའི་ཕྱིར་ཉེས་པ་དེ་ཉིད་དུ་འགྱུར་རོ། །ཞེས་འབྱུང་ལ། དེས་ན་ཐལ་འགྱུར་བས་ནི་ཀུན་རྫོབ་ལ་འཐད་པ་བཅུག་པའི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་དེ་དེར་གྲུབ་ན། ཀུན་རྫོབ་ཀྱི་བདེན་པའང་དོན་དམ་པའི་བདེན་པར་འགྱུར་བས་དེ་ལྟར་ནི་མི་འཇོག་སྟེ། འོན་ཀྱང་ཐ་སྙད་དུ་སློབ་དཔོན་གྱིས་ཀུན་རྫོབ་པའི་རྣམ་གཞག་འཇིག་རྟེན་དང་མཐུན་པར་བལྟོས་པ་ཙམ་གྱི་སྒོ་ནས་བསྙད་པ་ཙམ་ཞིག་ནི་ཐར་འདོད་དག་གནས་སྐབས་སུ་བླང་དོར་གྱི་རྟེན་དུ་སྨྲ་བར་བྱའོ་ཞེས། ཚིག་གསལ་ལས། དེ་བཞིན་དུ་རྣམ་པར་དཔྱད་ན་ས་ལ་སོགས་པ་དག་ལ་སྲ་བ་ལ་སོགས་པ་ལས་ཐ་དད་པའི་མཚན་གཞི་མེད་ལ། མཚན་གཞི་ལས་ཐ་དད་པར་རྟེན་མེད་པའི་མཚན་ཉིད་ཀྱང་མེད་མོད་ཀྱི། དེ་ལྟར་ནའང་འདི་ནི་ཀུན་རྫོབ་ཏུ་ཡོད་དེ། དེས་ན་སློབ་དཔོན་གྱིས་ཕན་ཚུན་བལྟོས་པ་ཙམ་གྱིས་གྲུབ་པའི་སྒོ་ནས་གྲུབ་པར་རྣམ་པར་གཞག་པར་མཛད་དོ། །འདི་ནི་དེ་ཁོ་ན་ལྟར་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། དེ་ལྟར་མ་ཡིན་ན་ཀུན་རྫོབ་འཐད་པ་དང་ལྡན་པ་མ་ཡིན་ནམ། དེས་ན་(༨༧བ)


K800_Page_183
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དེ་ཁོ་ན་ཉིད་དུ་འགྱུར་གྱི། ཀུན་རྫོབ་ཏུ་མི་འགྱུར་རོ། །འཐད་པས་རྣམ་པར་དཔྱད་ན་མཆིག་གུ་ལ་སོགས་པ་དག་ཁོ་ན་མི་སྲིད་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འཆད་པར་འགྱུར་བའི་འཐད་པས་གཟུགས་དང་ཚོར་བ་ལ་སོགས་རྣམས་ཀྱང་ཡོད་པ་མིན་པས། དེ་དག་ཀྱང་མཆིག་གུ་ལ་སོགས་པ་བཞིན་དུ་ཀུན་རྫོབ་ཏུ་ཡོད་པ་མ་ཡིན་པ་ཉིད་དུ་ཁས་བླངས་པར་འགྱུར་ན། དེ་ལྟར་ཡང་མ་ཡིན་པས་འདི་ནི་ཡོད་པ་མ་ཡིན་ནོ། །བརྟེན་ནས་བཏགས་པ་རྣམ་པར་གཞག་པ་འདི་ཡང་དབུ་མ་ལ་འཇུག་པ་ལས་རྒྱས་པར་བསྟན་པས་དེ་ཉིད་ལས་ཡོངས་སུ་བཙལ་བར་བྱའོ།།ཞེས་འབྱུང་ངོ༌། །དེས་ན་ཐལ་འགྱུར་བས་ཕྱི་རོལ་པའི་རྟོག་གེ་སྡེ་ལྔ་དང༌། ནང་གི་མུ་སྟེགས་བྱེད་རྣམས་ཀྱིས་མཐའ་བཞིའི་སྐྱེ་བ་སོགས་བདེན་གཉིས་ཀྱི་ཆོས་ལ་སྒྲོ་སྐུར་དང་རྟག་ཆད་དུ་སྨྲ་བ་ལ་དེ་ལྟར་སྨྲ་པོའི་བློ་ལྷན་སྐྱེས་དང་གྲུབ་མཐའ་ལ་ཚད་མར་གྲགས་པ་དང་ཁས་ལེན་གྱི་དབང་གིས་ཚད་མར་བཏགས་པ་ཙམ་དགག་སྒྲུབ་ཀྱི་ཚིག་གི་རྟེན་དུ་བཟུང་ནས་དེ་དག་གི་ལོག་རྟོག་ངན་པའི་དབལ་བཅོམ་པར་བྱེད་པ་ནི་གཤེད་མ་རང་སྲོག་རང་གིས་གཅོད་དུ་འཇུག་པ་ལྟར་བྱེད་པ་ཡིན་ལ། དེ་ལྟ་བུའི་རིགས་པ་ལ་བརྟེན་ནས་དགག་སྒྲུབ་བྱེད་པ་ན་ཐལ་འགྱུར་བས་རྒོལ་བ་དེ་ངོར་གཞན་གྲགས་ཀྱི་རྗེས་བརྗོད་ཙམ་དུ་སྒྲུབ་བྱེད་འཕེན་མི་འཕེན་གྱི་ཐལ་འགྱུར་དང༌། ཐལ་དོན་དེ་དག་གི་སྒྲུབ་ངག་དང༌། ཚུལ་སོ་སོར་བསྒྲུབས་ནས་རྗེས་སུ་དཔག་པའི་ངག་འགོད་པ་དང༌། དམ་བཅའ་བརྗོད་ནས་ཚུལ་སྒྲུབ་པར་བྱེད་པ་ཡོད་ཀྱང་དེ་ཚེ་ཐལ་འགྱུར་བ་དེ་རང་རྒྱུད་སྨྲ་བ་པོར་མི་འགྱུར་ཏེ། དབུ་མ་པ་ཁོ་ནའམ་འབའ་ཞིག་པར་སྨྲ་ན། བདེན་པ་གཉིས་ཀར་རང་ལུགས་ཀྱི་ཚད་མས་གྲུབ་པའི་སྒྲུབ་བྱེད་(༨༨ན)


K800_Page_184
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བསྒྲུབ་བྱའི་དངོས་ཆོས་དང་བཅས་པ་ཁས་མི་ལེན་པ་གང་ཞིག དེ་མི་ལེན་བཞིན་རྒོལ་བ་གཞན་གྱི་ལོག་རྟོག་སུན་འབྱིན་བྱེད་དུ་ངག་ཇི་ལྟར་ཡང་བཀོད་དུ་རུང་བའི་ཕྱིར་ཏེ། རྟགས་ཆོས་ལ་སོགས་ཀྱི་འབྲེལ་བའི་ཞེན་དོན་ཀྱང་གཞན་ཁོ་ནའི་ཕྱོགས་ལ་གནས་པའི་ཕྱིར། རང་ཕྱོགས་ལ་ནི་དགག་སྒྲུབ་ཀྱི་འགལ་འབྲེལ་ཐམས་ཅད་ནམ་མཁའ་ལ་སྨིག་རྒྱུ་གྲོལ་བ་ལྟར་ཞིག་པའི་ཕྱིར། དེས་ན་ཚིག་ཏུ་བརྗོད་པ་ནི་སྐྱེས་བུའི་འདོད་པའི་རྗེས་སུ་འགྲོ་བ་ཡིན་གྱི། རང་མི་འདོད་བཞིན་བཀྲི་བྱེད་གླང་ཆེན་གྱི་ལྕགས་ཀྱུ་ལྟར་མ་ཡིན་ནོ། །དེས་ན་ཚིག་གསལ་ལས། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པ་ལ་ཡང་སྐྱེ་བ་དོན་མེད་པའི་ཕྱིར། འཇིམ་དུས་ཀྱི་བུམ་པ་ཡང་མངོན་གསལ་གྱི་བུམ་པ་བཞིན་ཡོད་པ་ཉིད་ཀྱིས་སྐྱེ་མི་དགོས་སོ། །ཞེས་གསུངས་པའང་ཐལ་འགྱུར་བས་གྲངས་ཅན་ལ་གཞན་ལ་གྲགས་ཀྱི་རྗེས་དཔག་སྐྱེད་བྱེད་ཀྱི་རང་རྒྱུད་ཀྱི་ངག་ཏུ་བཀོད་པ་ཡིན་ཏེ། ཐལ་འགྱུར་ཡིན་ན་ཁས་ལེན་མེད་པའི་ཐལ་འགྱུར་བཞད་གད་དུ་འགྱུར་བའི་ཕྱིར། དེ་ལྟའི་རང་རྒྱུད་ཀྱི་ངག་སྦྱར་བས་རང་རྒྱུད་དམ་རང་ལུགས་ཀྱི་ཚད་མས་གྲུབ་པའི་བསྒྲུབ་བྱ་བསྒྲུབས་པ་ནི་མ་ཡིན་ཏེ། དབུ་མ་པ་རང་གི་རིགས་པ་ཚད་གྲུབ་རང་བདེན་པས་བཞག་པའི་ཕྱོགས་མེད་པ་གཞིར་བྱས་ནས་རྩོད་པའི་ངག་ཐམས་ཅད་གཞན་ལ་སུན་འབྱིན་ཁོ་ནར་བརྗོད་པའི་ཕྱིར། དེ་ལྟ་བུའི་སུན་འབྱིན་ལ་ཐལ་བར་བརྗོད་པ་དང་རྣལ་མར་བརྗོད་པ་ལས་དེ་སྐབས་ཀྱི་ངག་དེ་ཕྱི་མར་སྣང་བའི་ཕྱིར། འོ་ན་རང་ལུགས་དང་རང་ཕྱོགས་ཅུང་ཟད་ཀྱང་མ་བཞག་བཞིན་གཞན་ཁོ་ན་སུན་འབྱིན་པ་ནི་དགོས་པ་མེད་དེ། གཞན་(༨༨བ)


K800_Page_185
[མ་དཔེ་གཟིགས་ན་འདིར་གནོན།]

སུན་འབྱིན་པ་ལས་གྲུབ་པའི་དོན་མེད་པར་ཅོ་འདྲི་ཙམ་དུ་ཟད་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། གཞན་ལ་ཅོ་འདྲིའི་ཕྱིར་དེ་སྐད་བརྗོད་པ་མ་ཡིན་གྱི། གང་ཕྱོགས་ལ་གནས་པའི་བློ་ཅན་དེ་ནི་དེ་ཁོ་ན་ཉིད་ལ་ལོག་པར་རྟོག་པ་ཡིན་ལ། གང་ཕྱོགས་དེ་ཐམས་ཅད་དེ་ངོར་གཞན་ལ་གྲགས་པའི་རིགས་པ་འཐད་ལྡན་གྱིས་བསལ་ནས་ཕྱོགས་ལ་གནས་པའི་བློ་དང་བྲལ་བ་དེ་ལ་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་འཇོག་པའི་ཕྱིར། དེས་ན་དབུ་མ་པ་ཡིན་ན་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་མ་ཡིན་ཏེ། ཞེས་པ་འདི་ལ་ཁོ་བོས་བཤད་པའི་གནད་ཟབ་མོ་འདི་མ་རྟོགས་པར་བོད་གངས་ཅན་པ་གྲགས་ལྡན་སྔ་ཕྱི་མང་པོས་དབུ་མ་ཐལ་འགྱུར་བས་དེ་ཉིད་འཚོལ་བའི་དགག་སྒྲུབ་ཀྱིས་གདུལ་བྱ་ཚར་གཅོད་རྗེས་འཛིན་བྱེད་པ་ན། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་དང་སྒྲུབ་ངག་ཀྱང་ཐལ་འགྱུར་དང་གཞི་མཐུན་གྱི་ངག་ཁོ་ན་འགོད་པ་ཡིན་ཏེ། དེ་ལས་གཞན་ངོར་གཞན་དག་གིས་མི་འདོད་པའི་ཕྱོགས་རང་གི་ཚིག་ཟིན་ལ་དམ་བཅའ་བ་དང་དེའི་སྒྲུབ་བྱེད་འགོད་པར་བྱེད་པ་མ་ཡིན་པའི་ཕྱིར་ཏེ། དེ་ལྟར་འགོད་ན་དེ་རང་རྒྱུད་པར་འགྱུར་བའི་ཕྱིར་ཞེས་སྨྲ་བ་དེ་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པའི་གཞུང་ལུགས་རྒྱ་ཆེན་རྣམས་ཁོ་བོས་ཚར་གཅིག་ཙམ་ཡང་མ་བཀླགས་པར་འཇུག་པའི་གཞུང་སྦྱོར་ཐོར་ཙམ་དང༌། དེའི་སྤྱི་མ་ཐལ་ཙམ་ཞིག་གིས་བློ་ཚིམ་ནས་ཕྱུགས་ལྟ་བུ་མང་དུ་འདུས་པའི་དབུས་ན་དབུ་མའི་འཆད་རྩོད་རྩོམ་པ་བྱེད་དོ་ཞེས་ང་རོ་ངན་པ་འདོན་པ་ནི་ཀུན་ཏུ་རྨོངས་པའི་དབང་གིས་མི་སྒྲོགས་ཀ་མེད་བྱུང་ངོ་ཞེས་གསལ་བར་སྟོན་པའི་མེ་ལོང་དུ་སྣང་ངོ༌། །ཚིག་གསལ་དུ་སློབ་དཔོན་ལེགས་ལྡན་བྱེད་ལ་རྟོག་གེ་པ་འདིས་ནི་(༨༩ན)


K800_Page_186
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའང་སློབ་དཔོན་དེ་སྒྲ་ཚད་སོགས་ཕྱི་ནང་གི་ལུགས་ཆེན་པོ་རྣམས་ལ་བློ་ཤིན་ཏུ་བྱང་ནས་ཤེས་རབ་ཟབ་ཅིང་རྣོ་བའི་ཆ་ནས་དེར་བརྗོད་པ་མ་ཡིན་གྱི། ཀུན་རྫོབ་ཀྱི་དངོས་ཆོས་ལ་འཇིག་རྟེན་པའི་རྣམ་རྟོག་གིས་དེར་འཛིན་གྱི་མངོན་ཞེན་དྲག་པོ་བྱེད་པའི་ཤན་གྱིས་ཀུན་རྫོབ་ཏུའང་ཀུན་རྫོབ་ཀྱི་ཚད་མས་གྲུབ་པས་གནས་སྐབས་སུ་གྲུབ་པའི་གོ་ཆོད་དོ་ཞེས་རྟོག་པར་བྱེད་པས་ན་རྟོག་གེ་པ་ཞེས་བརྗོད་པར་མཛད་པ་ཡིན་ནོ། །དེས་ན་ཐལ་འགྱུར་གྱི་སློབ་དཔོན་དག་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་འཆིང་གྲོལ་གྱི་ཆེད་དུ་བླང་དོར་བྱེད་པ་ན། ཀུན་རྫོབ་པའི་ཆོས་ལ་རིགས་པས་དཔྱད་བཟོད་ཀྱིས་གྲུབ་པའི་ཡུལ་ལ་བླང་དོར་མི་བྱེད་པར་སྐྱེས་བུ་ཀུན་ལ་གྲགས་པ་ཙམ་གྱི་བལྟོས་བཞག་གི་ཀུན་ནས་ཉོན་མོངས་པའི་ཕྱོགས་འདོར་བ་དང༌། རྣམ་པར་བྱང་བའི་ཕྱོགས་བླང་བར་བྱེད་པ་འདི་ནི་ཀུན་རྫོབ་ཀྱི་རང་བཞིན་ལ་མི་སེམས་པར་མ་བརྟགས་པར་མཐུན་པར་བསྒྲུབ་པ་ཡིན་ཏེ། འཆིང་གྲོལ་གྱི་ཆེད་ཀྱི་བླང་དོར་རང་ལུགས་ཀྱི་བདེན་པ་གཉིས་ཀར་ཚད་མས་གྲུབ་པ་ཞིག་ཡོད་ནས་དེ་ལ་བརྟེན་ཏེ་བླང་དོར་བྱེད་པ་རྨི་ལམ་དུའང་མི་རྨི་བའི་ཕྱིར། ཐ་སྙད་ཀྱི་རྣམ་གཞག་རང་མི་བཞེད་ཀྱང་གཞན་གྱི་གྲགས་ངོ་དང་བསྟུན་ནས་འཇོག་པ་ནི་སློབ་དཔོན་འདི་མ་ཟད། དཔལ་ཆོས་ཀྱི་གྲགས་པས་ཀྱང་དེ་ལྟའི་ཐ་སྙད་རྣམ་གཞག་འགའ་ཞིག་གཞན་ངོར་འཇོག་པ་ཡིན་ཏེ། ཇི་སྐད་དུ། བློ་བདག་རྣམ་པར་དབྱེར་མེད་ཀྱང༌། །མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱིས། །གཟུང་དང་འཛིན་པ་མྱོང་བ་དག །ཐ་དད་ལྡན་བཞིན་རྟོགས་པར་འགྱུར། །ཞེས་དང༌། གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང༌། །འཇལ་བྱེད་འབྲས་བུར་(༨༩བ)


K800_Page_187
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ནི། །ཇི་ལྟར་རྗེས་སུ་སྣང་བཞིན་བྱས། །ཞེས་རང་མི་བཞེད་ཀྱང་གཞན་དང་མཐུན་པར་སྨྲས་ཞེས་པ་དང༌། སྒྲ་དོན་འདི་དང་གཞི་མཐུན་ཉིད། །ཡོང་བ་མིན་ཀྱང་ཇི་ལྟ་བུར། །གྲགས་པ་བཞིན་དུ་བརྗོད་པ་སྟེ། །དངོས་ལ་འདི་ནི་མི་སྲིད་དོ། །ཆོས་དང་ཆོས་ཅན་རྣམ་གཞག་དང༌། །ཐ་དད་ཐ་དད་མིན་ཅི་འདྲ། །དེ་ཉིད་དོན་ནི་མ་བརྟགས་པར། །འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ནར་བརྟེན་ནས་ནི། །བསྒྲུབ་བྱ་སྒྲུབ་པ་ཀུན་བཞག་པ། །དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཅེས་སྒྲ་དོན་དེ་རང་མཚན་དངོས་མ་ཡིན་ཀྱང་དེར་བསྙད་ནས་གཞན་གྱི་གོ་བྱར་བསྟན་པ་ལྟ་བུའོ། །འོ་ན་ཁྱོད་ཀྱི་དེ་ཉིད་འཚོལ་བའི་རྟེན་གྱི་དགག་སྒྲུབ་ཀུན་རྫོབ་འཇིག་རྟེན་དང་མཐུན་པའི་གཞན་གྲགས་སུ་སྨྲ་ན། འཇིག་རྟེན་རྒྱང་འཕེན་སོགས་དང་བ་ལང་རྫི་ལྟ་བུ་དབུ་མའི་དེ་ཁོ་ན་ཉིད་བསྟན་པའི་སྣོད་དུ་རེ་ཞིག་མ་གྱུར་ནས་དེ་ཉིད་ཀྱི་བདུད་རྩིའི་རོ་བྲོ་མྱོང་མེད་པ་གང་ལ་དེའི་དགག་སྒྲུབ་ཀྱི་གཞན་གྲགས་དེ་ལ་མེད་པས། དེ་དག་དེ་ཉིད་ལ་འཇུག་པ་ན་འཇིག་རྟེན་བླུན་པོ་དེར་གྲགས་ཀྱི་ཐ་སྙད་ལ་བརྟེན་ནས་དགག་སྒྲུབ་བྱེད་ཅེས་པ་ནི་ཟོང་རྫོགས་པའི་ཚིག་གོ་ཞེ་ན། འཇིག་རྟེན་པ་ནི་འདིར་དོར་མ་གྱོན་པའི་ཀླ་ཀློ་མི་ཁོམ་པའི་གནས་སུ་སྐྱེས་པ་ལྟ་བུ་ཞིག་ལ་ངེས་པར་མི་བཟུང་གི། སྒྲིབ་གཉིས་ཀྱི་དབང་གིས་འཇིག་རྟེན་ཀུན་རྫོབ་པའི་གཟུང་འཛིན་གཉིས་སུ་རྟོག་པ་དང༌། དེར་སྣང་བ་ཅན་ཐམས་ཅད་ཀྱིས་ཚུལ་དེ་ལ་བརྟེན་པའི་སྨྲ་བསམ་རྗོད་པར་བྱེད་པ་ཐམས་ཅད་ལ་འཇིག་རྟེན་པ་ཞེས་བཟུང་སྟེ། དེ་ལ་འཇིག་རྟེན་ཀུན་རྫོབ་ཀྱི་སར་འཇིག་རྟེན་རང་དང་བསྟན་བཅོས་གཉིས་ཀར་སྔར་གྲགས་དང་གྲགས་རུང་ཐམས་ཅད་ཀྱི་ཐ་སྙད་ལ་འཇིག་རྟེན་ཀུན་རྫོབ་(༩༠ན)


K800_Page_188
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐ་སྙད་ཅེས་རྗོད་པར་བྱེད་པའི་ཕྱིར། རྒྱལ་སྲས་ཞི་བ་ལྷས། དེ་ལ་འཇིག་རྟེན་རྣམ་གཉིས་མཐོང༌། །རྣལ་འབྱོར་པ་དང་ཕལ་པའོ། །དེ་ལ་འཇིག་རྟེན་ཕལ་པ་ནི། །རྣལ་འབྱོར་འཇིག་རྟེན་གྱིས་གནོད་ཅིང༌། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་འབྱུང་ལ། དེས་ན་ནམ་ཞིག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གྲུབ་པ་ན། གདུལ་བྱ་གཞན་ངོར་སྔོན་གྱི་ཚོགས་དང་སྨོན་ལམ་གྱི་མཐུས་སྐུ་དང་ཡེ་ཤེས་ཀྱི་ཀུན་རྫོབ་ཀྱི་རྟེན་འབྲེལ་འཆར་ཡང་སངས་རྒྱས་རང་ངོར་འཇིག་རྟེན་ཀུན་རྫོབ་པ་མཐའ་དག་གི་སྤྲོས་དམིགས་ཐམས་ཅད་ཉེ་བར་ཞི་བ་ཉིད་དུ་འགྱུར་ཞེས་པ་འདི་ནི་ཐལ་འགྱུར་བ་དག་གི་ལེགས་བཤད་ཀྱི་སྲོག་ཟུངས་ཆེན་པོའོ། །ཡང་སློབ་དཔོན་ཆེན་པོ་རྨ་བྱའི་ཡིག་ཆར། ཁ་ཅིག་དངོས་སྟོབས་ཞུགས་པའི་ཚད་མ་ཡིས། །ཕྱོགས་གཉིས་དགག་སྒྲུབ་ངེས་པ་ཡིན་ཅེས་སྨྲ། ཞེས་དང༌། ཡུལ་དངོས་སྟོབས་ཀྱིས་ཞུགས་པ་ཡི། །ཚད་མས་དེ་ཉིད་རྟོགས་སོ་ཞེས། །ཆོས་ཀྱི་གྲགས་པའི་རྗེས་འབྲངས་པའི། །རྟོག་གེ་པ་རྣམས་སྨྲ་བར་བྱེད། །ཅེས་སོགས་འབྱུང་བ་ལ་དཔགས་ནས་ཕྱི་རབས་པ་ཁ་ཅིག་མདོ་སེམས་ཀྱི་འདོད་པའི་ཚད་མ་ལ་སོགས་པའི་དངོས་པོ་རང་བདེན་པ་དོན་དམ་པར་གྲུབ་པར་སྨྲ་བ་དེ་དབུ་མ་རང་རྒྱུད་པས་ཀྱང་དེ་ལྟར་ཁས་བླངས་ནས་དགག་སྒྲུབ་བྱས་སོ་ཞེས་སྔ་རབས་པའི་དགོངས་པར་འཆད་པ་ནི་ནོར་བ་ཡིན་ཏེ། མདོ་སེམས་ཐུན་མོང་དུ་ཤེས་པ་དང༌། དེའི་རྣམ་པ་མ་འཁྲུལ་བའི་དངོས་པོ་ཐམས་ཅད་སེམས་ཙམ་གྱི་ངོ་བོས་དོན་དམ་བདེན་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་ལ། རང་རྒྱུད་པས་ནི་ཕྱི་ནང་གི་དངོས་པོའི་རྣམ་པར་སྣང་བའི་ཆོས་འདི་དག་རང་གི་མཚན་ཉིད་(༩༠བ)


K800_Page_189
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བདེན་པར་གྲུབ་པའི་དངོས་པོ་སྟོབས་ཞུགས་སུ་འགའ་ཡང་མ་གསུངས་པའི་ཕྱིར་ཏེ། ཆོས་འདི་དག་ཀུན་རྫོབ་རྫུན་ཆོས་ཁོ་ནར་བཞག་པའི་ཕྱིར། འོ་ན་སྔ་རབས་པས་དེ་སྐད་གསུངས་པ་ནི་རང་རྒྱུད་པས་ཆོས་འདི་དག་ཀུན་རྫོབ་ཏུ་ཀུན་རྫོབ་ཀྱི་ཚད་མས་གྲུབ་པའི་སྒོ་ནས་ཕྱོགས་གཉིས་ཀྱི་དགག་སྒྲུབ་བྱེད་པ་འཐད་ལྡན་དུ་སྨྲ་བ་དེ་འགོག་པའི་ཆེད་དུ་ཕྱོགས་སྔར་བཞག་པ་ཡིན་ལ། ཡང་ཚད་མ་དང་གཞལ་བྱ་རང་བདེན་པ་ཡོད་དོ་ཞེས་མདོ་སེམས་དག་སྨྲ་བ་ལ་བརྟེན་ནས་ཚད་མའི་མདོ་དང་རྣམ་འགྲེལ་ངེས་ནས་འབྱུང་བ་དེ་བདག་ཉིད་ཆེན་པོ་བྱང་ཆུབ་བརྩོན་འགྲུས་ཀྱིས་རྒྱ་ཆེར་རིགས་རྒྱན་སྣང་བ་ལ་སོགས་པར་དགག་པར་མཛད་པ་ཡང་ལེགས་པར་འཐད་དེ། ཚད་མ་དང་གཞལ་བྱ་རང་བདེན་པ་འགོག་པའི་སླད་དུ་སློབ་དཔོན་བདག་ཉིད་ཆེན་པོ་ཀླུས་ཀྱང་ཞིབ་མོ་རྣམ་པར་འཐག་པར་རྟོག་གེའི་ཚིག་དོན་བཅུ་དྲུག་རྒྱས་པར་བཀག་པའི་ཕྱིར། འོ་ན་ཐལ་འགྱུར་བས་ཀུན་རྫོབ་ཀྱི་ཆོས་ཀུན་རྫོབ་ཏུའང་ཀུན་རྫོབ་ཀྱི་ཚད་མས་མ་གྲུབ་བཞིན་དུ་ཀུན་རྫོབ་ཀྱི་རྣམ་གཞག་རྒྱ་ཆེར་སྨྲ་ན། ཀུན་རྫོབ་ཏུ་ཀུན་རྫོབ་ཀྱི་ལས་རྒྱུ་འབྲས་དང་འཆིང་གྲོལ་སོགས་ཀྱང་ཡེ་མེད་དུ་སྨྲའམ་ཞེ་ན། མི་སྨྲ་སྟེ། དེ་ནི་ཇི་ལྟར་མངོན་མཐོ་ངེས་ལེགས་དོན་དུ་གཉེར་བའི་སྐྱེས་བུ་དམ་པ་དག་གིས་མ་དཔྱད་པའི་ངོར་ཀུན་རྫོབ་ཀྱི་རྣམ་གཞག་ཇི་ལྟར་བྱེད་པ་ལྟར་ཁོ་བོས་ཀྱང་དེར་བརྗོད་པའི་ཕྱིར། འོ་ན་ཀུན་རྫོབ་ཀྱི་ལས་རྒྱུ་འབྲས་མ་གྲུབ་བཞིན་དུ་ཀུན་རྫོབ་ཀྱི་ལས་རྒྱུ་འབྲས་རྣམ་པར་གཞག་པ་མི་རིགས་སོ་ཞེ་ན། མི་འགལ་ཏེ། མ་གྲུབ་བཞིན་དེ་དེ་ལྟར་བྱེད་པ་དང༌། དེ་དེ་ལྟར་མི་བྱེད་པའི་ཆོས་ཀྱི་འཇུག་པ་སྣ་ཚོགས་པ་ཞིག་འཇིག་རྟེན་ན་མི་བསླུ་བར་གྲགས་ཤིང་མྱོང་བ་ལ་ཐ་སྙད་འཁྲུལ་ངོར་(༩༡ན)


K800_Page_190
[མ་དཔེ་གཟིགས་ན་འདིར་གནོན།]

བསྙོན་མི་ནུས་སུ་སྣང་བའི་ཕྱིར། དེ་སྐད་དུ། གནས་བརྟན་ཆེན་པོ་བུདྡྷ་པཱ་ལི་ཏས་འཇིག་རྟེན་གྱི་ཐ་སྙད་ཀྱི་ཕྱིར། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཅེས་དང༌། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང༌། གང་འཇིག་རྟེན་ལ་ཡོད་པར་གྲགས་པ་དེ་ང་ཡང་ཡོད་པར་སྨྲའོ། །གང་འཇིག་རྟེན་ལ་མེད་པར་གྲགས་པ་དེ་ང་ཡང་མེད་པར་སྨྲའོ། ། ཞེས་གསུངས་པས། དེའི་ཕྱིར་གང་གི་ཚེ་འཇིག་རྟེན་གྱི་ཐ་སྙད་བྱ་བ་དེའི་ཚེ་ན་གང་འཇིག་རྟེན་ལ་ཡང་དག་པ་ཉིད་དུ་གྲགས་པ་དེ་བཅོམ་ལྡན་འདས་ཀྱིས་ཡང་དག་པ་ཉིད་དུ་གསུངས་སོ། །གང་འཇིག་རྟེན་ལ་ཡང་དག་པ་མ་ཡིན་པར་གྲགས་པ་དེ་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་མ་ཡིན་ནོ་ཞེས་གསུངས་སོ། །གང་འཇིག་རྟེན་ལ་ཡང་དག་པ་ཉིད་དང༌། ཡང་དག་པ་མ་ཡིན་པ་ཉིད་དུ་གྲགས་པ་དེ་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པ་ཉིད་དང༌། ཡང་དག་པ་མ་ཡིན་པ་ཉིད་དོ་ཞེས་གསུངས་སོ། །འདི་ལྟ་སྟེ། དཔེར་ན། གྲོང་མི་གཉིས་ཤིག་བྱ་བ་འགའ་ཞིག་ལ་གྲོང་ཁྱེར་དུ་དོང་བ་ན། ལྟད་མོའི་ཕྱིར་ལྷ་ཁང་དུ་ཞུགས་ནས་རི་མོ་ལྟ་བར་བརྩམས་པ་དང༌། དེ་ན་གཅིག་གིས་སྨྲས་པ། ལག་ན་མདུང་རྩེ་གསུམ་པ་ཐོགས་པ་གང་ཡིན་པ་འདི་ནི་སྲེད་མེད་ཀྱི་བུའོ། །ལག་ན་འཁོར་ལོ་ཐོགས་པ་གང་ཡིན་པ་འདི་ནི་དབང་ཕྱུག་ཆེན་པོའོ། །ཅིག་ཤོས་ཀྱིས་སྨྲས་པ། ཁྱོད་ཀྱིས་ལོག་པར་བཟུང་སྟེ། ལག་ན་མདུང་རྩེ་གསུམ་པ་ཐོགས་པ་ནི་དབང་ཕྱུག་ཆེན་པོའོ། །ལག་ན་འཁོར་ལོ་ཐོགས་པ་ནི་སྲེད་མེད་ཀྱི་བུའོ་ཞེས་དེ་གཉིས་རྩོད་པ་ན། ཉེ་འཁོར་ན་ཀུན་ཏུ་རྒྱུ་ཞིག་འདུག་པའི་གན་དུ་དོང་སྟེ་ཕྱག་འཚལ་ནས་རང་རང་བསམ་པ་སྨྲས་པ་དང༌། དེས་གཅིག་(༩༡བ)


K800_Page_191
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱོད་ཟེར་བ་ནི་བདེན་ནོ་ཞེས་སྨྲས། ཅིག་ཤོས་ལ་མི་བདེན་ནོ་ཞེས་སྨྲ་ན། དེ་ལ་ཀུན་ཏུ་རྒྱུ་དེས་ཇི་ལྟར་འདི་ན་དབང་ཕྱུག་ཆེན་པོ་འགའ་ཡང་མེད་ལ། སྲེད་མེད་ཀྱི་བུ་ཡང་མེད་དེ། འདི་དག་ནི་རྩིག་པ་ལ་བརྟེན་པའི་རི་མོ་བྲིས་པའོ་ཞེས་བྱ་བ་དེ་ལྟར་ཤེས་མོད་ཀྱི། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་འདི་ནི་བདེན་ནོ། །འདི་ནི་མི་བདེན་ནོ་ཞེས་སྨྲས་པ་ལ་རྫུན་གྱི་ཚིག་གི་སྐྱོན་དུ་མི་འགྱུར་བ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱིས་ཀྱང་དངོས་པོ་རྣམས་ངོ་བོ་ཉིད་སྟོང་པར་གཟིགས་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས། འདི་ནི་ཡང་དག་པ་ཉིད་དོ། །འདི་ནི་ཡང་དག་པ་ཉིད་མ་ཡིན་ནོ། །འདི་ནི་ཡང་དག་པ་ཉིད་དང་ཡང་དག་པ་ཉིད་མ་ཡིན་ནོ། །ཞེས་གསུངས་སོ། །དོན་དམ་པར་ནི། ཡང་དག་མ་ཡིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །དངོས་པོ་ངོ་བོ་ཉིད་སྟོང་པ་སྒྱུ་མ་དང་རྨི་ལམ་དང་སྨིག་རྒྱུ་དང་གཟུགས་བརྙན་དང་བྲག་ཆ་ལྟ་བུ་དག་ལ་ཇི་ལྟར་ཡང་དག་པ་ཉིད་དང་ཡང་དག་པ་ཉིད་མ་ཡིན་པར་བརྗོད་དེ། དེའི་ཕྱིར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ཡོད་པ་དང་མེད་པ་ཉིད་ཀྱི་སྐྱོན་དང་བྲལ་བ་མུ་སྟེགས་བྱེད་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དོན་དམ་པ་གསལ་བར་བྱེད་པ་ཡིན་ནོ། །ཞེས་འབྱུང་ངོ༌། །དེས་ན་ཁོ་བོའི་ཡབ་མཆོག་རྗེ་བཙུན་རས་པ་ཆེན་པོས། ཀུན་རྫོབ་ཏུ་ཀུན་རྫོབ་ཀྱི་ལས་རྒྱུ་འབྲས་ཀུན་རྫོབ་ཀྱི་ཚད་མས་གྲུབ་པ་མེད་ཀྱང་དེར་ཡོད་པ་ལྟར་སྣང་བ་དེ་ཤེས་ངོ་དེར་བལྟོས་ཀྱི་ཐ་སྙད་དུ་ཡོད་པ་བཞག་ཏུ་ཆུག་ཀྱང༌། དེ་ཙམ་གྱི་ཡོད་པས་བདེན་པ་གཉིས་ཀར་ཡང་དག་པར་ཡོད་པའི་གོ་མི་ཆོད་དེ། ཆོད་ན་ཡོད་པའི་སྤྲོས་མཐའ་སྤྲོས་མཐའ་མ་ཡིན་པར་འགྱུར་བའི་ཕྱིར་ཞེས་བཀའ་སྩལ་པ་འདི་ནི་སྤྲོས་བྲལ་(༩༢ན)


