Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
བདག་སྐྱེ་དགག་པ།
   
   
   
   
   
   
   
   
   
   
   
   


 
previousབདག་སྐྱེ་དགག་པ།next

བདག་སྐྱེ་དགག་པ།


K800_Page_263
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། རང་དང༌། གཞན་དང༌། གཉིས་ཀ་དང༌། རྒྱུ་མེད་ལས་སྐྱེ་བ་དགག་པ་རྒྱས་པར་བཤད་པ་བཞི་ལས། དང་པོ་ལ། བདེན་པ་གཉིས་ཆར་དུ་དགག་པ་དང༌། སུན་འབྱིན་གྱི་ལམ་གཞན་བསྟན་པའོ། །དང་པོ་ལ། དོན་དམ་པར་རང་ལས་སྐྱེ་བ་དགག་པ་དང༌། ཐ་སྙད་དུ་རང་ལས་སྐྱེ་བ་དགག་པ་དང༌། བཀག་པའི་མཇུག་བསྡུ་བའོ། །དང་པོ་ལ། རང་ལས་སྐྱེ་བ་དོན་མེད་པ་དང༌། རིགས་པ་དང་འགལ་བའོ། །དང་པོ་ནི། དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །གྲངས་ཅན་པ་དག་རྒྱུ་འབྲས་ངོ་བོ་གཅིག་ཏུ་ཡོད་དེ། རྒྱུ་དུས་ན་འབྲས་བུ་མངོན་པར་མི་གསལ་བའི་བདག་ཉིད་དུ་ཡོད་ལ། འབྲས་བུའི་དུས་ན་མངོན་པར་གསལ་བའོ་ཞེས་ཟེར། འདི་མི་འཐད་པར་བསྟན་པ་ནི། ཡོད་པའི་མྱུ་གུ་དེ་ནི་ཆོས་ཅན། ས་བོན་རང་གི་བདག་ཉིད་དུ་ཡོད་པའི་མྱུ་གུ་དེ་ལས་འབྱུང་བ་སྟེ་སྐྱེ་བ་མ་ཡིན་པར་ཐལ། དེ་ལྟར་མིན་པར་དེ་ལས་དེ་འབྱུང་ན་ཡོན་ཏན་ནམ་དགོས་པ་ལྷག་པ་འགའ་ཡང་སྟེ་གཅིག་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། ཡོད་པ་ནི་སྔར་ནས་ཐོབ་ཟིན་པའི་ཕྱིར། མངོན་གསལ་གྱི་བུམ་པ་བཞིན་ནོ། །གཉིས་པ་ལ། དམ་བཅའ་བ་དང༌། འཐད་པ་འགོད་པའོ། །དང་པོ་ནི། སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་ཉིད། །ཡང་འདི་ལྟར་བརྗོད་དེ། ས་བོན་དུ་གྲུབ་ཟིན་ལས་ས་བོན་དུ་གྲུབ་ཟིན་སྐྱེ་བར་ཐལ། ས་བོན་ལ་ཡོད་པའི་མྱུ་གུ་ལས་སླར་མྱུ་གུ་སྐྱེ་བའི་ཕྱིར། རྟགས་ཁས་བླངས། ཁྱབ་(༡༢༧བ)


