Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
གཞན་སྐྱེ་དགག་པ།
   
   
   
   
   
   
   
   
   
   
   


 
previousགཞན་སྐྱེ་དགག་པ།next

གཞན་སྐྱེ་དགག་པ།


K800_Page_269
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། དགག་པ་དངོས་དང༌། ཞར་ལས་རྣམ་རིག་པའི་ལུགས་དགག་པའོ།།དང་པོ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། འདིར་རང་གི་སྡེ་པ་རྣམས་ན་རེ། དངོས་པོ་རྣམས་བདག་ལས་འབྱུང་བར་མི་འགྱུར་ཞེས་པ་ནི་རིགས་ཏེ། རང་ལས་སྐྱེ་བ་དོན་མེད་པའི་ཕྱིར་རོ། །གཉིས་ཀ་ལ་སྐྱེ་བ་མ་ཡིན་པའང་རིགས་ཏེ། ཡན་ལག་གཅིག་མ་ཚང་བའི་ཕྱིར། རྒྱུ་མེད་པའི་ཕྱོགས་ནི་ཤིན་ཏུ་ཐ་ཆད་པ་ཡིན་པས་དེ་རྣམས་དགག་པ་ཡང་རིགས་ན། གང་འདི་སྐད་དུ། གཞན་དག་ལས་ལྟ་ག་ལ་ཞིག་(༡༣༠ན)


K800_Page_270
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སྨྲ་བ་དེ་ནི་མི་རིགས་སོ། །འདི་ལྟར་གཞན་དུ་གྱུར་པའི་རྐྱེན་བཞི་པོ་རྒྱུ་དང༌། དམིགས་པ་དང༌། དེ་མ་ཐག་པ་དང༌། བདག་པོའི་རྐྱེན་རྣམས་དངོས་པོ་རྣམས་ཀྱི་སྐྱད་པར་བྱེད་པའོ་ཞེས་བྱ་བའི་གསུང་རབས་ལ་བརྟེན་ནས་མི་འདོད་བཞིན་དུ་ཡང་གཞན་ལས་སྐྱེ་བ་ཁས་བླང་བར་བྱའོ། །དེ་ལ་ཁ་ཅིག་ན་རེ། རྒྱུའི་རྐྱེན་ནི་རྒྱུ་དྲུག་གི་ནང་ནས་བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་སྟེ། ལྷན་ཅིག་འབྱུང་བ་དང༌། སྐལ་མཉམ་དང༌། མཚུངས་ལྡན་དང༌། ཀུན་འགྲོ་དང༌། རྣམ་སྨིན་གྱི་རྒྱུ་རྣམས་དེར་ངེས་པའི་ཕྱིར། མཛོད་ལས། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །ཅེས་སོ། །རྣམ་ཤེས་དྲུག་གིས་སོ་སོར་ཅི་རིགས་པར་དམིགས་པར་བྱ་བའི་ཆོས་ཐམས་ཅད་ནི་དམིགས་པའི་རྐྱེན་ཏེ། མཛོད་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་སོ། །ལྷག་མེད་མྱང་འདས་ལ་འཇུག་ཀའི་སེམས་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་དེ་མ་ཐག་རྐྱེན་ཏེ། མཛོད་ལས། སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །ཅེས་འབྱུང་བའི་ཕྱིར། བྱེད་རྒྱུ་ནི་བདག་པོའི་རྐྱེན་ནོ་ཞེས་བྱ་བ་ནི་རྒྱུ་དྲུག་རྐྱེན་བཞིར་སྨྲ་བ་བྱེ་སྨྲའི་ལུགས་སོ།།རྐྱེན་བཞི་རྐྱང་པ་ལས་དངོས་པོ་སྐྱེ་བར་སྨྲ་བ་མདོ་སྡེ་པ་གཞན་དག་ན་རེ། སྒྲུབ་བྱེད་རྒྱུའི་མཚན་ཉིད་ལས་སམ་སྐྱེད་བྱེད་ས་བོན་གྱི་ངོ་བོར་གནས་པ་ནི་རྒྱུའི་རྐྱེན་ཡིན་ལ། སྐྱེས་བུ་རྒན་པོ་འཁར་བ་ལ་བརྟེན་ནས་ལྡང་བ་ལྟར་སེམས་དང་སེམས་ལས་བྱུང་བ་རྒྱུ་ལས་སྐྱེ་བཞིན་པ་གང་གིས་བསྐྱེད་པར་འགྱུར་བ་དེ་ནི་དམིགས་པའི་རྐྱེན་ཏེ། སྐྱེ་བཞིན་པའི་ཆོས་ཉིད་ཀྱི་རྟེན་ཡིན་ནོ། །རྒྱུ་འགགས་མ་ཐག་པ་ནི་འབྲས་བུ་སྐྱེ་བའི་དེ་མ་ཐག་རྐྱེན་ཏེ། ས་བོན་འགགས་མ་ཐག་པའི་ཞིག་པ་མྱུ་གུའི་དེ་མ་ཐག་(༡༣༠བ)


K800_Page_271
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཡིན་པ་ལྟ་བུའོ། །དེ་མ་ཐག་རྐྱེན་ལ་བྱེ་སྨྲས་སེམས་སེམས་བྱུང་རང་གི་རིས་འདྲ་སྔ་མ་འཇིག་པའི་དངོས་པོ་དེ་མ་ཐག་རྐྱེན་དང༌། མདོ་སྡེ་པས་སེམས་སེམས་བྱུང་རང་གི་རིགས་འདྲ་སྔ་མ་འགགས་པའི་ཞིག་པ་དངོས་མེད་དེ་མ་ཐག་རྐྱེན་དུ་འཇོག་མོད། གྲུབ་མཐའ་སྔ་མ་བཟང་སྟེ། (འོ་ན་ཙོང་ཁ་པས། ཞིག་པ་དངོས་པོར་སྨྲ་བ་དེ་རིགས་པར་འགྱུར་ཏེ། མདོ་སྡེ་པས་དེ་མ་ཐག་རྐྱེན་གྱི་ཞིག་པ་དངོས་པོར་སྨྲ་བའི་ཕྱིར་སྙམ་ན། ཁས་ལེན་ཚུལ་མི་འདྲ་སྟེ། བྱེ་སྨྲས་དངོས་པོ་ཕྱི་མའི་དེ་མ་ཐག་གི་དངོས་པོ་སྔ་མ་རང་དུས་སུ་འཇིག་གི། ཕྱི་མ་སྐྱེ་བའི་གོ་འབྱེད་བྱེད་དེ་ཕྱི་མའི་དེ་མ་ཐག་རྐྱེན་དང༌། དེ་ཉིད་ཞིག་པའི་མལ་དུ་ཕྱི་མའི་དངོས་པོ་ཐོབ་པར་བྱེད་པའི་ཆ་ནས་ཞིག་པ་དངོས་པོར་འཇོག་གི། ཞིག་པོ་ཉིད་དངོས་པོར་མི་འཇོག་ཅིང༌། མདོ་སྡེ་པས་ཞིག་པ་དངོས་མེད་དུ་འདོད་པས་དངོས་པོར་མི་འདོད་ལ། དངོས་མེད་ཀྱི་ཞིག་པས་དངོས་རྐྱེན་བྱེད་པ་རྣལ་འབྱོར་སྤྱོད་པའི་རིགས་པས་བཀག་པ་སྔོན་གྱི་སློབ་དཔོན་རྣམས་ཀྱི་གཞུང་དུ་རྒྱ་ཆེར་འབྱུང་ངོ༌། །མཆན།( དངོས་མེད་དངོས་པོའི་རྐྱེན་དུ་མི་འོང་བའི་ཕྱིར། གང་ཡོད་ན་གང་འབྱུང་བ་དེ་ནི་བདག་པོའི་རྐྱེན་ཏེ། རྒྱུ་དྲུག་གི་ནང་གི་བྱེད་རྒྱུ་དེ་ཉིད་རྐྱེན་དུ་བསྡུ་ན་བདག་རྐྱེན་དུ་བསྡུའོ། །ཡང་རྐྱེན་གཞན་ལྷན་ཅིག་ཏུ་སྐྱེ་བ་མྱུ་གུ་དང༌། མྱུ་གུའི་གྲིབ་མ་དང༌། མར་མེ་དང་མར་མེའི་འོད་ལྟ་བུ་ནི་བདག་རྐྱེན་གྱི་ཁོངས་སུ་འདུ། ཕྱིས་ནས་སྐྱེ་བའི་ཤེས་བྱ་མ་འོངས་པ་རྣམ་ཤེས་ད་ལྟ་བའི་རྒྱུར་གྱུར་པ་དང༌། འབྲས་བུ་རྒྱུའི་སྔར་སྐྱེ་བ་བྱ་འཚེར་བ་དང་ཉ་འཕར་བ་ནི་ནམ་ལངས་པ་དང་ཆར་འབབ་པའི་རྒྱུས་བྱས་པས་རྒྱུའི་རྐྱེན་གྱི་ཁོངས་སུ་འདུ་ལ། དབང་ཕྱུག་སོགས་ནི་དངོས་པོ་བསྐྱེད་པ་ལ་རྐྱེན་ལྔ་པ་མ་ཡིན་ཏེ། དེ་དག་དངོས་པོ་བསྐྱེད་པ་ལ་རིམ་དང་གཅིག་ཅར་གྱི་དོན་བྱེད་པས་སྟོང་པའི་ཕྱིར་ཞེས་སྨྲའོ། །གཉིས་པ་ལ། གཞན་ལས་སྐྱེ་བ་བདེན་པ་གཉིས་ཀར་དགག་པ་དང༌། བཀག་པས་(༡༣༡ན)


K800_Page_272
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དོན་དང༌། བཀག་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ། གཞན་ལས་སྐྱེ་བ་དེ་ཁོ་ནར་དགག་པ་དང༌། ཐ་སྙད་དུ་དགག་པའོ། །དང་པོ་ལ། རྒྱུ་འབྲས་དོན་གཞན་ཡིན་ན་ཧ་ཅང་ཐལ་བ་བརྗོད། སྔ་ཕྱི་དུས་མཉམ་ལ་རྒྱུ་འབྲས་དོན་གཞན་མི་སྲིད་པར་བསྟན། མཐའ་བཞིར་བརྟགས་ཏེ་འབྲས་བུ་རྒྱུ་ལ་བལྟོས་པའི་དུས་མི་སྲིད་པའོ། །དང་པོ་ལ། ཧ་ཅང་ཐལ་བ་དངོས་དང༌། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང༌། །ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེད་པར་བྱེད་པ་མ་ཡིན་མ་ལུས་ལ་ཡང་གཞན་ཉིད་མཚུངས། །འདིར་གཞན་ལས་སྐྱེ་བ་འཐད་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་མངོན་པ་ལ་སོགས་པར་རྐྱེན་བཞི་ལས་སྐྱེས་ཞེས་གསུངས་པ་ནི་དགོས་པའི་དབང་གིས་དྲང་དོན་ཐ་སྙད་ཙམ་དུ་གསུངས་པ་ཡིན་གྱི། བདེན་པ་གཉིས་ཀར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་སྲིད་པ་མིན་ན་དེ་ལྟ་བུའི་རྒྱུ་རྐྱེན་དངོས་པོ་བ་འགའ་ཡང་གར་སྲིད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ངེས་པར་གཞན་ལས་སྐྱེ་བར་གསུངས་པ་ཡང་མ་ཡིན་ཏེ། རྟེན་ཅིང་འབྲེལ་འབྱུང་ཙམ་ཡིན་པའི་ཕྱིར། སྡེ་པ་གཞན་དག་རང་མཚན་དུ་གྲུབ་པའི་རྐྱེན་བཞི་འདོད་ནས་དེ་གཞན་སྐྱེར་སྨྲ་བ་ནི་བཅོམ་ལྡན་འདས་ཀྱི་དགོངས་པ་མིན་ཏེ། ལུང་རིགས་དང་འགལ་བའི་ཕྱིར། རྒྱུ་གཞན་ལ་བརྟེན་ནས་གལ་ཏེ་འབྲས་བུ་གཞན་ཞིག་འབྱུང་བར་འགྱུར་ན་ནི། འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང༌། ཞེས་དེར་ཐལ། གཞན་ཉིད་ཡིན་པའི་ཕྱིར། འདོད་ནུས་པའང་མིན་ཏེ། དེ་ལྟར་མཐོང་བས་བསལ་བའི་ཕྱིར། སློབ་དཔོན་གྱིས། རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གསུངས་སོ། །རྒྱུ་དང་རྒྱུ་མིན་ཐམས་ཅད་ལས་ཀྱང་(༡༣༡བ)