K800_Page_192
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཀྱི་གོ་འཕང་འདོད་པ་ལ་ཉེར་འཚོའི་བདུད་རྩི་དམ་པར་གྲུབ་བོ། །ལེགས་པར་བསམ་ན་ཁོ་བོས་ནི་འདི་ལྟར་དུ་གོ་སྟེ། མགོན་པོ་ཀླུའི་རྩ་བའི་བསྟན་བཅོས་ཀྱིས་བདག་སྐྱེ་འགོག་པ་ན་དངོས་སློབ་སངས་རྒྱས་བསྐྱངས་དང་ལེགས་ལྡན་བྱེད་གཉིས་ཀུན་རྫོབ་ཏུ་ཀུན་རྫོབ་ཀྱི་ཆོས་ཅན་སོགས་ཀུན་རྫོབ་ཀྱི་ཚད་མས་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་གྲུབ་པ་ཞིག་འགོད་མི་དགོས་པ་དང་དགོས་པར་སྨྲ་བ་ལས་ལུགས་སོ་སོར་གྱེས་ཀྱང༌། ཕྱིས་སློབ་དཔོན་ཆེན་པོ་ཟླ་གྲགས་ཀྱིས་རང་རྒྱུད་ཀྱི་དགག་སྒྲུབ་དེ་དགག་པ་ན། སློབ་དཔོན་ལེགས་ལྡན་བྱེད་ཀྱི་ཕྱོགས་འཛིན་པའི་སློབ་དཔོན་ཞི་བ་འཚོ་དང་ཡེ་ཤེས་སྙིང་པོས་ཀྱང་སློབ་དཔོན་ལེགས་ལྡན་བྱེད་ནས་བརྒྱུད་པའི་ལྟ་བའི་བཀའ་དྲིན་ཐོབ་པས་ཕྱོགས་འཛིན་པ་ནི་དེའི་གྲུབ་པ་ལ་གནས་ཀྱང༌། སློབ་དཔོན་ཟླ་བའི་དགག་པ་དེ་ལེགས་ལྡན་བྱེད་ལ་སོང་བའི་དབང་གིས་དབུ་མ་པ་དང་དངོས་སྨྲ་བ་རྩོད་པའི་ཚེ་རྒོལ་ཕྱིར་རྒོལ་གཉིས་ཀས་མཐུན་པར་ཚད་མས་གྲུབ་པའི་ཆོས་ཅན་སོགས་ངེས་པར་འཛིན་དགོས་ཞེས་པའི་ཕྱོགས་འདི་བཏང་ནས། དེ་མི་དགོས་སོ་ཞེས་ཐལ་འགྱུར་བས་ཇི་སྐད་སྨྲ་བ་ལྟར་འཆད་པར་བྱེད་དེ། དེའི་འཆད་ཚུལ་ནི་དགག་སྒྲུབ་ཀྱི་རྟེན་ཆོས་ཅན་སོགས་དབུ་མ་པ་དང་དངོས་སྨྲ་བ་མཐུན་སྒྲུབ་མི་སྲིད་དེ། དབུ་མ་པས་གཞི་གཅིག་ལ་གཞན་གྲགས་ཀྱི་ཚད་མས་བདེན་པ་འགོག་པ་དང༌། དངོས་སྨྲ་བས་རང་རྒྱུད་ཀྱི་ཚད་མས་བདེན་པར་ཞེན་ཅིང་སྒྲུབ་པར་བྱེད་པའི་ཕྱིར། འོ་ན་དགག་སྒྲུབ་ཀྱི་རྟེན་གྱི་ཆོས་ཅན་སོགས་ཇི་ལྟར་བཞག་སྙམ་ན། སྣང་ལོག་དང་བཏགས་ལོག་གི་ཀུན་རྫོབ་མ་ཡིན་པར་འཇིག་རྟེན་གྱིས་དོན་དམ་བདེན་པར་ཁས་བླངས་ཤིང༌། (༩༢བ)


K800_Page_193
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་པ་སྤྱི་ལ་ཡང་དག་ཀུན་རྫོབ་ཏུ་བརྡ་བྱས་པའི་མཁས་པ་ནས་གནག་རྫིའི་བར་མ་དཔྱད་པའི་བློ་ལྷན་སྐྱེས་ཀྱི་ཤེས་ངོར་རྒོལ་བ་གཞན་གྲགས་ཀྱི་བསམ་པ་དང་རྗེས་སུ་བསྟུན་པའི་ཆོས་ཅན་སྣང་ཙམ་གྱི་མྱུ་གུ་སོགས་འཛིན་པ་ལས་ཀུན་རྫོབ་ཀྱི་ཚད་མས་རང་ལུགས་སུ་གྲུབ་པའི་ཆོས་ཅན་མྱུ་གུ་དང་ནང་གི་སེམས་བསྐྱེད་སོགས་འཛིན་པ་ནི་མ་ཡིན་ཏེ། རྒྱན་རྩ་འགྲེལ་ལས། ཇི་སྐད་དུ། ཆོས་ཐམས་ཅད་རང་བཞིན་མེད་པར་ཁས་བླངས་ན་ཕྱོགས་ཀྱི་ཆོས་ལ་སོགས་པ་རང་ལ་མ་གྲུབ་པའི་ཕྱིར་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་མི་འགྲུབ་པ་མ་ཡིན་ནམ། དེའི་ཕྱིར་རྗེས་སུ་དཔག་པ་པོས་ཇི་ལྟར་གཏན་ལ་དབབ། གལ་ཏེ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་སྒྲུབ་པའི་གཏན་ཚིགས་མ་བརྗོད་ན། དེ་གཏན་ཚིགས་མེད་པར་མི་འགྲུབ་པའི་ཕྱིར་འདོད་པའི་དོན་མི་འགྲུབ་བོ། །ཅི་སྟེ་བརྗོད་ན་ནི་གཏན་ཚིགས་ཡོད་དེ། དེ་ལྟར་ནའང་ཆོས་ཐམས་ཅད་རང་བཞིན་མེད་པར་མི་འགྲུབ་པས་འདོད་པའི་དོན་མི་འགྲུབ་བོ། །འདི་ནི་གྱི་ན་སྟེ། འདི་ལྟར། གཞུང་གིས་བསྐྱེད་པའི་བྱེ་བྲག་གིས། །ཆོས་ཅན་སྤངས་ནས་མཁས་པ་དང༌། །བུད་མེད་བྱིས་པའི་བར་དག་ལ། །གྲགས་པར་གྱུར་པའི་དངོས་རྣམས་ལ། །སྒྲུབ་དང་བསྒྲུབ་པའི་དངོས་པོ་འདི། །མ་ལུས་ཡང་དག་འཇུག་པར་འགྱུར། །དེ་ལྟར་མིན་ན་གཞི་མ་གྲུབ། །ལ་སོགས་ལན་ནི་ཇི་སྐད་གདབ། །བདག་ནི་སྣང་བའི་ངང་ཅན་གྱི། །དངོས་པོ་དགག་པར་མི་བྱེད་དེ། །དེ་ལྟ་བས་ན་སྒྲུབ་པ་དང༌། །བསྒྲུབ་བྱ་བཞག་པ་འཁྲུགས་པ་མེད། །རྗེས་སུ་དཔོག་པ་དང་དཔག་པར་བྱ་བའི་ཐ་སྙད་ཐམས་ཅད་ཕན་ཚུན་མི་མཐུན་པའི་གྲུབ་པའི་མཐས་བསྐྱེད་(༩༣ན)


K800_Page_194
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཅན་ཐ་དད་པ་ཡོངས་སུ་བཏང་སྟེ། མཁས་པ་དང་བུད་མེད་དང་བྱིས་པའི་བར་གྱི་མིག་དང་རྣ་བ་ལ་སོགས་པའི་ཤེས་པ་ལ་སྣང་བའི་ངང་ཅན་གྱི་ཕྱོགས་སྒྲ་ལ་སོགས་པའི་ཆོས་ཅན་ལ་བརྟེན་ནས་འཇུག་གོ། །དེ་ལྟར་མིན་ན་དུ་བ་དང་ཡོད་པ་ལ་སོགས་པ་མེ་དང་མི་རྟག་ཉིད་ལ་སོགས་པ་བསྒྲུབ་པར་འདོད་པ་ཐམས་ཅད་ཀྱི་གཏན་ཚིགས་གཞི་གྲུབ་པར་མི་འགྱུར་ཏེ། སྒྲུབ་པའི་ཆོས་ཅན་ཡན་ལག་དང་ནམ་མཁའི་ཡོན་ཏན་ལ་སོགས་པའི་ངོ་བོ་རྣམས་མ་གྲུབ་པའི་ཕྱིར་རོ། ། དེ་ལྟར་ན་ཆོས་གཉིས་ཀ་དང་ལྡན་པའི་དཔེའི་ཆོས་ཅན་ཡང་མི་འགྲུབ་པ་ཉིད་དོ། །གལ་ཏེ་སྒྲུབ་པ་དང་སྒྲུབ་པའི་ཐ་སྙད་འདི་ལྟ་བུ་འདི་གཞན་དག་ཀྱང་ཁས་ལེན་ན་ནི། དེ་ལྟར་ན་མཁས་པ་བརྒལ་བའི་གྲགས་པ་འདི་ཅི་དགོས་ཏེ། འདི་ལྟར་རང་གི་ཕྱོགས་ལ་ནི་མི་བལྟ་བར་གཞན་གྱི་ཕྱོགས་ཀྱི་ཉེས་པ་འདི་ཉིད་དུ་ཟད་དོ། །ཁོ་བོ་ཡང་མིག་ལ་སོགས་པའི་ཤེས་པ་ལ་སྣང་བའི་ངང་ཅན་གྱི་དངོས་པོ་ནི་མི་སེལ་གྱི། ཤེས་རབ་དང་ཡེ་ཤེས་ཀྱིས་དཔྱད་ན་ཆུ་ཤིང་གི་སྡོང་པོ་བཞིན་དུ་སྙིང་པོ་བག་ཙམ་ཡང་མི་སྣང་བས་དོན་དམ་པར་མི་འདོད་དོ། །དེ་ལྟ་བས་ན་སྣང་བའི་དོན་མ་བཀག་པ་ཉིད་མངོན་པར་ཞེན་པ་མེད་པའི་སྒྲུབ་པ་དང་སྒྲུབ་པའི་ཐ་སྙད་འཇུག་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་སྨྲ་བ་ལ་གནོད་པ་ཅི་ཡང་མེད་དོ། །ཇི་སྐད་དུ། འཛིན་པ་དྲུག་པ་མི་བརྟེན་ན། །ཐ་སྙད་རབ་ཏུ་འགྲུབ་འགྱུར་ལ། །ཐ་སྙད་རྣམས་ལ་མཁས་གྱུར་ན། །བསྟན་བཅོས་དོན་ལ་རྨོངས་པ་མེད། །ཅེས་གསུངས་པ་ལྟ་བུའོ། །ཞེས་དང༌། བདེན་གཉིས་རྩ་འགྲེལ་ལས། འདི་ལྟར། རྒོལ་བ་གཉིས་ཀའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་(༩༣བ)


K800_Page_195
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །ཆོས་ཅན་ཆོས་ལ་སོགས་པར་རྟོག །དེ་ཚེ་རྗེས་སུ་དཔག་པ་འབྱུང༌། །གང་གི་ཚེ་ན་གཞན་ན་མིན། །དེ་བས་རིགས་པར་སྨྲ་བ་རྣམས། །དེ་སྐད་སྨྲ་ལ་སུ་ཞིག་འགོག །རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་གི་བློ་ལ་སྣང་བའི་ཆ་ཆོས་ཅན་དང་ཆོས་དང་དཔེ་ཉིད་དུ་རྣམ་པར་གཞག་པ་འབྱུང་གི། ཆོས་ཅན་དང་ཆོས་ལ་སོགས་པ་གཉིས་ཀ་ལ་མ་གྲུབ་པ་ཉིད་ཀྱི་རྗེས་སུ་དཔག་པ་འབྱུང་བ་མི་རུང་བའི་ཕྱིར། གཞན་ན་ནི་མ་ཡིན་ཏེ། གཞུང་ལུགས་ཐ་དད་པ་ལ་གནས་པ་རྣམས་ནི་གང་ལ་ཡང་བློ་མཚུངས་པ་ཉིད་མེད་པའི་ཕྱིར་རོ། །ཆོས་ཅན་དེ་ལྟ་བུ་ལ་གནས་པ་རྣམས་ནི་གཏན་ཚིགས་ལ་སོགས་པ་དེ་ལྟ་བུ་ཁོ་ནས་ཡང་དག་པར་ན་ཡོད་དམ་མེད་ཅེས་སེམས་པར་བྱེད་པར་ཁས་བླང་བར་བྱའོ། །དེ་ལྟ་བས་ན་རིགས་པར་སྨྲ་བའང་དེ་ལྟར་རྗེས་སུ་དཔག་པར་འབྱུང་བར་བྱེད་ན་སུ་ཞིག་འགོག་པར་འགྱུར། འདི་ནི་མཚུངས་པ་ཉིད་དུ་གྲུབ་པར་གཏན་ལ་ཕབ་པས་འདིར་ནི་རྒྱ་མི་བསྐྱེད་དོ། །ཞེས་འབྱུང་ངོ༌། །དེས་ན་རང་རྒྱུད་པའི་སློབ་དཔོན་ཕྱི་མ་དག་ཕྱོགས་དང་དེའི་ཆོས་སོགས་རྒོལ་བ་གཉིས་མཐུན་གྲུབ་མི་འབྱུང་བས་རྒོལ་བ་གཉིས་ཀའི་མ་དཔྱད་པའི་ཤེས་པ་ལ་སྣང་བའི་མྱུག་སོགས་ལྟ་བུ་རྩོད་ངོར་འཛིན་ཞེས་དང༌། ཐལ་འགྱུར་བས་རང་རྒྱུད་ཀྱིས་གྲུབ་པའི་ཕྱོགས་དང་དེ་ཆོས་རྒོལ་བ་གཉིས་མཐུན་གྲུབ་མི་སྲིད་པས་འཇིག་རྟེན་གཞན་གྱིས་བརྗོད་པའི་ཕྱོགས་དང༌། དེའི་ཆོས་སོགས་རྩོད་ངོར་རྒོལ་བ་དང་མཐུན་པར་རྒོལ་བ་གཉིས་པས་ཀྱང་རྗེས་བརྗོད་དུ་བྱེད་ཅེས་བརྗོད་པ་ནི་ཚིག་གི་འདོན་ཚུལ་ཐ་དད་པ་མ་གཏོགས་ཐུགས་རྩེ་གཏད་མཚམས་གཅིག་ཏུ་གྲུབ་པ་ཡིན་ནོ། །དེ་བས་ན་ཟབ་མོ་སྟོང་པ་ཉིད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཚུལ་ལ་(༩༤ན)


K800_Page_196
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་རང་གི་སློབ་དཔོན་དག་དགོངས་པ་མི་གཅིག་པ་མ་ཡིན་ཏེ། དེ་ཐམས་ཅད་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་ནས་སེམས་ཅན་མཐའ་དག་དེ་ཁོ་ནར་གཞུག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པའི་ཕྱིར། དེ་ལྟར་ནའང་སྒྲོས་ཅུང་ཟད་མི་མཐུན་པ་ནི་སྨན་པ་མཁས་པས་ནད་སྣ་ཚོགས་ཀྱིས་མནར་བའི་ནད་པ་ལ་མངར་སྐྱུར་གྱི་སྨན་ཐ་དད་པ་བྱིན་ནས་ནད་སེལ་བར་བྱེད་པ་ལྟར་དངོས་འཛིན་སྣ་ཚོགས་ཅན་ལ་ཆོས་སྟོན་ཚུལ་ཐ་དད་པས་དངོས་འཛིན་སྣ་ཚོགས་དྲུངས་འབྱིན་པར་བྱེད་པས་ཆོས་སྟོན་པའི་རྣམ་གྲངས་མཐའ་ཡས་པའི་ཚུལ་དེས་སློབ་དཔོན་དེ་དག་གི་དགོངས་པ་མི་མཐུན་པར་སུ་ཞིག་དོགས། དེས་ན་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྟེ། འཕགས་པའི་ཚོགས་ཐམས་ཅད་ཆོས་དབྱིངས་སྤྲོས་བྲལ་ཟབ་མོར་དགོངས་པ་གཅིག་ཅིང༌། དེ་སྟོན་པར་བྱེད་པའི་བརྗོད་མེད་བརྗོད་པའི་གསུང་ཐམས་ཅད་ཀྱང་དབྱངས་གཅིག་མགྲིན་གཅིག་པའོ་ཞེས་རྒྱལ་བ་ཐམས་ཅད་མཁྱེན་པ་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པས་བཀའ་སྩལ་པ་ཉིད་ལྟར་ལེགས་སོ། །གསུམ་པ་ནི། རྗེ་བཙུན་འཇམ་པའི་དཔལ་དངོས་སུ་བསྙེན་པའི་ཙོང་ཁ་པ་ཆེན་པོ་བཞེད་པའི་དབུ་མའི་སྲོལ་དེར་ཐལ་རང་གི་འདོད་པ་གྱེས་ཚུལ་འཆད་པ་ན། དེའི་སྲས་ཀྱི་ཐུ་བོ་མཁས་གྲུབ་པའི་ཡི་གེའི་ངག་དོན་འདིར་བཀོད་པ་ནི། ཐལ་འགྱུར་བས་ཆོས་ཅན་རང་མཚན་གྱིས་གྲུབ་པའི་གཞལ་བྱ་འཇལ་བའི་ཚད་མ་ཐ་སྙད་དུའང་མེད་པ་དེའི་ཆ་ནས་ཆོས་ཅན་ཚད་མས་རྒོལ་ཕྱིར་རྒོལ་མཐུན་གྲུབ་མི་སྲིད་ཀྱང༌། སྤྱིར་ཆོས་ཅན་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་ཚད་མས་གྲུབ་ཅིང༌། ཆོས་ཅན་དང་ཕྱོགས་ཆོས་སོགས་(༩༤བ)


K800_Page_197
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྒོལ་གྱི་ལུགས་ལའང་ཚད་མས་གྲུབ་པའི་ཁས་བླངས་ལ་འཁྲིས་ནས་བཀོད་པའི་གཏན་ཚིགས་ནི་གཞན་གྲགས་ཀྱི་རྗེས་དཔག་དང༌། ཐལ་འགྱུར་ཙམ་གྱིས་གཞན་ལ་བདེན་མེད་ཀྱི་རྟོགས་པ་སྐྱེད་པར་བྱེད་ལ། རང་རྒྱུད་པས་ནི་ཡུལ་གྱི་སྡོད་ལུགས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞལ་བྱ་ལ་མ་འཁྲུལ་བའི་རྙེད་དོན་རྒོལ་ཕྱིར་རྒོལ་གཉིས་ཀའི་ལུགས་ལ་མཐུན་སྣང་དུ་གྲུབ་པའི་ཆོས་ཅན་གྱི་སྟེང་དུ་སྔར་རྒོལ་གང་ལ་དཔག་འདོད་ཞུགས་པའི་བསྒྲུབ་བྱའི་ཆོས་སྒྲུབ་བྱེད་ཀྱི་གཏན་ཚིགས་སུ་བཀོད་པ་རང་རྒྱུད་ཀྱི་རྟགས་ཀྱི་དོན་ཡིན་ནོ། །ཞེས་འཆད་པར་སྣང་ལ། ཡང་དེ་སྲས་གུང་རུ་རྒྱལ་བཟང་གི་ཡི་གེའི་ངག་དོན་བཀོད་པ་ནི། རྟགས་ཆོས་དོན་གསུམ་གྱི་ཐ་སྙད་བཏགས་དོན་བཙལ་ཏེ་རྒོལ་ཕྱིར་རྒོལ་གཉིས་ཀར་མཐུན་སྣང་དུ་གྲུབ་པ་ལ་བརྟེན་ནས་དགག་སྒྲུབ་བྱེད་པ་ནི་རང་རྒྱུད་ཀྱི་ལུགས་དང༌། རྟགས་ཆོས་དོན་གསུམ་གྱི་བཏགས་དོན་བཙལ་ནས་ཚད་མས་གྲུབ་པ་མེད་ཀྱང་རྟགས་ཆོས་དོན་གསུམ་ཐ་སྙད་པའི་ཚད་མས་རྒོལ་ཕྱིར་རྒོས་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པ་ལ་བརྟེན་ནས་དགག་སྒྲུབ་བྱེད་པ་ནི་ཐལ་འགྱུར་བའི་ལུགས་སོ། །ཞེས་འཆད་པར་སྣང་ངོ༌། །སྐུ་མཆེད་དེ་གཉིས་ཀྱང་མཐུན་པར་དཔལ་ཙོང་ཁ་པའི་དགོངས་པ་ལོན་པའི་བསྟན་འཛིན་དུ་གྲུབ་མོད། དེ་ལྟར་ནའང་ཐལ་རང་གི་དོན་དེ་ལྟར་འཆད་ན། ཐལ་རང་གི་སློབ་དཔོན་ཆེན་པོ་དག་ལུགས་དེ་ལྟར་བཞེད་པ་རྨང་ལམ་ཙམ་དུའང་མི་བསམ་པ་ཞིག་དེ་པས་བཞེད་དོ་ཞེས་སྒྲོ་བཏགས་ནས་རྗོད་པར་བྱེད་པ་ཡིན་ཏེ། ཐལ་འགྱུར་བའི་སློབ་དཔོན་ཆེན་པོ་དག་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་རྟགས་ཆོས་དོན་གསུམ་བདེན་པ་གཉིས་ཀར་(༩༥ན)


K800_Page_198
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མས་གྲུབ་པར་མི་བཞེད་དེ། དོན་དམ་འཇལ་བྱེད་ཀྱི་རིགས་ཤེས་ཚད་མ་དང༌། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ཚད་མས་དེ་གྲུབ་པ་མ་ཡིན། ཐ་སྙད་འཇལ་བྱེད་ཚད་མ་ནི་ཐལ་འགྱུར་བས་ཚད་མ་ཉིད་དུ་བདེན་པ་གཉིས་ཀར་མ་གྲུབ་པར་སྨྲ་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེས་དེ་གྲུབ་ན་རྟགས་ཆོས་དོན་གསུམ་དོན་དམ་བདེན་པར་སོང་བའི་ཕྱིར། རྟགས་ཁྱབ་ཁྱེད་རང་གིས་ཁས་བླངས། འདོད་མི་ནུས། གཉིས་པ་གྲུབ་སྟེ། ཐལ་འགྱུར་བས་རྟགས་ཆོས་དོན་གསུམ་ལ་སོགས་པའི་གཞན་དབང་འཇིག་རྟེན་ཀུན་རྫོབ་པའི་དངོས་ཆོས་འཇིག་རྟེན་པའི་ངོར་བདག་ཉིད་མི་འདོད་བཞིན་སྨྲ་བར་བྱེད་ཀྱང་ཁྱེད་ཀྱི་དངོས་པོ་ཀུན་རྫོབ་དེ་དག་ཐ་སྙད་པའི་ཚད་མས་དོན་བྱེད་པར་གྲུབ་པར་སྨྲ་བ་དེ་ནི་དོན་དམ་པར་མ་ཟད། ཀུན་རྫོབ་ཏུའང་ཞལ་གྱིས་བཞེས་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཇི་ལྟར་ཁྱོད་ཀྱི་རང་དབང་དུ་གནས་ནས་རང་གི་གཞུང་ལུགས་ཀྱིས་གཞན་གྱི་དབང་གི་ངོ་བོ་འཕགས་པའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པར་བྱ་བ་ཞིག་སྨྲ་བ་དེ་ལྟར་ཁོ་བོས་ཀུན་རྫོབ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡོད་པ་མ་ཡིན་ཀྱང་འཇིག་རྟེན་ཁོ་ན་ལ་གྲགས་པར་གྱུར་པ་ཡོད་དོ་ཞེས་འཇིག་རྟེན་གྱི་ངོ་ཁོ་ནར་བརྗོད་པ་ཡིན་ཏེ། དེའི་རྗེས་སུ་བརྗོད་པ་ནི་དེ་བཟློག་པའི་ཐབས་ཡིན་པའི་ཕྱིར། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་ནི་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་(༩༥བ)


K800_Page_199
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། ། གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །ཞེས་འབྱུང་བའི་ཕྱིར། ཐལ་འགྱུར་བ་དང་དངོས་སྨྲ་བ་དག་འཇིག་རྟེན་ཀུན་རྫོབ་པའི་དངོས་ཆོས་ཐ་སྙད་པའི་ཚད་མས་མཐུན་སྣང་དུ་གྲུབ་པ་ཡེ་ཁས་ལེན་མི་སྲིད་དེ། ཐལ་འགྱུར་བས་འཇིག་རྟེན་ཀུན་རྫོབ་པའི་ངོ་བོ་རང་ལུགས་ལ་ཡོད་པར་གཏན་མ་བཞག་པའི་ཕྱིར། དེ་མ་བཞག་ན་དངོས་ཆོས་ཀྱི་ཁྱད་པར་རྟགས་ཆོས་དོན་གསུམ་ཐ་སྙད་ཀྱི་ཚད་མས་གྲུབ་པ་ལྟ་ག་ལ་ཞིག དེས་ན་སྟོན་པས་རང་ལུགས་ལ་འཇིག་རྟེན་ཀུན་རྫོབ་པའི་དངོས་པོ་བདེན་པ་གཉིས་ཀར་ཐ་སྙད་རིགས་ཤེས་དང་འཕགས་པའི་སོ་སོ་རང་རིག་གི་ཡེ་ཤེས་གང་གིས་ཀྱང་ཚད་མས་གྲུབ་པ་འགོག་པར་གསུངས་པ་ལ་འཇིག་རྟེན་སྐྲག་ནས་བཅོམ་ལྡན་འདས་ལ་རྩོད་པ་ལ། བཅོམ་ལྡན་འདས་ཀྱིས་ཁོ་བོས་བདེན་པ་གཉིས་ཀར་དེའི་གནས་ལུགས་ཇི་ལྟ་བར་རྟོགས་ནས་དེ་ལྟར་བརྗོད་པ་ཡིན་གྱི། ཁྱོད་ཀྱིས་བདེན་པ་གཉིས་ཀར་དེའི་གནས་ལུགས་མ་རྟོགས་པར་ཕྱིན་ཅི་ལོག་ཏུ་མོས་ཏེ། ཡོད་མེད་སོགས་ཀྱི་ཐ་སྙད་ལ་བརྟེན་ནས་བླང་དོར་བྱེད་པ་ན་ཁོ་བོས་ཀྱང་དེ་ངོར་རྗེས་སུ་རྗོད་པར་བྱེད་དོ་ཞེས་གསུངས་སོ། །དེས་ན་འཇིག་རྟེན་ཀུན་རྫོབ་པའི་དངོས་ཆོས་འདི་དག་ཀུན་རྫོབ་ཏུའང་ཀུན་རྫོབ་ཐ་སྙད་ཀྱི་ཚད་མས་ཐལ་འགྱུར་བ་རང་ལུགས་ལ་གྲུབ་པར་སྨྲ་བ་མ་ཡིན་ཏེ། ཀུན་རྫོབ་ཏུ་ལྷག་མེད་མྱང་འདས་ལ་ཕུང་པོ་ཐ་སྙད་པའི་ཚད་མས་ཀྱང་མ་གྲུབ་པ་ཁོ་ན་ལྟར་སྨྲ་བའི་ཕྱིར། ཇི་སྐད་དུ། ཇི་ལྟར་ཕུང་པོ་སྤངས་ནས་ཞིར་ཞུགས་པ། །དགྲ་བཅོམ་རྣམས་ལ་ཡོད་པ་མིན་དེ་ལྟར། །འཇིག་རྟེན་ལ་ཡང་མེད་ན་དེ་བཞིན་འདི། །འཇིག་རྟེན་ལས་ཀྱང་ཡོད་ཅེས་བདག་(༩༦ན)


K800_Page_200
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྨྲ། །ཇི་ལྟར་དགྲ་བཅོམ་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པ་རྣམས་ལ་བདག་ཉིད་ཐམས་ཅད་ཀུན་རྫོབ་ཡོད་པ་མ་ཡིན་པ་དེ་བཞིན་དུ་གལ་ཏེ་འཇིག་རྟེན་པ་ལ་ཡང་ཡོད་པར་མི་འགྱུར་ན་ནི། དེ་བཞིན་དུ་དགྲ་བཅོམ་པའི་ཕུང་པོ་ལ་སོགས་པ་བཞིན་དུ་འདི་དག་ཡོད་དོ་ཞེས་འཇིག་རྟེན་ལ་བལྟོས་ནས་ཀྱང་ཁོ་བོ་མི་སྨྲ་སྟེ། དེའི་ཕྱིར་གཞན་ལ་རག་ལས་པ་ཉིད་ཀྱི་སྒོ་ནས་བདག་གིས་ཀུན་རྫོབ་ཁས་བླངས་ཀྱི་རང་དབང་དུ་ནི་མ་ཡིན་ནོ། །ཞེས་སོ། །ཡང་ཐལ་འགྱུར་བས་རང་ལུགས་ཀྱི་འཇིག་རྟེན་ཀུན་རྫོབ་པའི་དངོས་ཆོས་ཐ་སྙད་ཚད་མས་གྲུབ་པའི་རྟགས་ཆོས་དོན་གསུམ་སོགས་མི་འཇོག་ཀྱང༌། དེའི་ཐ་སྙད་བྱེད་པ་ན་འཇིག་རྟེན་པ་གང་གི་གཞན་གྲགས་ཁོ་ན་ལྟར་རྗོད་པར་བྱེད་དེ། དེ་ལས་ཁྱེད་དངོས་སྨྲ་བས་ཀུན་རྫོབ་པའི་དངོས་ཆོས་དཔྱད་པ་དང་ཐ་སྙད་ཚད་གྲུབ་ཀྱི་རང་ལུགས་སུ་གྲུབ་པར་འཇོག་པ་ལྟར་བྱེད་ན་འཇིག་རྟེན་གཞན་གྲགས་དང་མི་མཐུན་པའི་ཐ་སྙད་ཀུན་རྫོབ་ཏུའང་མ་གྲུབ་པ་མང་པོ་ཡོད་པར་ཁས་ལེན་དགོས་པར་འགྱུར་བས། དེ་ལྟར་ན་གྲུབ་མཐའ་སྨྲ་བའི་དངོས་སྨྲ་བ་ཁྱེད་དང་དེ་ལྟར་མི་སྨྲ་བའི་འཇིག་རྟེན་པ་རྩོད་པར་གྱིས་ལ། དེ་ལྟར་བརྩད་པ་ན་ཐ་སྙད་དུ་བླང་དོར་གྱི་འབྲས་ཅན་གང་ཡིན་པ་དེའི་རྗེས་སུ་ཐ་སྙད་ཀྱི་ཆེད་དུ་བདག་ཐལ་འགྱུར་བའང་འཇུག་པར་བྱེད་དོ་ཞེས། ཇི་སྐད་དུ། ཁས་ཀྱང་འཇིག་རྟེན་ཁོ་ནས་བླངས་པ་ཡིན་ཏེ། དེའི་ཕྱིར་གང་གིས་ཁས་བླངས་པ་དེ་ཁོ་ན་ལ་བལྟོས་ནས་སེལ་བ་ན་བསལ་བར་འོས་པ་ཡིན་ཏེ། གཞན་ལ་བལྟོས་ནས་ནི་མ་ཡིན་ནོ། །ཞེས་བཤད་པ། གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་ལྟོས་(༩༦བ)


K800_Page_201
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་དགག་པར་གྱིས། །ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང༌། །ཕྱི་ནས་སྟོབས་ལྡན་བདག་གིས་བརྟེན་པར་བྱ། །ཁོ་བོ་ཅག་ནི་འཇིག་རྟེན་གྱི་ཀུན་རྫོབ་བཟློག་པར་བྱ་བའི་ཕྱིར་ཤིན་ཏུ་ཚེགས་ཆེ་བར་གནས་པར་འགྱུར་གྱི། ཁྱོད་ཀྱིས་འཇིག་རྟེན་གྱི་ཀུན་རྫོབ་སོལ་ཅིག གལ་ཏེ་ཁྱོད་ལ་འཇིག་རྟེན་གྱིས་གནོད་པར་མི་འགྱུར་ན་ངས་ཁྱོད་ལ་སྟོང་གདབ་པར་བྱའོ། །འཇིག་རྟེན་གྱི་གནོད་པ་ཡང་ཡིན་ཏེ། དེའི་ཕྱིར་བཏང་སྙོམས་ཉིད་ལ་བརྟེན་པར་བྱའོ། །ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང༌། དེ་ལ་གལ་ཏེ་ཁྱོད་རྒྱལ་ན་ནི་དེའི་ཕྱི་འདི་ཁོ་བོ་ཅག་ཀྱང་འདོད་པ་ཉིད་ཡིན་པས་ཁྱོད་ལ་བརྟེན་པར་བྱའོ། །འོན་ཏེ་ཁྱོད་འཇིག་རྟེན་གྱིས་ཕམ་པར་བྱས་ན་ནི་དེའི་ཚེ་ཤིན་ཏུ་སྟོབས་དང་ལྡན་པའི་འཇིག་རྟེན་ཉིད་ལ་བདག་བརྟེན་པར་བྱའོ། །ཞེས་འབྱུང་ངོ༌། །གཞན་ཡང་ཐལ་འགྱུར་བས་དངོས་སྨྲ་བ་དང་རྟགས་ཆོས་དོན་གསུམ་མཐུན་སྣང་དུ་གྲུབ་པའི་ཚད་མ་ཡོད་པར་སྨྲ་བ་མ་ཡིན་ཏེ། ཇི་སྐད་དུ། དངོས་པོ་གཟུགས་བརྙན་དང་འདྲ་བ་དེ་དག་ཐམས་ཅད་ལ་རང་གི་མཚན་ཉིད་མེད་ཅིང༌། སྤྱིའི་མཚན་ཉིད་ཀྱང་མེད་པ། མངོན་སུམ་དང་རྗེས་སུ་དཔག་པའང་ཅི་ཞིག་ཡོད། འདིར་མངོན་སུམ་ནི་གཅིག་ཁོ་ནར་ཟད་དེ། གང་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ཞེས་འབྱུང་ངོ༌། །ཁྱད་པར་སློབ་དཔོན་འདིས་བདེན་པ་གཉིས་ཀར་བདེན་པ་གཉིས་ལ་བལྟོས་པའི་རིགས་ཤེས་དང་ཐ་སྙད་ཚད་མས་གྲུབ་པའི་རྟགས་ཆོས་དོན་གསུམ་གྱི་དངོས་པོ་འཇིག་རྟེན་དང་མཐུན་གྲུབ་ཏུ་ཡོང་བར་འགར་ཡང་བཞེད་པ་མ་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ནི་འགར་ཡང་དངོས་པོ་ཡོད་ཅེས་མ་བསྟན་ཏོ། །ཞེས་འབྱུང་བའི་ཕྱིར། འོ་ན་ཁྱོད་ཀྱི་དེ་(༩༧ན)


K800_Page_202
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འཚོལ་བ་ནི་འཇིག་རྟེན་གཞན་གྲགས་ཀྱི་ངག་ལ་བརྟེན་ནས་འཇིག་རྟེན་གྱི་ལོ་རྟོག་སེལ་བར་བྱེད་པའི་ཕྱིར། འཇིག་རྟེན་གྱི་ཐ་སྙད་པའི་ཚད་མས་གྲུབ་པའི་རྟགས་ཆོས་དོན་གསུམ་འཇིག་རྟེན་པས་གྲུབ་པ་ལྟར་མཐུན་སྣང་དུ་གྲུབ་པར་དབུ་མ་ཐལ་འགྱུར་བས་ཀྱང་ཁས་ལེན་དགོས་པར་འགྱུར་རོ་སྙམ་ན། འདི་ལྟ་བུའི་ལོག་རྟོག་སྔོན་ཉིད་ནས་འབྱུང་བར་མཁྱེན་ནས་མ་འོངས་ལུང་བསྟན་གྱི་ཚུལ་དུ་དེ་ལ་ཁྱབ་པ་མེད་པའི་ལན་མཛད་པ་ཡིན་ཏེ། དེ་ཉིད་འཚོལ་བའི་སྐབས་སུ་དེ་ཉིད་གཏན་ལ་འབེབས་བྱེད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་དགག་སྒྲུབ་ཐམས་ཅད་འཇིག་རྟེན་ལས་འདས་མ་འདས་གང་གིའང་ཚད་མ་རང་རྒྱུད་པའམ་རང་དབང་གིས་མ་གྲུབ་བཞིན་དུ་རང་གཞན་གྱི་རྒོལ་བའི་བསམ་པ་རིགས་པ་དང་མི་རིགས་པའི་བལྟོས་འབྱུང་ཙམ་གྱིས་ཆོས་མ་ཡིན་པའི་རྟོགས་པ་བསལ་ནས་ཡང་དག་པའི་དོན་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་ཞེས། ཇི་སྐད་དུ། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་འབྱུང་བའི་ཕྱིར་རོ། །ལྷག་པར་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་འཚོལ་བ་ན་དེའི་རྟེན་དུ་གྱུར་པའི་འཇིག་རྟེན་ཀུན་རྫོབ་པའི་རྟགས་ཆོས་དོན་གསུམ་ཐ་སྙད་པའི་ཚད་མས་གྲུབ་པ་ཞིག་ངེས་པར་བཟུང་དགོས་སོ་ཞེས་པ་ནི་དཔལ་ལྡན་ཟླ་བས་དངོས་པོ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་གསུངས་པའི་དོན་མ་དགོངས་ནས་སྨྲས་པར་ཟད་དེ། དེས་དེ་ཉིད་འཚོལ་བའི་སྐབས་སུ་དེ་ཉིད་འཚོལ་བའི་རྟེན་(༩༧བ)