K800_Page_264
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་ན་ས་བོན་ལ་ཡོད་པའི་མྱུ་གུ་ལས་སླར་མྱུ་གུ་སྐྱེ་ན། ས་མྱུག་རྫས་གཅིག་ཡིན་པ་བུད། འདོད་ན། སྐྱེས་པར་གྱུར་པའི་ས་བོན་སླར་ཡང་འདེབས་ནས་སྐྱེ་བར་རིགས་པའང་མ་ཡིན་པ་ཉིད་དེ། དེའི་འཐད་པ་ནི། གཉིས་པ་ལ། གྲགས་པ་དང་འགལ་ཅིང་ཐུག་མེད་དུ་འགྱུར་བ་དང༌། མཚན་ཉིད་ཐ་དད་མི་དད་བརྟགས་ན་མི་འཐད་པ་དང༌། བློ་ལ་སྣང་མི་སྣང་མཚུངས་པར་འགྱུར་བའོ།།དང་པོ་ནི། སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་ནི། །མྱུ་གུ་ལ་སོགས་རྣམས་ཀྱི་སྐྱེ་བ་འདིར་རྙེད་མི་འགྱུར་ཞིང༌། །ས་བོན་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར། །ཇི་ལྟར་དེ་ཉིད་ཀྱིས་དེ་རྣམ་པར་འཇིག་པར་བྱེད་པར་འགྱུར། །སྐྱེས་ཟིན་ས་བོན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་བ་དེ་ལྟར་སྲིད་ན་ནི་ཆོས་ཅན། མྱུ་གུ་དང་སྡོང་བུ་དང་སྦུབས་འཆའ་བ་ལ་སོགས་འབྲས་བུ་ཕྱི་མ་རྣམས་ཀྱི་སྐྱེ་བའི་གོ་སྐབས་འདིར་གཏན་རྙེད་པར་མི་འགྱུར་བར་ཐལ། ས་བོན་ལས་ས་བོན་སོགས་སྐྱེ་བ་གནས་སྐབས་སྔ་མ་སྔ་མ་མ་འགགས་པར་ཕྱི་མ་ཕྱི་མ་མི་སྐྱེ་ལ། གློ་བུར་དུ་ས་བོན་རང་རང་སྐྱེ་བ་བཀག་ནས་མྱུ་གུ་སྐྱེའོ་ཞེ་ནའང་མི་རིགས་པའི་ཕྱིར་ཏེ། དེ་ལྟར་ན་རང་སྐྱེ་ལ་གེགས་མེད་པས་ནམ་ཡང་ས་བོན་ཉིད་ལས་ས་བོན་མི་སྐྱེ་བར་མི་འགྱུར་བའི་ཕྱིར། གཞན་ཡང་ས་བོན་སྲིད་པ་སྟེ་འཁོར་བ་སྟོང་པའི་མཐར་ཐུག་པའི་བར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར་ཏེ། རང་ལས་སྐྱེ་ན་རང་སྐྱེ་བའི་རྐྱེན་ནམ་ཡང་མ་ཚང་བ་མེད་ཅིང་གེགས་མེད་པས་ས་བོན་འགགས་མི་སྲིད་པའི་ཕྱིར། དེ་མ་ཁྱབ་སྟེ། མྱུ་གུའི་ལྷན་ཅིག་བྱེད་རྐྱེན་ཆུ་དང་དུས་སོགས་ཀྱིས་རྒྱུ་ས་བོན་འགྱུར་བར་བྱེད་ཅིང་འབྲས་བུ་མྱུ་གུ་སྐྱེད་པར་བྱེད་ལ། འབྲས་བུ་མྱུ་གུ་ཡང་རང་བསྐྱེད་པར་བྱེད་པོ་དང་ལྷན་ཅིག་མི་གནས་པས་རྒྱུ་དེས་ས་བོན་དེ་འཇིག་པར་བྱེད་ཅིང་འབྲས་བུས་མྱུ་གུ་འབྱུང་བས་ས་བོན་སྲིད་མཐར་ཐུག་པའི་ཉེས་པ་མེད་དོ། །དེ་ལྟར་ནའང་ས་མྱུག་རྫས་གཞན་མིན་པས་བདག་སྐྱེ་གྲུབ་བོ་ཞེ་ན། ཇི་ལྟར་ས་བོན་གྱི་བདག་ཉིད་དུ་གྱུར་(༡༢༨ན)