K800_Page_273
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མཐུན་གྱི་འབྲས་བུ་དང་འབྲས་བུ་མིན་པ་ཐམས་ཅད་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་སཱ་ལུའི་མྱུ་གུའི་སྐྱེད་པར་བྱེད་པ་མིན་པ་མེ་དང་སོལ་བ་སོགས་མ་ལུས་པ་ལའང་སཱ་ལུའི་མྱུ་གུ་ལས་གཞན་ཉིད་དུ་མཚུངས་པའི་ཕྱིར། སཱ་ལུའི་མྱུ་གུ་ལས་སཱ་ལུའི་ས་བོན་གཞན་ཡིན་པ་བཞིན་ནོ། །འདོད་དོ་ཞེ་ན། མངོན་སུམ་གྱིས་བསལ་བས་ག་ལ་འགྲུབ། གཉིས་པ་ལ། ཉེས་སྤོང་གི་ལན་དང༌། དེ་དགག་པའོ། །དང་པོ་ནི། རབ་ཏུ་བྱ་བར་ནུས་པ་དེ་ཕྱིར་འབྲས་བུར་ངེས་བརྗོད་ཅིང༌། །གང་ཞིག་དེ་སྐྱེད་ནུས་པ་དེ་ནི་གཞན་ནའང་རྒྱུ་ཡིན་ལ། །རྒྱུད་གཅིག་གཏོགས་དང་སྐྱེད་པར་བྱེད་ལས་སྐྱེ་བ་དེ་ཡི་ཕྱིར། །ས་ལུའི་མྱུ་གུ་ནས་ལ་སོགས་ལས་དེ་ལྟ་མིན་ཞེ་ན། །རྒྱུ་འབྲས་གཞན་ཡིན་ཀྱང་ཐམས་ཅད་ལས་ཐམས་ཅད་མི་འབྱུང་སྟེ། རྒྱུ་འབྲས་ངེས་པ་མཐོང་བའི་ཕྱིར། རྒྱུ་གང་གིས་རབ་ཏུ་འབྲས་བུ་བསྐྱེད་པར་བྱ་བར་ནུས་པ་དེའི་ཕྱིར་དེས་དེ་བསྐྱེད་པ་ནི་དེའི་འབྲས་བུར་ངེས་པར་བརྗོད་ཅིང༌། འབྲས་བུ་གང་ཞིག་དེ་བསྐྱེད་པར་ནུས་པ་དེ་ནི་འབྲས་བུ་ལས་གཞན་ཡིན་ན་ཡང་རྒྱུ་ཡིན་ལ། དེས་ན་གཞན་ཁྱད་པར་ཅན་ཁོ་ནས་རྒྱུ་དང་འབྲས་བུར་འགྱུར་གྱི། གཞན་དུ་གྱུར་པ་སྤྱི་ཙམ་རྒྱུར་བཟུང་ནས་གཞན་པའི་སྤྱི་ལྡོག་གིས་འབྲས་བུ་ཐམས་ཅད་བསྐྱེད་པར་ནི་མ་སྨྲས་ཤིང༌། དེ་ཡང་སཱ་ལུའི་ས་མྱུག་ལྟར་རྒྱུད་གཅིག་གཏོགས་དང་འབྲས་བུ་སྐད་ཅིག་སྐྱེད་པར་བྱེད་པ་སྐད་ཅིག་བར་མ་ཆོད་པའི་རྒྱུ་ལས་སྐྱེ་བ་དེའི་ཕྱིར་སཱ་ལུའི་མྱུ་གུ་སོགས་ནས་ཀྱི་ས་བོན་སོགས་ལས་འབྱུང་བ་དེ་ལྟར་མ་ཡིན་ནོ་ཞེ་ན། གཉིས་པ་ནི། ཇི་ལྟར་ནས་དང་གེ་སར་དང་ནི་ཀེང་ཤུ་ཀ་ལ་སོགས། །སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པར་འདོད་མིན་ནུས་ལྡན་མིན། །རྒྱུད་གཅིག་ཁོངས་སུ་གཏོགས་མིན་འདྲ་བ་མ་ཡིན་ཉིད་དེ་བཞིན། །སཱ་ལུའི་ས་བོན་ཡང་ནི་དེ་ཡི་མིན་ཏེ་གཞན་ཉིད་ཕྱིར། །འདི་མི་རིགས་ཏེ་སཱ་ལུའི་མྱུ་གུའི་རྒྱུ་ནི་སཱ་ལུའི་ས་བོན་དང༌། སཱ་ལུའི་ས་བོན་གྱི་འབྲས་བུ་ནི་སཱ་ལུའི་མྱུ་གུ་ཁོ་ན་ཡིན་གྱི། གཞན་ནས་སོགས་ལས་སྐྱེ་བ་མ་ཡིན་ནོ་ཞེས་པ་འདི་ལ་སྒྲུབ་བྱེད་ཅི་ཞིག་ཡོད། ངེས་པ་མཐོང་བའི་ཕྱིར་ཞེས་པ་ནི་བསྒྲུབ་བྱ་དང་མཚུངས་པའི་ཕྱིར་མ་གྲུབ་ལ། གྲུབ་སྟེ་མིག་གིས་མངོན་སུམ་དུ་མཐོང་བའི་ཕྱིར་ཞེ་ན། མིག་གིས་སཱ་ལུའི་ས་བོན་དང་མྱུ་གུ་ཙམ་མཐོང་དུ་ཆུག (༡༣༢ན)


K800_Page_274
[མ་དཔེ་གཟིགས་ན་འདིར་གནོན།]

ས་མྱུག་རྫས་གཞན་དེ་ལས་དེ་སྐྱེ་བར་མཐོང་བ་མ་གྲུབ་སྟེ། མཐོང་ན་ས་བོན་ཞིག་ནས་སྐྱེའམ་མ་ཞིག་པར་སྐྱེ། མ་ཞིག་པར་སྐྱེ་ན་རྟག་པར་འགྱུར་ལ། ཞིག་ནས་སྐྱེ་ན་ཆད་པར་འགྱུར་བའི་ཕྱིར། གལ་ཏེ་རྩ་རྟགས་གྲུབ་ཏུ་ཆུག དེ་ཙམ་གྱིས་རྒྱུ་འབྲས་རྫས་གཞན་བསླུ་མེད་སོ་སོར་ངེས་པས་མ་ཁྱབ་སྟེ། འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་གཉིད་ཀྱིས་མཐོང་བ་ཡིན། །ཅེས་འབྱུང་བའི་ཕྱིར། ཁྱད་པར་གཞན་གྱི་སྤྱི་མ་བཟུང་གི། ཁྱད་པར་བཟུང་ངོ་ཞེས་པས་ནི་ཁྱད་པར་བཟུང་བ་མི་འགལ་སྟེ། ཁྱབ་བྱེད་གཞན་གྱི་སྤྱི་བཀག་ན་དེའི་ཁྱབ་བྱའི་གཞན་ཁྱད་པར་བ་དག་ཀྱང་མི་འགྲུབ་པའི་ཕྱིར་ཞེས་སཱ་ལུའི་ས་བོན་ཡང་ནི་སཱ་ལུའི་མྱུ་གུ་དེའི་སྐྱེད་བྱེད་མ་ཡིན་པ་དང༌། ནུས་ལྡན་མ་ཡིན་པ་དང༌། རྒྱུད་གཅིག་ཏུ་གཏོགས་པ་མ་ཡིན་པ་དང༌། རིས་འདྲ་མིན་པར་འགྱུར་ཏེ། སཱ་ལུའི་མྱུ་གུ་ལས་གཞན་ཉིད་ཡིན་པའི་ཕྱིར། ཇི་ལྟར་ནས་དང་པདྨའི་གེ་སར་དང་ནི་མེ་ཏོག་ཀིང་ཤུ་ཀ་ལ་སོགས་པ་རྣམས་སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པར་འདོད་པ་མིན་ཏེ། སཱ་ལུའི་མྱུ་གུ་བསྐྱེད་པའི་ནུས་ལྡན་མིན་པ་དང༌། རྒྱུད་གཅིག་ཁོངས་སུ་གཏོགས་པ་མིན་པ་དང༌། རིགས་འདྲ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། གཞན་ཡིན་པའི་ཕྱིར་ཚུལ་དེ་ཇི་ལྟ་བ་དེ་བཞིན་ནོ། །འདིར་སློབ་དཔོན་ཕྱྭ་པ་ན་རེ། དངོས་སྨྲ་བས་རྒྱུས་འབྲས་བུ་བསྐྱེད་ན་འབྲས་བུ་ལས་གཞན་པའི་རྒྱུ་ལས་སྐྱེ་བྱས་ཀྱི། གཞན་ལས་སྐྱེ་ན་རྒྱུ་འབྲས་ཡིན་པའི་ཁྱབ་པ་ཁས་མ་བླངས་པས་སློབ་དཔོན་ཟླ་བས་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་བའི་སྐྱོན་བརྗོད་དེ་དངོས་སྐྱོན་དུ་མ་སོང་ངོ་ཞེས་སྨྲའོ། །དེ་ནི་ཐལ་འགྱུར་བའི་གཞན་(༡༣༢བ)


K800_Page_275
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་བརྗོད་པའི་རིགས་པའི་གནད་མ་གོ་བའི་བྱུང་རྒྱལ་དུ་སྨྲས་པར་ཟད་དེ། ཐལ་འགྱུར་བས་ནི་རྒྱུས་འབྲས་བུ་བསྐྱེད་ན་འབྲས་བུ་ལས་གཞན་པའི་རྒྱུས་བསྐྱེད་པར་རྒོལ་བ་ཁྱོད་ཀྱིས་ཁས་བླངས་ན། རྒྱུ་གཞན་གྱིས་འབྲས་བུ་གཞན་བསྐྱེད་ན་དངོས་པོའི་འབྲས་བུ་གང་དག་དེ་ལས་གཞན་པའི་རྒྱུ་ཐམས་ཅད་ཀྱིས་བསྐྱེད་པར་འགྱུར་བ་ཁྱོད་རང་གིས་ཚིག་ཟིན་ལ་ཁར་འབྱིན་མི་འབྱིན་ཅི་ཡིན་ཀྱང༌། ཁྱབ་པ་སྔ་མ་ཁས་ལེན་པ་རིགས་ན། ཁྱབ་པ་ཕྱི་མ་རྒྱུ་མཚན་མཚུངས་པའི་མགོ་སྙོམས་ཀྱིས་ཁྱོད་རང་དངོས་སྨྲ་བ་ལ་དོན་གྱིས་གྲུབ་པ་གཞིར་བྱས་ནས་མེ་ལྕེ་ལས་མུན་པ་འཐུག་པོ་འབྱུང་བར་ཐལ། གཞན་ཉིད་ཡིན་པའི་ཕྱིར་ཞེས་བརྗོད་པ་ཡིན་གྱི། ཐལ་འགྱུར་བས་ནི་དངོས་སྨྲ་བའི་ཁྱབ་པ་སྔ་ཕྱི་དེ་འདྲ་གར་ཡང་རང་ལུགས་ཀྱིས་ཁས་མ་བླངས་ཤིང༌། དེ་ལྟར་ན་སློབ་དཔོན་ཟླ་བས་འདི་སྐབས་དངོས་སྨྲ་བ་ལ་དངོས་སྐྱོན་བརྗོད་པར་ཡང་གནོད་མེད་དུ་གྲུབ་པའི་ཕྱིར། དེས་ན་དབུ་མ་ཐལ་འགྱུར་བས་འཇིགས་མེད་སེང་གེའི་སྒྲ་ཆེན་ཇི་ཙམ་བསྒྲགས་ཀྱང་རྟོག་གེའི་སྲིན་བུ་དག་གི་རྣ་བར་ཡེ་མི་ཐོས་པ་ནི་དབུ་མ་པའི་སྐྱོན་མིན་གྱི། རྟོག་གེ་པ་རང་གི་སྐལ་བ་དམན་པའི་སྐྱོན་ནོ། །དབུ་མར་སྨྲ་བའི་སྐབས་འདིར་གཞན་སྐྱེ་བདེན་པ་གཉིས་ཀར་དགག་པར་བྱ་བ་ཁོ་ན་ཡིན་པ་ལ། བོད་གང་དག་དབུ་མ་པས་ཡུལ་རང་ངོས་ནས་བདེན་པར་གྲུབ་པའི་གཞན་སྐྱེ་འགོག་པ་ཡིན་གྱི། དབུ་མ་པས་ཀྱང་ཐ་སྙད་ཚད་གྲུབ་ཀྱི་སྐྱེ་བ་སྨྲ་བ་དང་བསྟུན་ན་བདག་སྐྱེ་སོགས་གསུམ་ཁས་བླང་བར་མི་རིགས་པའི་ཕྱིར། དེའི་ཚེ་གཞན་སྐྱེ་ཁས་ལེན་པ་ལས་འོས་མེད་དོ་ཞེས་སྨྲ་བ་དེ་ནི་རིགས་པ་མ་ཡིན་ཏེ། བློ་གྲོས་དུག་ཅན་ཞིག་གིས་ཟོལ་ཚིག་ཏུ་སྨྲས་པར་སྣང་བའི་ཕྱིར། དེ་ལྟར་ཟོལ་ཚིག་ཏུ་(༡༣༣ན)