K800_Page_203
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འཇིག་རྟེན་ཀུན་རྫོབ་པའི་རྟགས་ཆོས་སོགས་ཐ་སྙད་ཀྱི་ཚད་མས་གྲུབ་པར་དཔྱད་བྱ་མ་ཡིན་ཏེ། རིགས་ཤེས་ཚད་མས་འཇིག་རྟེན་ཀུན་རྫོབ་པའི་རྟགས་ཆོས་སོགས་དེ་ཁོ་ན་ཉིད་ལས་གཞན་དུ་ཐ་སྙད་ཚད་གྲུབ་ཏུ་མི་རྙེད་པ་ཉིད་ཀྱིས་དེ་ལྟར་རྙེད་པར་འདོད་པ་ལ་གནོད་པར་བྱེད་དོ་ཞེས་གསུངས་པ་ལ་ཁྱེད་ཅག་ཕྱིན་ལོག་ཏུ་འདོན་པའི་ཕྱིར་ཏེ། ཇི་སྐད་དུ། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་གསུངས་པ་འདི་ལ་ཁྱེད་ཅག་རྐུན་མས་ཕྱུག་པོ་བསད་ནས་ཕྱུག་པོའི་རོ་ཁུང་མེད་དུ་སྦེད་པ་ལྟར་བྱེད་པའི་ཕྱིར། ལུགས་འདི་པས་དེ་ཉིད་འཚོལ་བའི་རིགས་པར་སྨྲ་བའི་སྐབས་འདིར་དེ་ཉིད་དང༌། དེ་ལྟར་འཚོལ་བའི་རྟགས་ཆོས་སོགས་ཐ་སྙད་ཚད་མས་གྲུབ་པ་ལྟ་ཞོག སྐབས་དེར་འཇིག་རྟེན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རྒོལ་བ་ལ་བལྟོས་ཏེ་དེ་ཉིད་དཔྱོད་པའི་རིགས་ཚུལ་གྱིས་ཐ་སྙད་དུ་དགག་པར་བྱས་ཀྱང་དོན་དམ་ལ་དགག་སྒྲུབ་གང་ཡང་མ་བྱས་པས། དེའི་ཚེ་དགག་སྒྲུབ་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བར་འཇོག་པ་ཡིན་ཏེ། སློབ་དཔོན་ཟླ་བས་དབུ་མ་ཤེས་རབ་འཇུག་པ་ལས། དགག་སྒྲུབ་གཉིས་ཀ་དགག་འབའ་ཞིག །དངོས་ལ་དགག་སྒྲུབ་གང་ཡང་མེད། །དེ་ལྟ་བུ་ནི་གོམས་བྱས་ན། །ཕུན་སུམ་ཚོགས་པ་འཐོབ་པར་འགྱུར། །ཞེས་འབྱུང་བའི་ཕྱིར་དང༌། སློབ་དཔོན་འདིས་འཇིག་རྟེན་ན་འཇིག་རྟེན་པ་རང་ལ་གྲགས་པའི་མངོན་རྗེས་ཀྱི་ཚད་མ་སྨྲ་ངོར་དེ་ལྟའི་ཚད་མ་སོགས་མ་བརྟགས་ཉམས་དགའ་ཙམ་དུ་རྗེས་བརྗོད་དུ་བྱས་ནས་དེ་ཉིད་འཚོལ་བའི་དགག་སྒྲུབ་ཀྱི་(༩༨ན)


K800_Page_204
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དུ་བྱེད་ཀྱང༌། དེ་ཉིད་འཚོལ་སྐབས་དེར་འཇིག་རྟེན་ཀུན་རྫོབ་ཀྱི་རྟགས་ཆོས་སོགས་ཐ་སྙད་ཚད་མས་རྒོལ་ཕྱིར་རྒོལ་མཐུན་སྣང་དུ་བསྒྲུབས་ན་དེ་ལྟར་གྲུབ་པའི་རྟགས་ཆོས་དོན་གསུམ་འགོད་པ་མ་ཡིན་ཅེས་པའི་ཆོས་ཚུལ་འདི་ནི་དབུ་མ་པ་གཞན་ལ་མེད་པའི་ཐལ་འགྱུར་བར་འཇོག་ཆོས་འགྲན་ཟླ་དང་བྲལ་བ་ཞིག་སྟེ། དེར་མངོན་སུམ་ལ་སོགས་འགལ་ཅེ་ན། མ་ཡིན་མ་བརྟགས་ཉམས་དགའ་བའི། །དེ་ནི་བདག་གིས་བཀག་པ་མེད། །ཐ་སྙད་ཙམ་ཞིག་བསྒྲུབ་པའི་ཕྱིར། །དམ་བཅའ་གཏན་ཚིགས་ཉིད་མ་ཡིན། །ཅེས་འབྱུང་ངོ༌། །དེས་ན་བོད་གངས་ཅན་གྱི་ཐལ་འགྱུར་བ་ཆེན་པོ་ཁུ་མདོ་སྡེས་རྟོག་གེ་ཐོ་བར། ཚད་མ་མེད་ཀྱང་ཁས་བླངས་དང༌། །འགལ་ཕྱིར་རང་གཞན་ལོག་རྟོག་སེལ། །ལོག་རྟོག་ལོག་པ་ཙམ་ཞིག་ལ། །དེ་ཉིད་ངེས་ཞེས་ཐ་སྙད་བྱས། །ཞེས་སོགས་མང་དུ་སྨྲས་པའི་ཞེན་དོན་ཀྱང་འདི་ཙམ་ལ་བསྙེགས་ནས་ཕྱོགས་གླང་གྲགས་པའི་ལུགས་ཀྱི་ཐལ་འགྱུར་དང་སུན་འབྱིན་གྱི་ཚད་མའི་རྣམ་གཞག་ལ་དགག་པ་མང་དུ་བྱས་པའང་སྤྲོས་བཅས་ཀྱི་དགག་སྒྲུབ་རང་བདེན་པ་བདེན་གཉིས་ཀྱི་གནས་ལུགས་སུ་འདོད་པ་དབུ་མ་སྨྲ་བའི་སྐབས་འདིར་འགོག་པར་རིགས་ཀྱང་དབུ་མའི་དེ་ཉིད་འཚོལ་བ་ན། དབུ་མ་པས་ལུགས་དེའི་དགག་སྒྲུབ་ཀྱི་ཚུལ་དེ་གཞན་ལ་གྲགས་སུ་བྱས་ནས་རང་གི་ཐལ་བ་དང་སྒྲུབ་པའི་ངག་དེ་ལྟར་ཡེ་འགོད་པར་མི་བྱའོ་ཞེས་བརྗོད་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །ཁྱད་པར་ཚིག་གསལ་དུ་སྐྱེ་བ་མེད་པ་དེ་ཚད་མ་ཡོད་པ་དང་མེད་པ་གང་ལས་རྟོགས་ཞེས་ཁོང་ནས་དོགས་པ་བསླངས་ཏེ་བརྩད་པ་ན། ལན་ནི། ཇི་སྐད་དུ་བརྗོད་པར་བྱ་སྟེ། གལ་ཏེ་ཁོ་བོ་ཅག་ལ་ངེས་པ་ཞེས་བྱ་བ་འགའ་ཞིག་ཡོད་པར་འགྱུར་ན་ནི། (༩༨བ)


K800_Page_205
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚད་མ་ལས་སྐྱེས་པའམ་ཚད་མ་མ་ཡིན་པ་ལས་སྐྱེ་བ་ཞིག་ཏུ་འགྱུར་ན་ཡོད་པ་ནི་མ་ཡིན་ནོ། ། ཅིའི་ཕྱིར་ཞེ་ན། འདིར་མ་ངེས་པ་ཡོད་ན་ནི་དེ་ལ་བལྟོས་ཤིང༌། དེའི་གཉེན་པོར་འགྱུར་བ་ཞིག་ན་གང་གི་ཚེ་རེ་ཞིག་ཁོ་བོ་ཅག་ལ་མ་ངེས་པ་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་ནི་དེ་དང་འགལ་བ་ངེས་པ་ཡོད་པར་ག་ལ་འགྱུར། འབྲེལ་པ་ཅན་གཞན་ལ་མ་བལྟོས་པའི་ཕྱིར་བོང་བུའི་རྭ་རིང་པོ་དང་ཐུང་ངུ་ཉིད་བཞིན་ནོ། །གང་གི་ཚེ་དེ་ལྟར་ངེས་པ་མེད་པ་དེའི་ཚེ་ཅི་ཞིག་འགྲུབ་པར་བྱ་བའི་ཕྱིར་ཚད་མ་དག་ཡོངས་སུ་རྟོགས་པར་བྱེད། ཅེས་འབྱུང་ལ། འོ་ན་དེ་སྒྲུབ་བྱེད་ཀྱི་ཚད་མ་རང་ལུགས་ལ་རྣམ་པར་མི་གཞག་ན་བདག་སྐྱེ་མེད་པར་ཇི་ལྟར་དམིགས་ཞེས་དོགས་པ་ལ། ཇི་སྐད་དུ། ངེས་པར་གྱུར་པའི་ངག་འདི་ནི་རང་ལ་གྲུབ་པའི་འཐད་པའི་སྒོ་ནས་འཇིག་རྟེན་ལ་ཡོད་ཀྱི། འཕགས་པ་རྣམས་ལ་ནི་མ་ཡིན་ནོ། །ཅི་འཕགས་པ་རྣམས་ལ་རིགས་པ་མི་མངའ་འམ་ཞེ་ན། ཡོད་པའམ་མེད་པ་འདི་སུས་སྨྲས། འཕགས་པ་རྣམས་ཀྱི་དོན་དམ་པ་ནི་ཅང་མི་གསུང་བ་ཡིན་ཏེ། དེའི་ཕྱིར་གང་ལ་འཐད་པ་དང་འཐད་པ་མ་ཡིན་པ་མངའ་བར་མི་འགྱུར་བ་དེ་དག་ལ་སྤྲོས་པ་མངའ་བར་ག་ལ་འགྱུར། ཞེས་སོ། །འོ་ན་འཕགས་པས་དེ་ཉིད་འཚོལ་བའི་སྐབས་འདིར་ཀུན་རྫོབ་ཀྱི་ཆོས་ལ་ཐ་སྙད་ཚད་གྲུབ་ཀྱི་རིགས་པས་ནི་ཟབ་མོའི་དེ་ཉིད་སྒྲུབ་པར་མི་མཛད་ན་དེ་ཐབས་ཅི་ཞིག་གིས་ཁོང་དུ་ཆུད་པར་མཛད་ཅེ་ན། འཕགས་པས་འཇིག་རྟེན་ཀུན་རྫོབ་ཚད་གྲུབ་ཀྱི་སྒོ་ནས་དེ་ཉིད་སྒྲུབ་པའི་འཐད་པ་མ་གསུངས་ཀྱང༌། འཇིག་རྟེན་པས་འཇིག་རྟེན་ཀུན་རྫོབ་ཀྱི་གྲགས་པ་ཇི་ལྟར་བརྗོད་པ་ལྟར་ཞལ་གྱིས་བཞེས་ནས་དེ་ཉིད་ཁོང་དུ་ཆུད་པར་མཛད་དོ་ཞེས། ཇི་སྐད་དུ། གལ་ཏེ་འཕགས་པ་རྣམས་འཐད་པ་གསུང་(༩༩ན)


K800_Page_206
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་མཛད་ན། ད་ནི་ཅི་ཞིག་གིས་འཇིག་རྟེན་པས་དོན་དམ་པར་ཁོང་དུ་ཆུད་པར་མཛད་ཅེ་ན། འཕགས་པ་རྣམས་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་འཐད་པ་མི་གསུང་གི། འོན་ཀྱང་འཇིག་རྟེན་ཁོ་ན་ལ་རབ་ཏུ་གྲགས་པའི་འཐད་པ་གང་ཡིན་པ་དེ་གཞན་རྟོགས་པར་བྱ་བའི་ཕྱིར་ཞལ་གྱིས་བཞེས་ནས་དེ་ཉིད་ཀྱིས་འཇིག་རྟེན་ཁོང་དུ་ཆུད་པར་མཛད་དོ། །ཞེས་སོགས་ཚིག་གསལ་དུ། ཀུན་རྫོབ་ཀྱི་དངོས་ཆོས་རིགས་ཤེས་དང་ཐ་སྙད་པ་ལ་སོགས་པའི་ཚད་མ་གང་གིས་ཀྱང་རང་ལུགས་ལ་རྣམ་པར་མ་གཞག་པར་དེ་ལྟར་དངོས་སྨྲ་བས་རང་ལུགས་ལ་རྣམ་གཞག་རྒྱ་ཆེར་བྱས་པ་དེ་མི་འཐད་པར་འབྱམས་ཀླས་སུ་བཤད་པ་དེ་དཔལ་ཙོང་ཁ་པ་ཆེན་པོ་དཔོན་སློབ་རྗེས་འབྲངས་དང་བཅས་པས་ཐུགས་ལ་མ་ངེས་པ་ཡིན་ནམ། ཡང་ན་དེ་སྐོར་གྱི་འགྲེལ་ཚིག་དེ་དཔལ་ལྡན་ཟླ་བའི་གསུང་མིན་ནོ་ཞེས་རྗེ་དབང་པོ་ཆེས་བྲན་གྱི་ཚིག་ལ་མི་ཉན་པ་ལྟར་འགྲེལ་ཚིག་དེའི་དོན་ཁྱི་སྐྱུར་ཕག་སྐྱུར་ལ་གཏོང་བ་གང་ཡིན་ཅེས་བསམ་དགོས་པར་སྣང་ངོ༌། །ཁྱད་པར་རང་རྒྱུད་པས་ཆོས་ཅན་ལ་སོགས་པས་ཆོས་རང་གི་མཚན་ཉིད་དམ། ཡུལ་གྱི་སྡོད་ལུགས་ནས་གྲུབ་པ་དང༌། དེ་ལྟར་གྲུབ་པ་དེ་དེ་ལྟར་མ་འཁྲུལ་བའི་ཚད་མས་རྙེད་པའི་དོན་ཁས་ལེན་པ་ཡིན་ཅེས་སྨྲ་བ་དེ་ལྟར་ན་རང་རྒྱུད་ཀྱི་སྲོལ་ཆེན་དང་པོར་འབྱེད་པའི་སློབ་དཔོན་ཆེན་པོ་ལེགས་ལྡན་བྱེད་ནི་དེ་ལྟར་རྨི་ལམ་དུ་ཡང་མི་གསུང་ན། དེ་ལྟར་གསུངས་སོ་ཞེས་གཞི་མེད་ཀྱི་སྐུར་འདེབས་ཆེན་པོ་བྱས་པ་ལ་དགོས་པ་ཅི་ཞིག་ཡོད་དེ། འཕགས་པ་ལ་སྐུར་པ་འདེབས་པ་ཡ་ང་བ་མ་ཡིན་ནམ། དེའི་ཕྱིར་འཇིག་རྟེན་ཀུན་རྫོབ་ཀྱི་དངོས་ཆོས་རང་མཚན་དུ་ཡོད་ན། རྟོག་གེ་འབར་བར། ཀུན་རྫོབ་བཏགས་པ་(༩༩བ)


K800_Page_207
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཙམ་དུ་ནི་ཡོད་དེ། བདེ་བར་གཤེགས་པས་ཇི་སྐད་དུ། སྲིད་གསུམ་བཏགས་པ་ཙམ་ཉིད་དུ། །དངོས་པོའི་ངོ་བོར་ཡོད་མ་ཡིན། །བཏགས་ལ་དངོས་པོ་དངོས་ཉིད་དུ། །ངན་རྟོག་རྣམས་ཀྱིས་རྟོག་པར་བྱེད། །ཅེས་འབྱུང་བ་འདི་ཇི་ལྟར་འཆད་པར་བྱེད། དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་ན་མཚན་གཞི་ལ་མཚན་ཉིད་ཀྱི་ངོ་བོས་གྲུབ་དགོས་སམ་མི་དགོས། མི་དགོས་ན་དངོས་པོ་ཡུལ་གྱི་རང་ངོ་ནས་རང་མཚན་དུ་གྲུབ་པར་མི་འགྱུར། དགོས་ན་དེར། ཇི་སྐད་དུ། སྐྱེ་སོགས་འདུས་བྱས་ཉིད་ཀྱིས་ན། །མཚན་ཉིད་མཚན་གཞི་ཉིད་མི་རིགས། །འདུས་བྱས་ཡིན་ཕྱིར་རྟོགས་བྱའི་ཕྱིར། །དེ་ལས་གཞན་པ་ཉིད་བཞིན་ནོ། །ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་དེ་དག་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གྱུར་པས་ཕུང་པོ་ལ་སོགས་པའི་མཚན་གཞིའི་མཚན་ཉིད་ཡིན་པར་མི་རིགས་ཏེ། འདུས་བྱས་ཡིན་པའི་ཕྱིར་དང༌། རྟོགས་པར་བྱ་བའི་ཕྱིར། སྐྱེ་བ་ལ་སོགས་པའི་མཚན་ཉིད་དེ་ལས་གཞན་པའི་མཚན་གཞི་ཉིད་བཞིན་ནོ། །ཞེས་བྱ་བར་བསམ་མོ། །ཞེས་དང༌། ཡང་དེར་གང་དངོས་པོ་རྣམས་ཀྱི་ངོ་བོ་ནི་ཡོད་པ་ཁོ་ན་ཡིན་ཏེ་མཚན་ཉིད་ཡོད་པའི་ཕྱིར། མོ་གཤམ་གྱི་བུ་ལ་སོགས་པ་ཡོད་པ་མ་ཡིན་པ་དག་ལ་ནི་མཚན་ཉིད་ཀྱང་མེད་དོ་ཞེས་ཟེར་བ་དེ་དག་ཀྱང་མ་གྲུབ་སྟེ། དངོས་རྣམས་མཚན་ཉིད་ཡོད་པའི་ཕྱིར། །ངོ་བོ་ཉིད་ཡོད་ཉིད་མི་འདོད། །ཅེས་འབྱུང་ལ། དེར་མ་ཟད་རང་རྒྱུད་པས་རང་མཚན་དུ་གྲུབ་པར་ཁས་ལེན་ན་རང་རྒྱུད་པ་ལ་ནང་འགལ་འབྱུང་བས་དེ་ལྟར་ཁས་མི་ལེན་ནོ་ཞེས། དེར། དེ་ཕྱིར་གཏན་ཚིགས་སུ་མ་གྲུབ། །དོན་འགལ་ཉིད་དུའང་གྱུར་པ་ཡིན། །ཅེས་བྱ་བ་ནི་གང་གི་ཕྱིར་དངོས་པོ་ངོ་བོ་ཉིད་མེད་པ་(༡༠༠ན)


K800_Page_208
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་སྔར་བསྟན་པ་དེའི་ཕྱིར། ཕ་རོལ་པོ་དག་གི་གཏན་ཚིགས་མཚན་ཉིད་དང་ལྡན་པའི་ཕྱིར་ཞེས་བྱ་བའི་དོན་དབུ་མ་པ་ལ་མ་གྲུབ་སྟེ། ཆོས་ཐམས་ཅད་ནི་མཚན་ཉིད་མེད་པའི་ཕྱིར། གཏན་ཚིགས་དེའི་དོན་འགལ་བར་འགྱུར་བའང་ཡིན་ཏེ། ས་ལ་སོགས་པའི་ངོ་བོ་ཉིད་མེད་པ་དག་ལ་སྒྲུབ་པ་ལ་མཚན་ཉིད་ཡོད་པར་མི་མཐོང་ངོ༌། །ཞེས་སོ། །དེས་ན་དངོས་པོ་རང་མཚན་གྱིས་གྲུབ་ན། ས་རང་གི་མཚན་ཉིད་སྲ་བའི་ཡུལ་རང་གི་སྡོད་ལུགས་ཀྱིས་རང་རྒྱུད་པས་གྲུབ་པར་འདོད་དགོས་པ་ལས། དེ་ཡང་བཀག་པར་སྣང་བའི་ཕྱིར། དེར། ས་ནི་ས་ཡི་མཚན་ཉིད་ཀྱིས། །སྲ་བ་ཉིད་དུ་མཚོན་མི་རིགས། །ལུས་ཀྱི་རྣམ་ཤེས་རྒྱུ་ཡིན་ཕྱིར། །མེ་ཉིད་ཀྱིས་ནི་མི་རིགས་བཞིན། །ཅེས་བྱ་བ་ནི་གཅིག་པ་ཉིད་འགོག་སྟེ། སའི་མཚན་ཉིད་ནི་ས་ཉིད་ཀྱི་སྲ་བ་ཉིད་དུ་མཚོན་པར་མི་རིགས་ཏེ། ལུས་ཀྱི་རྣམ་ཤེས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན། མེའི་མཚན་ཉིད་མེ་ཉིད་ཀྱི་མཚན་ཉིད་ཀྱིས་སྲ་བ་ཉིད་དུ་མཚོན་པར་མི་རིགས་པ་བཞིན་ནོ། །ཞེས་དང༌། མཚན་ཉིད་མཚན་གཞི་ལས་ཐ་དད་དུ་འདོད་ཀྱང་དེར་མི་འགྲུབ་བོ་ཞེས། དེར། གླང་གི་མཚན་ཉིད་གླང་ཉིད་ཀྱིས། །ནོག་དང་ལྐོག་ཤལ་སོགས་མི་འདོད། །ཁྱད་པར་ཅན་གྱི་བློས་བཏགས་ཕྱིར། །དཔེར་ན་བོང་བུའི་མཚན་ཉིད་བཞིན། །ཞེས་བཀག་ནས་དངོས་པོ་རང་མཚན་དུ་མ་འཁྲུལ་བར་ཚད་མས་རྙེད་པའི་རྙེད་དོན་ཡོད་པ་བཀག་པའི་མདོར་བསྡུས་སུ། དེར། གཅིག་ན་ཇི་ལྟར་མཚན་ཉིད་ཡིན། །དེ་ནི་དེ་ཉིད་མི་མཚོན་ཕྱིར། །གཞན་ན་ཇི་ལྟར་མཚན་ཉིད་ཡིན། །གཞན་གྱིས་གཞན་ཉིད་མི་མཚོན་ཕྱིར། །ཞེས་འབྱུང་ངོ༌། །དེ་དང་མཐུན་པར་ཤེས་རབ་སྒྲོན་(༡༠༠བ)


K800_Page_209
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཡང༌། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་ཡོད་མ་ཡིན། །ཅེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་རྣམས་ཀྱི་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམས་ཀྱིའོ། །རང་བཞིན་ཞེས་བྱ་བ་ནི་རང་གི་བདག་ཉིད་དོ། །རྐྱེན་ལ་སོགས་ཞེས་བྱ་བ་ནི་ཁུ་ཁྲག་ལ་སོགས་པ་ལའོ། །སོགས་པ་ཞེས་པའི་སྒྲས་ནི་ཚོགས་དང་དབང་ཕྱུག་སོགས་གཞན་བསྡུའོ། །ཡོད་པ་མིན་ཅེས་བྱ་བ་ནི་དགག་པའོ། །དེ་མེད་པའི་ཕྱིར་རྐྱེན་དེ་དག་སུའི་རྐྱེན་དུ་འགྱུར། ཞེས་ཀུན་རྫོབ་པའི་མིག་གི་དངོས་པོ་ལ་དེའི་རང་བཞིན་ཏེ། རང་གི་བདག་ཉིད་དམ་རང་གི་མཚན་ཉིད་དང་རང་གི་ངོ་བོས་ཀྱང་མི་འགྲུབ་ཅིང༌། གཞན་གྱི་རྐྱེན་སྟོབས་ལ་སོགས་པས་ཀྱང་ཡོད་པར་མི་འགྲུབ་ཅེས་འདི་ཙམ་དུ་གསལ་ཞིང་གོ་བདེ་བ། མཉན་ན་བཟུང་སླ་བའི་ལེགས་བཤད་རིན་པོ་ཆེ་འདི་ལྟ་བུ་བོར་ནས་རང་རྒྱུད་པའི་ལུགས་ལ་ཅི་ལྟར་བཙལ་ཀྱང་མི་རྙེད་པའི་ཀུན་རྫོབ་ཏུ་དངོས་པོ་རང་མཚན་ཡུལ་གྱི་སྡོད་ལུགས་ནས་གྲུབ་པ་ཞིག་བཞེད་པ་ཡིན་ཞེས་ཆེར་ངལ་བ་བྱེད་པ་དེ་ནི་འབྲས་བུ་ཅི་ཞིག་ལ་རེ་བ་ཡོད། ཁྱད་པར་རང་རྒྱུད་པའི་སློབ་དཔོན་ཆེན་པོ་ཞི་བ་འཚོས་དེ་ཁོ་ན་ཉིད་ལ་དཔྱད་པའི་སྐབས་འདིར་དོན་བྱེད་ནུས་པ་ཅན་གྱི་དངོས་པོ་ཙམ་ཁྱབ་བྱེད་དུ་གྱུར་པ་བཀག་ནས། དེས་ཁྱབ་བྱར་གྱུར་པའི་རང་མཚན་དང་སྤྱི་མཚན་དུ་གྱུར་པའི་དངོས་པོ་ཤུགས་ལ་ཁེགས་པར་བསྟན་པ་བཞེད་ནས། རྒྱན་རྩ་འགྲེལ་ལས། ཇི་སྐད་དུ། འདི་དག་ཐམས་ཅད་ནི་བདག་གིས་རློམ་སྟེ་སྨྲས་སུ་ཟད་ཀྱི། དོན་བྱ་ཐམས་ཅད་ཀྱི་ནུས་པ་ཐམས་ཅད་དང་བྲལ་བ་ལ་ནི་རྟོགས་པ་དང་ལྡན་པ་རྣམས་ཀྱིས་རྣམ་པར་དཔྱད་པ་ན་དོན་ཅི་ཡང་མེད་དེ། དོན་བྱ་བར་ནུས་པ་རྣམ་པར་བརྟགས་པའི་ཡུལ་མིན་(༡༠༡ན)


K800_Page_210
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། གཞན་དུ་ན། དོན་བྱེད་ནུས་པ་མ་ཡིན་ལ། །དོན་གཉེར་བརྟགས་པས་ཅི་ཞིག་བྱ། །མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། །དེ་བས་ན་མཁས་པ་རྣམས་ཀྱིས་དོན་བྱེད་ནུས་པ་ལ་དངོས་པོའི་མཚན་ཉིད་ཅེས་སྨྲའོ། །དངོས་པོའི་རྣམ་པ་དེ་ལྟ་བུ་ལ་གང་ཟག་དང་ཆོས་ལ་བདག་མེད་པ་ལ་སོགས་པར་སྟོན་ཅིང༌། དེ་ལས་བཟློག་པར་སྒྲོ་བཏགས་པ་ནི་དགག་པར་བྱེད་དེ། སྐྱེས་བུའི་དོན་ཞེས་བརྗོད་པ་འབྲས་བུ་འབྱུང་བ་ནི་འདི་ཉིད་ལ་རག་ལས་པའི་ཕྱིར། གཞན་ནི་སྒྲུབ་པ་ཡང་མེད། དགག་པ་ཡང་མེད་དེ། བཏང་སྙོམས་སུ་བྱ་བ་ཉིད་དུ་གནས་པའི་ཕྱིར། དེ་ལྟར་ན་དངོས་པོའི་ཡུལ་ཐམས་ཅད་བདག་མེད་པ་ལ་སོགས་པར་མ་བསྟན་ཏོ་སྙམ་དུ་མ་སེམས་ཤིག ཐམས་ཅད་ཅེས་བྱ་བའི་སྒྲ་ནི་བརྗོད་པར་འདོད་པའི་དོན་མ་ལུས་པ་ལ་བརྗོད་པའི་ཕྱིར་ཏེ། བརྗོད་པར་འདོད་པ་ནི་དོན་བྱེད་ནུས་ཀྱི་དངོས་པོ་ཐམས་ཅད་དོ། །དེ་ལྟ་བས་ན་དོན་བྱེད་ནུས་པ་ནི་སྐད་ཅིག་མ་ཉིད་དུ་ངེས་སོ། ། གཞན་དུ་ན་རིམ་དང་ཅིག་ཤོས་ཀྱིས་དོན་བྱེད་པར་མི་འཐད་པའི་ཕྱིར། གང་ཟག་སྐད་ཅིག་པའམ་སྐད་ཅིག་མ་མ་ཡིན་པར་བརྗོད་དུ་མེད་པ་ནི་རང་བཞིན་མེད་པ་ཉིད་དེ། ནམ་མཁའི་མེ་ཏོག་ལ་སོགས་པ་ལྟར་བསྒྲིམ་མི་དགོས་པར་གྲུབ་བོ། །ཞེས་འབྱུང་ངོ༌། །དེས་ན་རང་རྒྱུད་པ་ཤར་པ་གཞན་གྱི་ལུང་ལས་ཀྱང་ཀུན་རྫོབ་ཏུ་ཀུན་རྫོབ་རང་གི་མཚན་ཉིད་ཀྱིས་གྲུབ་བདེན་དུ་མེད་པའི་ལེགས་བཤད་རྒྱ་ཆེར་ཡོད་ཀྱང་སྤྲོས་པ་ཆོག་གོ།།མདོར་ན། གལ་པོ་ཆེ་ལ་ཡང་ཡང་སྐྱོར་བའི་དཔེས་ཐལ་འགྱུར་བས་བདེན་པ་གཉིས་ཀར་བྱིས་འཕགས་གང་གིས་ཚད་མས་གྲུབ་པའི་དངོས་ཆོས་ལ་འདི་ལྟར་དམ་(༡༠༡བ)


K800_Page_211
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་དང་གཏན་ཚིགས་འགོད་པར་བྱ་མེད་པས། ལུགས་འདི་ལ་ཕྱོགས་གང་ཡང་འཛིན་པ་དང་བྲལ་བ་ལ་གཞན་དག་གིས་ཁྱོད་ནི་གང་ཡང་དམ་མི་འཆའ་བའི་ཕྱིར། དམ་བཅའ་མེད་པ་བརྗོད་པར་ཐལ་ལོ་ཞེས་ནན་གྱིས་བཀྲིས་ནས་དེ་ལྟར་ན་དེ་ཉིད་དམ་བཅར་སོང་ངོ་ཞེས་སྙད་འདོགས་པར་བྱེད་པ་ཆེས་མང་དུ་བྱུང་མོད། ཁོ་བོ་ཅག་དངོས་ཆོས་ཀྱི་གཞི་འགར་ཡང་ཚད་མས་མ་གྲུབ་པར་ཁོང་དུ་ཆུད་པའི་ཕྱིར་དེ་དག་སྒྲ་རྟོག་གི་བརྗོད་པར་བྱ་བ་དོན་མེད་ཀྱང༌། གཞན་དག་གི་ཡོད་མེད་ཀྱི་སྒྲོ་སྐུར་བསལ་བའི་ཆེད་དུ་གཞན་ངོར་སུན་འབྱིན་བརྗོད་པའི་སླད་དུ་སྒྲ་རྟོག་གི་བརྗོད་འདོད་ཀྱིས་རྗོད་པར་བྱེད་ཀྱི། དེའི་ཚེའང་ཁོ་བོས་གང་དུའང་དམ་མི་འཆའ་བ་ཉིད་ཀྱིའོ་ཞེས་བསམས་པ་སྟེ་ཡིད་ལ་རྒྱུ་བ་ཙམ་ཡང་མ་བྱས་པའི་ཕྱིར། དམ་བཅའ་མེད་པ་དམ་བཅར་བརྗོད་པར་ཅི་ལྟར་ཐལ། འོ་ན་ཁྱེད་ཅག་ཚད་གྲུབ་ཀྱི་རང་ལུགས་འཇོག་རྒྱུ་མ་བྱུང་བས་གཞན་སུན་འབྱིན་པའི་ཐལ་འགྱུར་མི་འབྱུང་བར་ཐལ། དེ་བརྗོད་འདོད་ཀྱི་རྟོག་པ་མེད་པའི་ཕྱིར། དེ་བརྗོད་འདོད་ཀྱི་རྟོག་པ་ཡོད་ན་ཐལ་འགྱུར་དེའི་བཟློག་ཕྱོགས་ཀྱི་དམ་བཅའ་ཡང་བརྗོད་འདོད་ཀྱི་བློ་སྐྱེ་བར་མཚུངས་ལ། དེ་སྐྱེ་ན་ཐལ་འགྱུར་དེའི་བཟློག་ཕྱོགས་ཞིག་སྒྲ་རྟོག་གི་དམ་མི་བཅའ་ཀ་མེད་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། གཞན་གྱི་ལོག་རྟོག་སེལ་བའི་ཆེད་དུ་འརྗོད་འདོད་ཡོད་ཀྱང༌། རང་གི་ལོག་པར་རྟོག་པའི་དམ་བཅའ་བ་མེད་ན་ཅི་སྟོ་བའི་ཕྱིར། དཔེར་ན། ཐལ་འགྱུར་བས་གཏན་ཚིགས་དང་དཔེ་བརྗོད་པ་ལྟ་བུའམ། ཡང་ན་རྣམ་གསལ་གྱི་དཔེ་མིག་དང་ལྡན་པས་མིག་ཐུར་གྱིས་ལིང་ཐོག་གིས་བཀབ་པའི་གཞན་གྱི་མིག་འབྱེད་འདོད་ཡོད་ཅིང༌། འབྱེད་ཀྱང་མིག་ལྡན་(༡༠༢ན)


K800_Page_212
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཀྱི་མིག་འབྱེད་འདོད་ཡོད་མི་དགོས་པ་བཞིན་ནོ། ། ཡང་དམ་བཅའ་མེད་པ་དམ་བཅར་འགྱུར་སྙམ་ན། དེ་ལྟར་སྙམ་པ་དེ་ལུག་ལྟར་ལྐུགས་པ་ཞིག་སྟེ། དེ་ལྟར་ན་མེད་དགག་དེ་ཀ་མ་ཡིན་དགག་ཏུ་འགྱུར་བ་དང༌། ཆར་མ་བབ་པ་དེ་ཀ་ཆར་བབ་པར་འགྱུར་བ་ལ་སོགས་སུ་བླུན་པོ་དེ་དག་རེ་བར་ཅིས་མི་འགྱུར། གཉིས་པ་ཐལ་རང་གྱེས་ནས་ཕན་ཚུན་རྩོད་པ་ཇི་ལྟར་བྱས་པ་ནི། རྩ་བའི་འགྲེལ་པ་ཚིག་གསལ་དུ། བདག་སྐྱེ་འགོག་པའི་སྐབས་སུ་འབྱུང་བ་དེ་འདིར་ཚིག་ཚོགས་ལ་མ་འཛེམ་པར་བརྗོད་པར་བྱ་སྟེ། དེར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཞེས་པ་ནས་སློབ་དཔོན་གྱིས་ཀྱང་སྦྱོར་བའི་ངག་མ་གསུངས་པའི་ཕྱིར་ཞེས་པའི་བར་གྱིས། ༡ སློབ་དཔོན་སངས་རྒྱས་བསྐྱངས་ལ་ཉེས་པ་མེད་པར་བསྟན། གཞན་ཡང་རྟོག་གེ་པ་འདིས་ཞེས་པ་ནས་དེ་སྐད་དུ་མ་སྨྲས་པའི་ཕྱིར་ཞེས་པའི་བར་གྱིས། ༢ ལེགས་ལྡན་རང་ཉིད་ལ་ཁས་བླངས་འགལ་བའི་ཉེས་པ་ཡོད་པར་བསྟན། གལ་ཏེ་གཞན་གྱི་རྗེས་སུ་དཔག་པ་ཞེས་པ་ནས་ཤིན་ཏུ་སྤྲོས་པ་ཆོག་གོ་ཞེས་པའི་བར་གྱིས། ༣ ཟླ་བ་རང་ཉིད་ལ་འགལ་བའི་ཉེས་པ་མེད་པར་བསྟན་པའོ། །དང་པོ་ལ། སངས་རྒྱས་བསྐྱངས་ཀྱི་ལུགས་འགོད་པ། དེ་ལ་ལེགས་ལྡན་བྱེད་ཀྱིས་སུན་འབྱིན་བརྗོད་པ། དེ་མི་འཐད་པར་ཟླ་བས་བཤད་པའོ། །དང་པོ་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཀྱང༌། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར། དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི་ཡང་སྐྱེ་བ་དགོས་པ་མེད་དོ། ། ཅི་སྟེ་ཡོད་ཀྱང་སྐྱེ་ནི་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་(༡༠༢བ)