K800_Page_265
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མྱུ་གུ་དེ་ཉིད་ཀྱིས་རང་གི་བདག་ཉིད་ཀྱི་ས་བོན་དེ་རྣམ་པར་འཇིག་པར་བྱེད་པར་འགྱུར་ཏེ་མི་འགྱུར་བར་ཐལ། ས་མྱུག་རྫས་གཞན་མ་ཡིན་པའི་ཕྱིར། ས་བོན་རང་གི་བདག་ཉིད་བཞིན་ནོ། །གཉིས་པ་ནི། བྱེད་རྒྱུ་ས་བོན་གྱི་ལས་ཐ་དད་མྱུ་གུའི་དབྱིབས་དང་ནི། །ཁ་དོག་རོ་ནུས་སྨིན་པའི་ཐ་དད་ཁྱོད་ལ་མེད་པར་འགྱུར། །གལ་ཏེ་སྔར་གྱི་བདག་གི་དངོས་པོ་བསལ་ནས་དེ་ལས་གཞན། །ངོ་བོར་འགྱུར་ན་དེ་ཚེ་དེ་ཡི་དེ་ཉིད་ཇི་ལྟར་འགྱུར། །ས་མྱུག་རང་བཞིན་གཅིག་ན་མྱུ་གུ་སྐྱེད་པར་བྱེད་པའི་རྒྱུ་ས་བོན་གྱི་དབྱིབས་སོགས་ཆོས་ལྔ་ལས་ཐ་དད་པར་མྱུ་གུའི་དབྱིབས་དང་ནི་ཁ་དོག་རོ་ནུས་སྨིན་པའི་ཐ་དད་པ་གྲངས་ཅན་ཁྱོད་ལ་མེད་པར་འགྱུར་བར་ཐལ། ས་མྱུག་བདག་གཅིག་གི་རྫས་ཡིན་པའི་ཕྱིར། ས་མྱུག་གི་དབྱིབས་སོགས་ཐ་དད་མིན་པར་འདོད་ན། ས་བོན་གྱི་དབྱིབས་སོགས་མ་མཐོང་བ་ལྟར་མྱུག་དབྱིབས་སོགས་ཀྱང་མཐོང་མི་རུང་བར་འགྱུར་བས་དེ་ལྟའང་མ་ཡིན་པའི་ཕྱིར། ས་བོན་གྱི་དབྱིབས་སོགས་ལས་མྱུ་གུའི་དབྱིབས་སོགས་གཞན་དུ་རིགས་ཏེ། སྒོག་སྐྱའི་ས་བོན་ལས་ཆུ་ཤིང་གི་མྱུ་གུ་གཞན་བཞིན་ནོ། །ཡང་གྲངས་ཅན་ན་རེ། མ་ཁྱབ་སྟེ། ས་བོན་གྱི་དབྱིབས་སོགས་བཏང་ནས་མྱུག་སོགས་ཀྱི་དབྱིབས་སོགས་ཐོབ་པའི་ཕྱིར་ཞེ་ན། ས་མྱུག་དེའི་རྫས་གཅིག་པ་སྟེ་ཐ་མི་དད་པ་དེ་ཉིད་དུ་ཇི་ལྟར་འགྱུར་བར་ཐལ། གལ་ཏེ་སྔར་ས་བོན་གྱི་དབྱིབས་སོགས་ཀྱི་བདག་གི་དངོས་པོ་བསལ་ནས་དེ་ལས་གཞན་མྱུ་གུའི་དབྱིབས་སོགས་ཀྱི་ངོ་བོར་འགྱུར་ན་དེ་ཚེ་ས་བོན་གྱི་ངོ་བོར་འགལ་བའི་ཕྱིར། བྱེ་བྲག་པས་ས་མྱུག་གི་དབྱིབས་སོགས་ཀྱི་ཡོན་ཏན་ཐ་དད་པ་ཙམ་གྱིས་རྫས་གཅིག་པ་མི་འདོར་བས་ཁྱབ་པ་མེད་དོ་ཞེ་ན། ས་མྱུག་གི་དབྱིབས་སོགས་ལས་གཞན་པའི་རྫས་མི་རིགས་ཏེ། ཡོན་ཏན་དབྱིབས་སོགས་མ་བཟུང་བར་དེའི་རྫས་འཛིན་པ་རིགས་པ་མ་ཡིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་ཁྱོད་ཀྱི་ས་བོན་མྱུ་གུ་འདི་གཞན་མ་ཡིན་ན། །ས་བོན་བཞིན་དུ་མྱུ་གུ་ཞེས་བྱ་དེ་གཟུང་མེད་པའམ། །ཡང་ན་དེ་དག་གཅིག་པས་ཇི་ལྟར་མྱུ་གུ་འདི་བཞིན་དུ། །དེ་ཡང་གཟུང་དུ་ཡོད་འགྱུར་དེ་ཕྱིར་འདི་ནི་ཁས་མི་བླང༌། །གལ་ཏེ་ཁྱོད་ཀྱི་ས་བོན་ལས་མྱུ་གུ་བདག་སྐྱེ་འདོད་པའི་(༡༢༨བ)