K800_Page_276
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ན་དངོས་བསྟན་ཐ་སྙད་པའི་ཚད་མ་སྨྲ་བ་དང་བསྟུན་ནས་གཞན་སྐྱེ་ཁས་ལེན་གྱི། སྐྱེ་བ་གཞན་ཁས་མི་ལེན་ལ། ཚིག་དེའི་ཤུགས་ལས་རིགས་པས་དཔྱད་ངོར་གཞན་སྐྱེ་ཁས་མི་ལེན་ནོ་ཞེས་སྨྲས་མོད། དེ་ལྟར་སྨྲས་པས་ནི་ཞེན་དོན་ལ་དཔྱད་ངོར་གཞན་སྐྱེ་ཁས་དོན་གྱིས་ལེན་པར་འདོད་ནས་དེ་སྐད་དུ་སྨྲས་པར་གསལ་ཏེ། ཐ་སྙད་ཀྱི་ཚད་མས་སྐྱེ་བ་གཞན་གསུམ་མི་འགྲུབ་ལ། གཞན་སྐྱེ་འགྲུབ་པར་རིགས་པར་སྨྲས་པས་སྨྲ་བ་དེ་ཉིད་རིགས་པས་དཔྱད་ནས་གཞན་སྐྱེ་སྨྲ་བར་སོང་བའི་ཕྱིར། རིགས་པས་དཔྱད་ནས་དེར་བརྗོད་པ་མིན་ན་ཐ་སྙད་ཚད་མས་སྐྱེ་བ་གཞན་གསུམ་མི་འཐད་ལ། གཞན་སྐྱེ་འཐད་པའི་ཁྱད་པར་ཡང་མི་འགྲུབ་པའི་ཕྱིར། དེས་ན་ཁྱེད་ཅག་དཔྱད་པའི་སྐྱེ་བ་དོན་ལ་ཁས་ལེན་པ་སྦེད་པའི་ཟོལ་ཚིག་ཏུ་ཐ་སྙད་ཚད་མའི་ངོར་ཐ་སྙད་དུ་སྐྱེ་ན་གཞན་ལས་སྐྱེ་དགོས་ཞེས་སོགས་སྨྲ་བ་འདི་ནི་དཔལ་མགོན་ཀླུ་ཞབས་ཀྱི་དབུ་མའི་དགོངས་དོན་མཐར་ཐུག་དཔྱིས་ཕྱིན་པ་མ་ཡིན་ཏེ། མྱུ་གུ་ལྟ་བུ་བདག་གཞན་གང་ལས་སྐྱེ་ཞེས་དཔྱོད་པའི་རིགས་ངོར་མྱུ་གུ་མི་སྐྱེ་བར་ཁས་ལེན་པ་མགོན་པོ་ཀླུའི་དགོངས་པ་ཡིན་པའི་ཕྱིར་དང༌། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། ཅེས་པ་དང་འགལ་ཏེ། ཐ་སྙད་ཚད་གྲུབ་ཀྱི་གཞན་སྐྱེ་དབུ་མ་པའི་ལུགས་ལ་ཡོད་པའི་ཕྱིར། མདོར་ན་དབུ་མར་སྨྲ་བའི་ལུགས་ལ་གཞན་སྐྱེ་ཁས་ལེན་པ་དེ་ལ་ནི་དཔྱད་པའི་སྐྱེ་བ་དང༌། རིགས་ངོའི་སྐྱེ་བ་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་བ་དང༌། རྒྱུ་འབྲས་རྫས་ཐ་དད་དང༌། ཕན་ཚུན་བལྟོས་པ་མེད་པ་དང༌། བྱ་བྱེད་དོན་གཞན་དང༌། རྒྱུ་འབྲས་དུས་མཉམ་པ་དང༌། རྒྱུ་འབྲས་གཉིས་ཀ་རྒྱུ་མེད་དུ་འགྱུར་བ་སོགས་སྐྱོན་(༡༣༣བ)


K800_Page_277
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་པ་ཁས་ལེན་དགོས་པས་ཀླུ་སྒྲུབ་ཡབ་སྲས་རྗེས་འབྲངས་དང་བཅས་པའི་ལུགས་བཟང་ལས་བཟློག་པར་སྨྲ་བའི་དབུ་མ་ཐལ་འགྱུར་བ་གང་ན་ཡོད་ཀྱང་ངོ་མཚར་མི་ཆེའམ། རང་རྒྱུད་པ་རྣམས་ཀུན་རྫོབ་ཏུ་གཞན་ལས་སྐྱེ་བ་ནི་བཅོམ་ལྡན་འདས་ཀྱིས་རང་སྡེ་ལ་སོགས་པ་དང་ཐུན་མོང་དུ་བཀའ་སྩལ་པས་དེ་ལྟར་ཁས་ལེན་དགོས་སོ་ཞེ་ན། དེ་ཡང་མི་རིགས་ཏེ། གང་ལ་བརྟེན་ནས་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་ཡང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་པའང་མིན། །ཅེས་དང༌། རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །ཞེས་སོགས་དང༌། ཆད་དང་ལས་རྣམས་ཆུད་ཟ་དང༌། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང༌། །དེ་ལ་སོགས་པ་ཐལ་བར་འགྱུར། །ཞེས་སོགས་རྒྱུ་འབྲས་གཞན་དུ་འདོད་པ་ལ་སློབ་དཔོན་གྱིས་སྐྱོན་མཐའ་ཡས་པ་གསུངས་པ་རྣམས་རང་རྒྱུད་པ་ལ་འཇུག་པའི་ཕྱིར། འོན་ཏེ་ཐ་སྙད་ལ་རིགས་པའི་དཔྱད་པ་མི་འཇུག་སྟེ། མ་བརྟགས་གཅིག་པུར་ཉམས་དགའ་ཡིན་པའི་ཕྱིར་སྙམ་ན། དེ་ལྟར་ན་ཐ་སྙད་བདེན་པ་གྲུབ་མཐའ་སྨྲ་བ་དང་སྒོ་བསྟུན་དོན་ཡང་མེད་པས་ཀུན་རྫོབ་ཐ་སྙད་པར་གཞན་སྐྱེ་ཁས་ལེན་པའི་དོན་ཡང་མེད་ལ། དབུ་མ་པས་འཇིག་རྟེན་ཐ་སྙད་ལྟར་མ་བརྟགས་གཅིག་པུར་ཉམས་དགར་སྨྲ་ན། བདག་གཞན་གྱི་སྐྱེ་བ་འཐད་མི་འཐད་སོགས་གང་ཡང་མི་དཔྱོད་པར་སྐྱེ་བ་དགག་གོ་ཞེས་པ་ཙམ་ཞིག་སྨྲ་བསམ་གྱིས་བརྗོད་ནས་བླང་དོར་བྱས་པས་དེ་ཙམ་གྱིས་དགོས་དོན་འགྲུབ་པས་དེ་ཉིད་ཀྱིས་ཆོག་པ་དེ་ལས་གཞན་བཙལ་ཅི་དགོས། (༡༣༤ན)


K800_Page_278
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། སྔ་ཕྱི་ལ་གཞན་མི་སྲིད་པས་གཞན་སྐྱེ་མི་འཐད་པ་དང༌། དུས་མཉམ་ལ་སྐྱེ་བ་མི་སྲིད་པས་གཞན་སྐྱེ་མི་འཐད་པའོ། །དང་པོ་ལ། དངོས་དང༌། ཉེས་སྤོང་གི་དཔེ་དགག་པའོ། །དང་པོ་ནི། མྱུ་གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་ཏེ། །གཞན་ཉིད་མེད་པར་ས་བོན་གཞན་པ་ཉིད་དུ་ག་ལ་འགྱུར། །དེས་ན་མྱུ་གུ་ས་བོན་ལས་སྐྱེ་འགྲུབ་པར་འགྱུར་མིན་པས། །གཞན་ལས་སྐྱེ་བ་ཡིན་ཞེས་བྱ་བའི་ཕྱོགས་འདི་གཏང་བར་བྱོས། །དེ་ལྟར་གཞན་སྐྱེ་གཞན་གྲགས་ཀྱི་གྲུབ་མཐར་རྗེས་བརྗོད་དུ་བྱས་ནས་སུན་འབྱིན་བརྗོད་པ་ཡིན་ལ། ད་ནི་རྒྱུ་འབྲས་གཞན་མི་སྲིད་པའི་ཕྱིར་སྟོན་ཏེ། འདིར་དངོས་སྨྲ་བའི་རྟོག་གེ་པ་ཁ་ཅིག་རྒྱུ་འབྲས་དུས་མཉམ་མི་འདོད་དེ། དེ་གཉིས་དུས་མཉམ་ན་དགོས་ནུས་གང་ཡང་མེད་པའི་ཕྱིར་ཏེ། འབྲས་བུ་མ་གྲུབ་ན་རྒྱུ་ཡང་མ་གྲུབ། རྒྱུ་གྲུབ་ན་འབྲས་བུ་ཡང་གྲུབ་ཟིན་པས་ཕན་ཚུན་བསྐྱེད་བྱ་སྐྱེད་བྱེད་དུ་མ་སོང་ངོ་སྙམ་མོ། །ལུགས་དེར་རྒྱུ་འབྲས་གཞན་མི་སྲིད་དེ། བྱམས་པ་དང་ཉེར་སྦས་ཕན་ཚུན་བལྟོས་ནས་གཞན་ཙམ་དུ་བཞག་ཀྱང་དེ་འདྲ་ལ་གཞན་གྱུར་གྱི་རྒྱུ་འབྲས་མི་འགྲུབ་པའི་ཕྱིར། མྱུ་གུ་ས་བོན་དང་ནི་གཅིག་ཅར་དུས་མཉམ་ཡོད་པ་མ་ཡིན་ཏེ། ས་བོན་མ་འགྱུར་བར་མྱུ་གུ་མེད་པའི་ཕྱིར། ས་བོན་དེ་ཚེ་གཞན་མྱུ་གུ་ཉིད་མེད་པར་ས་བོན་མྱུ་གུ་ལས་གཞན་པ་ཉིད་དུ་ག་ལ་འགྱུར་ཏེ། གཞན་དང་གཞན་དུ་གྱུར་བ་དེར་མེད་པའི་ཕྱིར། དེས་ན་མྱུ་གུ་ས་བོན་དོན་གཞན་ལས་སྐྱེ་བ་འགྲུབ་པར་འགྱུར་བ་མིན་པས་དེའི་ཕྱིར་དངོས་པོ་གཞན་ལས་སྐྱེ་བ་ཡིན་ཅེས་བྱ་བའི་ཕྱོགས་ནི་བཏང་བར་བྱོས་ཤིག་གོ། །དེས་ན། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པར་ག་ལ་འགྱུར། །རྐྱེན་ལ་སོགས་ལ་ཞེས་པའི་ལ་སྒྲ་ནི་བདུན་པ་གནས་གཞི་སྟེ་རྐྱེན་སོགས་རྒྱུ་རྐྱེན་སོ་སོ་བའམ་ཚོགས་པ་འཁར་གཞོང་ལྟ་བུ་གཞན་ལ་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པ་མ་ཡིན་ཏེ། དངོས་(༡༣༤བ)