K800_Page_213
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །འདིའི་དོན་ལ་སྔ་རབས་པའི་ཡི་གེར། སློན་དཔོན་སངས་རྒྱས་བསྐྱངས་ཀྱིས། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་པ་རང་རྒྱུད་དུ་བཀོད་ཀྱང་རུང་ཐལ་འགྱུར་དུ་བཀོད་ཀྱང་རུང༌། གཞན་སུན་འབྱིན་པའི་དམ་བཅའ་རྣལ་མ་ཡིན་ཀྱང༌། དབུ་མ་པ་རང་ལུགས་འཇོག་པའི་དམ་བཅའ་རྣལ་མ་མ་ཡིན། དེ་ལ་མུ་སྟེགས་གྲངས་ཅན་པ་བདག་སྐྱེ་འདོད་པ་ལ་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ། ཡོད་པའི་ཕྱིར། མངོན་གསལ་གྱི་བུམ་པ་བཞིན། འདོད་མི་ནུས་ཏེ། དེ་ཉིད་དུ་ཁས་བླངས་པས་སོ། །དེ་དག་ཅེས་པ་དཔེ་རྟགས་གསལ་གསུམ་བཟུང་ལ། ཕྱིར་ཞེས་པའི་ཚིག་གཉིས་བྱུང་ཡང་རྟགས་མ་ཡིན་ལ། དངོས་པོ་བདག་གི་བདག་ཉིད་ཅེས་སོགས་ནི་དེའི་རྒྱས་བཤད་ཡིན་པས་སངས་རྒྱས་བསྐྱངས་ཀྱི་སྦྱོར་ཚུལ་འདི་ལེགས་ལྡན་གྱིས་མ་གོ་བར་ཟད་དོ། །ཞེས་བྲིས་སྣང་ངོ༌། །གཉིས་པ་ནི། འདི་ལ་ཁ་ཅིག་གིས་སངས་རྒྱས་བསྐྱངས་ཀྱི་བདག་སྐྱེ་འགོག་ཚུལ་དེ་ནི་རིགས་པ་མ་ཡིན་ཏེ། བདག་སྐྱེ་མེད་པ་ལ་དོན་མེད་སོགས་བཀོད་པ་དེ་རང་རྒྱུད་ཀྱི་སྦྱོར་བ་ཡིན་ནམ་ཐལ་འགྱུར་གྱི་སྦྱོར་བ་ཡིན། དང་པོ་ལྟར་ན་ཆེས་མི་རིགས་ཏེ། སྒྲུབ་པའི་ཡན་ལག་ཡོད་པའི་ཕྱིར་ཞེས་གཏན་ཚིགས་ཏེ་ཕྱོགས་ཀྱི་ཆོས་དང༌། ཤེས་པ་ཡོད་པ་ཉིད་བཞིན་ཅེས་ཁྱབ་པ་མཚོན་པའི་དཔེ་མ་བརྗོད་པའི་ཕྱིར། གཞན་གྱིས་སྨྲས་པའི་ཉེས་པ་འབྲས་བུའི་བདག་ཉིད་དུ་ཡོད་པ་མི་སྐྱེ་ཞེས་སངས་རྒྱས་པས་བསྒྲུབས་ན་གྲུབ་ཟིན་སྒྲུབ་པ་ཡིན་ཏེ། གྲངས་ཅན་ཀྱང་འབྲས་བུ་ཡོད་པ་སྐྱེ་བར་མི་འདོད་ལ། རྒྱུའི་བདག་ཉིད་དུ་ཡོད་པ་སྐྱེ་བ་དོན་མེད་པའི་ཕྱིར་ཞེ་ན། འགལ་རྟགས་སུ་འགྲོ་སྟེ། སྐྱེ་བ་ཐམས་ཅད་རྒྱུ་ཡོད་པའི་ཕྱིར་ཞེས་པའི་དམ་བཅའ་དང་རྟགས་ཀྱི་ཉེས་པ་མ་གསལ་(༡༠༣ན)


K800_Page_214
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། གཉིས་པ་ལྟར་ཐལ་འགྱུར་ཡིན་ན་ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར་སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང༌། དེའི་ཆོས་གཏན་ཚིགས་བཟློག་པའི་དོན་འདི་དག་མངོན་པར་འགྱུར་ཏེ། དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང༌། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང༌། སྐྱེ་བ་ཐུག་པ་ཡོད་པ་ཉིད་དུ་འགྱུར་བའི་ཕྱིར། དེ་ལྟར་ན་དབུ་མ་པས་གྲུབ་པའི་མཐའ་དེ་གསུམ་མི་བཞེད་པས་གྲུབ་མཐའ་དང་འགལ་བར་འགྱུར་རོ་ཞེས་སྐྱོན་སྨྲ་སྟེ། ཞེས་བརྗོད། འདིའི་ཐད་དུ། སྔ་རབས་པའི་ཡི་གེར་ལེགས་ལྡན་བྱེད་སོགས་དགག་པ་ལ་འགལ་བས་ཁྱབ་དགོས་པས་བདག་སྐྱེ་བཟློག་ན་གཞན་སྐྱེ་ཁས་མི་ལེན་ཀ་མེད་དེ། ཐལ་བ་ལྟག་སྤྲོད་འདི་གྲུབ་མཐའ་ཀུན་ལ་གནས་ཞེས་རློམ་པ་ལ་ཐལ་འགྱུར་བའི་སློབ་དཔོན་ཆེན་པོ་ཇོ་བོ་ཧ་སུ་མ་ཏི་བོད་དུ་བྱོན་དུས་བོད་སྟོན་རྣམས་ཀྱིས་གྲུབ་མཐའ་དབུ་མ་པ་རང་བཟང་བ་ལགས་སམ་ཞུས་པས། གྲུབ་མཐའ་ལྟ་བ་ལ་ཟེར། ལྟ་བ་ཐམས་ཅད་སྤང་བྱ་ཡིན་པས་དབུ་མ་པ་ལ་ཐལ་བ་ལྟག་སྤྲོད་མི་འདོད་བཞིན་མགོ་འཁོར་ཡོད་པའི་གྲུབ་མཐའ་ཀུན་ལ་ཁྱབ་པར་འབྱུང་བའི་རིགས་ནད་ལྟ་བུ་ཞིག་ཁས་མི་ལེན་པ་དེ་ཙམ་ལ་གྲུབ་མཐའ་བཟང་ཞེས་ངན་མིང་བཏགས་པར་སྣང་ངོ༌། ། ཞེས་གསུངས་པས། ལེགས་ལྡན་བྱེད་སོགས་སྒྲུབ་པའི་ཐལ་འགྱུར་ཁས་ལེན་པའི་ཕྱོགས་ལ་བཟློག་དོན་ལ་རང་རྒྱུད་འཕེན་པར་བྱེད་པའི་ལུགས་སྣང་མོད། སློབ་དཔོན་སངས་རྒྱས་བསྐྱངས་སོགས་སུན་འབྱིན་པའི་ཐལ་བ་བརྗོད་པ་ལ་ནི་དེའི་བཟློག་དོན་བརྗོད་པའི་འདོད་པ་དང་མ་འབྲེལ་བས་བཟློག་ཀྱང་བཟློག་པར་མི་ནུས་ཏེ། ནམ་མཁའ་ནས་ཕར་ལ་མཚོན་ཆ་འཕངས་ནས་སྐྱེས་བུའི་སྲོག་བརྟེན་པའི་(༡༠༣བ)


K800_Page_215
[མ་དཔེ་གཟིགས་ན་འདིར་གནོན།]

གནད་བཅད་རྗེས་སྐྱེས་བུ་དེས་ཚུར་ལ་ནམ་མཁའ་གཅོད་པའི་མཚོན་ཆ་བཟློག་ཀྱང་ནམ་མཁའ་གཅོད་མི་ནུས་པ་བཞིན་ནོ། །ལེགས་ལྡན་གྱིས་གནས་བརྟན་བུདྡྷ་པཱ་ལི་ཏའི་དགོངས་པ་རྩ་བ་ནས་མ་ལོན་པར་དགག་པ་བྱས་པ་ཡིན་ཏེ། སློབ་དཔོན་དེས་བདག་ལས་མི་སྐྱེ་བར་ཐལ། དོན་མེད་པ་དང་ཐལ་བར་འགྱུར་བའི་ཕྱིར་ཞེས་གྲངས་ཅན་པ་ལ་འཕངས་སོ་སྙམ་པར་ཟད་དེ། སློབ་དཔོན་སངས་རྒྱས་བསྐྱངས་ནི་དེར་བཀོད་པའི་རྟགས་སུ་བཀོད་པ་ལྟར་བྱས་པ་དེ་མི་འདོད་པ་ཐལ་བར་འཕངས་ནས་སླར་ཁས་བླངས་གཞན་རྟགས་སུ་བཀོད་ནས་གྲངས་ཅན་སུན་འབྱིན་པར་མཛད་པ་ཡིན་ནོ། །འོ་ན་སྤྱིར་ཐལ་འགྱུར་གྱི་དམ་བཅའ་བཟློག་པས་རང་རྒྱུད་ཀྱི་གཏན་ཚིགས་འཕེན་ལ། ཐལ་བའི་གཏན་ཚིགས་བཟློག་པས་རང་རྒྱུད་ཀྱི་དམ་བཅའ་འཕེན་པ་རྟོག་གེའི་ལུགས་ཡིན་པ་ལ། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་འདིར་ཐལ་འགྱུར་གྱི་གཏན་ཚིགས་བཟློག་ནས་རང་རྒྱུད་ཀྱི་གཏན་ཚིགས་དང༌། ཐལ་འགྱུར་གྱི་དམ་བཅའ་བཟློག་ནས་རང་རྒྱུད་ཀྱི་དམ་བཅའ་འཕེན་པར་བྱེད་པ་འདི་ཅི་ཡིན་ཞེ་ན། བདེན་མོད་ཀྱི། བཟློག་ཚུལ་འདི་ལྟ་བུ་ནི་རྟོག་གེ་པ་སྔ་རབས་པའི་རྣམ་གཞག་གི་རྩོད་པའི་ལུགས་ཡིན་པར་གྲགས་སོ་ཞེས་བྲིས་སྣང་ངོ༌།།བོད་ཕྱིས་བྱུང་ཁ་ཅིག་སློབ་དཔོན་ལེགས་ལྡན་བྱེད་ལྟ་བུས་སངས་རྒྱས་བསྐྱངས་ཀྱི་བསམ་པ་མ་ལོན་པར་དགག་པ་བྱེད་དོ་ཞེས་སྨྲ་བ་ནི་ཆེས་མི་འཐད་དེ། མཁས་པ་ཆེན་པོ་དེ་ལྟ་བུ་ལ་ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་མི་སྲིད་པའི་ཕྱིར་ཞེས་ཟེར་བར་གྲགས་པ་ལ། གཟུར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཁ་ཅིག་གི་གསུང་གིས་དེས་དེའི་བསམ་པ་མ་ལོན་པར་དགག་པ་བྱས་སོ་ཞེས་སྔ་རབས་པའི་ཡིག་ཆར་གྲགས་ཤིང༌། སྔ་(༡༠༤ན)


K800_Page_216
[མ་དཔེ་གཟིགས་ན་འདིར་གནོན།]

རབས་དེའི་དུས་ཆོས་ཚུལ་འདིའི་བཤད་སྒྲུབ་ཀྱི་རྒྱུན་སྤྲུལ་པའི་ལོ་པཎ་བར་མ་ཆད་པའི་གསུང་རབ་ལ་དེ་ལྟར་འབྱུང་བ་དེ་མི་དག་ན་ཕྱི་མའི་དུས་འདིར་དེ་ལྟའི་བཤད་སྒྲུབ་ཀྱི་རྒྱུན་ཐམས་ཅད་ཆད་ནས་རང་རང་སོ་སོའི་དཔེ་བལྟས་ཅི་ལྕོགས་བགྱིས་པའི་ཤེས་རབ་ཀྱི་མཐུས་སློབ་དཔོན་ལེགས་ལྡན་བྱེད་ཀྱིས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བསམ་པ་ལོན་ནས་དགག་པ་བྱས་པ་ཁོ་བོས་རྟོགས་སོ་ཞེས་སྨྲ་བ་དེའི་སྙིང་ལ་ཅི་ཞིག་གིས་ཀུན་ནས་བསླངས། གསུམ་པ་ལ། རང་ལུགས་ཚད་གྲུབ་ཀྱི་རང་རྒྱུད་མི་སྨྲ་བས་དཔེ་རྟགས་མ་བརྗོད་པའི་སྐྱོན་མེད་ཚུལ། བཟློག་དོན་རང་རྒྱུད་འཕེན་པའི་ཐལ་བ་མ་བཀོད་པས་ཁས་བླངས་མི་འགལ་བ། རང་ལུགས་ཚད་གྲུབ་ཀྱི་གཏན་ཚིག་སོགས་མ་བརྗོད་པས་རྒོལ་ངོར་བརྗོད་པའི་དམ་བཅའ་དང་གཏན་ཚིགས་ལ་ཉེས་པ་སེལ་མི་དགོས་པ། རང་འདོད་མེད་ཀྱང་གཞན་སུན་འབྱིན་གྱི་ཆེད་དུ་གཏན་ཚིགས་དཔེ་སོགས་ཡོད་པར་བསྟན་པ། ཐལ་འགྱུར་གྱི་ཟློག་དོན་གཞན་གྲངས་ཅན་སོགས་དང་འབྲེལ་བར་བསྟན་པ། ཀླུ་སྒྲུབ་ཞབས་ཀྱིས་ཀྱང་གཞན་སུན་འབྱིན་པ་ན་ཐལ་འགྱུར་གྱི་སྒོ་ནས་ཚར་གཅོད་པ་ཤས་ཆེ་བར་བསྟན་པའོ།།དང་པོ་ནི། ལེགས་ལྡན་བྱེད་ཀྱིས་བཀོད་པའི་སྐྱོན་འདི་དག་ཐམས་ཅད་ནི་རིགས་པ་མ་ཡིན་པར་ཟླ་བ་གྲགས་པ་ཁོ་བོ་ཅག་གིས་མཐོང་ངོ༌། །ཇི་ལྟར་རིགས་པ་མ་ཡིན་ཅེ་ན། དེ་ལ་ཁོ་བོ་ཅག་གི་ཕྱོགས་ཀྱི་རེ་ཞིག་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང༌། ཞེས་གང་སྨྲས་པ་དེ་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། རང་ལུགས་ཚད་གྲུབ་ཀྱི་དེ་མ་བརྗོད་ཀྱང་ཚར་བཅད་ཀྱི་གནས་མ་ཡིན་ཏེ། བདེན་པ་གཉིས་ཀར་ཚད་མ་སོགས་ཀྱི་སྤྲོས་པ་ཐམས་ཅད་ལས་གྲོལ་བའི་(༡༠༤བ)


K800_Page_217
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང༌། གཞན་གྲགས་ཀྱི་དེ་མི་བརྗོད་པ་མ་ཡིན་པ་ནི་འོག་ནས་འཆད་པའི་ཕྱིར་དང༌། འདིར་ནི་ཁས་བླངས་ནང་འགལ་གྱིས་གྲངས་ཅན་བདག་སྐྱེ་འདོད་པའི་གྲུབ་པ་ལ་དྲི་བརྗོད་པར་བྱེད་པས་ཀྱང་དེའི་ལོག་རྟོག་བཟློག་ནུས་པའི་ཕྱིར་ཏེ། གང་གི་ཕྱིར་བདག་ལས་སྐྱེའོ་ཞེས་བྱ་བ་གྲངས་ཅན་གྱིས་སྨྲས་པ་དེའི་ཞེན་དོན་ནི་འབྲས་བུ་དང་རང་བཞིན་གཅིག་པའི་ཡོད་པ་རྒྱུ་ཉིད་དང་དེ་ཉིད་སྐྱེའོ་ཞེས་སྨྲས་པ་ཡིན་ལ། བདག་ལས་སྐྱེ་སྟེ། བདག་ཉིད་དུ་ཡོད་པ་ལས་སྐྱེ་བའི་ཕྱིར་ཞེས་པ་ནི་ཁྱབ་པ་འགལ་བ་ཡིན་ཏེ། ཡོད་པ་སྐྱེ་བ་ཉིད་ཀྱི་ཕྱིར་ན་ཡང་སྐྱེ་བ་དགོས་པ་མེད་ཅིང༌། དེ་ལྟར་སྐྱེ་ན་སྐྱེ་བ་ཐུག་པ་མེད་པར་ཡང་མཐོང་བར་འགྱུར་བའི་ཕྱིར་ཞེས་བརྗོད་པས་ཐལ་བ་དེ་ལ་འདོད་པར་ནུས་པ་མ་ཡིན་ཏེ། གྲངས་ཅན་ཁྱོད་ཀྱིས་སྐྱེས་པ་སླར་ཡང་སྐྱེ་བར་མི་འདོད་ཅིང༌། ཐུག་པ་མེད་པ་ཡང་མི་འདོད་པའི་ཕྱིར་རོ། །དེའི་ཕྱིར་གྲངས་ཅན་ཁྱེད་ཅག་གི་བདག་སྐྱེ་ཡོད་པའི་རྩོད་པ་ནི་སྒྲུབ་བྱེད་ཀྱི་འཐད་པ་དང་བྲལ་བ་དང༌། ཡོད་པ་སྐྱེ་ན་སྐྱེ་བ་དགོས་མེད་དང་ཐུག་མེད་དེ། འཐད་པ་མེད་པ་ལ་འཐད་པར་སྨྲ་ན་རང་གིས་ཁས་བླངས་པ་དང་འགལ་བ་ཡིན་ནོ། །ཞེས་ཕ་རོལ་པོ་བདག་ལས་སྐྱེ་བར་འདོད་པ་ལ་སུན་འབྱིན་དུ་འདྲི་བར་བྱེད་པ་ཡིན་ཏེ། རྒོལ་བ་རང་རྒྱུད་པ་གང་ལས་རང་རྒྱུད་ཀྱི་ཚད་མས་གྲུབ་པའི་གཏན་ཚིགས་དང་དཔེ་བཀོད་པས་བདག་སྐྱེ་ཁེགས་པའི་འབྲས་བུ་དང་བཅས་པར་འགྱུར་བ་ལྟར་ཐལ་བ་པས་འགལ་བ་བརྗོད་པའི་ཐལ་འགྱུར་འདི་དག་ཙམ་ཞིག་གིས་བརྩད་པ་ན་ཕ་རོལ་གྲངས་ཅན་པ་རང་གི་གྲུབ་མཐའ་དེ་ལ་སྒྲུབ་བྱ་སྒྲུབ་བྱེད་འགལ་བར་ཁས་ལེན་པར་མི་བྱེད་དམ། འགལ་བར་ཤེས་པ་དེ་ཐལ་འགྱུར་གྱི་དངོས་ཀྱི་བྱེད་པ་ཡིན་ལ། (༡༠༥ན)


K800_Page_218
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའ་དོར་བ་ནི་ཤུགས་ཀྱི་བྱེད་པའོ། །གང་ལས་གཏན་ཚིགས་དང་དཔེ་བཀོད་པ་འབྲས་བུ་དང་བཅས་པར་འགྱུར་བ་འདི་དག་ཙམ་ཞིག་གིས་བརྩད་པ་ན་ཞེས་པའི་འགྲེལ་ཚུལ་འདི་ནི་འདིའི་ཐད་ཀྱི་སྔ་རབས་པའི་ཡིག་ཆ་སྒྲོས་གཙང་ཞིག་ལ་སྣང་ནའང་འབྲེལ་ཆེར་མི་སྣང་བས། ཐལ་འགྱུར་བས་གྲངས་ཅན་གང་ཞིག་ལ་གྲགས་པའི་ནང་འགལ་གྱི་ཆེད་དུ་དེའི་འདོད་པའི་གཞན་གྲགས་ཀྱི་གཏན་ཚིགས་དང་དཔེ་བཀོད་པས་བདག་སྐྱེ་ཁེགས་པའི་འབྲས་བུ་དང་བཅས་པར་འགྱུར་བ་འདི་དག་ཙམ་ཞིག་གིས་བརྩད་པ་ན་ཞེས་འཆད་པ་ཡིག་རྙིང་ལ་ལར་སྣང་བ་ཉིད་ལེགས་སོ། །འོན་ཏེ་ཕ་རོལ་གྲངས་ཅན་རང་གིས་ཁས་བླངས་དང་འགལ་བས་བརྩད་པས་ཀྱང་བདག་སྐྱེ་མི་ལྡོག་ན་ནི། དེའི་ཚེ་རང་ལུགས་ཚད་གྲུབ་ཀྱི་གཏན་ཚིགས་དང་དཔེ་གཉིས་བརྗོད་ཀྱང་བདག་སྐྱེའི་གྲུབ་མཐའ་ལས་ལྡོག་པར་མི་འགྱུར་བ་ཉིད་དེ། སྐྱེས་བུ་དེ་ནི་ངོ་ཚ་བ་མེད་པ་ཉིད་ཀྱི་ངང་ཚུལ་ཅན་གྱི་ཕྱིར། ཡང་དག་གཏན་ཚིགས་དང་དཔེ་གཉིས་བརྗོད་ན་བདག་སྐྱེ་འགོག་ནུས་ཏེ། ཚུལ་གསུམ་རང་ལུགས་ཀྱི་ཚད་མས་གྲུབ་པས་ཕ་རོལ་གྱི་འདོད་པ་ཁེགས་པའི་ཕྱིར་ཞེ་ན། དེ་ཚོད་དུ་ཐལ་འགྱུར་གྱིས་ཀྱང་ནུས་ཏེ། སྒྲུབ་བྱེད་ཁས་བླངས་ཀྱིས་གྲུབ་པས་དེ་ཁེགས་པར་ཐལ་བ་མགོ་མཚུངས་པའི་ཕྱིར་རོ། །རིགས་པའི་གནོད་པ་དེ་ལྟར་བསྟན་པས་ཀྱང་མི་ལྡོག་ན་ཁོ་བོ་ཅག་སྨྱོན་པ་དང་ལྷན་ཅིག་རྩོད་པ་ཡང་མ་ཡིན་ནོ་ཞེས་ཡང་སྒྲས་ངོ་ཚ་མེད་པ་དང་ཡང་བརྗོད་དོ། །དེའི་ཕྱིར་སློབ་དཔོན་ལེགས་ལྡན་བྱེད་ནི་དབུ་མ་པ་རང་ལུགས་ཀྱི་གྲུབ་པའི་ཕྱོགས་གང་གིའང་གནས་འཛིན་པ་མ་ཡིན་པར་ཡང་དེ་ལྟའི་གནས་འཛིན་པར་བྱེད་པའི་རྗེས་སུ་(༡༠༥བ)


K800_Page_219
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་པ་ཚང་བར་བྱེད་པ་ན་བདག་ཉིད་རིང་ལུགས་ཀྱིས་གྲུབ་པའི་རྗེས་སུ་དཔག་པ་ལ་དགའ་བ་ཉིད་མངོན་པར་བྱེད་པ་ཡིན་ཏེ། མངོན་པར་དགའ་བ་ཙམ་དུ་ཟད་པ་ལས་བདེན་པ་གཉིས་ཅར་དཔྱད་ནའང་རང་ལུགས་ཀྱི་ཚད་མས་གྲུབ་ནས་རྣམ་པར་འཇོག་རྒྱུར་རྙེད་པའི་ཆོས་ནི་འགའ་ཡང་མི་སྲིད་པའི་ཕྱིར། གཉིས་པ་ནི། དབུ་མ་པ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་ཡང་མ་ཡིན་ཏེ། ཞེས་རང་ལུགས་ཀྱི་ཚད་མས་གྲུབ་པས་ཉེ་བར་བཞག་པའི་རྗེས་སུ་དཔག་བྱའི་རྟོགས་པ་འཁྲུལ་པ་མེད་པའི་ཤེས་པ་འཇོག་པ་མ་ཡིན་ཏེ། མ་འཁྲུལ་པ་ལས་ཕྱོགས་གཞན་འཁྲུལ་པར་རང་ལུགས་ཀྱི་ཚད་མས་གྲུབ་པ་ཁས་བླངས་པ་མེད་པའི་ཕྱིར། དཔེར་ན་རང་ལུགས་སུ་ཡོད་པའི་རྗེས་དཔག་གཏིང་ཚུགས་འཇོག་རྒྱུར་མི་རྙེད་དེ། དེ་རྙེད་པ་ལ་གཞན་ལུགས་ཀྱི་མེད་པའི་རྗེས་དཔག་གཏིང་ཚུགས་འཇོག་དགོས་པ་ལས། ལུགས་འདིར་དེ་ལྟར་འཇོག་པ་ཡང་དགག་བྱ་ཁོ་ནར་གསུངས་པའི་ཕྱིར། དེ་སྐད་དུ་འཕགས་པ་ལྷས།ཡོད་དང་མེད་དང་ཡོད་མེད་ཅེས། །ཕྱོགས་ནི་གང་ལ་ཡོད་མིན་པ། །དེ་ན་ཡུན་ནི་རིང་པོ་ནའང༌། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཅེས་བཤད་དོ། །རྩོད་པ་ཟློག་པ་ལས་ཀྱང༌། གལ་ཏེ་དབུ་མ་པ་ངས་རང་ལུགས་ཀྱི་བདེན་པ་གཉིས་ཀར་ཚད་མས་གྲུབ་པའི་ཡོད་མེད་དངོས་ཆོས་ཀྱི་རང་བཞིན་དམ་བཅས་པ་འགའ་ཡོད་ན། དེས་ན་ང་ལ་རྟགས་དཔེ་མ་བཀོད་པ་དང༌། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་དེ་ཡོད་རིགས་ཀྱང༌། དོན་དམ་སྤྲོས་པ་ཐམས་ཅད་དང་བྲལ་ཞིང༌། ཀུན་རྫོབ་སྣང་ཙམ་བལྟོས་བཞག་ལས་ང་ལ་བདེན་གཉིས་འདི་གྲུབ་ཀྱི་རང་ལུགས་ཚད་གྲུབ་(༡༠༦ན)


K800_Page_220
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམ་བཅའ་མེད་པས་ན། ང་ལ་ནི་བདག་སྐྱེ་མེད་པའི་རྟགས་དཔེ་མ་བཀོད་པའི་སྐྱོན་མེད་པ་ཁོ་ན་ཡིན། གལ་ཏེ་མངོན་སུམ་ལ་སོགས་པའི་ཚད་མ་བཞི་པོས་དངོས་དོན་གྱི་ཆོས་འགའ་ཞིག་གྲུབ་པར་དམིགས་ན་ནི། དེ་རང་ལུགས་སུ་བསྒྲུབ་པའམ་རང་ལུགས་ལས་བཟློག་པར་བྱ་བ་ཞིག་ཡོད་ན་འགྲུབ་ཏུ་ཆུག་ཀྱང༌། དེ་འདྲ་མེད་ཕྱིར་དབུ་མ་པ་ང་ལ་རང་ལུགས་ཀྱི་རྟགས་དཔེ་མ་བརྗོད་པ་སོགས་ཀྱི་ཀླན་ཀ་མེད་དོ། །ཞེས་གསུངས་སོ། །ཡང་ཁ་ཅིག་དབུ་མ་པ་ལ་རང་རྒྱུད་ཀྱི་དམ་བཅའ་མེད་ཅེས་པ་དེ་ཡོངས་གཅོད་སྒྲུབ་པའི་དབང་དུ་བྱས་ནས་དེར་བརྗོད་པ་ཡིན་གྱི། རྣམ་བཅད་དགག་བྱའི་དབང་དུ་བྱས་ནས་བརྗོད་པ་མ་ཡིན་ཏེ། རྣམ་བཅད་དགག་ཙམ་ནི་ཡོད་མེད་གང་ཡང་མ་ཡིན་པའི་ཕྱིར། དབུ་མ་པའི་བསྒྲུབ་བྱའང་རྣམ་བཅད་མེད་དགག་ཙམ་དུ་ཟད་པའི་ཕྱིར། ཞེས་ཟེར་རོ། །འོ་ན་དབུ་མ་པ་ལ་རྣམ་བཅད་དགག་པའི་དམ་བཅའ་ཡོད་པ་མ་ཡིན་པར་ཐལ། རྣམ་བཅད་དགག་ཙམ་གྱི་དམ་བཅའ་དེ་དམ་བཅར་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེ་འདྲ་དེ་སྤྱི་ལྡོག་ནས་ཡོད་མེད་གང་ཡང་མ་ཡིན་པའི་ཕྱིར། ཡང་ན་དབུ་མ་པ་ལ་ཡོངས་གཅོད་ཀྱི་སྒྲུབ་པའི་དམ་བཅའ་ཡོད་པར་ཐལ། དེ་ལ་རྣམ་བཅད་དགག་བྱའི་དམ་བཅའ་ཡོད། དེ་ཡོད་ན་དེས་རྣམ་པར་བཅད་པ་གང་ཞིག་ཡོངས་སུ་ཆོད་ལ། དེར་ཆོད་པའི་ཚད་མ་གཅིག་གི་བྱེད་པས་རྣམ་པར་བཅད་ནས་ཡོངས་སུ་མ་ཆོད་པའི་བར་དེར་ཕུང་གསུམ་སེལ་བར་བྱེད་པའི་ཕྱིར། མ་ཁྱབ་བོ་ཞེ་ན། མ་ཁྱབ་པའི་རྒྱུ་མཚན་མེད་དེ། བལྟོས་པར་མཚུངས་པའི་ཕྱིར། ངག་དོན་ཐལ་འགྱུར་བས་ཀུན་རྫོབ་ཏུ་ཀུན་རྫོབ་ཀྱི་ཚད་མས་ཀུན་རྫོབ་ཀྱི་ཆོས་ཚད་གྲུབ་ལ་དེ་ལྟའི་ཆོས་དེའི་གནས་ལུགས་དང་(༡༠༦བ)


K800_Page_221
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་འཛིན་སྟངས་མ་འཁྲུལ་པ་ཅན་གྱི་ཚད་མ་ཡོད་པར་སྨྲ་བའི་དབུ་མ་པ་ཞིག་ཡོད་ན་དེ་དབུ་མ་ཡང་དག་པར་མི་འགྱུར་ཏེ། འཛིན་སྟངས་མ་འཁྲུལ་པ་ཅན་གྱི་ཚད་མ་དེ་ཀུན་རྫོབ་ཏུ་ཚད་མའི་རང་བཞིན་དུ་གྲུབ་བམ་མ་གྲུབ། མ་གྲུབ་ན་ཀུན་རྫོབ་ཏུའང་དེ་ཚད་མར་མ་སོང༌། གྲུབ་ན་དབུ་མའི་གཏན་ཚིགས་རྣམས་ཀྱིས་གཞོམ་བྱ་ཀུན་རྫོབ་ཏུ་ཀུན་རྫོབ་ཀྱི་རང་བཞིན་ཁས་བླངས་པར་བྱས་པའི་ཕྱིར་ཡ་རབས་མཐོན་པོའི་གྲལ་དུ་འདུག་ནས་མ་རབས་དམའ་བའི་བགྱི་བས་ཤ་ཐང་དུ་བྲེལ་པ་ཅི་ཞིག་ཡིན། གསུམ་པ་ནི། གང་གི་ཚེ་རང་ལུགས་ཚད་གྲུབ་མི་འཇོག་པ་དེ་ལྟར་སྨྲ་བའི་དབུ་མ་པས་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་མི་བརྗོད་པ་ཉིད་ཡིན་པ་དེའི་ཚེ། གཞན་གྲངས་ཅན་གྱིས་དམ་བཅའ་དང་རྟགས་ལ་ཉེས་པའི་ཚེར་མ་འདི་ལྟ་སྟེ། བདག་སྐྱེ་མེད་དོ་ཞེས་དམ་བཅའ་བའི་དོན་ནི་གང་ཡིན། ཅི་བདག་ལས་ཞེས་བྱ་བ་འབྲས་བུའི་བདག་ཉིད་ལས་སྐྱེ་བ་མེད་ཅེས་སམ། འོ་ན་ཏེ་རྒྱུའི་བདག་ཉིད་ལས་སྐྱེ་བ་མེད་པ་ཡིན་གྲང༌། དེ་ལས་ཅིར་འགྱུར། གལ་ཏེ་འབྲས་བུའི་བདག་ཉིད་ལས་སྐྱེ་བ་མེད་པར་སྨྲ་བ་ཡིན་ན་ནི་གྲུབ་པ་ལ་སྒྲུབ་པས་ཅི་ཞིག་བྱ། རྒྱུའི་བདག་ཉིད་ལས་སྐྱེ་བ་མེད་པར་སྨྲ་བ་ཡིན་ན་ནི་འགལ་བའི་དོན་ཉིད་དུ་འགྱུར་ཏེ། སྐྱེ་བ་དང་ལྡན་པ་ཐམས་ཅད་ནི་རྒྱུའི་བདག་ཉིད་དུ་ཡོད་པ་དེ་ཁོ་ན་སྐྱེ་བའི་ཕྱིར་རོ་ཞེས་བྱ་བར། ཐལ་བ་པ་གང་ལ་བརྗོད་ནས་ཉེས་པ་འདི་དག་སེལ་དགོས་སོ་ཞེས་སྨྲ་བའི་ཉེས་པ་དེ་སེལ་དགོས་པ་མ་ཡིན་ཏེ། ཁོ་བོས་བདག་སྐྱེ་ཡོད་པར་རང་ལུགས་ཚད་གྲུབ་ཏུ་འདོད་པ་དེ་དགག་པར་བྱ་བའི་ཆེད་དུ་སུན་འབྱིན་གྱི་བདག་སྐྱེ་མེད་ཅེས་སྨོས་ཀྱང་རང་(༡༠༧ན)


K800_Page_222
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཚད་གྲུབ་ཀྱི་བདག་སྐྱེ་མེད་པར་མ་བཞག་པའི་ཕྱིར། གྲངས་ཅན་པ་དག་གིས་ཕྱིར་བཟློག་པར་འགྱུར་བ་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་བྱ་བའི་རང་རྒྱུད་ཀྱི་དམ་བཅའ་བ་ལྟ་ག་ལ་ཡོད། དེ་བཞིན་དུ་ཁོ་བོ་ཅག་ལ་ནི་གང་ཞིག་གྲུབ་པ་ལ་བསྒྲུབ་པ་ཉིད་དམ། འགལ་བའི་དོན་ཉིད་དུ་འགྱུར་ཞིང༌། གྲུབ་པ་ལ་སྒྲུབ་པ་ཉིད་གང་ཡིན་པ་དང་འགལ་བའི་དོན་ཉིད་གང་ཡིན་པའི་སྤང་བར་བྱ་བའི་ཆེད་དུ་འབད་པ་བྱེད་པར་འགྱུར་པ་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་རང་ལུགས་ཚད་གྲུབ་ཀྱིས་བཞག་པའང་ག་ལ་ཡོད། དེ་མེད་ན་དེའི་སྐྱོན་སྤོང་ཅི་སྟེ་བྱེད་དེ། ལོ་ཏོག་མེད་པ་ལ་སེར་བ་བསྲུང་མི་དགོས་པ་བཞིན། སྨོས་མ་ཐག་པའི་རྒྱུ་མཚན་དེའི་ཕྱིར་གཞན་གྱིས་སྨྲས་པའི་ཉེས་པར་ཐལ་བར་མི་འགྱུར་བ་ཉིད་ཀྱི་ཕྱིར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གྲུབ་པ་ལ་སྒྲུབ་པ་དང༌། བསྒྲུབ་བྱ་སྒྲུབ་བྱེད་འགལ་ལོ་ཞེས་པ་དེའི་ལན་བརྗོད་པར་བྱ་བ་མ་ཡིན་ནོ། །འདིར་སྔ་རབས་པའི་ཡིག་རྙིང་དུ། རང་རྒྱུད་པ་དག་འདིའི་ཉེས་པ་སྤོང་བ་ན་རྒྱུ་འབྲས་རང་བདེན་པ་གཉིས་ཀའི་བདག་ཉིད་ལས་སྐྱེ་བ་མ་ཡིན་ཀྱང༌། ངེད་དབུ་མ་པ་ནི་ཐ་སྙད་བརྫུན་པ་སྒྱུ་མ་ལྟ་བུར་སྐྱེ་ཞིང༌། དེ་ལྟའི་སྐྱེ་བ་དེ་རྟེན་འབྲེལ་གྱི་སྐྱེ་བ་དང་མི་འགལ་ལ། སྐྱེ་བ་དེ་ལའང་རིགས་པས་དེ་ལྟར་དཔྱད་ན་སྐྱེ་བ་མི་འགྲུབ་ཀྱང་ཐ་སྙད་སྨྲ་བ་ན། ཐ་སྙད་ཀྱི་ཚད་མས་རྙེད་པའི་སྐྱེ་སོགས་འཇོག་ལ། ཐལ་འགྱུར་བས་ནི་བདེན་པ་གཉིས་ཀར་རང་བཞིན་ཅན་གྱི་བདག་ལས་སྐྱེ་བ་ཡོད་མེད་སོགས་རང་ལུགས་ལ་དགག་སྒྲུབ་གང་ཡང་མ་བྱས་ཤིང༌། དེ་ལྟར་བྱེད་པའི་དགག་སྒྲུབ་ཀྱི་རྟེན་གྱི་ཚད་མའི་སྤྲོས་(༡༠༧བ)