K800_Page_266
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་གཞན་མ་ཡིན་ན་ཆོས་ཅན། མྱུ་གུའི་གནས་སྐབས་ན་ས་བོན་བཞིན་དུ་མྱུ་གུ་ཞེས་བྱ་བ་དེའི་ངོ་བོའང་བཟུང་དུ་མེད་པའམ། ཡང་ན་ས་མྱུག་དེ་དག་གཅིག་པས་ཇི་ལྟར་མྱུ་གུ་བཟུང་དུ་ཡོད་པ་འདི་བཞིན་དུ་ས་བོན་གྱི་ངོ་བོ་དེ་ཡང་བཟུང་དུ་ཡོད་པར་འགྱུར་བར་ཐལ། གཅིག་ལ་བཟུང་མ་བཟུང་གི་ཆ་གཉིས་འགལ་བ་དེའི་ཕྱིར། ཉེས་པ་འདི་མི་འདོད་པ་དག་གིས་ས་མྱུག་གཅིག་པ་འདི་ནི་ཁས་མི་བླང་ངོ༌། །འོ་ན་རྒྱུ་འབྲས་གཞན་མིན་དུ་སྨྲ་བ་ལ་ཉེས་པ་དེ་འབྱུང་ན་དབུ་མ་པ་ལའང་ཉེས་པ་དེ་ཅིས་མི་འབྱུང་ཞེ་ན། མི་འབྱུང་སྟེ། དབུ་མ་པས་རྒྱུ་འབྲས་གཅིག་པ་དང་གཞན་པ་གང་དུའང་ཁས་མི་ལེན་པའི་ཕྱིར་ཏེ། ཁྱད་གཞི་རྒྱུ་འབྲས་ཉིད་དཔྱད་ན་མི་རྙེད་པ་ལ་ཁྱད་ཆོས་གཞན་དང་གཞན་མིན་གྱི་ཕྱོགས་མི་རིགས་པའི་ཕྱིར། དེས་ན་ཐ་སྙད་དུ་རྒྱུ་འབྲས་སོགས་གཞན་ཡིན་པ་འགོག་པའི་ཚེ་གཞན་ཡིན་པར་འདོད་པ་དག་གི་ལོག་རྟོག་སེལ་བ་ཙམ་དུ་འགོག་པ་ཡིན་ལ། དོན་ལ་གཞན་ཡིན་པ་འགོག་པའང་མ་ཡིན་ཅིང༌། གཞན་མ་ཡིན་པར་བསྒྲུབ་པའང་མ་ཡིན་ནོ། །དེ་བཞིན་དུ་དགག་སྒྲུབ་ཀྱི་རྣམ་གཞག་ཐམས་ཅད་ལ་སྦྱར་བ་འདི་ནི་ཐལ་རང་གི་དབུ་མ་སྨྲ་བ་དག་གི་སྤྱི་ལུགས་ཡིན་གྱི། བོད་ཁ་ཅིག་ཐལ་རང་གཉིས་ཀས་ཀྱང་གཅིག་འགོག་པ་ན་ཐ་དད་ངེས་པར་བསྒྲུབ་དགོས་ཟེར་བ་དང༌། ཁ་ཅིག་དབུ་མ་རང་རྒྱུད་པས་དོན་དམ་པར་དགག་སྒྲུབ་གཉིས་ཀ་མེད་ཅིང༌། ཀུན་རྫོབ་ཏུ་དོན་དམ་པར་བསྒྲུབ་པར་བྱ་བའི་སྒྲུབ་པ་མེད་ཀྱང་དོན་དམ་པར་དགག་བྱ་དགག་པའི་དགག་པ་ཙམ་ཡོད་དེ། མེད་ན་སྟོང་ཉིད་མེད་དགག་དོན་དམ་བདེན་པ་མ་ཡིན་པ་དང༌། དེ་ཤེས་བྱ་ན་ཡོད་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་ཞེས་ཞིབ་ཆར་སྨྲ་བ་(༡༢༩ན)