K800_Page_279
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རང་བཞིན་དུ་རྣམ་པར་མ་གྱུར་ན་ནི་དངོས་པོའི་རང་བཞིན་དུ་ཡོད་པ་མ་ཡིན་ལ། དེ་མ་ཡིན་ན་དངོས་པོ་དེ་མ་སྐྱེས་པ་ཉིད་ཀྱིས་རྐྱེན་ལ་སོགས་ལ་དེ་ཡོད་པར་ག་ལ་རུང་བའི་ཕྱིར། གང་དངོས་པོ་གང་ཞིག་ཡུལ་དུས་གང་ན་མེད་པ་དེ་ནི་རྐྱེན་སོགས་ཡོད་པ་དེ་ལས་སྐྱེ་བ་མིན་ཏེ། བྱེ་མ་དག་ལ་ཏིལ་མར་བཞིན། །ཅི་སྟེ་དེ་ནི་མེད་པར་ཡང༌། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མ་ཡིན་པ་དག་ལས་ཀྱང༌། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །ཞེས་སོ། །དངོས་པོའི་རང་བཞིན་དུ་གྱུར་པའི་དངོས་པོའི་རང་བཞིན་ནི་རྒྱུ་རྐྱེན་ལ་ཕན་ཚུན་རྫས་གཞན་དུ་ཡོད་པར་འདོད་ན་ནི་ཡང་རྒྱུ་འབྲས་དུས་མི་མཉམ་པའི་ཕྱོགས་བཏང་བར་བྱ་དགོས་སོ། །གཉིས་པ་ལ། ཉེས་སྤོང་གི་དཔེ་དང༌། དེ་དགག་པའོ། །དང་པོ་ནི། ཇི་ལྟར་སྲང་གི་མདའ་གཉིས་མཐོ་བ་དང་ནི་དམའ་བ་དག །དུས་མཉམ་མ་ཡིན་པར་ནི་མིན་པར་མཐོང་བ་དེ་བཞིན་དུ། །བསྐྱེད་པར་བྱ་དང་སྐྱེད་བྱེད་དག་གི་སྐྱེ་འགག་འགྱུར་ཞེ་ན། །ཡང་ས་མྱུག་དུས་མཉམ་དུ་མེད་དོ་ཞེས་པ་དེ་མི་རིགས་ཏེ། བསྐྱེད་པར་བྱ་བ་འབྲས་བུ་དང་སྐྱེད་པར་བྱེད་པ་རྒྱུ་དག་གི་སྐྱེ་བ་དང་འགག་པ་དུས་མཉམ་པར་འགྱུར་ཏེ། གང་གི་ཚེ་ས་བོན་འགགས་ཚེ་མྱུ་གུ་སྐྱེ་བའི་ཕྱིར། ས་མྱུག་དུས་མཉམ་གཞན་དུ་གྲུབ་སྟེ། ཇི་ལྟར་སྲང་གི་མདའི་མགོ་མཇུག་གཉིས་མཐོ་བ་དང་ནི་དམའ་བ་དག་གཅིག་ཅར་དུས་མཉམ་པ་མ་ཡིན་པ་ནི་མ་ཡིན་པར་མཐོང་བའི་ཕྱིར། དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ་ཞེ་ན། གཉིས་པ་ལ། དཔེ་དོན་མི་མཚུངས་པའི་རྒྱུ་མཚན་དང༌། དེའི་ལན་དགག་པའོ། །དང་པོ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། གལ་ཏེ་གཅིག་ཚེ་ཡིན་ན་འདིར་དུས་གཅིག་མེད་དེ་ཡང་མིན། །གལ་ཏེ་སྲང་གི་དཔེས་རྒྱུ་འབྲས་སྐྱེ་འཇིག་དུས་མཉམ་པར་རྟོགས་པ་མི་རིགས་ཏེ། དེ་གཉིས་མི་མཚུངས་པའི་ཕྱིར་ཏེ། དཔེ་སྲང་མདའི་མཐོ་དམན་དུས་གཅིག་ཅར་གྱི་ཚེ་བྱེད་པ་ཡིན་ན་ཡང་འདིར་དོན་རྒྱུ་འབྲས་ཀྱི་སྐྱེ་འགག་དུས་གཅིག་པ་མེད་པའི་ཕྱིར་དཔེ་དེས་དོན་དེ་ཡོད་(༡༣༥ན)


K800_Page_280
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ལན་འདེབས་བྱེད་པ་ནི་བཟང་པོ་མ་ཡིན་ནོ། །གཉིས་པ་ནི། གལ་ཏེ་སྐྱེ་བཞིན་པ་དེ་སྐྱེ་ལ་ཕྱོགས་པས་ཡོད་མིན་ཞིང༌། །འགག་བཞིན་པ་ནི་ཡོད་ཀྱང་འཇིག་ལ་ཕྱོགས་པར་འདོད་གྱུར་པ། །དེ་ཚེ་འདི་ནི་ཇི་ལྟ་བུར་ན་སྲང་དང་མཚུངས་པ་ཡིན། །དོན་རྒྱུ་འབྲས་ཀྱི་སྐྱེ་འགག་དུས་གཅིག་པ་ཡོད་པ་མིན་ཅིང་ཞེས་དུས་མཉམ་ཡོད་པ་མིན་ཏེ། གལ་ཏེ་མྱུ་གུ་སྐྱེ་བཞིན་པ་དེ་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་འོངས་པ་ཡིན་པས་ཡོད་པ་མ་ཡིན་པའི་ཕྱིར་དང༌། ས་བོན་འགག་བཞིན་པ་ནི་ད་ལྟར་བ་ཡིན་པས་ཡོད་ཀྱང་འཇིག་པ་ལ་མངོན་དུ་ཕྱོགས་པར་འདོད་པར་གྱུར་པ་དེའི་ཕྱིར་ཏེ། འབྲས་བུར་མ་གྱུར་པ་ནི་མ་སྐྱེས་པ་ཡིན་པས་དེ་ད་ལྟར་མེད་ལ། རྒྱུ་ཡོད་པ་ཉིད་ད་ལྟར་བ་འགག་བཞིན་པ་དེ་ནི་སྐྱེ་བ་ལ་ཕྱོགས་པ་ཡོད་པ་མིན་པའི་ཕྱིར། དེ་ལྟར་ན་དེའི་ཚེ་རྒྱུ་འབྲས་ཀྱི་སྐྱེ་འགག་གཅིག་ཅར་འདི་ནི་ཇི་ལྟ་བུར་ན་སྲང་མདའི་མཐོ་དམན་དང་མཚུངས་པ་ཡིན་ཏེ། མི་མཚུངས་པར་ཐལ། སྲང་རྡོ་འཐེན་པའི་རྒྱུ་འདས་པ་ལས་འབྲས་བུ་སྲང་མདའ་མཐོ་དམན་གཉིས་གཅིག་ཅར་འབྱུང་བ་ད་ལྟ་བའི་དུས་གཅིག་ཀྱང༌། རྒྱུ་འབྲས་ཀྱི་སྐྱེ་འགག་གི་བྱ་བ་ད་ལྟར་དུས་མཉམ་དུ་སྲིད་པ་མིན་པའི་ཕྱིར། གཉིས་པ་ནི། སྐྱེ་བ་འདི་ནི་བྱེད་པོ་མེད་པར་རིགས་པའི་ངོ་བོའང་མིན། །ས་མྱུག་གི་ཆོས་དག་དུས་མི་མཉམ་ཡང་སྐྱེ་འགག་གི་བྱ་བ་དུས་མཉམ་མོ་ཞེ་ན། མི་རུང་སྟེ། བྱ་བ་ཆོས་ལས་ཐ་དད་པར་མ་གྲུབ་པའི་ཕྱིར། གཞན་ཡང་མྱུ་གུ་སྐྱེ་བའི་བྱ་བ་འདི་ནི་བྱེད་པོ་མྱུ་གུ་མེད་པར་ས་བོན་འགགས་པའི་ཚེ་ཆོས་ཅན། ཡོད་པར་རིགས་པའི་ངོ་བོའང་མ་ཡིན་ཏེ། སྐྱེ་བའི་བྱ་བ་བྱེད་པ་པོ་མྱུ་གུ་ནི་མ་འོངས་པ་ཡིན་པས་མེད་ལ། དེ་མེད་ན་རྟེན་བྱེད་པོ་མེད་པར་བརྟེན་པ་བྱ་བ་ཡང་མེད་པའི་ཕྱིར། སྐྱེ་འགག་གི་བྱ་བ་དུས་མཉམ་པར་མི་འགྲུབ་བོ། །འོ་ན་སཱ་ལུ་ལྗང་པའི་མདོར། སྲང་མདའི་མཐོ་དམན་གྱི་ཚུལ་གྱིས་སྐད་ཅིག་གང་ལ་ས་བོན་འགག་པ་དེ་ཉིད་ལ་མྱུ་གུ་སྐྱེའོ། །(༡༣༥བ)


K800_Page_281
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་མིན་ནམ་ཞེ་ན། གསུངས་མོད། དེ་ནི་དངོས་པོ་གཞན་དང་རང་གི་མཚན་ཉིད་ཀྱི་སྐྱེ་བ་བསྟན་པའི་ཆེད་དུ་མ་ཡིན་པས་གཅིག་ཅར་བལྟོས་ནས་འབྱུང་བ། མ་བརྟགས་པར་གྲུབ་པ་སྒྱུ་མ་ལྟ་བུའོ་ཞེས་བསྟན་པའི་ཆེད་དུ་དེ་སྐད་གསུངས་པ་ཡིན་ཏེ། ཇི་སྐད་དུ། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་འབྱུང་བ་མ་ཡིན་པས། །ཁྱོད་ཀྱིས་སྐྱེ་བ་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་གསུངས། །ཞེས་སོ། །གཉིས་པ་ནི། གལ་ཏེ་མིག་གི་བློ་ལ་རང་གི་སྐྱེད་བྱེད་དུས་གཅིག་པ། །མིག་ལ་སོགས་དང་ལྷན་ཅིག་འབྱུང་བ་འདུ་ཤེས་ལ་སོགས་ལས། །གཞན་ཉིད་ཡོད་ན་ཡོད་ལ་འབྱུང་བས་དགོས་པ་ཅི་ཞིག་ཡོད། །ཅི་སྟེ་དེ་མེད་ཅེ་ན་འདི་ལ་ཉེས་པ་བཤད་ཟིན་ཏོ། །བྱེ་སྨྲའི་ཆོས་མངོན་པ་བ་རྣམས་རྒྱུ་དྲུག་གི་སྐལ་མཉམ་ཀུན་འགྲོ་རྣམ་སྨིན་གྱི་རྒྱུ་རྣམས་འབྲས་བུ་དང་དུས་མི་མཉམ་ཞིང་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་འབྲས་བུ་དང་དུས་མཉམ་པ་དང༌། བྱེད་རྒྱུ་ལ་དུས་མཉམ་མི་མཉམ་གཉིས་ཀ་དང༌། དུས་ཀྱིས་མ་བསྡུས་པའང་ཡོད་ཟེར། རྣལ་འབྱོར་སྤྱོད་པའི་མངོན་པ་བ་ཁ་ཅིག་རྒྱུ་འབྲས་དུས་མཉམ་པར་འདོད། ཁ་ཅིག་མི་མཉམ་པར་འདོད། ཁ་ཅིག་གཉིས་ཀ་འདོད་ཅིང༌། དེ་དག་ལ་ཐོགས་མེད་སྐུ་མཆེད་ཀྱི་ལུང་གིས་ཟིན་སོ་གསུམ་ག་ལ་ཡོད་ཀྱང༌། སྐུ་མཆེད་ཀྱི་བཞེད་པ་ནི་གཙོ་བོར་རྒྱུ་འབྲས་དུས་མཉམ་པར་དགོངས་ཏེ། རྒྱུའི་རྐྱེན་མཚན་ཉིད་པ་ཀུན་གཞིའི་རྣམ་ཤེས་ལ་བཞེད་ཅིང༌། དེ་དང་དེ་ལ་བག་ཆགས་འཇོག་པའི་ཆོས་ཐམས་ཅད་དང༌། ཀུན་གཞི་ལས་བྱུང་བའི་ཆོས་ཐམས་ཅད་དུས་མཉམ་དུ་བཞེད་པའི་ཕྱིར། རྒྱུ་འབྲས་སྔ་ཕྱི་ཡིན་ན་འབྲས་བུ་སྐྱེ་བའི་ཚེ་རྒྱུ་འགག་པས་མེད་པ་ལས་སྐྱེ་བར་འགྱུར་བའི་སྐྱོན་ཡོད་སྙམ་དུ་དགོངས་པའོ། །དེས་ན་བྱེ་སྨྲ་སོགས་རྒྱུ་འབྲས་དུས་མཉམ་འདོད་པ་དག་གི་བསམ་པ་ལ། ས་མྱུག་གཅིག་ཅར་མེད་ན་གཞན་ཉིད་མི་འགྲུབ་པས་སྐྱེ་བར་མི་རིགས་ལ། གང་དུ་གཅིག་ཅར་ཡོད་པ་དེར་གཞན་ཉིད་ཡོད་པས་སྐྱེ་བ་ཡོད་པར་(༡༣༦ན)