K800_Page_223
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགའ་ཡང་མ་མཐོང་བས་སྐྱེ་ནི་སྐྱེ། སྐྱེ་ན་རྒྱུ་འབྲས་གང་གི་བདག་ཉིད་དུ་ཡོད་པ་ལས་སྐྱེ་ཞེས་ཉེས་པ་འགོད་པ་སྐད་དུ་རྒོལ་བ་དེས་ནི་དེ་སྐད་དུ་ཁས་ལེན་པ་གང་ཡིན་པ་དེ་ལ་རྒོལ་བ་ལས་ཁོ་བོ་ཐལ་བ་པ་ལ་ནི་ལན་འདེབས་ཀྱི་གཉེར་ཆུང་ངོ༌། །ཞེས་བྲིས་སྣང་ངོ༌། །བཞི་པ་ནི། ཅི་སྟེ་ཡང་དབུ་མ་ཐལ་འགྱུར་བ་རྣམས་ཀྱི་ལྟར་ན་རང་ལུགས་ཚད་གྲུབ་ཀྱི་ཕྱོགས་སུ་ལྷུང་བའི་ཕྱོགས་དང་གཏན་ཚིགས་དང་དཔེ་དག་མ་གྲུབ་པས་རང་རྒྱུད་ཀྱི་རྗེས་སུ་དཔག་པ་མ་བརྗོད་པའི་ཕྱིར། རང་ལུགས་ལ་བདག་ལས་སྐྱེ་བ་དགག་པའི་དམ་བཅའ་བའི་དོན་སྒྲུབ་པ་དང་རྒོལ་བ་གཉིས་ཀ་ལ་ཚད་མས་གྲུབ་པའི་རྗེས་སུ་དཔག་པས་གཞན་གྲངས་ཅན་སོགས་ཀྱི་དམ་བཅའ་བ་བསལ་བར་མ་གྱུར་མོད། འོན་ཀྱང་གྲངས་ཅན་སོགས་གཞན་གྱི་བདག་སྐྱེ་སོགས་དམ་བཅའ་བ་ལ་དམ་བཅའ་བ་པོ་རང་གི་རྗེས་སུ་དཔག་པས་འགལ་བ་བརྗོད་པར་ནི་བྱ་དགོས་པས་རྗེས་དཔག་དེ་ལ་གྲངས་ཅན་རང་ཉིད་ཀྱི་བློ་ངོ་ལ་ཕྱོགས་ཏེ་དམ་བཅའ་དང་ཁྱབ་པ་རྣམས་ལ་གཏན་ཚིགས་དང་དཔེའི་སྐྱོན་དང་བྲལ་བ་དག་ཡོད་པར་བྱ་དགོས་སོ། །རྒྱུ་མཚན་དེའི་ཕྱིར་རང་ལུགས་ཚད་གྲུབ་ཀྱི་རྟགས་དཔེ་དེ་མ་བརྗོད་པའི་ཕྱིར་དང༌། དམ་བཅའ་དེའི་ཉེས་པ་སྟེ་ཚེར་མ་མ་བསལ་བའི་ཕྱིར། ད་དུང་གཞན་གྱིས་ཚད་མར་ཁས་བླངས་པའི་རྗེས་བརྗོད་བྱས་ནས་གཞན་འགོག་པའི་རྟགས་དཔེ་མ་བཀོད་པ་དང༌། དམ་བཅའ་ལ་ཚེར་མའམ་ཉེས་པ་མ་བསལ་བའི་ཉེས་པ་དེ་ཉིད་དུ་འགྱུར་རོ་སྙམ་ན། དེའི་ལན་དུ་བཤད་པར་བྱ་སྟེ། རང་ལུགས་ཀྱིས་བཞག་པའི་རྟགས་དཔེ་མ་བཀོད་པ་དང༌། དམ་བཅའི་ཉེས་པ་མ་བསལ་བའི་ཉེས་པ་དང༌། གཞན་གྲགས་ཀྱི་དབང་དུ་བྱས་(༡༠༨ན)


K800_Page_224
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་ལྟར་སྐྱོན་བརྗོད་པའི་ཉེས་པར་འགྱུར་བ་དེ་ནི་དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་སྐྱེ་སྒྲུབ་པ་གང་གི་ཕྱིར་བདག་སྐྱེའི་དོན་གང་ཞིག གྲངས་ཅན་གང་གིས་དམ་བཅས་པ་དེ་ནི་གྲངས་ཅན་རང་ཉིད་ཀྱིས་ངེས་པ་བཞིན་དུ་དབུ་མ་པ་སོགས་གཞན་དག་ལ་ངེས་པ་བསྐྱེད་པར་འདོད་པས་དོན་འདི་འཐད་པ་སྟེ། སྒྲུབ་བྱེད་གང་གི་སྒོ་ནས་ཁོང་དུ་ཆུད་པའི་འཐད་པ་སྟེ་སྒྲུབ་བྱེད་དེ་ཉིད་བསྒྲུབ་བྱ་དེ་རྟོགས་པའི་ཆེད་དུ་གཞན་ལ་བསྙད་པར་བྱ་དགོས་སོ། །བསྙད་པར་བྱ་དགོས་པ་དེའི་ཕྱིར་གྲངས་ཅན་རང་གིས་ཁས་བླངས་པའི་བདག་སྐྱེ་དམ་བཅས་པའི་དོན་གྱི་སྒྲུབ་པར་བྱེད་པ་ན་ཕ་རོལ་པོ་གྲངས་ཅན་ཁོ་ནས་ཉེ་བར་འགོད་པར་བྱ་བ་གང་ཡིན་པ་འདི་ནི་རེ་ཞིག་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ལུགས་ཡིན་ན་སྟེ། ཇི་སྐད་དུ། གཞན་དོན་རྗེས་སུ་དཔག་པ་ནི། །རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་འབྱུང་བའི་ཕྱིར། དེས་ན་གྲངས་ཅན་རང་ལ་སྒྲུབ་བྱེད་ཚད་ལྡན་མེད་བཞིན་ཡོད་པ་སྐྱེ་བར་མི་འདོད་པའི་དབུ་མ་པ་ལ་ཡོད་པའི་ཕྱིར། བདག་ལས་མི་སྐྱེ་བར་ཐལ་བའི་གཞན་གྲགས་ཀྱི་རྟགས་དཔེ་བརྗོད་པའི་སུན་འབྱིན་གྱི་ཐལ་འགྱུར་ལ་ཁྱབ་པའི་སྐྱོན་སེལ་དགོས་སོ། །ཞེས་པ་འདི་ནི་གཞན་དབུ་མ་པ་ལ་གྲངས་ཅན་བདག་སྐྱེ་སྒྲུབ་པའི་གཏན་ཚིགས་ཡང་དག་པའང་མ་ཡིན་ནོ། །ཡང་ན། བདག་སྐྱེ་བསྒྲུབ་པ་ལ་རྒྱུ་སོ་སོར་ངེས་པའམ་མེད་པ་མི་སྐྱེ་བས་ཡོད་པ་ལས་ཡོད་པ་ཁོ་ན་སྐྱེ་དགོས་པའི་ཕྱིར། ཞེས་པ་འདི་ནི་དབུ་མ་པ་སོགས་གཞན་ལ་གཏན་ཚིགས་ཀྱང་མ་ཡིན་ནོ་ཞེས་པའང་རྣམ་གྲངས་ཞིག་གོ། །རང་གི་བདག་ཉིད་ཡོད་པ་ལས་རང་གི་བདག་ཉིད་དུ་སྐྱེ་བའི་དཔེ་མེད་པའི་ཕྱིར་གྲངས་ཅན་རང་གིས་དམ་བཅས་པའི་དོན་གྱི་སྒྲུབ་པར་བྱེད་པ་ནི་(༡༠༨བ)


K800_Page_225
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཆོས་ཁྱབ་པ་གྲངས་ཅན་རང་ཁས་འཆེས་པའི་རྗེས་སུ་འབྲངས་པ་འབའ་ཞིག་ཉེ་བར་བཀོད་པ་ཡིན་ཏེ། ཀུན་རྫོབ་འཇིག་རྟེན་སྤྱི་མཐུན་ལ་དེ་ངོར་གྲགས་གྲུབ་གང་ཡང་མེད་བཞིན་རང་གི་བསྒྲུབ་བྱ་སྒྲུབ་བྱེད་ཐམས་ཅད་འཇིག་རྟེན་ལས་བཟློག་སྟེ་གསར་1རྩོམ་དུ་བྱེད་པ་དེའི་ཕྱིར་འཐད་པ་སྟེ། སྒྲུབ་བྱེད་དང་བྲལ་བའི་ཕྱོགས་ཁས་བླངས་པས་གྲངས་ཅན་གྱི་སྦྱོར་བ་འདི་ནི་གྲངས་ཅན་བདག་ཉིད་ཁོ་ན་སླུ་བར་བྱེད་པས་དབུ་མ་པ་སོགས་གཞན་བདག་སྐྱེ་ལ་ངེས་པ་བསྐྱེད་པར་མི་ནུས་སོ། །ཞེས་བྱ་བར་ཤེས་པར་བྱའོ། །འོ་ན་གྲངས་ཅན་གྱི་འདོད་པ་དེ་སུན་ཇི་ལྟར་འབྱིན་ཞེ་ན། གང་གྲངས་ཅན་རང་གི་དམ་བཅའི་དོན་སྒྲུབ་པར་བྱེད་པ་ལ་བསྒྲུབ་བྱ་དང་མཚུངས་པས་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་པ་འདི་ཉིད་གྲངས་ཅན་གྱི་བདག་སྐྱེ་འདོད་པ་འདིའི་ཆེས་སུན་འབྱིན་པ་གསལ་པོ་ཡིན་ཏེ། དེས་ན་གྲངས་ཅན་སུན་འབྱིན་པའི་སྐབས་འདིར་རང་ལུགས་ཀྱི་རྗེས་སུ་དཔག་པས་གནོད་པ་བརྗོད་པ་ལ་དགོས་པ་ཅི་ཞིག་ཡོད་དེ་མེད་དོ། །ཡང་གྲངས་ཅན་ལ་གྲངས་ཅན་རང་ལུགས་ཀྱི་གྲུབ་མཐའ་དང་འགལ་བ་བརྗོད་པས་བདག་སྐྱེ་ཡོད་ངེས་ཁེགས་ཆུག་མེད་ངེས་སུ་མི་འགྲུབ། དེ་མི་འགྲུབ་ན་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ཐལ་ངག་དེས་གྲངས་ཅན་གྱི་ལོག་རྟོག་བཟློག་མི་ནུས་པས་སློབ་དཔོན་སངས་རྒྱས་བསྐྱངས་ཚར་བཅད་ཀྱི་གནས་སུ་འགྱུར་རོ་ཞེས་ལེགས་ལྡན་སྨྲ་བ་དེ་དོན་ལ་ཞུགས་པར་འགྱུར་བའི་ཕྱིར་ཅི་སྟེ་ཡང་ཐལ་འགྱུར་བ་རང་གི་རྗེས་སུ་དཔག་པས་འགལ་བ་གདོན་མི་ཟ་བར་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན། རང་ལུགས་ཚད་གྲུབ་ཀྱི་དེ་མ་བརྗོད་ཀྱང་གཞན་གྲགས་ཀྱི་གཏན་ཚིགས་དང་དཔེ་གཞན་རྒོལ་བའི་བློ་ངོར་མ་བརྗོད་པའང་མ་ཡིན་ཅིང༌། གྲུབ་པ་ལ་སྒྲུབ་(༡༠༩ན)


K800_Page_226
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉེས་སེལ་ཀྱང་མ་མཛད་པ་མ་ཡིན་ནོ་ཞེས་དེ་ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བརྗོད་པ་ཉིད་ཡིན་ནོ། །ཇི་ལྟར་བརྗོད་ཅེ་ན། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར། མདུན་ན་གནས་པའི་མངོན་གསལ་གྱི་བུམ་པ་བཞིན་ཅེས་ཐུགས་ལ་ཉེ་བར་བཞག་ནས་གང་གི་ཕྱིར་སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་དེས་ནི་འདི་སྐད་དུ། དེའི་བསྟན་བཅོས་ལས་བཤད་པ་ཡིན་ཏེ། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་ཞེས་བཤད་པའི་ཕྱིར་རོ། །དེ་ཙམ་ཞིག་འགྲེལ་པ་བུདྡྷ་པཱ་ལི་ཏར་འབྱུང་མོད། ངག་དེས་རྟགས་དཔེ་ཇི་ལྟར་སྟོན་ཅེ་ན། ངག་དེའི་ཁོངས་ནས་འདོན་པར་བྱ་དགོས་ཏེ། ངག་དེ་ལ་དེ་དག་ཅེས་བྱ་བ་འདིས་ནི་གཏན་ཚིགས་རང་གི་བདག་ཉིད་དུ་ཡོད་པ་འཛིན་པ་ཡིན་ནོ། །རྟགས་ཡོད་པ་འཛིན་པ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རང་གི་བདག་ཉིད་དུ་ཡོད་པ་དག་ལ་ནི་ཡང་སྐྱེ་བ་དགོས་པ་མེད་དོ་ཞེས་བྱ་བ་འདི་ནི་མདོར་བཞག་པའི་ངག་དེའི་བགྲེལ་པའི་ངག་དེའི་རྒྱས་བཤད་ཡིན་ལ། ངག་འདིས་ནི་བདག་སྐྱེ་མེད་པའི་ཆོས་མཐུན་པའི་དཔེ་གཞན་གྲངས་ཅན་ལ་རབ་ཏུ་གྲགས་པ་མངོན་གསལ་གྱི་བུམ་པ་ལྟ་བུ་ལ་བསྒྲུབ་པར་བྱ་བ་བདག་སྐྱེ་མེད་པ་དང༌། སྒྲུབ་པར་བྱེད་པ་རང་གི་བདག་ཉིད་ཡོད་པའི་ཆོས་དང་ལྡན་པ་ཉེ་བར་བཟུང་བ་ཡིན་ནོ། །དེ་ལྟའི་ཁྱབ་པ་ཉེ་བར་བཟུང་བ་དེ་ལ་རང་གི་བདག་ཉིད་དུ་ཡོད་པ་ཞེས་བྱ་བ་འདིས་ནི་གཏན་ཚིགས་འཛིན་པ་ཡིན་ནོ། ། སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་ཞེས་བྱ་བ་འདིས་ནི་རྒོལ་ངོར་མི་འདོད་པ་བསྒྲུབ་པར་བྱ་བའི་ཆོས་ཐལ་བར་འཕངས་ཏེ་འཛིན་འཇུག་པ་ཡིན་ནོ། །དེ་ལ་ཇི་ལྟར། སྒྲ་མི་རྟག་སྟེ། (༡༠༩བ)


K800_Page_227
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་མི་རྟག་པའི་ཕྱིར་རོ། །བྱས་པ་ནི་མི་རྟག་པར་མཐོང་སྟེ། དཔེར་ན། བུམ་པ་བཞིན་ནོ། །དེ་བཞིན་དུ་སྒྲ་ཡང་བྱས་པ་ཡིན་ཏེ། དེའི་ཕྱིར་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཡིན་ནོ་ཞེས་འདིར་ཉེ་བར་སྦྱར་བས་གསལ་བར་བྱས་པའི་བྱས་པ་གཏན་ཚིགས་ཡིན་པ་དེ་བཞིན་དུ་ཞེས་སྒྲ་མི་རྟག་བསྒྲུབ་ལ་སྒྲུབ་བྱེད་དཔེ་རྟགས་ཅན་གྱི་ངག་ཡན་ལག་ལྔ་ལྡན་བཀོད་པ་དཔེར་བྱས་སོ། །སངས་རྒྱས་བསྐྱངས་ཀྱིས་འདིར་ཡང་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་པ་ནི་སྒྲ་མི་རྟག་ཅེས་པ་ལྟ་བུའོ། །རང་གི་བདག་ཉིད་དུ་ཡོད་པ་ལ་ཡང་སྐྱེ་བ་དོན་མེད་པར་འགྱུར་བའི་ཕྱིར་ཞེས་པ་ནི་བྱས་པ་མི་རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །འདི་ན་ཇི་ལྟར་བུམ་པ་ལ་སོགས་པ་མདུན་ན་གནས་ཤིང་གསལ་བར་རང་གི་བདག་ཉིད་དུ་ཡོད་པ་ནི་ཡང་སྐྱེ་བ་ལ་མི་བལྟོས་པར་མཐོང་བ་ཞེས་པ་ནི་བྱས་པ་ནི་མི་རྟག་པར་མཐོང་སྟེ། དཔེར་ན། བུམ་པ་བཞིན་ཞེས་པ་ལྟ་བུའོ། །དེ་བཞིན་དུ་འཇིམ་པའི་གོང་བུ་ལ་སོགས་པའི་གནས་སྐབས་ན་ཡང་གལ་ཏེ་རང་གི་བདག་ཉིད་དུ་ཡོད་པའི་བུམ་པ་ལ་སོགས་པ་ཡོད་དོ་སྙམ་དུ་སེམས་ན་ནི་དེའི་ཚེ་ཡང་རང་གི་བདག་ཉིད་དུ་ཡོད་པ་དེ་ལ་སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས་པ་ནི་སྒྲ་ཡང་བྱས་པ་ཡིན་ཏེ། དེའི་ཕྱིར་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཡིན་ནོ་ཞེས་ངག་སྦྱར་བར་མཛད་ལ། སྦྱོར་བའི་ངག་འགོད་ཚུལ་ལ། དངོས་སྨྲ་བའི་རིགས་པའི་བསྟན་བཅོས་ལ་སྦྱོར་ཚུལ་གཉིས་ཏེ། གཏམ་བརྒྱུད་མ་སྣ་ཚོགས་པའི་སྒོ་ནས་གོ་གསལ་གྱི་དབང་དུ་བྱས་ཏེ་ཡན་ལག་ལྔའི་སྦྱོར་བ་དང༌། སྒྲུབ་པ་ངེས་ལྡན་གྱི་དབང་དུ་བྱས་ནས་ཚིག་ཡན་ལག་གཉིས་ཀྱི་སྦྱོར་བའོ། །དང་པོ་ནི། དམ་བཅའ་དང་རྟགས་དང་དཔེ་དང་རྟགས་བསྒྲུབ་བྱ་ལ་ཉེར་སྦྱོར་དང༌། མཇུག་སྡུད་དེ་ཡན་ལག་(༡༡༠ན)


K800_Page_228
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པོ་འདི་ནི་རིམ་བཞིན་གྲུབ་བསལ་མེད་ལ་སྒྲུབ་པར་འདོད་པ་དང༌། རྟགས་སུ་བཀོད་པ་ལྟར་རྩོད་གཞིའི་ཆོས་ཅན་ལ་ཡོད་པ་དང༌། གོ་བྱ་གོ་བྱེད་ཀྱི་ཆོས་དང་ལྡན་པ་དང༌། གཏན་ཚིགས་དང་དམ་བཅའ་གསལ་བྱེད་གཉིས་ཏེ་ལྔའོ།།གཉིས་པ་ནི། ཁྱབ་པ་དང་ཕྱོགས་ཆོས་ཀྱི་ཡན་ལག་སྟེ། ཇི་སྐད་དུ། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །ཞེས་འབྱུང་ལ། དངོས་སྨྲ་བ་དག་རང་ལུགས་ལ་ཚད་མས་གྲུབ་པའི་སྒྲུབ་པའི་ངག་འགོད་ལ། འདིར་ནི་རྩོད་པའི་ཆེད་དུ་ངག་ཀྱང་རང་ལུགས་ཀྱི་དེར་གྲུབ་པ་ཞིག་འགོད་པ་མ་ཡིན་ཏེ། གཞན་གྲགས་ཀྱི་རྗེས་དཔག་བསྐྱེད་ཆེད་གཞན་གྱི་རྟགས་དཔེས་གཞན་འདོད་སུན་འབྱིན་པ་སྒྲུབ་པར་བྱེད་པའི་ངག་ཡིན་ལ། ཡན་ལག་ལྔ་ལྡན་གྱི་ངག་འདིར་འགོད་པ་ནི་རྟོག་གེ་པ་སྔ་རབས་པ་ལ་དར་ཆེ་བས་དེའི་དབང་དུ་བྱས་སོ་ཞེས་གྲགས་ཤིང༌། རྟོག་གེ་པ་སྔ་ཕྱི་ནི་སློབ་དཔོན་ཐོགས་མེད་སྐུ་མཆེད་ཀྱི་དུས་སུ་གྲགས་པའི་རིགས་ཚུལ་ལ་སྔ་རབས་དང༌། ཕྱོགས་གླང་ཆོས་གྲགས་ཀྱིས་ཞིབ་མོར་དཔྱད་པའི་རིགས་ཚུལ་ལ་ཕྱི་རབས་པའི་བརྡ་བྱེད་པ་ཡིན་ཞེས་ལོ་ཙཱ་ཆེན་པོ་གསུང་ངོ་ཞེས་གྲགས་སོ། །དེ་ལྟར་འཇིག་རྟེན་ན་ཚད་མར་གྲགས་པའི་གཏན་ཚིགས་ཉེ་བར་སྦྱར་བས་བདག་སྐྱེ་མེད་པ་གསལ་བར་བྱས་པ་ཡང་བདག་ལས་སྐྱེ་བ་དགག་པ་ལ་མི་འཁྲུལ་བ་ཡིན་ཏེ། རང་གི་བདག་ཉིད་དུ་ཡོད་པ་ཉིད་ཀྱིས་ཞེས་གྲངས་ཅན་རང་ཉིད་ཀྱི་ཁས་ལེན་གྱི་རྟགས་ཀྱིས་གྲངས་ཅན་ལ་རང་ཉིད་ཀྱི་རྗེས་སུ་དཔགས་པས་འགལ་བ་བརྗོད་པར་མཛད་པ་ཡིན་ཏེ། དེས་ན་སངས་རྒྱས་བསྐྱངས་ཀྱི་སྦྱོར་བ་དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་ཞེས་ཅི་སྟེ་རྗོད་པར་བྱེད། སློབ་དཔོན་(༡༡༠བ)


K800_Page_229
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྐྱངས་ནི་གཏན་ཚིགས་དང༌། དཔེ་མ་བརྗོད་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་གྲངས་ཅན་གྱིས་སྨྲས་པའི་ཉེས་པ་མ་བསལ་བ་ཡང་མ་ཡིན་ནོ། །ཇི་ལྟར་ཉེས་པ་བསལ་ཅེ་ན། གྲངས་ཅན་པ་དག་མདུན་ན་གནས་པའི་བུམ་པ་མངོན་པར་གསལ་བའི་རང་བཞིན་ཅན་གྱི་ཡང་མངོན་པར་གསལ་བར་མི་འདོད་ཅིང༌། མངོན་གསལ་གྱི་བུམ་པ་དེ་ཉིད་འདིར་རྟགས་ཆོས་གཉིས་ལྡན་གྱི་དཔེ་ཉིད་དུ་གྲུབ་པའི་ངོ་བོ་ཡིན་པའི་ཕྱིར་འགལ་བ་མ་ཡིན་ལ། མངོན་གསལ་གྱི་བུམ་པ་དེ་བསྐྱེད་པར་ནུས་པ་རྒྱུའི་ངོ་བོར་གྱུར་ཅིང༌། མངོན་པར་གསལ་བའི་རང་བཞིན་ཅན་མ་ཡིན་པའི་བུམ་པའི་ངོ་བོར་ཡོད་པ་དེ་ཁྱད་གཞི་གསེར་བུམ་གྱི་སྟེང་དུ་སླར་སྐྱེ་བ་བཀག་པས་ཁྱད་པར་དུ་བྱས་པ་ནི་སྔར་རྒོལ་བའི་ངོར་གྲུབ་མ་ཟིན་པས་བསྒྲུབ་པར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར། གྲུབ་པ་ལ་སྒྲུབ་པ་ཕྱོགས་ཀྱི་སྐྱོན་ཉིད་དུ་དོགས་པའམ་གཏན་ཚིགས་འགལ་བའི་དོན་ཉིད་དུ་དོགས་པ་ག་ལ་ཡོད་དེ། རྟགས་མཐུན་དཔེ་ལ་ཡོད་པས་འགལ་བའི་སྐྱོན་མེད་ལ། ཐལ་འགྱུར་གྱི་དམ་བཅའ་བསལ་བས་གྲུབ་ཟིན་སྒྲུབ་པའི་སྐྱོན་མེད་པའི་ཕྱིར། འགལ་བ་དང་གྲུབ་ཟིན་སྒྲུབ་པའི་སྐྱོན་མེད་པ་དེའི་ཕྱིར་རྒོལ་བ་རང་གིས་ཁས་བླངས་པའི་རྗེས་སུ་དཔགས་པས་ཁས་བླངས་འགལ་བ་བརྗོད་པ་ན་ཡང་ཇི་སྐད་སྨྲས་པའི་རྟགས་དང་ཕྱོགས་སྐྱོན་གྱི་ཉེས་པ་བརྗོད་པ་སངས་རྒྱས་བསྐྱངས་ལ་མེད་པའི་ཕྱིར། གཞན་གྲངས་ཅན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་མེད་པ་ཉིད་དོ། །དེའི་ཕྱིར་ལེགས་ལྡན་བྱེད་ཀྱིས་སངས་རྒྱས་བསྐྱངས་ལ་སུན་འབྱིན་པ་འདི་དག་ནི་སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་ཀྱི་བསམ་པ་མ་ཤེས་པར་འབྲེལ་བ་མེད་པ་ཉིད་དོ་ཞེས་ཤེས་པར་བྱའོ། །འདིར་བུམ་(༡༡༡ན)


K800_Page_230
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི། སྣམ་བུ་ལ་སོགས་པ་དག་བདག་ལས་སྐྱེ་བས་མ་ངེས་པར་འགྱུར་བ་ཡང་མ་ཡིན་ཏེ། སྐྱེ་བར་འདོད་པའི་དངོས་པོ་མ་ལུས་པ་བདག་ལས་སྐྱེ་བ་མེད་པར་བསྡུ་བར་འདོད་པའི་ཕྱིར། དེས་ན་བདག་སྐྱེ་འགོག་པའི་གཏན་ཚིགས་དེ་འགལ་བ་དང་མ་ངེས་པ་དང་མ་གྲུབ་པ་མ་ཡིན་ནོ། །ཡང་ན། སྔར་བརྗོད་པའི་སྦྱོར་བ་ལས་སྦྱོར་བ་འདི་ནི་ཚུལ་གཞན་ཡིན་ཏེ། གྲངས་ཅན་ཤེས་བྱ་རྣམས་ཉི་ཤུ་རྩ་ལྔར་ངེས་སོ་ཞེས་སྨྲས་ནས་དེ་རྣམས་མུ་བཞིར་འདོད་དེ། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང༌། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཅེས་པས་རྩ་བའི་རང་བཞིན་རྒྱུ་ཁོ་ན་ཡིན་གྱི། འབྲས་བུ་མ་ཡིན་ལ། ཆེན་པོ་ལ་སོགས་པ་བདུན་རྒྱུ་འབྲས་གཉིས་ཀ་ཡིན་ཅིང༌། ལྷག་མ་བཅུ་དྲུག་པོ་རྣམ་འགྱུར་ཁོ་ན་ཡིན་གྱི། རྒྱུ་མ་ཡིན་ཏེ། སྐྱེས་བུ་ནི་རྒྱུ་ཡང་མིན་ལ་འབྲས་བུ་ཡང་མ་ཡིན་ནོ་ཞེས་འདོད་པ་ལ་དེ་ངོར་སྐྱེས་བུ་ལས་ཐ་དད་པའི་རྩ་བའི་རང་བཞིན་ལས་སྐྱེ་བར་སྨྲ་བའི་དོན་ཉི་ཤུ་རྩ་བཞི་པོ་རྣམས་ནི་ཆོས་ཅན། བདག་ཉིད་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་ནི་བསྒྲུབ་བྱའི་ཆོས་སོ། ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །སྐྱེས་བུ་བཞིན་ནོ་ཞེས་དཔེར་བརྗོད་པའི་སྐྱེས་བུ་དང་ལེགས་ལྡན་གྱིས་བརྗོད་པའི་ཤེས་པ་ཡོད་པ་ནི་མིང་གི་རྣམ་གྲངས་ཡིན་པས་གཞན་སུན་འབྱིན་པ་སྦྱོར་བའི་ངག་གི་དཔེར་བརྗོད་པར་བྱའོ་སྟེ། ཤེས་བྱ་ལ་བེམ་རིག་གཉིས་ལས་མེད་ཅིང་བེམ་པོ་རྣམས་ཆོས་ཅན་དུ་གྱུར་ལ། སྐྱེས་བུ་དཔེར་བྱས་པས་རྟགས་མ་ངེས་པ་(༡༡༡བ)


K800_Page_231
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྙམ་ནས་བརྗོད་པའོ། །གལ་ཏེ་ཡང་འདི་སྙམ་དུ་སྐྱེ་བ་བཀག་པས་འབྲས་བུ་མངོན་པར་གསལ་བའི་བུམ་པ་ལྟ་བུ་སྐྱེ་བ་སྨྲ་བ་ལ་གནོད་པར་བྱེད་པ་མ་ཡིན་ནོ། །འོན་ཏེ་རྒྱུ་མངོན་པར་མི་གསལ་བ་ནི་བདག་ལས་གསལ་བར་སྐྱེ་བརྟགས་དེས་མི་ཁེགས་སོ་སྙམ་པ་དེ་ལྟར་ནའང་འབྲས་བུ་མངོན་པར་གསལ་ཟིན་ལ་སྐྱེ་བ་འདི་བཀག་པས་རྒྱུ་མངོན་པར་མི་གསལ་བར་སྐྱེ་བར་འདོད་པ་ལ་གནོད་པར་བྱེད་པ་མིན་པ་མིན་ནོ་སྟེ། འབྲས་བུ་མངོན་པར་གསལ་བའི་བུམ་པ་ལ་སྐྱེ་བའི་སྒྲ་སླར་མེད་པར་བཏགས་ནས་སྔོན་མི་གསལ་བའམ་མ་དམིགས་པ་དང༌། ཕྱི་མར་དམིགས་པར་ཆོས་མཐུན་པས་སྐྱེ་བའི་སྒྲས་མངོན་པར་གསལ་བ་ཉིད་དུ་བརྗོད་པ་བཀག་པའི་ཕྱིར། དེ་བཞིན་དུ་མངོན་པར་མི་གསལ་བ་རྒྱུ་དུས་སུ་ཡོད་པ་སླར་བདག་ལས་འབྲས་དུས་སུ་གསལ་བར་སྐྱེ་བ་ཡང་ཁེགས་པར་བྱས་པའི་ཕྱིར། འགྲེལ་ཚིག་འདི་ལ་སྦྱོར་ཚུལ་འདིའང་རྣམ་གྲངས་གཅིག་ཡིན་ལ། གལ་ཏེ་ཡང་སྐྱེ་བ་བཀག་པ་དེ་མངོན་པར་གསལ་བའི་སྐྱེ་བ་སྨྲ་བ་ལ་གནོད་པར་བྱེད་པ་མིན་ནོ་སྙམ་པ་དེ་ལྟར་ན་ཡང་སྐྱེ་བའི་སྒྲ་ནི་མངོན་པར་གསལ་བའི་བུམ་པ་ལ་བཏགས་ནས་དེ་བདག་ལས་མི་སྐྱེ་བར་བརྗོད་པ་ཡིན་ཏེ། དེ་ལ་འདོགས་པའི་རྒྱུ་མཚན་ནི། སྔོན་མ་དམིགས་པ་ཕྱིས་དམིགས་པར་ཆོས་མཐུན་པས་སྐྱེ་བའི་སྒྲས་མངོན་པར་གསལ་བའི་བུམ་སོགས་ཉིད་བརྗོད་པའི་ཕྱིར་མངོན་གསལ་གྱི་བུམ་པའི་སྐྱེ་བ་འདི་བཀག་པས་དངོས་པོ་ཐམས་ཅད་ཀྱི་མངོན་གསལ་གྱི་བདག་སྐྱེ་ལ་གནོད་པར་བྱེད་པ་མ་ཡིན་པ་མ་ཡིན་པའི་ཕྱིར། རྣམ་གྲངས་འདིའང་སྔ་རབས་ཀྱི་མཆན་རྙིང་དང་འགྲེལ་བཤད་ལས་འབྱུང་ཞིང༌། ཡིག་རྙིང་ལ་ལར། (༡༡༢ན)


K800_Page_232
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི་མངོན་པར་གསལ་བར་བྱེད་ན་གོང་ནས་གསལ་བ་ཞིག་གསལ་བར་བྱེད་དམ། མ་གསལ་བ་ཞིག་གསལ་བར་བྱེད། དང་པོ་ལྟར་ན་དོན་མེད་ལ། གཉིས་པ་ལྟར་ན་རང་གསལ་གྱི་དམ་བཅའ་བུད། ཅེས་བྲིས་སྣང་ངོ༌། །ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་འགལ་བརྗོད་ཀྱི་ཐལ་འགྱུར་རྣལ་མ་དང༌། སྒྲུབ་ངག་ཡན་ལག་ལྔ་ལྡན་ཇི་སྐད་དུ་སྨྲས་པ་ལྟར་གྱི་དོན་གྱི་རྗོད་པར་བྱེད་པ་མེད་པར་རྣམ་པར་དཔྱོད་པ་འདི་ལྟ་བུའི་རྣམ་གཞག་འདི་ཟླ་གྲགས་ཁྱོད་ཀྱིས་ཅི་ལྟར་རྙེད་ཅེ་ན། བཤད་པར་བྱ་སྟེ། སངས་རྒྱས་བསྐྱངས་ཀྱི་སྒྲུབ་ངག་སོགས་དོན་ལ་རྟོན་པའི་ངག་འདི་དག་ནི་ཚིག་ཉུང་ལ་དོན་ཆེན་པོ་ཅན་ཡིན་པས་སྒྲུབ་ངག་སོགས་ཇི་སྐད་སྨྲས་པའི་དོན་ཚིག་ཏུ་བསྡུས་ནས་དོན་རྒྱས་པར་བརྗོད་པ་ལ་འཇུག་པ་ཡིན་ལ། སྔོན་གྱི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་སྦྱོར་ངག་གི་ཉེས་སྤོང་དེ་དག་ཀྱང་དོན་གྱིས་བཤད་ན། ཇི་སྐད་སྨྲས་པའི་སྦྱོར་ངག་སོགས་དོན་གྱི་བདག་ཉིད་ངག་ཏུ་འབྱིན་པར་བྱེད་པ་ཡིན་པས། གྲངས་ཅན་དང་རྩོད་པའི་སྐབས་འདིར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་སུན་འབྱིན་པའི་ཆེད་དུ་ངག་སོགས་མ་བསྟན་པ་ཅུང་ཟད་ཀྱང་མི་སྲིད་དོ། །སྐབས་འདིར་ཐམས་ཅད་མཁྱེན་པ་ཡིད་བཟང་རྩེ་བའི་གསུང་གིས། འདིར་སངས་རྒྱས་བསྐྱངས་ཀྱི་རྗེས་དཔག་དེ་གནས་མིན་པར་འཚང་བའི་རྗེས་དཔག་མིན་ལ། ལེགས་ལྡན་གྱིས་དེར་བརྗོད་པ་དེ་གནས་མིན་པར་འཚང་བའི་རྗེས་དཔག་ཡིན་པའི་ཁྱད་པར་མི་འཐད་པར་ཐལ། རྗེས་དཔག་བརྗོད་ཚུལ་གཉིས་ཀ་མཐུན་པར་སྨྲས་པའི་ཕྱིར་ཞེས་དོགས་ན། ཁྱད་པར་འཐད་དེ། ལེགས་ལྡན་གྱིས་དེའི་འགྲེལ་པར་དངོས་སུ་བཀོད་པས་གནས་མིན་པར་འཚང་བའི་རྗེས་དཔགས་སུ་སོང་ལ། (༡༡༢བ)