K800_Page_267
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གིས་ཐལ་རང་གི་ལུགས་བཟང་པོ་རྒྱང་རིང་ནས་དོར་བར་བྱས་པ་ཡིན་ཏེ། ཐལ་རང་གི་གཞུང་ཐམས་ཅད་དུ་བདེན་གཉིས་གང་ལས་བརྩམས་ཀྱང་དེ་ལྟར་མི་འབྱུང་ཞིང༌། དེ་ལྟར་འབྱུང་ན་ལུགས་དེ་དབུ་མ་པའི་ལུགས་ཡིན་པར་རྒྱ་ཆེར་དགག་པ་ཉིད་དུ་མཐོང་བའི་ཕྱིར། ཁྱད་པར་དགག་པ་དོན་དམ་པར་ཡོད་ན། དོན་དམ་པར་བདེན་པར་ཡོད་དམ་རྫུན་པར་ཡོད། གཉིས་པ་ལྟར་ན། དོན་དམ་པར་ཡོད་པ་དང་འགལ། དང་པོ་ལྟར་ན་དབུ་མ་པའི་ལུགས་ལ་དཔྱད་བཟོད་པའི་ཆོས་ཡོད་པར་ཐལ། དེ་ལྟའི་དགག་པ་དེ་དོན་དམ་པར་བདེན་པར་ཡོད་པའི་ཕྱིར། (གཉིས་པ་ཐ་སྙད་དུ་རང་ལས་སྐྱེ་བ་དགག་པ།(1གང་ཕྱིར་རྒྱུ་ཞིག་ན་ཡང་དེ་ཡི་འབྲས་བུ་མཐོང་བའི་ཕྱིར། །དེ་དག་གཅིག་པ་ཡིན་ཞེས་འཇིག་རྟེན་གྱིས་ཀྱང་ཁས་མི་ལེན། །དེས་ན་ཐར་པའི་དེ་ཉིད་འཚོལ་བར་འདོད་པ་གྲངས་ཅན་གྱི་ལུགས་ལ་བདག་སྐྱེ་བཀག་ནས་དེ་མི་འདོད་པའི་འཇིག་རྟེན་གྱི་ངོར་ཡང་བདག་སྐྱེ་མི་འཐད་པར་ནི་རྒྱུ་འབྲས་དེ་དག་གཅིག་པ་ཡིན་ཅེས་འཇིག་རྟེན་གྱིས་ཀྱང་ཁས་མི་ལེན་ཏེ། གང་གི་ཕྱིར་ན་རྒྱུ་ཞིག་ན་ཡང་དེའི་འབྲས་བུ་མཐོང་བའི་ཕྱིར། དེ་ལས་གཞན་དུ་ན་རྒྱུ་བཞིན་དུ་འབྲས་བུ་ཡང་མི་མཐོང་བར་ཐལ། དེ་དག་གཅིག་པ་ཉིད་ཀྱི་ཕྱིར། གསུམ་པ་ནི། དེ་ཕྱིར་དངོས་པོ་བདག་ལས་འབྱུང་ཞེས་རབ་ཏུ་བརྟགས་པ་འདི། །དེ་ཉིད་དང་ནི་འཇིག་རྟེན་དུ་ཡང་རིགས་པ་མ་ཡིན་ནོ། །གྲངས་ཅན་གྱིས་དངོས་པོ་རྣམས་བདག་ལས་འབྱུང་ཞེས་རབ་ཏུ་བརྟགས་པ་འདི་ནི་དོན་དམ་བདེན་པའི་དེ་ཉིད་དང་ནི་འཇིག་རྟེན་ཀུན་རྫོབ་བདེན་པའི་དབང་དུ་བྱས་ཀྱང་རིགས་པ་མ་ཡིན་ནོ་སྟེ། རྒྱུ་མཚན་གོང་དུ་རིགས་པ་དང་འགལ་བར་བཤད་མ་ཐག་པ་དེའི་ཕྱིར། འདིར་སློབ་དཔོན་ཆེན་པོ་ལེགས་ལྡན་བྱེད་མཐའ་བཞིའི་སྐྱེ་བ་འགོག་པ་ལ་དོན་དམ་པར་གྱི་རྣམ་བཅད་བྱེད་དགོས་ཞེས་པ་དང༌། དེའི་རྗེས་འབྲངས་ཁ་ཅིག་ཐ་སྙད་དུ་སྐྱེ་བ་ན་གཞན་ལས་སྐྱེ་བ་ཁས་ལེན་དགོས་སོ་ཞེས་ཟེར་བ་མི་འཐད་པའི་ཚུལ་ནི། དོན་དམ་གྱི་རྣམ་བཅད་བྱ་བ་དབུ་མ་པ་དང༌། གྲངས་ཅན་པ་དང༌། འཇིག་རྟེན་(༡༢༩བ)