K800_Page_282
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། དཔེར་ན། མིག་གི་རྣམ་ཤེས་དང༌། དེ་དང་ལྷན་ཅིག་འབྱུང་ཞིང་མཚུངས་ལྡན་གྱི་ཚོར་སོགས་སེམས་བྱུང་ཐམས་ཅད་ཕན་ཚུན་དུས་མཉམ་གྱི་རྒྱུ་འབྲས་ཡིན་པ་ལྟ་བུའོ། །མིག་དང་གཟུགས་དང་ཚོར་སོགས་ལྷན་ཅིག་འབྱུང་བ་རྣམས་དུས་མཉམ་ཁོ་ནར་མིག་གི་རྣམ་ཤེས་བསྐྱེད་པ་བཞིན་དུ་མིག་སོགས་དང་སེམས་སོགས་ཀྱང་དུས་མཉམ་ཁོ་ནར་ཚོར་སོགས་རྣམས་ཀྱི་རྐྱེན་དུ་འགྱུར་རོ་ཞེ་ན། གལ་ཏེ་འབྲས་བུ་མིག་གི་བློ་ལ་རང་གི་སྐྱེད་བྱེད་རང་དང་དུས་གཅིག་པའི་མིག་དང་གཟུགས་ལ་སོགས་དང༌། རང་དང་ལྷན་ཅིག་འབྱུང་བའི་འདུ་ཤེས་ལ་སོགས་སེམས་སེམས་འབྱུང་རྣམས་མིག་གི་རྣམ་པར་ཤེས་པ་ལས་གཞན་ཉིད་དུ་ཡོད་ན་མིག་གི་ཤེས་པ་དེ་ཡོད་དགོས་ཏེ། མེད་ན་དེ་ལས་གཞན་དུ་འཇོག་ཏུ་མེད་པའི་ཕྱིར། འདོད་ན་འབྲས་བུར་གྲུབ་པའི་ཡོད་པ་ལ་ཡང་འབྱུང་བས་དགོས་པ་ཅི་ཞིག་ཡོད་དེ་མེད་པར་ཐལ། སྐྱེས་ཟིན་པའི་ཡོད་པར་གྱུར་ན་མིག་དང་འདུ་ཤེས་སོགས་སྐྱེད་བྱེད་དུ་དོན་མེད་པའི་ཕྱིར། ཅི་སྟེ་སྐྱེ་བ་མེད་པར་མི་འདོད་པས་མིག་གི་རྣམ་ཤེས་དེ་མེད་དོ་ཞེ་ན། དེ་སྐད་སྨྲ་བ་འདི་ལ་ཡོད་པ་མ་ཡིན་པའི་བློ་ལས་མིག་ལ་སོགས་པ་རྣམས་གཞན་མ་ཡིན་ནོ་ཞེས་ཉེས་པ་བཤད་ཟིན་ཏོ། །དེས་ན་རྣམ་པ་ཐམས་ཅད་དུ་གཞན་ལས་སྐྱེ་ཞེས་པའི་བརྗོད་བྱའི་དོན་གྱིས་སྟོང་པའི་སྒྲ་ཙམ་འབའ་ཞིག་ལུས་པར་ཟད་དེ། དུས་མཉམ་པ་ལྟ་བུ་ལ་གཞན་སྲིད་དུ་ཆུག་ཀྱང་སྐྱེ་བ་མི་སྲིད། དེ་མི་སྲིད་པས་གཉིས་ཀ་མི་སྲིད་ཅིང༌། སྔ་ཕྱི་ལྟ་བུ་གཉིས་ལ་སྐྱེ་བ་སྲིད་དུ་ཆུག་ཀྱང་གཞན་མི་སྲིད། དེ་མི་སྲིད་པས་གཉིས་ཀ་མི་སྲིད་པའི་ཕྱིར། གསུམ་པ་ནི། སྐྱེད་པར་བྱེད་པ་བསྐྱེད་བྱ་གཞན་སྐྱེད་པ་དེ་རྒྱུ་ཡིན་ན། །ཡོད་པའམ་འོན་ཏེ་མེད་དང་གཉི་ག་གཉིས་བྲལ་ཞིག་སྐྱེད་གྲང༌། །ཡོད་ན་སྐྱེད་བྱེད་ཅི་དགོས་མེད་ལའང་དེས་ནི་ཅི་ཞིག་བྱ། །གཉིས་ཉིད་ལ་དེས་ཅི་བྱ་གཉིས་དང་བྲལ་ལའང་དེས་ཅི་བྱ། །རྒྱུ་འབྲས་གཉིས་ལས་འབྲས་བུ་རྒྱུ་ལ་བལྟོས་པའི་དུས་ཡོད་(༡༣༦བ)


K800_Page_283
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ནོ་ཞེས་པ་ནི། སྐྱེད་པར་བྱེད་པ་གང་གིས་བསྐྱེད་བྱ་རང་ལས་དོན་གཞན་སྐྱེད་པར་བྱེད་པ་དེ་རྒྱུ་ཡིན་པར་གྲང་ན་བསྐྱེད་བྱ་ཡོད་པའམ། འོན་ཏེ་མེད་པ་དང་གཉིས་ཀའམ་གཉིས་ཀ་དང་བྲལ་བ་ཞིག་བསྐྱེད་གྲང༌། དེས་དེ་བསྐྱེད་པ་ན་དེ་ལས་རྣམ་པ་གཞན་དུ་བསྐྱེད་མི་རུང་བ་ལས། གྲངས་ཅན་དང༌། བྱེ་སྨྲ་དང༌། གངས་ཅན་པ་ཁ་ཅིག་འབྲས་བུ་ཡོད་པ་སྐྱེ་བར་འདོད་ཅིང༌། བྱེ་བྲག་པ་དང༌། མདོ་སྡེ་པ་དང༌། རྣལ་འབྱོར་སྤྱོད་པ་བ་རྣམས་མེད་པ་སྐྱེ་བར་འདོད་ལ། གཅེར་བུ་པ་ལ་སོགས་པ་ཡོད་མེད་གཉིས་ཀ་སྐྱེ་བར་འདོད་དོ། །དེ་ལྟར་ན་ཡོད་པ་སྐྱེ་མི་རིགས་ཏེ། ཡོད་ན་སྐྱེད་བྱེད་ཅི་དགོས་ཏེ་སྐྱེས་ཟིན་སླར་ཡང་སྐྱེ་བར་མི་རིགས་པའི་ཕྱིར། མེད་པ་སྐྱེ་བར་མི་རིགས་ཏེ། བསྐྱེད་བྱ་མེད་ནའང་སྐྱེད་བྱེད་དེས་ནི་ཅི་ཞིག་བྱ་སྟེ་བོང་བུའི་རྭ་ལྟར་བྱེད་པའི་ནུས་ཡུལ་མིན་པའི་ཕྱིར། བརྒྱ་པ་ལས། འབྲས་བུ་ཡོད་པར་གང་འདོད་དང༌། །འབྲས་བུ་མེད་པར་གང་འདོད་ལ། །ཁྱིམ་གྱི་དོན་དུ་ཀ་བ་སོགས། །བརྒྱན་པའི་དོན་ཡང་མེད་པར་འགྱུར། །ཞེས་བཤད་དོ། །དབུ་མ་ལས་ཀྱང༌། འབྲས་བུའི་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །འབྲས་བུའི་ངོ་བོ་ཉིད་མེད་ན། །རྒྱུ་ཡིས་ཅི་ཞིག་སྐྱེད་པར་བྱེད། །སྐྱེ་བ་ཡོད་པ་མ་ཡིན་ན། །རྒྱུ་ཉིད་འཐད་པར་མི་འགྱུར་རོ། །རྒྱུ་ཉིད་འཐད་པ་ཡོད་མིན་ན། །འབྲས་བུ་གང་གི་ཡིན་པར་འགྱུར། །ཞེས་གསུངས་སོ། །བསྐྱེད་བྱ་ཡོད་མེད་གཉིས་ཉིད་ལ་འཐད་པ་ཡོད་པ་མ་ཡིན་ཏེ། དེ་ལྟར་ན་རྐྱེན་དེས་ཅི་ཞིག་བྱ་སྟེ་ཕྱོགས་གཉིས་ཀའི་ཉེས་པ་འཇུག་པའི་ཕྱིར། ཡོད་དང་མེད་པའི་ངོ་བོ་གཉིས་ནི་གཅིག་ལ་གཅིག་མི་སྲིད་པས་ཡོད་མེད་གཉིས་ཀའི་རང་བཞིན་ཅན་གྱི་(༡༣༧ན)