K800_Page_233
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྐྱངས་ཀྱི་འགྲེལ་པར་དངོས་སུ་མ་བརྗོད་ཀྱང་དོན་གྱི་བསམ་པའི་ཤུགས་ལས་འཕངས་ཏེ་བརྗོད་པས་གནས་མ་ཡིན་པར་འཚང་བའི་རྗེས་དཔགས་སུ་མ་སོང་བའི་ཕྱིར་ཞེས་ལན་འདེབས་བྱས་སྣང་མོད། དོགས་པ་དང་ལན་འདེབས་དེ་ལ་བརྟགས་ན་ཁོ་བོ་ལ་དེ་འདྲའི་དོགས་པ་ཞིག་ཤར་བ་ལ་ལན་ཅི་ལྟར་བསམས་ཀྱང་མ་ཐེབས་པས་ཟོང་ཟད་པའི་ལན་འདེབས་འདི་མི་བྱེད་ཀ་མེད་བྱུང་བ་ཡིན་ནོ་ཞེས་གཞན་ལ་སྟོན་པར་བྱེད་པའོ། །ལྔ་པ་ནི། ཐལ་བར་འགྱུར་བ་བཟློག་པའི་དོན་དང་ཡང་ཕ་རོལ་གྲངས་ཅན་ཉིད་འབྲེལ་བ་ཡིན་གྱི། དབུ་མ་པ་ཁོ་བོ་ཅག་ལ་ནི་མ་ཡིན་ཏེ། རང་ལ་ཕྱོགས་བཞི་པོ་གང་ཡང་དམ་བཅའ་བ་དང་དེ་སྒྲུབ་ཀྱི་རྟགས་ཁྱབ་བསལ་བ་རང་ལུགས་ཀྱི་ཚད་མས་འགར་ཡང་གྲུབ་པར་མ་བཞག་པའི་ཕྱིར། དེའི་ཕྱིར་ཁོ་བོ་ཅག་ལ་གྲུབ་པའི་མཐའ་དང་འགལ་བ་ག་ལ་ཡོད། ཡོད་པའི་ཕྱིར་སྐྱེ་བ་དོན་མེད་པར་ཐལ་བ་ལས་བཟློག་པ་བསྒྲུབས་པས་ཕ་རོལ་པོ་ལ་ཁས་བླངས་དང་འགལ་བའི་ཉེས་པ་མང་པོ་ཇི་ཙམ་དུ་འགྱུར་བ་དེ་ཙམ་ཁོ་བོ་ཅག་མངོན་པར་འདོད་པ་ཁོ་ན་ཡིན་པས། གང་ལས་སངས་རྒྱས་བསྐྱངས་ཀྱི་ངག་འདི་ལ་གཞན་དངོས་སྨྲ་བས་གླགས་རྙེད་པར་འགྱུར་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཕྱིན་ཅི་མ་ལོག་པའི་རྗེས་སུ་འབྲང་བ་སློབ་དཔོན་སངས་རྒྱས་བསྐྱངས་གླགས་དང་བཅས་པའི་ཚིག་གསུང་བ་ཉིད་ག་ལ་ཡོད། ཡང་ཐལ་བ་བརྗོད་མཁན་དབུ་མ་པ་ཡིན་པས། བཟློག་པ་དང་འབྲེལ་བའི་ཉེས་པ་དེ་ཡོད་དོ་སྙམ་ན། རང་བཞིན་མེད་པར་སྨྲ་བའི་དབུ་མ་པས་རང་བཞིན་དང་བཅས་པའི་དངོས་པོར་སྨྲ་བ་ལ་ཐལ་བ་བསྒྲུབ་པ་ན། ཐལ་བ་བརྗོད་མཁན་དབུ་མ་པ་ལ་ཐལ་བ་ལས་བཟློག་པའི་དོན་ཅན་དུ་ཐལ་བ་ཡང་(༡༡༣ན)


K800_Page_234
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལ་འགྱུར་ཏེ། བཟློག་པ་འཕང་བར་འདོད་ནས་སྨྲས་པ་མ་ཡིན་པའི་ཕྱིར། དེའི་ཁྱབ་པ་ནི་ཐལ་བ་བརྗོད་པའི་ཚིག་གི་སྒྲ་རྣམས་ནི། དཔེར་ན། ཞགས་པ་ཅན་གྱིས་འགའ་ཞིག་དབང་མེད་དུ་དཀྲི་བར་བྱེད་པ་བཞིན་དུ་སྨྲ་བ་པོ་རང་དབང་མ་ཡིན་པར་བྱེད་པ་ནི་མ་ཡིན་ནོ། །ཇི་སྐད་དུ། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །ཞེས་འབྱུང་བས། དོན་སྟོན་པའི་ནུས་པ་ཡོད་པའི་ངག་ཡིན་ན་སྨྲ་བ་པོའི་བརྗོད་པར་འདོད་པའི་རྗེས་སུ་བྱེད་པ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་ཐལ་བ་སྒྲུབ་པ་ནང་འགལ་བ་རྗོད་པའི་བྱེད་པ་ནི་ཕ་རོལ་པོའི་དམ་བཅའ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་ཐལ་བ་རྗོད་པོ་དབུ་མ་པ་ལ་ཐལ་བ་ལས་བཟློག་པའི་དོན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ།།དྲུག་པ་ནི། སངས་རྒྱས་བསྐྱངས་ཀྱིས་ཐལ་བ་ཙམ་གྱིས་གཞན་ཕྱོགས་སེལ་བ་དེ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱང་མཛད་དེ། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔ་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །དེ་བཞིན་དུ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པ། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་འགྱུར་དེ་དོན་གང་ཡང༌། །རྒྱུ་མེད་པ་ནི་གང་ཡང་མེད། །ཅེས་བྱ་བ་དང༌། དེ་བཞིན་དུ། མྱ་ངན་འདས་པ་དངོས་པོ་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་མེད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་ཕལ་ཆེར་ཐལ་བ་སྒྲུབ་པ་ཁོ་ནའི་སྒོ་ནས་གཞན་གྱི་ཕྱོགས་སེལ་བར་མཛད་དོ། །ཕལ་ཆེར་ཞེས་པས་སྐབས་འགའ་ཞིག་ཏུ་ཁོ་མི་འདོད་པའི་ཐལ་དོན་དེ། དེ་ངོར་སུན་འབྱིན་གྱི་ཆེད་དུ་བསྒྲུབ་བྱར་བྱས་ནས་ཁོ་རང་གི་ཁས་བླངས་ཀྱི་ཕྱོགས་(༡༡༣བ)


K800_Page_235
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བརྗོད་ནས་དགག་པར་ཡང་བྱེད་དེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག །བསླུ་བ་དེ་ནི་རྫུན་ཅེས་གསུངས། །འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཅེས་པའི་འགྲེལ་པ་ཚིག་གསལ་དུ། འདུ་བྱེད་ཐམས་ཅད་ཀྱང་བསླུ་བའི་ཆོས་ཅན་ཡིན་པ་དེའི་ཕྱིར་འདུ་བྱེད་དེ་དག་བསླུ་བའི་ཆོས་ཅན་ཡིན་པས་བརྫུན་པར་འགྱུར་རོ། །དེ་ལ་བསླུ་བའི་ཆོས་ཅན་ནི་འདྲིད་པར་བྱེད་ཅིང་ཕྱི་ཅི་ལོག་ཏུ་སྣང་བ་སྟེ་མགལ་མེའི་འཁོར་ལོ་བཞིན་ནོ། །དེའི་རང་བཞིན་མ་ཡིན་པ་ཉིད་ཀྱིས་ན་འདུ་བྱེད་ཐམས་ཅད་བརྫུན་པ་སྟེ། བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། སྨིག་རྒྱུའི་ཆུ་བཞིན་ནོ། ། གང་ཞིག་བདེན་པ་དེ་ནི་བསླུ་བའི་ཆོས་ཅན་ཡིན་ཏེ། དཔེར་ན། མྱ་ངན་ལས་འདས་པ་བཞིན་ནོ། །དེའི་ཕྱིར་བསྟན་པའི་རིགས་པ་དང་ལུང་འདི་ལས་དངོས་པོ་རྣམས་རང་བཞིན་མེད་པར་གྲུབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་ཐམས་ཅད་ནི་སྟོང་པ་སྟེ་རང་བཞིན་མེད་པའི་ཚུལ་གྱིས་སོ་ཞེས་གསུངས་སོ། །ཞེས་སོགས་མང་དུ་བྱུང་བས་དོན་འདི་ལེགས་པར་སོམས་ལ། བོད་ཁ་ཅིག་ཐལ་འགྱུར་བས་རང་བཞིན་ཡོད་པར་འདོད་པ་དགག་པའི་ཐལ་བ་དང༌། དེ་ལྟར་སྒྲུབ་པའི་ངག་འགོད་ཀྱང་རང་བཞིན་མེད་པར་སྒྲུབ་པའི་སྒྲུབ་ངག་འགོད་པ་ནི་གཏན་མིན་ཏེ། ཡིན་ན་ཐལ་འགྱུར་བ་རང་རྒྱུད་སྨྲ་བར་འགྱུར་བའི་ཕྱིར་ཞེས་སྨྲ་བ་དེ་ནི་རང་ལ་བལྟོས་པ་བཅས་པ་དག་ཡོད་ན་ཆ་མེད་པའི་རྒྱུས་གཏམ་སྨྲས་པར་ཟད་པས་དེ་ལ་ཕྲིགས་ཆུད་པར་བྱ་དགོས་སོ། །ལེགས་ལྡན་བྱེད་འདི་སྙམ་དུ་རབ་བྱེད་དྲུག་པའི་འགྲེལ་པ་ཤེས་རབ་སྒྲོན་མེར། ཅི་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ངག་རྣམས་ནི་དངོས་སུ་ཐལ་བ་སྟོན་ཀྱང་དོན་གྱི་ངག་(༡༡༤ན)


K800_Page_236
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། དོན་ཆེན་པོ་ཉིད་ཡིན་པས་རང་རྒྱུད་ཀྱི་སྦྱོར་བ་དུ་མའི་རྒྱུ་ཉིད་དུ་གྲུབ་བོ། །ཞེས་བཀོད་ནས། དེར་རྟོག་ན་ནི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ངག་དག་ཀྱང་ཐལ་བ་དང་སྒྲུབ་པའི་སྦྱོར་བ་དུ་མར་ཅིའི་ཕྱིར་དེ་ལྟར་ཡོངས་སུ་མི་རྟོག འོན་ཏེ་རྩ་བར་སྒྲུབ་ངག་སོགས་མ་བཀོད་ཀྱང་སྦྱོར་བའི་ངག་རྒྱས་པར་བྱེད་པ་གང་ཡིན་པ་འདི་ནི་འགྲེལ་པ་མཁན་པོ་རྣམས་ཀྱི་ལུགས་ཡིན་ནོ་ཞེ་ན། དེ་ཡང་ངེས་པ་ཡོད་པ་མ་ཡིན་ཏེ། རྩོད་པ་བཟློག་པའི་འགྲེལ་པ་མཛད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་རང་རྒྱུད་ཀྱི་སྦྱོར་བའི་ངག་མ་གསུངས་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཡིད་བཟང་རྩེ་བའི་གསུང་གིས། སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་དགག་པའི་སྐབས་སུ་དངོས་སུ་རང་རྒྱུད་ཀྱི་སྦྱོར་བ་མ་བྱས་པས་ཚར་བཅད་ཀྱི་གནས་ཡིན་ནོ་ཞེས་ལེགས་ལྡན་གྱིས་སྨྲས་པ་ལ། ཟླ་བས་སངས་རྒྱས་བསྐྱངས་ཀྱིས་དངོས་སུ་མ་སྨྲས་ཀྱང་དོན་གྱི་ངག་གི་ཤུགས་ལས་རང་རྒྱུད་ཀྱི་སྦྱོར་བ་རྒྱས་པར་སྨྲས་པས་དེ་ཚར་བཅད་ཀྱི་གནས་སུ་མ་སོང་ཞིང༌། སློབ་དཔོན་ཟླ་བས་རྩ་བའི་འགྲེལ་པ་འདིར་རང་རྒྱུད་ཀྱི་སྦྱོར་བ་རྒྱས་པ་བཤད་པ་ཡིན་པས་ཐལ་རང་གི་ཁྱད་པར་ཡང་རང་རྒྱུད་ཀྱི་སྦྱོར་བ་དངོས་སུ་བཀོད་མ་བཀོད་ཀྱི་དབང་ལས་དབུ་མ་ཐལ་རང་སོ་སོར་གྱེས་པ་ཡིན་ནོ། །ཞེས་འཆད་དོ། །དེ་ལྟར་ན་སངས་རྒྱས་བསྐྱངས་ཀྱིས་དངོས་སུ་བདག་སྐྱེ་འགོག་པའི་རང་རྒྱུད་ཀྱི་སྦྱོར་བ་མ་བཀོད་པས་ཚར་བཅད་ཀྱི་གནས་སུ་སོང་ཞེས་བརྗོད་པ་ལ་སངས་རྒྱས་བསྐྱངས་ཀྱིས་དངོས་སུ་མ་བརྗོད་ཀྱང་ཤུགས་ལ་བརྗོད་དོ་ཞེས་སྨྲས་པས། ད་དུང་ཚར་བཅད་ཀྱི་གནས་སུ་སོང་བའི་ཉེས་པ་སོ་ན་གནས་པ་ལས་དེར་མ་སོང་བའི་གནས་ལས་སློང་མ་ཐུབ་པས་སངས་རྒྱས་བསྐྱངས་ཚར་བཅད་ཀྱི་གནས་(༡༡༤བ)


K800_Page_237
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སོང་བའི་ཁར་སློབ་དཔོན་ཟླ་བ་རང་དེར་འགྲོ་ཡི་དོགས་ནས་བདག་སྐྱེ་འགོག་པའི་སྐབས་འདིར་རང་རྒྱུད་ཀྱི་སྦྱོར་བ་དངོས་སུ་རྒྱས་པར་བཀོད་པའི་ཕྱིར་ཐལ་འགྱུར་བ་ལས་ངོ་ལོག་ནས་རང་རྒྱུད་པར་སོང་བས། ད་ནི་ཐལ་འགྱུར་བའི་ཕྱོགས་ལས་སངས་རྒྱས་བསྐྱངས་མ་གཏོགས་ཆེར་མ་ལུས་པས་དབུ་མ་རང་རྒྱུད་པ་རྣམས་ལྷ་དར་མི་དར་ལ་སོང་འདུག་གོ། །འདིར་ཟི་ལུང་ཤཱཀྱ་པ་ཆེན་པོ་ན་རེ། དོན་དམ་ལ་དཔྱོད་པའི་སྐབས་སུ་ཐ་སྙད་ཀྱི་བདེན་པ་ཚད་མས་མི་གྲུབ་པ་ནི་ཐལ་རང་གི་སློབ་དཔོན་གཉིས་ཀའི་ལུགས་ལ་ཡང༌། ལེགས་ལྡན་བྱེད་ཀྱིས་དེ་ལྟར་ཞལ་གྱིས་བཞེས་ནས་མཐའ་བཞིའི་སྐྱེ་བ་དགག་པ་ལ་རང་རྒྱུད་ཀྱི་གཏན་ཚིགས་མཛད་པ་ནི་གྲུབ་པའི་མཐའ་གཏིང་མ་ཚུགས་པའོ་ཞེས་བྱ་བ་ནི་ཟླ་བའི་ཞབས་ཀྱིས་བྷ་བྱ་བཀག་པའི་རིགས་པ་དྲི་མ་མེད་པའོ་ཞེས་དང༌། ཡང་ཐལ་འགྱུར་བས་སྤྱོད་པས་བསོད་ནམས་ཀྱི་ཚོགས་ལ་འཇུག་པ་དེའི་ཚེ་རང་རྒྱུད་ཀྱི་གཏན་ཚིགས་ཞལ་གྱིས་བཞེས་པ་ཡིན་ཏེ། མེད་པ་སྐུར་འདེབས་ཀྱི་མཐའ་སེལ་ཚུལ་རང་སྡེ་དངོས་སྨྲ་བ་དང་མཐུན་པར་བཞེད་པའི་ཕྱིར། ཇི་སྐད་དུ། རིགས་པ་དྲུག་ཅུ་པ་ལས། ཉེས་པ་ཐམས་ཅད་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱི། །རིགས་པ་གང་གིས་ཡོད་པ་ཡང༌། །བཟློག་པར་འགྱུར་བ་མཉན་པར་བྱོས། །ཞེས་འབྱུང་བས་སོ། །ཞེས་དངོས་སུ་བྲིས་གདའ་བས་དེའི་ཤུགས་ལ་ལྟ་བས་ཡེ་ཤེས་ཚོགས་སོག་ལ་འཇུག་པ་ན། རང་རྒྱུད་ཀྱི་གཏན་ཚིགས་ཞལ་གྱིས་མི་བཞེས་ཞེས་པ་ཞིག་ཀྱང་ཁས་ལེན་པར་སྣང་ངོ༌། །དེ་ལྟར་སྨྲ་བ་དེ་ལ་དཔྱད་ན། ཕྱོགས་རེ་མཐོང་བ་ལ་མངོན་པར་ཕྱོགས་པའི་ཚེ་ཕྱོགས་རེ་མངོན་པར་ལྷག་ནས་སྒྲིབ་པ་ལ་ཉེ་བ་ན། དེ་ལས་ཕྱོགས་(༡༡༥ན)


K800_Page_238
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པ་ཞིག་ལྷག་སྟེ་དེ་ཡང་ཇི་ལྟ་བར་མཐོང་བ་ལ་སྒྲིབ་པ་ལྟ་བུའི་ཅལ་ཅོལ་གྱི་ཚིག་ཏུ་གོ་སྟེ། ལེགས་ལྡན་གྱིས་མཐའ་བཞིའི་སྐྱེ་བ་དགག་པ་ལ་རང་རྒྱུད་ཀྱི་གཏན་ཚིགས་ཐ་སྙད་ཀྱི་བདེན་པས་ཚད་མས་གྲུབ་ཅེས་བྱ་བ་འདི་དོན་དམ་པར་ཚད་མས་གྲུབ་བམ། ཀུན་རྫོབ་ཏུ་ཀུན་རྫོབ་པའི་ཚད་མས་གྲུབ། དང་པོ་ལྟར་ན་ནི་ལེགས་ལྡན་གྱིས་མི་བཞེད་ལ། གཉིས་པ་ལྟར་རོ་ཞེ་ན་མི་རིགས་པ་མེད་ཀྱང་ཁྱེད་ཅག་འདི་ལྟ་བུའི་ལྡོག་ཆ་མ་རྟོགས་པར་རང་རྒྱུད་ཀྱི་གཏན་ཚིགས་ཞེས་བརྗོད་པ་ནི་ཡིད་ལ་ཝལ་ཝལ་དུ་ཤར་ཡང་ཞིབ་ཆ་ཁར་འབྱིན་མ་ནུས་པས་ནོངས་སོ། །ཐལ་འགྱུར་བས་སྤྱོད་པས་བསོད་ནམས་ཀྱི་ཚོགས་གསོག་ལ་འཇུག་པ་ན་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་དགོས་ཏེ། མེད་པ་སྐུར་འདེབས་ཀྱི་མཐའ་སེལ་ཚུལ་རང་སྡེ་དངོས་སྨྲ་བ་དང་མཐུན་པར་བཞེད་པའི་ཕྱིར་ཞེས་པ་ནི་ཁྱབ་པ་མ་ངེས་པ་ཡིན་ཏེ། ཐལ་འགྱུར་བས་མེད་པ་སྐུར་འདེབས་ཀྱི་མཐའ་སེལ་བ་ལ་ཐུན་མོང་དུ་དངོས་སྨྲ་བའི་རིགས་པས་སེལ་བ་ལྟར་སེལ་ཡང༌། དེ་སེལ་བའི་གཏན་ཚིགས་དང་སྒྲུབ་ངག་དང་ཐལ་བ་སོགས་ཀུན་རྫོབ་ཏུའང་ཀུན་རྫོབ་ཀྱི་ཚད་མས་གྲུབ་པ་རང་ལུགས་ལ་འཇོག་མི་དགོས་པའི་ཕྱིར་ཏེ། དངོས་སྨྲ་བས་ཐ་སྙད་དུ་ཐ་སྙད་ཀྱི་ཡོད་པ་དང་མེད་པ་འགོག་པའི་རིགས་པ་དེ་དབུ་མ་པས་བརྗོད་པའི་ཚེ་རིགས་པ་དེ་དངོས་པོ་རང་བདེན་དུ་གྲུབ་པར་དབུ་མ་པས་མི་འདོད་བཞིན་དུ་ཁས་ལེན་དགོས་པའི་བདག་གཅིག་དང་དེ་བྱུང་འབྲེལ་གང་ཡང་མེད་པའི་ཕྱིར། དེས་ན་དངོས་སྨྲ་བས་རིགས་པར་སྨྲ་བའི་རིགས་པ་དབུ་མ་པས་བརྗོད་ན། དབུ་མ་པས་རིགས་པ་དེ་རང་ལུགས་ཀྱིས་གྲུབ་པའི་དངོས་པོ་རང་བདེན་པར་ཁས་ལེན་པས་ཁྱབ་བོ་སྙམ་པ་ནི་དབང་རྟུལ་གྱི་ཤེས་(༡༡༥བ)


K800_Page_239
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱིས་ཤེས་བྱའི་འཇུག་པ་ཕྲ་མོ་མ་མཐོང་བར་ཟད་དོ། །ཁྱད་པར་ཐལ་འགྱུར་བས་ཡེ་ཤེས་ཚོགས་གསོག་ལ་འཇུག་པ་ན་རང་རྒྱུད་ཀྱི་གཏན་ཚིགས་ཞལ་གྱིས་མི་བཞེས་ཞེས་པ་བདེན་པ་གཉིས་ཀར་རང་ལུགས་ཀྱི་ཚད་མས་གྲུབ་པའི་གཏན་ཚིགས་ཞལ་གྱིས་མི་བཞེས་པ་ཡིན་ནམ། གཞན་གྲགས་ཀྱི་རང་རྒྱུད་ཞལ་གྱིས་མི་བཞེས་པ་གང་ཡིན། དང་པོ་ལྟར་རོ་ཞེ་ན། ཁོ་བོས་ཀྱང་དེར་བརྗོད་པས་འཐད་དུ་ཆུག གཉིས་པ་ལྟར་ན་ནི་ལྟ་བས་ཡེ་ཤེས་ཚོགས་གསོག་ལ་འཇུག་པས་ན་མཐའ་བཞི་ལས་བདག་སྐྱེ་འགོག་པའི་སྐབས་འདིར་ཟླ་གྲགས་ཀྱིས་གཞན་གྲགས་ཀྱི་དབང་དུ་བྱས་ཏེ། རང་རྒྱུད་ཀྱི་སྦྱོར་བའི་ངག་ཡན་ལག་ལྔ་ལྡན་དུ་བཀོད་པའི་ཕྱིར། རང་རྒྱུད་ཞལ་གྱིས་མི་བཞེས་པ་མི་རིགས་སོ། །དེ་ལྟར་ན་ཁོ་བོ་ཅག་ནི་ཐལ་འགྱུར་བས་ཚོགས་གཉིས་གང་བསགས་པ་ལ་འཇུག་ཀྱང་བདེན་པ་གཉིས་ཆར་རང་ལུགས་ཚད་གྲུབ་ཀྱི་རང་རྒྱུད་ནི་ནམ་ཡང་མི་བཞེད་ཀྱང་གཞན་གྱིས་བརྗོད་པའི་རྗེས་བརྗོད་ཀྱི་རང་རྒྱུད་ནི་རྒྱ་ཆེར་ཞལ་གྱིས་བཞེས་སོ་ཞེས་ལེགས་བཤད་དུ་གྲུབ་ལ། ཁྱེད་ཅག་ཐལ་འགྱུར་བས་བསོད་ཚོགས་ལ་འཇུག་པ་ན་རང་རྒྱུད་ཁས་ལེན། གཅིག་ཤོས་ལ་འཇུག་པ་ན་དེ་ཁས་མི་ལེན་ཅེས་མཁས་སུ་རེ་བའི་ཞིབ་ཆ་ནི་ནམ་མཁའ་ཉི་མས་བསྐམས་པ་ན་འཁྲུ་བ་ཁས་མི་ལེན་གྱི། ཆར་པས་བངས་པ་ན་འཁྲུ་བར་ཁས་ལེན་ཅེས་སྨྲ་བ་དང་ཁྱད་ཅི་ཡོད། གཉིས་པ་1ལེགས་ལྡན་རང་ལ་ཁས་བླངས་འགལ་བའི་ཉེས་པ་ཡོད་པ་བསྟན་པ་ལ། ལེགས་ལྡན་གྱི་ལུགས་བརྗོད་པ་དང༌། དེ་ལ་ཉེས་པ་དུ་མ་བརྗོད་པ་དང༌། ཉེས་བརྗོད་དེ་ལེགས་ལྡན་རང་གི་ཁས་བླངས་དང་སྦྱར་བའོ། །དང་པོ་ནི། གཞན་ཡང་ལེགས་ལྡན་བྱེད་རྟོག་གེ་པ་འདིས་བདག་ཉིད་རྟོག་གེའི་བསྟན་བཅོས་ལ་ཤིན་ཏུ་མཁས་པ་ཙམ་ཞིག་གཞན་ལ་བསྟན་པར་འདོད་(༡༡༦ན)


K800_Page_240
[མ་དཔེ་གཟིགས་ན་འདིར་གནོན།]

པས་དབུ་མའི་ལྟ་བ་ཆོས་ཐམས་ཅད་སྟོང་པ་ཉིད་བདག་མེད་པར་ཁས་ལེན་བཞིན་དུའང་དེ་སྒྲུབ་པར་བྱེད་པའི་རང་རྒྱུད་དམ། རང་ལུགས་ཀྱི་ཚད་མས་གྲུབ་པའི་སྦྱོར་བའི་ངག་བརྗོད་པ་གང་ཡིན་པ་དེ་ནི་ཆེས་ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཏེ། ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་གང་འདི་སྐད་དུ་བདག་སྐྱེ་འགོག་པའི་སྐབས་འདིར་རང་རྒྱུད་ཀྱི་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི། དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར། དཔེར་ན། ཤེས་པ་ཡོད་པ་ཉིད་བཞིན་ནོ། །ཞེས་སྨྲས་པ་ཡིན་ནོ་ཞེས་བཀོད་དོ། །འདིར་རྟོག་གེའི་བསྟན་བཅོས་ལ་མཁས་པ་གཞན་ལ་བསྟན་འདོད་ནི་གོང་དུ་ཡང་དག་མིན་རྟོག་ལ་ཞེན་པའི་རྟོག་གེ་པ་ཞེས་དགོངས་ནས་དེར་བརྗོད་པ་ཡིན་ཅེས་སྨྲས་པ་དེ་དང་མཐུན་པར་དངོས་སྨྲ་བའི་རྟོག་གེ་པ་དགག་སྒྲུབ་བྱེད་པ་ན་དགག་སྒྲུབ་རང་བདེན་པར་སྒྲུབ་པའི་ཡང་དག་མིན་རྟོག་གི་བསླད་པ་ཆེར་བྱང་བ་ཡོད་ལ། དེ་ལྟར་ཡོད་པའི་རང་ལུགས་ཀྱི་བསྒྲུབ་བྱ་དམ་བཅས་ནས་རང་ལུགས་ཀྱི་སྒྲུབ་བྱེད་འགོད་དགོས་པ་ནི་སྐྱེས་བུ་མཁས་པ་དག་གི་ལུགས་ཡིན་ནོ་ཞེས་རྟོག་གེའི་བསྟན་བཅོས་ལ་ཡོད་པས་དེའི་གཞུང་འཛུགས་པའི་ཆེད་དུ་དབུ་མ་པ་ཡང་དག་པར་སྨྲ་བ་ན། རང་ལུགས་ཀྱི་ཕྱོགས་གང་ཡང་མི་འཛིན་པའི་སྐབས་སུ་ལེགས་ལྡན་བྱེད་སྒྲུབ་བྱེད་ཐ་སྙད་དུའང་རང་བདེན་པའམ་རང་རྒྱུད་དེ་ལྟར་སྦྱོར་བར་བྱེད་དོ། །གཉིས་པ་ནི། སྐབས་འདིར་ལེགས་ལྡན་བྱེད་ཁྱེད་དོན་དམ་པ་ཞེས་བྱ་བའི་ཁྱད་པར་འདི་ཆོས་སམ་ཆོས་ཅན་གྱི་ཁྱད་པར་གང་ལ་ཅིའི་ཕྱིར་ཉེ་བར་བཀོད་པ་ཡིན། ཆོས་ཀྱི་ཁྱད་པར་ཡིན་ན་ཉེས་པ་གསུམ་ལས། དང་པོ་ནི། གལ་ཏེ་འཇིག་རྟེན་གྱིས་ཀུན་རྫོབ་ཏུ་(༡༡༦བ)


K800_Page_241
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལས་སྐྱེ་བར་ཁས་བླངས་དབུ་མ་པས་དགག་པར་བྱ་བ་མ་ཡིན་པའི་ཕྱིར་དང༌། ཀུན་རྫོབ་ཏུ་སྐྱེ་བ་འགོག་ན་ཡང་དབུ་མ་པས་ཀུན་རྫོབ་ཏུ་བདག་ལས་སྐྱེ་བ་ཙམ་ཁས་བླངས་པས་གནོད་པར་ཐལ་བར་འགྱུར་བའི་ཕྱིར་དོན་དམ་པར་ཞེས་སྒྲ་སྦྱོར་རོ་ཞེ་ན། འདི་ནི་རིགས་པ་མ་ཡིན་ཏེ། བདག་ལས་སྐྱེ་བ་ནི་དབུ་མ་པས་ཀུན་རྫོབ་ཏུ་ཡང་ཁས་མ་བླངས་པའི་ཕྱིར། ཇི་སྐད་དུ། སཱ་ལུ་ལྗང་པའི་མདོ་ལས། ས་བོན་གྱི་རྒྱུ་ལས་བྱུང་བའི་མྱུ་གུ་དེ་ཡང་སྐྱེ་བ་ན་བདག་གིས་མ་བྱས། གཞན་གྱིས་མ་བྱས། གཉིས་ཀས་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། ཕྲ་རབ་ལས་མ་བྱུང༌། ངོ་བོ་ཉིད་ལས་མ་བྱུང༌། རྒྱུ་མེད་པ་ལས་མི་སྐྱེ། ཞེས་གསུངས་པ་དང༌། དེ་བཞིན་དུ་རྒྱ་རོལ་ལས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་གསུངས་པ་དང༌། རྩ་བ་འདི་ཉིད་ལས། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་པ་མིན། །ཞེས་འཆད་དོ། །འཇིག་རྟེན་པས་ཀུན་རྫོབ་ཏུ་ཀུན་རྫོབ་པའི་སྐྱེ་སོགས་ལ་བརྟེན་ནས་འཇིག་རྟེན་གྱི་ཐ་སྙད་ལ་འཇུག་པ་ན། དབུ་མ་པས་འཇིག་རྟེན་དང་མཐུན་པར་དེའི་རྗེས་བརྗོད་བྱས་ཏེ་འཇིག་རྟེན་གྱི་ཐ་སྙད་བྱེད་པའི་ཚེ། དེ་ངོར་སྐྱེས་ཙམ་མ་བཀག་པའི་ཕྱིར་ཏེ། འཇིག་རྟེན་པས་ཀུན་རྫོབ་ཏུ་བདག་ལས་སྐྱེ་བར་འདོད་པ་ག་ལ་ཡིན། དབུ་མ་པས་ཀུན་རྫོབ་ཏུའང་བདག་ལས་སྐྱེ་བ་འགར་ཡང་གར་བརྗོད། དེས་ན་དགག་བྱ་ལ་དོན་དམ་གྱི་སྒྲ་སྦྱོར་བ་འབྲེལ་བ་མེད་དོ། །གཉིས་པ་ནི། གཞན་གྲངས་ཅན་གྱིས་དོན་དམ་པར་(༡༡༧ན)


K800_Page_242
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལས་སྐྱེ་བར་འདོད་པའི་ལུགས་དེ་ལ་བལྟོས་ཏེ་དོན་དམ་པའི་ཁྱད་པར་དུ་བྱས་སོ་ཞེ་ན། དེའང་རིགས་པ་མ་ཡིན་ཏེ། གྲངས་ཅན་དེ་དག་གི་རྣམ་པར་གཞག་པ་ནི་ཀུན་རྫོབ་ཙམ་དུ་ཡང་དབུ་མ་པས་ཁས་བླངས་པ་མེད་པའི་ཕྱིར། བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་མཐོང་བ་ལས་ཉམས་པའི་ཕྱིར་མུ་སྟེགས་པའི་འདོད་པ་དག་ནི་ཇི་ཙམ་དུ་བདེན་པ་གཉིས་ཀའི་སྒོ་ནས་བདག་སྐྱེ་འགོག་པ་དེ་སྲིད་ཇི་ཙམ་དུ་ན་ཡོན་ཏན་ཉིད་ཡིན་པར་ཟླ་གྲགས་ཀྱིས་རྟོགས་སོ། ། དེ་ལྟར་ན་གཞན་གྱི་གཞུང་ལ་བལྟོས་ཏེ་དོན་དམ་པའི་ཁྱད་པར་བརྗོད་པ་ཡང་རིགས་པ་མ་ཡིན་ནོ། །གསུམ་པ་ནི། འཇིག་རྟེན་རང་ག་བས་བློ་ངོར་བདག་སྐྱེ་འདོད་པས་དེ་མི་འགོག་པས་དོན་དམ་པར་ཞེས་སྦྱོར་ཞེ་ན། རྒྱུ་གང་ལས་དེ་ལ་བལྟོས་ནས་ཀྱང་ཁྱད་པར་འབྲས་བུ་དང་བཅས་པར་འགྱུར་བར་སྨྲ་བའི་འཇིག་རྟེན་པས་ཀྱང་བདག་ལས་སྐྱེ་བར་མི་རྟོགས་ཏེ། འཇིག་རྟེན་པས་ནི་བདག་ལས་སྐྱེ་བ་དང༌། གཞན་ལས་སྐྱེ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པར་དཔྱོད་པ་འཇུག་པ་མེད་པར་བྱས་ནས། རྒྱུ་ལས་འབྲས་བུ་འབྱུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་རྟོགས་པ་ཡིན་ནོ། །དེས་ན་སློབ་དཔོན་ཡང་བདེན་པ་གཉིས་གང་ལས་སྐྱེ་སོགས་མི་དཔྱོད་པར་འཇིག་རྟེན་ཀུན་རྫོབ་ཀྱི་ཐ་སྙད་ལ་འཇུག་པ་ན་ཀུན་རྫོབ་མ་བརྟགས་པ་དེ་ལྟར་རྣམ་པར་གཞག་པར་མཛད་པ་ཡིན་ཏེ། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་དོན་དམ་པར་ཞེས་ཁྱད་པར་དོན་མེད་དོ་ཞེས་བྱ་བར་ངེས་སོ། །ཆོས་ཅན་གྱི་ཁྱད་པར་དུ་དོན་དམ་པར་ཞེས་སྦྱོར་ན་ཡང་མི་འཐད་དོ་ཞེས་སྟོན་པ་ནི། གཞན་ཡང་གལ་ཏེ་ཀུན་རྫོབ་ཏུའང་བདག་ལས་སྐྱེ་བ་དགག་པར་འདོད་ནས། དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན་ཞེས་ཆོས་ཅན་གྱི་(༡༡༧བ)