K800_Page_268
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རང་རྒྱུད་པ་རང་གི་ལུགས་ཀྱི་གྲུབ་མཐའ་དང་འགལ་བས་མི་འཐད་པའི་ཚུལ་གོང་དུ་འདིའི་ཐད་ཀྱི་ཚིག་གསལ་ལ་འགྲེལ་པ་ཞིབ་བསེད་བྱས་པའི་སྐབས་སུ་བཤད་པས་ལེགས་པར་གྲུབ་མོད། ཐ་སྙད་དུ་གཞན་ལས་སྐྱེ་ན་མི་འཐད་དེ། འཐད་ན་དངོས་པོ་ཐམས་ཅད་རྒྱུད་ཆད་པར་ཐལ་བ་སོགས་ཀླུ་སྒྲུབ་ཡབ་སྲས་ཀྱི་རིགས་པས་གནོད་པའི་ཕྱིར། གཉིས་པ་ནི། བདག་ལས་སྐྱེ་བར་འདོད་ན་བསྐྱེད་པར་བྱ་དང་སྐྱེད་བྱེད་དང༌། །ལས་དང་བྱེད་པ་པོ་ཡང་གཅིག་ཉིད་འགྱུར་ན་དེ་དག་ནི། །གཅིག་ཉིད་མ་ཡིན་པས་ན་བདག་ལས་སྐྱེ་བར་ཁས་བླང་བར། །བྱ་མིན་རྒྱ་ཆེར་བཤད་པའི་ཉེས་པར་ཐལ་བར་འགྱུར་ཕྱིར་རོ། །འབྲས་བུ་དེ་དག་ནི་བདག་ལས་སྐྱེ་བར་འདོད་ན་མི་རིགས་ཏེ། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དང་ལས་དང་བྱེད་པ་པོ་ཡང་གཅིག་ཉིད་དུ་འགྱུར་བ་ཁོ་ནའི་ཕྱིར། མི་རིགས་པ་མ་ཡིན་པར་རིགས་པ་དེ་ལྟར་ན་ཕ་བུ་དང་མེ་དང་བུད་ཤིང་སོགས་གཅིག་པ་ཉིད་དུ་ཐལ་བ་ལས། དེ་ལྟར་མ་ཡིན་པས་ན་བདེན་གཉིས་ཀྱི་དོན་འཁྲུལ་མེད་ལ་འཇུག་ན་དངོས་པོ་རྣམས་བདག་ལས་སྐྱེ་བར་ཁས་བླང་བར་བྱ་བ་མ་ཡིན་ཏེ། སློབ་དཔོན་གྱིས། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་དང་སྐྱེད་པ་གཅིག་ཏུ་འགྱུར། །ཞེས་སོགས་ཀྱིས་རྒྱ་ཆེར་བཤད་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །


previousབདག་སྐྱེ་དགག་པ།next