K800_Page_284
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ནི་མི་སྲིད་པས་རྐྱེན་གྱི་ནུས་ཡུལ་མིན་པའི་ཕྱིར། བསྟན་བཅོས་ལས། མྱ་ངན་འདས་པ་དངོས་པོ་དང༌། །དངོས་མེད་གཉིས་ཀ་ཇི་ལྟར་འགྱུར། །ཞེས་དང༌། བྱེད་པ་པོར་གྱུར་མ་གྱུར་པ། །གྱུར་མ་གྱུར་དེ་མི་བྱེད་དོ། །ཡིན་དང་མ་ཡིན་གྱུར་ཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཞིག །ཅེས་གསུངས་སོ། །བསྐྱེད་བྱ་གཉིས་བྲལ་གྱི་དངོས་པོ་སྐྱེ་མི་རིགས་ཏེ། གཉིས་བྲལ་དེ་ལའང་རྐྱེན་དེས་ཅི་ཞིག་བྱ་སྟེ། ཡོད་མེད་གཉིས་ཀ་སྤངས་པའི་འབྲས་བུ་ཡོད་པ་མ་ཡིན་པའི་ཕྱིར། དགག་བྱ་ཡོད་མེད་གཉིས་མི་སྲིད་ན་དེ་བཀག་པའི་གཉིས་ཀ་མ་ཡིན་པ་མི་སྲིད་པའི་ཕྱིར། བསྟན་བཅོས་ལས། དངོས་མིན་དངོས་པོ་མེད་མིན་པ། །མྱ་ངན་འདས་པར་གང་སྟོན་པ། །དངོས་མེད་པ་དང་དངོས་པོ་དེ། །གྲུབ་ན་དེ་ནི་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གཞུང་དེ་དག་གིས་ནི་གཞན་སྐྱེ་ཁོ་ན་ལ་མཐའ་བཞི་ལས་སྐྱེ་བའི་འབྲས་བུ་མི་རུང་བར་མ་ཟད་རང་དང་གཉིས་ཀ་དང་རྒྱུ་མེད་དང་གཙོ་བོ་དང་དབང་ཕྱུག་སོགས་ལས་སྐྱེ་བར་སྨྲ་བ་ལ་ཡང་འབྲས་བུའི་མཐའ་བཞི་པོ་གང་ཡང་མི་རུང་ལ། རྟེན་འབྲེལ་གྱི་སྐྱེ་བ་ལ་ཡང་སྤྲོས་མཐའ་བཞི་དང་བྲལ་བར་བསྟན་ཏོ། །གཉིས་པ་ལ། ཕྱོགས་སྔ་མ་དང༌། དེ་དགག་པའོ། །དང་པོ་ནི། གང་གིས་རང་ལྟ་ལ་གནས་འཇིག་རྟེན་ཚད་མར་འདོད་པས་ན། །འདིར་ནི་རིག་སཔ་སྨྲས་པ་ཉིས་ཀྱིས་ལྟ་ཀོ་ཅི་ཞིག་བྱ། །གཞན་ལས་གཞན་འབྱུང་བ་ཡང་འཇིག་རྟེན་པ་ཡིས་རྟོགས་འགྱུར་ཏེ། །དེས་ན་གཞན་ལས་སྐྱེ་ཡོད་འདིར་ནི་རིགས་པ་ཅི་ཞིག་དགོས། །ཁོ་བོས་གཞན་སྐྱེ་སྒྲུབ་པའི་རིགས་པ་གང་སྨྲས་དེ་དག་བུད་ཤིང་སྣུམ་གྱིས་བྲན་པ་ལྟར་ཁྱོད་ཀྱི་བློའི་མེས་མ་ལུས་པར་བསྲེགས་པས། ཁྱོད་ཀྱི་ཤེས་རབ་ཀྱི་མེ་སྤོར་བ་ལྷུར་བྱེད་པའི་རིགས་པའི་བུད་ཤིང་བསྐུལ་བ་དགོས་པ་མེད་པས་ཆོག་གོ། །དེས་ན་རིགས་པས་མ་གྲུབ་ཀྱང་རང་གི་འདོད་དོན་གྲུབ་པ་ཡོད་དེ། འཇིག་རྟེན་དུ་གྲུབ་པའི་དོན་དེ་རིགས་པས་གནོད་པར་བྱར་མེད་པའི་ཕྱིར་ཏེ། འཇིག་རྟེན་གྱི་(༡༣༧བ)


K800_Page_285
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ནི་ཤིན་ཏུ་སྟོབས་དང་ལྡན་པའི་ཕྱིར། ཞེས་པ་ནི་འཇིག་རྟེན་པ་གང་གི་རིགས་མི་རིགས་ཀྱི་རྗེས་སུ་མ་ཞུགས་པར་རང་གི་མཐོང་བ་སྟེ་ལྟ་བ་ལ་གནས་ནས་ཡུལ་ལ་འཇུག་ལྡོག་བྱེད་ཅིང༌། དེ་ལྟར་བྱས་པས་དོན་ཐོབ་པ་ཉིད་ཀྱིས་འཇིག་རྟེན་གྱི་མངོན་སུམ་ཚད་མར་འདོད་པས་ན། གཞན་སྐྱེ་བར་འཐད་པ་བརྗོད་པ་འདིར་ནི་དེ་སྒྲུབ་བྱེད་ཀྱི་རིགས་པ་སྨྲས་པ་ཉིད་ཀྱིས་ལྟ་ཀོ་ཅི་ཞིག་བྱ་སྟེ་བྱ་མི་དགོས་ཏེ། རྒྱུ་གཞན་ལས་འབྲས་བུ་གཞན་འབྱུང་བའང་འཇིག་རྟེན་པའི་མངོན་སུམ་གྱིས་རྟོགས་པར་འགྱུར་བའི་ཕྱིར། དེས་ན་རིགས་པས་བསྒྲུབ་མི་དགོས་པར་གཞན་ལས་སྐྱེ་བ་ཡོད་པར་གྲུབ་པས་འདིར་ནི་རིགས་པས་འབད་ནས་ཅི་ཞིག་སྒྲུབ་དགོས་ཏེ་མི་དགོས་པར་ཐལ། རིགས་པ་ནི་དངོས་པོ་མངོན་སུམ་མིན་པ་ལ་བརྗོད་པར་འོས་ཀྱི། མངོན་སུམ་ལ་མི་འོས་པའི་ཕྱིར་ཞེ་ན། གཉིས་པ་ལ། གཞན་སྐྱེ་གྲུབ་ཀྱང་དེ་ཁོ་ན་ཉིད་སྤྱོད་པའི་སྐབས་སུ་མི་གནོད་པ་དང༌། གཞན་ལས་སྐྱེ་བ་འཇིག་རྟེན་པ་ལ་ཡང་མ་གྲུབ་པའོ། །དང་པོ་ལ། ཞར་བྱུང་བདེན་པ་གཉིས་ཀྱི་རྣམ་གཞག དཀྱུས་མ་འཇིག་རྟེན་གྱིས་མི་གནོད་པར་བསྟན་པའོ། །དང་པོ་ལ། བདེན་གཉིས་ཀྱི་དབྱེ་བ་སྤྱིར་བསྟན། སོ་སོའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ལ། དངོས་དང༌། ཞར་ལ་མཐོང་བ་བརྫུན་པའི་དབྱེ་བ་བསྟན་པའོ། །དང་པོ་ནི། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །རྟེན་འབྱུང་ཟབ་མོ་སྟོན་པའི་བསྟན་བཅོས་ཀྱི་དོན་མ་རྟོགས་པར། དངོས་འཛིན་གྱི་བག་ཆགས་སྨིན་པས་དངོས་པོར་ཞེན་ཅིང་དངོས་པོའི་ངོ་བོ་ཉིད་རང་བཞིན་གྱིས་སྟོང་པར་མ་ཐོས་པས་འཇིག་རྟེན་ན་གཞན་སྐྱེ་ཡོད་ལ། གཞན་སྐྱེ་མེད་ན་འཇིག་རྟེན་གྱི་མངོན་སུམ་གྱིས་གནོད་དོ་ཞེས་མ་རིག་པའི་གཉིད་ཀྱི་དབང་གིས་བརྡོལ་ཐབས་སྨྲ་བ་(༡༣༨ན)


K800_Page_286
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འཇིག་རྟེན་འདི་ལ་འཁྲུལ་མ་འཁྲུལ་གྱི་དབང་གིས་གནས་སྐབས་བདེན་རྫུན་གྱི་ཐ་སྙད་ཇི་ལྟར་གྲགས་དང༌། དེ་ཁོ་ནར་བདེན་རྫུན་གྱི་གྲགས་པའི་རྣམ་གཞག་བརྗོད་པ་དང་བྲལ་ཚུལ་མ་བཤད་ན་འཇིག་རྟེན་གྱི་བླ་འརྡོལ་དུ་སྨྲ་བའི་ཞེན་དོན་བསལ་མི་ནུས་པས། འཇིག་རྟེན་གྱི་མངོན་སུམ་གྱིས་གཞན་སྐྱེ་ལ་གནོད་པ་ཡིན་མིན་སོགས་ཀྱི་ཁྱད་པར་བསྟན་པའི་ཆེད་དུ་ཆོས་ཐམས་ཅད་ལ་བདེན་པ་གཉིས་ཀྱི་རྣམ་པར་གཞག་པ་འདི་ལྟ་བུའི་དབང་གིས་འདི་ལྟར་གནོད་ཡུལ་ཡིན་མིན་དུ་འཇོག་གོ་ཞེས་སྟོན་པ་ནི་བཅོམ་ལྡན་འདས་ཀྱིས་མྱུག་སོགས་ཕྱི་ནང་གི་དངོས་པོ་ཀུན་ལ་བདེན་པ་གཉིས་སུ་རྣམ་པར་གཞག་པ་ལས། དོན་དམ་པ་ནི་འཕགས་པ་ཡང་དག་པ་གཟིགས་པའི་ཡེ་ཤེས་དེ་ངོར་ཡུལ་ཡང་དག་པར་འཇོག་གོ་ཞེས་བརྗོད་པར་ཟད་ཀྱི། རང་གི་བདག་ཉིད་དུ་གྲུབ་པ་ཞིག་བློས་རྙེད་བྱར་ཡོད་པ་མ་ཡིན་ནོ། །ཀུན་རྫོབ་ནི་སོ་སྐྱེ་མ་རིག་པའི་ལིང་ཏོག་གིས་བློ་མིག་མ་ལུས་ཁེབས་པ་རྣམས་ཀྱི་བློ་ངོར་ཡུལ་བརྫུན་པ་མཐོང་བ་ཡིས་བློར་འཇོག་གོ། །བློ་དེས་མཐོང་བའི་འཛིན་སྟངས་དང་མཐུན་པར་ཡུལ་དེ་ལྟར་གྲུབ་པ་ནི་མ་ཡིན་ནོ། །དེས་ན་དངོས་པོ་རྙེད་དོ་ཅོག་ཐམས་ཅད་དོན་དམ་པ་དང་ཀུན་རྫོབ་པའི་ངོ་བོ་གཉིས་ནི་འཛིན་པར་འགྱུར་རོ། །དེ་གཉིས་ལས་འཕགས་པ་ཡང་དག་པ་མཐོང་བའི་ཡུལ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དེ་དོན་དམ་བདེན་པའོ། །མཐོང་བ་བརྫུན་པའི་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོབ་བདེན་པར་སྟོན་པས་གསུངས་སོ། །འདིར་བདེན་པ་གཉིས་ལས་བརྩམས་པའི་འཕྲོས་དོན་ཅུང་ཟད་ཅིག་བརྗོད་ན། གངས་ཅན་གྱི་ལྗོངས་འདིར་དུས་ཕྱིས་དབུ་མར་སྨྲ་བ་ཐལ་རང་གི་ལུགས་དེ་གཉིས་ལས་གང་དར་རྒྱས་ཆེ་ཞེ་ན། དཔལ་(༡༣༨བ)


K800_Page_287
[མ་དཔེ་གཟིགས་ན་འདིར་གནོན།]