K800_Page_243
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་འགོད་པར་བྱེད་ན་ནི་དེའི་ཚེ་ལེགས་ལྡན་བྱེད་རང་ལ་གཞི་མ་གྲུབ་པའི་ཕྱོགས་ཀྱི་ཉེས་པའམ། གཞི་མ་གྲུབ་པའི་གཏན་ཚིགས་ཀྱི་སྐྱོན་དུ་འགྱུར་ཏེ། ལེགས་ལྡན་བྱེད་རང་གིས་དོན་དམ་པར་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཁས་མ་བླངས་པའི་ཕྱིར། དེའི་ཉེས་སྤོང་དུ་ཀུན་རྫོབ་ཏུ་མིག་ལ་སོགས་པ་ཡོད་པའི་ཕྱིར་གཞི་མ་གྲུབ་པའི་ཕྱོགས་ཀྱི་ཉེས་པ་མེད་དོ་ཞེ་ན། འོ་ན་དོན་དམ་པར་ཞེས་པ་འདི་ཆོས་ཅན་གྱི་ཁྱད་པར་དུའང་མི་བཟུང་ན། དོན་དམ་པར་ཞེས་བྱ་བ་འདི་གང་གི་ཁྱད་པར་ཡིན་ཅེས་འདྲི་བ་ལ་ལན་དུ་གལ་ཏེ་མིག་ལ་སོགས་པ་ཀུན་རྫོབ་པ་རྣམས་ཆོས་ཅན་ཡིན་ལ། དེ་དག་དོན་དམ་པར་སྐྱེ་བ་འགོག་པའི་ཕྱིར་དོན་དམ་པར་སྨོས་པ་ནི་སྐྱེ་བ་འགོག་པའི་ཁྱད་པར་ཡིན་ནོ་ཞེ་ན། ལན་དུ་དེ་ལྟར་ན་ནི་སྔར་གྱི་སྦྱོར་བ་དེ་ལྟར་འགོད་པར་མི་རིགས་ཏེ། འོ་ན་མིག་ལ་སོགས་པ་ཀུན་རྫོབ་རྣམས་དོན་དམ་པར་སྐྱེ་བ་ཡོད་པ་མ་ཡིན་ཏེ་ཞེས་དེ་སྐད་བརྗོད་པར་བྱ་བ་རིགས་པར་འགྱུར་ན། དེ་སྐད་དུ་ཡང་ལེགས་ལྡན་ཁྱོད་ཀྱིས་མ་སྨྲས་པས་སྦྱོར་བ་སྔ་མའི་སྐྱོན་སྤོང་དུ་མ་སོང་ངོ༌། །ཀུན་རྫོབ་པའི་མིག་སོགས་ཆོས་ཅན་དུ་སྨྲ་ན་ཡང་གྲངས་ཅན་སོགས་དང་དངོས་སྨྲ་བ་ཕ་རོལ་པོ་དག་གིས་མིག་ལ་སོགས་པ་རྣམས་རྫས་སུ་སྟེ། དོན་དམ་པར་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་དང༌། བཏགས་པ་ཀུན་རྫོབ་ཀྱི་ཡོད་པར་ཁས་མ་བླངས་པའི་ཕྱིར་གྲངས་ཅན་སོགས་གཞན་ལ་གཞི་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་དུ་འགྱུར་བས་འདི་ནི་མི་རིགས་སོ། །དེས་ན་མིག་སོགས་དོན་དམ་པ་ཆོས་ཅན་དུ་བྱེད་ན་རང་ལ་མ་གྲུབ། ཀུན་རྫོབ་པའི་མིག་སོགས་ཆོས་ཅན་དུ་བྱེད་ན་གཞན་ལ་མ་གྲུབ་པས་ཕྱོགས་ཀྱི་སྐྱོན་ལ་(༡༡༨ན)


K800_Page_244
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདའོ་ཞེས་བརྗོད་པ་ན། དོན་དམ་པ་དང་ཀུན་རྫོབ་པའི་ཁྱད་པར་དུ་བྱས་པ་གང་ཡང་ཆོས་ཅན་དུ་མི་འཛིན་གྱི། ཅི་སྟེ་ཁྱད་པར་དེ་བོར་བའི་སྤྱི་ཙམ་འཛིན་པར་འདོད་པ་ཡིན་ཏེ། དཔེ་ཇི་ལྟར་ན་སྒྲ་མི་རྟག་ཅེས་བྱ་བ་ལ་ཆོས་མི་རྟག་པ་དང་ཆོས་ཅན་སྒྲ་གཉིས་ཀའི་སྤྱི་སྒྲ་ཙམ་ཉིད་བཟུང་བ་ཡིན་གྱི། ཁྱད་པར་འཛིན་པ་ནི་མ་ཡིན་ཏེ། གལ་ཏེ་ཁྱད་པར་འཛིན་ན་ནི་རྗེས་སུ་དཔག་པ་རྟགས་དང༌། རྗེས་སུ་དཔག་པར་བྱ་བ་བསྒྲུབ་བྱའི་ཐ་སྙད་ཐམས་ཅད་མེད་པར་འགྱུར་རོ་ཞེས་མདོར་བསྟན་ནས། དེ་རྒྱས་པར་བཤད་ན། འདི་ལྟར་གལ་ཏེ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་སྒྲ་ཆོས་ཅན་དུ་འཛིན་ན་ནི་དེ་ཕ་རོལ་པོ་བྱེ་བྲག་པ་ལ་མ་གྲུབ་བོ། །འོན་ཏེ་ནམ་མཁའི་ཡོན་ཏན་གྱི་སྒྲ་ཆོས་ཅན་དུ་འཛིན་ན་ནི་དེ་རང་ཉིད་སངས་རྒྱས་པ་ལ་མ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་(དྲང་སྲོང་ཤར་བའི་ཚིག་གསལ་མཆན་མར་འདིར་བྱེ་བྲག་པ་ཟེར་བ་ཡོད་ཀྱང༌། མུ་སྟེགས་བྱེ་བྲག་པ་མིན། ཉན་ཐོས་པའང་ཆ་མེད་ཀྱི་རྡུལ་སོགས་བྱེ་བྲག་པ་དང་མཐུན་པར་སྨྲ་བས་བྱེ་སྨྲ་ཞེས་ཟེར་ལ། དེ་སྒྲ་བསྡུས་པ་ན་ཉན་ཐོས་ཀྱི་བྱེ་བྲག་པ་ཞེས་བརྡ་བྱེད་པ་ཡིན་ཅེས་བྲིས་སྣང་ངོ༌། །(གྲངས་ཅན་ལ་སྒྲ་མི་རྟག་པར་དམ་བཅའ་བ་ན་ཡང༌། བྱས་པའི་སྒྲ་ཆོས་ཅན་དུ་འཛིན་ན་དེ་གཞན་གྲངས་ཅན་ལ་མ་གྲུབ། འོན་ཏེ་སྔར་ཡོད་མངོན་པར་གསལ་བར་བྱ་བའི་སྒྲ་ཆོས་ཅན་དུ་འཛིན་པ་ཡིན་ན་ནི་དེ་རང་བྱེ་སྨྲ་ལ་མ་གྲུབ་པ་ཡིན་ནོ། །ཆོས་ཅན་ལ་བརྗོད་པ་དེ་བཞིན་དུ་ཆོས་ལའང་ཇི་ལྟར་རིགས་པར་སྤྱར་ཏེ། འཇིག་པ་ཡང་གལ་ཏེ་རྒྱུ་དང་བཅས་པ་བསྒྲུབ་བྱའི་ཆོས་སུ་བྱེད་པ་ཡིན་ན་ནི་དེ་སངས་རྒྱས་པ་རང་ལ་མ་གྲུབ་པ་ཡིན་ལ། འོན་ཏེ་འཇིག་པ་རྒྱུ་མེད་པ་བསྒྲུབ་ཆོས་སུ་བྱེད་པ་ཡིན་ན་ནི་དེ་ཕ་རོལ་པོ་བྱེ་བྲག་པ་ལ་མ་གྲུབ་པ་ཡིན་(༡༡༨བ)


K800_Page_245
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །རྒྱུ་མཚན་དེའི་ཕྱིར་ཇི་ལྟར་འདིར་ཆོས་དང་ཆོས་ཅན་གྱི་སྤྱི་ཙམ་ཞིག་འཛིན་པ་དེ་བཞིན་དུ་དབུ་མ་པས་གྲངས་ཅན་ལ་བདག་སྐྱེ་མེད་པར་སྒྲུབ་པའི་སྐབས་འདིར་ཡང་བདེན་རྫུན་གྱི་ཁྱད་པར་དོར་བའི་ཆོས་ཅན་ནང་གི་སྐྱེ་མཆེད་ཙམ་ཞིག་འཛིན་པར་འགྱུར་ཞེ་ན། ལན་ནི། ཆོས་ཅན་སྤྱི་ཙམ་འཛིན་པ་དེ་ནི་ལེགས་ལྡན་གྱིས་སྨྲ་བ་དེ་ལྟར་འཐད་པ་མ་ཡིན་ཏེ། དངོས་སྨྲ་བ་ནང་དུ་རྟག་མི་རྟག་དོར་བའི་སྒྲའི་དངོས་པོ་སྤྱི་ཙམ་འཛིན་རྒྱུ་རྒོལ་ཕྱིར་རྒོལ་མཐུན་སྒྲུབ་ཏུ་རྙེད་པ་བཞིན་དབུ་མ་པ་དང་དངོས་སྨྲ་བ་དེ་འདྲའི་དངོས་པོའི་སྤྱི་མཐུན་སྣང་དུ་གྲུབ་པར་འཛིན་རྒྱུ་རྙེད་མི་སྲིད་པའི་ཕྱིར་ཏེ། སྲིད་ན་དངོས་པོ་ཙམ་དེ་དོན་དམ་པ་དང་ཀུན་རྫོབ་པའི་དངོས་པོ་རང་ཉིད་དུ་གྲུབ་དགོས་པ་ལས། དེ་འདྲ་དེ་བདེན་པ་གཉིས་ཀའི་དངོས་པོར་བདེན་པ་གཉིས་ཀར་རང་གི་ངོ་བོས་མ་གྲུབ་པར་སྟོང་པ་ཉིད་དུ་དབུ་མ་པས་བརྗོད་པའི་ཕྱིར། རྟགས་འདི་སློབ་དཔོན་ཆེན་པོ་ལེགས་ལྡན་བྱེད་ཀྱིས་ཞལ་གྱིས་བཞེས་པ་ཡིན་ཏེ། སློབ་དཔོན་དེ་དག་ཆོས་བདེན་པ་གཉིས་ཀར་རྫས་བཏགས་ཀྱི་དངོས་པོའི་ངོ་བོ་ཉིད་དང་བྲལ་བར་བཞེད་པའི་དབུ་མ་པ་ཡིན་པའི་ཕྱིར། ལེགས་ལྡན་བྱེད་ཀྱིས་འདི་ལྟར་གྲངས་ཅན་ལ་བདག་སྐྱེ་འགོག་པ་གང་གི་ཚེ་འདིར་སྐྱེ་བ་བཀག་པ་བསྒྲུབ་བྱའི་ཆོས་སུ་འདོད་པ་དེའི་ཚེ་སྐྱེ་མེད་ཁོ་ནར་རྗེས་སུ་དཔག་བྱ་དེའི་རྟེན་ཆོས་ཅན་ནང་གི་སྐྱེ་མཆེད་ཙམ་པོ་དེ་ཐ་སྙད་པའི་བློ་ཕྱིན་ཅི་ལོག་ཙམ་གྱི་ཆོས་ཅན་ནང་གི་སྐྱེ་མཆེད་ཀྱི་བདག་ཉིད་ཀྱི་དངོས་པོ་རྙེད་པ་ནི་བློ་ཕྱིན་ཅི་མ་ལོག་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་དེ་འདྲའི་ཆོས་ཅན་བདེན་པ་གཉིས་ཀར་རྫས་བཏགས་ཀྱི་དངོས་པོར་མ་གྲུབ་པར་དངོས་ཆོས་ལས་ཉམས་པར་གྱུར་པར་ལེགས་ལྡན་འདིས་རང་ཉིད་ཀྱིས་ཁས་བླངས་(༡༡༩ན)


K800_Page_246
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །ཕྱིན་ཅི་ལོག་ཐ་སྙད་པའི་བློ་ཀུན་རྫོབ་པ་འཇལ་བྱེད་ཀྱི་ཡུལ་ནང་གི་སྐྱེ་མཆེད་ལྟ་བུ་དང༌། ཕྱིན་ཅི་མ་ལོག་པ་ཇི་ལྟ་བ་རྟོགས་པའི་འཕགས་བློ་དོན་དམ་པ་འཇལ་བྱེད་ཀྱི་ཡུལ་སྤྲོས་པ་དང་བྲལ་བ་དག་ནི་འཁྲུལ་མ་འཁྲུལ་གྱི་བློ་ངོར་ཐ་དད་པ་ཡིན་ནོ། །ཤེས་པ་ཕྱིན་ཅི་ལོག་གི་ཡུལ་དུ་ཤེས་བྱའང་ཕྱིན་ཅི་ལོག་གཅིག་ལས་ཤེས་བྱ་ཕྱིན་ཅི་མ་ལོག་པ་དེའི་ཡུལ་དུ་གཏན་མི་འགྱུར་བ་དེའི་ཕྱིར། དཔེར་ན། གང་གི་ཚེ་རབ་རིབ་ཅན་གྱི་མིག་ཤེས་ཀྱིས་སྐྲ་ཤད་ལ་སོགས་པ་ཡོད་པ་ལས། ཕྱིན་ཅི་ལོག་མེད་པ་འཛིན་པ་ལྟར་ཕྱིན་ཅི་ལོག་གི་ཡུལ་ཅན་གྱི་བློས་ཕྱིན་ཅི་ལོག་གི་ཡུལ་ཡོད་པ་མ་ཡིན་པ་ཡོད་པ་ཉིད་དུ་འཛིན་པ་དེའི་ཚེ་ནི་ཤེས་བྱ་ཕྱིན་ཅི་མ་ལོག་པ་དང༌། རྫས་བཏགས་ཀྱི་དངོས་པོ་ལ་ཡོད་པར་འགྱུར་བའི་དོན་ཆ་ཙམ་ཡང་དམིགས་པར་ག་ལ་འགྱུར། ཤེས་པ་ཕྱིན་ཅི་མ་ལོག་པའི་ཡུལ་དུ་ཤེས་བྱ་ཕྱིན་ཅི་མ་ལོག་པ་མངོན་དུ་འགྱུར་བའི་དབང་དུ་བྱས་ཏེ། གང་གི་ཚེ་རབ་རིབ་ཅན་མ་ཡིན་པའི་མིག་གིས་སྐྲ་ཤད་ལ་སོགས་པ་མ་དམིགས་པ་ལྟར་དབུ་མ་པས་ཤེས་པ་ཕྱིན་ཅི་མ་ལོག་པས་ཡང་དག་པ་མ་ཡིན་པར་སྒྲོ་མི་འདོགས་པ་དེའི་ཚེ་ན་ཡང༌། དེ་ལྟར་ཕྱིན་ཅི་མ་ལོག་པ་རིགས་པའི་ཤེས་པ་གང་གིས་ཤེས་བྱ་ཡོད་པ་མིན་པ་ཡོད་པར་སྒྲོ་མི་འདོགས་པ་ཉིད་ཀྱི་ཕྱིར་ན། བློ་དེ་ངོ་ན་ནང་གི་སྐྱེ་མཆེད་ཀུན་རྫོབ་ཏུ་འགྱུར་པ་ཡོད་པ་མ་ཡིན་པར་འགྱུར་བའི་སྐྲ་ཤད་ལྟ་བུའི་དོན་ཅན་གྱི་ཆ་ཙམ་ཡང་དམིགས་པ་ག་ལ་ཡོད། མིག་སོགས་དོན་དམ་པའང་ཆོས་ཅན་དུ་འཇོག་མི་རིགས་ཏེ། ཐ་སྙད་དང་རིགས་ཤེས་འཕགས་པའི་མཁྱེན་པ་གསུམ་གས་མི་གྲུབ་པའི་ཕྱིར། ཕྱིན་ཅི་མ་ལོག་པའི་བློས་བདེན་པ་གཉིས་སུ་གྱུར་པའི་ཆོས་ཅན་མ་གྲུབ་པ་དེ་ཉིད་ཀྱི་ཕྱིར། (༡༡༩བ)


K800_Page_247
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། གཞན་དག་གིས་གལ་ཏེ་ཚུར་མཐོང་གི་མངོན་སུམ་ལ་སོགས་པའི་ཚད་མས་དོན་གྱི་གཞི་ཆོས་ཅན་འགའ་ཞིག་དམིགས་ན་ནི་གཞི་དེའི་སྟེང་དུ་སྟོང་པ་དང་བདག་མེད་པའི་ཆོས་སྒྲུབ་པའམ། མི་སྟོང་པ་དང་བདག་གི་ཆོས་བཟློག་པར་བྱ་བ་མཐོང་ན་དེ་འདྲའི་དགག་སྒྲུབ་ཀླུ་སྒྲུབ་མི་བྱེད་པའི་ཕྱིར་ང་ལ་ཀླན་ཀ་མེད། ཅེས་གསུངས་སོ། །བཤད་མ་ཐག་པ་གང་གི་ཕྱིར་དེ་ལྟར་ཤེས་པ་དང་ཤེས་བྱ་ཕྱིན་ཅི་མ་ལོག་པ་དང་ཕྱིན་ཅི་མ་ལོག་པ་དག་ཐ་དད་པ་དེའི་ཕྱིར། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དཔྱོད་པའི་རིགས་ཤེས་ཀྱི་གནས་སྐབས་དེ་ངོ་ན་ཡུལ་ཁྱབ་བྱེད་ཕྱིན་ཅི་ལོག་ཡོད་པ་མ་ཡིན་པ་དེའི་ཕྱིར་ན། དེའི་ཁྱབ་བྱ་གང་ཞིག་ཆོས་ཅན་ཉིད་དུ་འགྱུར་བ་ནང་གི་སྐྱེ་མཆེད་མིག་ཀུན་རྫོབ་པ་ག་ལ་ཡོད། རྒྱུ་མཚན་དེའི་ཕྱིར་གཞི་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་དང༌། གཞི་མ་གྲུབ་པའི་གཏན་ཚིགས་ཀྱི་སྐྱོན་བཟློག་པ་མེད་པ་ཉིད་ཡིན་པས་དེ་ཐུན་མོང་དུ་གྲུབ་པའི་མིག་གི་སྤྱི་ཆོས་ཅན་དུ་འཛིན་ནོ་ཞེས་སྨྲས་པའང་མ་གྲུབ་པའི་ཕྱིར་མ་གྲུབ་པར་སྨྲ་བ་འདི་ལན་མ་ཡིན་པ་ཉིད་དོ། །སྐབས་འདིར་ཤཱཀྱའི་རྒྱལ་པོའི་གདུལ་བྱར་གྱུར་ནས་དབུ་མ་པ་ཆེན་པོ་ཟླ་གྲགས་ཀྱི་རྗེས་སུ་འབྲང་བའི་དབུ་མ་པ་ཐམས་ཅད་བདག་ལ་ཉོན་ཅིག སློབ་དཔོན་ཆེན་པོ་ཟླ་བས་སློབ་དཔོན་ཆེན་པོ་ལེགས་ལྡན་བྱེད་ལ་ནང་གི་སྐྱེ་མཆེད་མིག་སོགས་ཀུན་རྫོབ་པའི་དངོས་པོའང་དངོས་པོ་དེར་མ་གྲུབ་སྟེ། དེ་ནི་ཕྱིན་ཅི་ལོག་འཁྲུལ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་ཞེས་བཀག་ནས་ཀུན་རྫོབ་པའི་དངོས་ཆོས་དོན་བྱེད་ནུས་ཀྱི་རང་རང་ངོ་བོས་སྟོང་པས། དེའི་དོན་བྱེད་ནུས་ཀྱི་དངོས་པོར་གྲུབ་པའི་ཆ་ཐ་སྙད་དང་རིགས་ཤེས་ཀྱི་ཚད་མ་གང་གིས་ཀྱང་མི་གྲུབ་(༡༢༠ན)


K800_Page_248
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁར་གཞན་གྲགས་ཀྱི་ཚད་མ་སྲིད་དོ་འཚལ་གྱིས་ཀུན་རྫོབ་ཏུའང་ཀུན་རྫོབ་པར་དོན་བྱེད་ནུས་ཀྱི་དངོས་པོར་གྲུབ་པ་སྲིད་པ་ལ་གནོད་བྱེད་ཁོ་ནར་འཇུག་པ་འདི་ལྟའི་གསལ་མ་གསལ་གྱི་གཞུང་ལུགས་ཉི་ཟླ་ལྟར་མ་ནུབ་པའི་ཕྲིན་ལས་ཀྱི་འོད་ཟེར་ལྷམ་མེ་ལྷན་ནེ་ལྷང་ངེར་ཡོད་བཞིན། ཐལ་འགྱུར་བའི་ལུགས་ལ་གཅིག་དུ་བྲལ་གྱི། ཕྱོགས་ཆོས་ཀྱི་གཞིར་བཟུང་བའི་མྱུ་གུ་ལྟ་བུ་ཐ་སྙད་པའི་ཚད་མས་མྱུ་གུ་རང་གི་བྱ་བ་ལ་དོན་བྱེད་པར་དེར་གྲུབ་ཏུ་བདེན་པས་དེ་རིགས་ཤེས་ཚད་མས་དགག་བྱའི་དངོས་པོ་བདེན་གྲུབ་པ་དེ་མ་ཡིན་གྱི། དེས་དགག་བྱའི་དགག་བྱ་བདེན་གྲུབ་པ་དེ་ཟབ་གསང་གི་མན་ངག་སྙན་བརྒྱུད་མ་ཞིག་ཡོད་པ་དེ་ལ་རག་གོ་ཞེས་སྨྲ་བའི་བློ་གྲོས་དེ་ནི་སློབ་དཔོན་ཟླ་གྲགས་ཀྱི་རྣམ་དཀར་གྱི་སྣང་བ་ཆེན་པོ་བལྟར་མི་བཟོད་པའི་འུག་པ་གཞོན་ནུའི་མིག་ཅན་ལྟར་སོང་བ་གང་ཡིན་པ་དེས་ཀྱང་ཚོགས་གཉིས་ཀྱི་བགྱི་བའི་ཁུར་ཆེན་པོ་ལོངས་ལ། དཔལ་ལྡན་ཟླ་གྲགས་ཀྱི་དབུ་མའི་བསྟན་པ་འཁྲུལ་བྲལ་འདི་ལ་མྱུར་བར་མྱུར་བར་ཞུགས་ཤིག འོ་ན་ཀུན་རྫོབ་ཏུ་ཀུན་རྫོབ་པའི་ཆོས་དོན་བྱེད་ནུས་ཀྱི་དངོས་པོར་གྲུབ་མི་སྲིད་ན། ཀུན་རྫོབ་ཏུ་ཀུན་རྫོབ་པའི་དོན་བྱེད་ནུས་ཀྱི་དངོས་པོར་ཀུན་རྫོབ་པའི་ཚད་མར་གྲགས་པ་ལ་སྣང་མྱོང་དང་དེ་ལ་བརྟེན་པའི་བླང་དོར་སོགས་ཀྱང་ཐ་སྙད་དུ་བྱེད་མི་སྲིད་པར་ཐལ་ཅེ་ན། དེ་ནི་འགལ་ཁྱབ་བླ་ན་མེད་པ་ཡིན་ཏེ། ཀུན་རྫོབ་པའི་དོན་བྱེད་པའི་དངོས་པོ་རང་བདེན་པར་གྲུབ་ན། ཀུན་རྫོབ་ཏུ་ཀུན་རྫོབ་ཀྱི་ཚད་མར་གྲགས་པ་ལ་སྣང་མྱོང་དང༌། དེ་ལ་བརྟེན་པའི་བླང་དོར་སོགས་ཐ་སྙད་དུ་བྱེད་མི་སྲིད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། ཀུན་རྫོབ་ཏུ་ཀུན་རྫོབ་པའི་དོན་བྱེད་པའི་དངོས་པོ་(༡༢༠བ)


K800_Page_249
[མ་དཔེ་གཟིགས་ན་འདིར་གནོན།]

རང་བདེན་པར་མ་གྲུབ་པས་བདེན་པར་མེད་བཞིན་ཀུན་རྫོབ་ཏུ་བལྟོས་བཞག་ཀུན་བརྟགས་ཀྱི་དོན་བྱེད་པ་ཅན་གྱི་དངོས་པོར་སྣང་ཞིང༌། སྣང་ངོ་དེ་ལ་བརྟེན་ནས་བླང་དོར་སོགས་ཀྱི་ཐ་སྙད་ལ་འཇུག་པ་ཐ་སྙད་པར་བསྙོན་མི་ནུས་སུ་སྣང་བའི་ཕྱིར། ཀུན་རྫོབ་སྣང་ཙམ་དེ་ལ་བརྟེན་ནས་སྲིད་ཞི་གཉིས་ལ་མི་གནས་པའི་མྱང་འདས་སྒྲུབ་པར་བྱེད་པའི་ཚུལ་འདི་ནི་སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པའི་གཞུང་ལུགས་ལས་ཆེས་གསལ་ཞིང་གོ་བདེ་བར་རྒྱས་པར་ཡོད་བཞིན། ཆེས་བསགས་སྦྱང་གི་མཐུ་དམན་པའི་སྐྱེས་བུ་ལོག་ལྟ་ཅན་དག་དབུ་མ་ཐལ་འགྱུར་བའི་ཀུན་རྫོབ་བདེན་པའི་རྣམ་གཞག་ལ་སྐུར་འདེབས་བྱེད་པ་དང༌། ཁྱད་པར་བོད་སྔ་རབས་པའི་དབུ་མ་ཐལ་འགྱུར་བ་ཆེན་པོ་དག ལས་རྒྱུ་འབྲས་ཀྱི་རྣམ་གཞག་ལ་སྐུར་འདེབས་བྱེད་པའི་ལོག་ལྟ་ཅན་ཡིན་ནོ་ཞེས་སྨྲ་བ་སྔ་ཕྱིར་བྱོན་པ་དེ་དག་ཐམས་ཅད་ནི་འཁྲུལ་པ་དང་བྲལ་བའི་དབུ་མའི་བསྟན་པ་བསྟན་འཛིན་དང་བཅས་པ་ལ་སྡིག་སོག་པའི་ལས་ཅན་དུ་མཐོང་བས་སྐྱེས་བུ་དེ་དག་ནི་སྲོག་ལ་རྒོལ་བའི་གཡངས་ལྟར་རྒྱང་རིང་དུ་འདོར་བར་རིགས་སོ། །དངོས་སྨྲ་བ་ནང་དུ་སྒྲའི་དངོས་པོ་སྤྱི་མཐུན་དཔེར་བཟུང་བ་དེ་དང་འདྲ་བར་དབུ་མ་པ་དང་དངོས་སྨྲ་བ་རྩོད་པ་ན་དངོས་པོར་ཡོད་པའི་ཆོས་མཐུན་གྲུབ་ཡོད་པ་མ་ཡིན་ནོ། ། དངོས་སྨྲ་བ་ནང་དུ་རྩོད་པ་དེར་ནི་སྒྲའི་སྤྱི་དང་མི་རྟག་པ་ཉིད་ཀྱི་སྤྱི་བརྗོད་པར་འདོད་པ་དང༌། རྟག་མི་རྟག་གིས་ཁྱད་པར་དུ་བྱས་པའི་སྒྲ་བརྗོད་པར་མི་འདོད་པ་རྒོལ་ཕྱིར་རྒོལ་གཉིས་ཀའི་བློ་ལ་ཡང་མཐུན་སྣང་དུ་གྲུབ་པར་ཡོད་ན། དེ་བཞིན་དུ་བདེན་གཉིས་ཀྱིས་ཁྱད་པར་དུ་མ་བྱས་པའི་མིག་གི་དངོས་པོའི་སྤྱི་ཙམ་ཞིག་འཛིན་རྒྱུ་གྲུབ་ན་(༡༢༡ན)


K800_Page_250
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འགྲུབ་ཆུག་ཀྱང༌། སྟོང་པ་ཉིད་དུ་སྨྲ་བ་དབུ་མ་པ་དང་སྟོང་པ་ཉིད་མ་ཡིན་པ་དངོས་པོར་སྨྲ་བ་དག་གིས་དེ་འདྲ་དེ་ཀུན་རྫོབ་ཏུ་ཡང་ཐུན་མོང་དུ་གྲུབ་པར་དབུ་མ་པས་ཁས་མ་བླངས་ལ། ཀུན་རྫོབ་ཏུའང་ཀུན་རྫོབ་པའི་མིག་སོགས་ཀུན་རྫོབ་པའི་དངོས་པོར་ཚད་མས་མ་གྲུབ་ན། དོན་དམ་པར་དོན་དམ་པའི་མིག་གི་དངོས་པོ་ཡང་ཚད་མས་གྲུབ་པ་མ་ཡིན་པས། དངོས་སྨྲ་བ་ནང་དུ་རྩོད་པའི་དཔེ་དང༌། དབུ་མ་པ་དང་དངོས་སྨྲ་བ་རྩོད་དུས་ཀྱི་དཔེ་ལ་མཐུན་སྣང་ཁས་ལེན་པ་ཡོད་པ་དང་མེད་པས་དཔེ་ལ་འདྲ་བ་ཡོད་པ་མ་ཡིན་ནོ། །དེས་ན་གཞི་མ་གྲུབ་པའི་ཕྱོགས་ཀྱི་ཉེས་པ་བརྗོད་པའི་ཚུལ་གང་ཡིན་པ་འདི་ཉིད་ནི་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ལ་མ་གྲུབ་པའི་སྐྱོན་བརྗོད་པ་ལ་ཡང་སྦྱར་བར་བྱ་སྟེ། མིག་སོགས་ཀྱི་དོན་དམ་པར་ཡོད་པ་རང་ལ་མ་གྲུབ། ཀུན་རྫོབ་ཀྱི་ཡོད་པ་གཞན་ལ་མ་གྲུབ་བོ། །སློབ་དཔོན་ལེགས་ལྡན་བྱེད་སྐབས་འདིར་ཀུན་རྫོབ་པའི་མིག་ཀུན་རྫོབ་པའི་ཚད་མས་ཀུན་རྫོབ་ཙམ་དུ་རྩོད་གཞིར་བཟུང་བ་ལ། སློབ་དཔོན་ཟླ་གྲགས་ཀྱིས་དེ་ལྟར་ན་ཚད་མ་དང་ཁས་བླངས་གཉིས་ཀ་དང་འགལ་ཏེ། ཀུན་རྫོབ་ཀུན་རྫོབ་ཏུ་དོན་བྱེད་པའི་དངོས་པོར་ཡོད་ན་ཆོས་ཐམས་ཅད་དོན་བྱེད་ནུས་ཀྱི་དངོས་པོ་རང་རང་གི་ངོ་བོས་སྟོང་པར་ཁས་བླངས་པ་དང་འགལ་ཞིང༌། བདེན་གཉིས་གང་གི་ཁྱད་པར་དུ་མ་གྲུབ་པའི་དངོས་པོ་ཡོད་ཅིང༌། དེའི་སྤྱི་ཙམ་གྲུབ་པར་འདོད་ན་དེ་འདྲའི་དངོས་པོ་ཤེས་བྱ་ལ་བྱིས་འཕགས་ཐམས་ཅད་ཀྱི་མངོན་སུམ་ཚད་མ་དང་གྲགས་པས་བསལ་ཅིང༌། སྟོན་པ་བདེ་བར་གཤེགས་པས་ཐེག་ཆེན་གྱི་ལུང་ཚད་མ་ལས་རྒྱ་ཆེར་བསལ་ལོ། །དེས་ན་ཐལ་རང་གི་(༡༢༡བ)


K800_Page_251
[མ་དཔེ་གཟིགས་ན་འདིར་གནོན།]

གྱེས་མཚམས་ཀྱི་སྲོག་ཆེན་པོ་འདིར་ཐུག་ལ། གྱེས་མཚམས་འདིར་སློབ་དཔོན་སོ་སོའི་བཞེད་པ་གསལ་མི་གསལ་འདི་ལྟར་ལ། གངས་ཅན་དུ་བྱུང་བའི་དབུ་མ་པར་རློམ་པའི་ལོ་པཎ་མཁས་གྲུབ་སྤྲུལ་སྐུ་གྲུབ་ཐོབ་ཏུ་གྲགས་པ་ཕལ་ཆེ་བ་ཐམས་ཅད་ཚུལ་འདིར་བློ་ཁ་ཅུང་ཟད་ཀྱང་མ་ཕྱོགས་པར་དབུ་མ་ཐལ་རང་གི་དབྱེ་འབྱེད་ཀྱི་ཤག་རལ་དོན་མ་ཡིན་པ་ཁོ་ན་བྱེད་པ་འདི་ནི་སུ་ཞིག་གི་མཐུ་ལས་ཡིན་ཅེས་ཆེས་ཡ་ང་བར་གྱུར་ཏོ། །གསུམ་པ་ཉེས་བརྗོད་དེ་ལེགས་ལྡན་རང་གི་ཁས་བླངས་དང་སྦྱར་བ་ནི། འདི་ལྟར་ཡིན་ཏེ། གང་གི་ཕྱིར་ཇི་སྐད་བསྙད་པའི་གཞི་རྟགས་ཀྱི་དོན་བདེན་པ་གཉིས་ཀར་མ་གྲུབ་པ་དང༌། མཐུན་སྣང་དུ་མ་གྲུབ་པ་འདི་ནི་རྟོག་གེ་པ་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། ། ཇི་ལྟར་ཁས་བླངས་ཤེ་ན། ཉན་ཐོས་སྡེ་པས་ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པའི་རྒྱུ་མིང་གཟུགས་ལ་སོགས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པས་མིང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཡོད་པར་གྲུབ་བོ་ཞེས་གསུངས་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་དེ། གང་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་ནི་དེ་བཞིན་ཏེ། དཔེར་ན། མྱ་ངན་ལས་འདས་པ་ཞི་བའོ་ཞེས་བྱ་བ་བཞིན་ནོ། །ཞེས་གཞན་གྱིས་བཀོད་པའི་སྒྲུབ་བྱེད་འདི་ལ་ལེགས་ལྡན་གྱིས་དེའི་ལན་དུ་འདིར་ཉན་ཐོས་སྡེ་པ་ཁྱོད་ཀྱི་གཏན་ཚིགས་ཡོད་པ་ཞེས་པ་དེའི་དོན་དུ་འདོད་པ་གང་ཡིན། གང་དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་དེ་སྐད་གསུངས་པའི་ཕྱིར་དེར་བདེན་ཟེར་རམ། འོན་ཏེ་དོན་དམ་པར་གསུངས་པའི་ཕྱིར་དེར་བདེན་ཟེར། གལ་ཏེ་ཀུན་རྫོབ་ཏུ་ན་ནི་དངོས་སྨྲ་བ་ཁྱོད་རང་ལ་གཏན་(༡༢༢ན)