ཙོང་ཁ་པ་ཆེན་པོས། རྗེ་བཙུན་འཇམ་པའི་དབྱངས་དངོས་སུ་དགེ་བའི་བཤེས་གཉེན་དུ་བསྟེན་པའི་ལེགས་བཤད་གསར་པའི་མཐུ་ལས། ཐལ་འགྱུར་བའི་ལུགས་ཉིད་དར་རྒྱས་ཆེ་ནའང༌། ཐལ་འགྱུར་བའི་ལུགས་འདི་ལ་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་ཁས་ལེན་པ་དང༌། (ཅི་ཙོང་ཁ་པས། མ་རིག་པས་བསླད་པའི་ཀུན་རྫོབ་ཀྱི་ཆོས་འཁྲུལ་བྲལ་གྱི་སྣང་བར་མི་འདོད་དེ། མ་རིག་པས་བསླད་པའི་ཀུན་རྫོབ་ཀྱི་ཆོས་ནི་ཐ་སྙད་ཚད་མས་གྲུབ་པ་འདི་ལ་མི་བཟུང་གི། རྟགས་ཀྱི་དགག་བྱའི་བདག་ལྟའི་མ་རིག་པས་བསླད་པའི་ཀུན་རྫོབ་ཀྱི་ཆོས་འཁྲུལ་བཅས་ཀྱི་སྣང་བ་ཉིད་མ་རིག་པའི་བསླད་ཆོས་སུ་སྨྲ་བའི་ཕྱིར་སྙམ་ན། ཁྱེད་དག་ཅི་ལྟར་སྨྲ་བ་ལ་རག་མོད། རྟགས་ཀྱི་དགག་བྱའི་ཡུལ་དུ་སོང་བའི་ཡུལ་ཅན་དེ་འཛིན་གྱི་མ་རིག་པའི་གཉིས་སྣང་དང་བཅས་པའི་མ་རིག་པའི་རྒྱུ་ཞིག་གིས་ཀུན་རྫོབ་ཀྱི་ཆོས་མ་བསླད་ན་ནི། དེ་ལྟའི་མ་རིག་པས་དེ་ལྟའི་ཆོས་བསླད་པར་ཡང་མི་འགྱུར་ཞིང༌། བསླད་ན་ནི་དེ་ལྟའི་མ་རིག་པའི་ཡུལ་དུ་རྟགས་ཀྱི་དགག་བྱའི་བཟུང་བྱའི་ཤེས་བྱ་གཞི་གྲུབ་ཏུ་སོང་བའི་ཕྱིར་དང༌། དེ་ལྟར་སོང་བས་ཀུན་རྫོབ་བསླད་ཆོས་ཀྱི་འཁྲུལ་རྒྱུན་ལའང་རྟགས་ཀྱི་དགག་བྱའི་གཟུང་འཛིན་གྱི་བདེན་སྣང་གི་འཁྲུལ་པ་གཞི་གྲུབ་ཏུ་འཁྲུལ་ངོར་དམིགས་པ་ཉིད་ཀྱི་ཕྱིར། ཁྱེད་ཅག་རྟགས་ཀྱི་དགག་བྱའི་བདག་ཤེས་བྱར་གཞི་མ་གྲུབ་བོ། །ཞེས་སྨྲས་པའང་དོན་ལ་གཞི་གྲུབ་ཏུ་སོང་ལ། ཁོ་བོ་ཅག་ལྟར་ན། མ་དཔྱད་པ་ན་རྟགས་ཀྱི་དགག་བྱའི་མ་རིག་པའི་ཡུལ་ཡུལ་ཅན་གྱི་ཤེས་བྱའི་སྒྱུ་མས་འབྲས་བུ་ཀུན་རྫོབ་ཀྱི་ཆོས་འཁྲུལ་པར་བསླད་པས་སྨྲ་ཡང༌། དཔྱད་པ་ན་སླད་བྱེད་ཀྱི་མ་རིག་པའི་ཡུལ་ཡུལ་ཅན་དེ་ཉིད་ཤེས་བྱར་མ་གྲུབ་ན། དེའི་བསླད་ཆོས་ཀྱི་ཡུལ་ཡུལ་ཅན་དཔྱད་བཟོད་དུ་ཤེས་བྱར་ཡོད་པ་ག་ལ་བཟོད། ཅེས་པ་ནི་མཐའ་བྲལ་དབུ་མའི་སེང་གེའི་སྒྲ་བླ་ན་མེད་པའོ། །དེས་ན་འཁོར་ལོ་བར་མའི་ངེས་པ་དོན་གྱི་མདོ་བསྟན་བཅོས་རྣམས་སུ་ད་ལྟའི་ཀུན་རྫོབ་པའི་དངོས་ཆོས་འདས་པ་འདི་ལྟར་དོན་བྱེད་པ་བསླུ་རྫུན་དུ་མ་རྟོགས་པར་བདེན་དངོས་ཉིད་ཀྱི་གཟུང་འཛིན་དུ་སྣང་བ་ནི་མ་(༡༣༩ན)


K800_Page_288
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་བསླད་ཆོས་ཀྱི་ཀུན་རྫོབ་ཏུ་གསུངས་པས། ཆོས་དེ་ཉིད་འཁྲུལ་བཅས་ཀྱི་ཆོས་ཡིན་པ་ལ། ཁྱེད་དེ་འཁྲུལ་བྲལ་གྱི་ཆོས་སུ་བསྒྲུབས་ནས། དེ་ལས་གཞན་དུ་འཁྲུལ་བཅས་ཀྱི་ཆོས་ཡོད་པ་བསྒྲུབ་པ་ན་འཁྲུལ་པའི་དྲི་མ་གཏན་སྤོང་བར་མི་འདོད་པའི་ཆེད་དུ་བྱས་པར་ཟད་པས། དགོས་པ་ཁྱད་པར་ཅན་ཡོད་ན་མ་གཏོགས་སྟོང་པ་ཉིད་ཀྱི་དོན་ལ་བསླུ་བའི་ཆོས་ཚུལ་དུ་འགྱུར་ཉེན་ཆེའོ། །རང་མཆན།( དེ་ལྟར་ཁས་བླངས་ནས་བདེན་གཉིས་ཀྱི་ངོ་བོ་ཚད་གྲུབ་རང་ལུགས་ལ་འཇོག་པ་དང༌། མ་རིག་པས་བསླད་པའི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་འཁྲུལ་པ་དང་བྲལ་བའི་སྣང་བར་བཤད་པ་དང༌། མ་བརྟགས་ཉམས་དགའི་ཀུན་རྫོབ་མཚན་སྤྲོས་རིགས་པ་དང་ལམ་གྱི་དགག་བྱའི་ཆོས་མ་ཡིན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ལྷན་སྐྱེས་ཀྱི་བློ་ཕུང་གསུམ་པས་བདེན་པར་བཟུང་བའི་གང་ཟག་དང༌། ཆོས་དེ་མེད་པར་གཏན་ལ་ཕབ་ན་རྒྱུ་འབྲས་ཁྱད་གསོད་ཀྱི་ཆད་ལྟ་ཆེན་པོར་འགྱུར་བ་དང༌། ཉོན་མོངས་པ་ཅན་ཡིན་མིན་གྱི་མ་རིག་པས་བསླད་པའི་འཁྲུལ་པའི་འཁྲུལ་ཆ་མི་འདྲ་བ་ཐམས་ཅད་མ་འཁྲུལ་བ་ཚད་གྲུབ་ཀྱི་བསླུ་བ་མེད་པར་འདོད་པ་དང༌། རྫོགས་པའི་སངས་རྒྱས་ཀྱང་ལས་སྣང་དེ་གཟིགས་པ་ན། དམྱལ་སོགས་ཀྱི་ཚོར་སོགས་དེར་སྣང་འཁོར་གསུམ་དུ་རྟོག་པ་ལྟར་འཛིན་པ་དང༌། དེ་ལྟར་འཛིན་ཀྱང་ཚོར་སོགས་ལ་འཁོར་གསུམ་གྱིས་བདེན་པར་མི་འཛིན་ཏེ། དེ་བཞིན་གཤེགས་པས་རྟགས་ཀྱི་དགག་བྱའི་ཞེན་སྣང་ཐམས་ཅད་སྤངས་པའི་ཕྱིར་ཞེས་དང༌། ལོག་པའི་བློ་དང་ཚད་མའི་གཞི་མཐུན་ཡོད་པར་སྨྲ་བ་དང༌། དངོས་པོ་རྒྱུན་ཆད་ཞིག་ལས་དངོས་པོ་ཐམས་ཅད་འབྱུང་བས་རྒྱུའི་དངོས་པོར་འབད་པ་དུ་མས་བསྒྲུབ་པ་དང༌། མདོར་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་སར་དངོས་པོ་(༡༣༩བ)


K800_Page_289
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱེད་པ་ཅན་གྱི་བདེན་པའི་བདེན་གྲུབ་ཞེན་དོན་ལ་ཁས་བླངས་ནས་དེ་སྒྲིབ་བྱེད་དུ་ཡུལ་རང་ངོ་ནས་སྡོད་ལུགས་ཀྱིས་བདེན་པར་གྲུབ་པས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་སྟོང་པ་སྟེ། དེ་ལྟར་སྟོང་པའི་སྟོང་ཉིད་མ་ཤེས་པར་གཟུགས་སོགས་རང་རང་ངོ་བོས་སྟོང་པ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་དུ་འཆད་ན། ཁོ་ཁོ་རང་མ་ཡིན་པར་འགྱུར་ལ། དེ་ལྟར་ན་ཤེས་བྱ་ལ་གཞི་གྲུབ་ཀྱི་ཆོས་འབྱུང་བར་མི་འགྱུར་བས་རྒྱང་འཕེན་གྱི་ལུགས་ལས་ཀྱང་ལུགས་དེ་ཐ་ཤལ་ཞིང༌། ལུགས་འདི་འཛིན་པ་ཐམས་ཅད་ལ་གནས་ལུགས་རྟོགས་པ་མི་སྲིད་པས་ལྟ་ངན་འདི་མ་ལོག་གི་བར་བྱང་ཆུབ་གསུམ་གྱི་ཐར་པ་གང་ཡང་མེད་དོ་ཞེས་ཆོས་ཚུལ་འདི་འབྱམས་ཀླས་སུ་འཕེལ་ནས། དཔལ་ལྡན་ཨ་ཏི་ཤ་ཡབ་སྲས་པ་ཚབ་ལོ་ཙཱ་སློབ་བརྒྱུད་རྗེས་འབྲངས་དང་བཅས་པའི་ཐལ་འགྱུར་བ་སྔ་རབས་པའི་ལུགས་དེ་ནི་རྒྱ་ནག་གི་མཁན་པོ་ཧྭ་ཤང་དང༌། ཕྱག་རྒྱ་པ་ཁ་ཅིག་དང༌། རྫོགས་ཆེན་པའི་ལུགས་ལྟར་དོན་ལ་འཕངས་པས་དེའི་དབང་གིས་ལུགས་དེ་རི་ལ་ནུབ་ཏུ་ཉེ་བ་ན། ཐལ་འགྱུར་བ་སྔ་རབས་པའི་ལུགས་དེ་འཁྲུལ་མེད་དུ་འཛིན་པ་ནི་དྭགས་པོ་བཀའ་བརྒྱུད་ཀྱི་སྤྲུལ་སྐུ་ཆེན་པོ་རྣམས་དང༌། དེ་དག་གི་ཞལ་སློབ་རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཁ་ཤས་དང༌། ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོ་དང༌། རྗེ་བཙུན་རེད་མདའ་བ་ཆེན་པོ་དང༌། སྟག་ཚང་ལོ་ཙཱ་སོགས་ཉིན་མོའི་སྐར་མ་ལྟར་ཉུང་ཤས་ལས་མ་བྱུང་བར་སྣང་ངོ༌། །དེས་ན་ཐལ་འགྱུར་བ་གསར་པ་བཀའ་གདམས་གསར་མ་བར་གྲགས་པའི་ལེགས་བཤད་ཀྱི་ལུགས་དེ་མི་བཟང་བ་མ་ཡིན་མོད་ཀྱང་བཏང་སྙོམས་སུ་བྱས་ཏེ། ཇོ་བོའི་བཀའ་བརྒྱུད་སོགས་ཐལ་འགྱུར་བ་སྔ་རབས་(༡༤༠ན)


K800_Page_290
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྱི་དང༌། ཁྱད་པར་པ་ཚབ་བུ་བཞིས་ཇི་ལྟར་འཆད་པ་དང༌། དེ་དག་ལས་བདག་ཉིད་ཆེན་པོ་རྨ་བྱ་བ་བྱང་ཆུབ་བརྩོན་འགྲུས་ཀྱི་བཞེད་པའི་དབུ་མའི་བརྗེད་བྱང་ཆེན་མོ་ལས་ཇི་ལྟར་འབྱུང་བ་ལྟར་སྔ་རབས་པའི་སྐྱེས་བུ་དམ་པ་དེ་དག་གིས་དགོངས་པ་བསྐང་བའི་ཆེད་དུ་འདི་སྐད་སྨོས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་འདི་ཐམས་ཅད་ཡོད་པ་དང་མེད་པ་དང་རྟག་པ་དང་ཆད་པ་དང་ཤེས་པ་དང་ཤེས་བྱ་དང་གཅིག་དང་ཐ་དད་ལ་སོགས་པ་སྤྲོས་པའི་མཚན་མ་ཐམས་ཅད་དང་གདོད་ནས་བྲལ་བ་ལ། འཕགས་ཆེན་རྣམས་ཀྱི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྤྲོས་པ་དང་མཚན་མ་ཐམས་ཅད་འགའ་ཡང་མཐོང་བ་མེད་པའི་ཚུལ་དུ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་གཟིགས་པ་ལ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དོན་དམ་པའི་བདེན་པ་དང༌། དེ་བཞིན་ཉིད་ཅེས་ཐ་སྙད་བཏགས་པར་ཟད་ཀྱི། འཕགས་པའི་མཉམ་གཞག་ལ་མ་བལྟོས་པའམ། དེ་ལས་ཐ་དད་པའི་དོན་དུ་གྲུབ་པ་ནི་མ་ཡིན་ཅིང༌། དོན་དམ་པའི་བདེན་པ་ལས་ཐ་དད་པའི་འཕགས་པའི་མཉམ་གཞག་ཀྱང་ཡོད་པ་མ་ཡིན་ནོ།།ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ལ་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ནས་རྣམ་མཁྱེན་གྱི་མཚན་ཉིད་རྣམ་པ་ཐམས་ཅད་མངོན་དུ་བྱེད་པའི་བར་ངོ་བོ་དང༌། ཡོད་པ་དང་མེད་པ་དང༌། གཅིག་དང་ཐ་དད་དང༌། ཤེས་བྱ་དང་ཤེས་པ་དང༌། བརྗོད་བྱ་དང་རྗོད་བྱེད་ལ་སོགས་པ་ཁྱད་པར་དུ་མ་ཐོག་མ་མེད་པ་ནས་གོམས་པའི་དངོས་པོ་ལ་མངོན་པར་ཞེན་པའི་མ་རིག་པས་གང་ཟག་དང་ཆོས་སུ་ཐ་སྙད་ཇི་སྙེད་བཏགས་པ་ཐམས་ཅད་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་རྫོབ་(༡༤༠བ)