K800_Page_252
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། ཁྱེད་ཅག་ནང་གི་སྐྱེ་མཆེད་དོན་དམ་པར་སྟོན་པས་བཞེད་པར་འདོད་པའི་ཕྱིར། འོན་ཏེ་དོན་དམ་པར་དེ་ཡོད་པར་གསུངས་སོ་ཞེ་ན། དོན་དམ་པར་ནི་སྟོན་པས་དེ་སྐད་གསུངས་མི་སྲིད་དེ། གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་གྲུབ་པ། །དེའི་ཚེ་འབྲས་བུ་སྐྱེད་པའི་རྒྱུ་ཡོད་པ་དང་མེད་པ་གཉིས་ཀའི་བདག་ཉིད་ཀྱི་རྐྱེན་བསལ་བའི་ཕྱིར། ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟར་ཡིན་ན་མི་རིགས་སོ། །ཞེས་འབྱུང་བས་དོན་དམ་པའི་ཡོད་པ་དེ་ནི་སྒྲུབ་པར་བྱེད་པའི་རྒྱུ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི་ངག་གི་དོན་ནོ། །རྒྱུ་མཚན་བཤད་པ་དེའི་ཕྱིར་དོན་དམ་པར་ནང་གི་སྐྱེ་མཆེད་ཀྱི་རྒྱུ་བསྒྲུབ་བྱ་དང༌། དེ་བཞིན་གཤེགས་པས་དེར་གསུངས་པའི་སྒྲུབ་པར་བྱེད་པ་ཉིད་དོན་དམ་པར་མ་གྲུབ་པའི་ཕྱིར། ཁྱེད་རང་ཉན་ཐོས་པ་ལ་དོན་དམ་གཏན་ཚིགས་སུ་བྱེད་ན་མ་གྲུབ་པའི་དོན་ཉིད་དང༌། ཀུན་རྫོབ་གཏན་ཚིགས་སུ་བྱེད་ན་འགལ་བའི་དོན་ཉིད་དོ་ཞེས་ལེགས་ལྡན་འདིས་བདེན་པ་གཉིས་སུ་བརྟགས་ནས་རང་གཞན་ལ་མ་གྲུབ་པའི་སྐྱོན་འདི་སྨྲས་པ་ཡིན་ནོ། །ངག་དོན་ལེགས་ལྡན་རང་གིས་ཉན་ཐོས་སྡེ་པ་ལ་ནང་གི་སྐྱེ་མཆེད་ཡོད་པར་དེ་བཞིན་གཤེགས་པས་གསུངས་པ་ཙམ་རྟགས་སུ་བཀོད་བྱས་པ་ལ། དེ་བདེན་གཉིས་གང་གི་དབང་དུ་བྱས་ནས་རྟགས་སུ་འགོད་ཅེས་དེ་ཡོད་པར་དེ་བཞིན་གཤེགས་པས་གསུངས་ཙམ་རྟགས་སུ་འགོད་རྒྱུ་མ་བྱུང་བར་སྨྲས་པ་དེ་ལྟར། དཔལ་ལྡན་ཟླ་བས་ཀྱང་ལེགས་ལྡན་ཁྱོད་ཀྱིས་ནང་གི་སྐྱེ་མཆེད་ཀྱི་ཕྱོགས་དང་ཡོད་པའི་ཕྱིར་ཞེས་པའི་ཕྱོགས་ཆོས་ཙམ་པོ་བ་རྟགས་སུ་བཀོད་བྱས་པ་ལ། དེ་བདེན་གཉིས་གང་གི་དབང་(༡༢༢བ)


K800_Page_253
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ནས་རྟགས་སུ་འགོད་ཅེས་ནང་གི་སྐྱེ་མཆེད་དང་ཡོད་པའི་ཕྱིར་ཙམ་ཕྱོགས་དང་གཏན་ཚིགས་སུ་འགོད་རྒྱུ་མ་བྱུང་བས་དེ་ལྟར་བཀོད་པ་དང༌། ཀུན་རྫོབ་ཏུ་ཀུན་རྫོབ་ཚད་གྲུབ་ཀྱི་ཀུན་རྫོབ་པའི་ཕྱོགས་དང་གཏན་ཚིགས་མཐུན་སྣང་དུ་ཡོད་པར་སྨྲས་པ་ཆེས་འགལ་བ་ཡིན་ཏེ། ལེགས་ལྡན་རང་གིས་ཉན་ཐོས་སྡེ་པ་ལ་ནང་གི་སྐྱེ་མཆེད་དེ་བཞིན་གཤེགས་པས་ཡོད་པར་གསུངས་པའི་ལུང་རང་ཅག་གཉིས་ཀར་མཐུན་གྲུབ་ཏུ་མ་གྲུབ་བོ་ཞེས་སྨྲས་པ་ལྟར། འདིར་ལེགས་ལྡན་གྱིས་ཕྱོགས་སོགས་མཐུན་གྲུབ་ཡོད་པར་སྨྲས་པ་ནི་རྣམ་པ་ཀུན་ཏུ་མི་གྲུབ་བོ་ཞེས་དགག་པར་མཛད་དོ། །འོ་ན་དབུ་མ་ཐལ་འགྱུར་བ་རང་ནང་གི་སྐྱེ་མཆེད་དང་ཡོད་པའི་ཕྱིར་ཞེས་སོགས་ཕྱོགས་དང༌། དེའི་ཆོས་སོགས་གྲངས་ཅན་གྱི་ངོར་དེ་ཁོ་ན་ཉིད་ལ་སྒྲོ་སྐུར་སྤོང་བའི་ཆེད་ཀྱི་ངག་གི་ཡན་ལག་ཏུ་བརྗོད་པ་ན་བདེན་གཉིས་མ་ཕྱེ་བའི་སྤྱི་བཟུང་བའམ། ཕྱེ་ནས་ཁྱད་པར་བཟུང་སྟེ་དེར་བརྗོད་ཅེ་ན། དེ་གང་དུའང་མི་བརྗོད་དེ། དེ་ཚེ་ངག་གི་ཡན་ལག་དེ་དག་མ་བརྟགས་གཞན་གྲགས་ཙམ་གྱི་རྒོལ་བ་དེ་ངོར་རྗེས་བརྗོད་བྱེད་པའི་ཕྱིར། དཔེར་ན་གཞན་འཕྲུལ་འཁོར་གྱི་སྐྱེས་བུ་དང་ལྷན་ཅིག་པའི་མིར་གྱུར་གྱི་སྐྱེས་བུ་རང་ཉིད་ཀྱི་བྱེད་པས་གཞན་འཕྲུལ་འཁོར་གྱི་སྐྱེས་བུའི་ལག་གི་མཚོན་ཆས་འཕྲུལ་འཁོར་གྱི་སྐྱེས་བུའི་མགོ་གཅོད་དུ་འཇུག་པ་ན་མིར་གྱུར་གྱི་སྐྱེས་བུའི་ལག་གི་མཚོན་ཆ་བདེན་པ་གཉིས་སུ་མ་ཕྱེ་བའི་སྤྱི་དང་ཕྱེ་བའི་ཁྱད་པར་གང་གིས་ཀྱང་འཕྲུལ་འཁོར་གྱི་སྐྱེས་བུའི་མགོ་གཅོད་པར་མ་བྱས་པ་བཞིན་ནོ། །བཤད་མ་ཐག་པ་གང་གི་ཕྱིར་དེ་ལྟར་ལེགས་ལྡན་འདིས་རང་ཉིད་ཀྱིས་ཉན་ཐོས་སྡེ་པ་ལ་བརྗོད་ཚུལ་འདིས་གཏན་ཚིགས་མ་གྲུབ་པར་ཁས་བླངས་པ་དེའི་ཕྱིར།(༡༢༣ན)


K800_Page_254
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱི་ཕྱོགས་ལ་དངོས་པོའི་ཆོས་གཏན་ཚིགས་སུ་བཀོད་པའི་རྗེས་སུ་དཔག་པ་ཐམས་ཅད་གཏན་ཚིགས་ལ་སོགས་དོན་དམ་པར་རང་ལ་མ་གྲུབ། ཀུན་རྫོབ་པར་གཞན་ལ་མ་གྲུབ། དེ་མ་གྲུབ་ན་གཏན་ཚིགས་ཡང་དག་ཏུ་མི་རུང་སྟེ། རྒོལ་བ་གཉིས་ཀ་མཐུན་སྣང་དུ་གྲུབ་པའི་གཏན་ཚིགས་མ་ཡིན་པའི་ཕྱིར་ཟབ་མོའི་དེ་ཉིད་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །དེས་ན་ལེགས་ལྡན་ཁྱོད་ཀྱིས་འདི་ལྟ་སྟེ། དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་རྐྱེན་གཞན་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར། དཔེར་ན། བུམ་པ་བཞིན་ནོ། །ཞེས་དང༌། ཡང་ན་དོན་དམ་པར་གཞན་གྱིས་བརྗོད་པར་འདོད་པའི་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་མིང་དང་གཟུགས་དག་ཆོས་ཅན། སྐྱེ་མཆེད་དྲུག་པོའི་རྐྱེན་མ་ཡིན་པར་ངེས་ཏེ། ནང་གི་སྐྱེ་མཆེད་དེ་ལས་གཞན་ཡིན་པའི་ཕྱིར། དཔེར་ན། སྣལ་མ་ལ་སོགས་པ་བཞིན་ནོ། །ཞེས་བྱ་བ་འདིར་གཞན་ཉིད་ཅེས་བྱ་བ་ལ་སོགས་པ་དོན་དམ་པར་རང་ཉིད་ལ་མ་གྲུབ་པ་ཡིན་ནོ། །གཞན་ཡང་ཇི་ལྟར་ལེགས་ལྡན་འདིས་ནང་གི་སྐྱེ་མཆེད་རྣམས་སྐྱེས་པ་ཁོ་ན་ཡིན་ཏེ། ནང་གི་སྐྱེ་མཆེད་དེའི་ཡུལ་གཟུགས་སོགས་ལྡན་པའི་སྐྱེ་བོ་འདུག་གོ། །འགྲོའོ། ། མཐོང་ངོ༌། །ཐོས་སོ། །ཞེས་ཐ་སྙད་ཁྱད་པར་ཅན་རྗོད་པར་བྱེད་པའི་ཕྱིར་ཞེས་ཉན་ཐོས་སྡེ་པ་གཞན་གྱིས་བརྗོད་པའི་གཏན་ཚིགས་འདི་དོན་དམ་པའི་དབང་དུ་བྱས་ནས་གྲུབ་པར་བརྗོད་པ་ལ་མ་གྲུབ་པར་བརྗོད་པར་འདོད་པས་འདི་སྐད་དུ། རྟགས་དེ་ཀུན་རྫོབ་ཏུ་ཡིན་ན་དངོས་སྨྲ་བ་རང་ལ་མ་གྲུབ་ལ། དོན་དམ་པར་རྣལ་འབྱོར་པ་མཉམ་པར་གཞག་(༡༢༣བ)


K800_Page_255
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤེས་རབ་ཀྱི་མིག་གིས་དངོས་པོ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མཐོང་བའི་ཤེས་ངོར་སྐྱེ་བ་དང་འགྲོ་བ་ལ་སོགས་པ་དག་ཡོད་པར་བསྒྲུབས་ན་ནི། དེའི་ཚེ་བློ་དེའི་ངོ་བོར་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་ཁྱད་པར་ཅན་བྱེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པའི་དོན་དེ་ཉིད་བློ་དེའི་ངོ་བོར་འགྲོ་བ་ཡང་སྐྱེ་བ་བཀག་པ་ཁོ་ནས་བཀག་པའི་ཕྱིར་རོ་ཞེས་སྨྲས་པ་ཡིན་ཏེ། དེ་བཞིན་དུ་རྣམ་པར་དཔྱོད་པའི་ཚུལ་དེ་ཉིད་ཀྱིས་རང་གིས་བྱས་པའི་སྒྲུབ་པར་བྱེད་པའི་དབུ་མ་པའི་གཏན་ཚིགས་ལ་ཡང་དོན་དམ་པར་མ་སོང་བ་ལ་འགྲོ་བ་མེད་དེ། ལམ་ཡིན་པའི་ཕྱིར། སོང་བའི་ལམ་བཞིན་ནོ། །ཞེས་བྱ་བའི་གཏན་ཚིགས་ལམ་ཉིད་ཅེས་བྱ་བ་དོན་དམ་པར་རང་ཉིད་ལ་མ་གྲུབ་པའི་དོན་དུ་སྦྱར་བར་བྱ་ལ། དོན་དམ་པར་རྣམ་པར་ཤེས་པ་བརྟེན་པ་དང་བཅས་པའི་མིག་ནི་གཟུགས་ལ་ལྟ་བར་མི་བྱེད་དེ། མིག་གི་དབང་པོ་ཡིན་པའི་ཕྱིར། དཔེར་ན། དེ་དང་མཚུངས་པ་བཞིན་ནོ། །ཞེས་བྱ་བ་དང༌། དེ་བཞིན་དུ་མིག་ཙམ་ནི་གཟུགས་ལ་ལྟ་བར་མི་བྱེད་དེ། འབྱུང་བ་ལས་གྱུར་བ་ཉིད་ཀྱི་ཕྱིར། དཔེར་ན། གཟུགས་བཞིན་ནོ། །ཞེས་བྱ་བ་དང༌། ས་ནི་སྲ་བའི་ངོ་བོ་མ་ཡིན་ཏེ། འབྱུང་བ་ཡིན་པའི་ཕྱིར། དཔེར་ན། རླུང་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་དག་ཏུ་ཡང་གཏན་ཚིགས་ལ་སོགས་པ་དོན་དམ་པར་མ་གྲུབ་པར་རང་ཉིད་ལ་མ་གྲུབ་པར་སྦྱར་བར་བྱའོ། །ཡང་ལེགས་ལྡན་ཁྱོད་ཀྱིས་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ཡང་ཕ་རོལ་པོ་གྲངས་ཅན་པ་ལྟར་ན། ཕྱི་ནང་གི་སྐྱེ་མཆེད་རྣམས་ཡོད་པའི་ཕྱིར་ཤེས་པ་ཡོད་པ་ལྟར་བདག་ལས་མི་སྐྱེ་བ་ཞིག་གམ། འོན་ཏེ་བུམ་པ་ལ་སོགས་བཞིན་དུ་བདག་ལས་མི་སྐྱེ་བ་ཞིག་ཡིན་ཅེས་ཐེ་ཚོམ་(༡༢༤ན)


K800_Page_256
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བས་རྗེས་འགྲོ་མ་ངེས་པ་ཡིན་ནོ། །གལ་ཏེ་བུམ་པ་ལ་སོགས་པ་ཡང་བདག་སྐྱེ་མེད་པར་བསྒྲུབ་བྱར་དངོས་སུ་མ་བསྟན་ཀྱང་ཤུགས་ལས་གྲུབ་པར་མཚུངས་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ་ཞེ་ན། སྨྲ་བ་དེ་ནི་དེ་ལྟར་མ་ཡིན་ཏེ། ཕྱིའི་སྐྱེ་མཆེད་རྣམས་ཆོས་ཅན་དུ་བཟུང་ནས་དེ་སྐད་དུ་མ་སྨྲས་པའི་ཕྱིར་རོ། །གསུམ་པ་ཟླ་བ་རང་ཉིད་ལ་འགལ་བའི་ཉེས་པ་མེད་པར་བསྟན་པ་ནི། གལ་ཏེ་གཞན་ལེགས་ལྡན་གྱི་རྗེས་སུ་དཔག་པ་དག་ལ་སྐྱོན་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་ཟླ་གྲགས་ཁྱེད་རང་གི་རྗེས་སུ་དཔག་པ་ལ་ཡང་ཇི་སྐད་སྨྲས་པའི་ཉེས་པར་ཐལ་བས་གཞི་ཐུན་མོང་དུ་མ་གྲུབ་པ་དང་གཏན་ཚིགས་མ་གྲུབ་པ་ལ་སོགས་པའི་སྐྱོན་དེ་ཉིད་འགྱུར་བ་ཡིན་ནམ། དེའི་ཕྱིར་གང་ལེགས་ལྡན་དང་ཟླ་གྲགས་གཉིས་ཀ་ལ་སྐྱོན་དུ་འགྱུར་བ་ན་ཟླ་གྲགས་དེས་ནི་ཅིག་ཤོས་ལེགས་ལྡན་ལ་བརྒལ་བར་མི་བྱ་སྟེ། དེས་ན་སྐྱོན་འདི་དག་ཐམས་ཅད་མི་རིགས་པར་འགྱུར་རོ་ཞེ་ན། ལན་བརྗོད་པར་བྱ་སྟེ། ཕྱོགས་ཆོས་དང་ཁྱབ་པ་ཐུན་མོང་དུ་ཚད་མས་གྲུབ་པའི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་སྨྲ་བ་དག་ལ་གཞི་རྟགས་ཐུན་མོང་དུ་ཚད་མས་མ་གྲུབ་པའི་ཉེས་པ་འདིར་འགྱུར་གྱི། ཁོ་བོ་ཅག་ཐལ་འགྱུར་བས་རང་ལུགས་ཙམ་གྱི་ཚད་མས་གྲུབ་པའི་རྗེས་སུ་དཔག་པ་མི་སྦྱོར་ན་གཞན་གྱི་ལུགས་དང་ཐུན་མོང་དུ་ཚད་མས་གྲུབ་པའི་རང་རྒྱུད་ཀྱི་རྗེས་སུ་དཔག་པ་རྨི་ལམ་དུའང་མི་སྦྱོར་ཏེ། ཁོ་བོས་རྗེས་སུ་དཔག་པ་དག་བརྗོད་པ་ནི་གཞན་གྱི་དམ་བཅའ་བ་འགོག་པ་ཙམ་གྱི་འབྲས་བུ་ཅན་གཞན་གྱི་བློ་ལ་སྒྲོ་སྐུར་གཅོད་པར་བྱེད་པ་སུན་འབྱིན་པའི་ཐལ་འགྱུར་ཡིན་ལ། དབུ་མ་པ་བདག་ཉིད་ལ་ངག་དེ་ལྟར་(༡༢༤བ)


K800_Page_257
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་གོ་བྱ་གོ་བྱེད་གང་དུའང་བརྗོད་པར་འདོད་པའི་སྤྲོས་པ་ཐམས་ཅད་བྲལ་བའི་ཕྱིར། འོ་ན་གཞན་སུན་འབྱིན་པའི་ཐལ་འགྱུར་རྗེས་དཔག་ཇི་ལྟར་བརྗོད་ཅེ་ན། འདི་ལྟར་ཉན་ཐོས་སྡེ་པ་ཁ་ཅིག་གཞན་མིག་བལྟའོ་ཞེས་བྱ་བར་རྟོག་པ་དེ་ནི། མིག་ལ་རང་གི་བདག་ཉིད་མི་ལྟ་བའི་ཆོས་ཀྱང་འདོད་ལ། དེའི་ཚེ་རྒོལ་བ་དེས་ཕྱོགས་ཆོས་ཁས་བླངས། སྔོན་པོ་ལ་སོགས་གཞན་ལ་བལྟ་བའི་ཆོས་དེ་རང་ལ་ལྟ་བ་མེད་ན་གཞན་ལ་བལྟ་བ་མི་འབྱུང་བ་ཉིད་དུའང་དཔེ་བུམ་པའི་སྟེང་དུ་ཁས་བླངས་པ་ཡིན་ཏེ། དེའི་ཚེ་ཁྱབ་པ་ཁས་བླངས། དེ་ལྟར་ཁས་བླངས་ཀྱི་ཚུལ་གསུམ་བརྗོད་ནས་རང་གི་དམ་བཅའ་སུན་འབྱིན་པའི་ཐལ་འགྱུར་གྱི་རྗེས་སུ་དཔག་པ་ནི་རྒྱུ་མཚན་དེའི་ཕྱིར་གང་དང་གང་ལ་རང་གི་བདག་ཉིད་ལ་བལྟ་བ་མེད་པ་དེ་དང་དེ་ལ་ནི་གཞན་ལ་བལྟ་བའང་ཡོད་པ་མ་ཡིན་ཏེ། དཔེར་ན། བུམ་པ་བཞིན་ནོ། །མིག་ལའང་རང་གི་བདག་ཉིད་མི་བལྟ་བ་ཡོད་པ་ཡིན་ཏེ། དེའི་ཕྱིར་གཞན་བལྟ་བའང་འདི་ལ་མེད་དོ། ། དེའི་ཕྱིར་རང་གི་བདག་ཉིད་མི་བལྟ་བ་དང་འགལ་བ། སྔོན་པོ་ལ་སོགས་པ་གཞན་བལྟ་བ་དེ་ཕྱོགས་ཆོས་ཁྱབ་པ་ཁོ་རང་ལ་གྲགས་པའི་རྗེས་སུ་དཔག་པ་དང་འགལ་བ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་དེ་ལ་གྲུབ་པའི་རྗེས་སུ་དཔག་པས་དེའི་ལོག་རྟོག་སེལ་བར་བྱེད་པ་ཡིན་ནོ། །དེས་ན་སྐྱོན་མི་མཚུངས་པ་གང་གི་ཕྱིར་རྗེས་སུ་དཔག་པ་དག་གིས་གཞན་ཕྱོགས་དགག་པ་འདི་ཙམ་ཞིག་བརྗོད་པར་བྱ་བ་ཡིན་པས། ངེད་ཀྱི་སྨྲ་བ་གང་ལ་ཉེས་པ་མཚུངས་པར་འགྱུར་བ་ཁོ་བོ་ཅག་ཐལ་འགྱུར་བའི་ཕྱོགས་ལ་ཇི་སྐད་བསྙད་པའི་གཞི་རྟགས་ཐུན་མོང་དུ་ཚད་མས་མ་གྲུབ་པའི་སྐྱོན་འཇུག་པའི་གོ་སྐབས་ག་ལ་ཡོད། ཡང་རྒོལ་ཕྱིར་རྒོལ་ཅི་གང་ཡང་རུང་བ་ལ་གྲུབ་པའི་རྗེས་སུ་དཔག་པའི་སྒོ་ནས་(༡༢༥ན)


K800_Page_258
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྗེས་སུ་དཔགས་པས་གནོད་པ་ཡོད་དམ་ཞེ་ན། ཡོད་དེ། དེའང་རྒོལ་བ་རང་ཉིད་ལ་ཁས་བླངས་ཀྱིས་གྲུབ་པའི་གཏན་ཚིགས་ཉིད་ཀྱིས་གནོད་པ་ཡིན་གྱི། རྒོལ་བ་གཞན་ལ་གྲུབ་པས་ནི་མ་ཡིན་ཏེ། དེ་ལྟར་འཇིག་རྟེན་དུ་མཐོང་བའི་ཕྱིར། དཔེར་ན། འཇིག་རྟེན་ན་ནི་ཤགས་འགྱེད་པ་ན་རེས་འགའ་དཔང་པོ་རྒོལ་བ་དང་ཕྱིར་རྒོལ་གཉིས་ཀྱིས་ཚད་མར་བྱས་པའི་དཔང་པོའི་ཚིག་དང་མི་འགལ་ན་ཕམ་པར་འགྱུར་ལ། རེས་འགའ་ནི་རང་གི་ཚིག་མི་བདེན་པ་ཁོ་ནར་སྨྲ་བས་རང་ཕམ་པར་འགྱུར་གྱི། རང་གིས་འགལ་བ་མེད་པ་བདེན་པར་སྨྲས་པ་ལ་གཞན་གྱི་ཚིག་གིས་ཁྱོད་ཀྱི་དེ་དོན་དང་མཐུན་པར་མི་གནས་སོ་ཞེས་པའམ། དེ་ལས་བཟློག་སྟེ་འགལ་ལོ་ཞེས་བརྗོད་པས་ནི་རྗོད་པོ་སྔ་མ་རྒྱལ་བའམ་ཕམ་པར་འགྱུར་བ་མ་ཡིན་ནོ། །འཇིག་རྟེན་ན་དེ་ལྟར་ཡིན་ཀྱང་རིགས་པའི་སྐབས་སུ་དེ་ལྟར་མ་ཡིན་ནོ་ཞེ་ན། འཇིག་རྟེན་ན་ཇི་ལྟར་ཡིན་པ་དེ་བཞིན་དུ་རིགས་པར་སྨྲ་བ་ལ་ཡང་ཡིན་ཏེ། འཇིག་རྟེན་པའི་ཐ་སྙད་ཁོ་ནར་རིགས་པ་དང་མི་རིགས་པ་ཞེས་བརྡ་བྱེད་པ་དང་མཐུན་པར་སྨྲ་བ་དེ་རིགས་པའི་བསྟན་བཅོས་ཀྱི་སྐབས་སུ་བབས་པས་ཉེ་བར་སྦྱར་བ་ཡིན་པའི་ཕྱིར། གཞན་དུ་འཇིག་རྟེན་ལས་འདས་པ་ཐ་སྙད་ཀྱི་སྤྲོས་པ་དང་བྲལ་བའི་ངོར་རིགས་པ་དང་མི་རིགས་པའི་འཐད་པ་དང་མི་འཐད་པ་བཞག་ཏུ་ག་ལ་ཡོད་པའི་ཕྱིར། ཐལ་འགྱུར་པས་གཞན་གྲགས་ཀྱི་གཏན་ཚིགས་ཀྱིས་གཞན་གྱི་འདོད་པ་སུན་འབྱིན་པ་དང་མི་འདོད་པ་སྒྲུབ་པར་བྱེད་དོ་ཞེས་སློབ་དཔོན་ཆེན་པོ་བུདྡྷ་པཱ་ལི་ཏ་བཞེད་པ་དེ་ལ་སློབ་དཔོན་དབྱིག་གཉེན་ཐུགས་མ་རངས་པར་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། སློབ་དཔོན་དབྱིག་གཉེན་གྱིས་ཇི་སྐད་དུ། འགའ་ཞིག་གིས་གཞན་(༡༢༥བ)


K800_Page_259
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གྲགས་པའི་དབང་གིས་རྗེས་སུ་དཔག་པའི་གནོད་པ་མ་ཡིན་ཏེ། གཞན་ལ་གྲགས་པ་ཉིད་དགག་པར་འདོད་པའི་ཕྱིར་རོ། །ཞེས་བཤད་དོ། །དེ་དང་མཐུན་པར་ཕྱོགས་ཀྱི་གླང་པོས། གང་ཞིག་གཉིས་ཀ་ལ་ངེས་པར་བརྗོད་པ་དེ་ནི་སྒྲུབ་པའམ་སུན་འབྱིན་པ་ཡིན་གྱི། གང་ཡང་རུང་བ་ལ་གྲུབ་པའམ་ཐེ་ཚོམ་ཟ་བར་སྨྲ་བ་ནི་མ་ཡིན་ནོ།།ཞེས་ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀས་ཁས་བླངས་ནས་རྩོད་པས་རྒྱལ་ཕམ་དུ་འགྱུར་གྱི། རྒོལ་བ་གཅིག་གིས་ཁས་བླངས། ཅིག་ཤོས་ཀྱིས་མ་བླངས་པས་དེར་མི་འགྱུར་རོ་སྙམ་དུ་སེམས་པ་དེས་ཀྱང་སེམས་པར་ཟད་མོད། རིགས་པ་དང་འབྲེལ་བར་སྨྲས་པ་མ་ཡིན་ཏེ། དེ་དག་གིས་ཀྱང་འཇིག་རྟེན་ན་འཇིག་རྟེན་པ་དང་རིགས་པ་སྨྲ་བ་རྩོད་ན། འཇིག་རྟེན་ན་ཇི་ལྟར་གྲགས་པའི་རིགས་པ་དང་མི་རིགས་པའི་རྣམ་པར་གཞག་པ་ལ་བརྟེན་ནས་ཐལ་བའི་རྗེས་སུ་དཔག་པ་ཚུལ་སོགས་རང་ལ་མ་གྲུབ་ཀྱང་གཞན་ལ་གྲུབ་པས་ཆོག་པ་ཇི་སྐད་སྨྲས་པའི་ཚུལ་འདི་ཉིད་ཁས་བླང་བར་བྱ་བར་རིགས་པའི་ཕྱིར་ཏེ། དེ་ལྟར་མ་ཡིན་ན་འདི་ལྟར་མུ་སྟེགས་བྱེད་ཀྱི་ལུང་གི་གནོད་པ་ནི་མུ་སྟེགས་དང་སངས་རྒྱས་པ་གཉིས་ཀ་ལ་མ་གྲུབ་པས། མུ་སྟེགས་པ་ལ་མུ་སྟེགས་ཀྱི་ལུང་གནོད་སྒྲུབ་ཏུ་འགོད་པ་ན་སངས་རྒྱས་པ་དང་མུ་སྟེགས་པ་གཉིས་ཀ་ལ་གྲུབ་པའི་ལུང་ཁོ་ནའི་སྒོ་ནས་གནོད་བྱེད་བརྗོད་པ་མིན་ཏེ། འོ་ན་ལུང་དེས་གནོད་བྱེད་ཇི་ལྟར་བརྗོད་ཅེ་ན། སངས་རྒྱས་པ་ལ་མ་གྲུབ་པའི་ལུང་དེ་མུ་སྟེགས་རང་ལ་གྲུབ་པའི་སྒོ་ནས་མུ་སྟེགས་ཀྱི་འདོད་པ་སུན་འབྱིན་པར་བྱེད་པ་ཡང་ཡིན་ནོ། །དེ་བཞིན་དུ་དབུ་མ་པ་དང་དངོས་སྨྲ་བ་རྩོད་པ་སངས་རྒྱས་ཀྱི་ལུང་དངོས་པོར་གྲུབ་པའི་བཀའ་ཡང་དབུ་མ་ལ་དྲང་དོན་དང་དངོས་སྨྲ་བ་ལ་ངེས་དོན་དུ་སོང་བས་(༡༢༦ན)


K800_Page_260
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ལ་མ་གྲུབ་ཀྱང༌། སངས་རྒྱས་པས་དངོས་སྨྲ་བ་ལ་དངོས་སྨྲ་བའི་འདོད་པའི་ཁྱད་པར་འགའ་ཞིག་འགོག་པའི་སྐབས་སུ་དངོས་པོར་གྲུབ་པའི་བཀའ་གནོད་བྱེད་དུ་མི་བརྗོད་པ་མ་ཡིན་པ་བཞིན་ནོ། །རང་གི་དོན་གྱི་རྗེས་སུ་དཔག་པར་ནི་བདག་ཉིད་ཀྱི་གནས་སྐབས་ཐམས་ཅད་དུ་རང་ལ་གྲུབ་པའི་དུ་བ་མཐོང་བ་ཉིད་མེ་ལ་བསླུ་བར་གཙོ་བོ་བརླིང་བའི་ཚད་མ་ཡིན་གྱི། གཉིས་ཀ་ལ་གྲུབ་པ་ནི་དེར་ཚད་མར་འཇོག་བྱེད་ཀྱི་གཙོ་བོ་བརླིང་བ་དེ་མ་ཡིན་ཏེ། ཡིན་ན་དེ་དང་ལྷན་ཅིག་འཁོད་པའི་དམུས་ལོང་གིས་དུ་བ་དེ་མ་མཐོང་ཡང་ཅིག་ཤོས་ཀྱིས་དུ་བའི་རྟགས་ལས་དེར་རྟོགས་པ་ལ་གནོད་པ་མི་བྱེད་པའི་ཕྱིར། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་རྟགས་ཚུལ་ཐུན་མོང་དུ་གྲུབ་པའི་རྟོག་གེའི་མཚན་ཉིད་བརྗོད་པ་ནི་དགོས་པ་མེད་པ་ཡིན་ཏེ། དེ་ལྟར་མཐའ་གཅིག་ཏུ་བརྗོད་དགོས་ན་སངས་རྒྱས་ཀྱིས་དེ་ལྟར་བརྗོད་དགོས་པ་ལས་མ་བརྗོད་པའི་ཕྱིར་ཏེ། སངས་རྒྱས་རྣམས་ཀྱིས་སྡུག་མི་སྡུག་གཙང་མི་གཙང་གང་ཡང་ཉེ་བར་མི་འཛིན་ཀྱང་ཆགས་ཅན་རང་ལ་སྡུག་མི་སྡུག་གཙང་མི་གཙང་ཇི་ལྟར་གྲགས་པའི་འཐད་པས་ལུས་གཙང་བ་མ་ཡིན་པར་མི་གཙང་བར་བསྟན་པ་ནི་དེ་ཁོ་ན་ཉིད་མི་ཤེས་པའི་གདུལ་བྱའི་སྐྱེ་བོ་ལ་ཕན་བཏགས་པའི་ཕྱིར་དེ་སྐད་བརྗོད་ལ། དེ་བཞིན་འཕགས་པ་རྣམས་ལ་མཐའ་བཞི་སྐྱེ་བ་ཡོད་མེད་གཉིས་ཀའི་སྨྲ་བསམ་བརྗོད་པ་དང་བྲལ་ཡང་མཐའ་བཞིར་སྐྱེ་བར་རྟོག་པའི་རྒོལ་བ་ལ་རྒོལ་བ་རང་གི་ཚད་མས་གྲུབ་པའི་ཚད་མའི་བྱེད་པ་ལ་བརྟེན་ནས་མཐའ་བཞིའི་སྐྱེ་བ་འགོག་པར་བྱེད་དོ། །ཤིན་ཏུ་སྤྲོས་པས་ཆོག་གོ། །འདིར་སྨྲས་པ། ཐལ་འགྱུར་དབུ་མ་སྨྲ་དེས་སྟོང་པ་ཉིད། །བརྗོད་བྲལ་བརྗོད་ཆེད་ཀུན་རྫོབ་ཆོས་རྣམས་(༡༢༦བ)


K800_Page_261
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །བཏགས་ཡོད་གཞན་གྲགས་ཙམ་དུ་བཞག་ནས་ནི། །ཐ་སྙད་ཙམ་གྱི་བླང་དོར་དེ་ངོ་རུ། །བགྱིས་ཀྱང་ཐ་སྙད་མིང་ཙམ་བདེན་གཉིས་ཀྱི། །སྒྲུབ་བྱེད་ཚད་མ་གང་གིའང་རང་ལུགས་སུ། །གྲུབ་པའི་སྒྲུབ་པ་གཤིས་ལ་གནས་པ་ནི། །འགར་ཡང་བསམ་བརྗོད་མེད་པའི་བརྟུལ་ཞུགས་ཀྱི། །ལུགས་བཟང་གངས་རིའི་ཁྲོད་འདིར་འཆད་བྱེད་པོ། །དཔལ་ལྡན་མར་མེ་མཛད་ཞབས་ཞལ་སྔ་དང༌། །དེ་སྲས་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་དང༌། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་མཆོག་གཉིས་བྱུང༌། །འབྲོམ་སྟོན་ལས་འཕེལ་སྐུ་མཆེད་རྣམ་གསུམ་དང༌། །ནག་ཚོ་ལས་འཕེལ་རོང་པ་ཕྱག་སོར་བ། །དེ་ལས་རོང་པ་བུ་བཞིར་འཕེལ་བ་ཡིས། །བཀའ་གདམས་འོག་མའི་བཀའ་བརྒྱུད་རྩོད་མེད་དང༌། །སྐུ་མཆེད་ལས་འཕེལ་བཀའ་གདམས་ཐལ་འགྱུར་གྱི། །གཞུང་བཤད་མན་ངག་ཉམས་ཁྲིད་ཇི་སྙེད་དང༌། །ཁྱད་པར་ལོ་ཆེན་པ་ཚབ་ཞལ་སྔ་དང༌། །དེ་སྲས་མཁས་བཞིས་ལེགས་པར་བཀྲལ་བ་ཡི། །ཐལ་འགྱུར་དབུ་མ་སྨྲ་བའི་ཚིག་དོན་ནི། །འཁྲུལ་མེད་ཁོ་བོས་སྨྲས་པ་འདི་ལས་གཞན། །སྨྲར་རློམ་མངོན་པའི་ང་རྒྱལ་ཅན་དེ་དག །ཕལ་གྱིས་དོན་འདིའི་ཕྱོགས་ཙམ་མ་མཐོང་ཞིང༌། །ལ་ལ་ཕྱོགས་ཙམ་མཐོང་བར་ཉེ་བ་ན། །དེ་སྒྲིབ་བྱེད་པའི་ཤེས་རབ་འཆལ་བ་ཡི། །རྟོག་དང་དཔྱོད་པས་ཕྱིན་ཅི་ལོག་བསླད་ནས། །ཐལ་བ་པ་ཡིས་མི་འདོད་དོན་ཐམས་ཅད། །ཐལ་འགྱུར་བ་ཡི་དགོངས་པར་འཆད་པ་དང༌། །ཐལ་འགྱུར་བས་བཞེད་ཐལ་བས་མི་འདོད་ཅེས། །སྨྲ་བའི་གླེགས་བམ་བཙན་དུག་ལྟ་བུ་ལ། །སྐྱེ་བོ་ཕལ་ཆེར་བདུད་རྩི་མཆོག་ཉིད་ལྟར། །ལེན་པའི་མུན་པ་ཆེན་པོས་རྣམ་པར་དཀྲིགས། །དེ་ཚེ་རྣལ་འབྱོར་དབང་(༡༢༧ན)


K800_Page_262
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་སངས་རྒྱས་ཆེ། །མཉན་པ་རས་ཆེན་མཁྱེན་པའི་བཀས་བསྐུལ་ནས། །འགྲོ་ལ་དབང་མེད་བརྩེ་ཆེན་འབར་བའི་མཐུས། །གཞན་དྲིང་མེད་པའི་སྤོབས་པས་ལེགས་བཤད་དགེ། །བདག་བློ་དམ་པས་འཇམ་པོར་བཏུལ་བ་ཡི། །གཤིན་དང་དེས་པའི་བྱང་སེམས་རྒྱ་མཚོ་ལས། །འཁྲུངས་པའི་རྣམ་མཁྱེན་མེ་ཏོག་འབྲས་བཟང་དཀར། །ཞེས་བརྗོད་པར་བྱས་སོ། །


previousཆོས་ཀྱི་བདག་མེད་བཤད་པ།next