K800_Page_291
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་སྟེ། དེ་དག་ཀྱང་རྟོག་མཁན་གྱི་མ་རིག་པ་དེ་ལས་ལོགས་སུ་ཐ་དད་པར་གྲུབ་པ་ཡང་མ་ཡིན་ལ། མ་རིག་པ་དེ་ཉིད་ཀྱང་མ་ཡིན་མོད་ཀྱི། མ་དཔྱད་ན་མ་བརྟགས་གཅིག་པུར་ཉམས་དགའ་བ། ཅུང་ཟད་དཔྱད་ན་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ཙམ་ཡིན་གྱི། རང་བཞིན་བདེན་པར་མེད་པ་རྗོད་བྱེད་དང་རྣམ་པར་རྟོག་པའི་ཐ་སྙད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་པའི་ཕྱིར། མིང་ཙམ། བརྡ་ཙམ། ཐ་སྙད་ཙམ། རྣམ་པར་རྟོག་པ་ཙམ། སྒྲོ་བཏགས་ཙམ་ཡིན་ཅིང༌། ཤིན་ཏུ་ལེགས་པར་དཔྱད་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་དེ་དག་ཉིད་གདོད་མ་ནས་སྤྲོས་པ་དང་མཚན་མ་ཐམས་ཅད་ཉེ་བར་ཞི་བ་ཡིན་གྱི། འཕགས་པས་གཟིགས་པས་སྤྲོས་བྲལ་དུ་སོང་བའམ། རིགས་པས་དཔྱད་པས་སྤྲོས་བྲལ་དུ་སོང་བའམ། སྟོང་པ་ཉིད་ཀྱིས་སྤྲོས་བྲལ་དུ་བྱས་པ་ལྟ་བུ་ནི་མ་ཡིན་ནོ། ། དེ་ལ་མ་དཔྱད་པ་དང་ཅུང་ཟད་དཔྱད་པའི་བློ་ངོར་རྙེད་པའི་ཆོས་རྣམས་ལ་ནི་ཀུན་རྫོབ་ཅེས་བྱ་ལ། ཤིན་ཏུ་ལེགས་པར་དཔྱད་པ་དང༌། འཕགས་པའི་མཉམ་གཞག་གིས་རྙེད་པ་ལ་ནི་དོན་དམ་ཞེས་བྱའོ། །དེས་ན་དངོས་པོ་བུམ་པ་ལྟ་བུ་གཅིག་ལའང་བྱིས་པ་རྣམས་ཀྱིས་ནི་ངོ་བོ་ཉིད་དང༌། ཁྱད་པར་དུ་སྒྲོ་གཏགས་རྒྱུ་མཐའ་ཡས་པ་ཞིག་རྙེད་པས་ཀུན་རྫོབ་དང༌། འཕགས་པ་རྣམས་ཀྱིས་དེ་དག་ཐམས་ཅད་གང་དུ་ཡང་མ་གཟིགས་པས་འགའ་ཡང་མཐོང་མེད་ཀྱི་ཚུལ་དུ་མཐོང་བ་དེ་ལ་དོན་དམ་མཐོང་ཞེས་ཐ་སྙད་བྱས་པས་བདེན་པ་གཉིས་པོ་དེ་དོན་ལ་ཐ་དད་མ་ཡིན་གྱི། འཁྲུལ་པ་དང་མ་འཁྲུལ་པའི་བློ་ལ་བལྟོས་ཏེ་སོ་སོར་དབྱེ་བ་བྱས་པ་ཙམ་མོ། །དབྱེ་བ་བྱས་པ་ཡང་བྱིས་པ་རྣམས་ཀྱི་བློ་ངོར་བྱིས་པས་མཐོང་བ་ཐམས་ཅད་བརྫུན་པ་བསླུ་བའི་ཆོས་ཅན་ཡིན་(༡༤༡ན)


K800_Page_292
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེས་བཞག་པའི་ཕྱིར་དུ་ཀུན་རྫོབ་དང༌། བྱིས་པ་རྣམས་ཀྱིས་ཇི་ལྟར་མཐོང་ཞིང་བཏགས་པ་ཐམས་ཅད་འཕགས་པ་རྣམས་ཀྱིས་འགའ་ཡང་མ་གཟིགས་པས་འཕགས་པས་མ་གཟིགས་ཤིང་མ་རྙེད་པ་དེ་དོན་ལ་གནས་སོ་ཞེས་དོན་དམ་དུ་བཞག་པས་བདེན་པ་གཉིས་ཀ་ཡང་བྱིས་པའི་བློ་ལ་བལྟོས་ཏེ་དགོས་དབང་གིས་གསུངས་པ་ཡིན་གྱི། འཕགས་པས་བདེན་པ་གཉིས་གཟིགས་པ་དང་གཉིས་སུ་ཡོད་པའི་སྒོ་ནས་མ་ཡིན་ཏེ། རིགས་པ་དྲུག་ཅུ་པ་ལས། དེ་ཉིད་མ་མཐོང་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམ་སེམས་ཏེ། །ཞེས་གསུངས་པ་ལྟར་རོ། །ཚུལ་འདི་དང་མི་མཐུན་པར་དོལ་ཕུ་པ་ཆེན་པོ་ན་རེ། དགོངས་པ་ངེས་འགྲེལ་དང༌། བྱམས་ཆོས་ཕྱི་མ་རྣམས་དང༌། ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལུགས་རྣམས་དབུ་མ་ཆེན་པོའི་ངེས་དོན་སྒྲ་ཇི་ལྟ་བར་ཁས་ལེན་བཞིན་དུ་ཆོས་རྣམས་ཀྱི་བདག་མེད་ཙམ་དང༌། ངོ་བོ་ཉིད་མེད་ཙམ་ལ་དོན་དམ་པའི་བདེན་པར་མི་འཇོག་གི། ཆོས་རྣམས་ལས་དོན་ལ་ཐ་དད་པའི་དེ་བཞིན་ཉིད་ཁས་བླངས་ནས་བདེན་གཉིས་ཐ་དད་པར་དོན་ལ་གནས་པར་སྨྲ་བ་ནི། རང་གིས་ངེས་དོན་དུ་ཁས་བླངས་པའི་ལུང་རྣམས་དང་ཡང་འགལ་ན། རྒྱལ་བའི་ཡུམ་སོགས་ངེས་དོན་གྱི་གསུང་རབས་རྣམས་དང༌། ཀླུ་སྒྲུབ་ཡབ་སྲས་རྗེས་འབྲངས་དང་བཅས་པའི་གསུང་དང་འགལ་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ནི་གནས་མ་བུ་པ་ནས་མདོ་སྡེ་པའི་བར་ཉན་ཐོས་སྡེ་པ་དང༌། རྒྱང་འཕེན་ནས་གྲངས་ཅན་གྱི་བར་ཆོས་འདི་པ་ལས་ཕྱི་རོལ་དུ་གྱུར་པ་རྣམས་ཀྱི་ལུགས་ཀྱང་མ་ཡིན་ཏེ། དེ་དག་ཀྱང་རང་གིས་ཁས་བླངས་པའི་ལུང་ལ་འགོམ་མི་ནུས་ཤིང༌། ཆོས་རྣམས་ལ་རིགས་པས་ཀྱང་རྣམ་པར་དཔྱོད་པའི་(༡༤༡བ)


K800_Page_293
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། བདེན་གཉིས་དོན་ལ་ཐ་དད་ཡིན་ན། འཕགས་པ་ལ་ཐ་དད་དུ་སྣང་བར་འགྱུར་ཞིང༌། འདོད་ན་འཕགས་པའང་འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བར་འགྱུར་བས་མྱང་འདས་དང་རྫོགས་པའི་བྱང་ཆུབ་གཏན་མི་སྲིད་པར་འགྱུར་ཏེ། དགོངས་འགྲེལ་ལས། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་དག་ཐ་དད་པ་ཡིན་པར་གྱུར་ན་ནི། དེས་ན་བདེན་པ་མཐོང་བ་རྣམས་ཀྱང་འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བར་འགྱུར། འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བའི་ཕྱིར་བདེན་པ་མཐོང་བ་མཚན་མའི་འཆིང་བ་ལས་རྣམ་པར་མ་གྲོལ་བར་ཡང་འགྱུར། མཚན་མའི་འཆིང་བ་ལས་རྣམ་པར་མ་གྲོལ་ན་གནས་ངན་ལེན་གྱི་འཆིང་བ་ལས་ཀྱང་མ་གྲོལ་བར་འགྱུར། འཆིང་བ་དེ་གཉིས་ལས་རྣམ་པར་མ་གྲོལ་ན་བདེན་པ་མཐོང་བས་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་ཡང་མི་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་འགྱུར། ཞེས་སོགས་རྒྱས་པར་བཀའ་བསྩལ་ནས། མཐར་དེ་ལ། གང་དག་འདི་སྐད་ཅེས། འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་ཞེས་ཟེར་བ་དེ་དག་ནི་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་གྱི། ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ། །ཞེས་སོ། །ཡང་དོན་དམ་པ་དེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང་དེ་བཞིན་ཉིད་དང་སྤྱིའི་མཚན་ཉིད་མ་ཡིན་པར་འགྱུར་ཏེ། ཆོས་རྣམས་ལས་གཞན་ཡིན་པའི་ཕྱིར། གཞན་ཡིན་ཀྱང་ཆོས་ཉིད་ཡིན་ན་ཐམས་ཅད་ཀྱང་ཐམས་ཅད་ཀྱི་ཆོས་ཉིད་དུ་ཧ་ཅང་ཐལ་ལོ། །དགོངས་འགྲེལ་ལས། བློ་གྲོས་ཤིན་ཏུ་རྣམ་དག་གལ་ཏེ་(༡༤༢ན)


K800_Page_294
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ཡང༌། དེས་ན་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ལ་དོན་དམ་པའི་མཚན་ཉིད་སྤྱིའི་མཚན་ཉིད་དུ་འགྱུར་བ་མ་ཡིན་པར་འགྱུར་རོ། །ཞེས་སོགས་གསུངས་སོ། །འདུ་བྱེད་རྣམས་ཀྱི་བདག་མེད་པ་ཉིད་དང་ངོ་བོ་ཉིད་མེད་ཙམ་ལ་དོན་དམ་དུ་བཞག་པ་མ་ཡིན་པར་འགྱུར་ཞིང༌། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གཉིས་དུས་གཅིག་ཏུ་མཚན་ཉིད་ཐ་དད་དུ་གྲུབ་པར་འགྱུར་ཏེ། བདེན་གཉིས་དོན་ལ་ཐ་དད་དུ་གནས་པའི་ཕྱིར། དགོངས་འགྲེལ་ལས། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་ཡིན་པར་གྱུར་ན་ནི། དེས་ན་འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང༌། ངོ་བོ་ཉིད་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པར་ཡང་མི་འགྱུར། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་རྣམ་པར་བྱང་བའི་མཚན་ཉིད་ཀྱང་དུས་གཅིག་ཏུ་མཚན་ཉིད་ཐ་དད་དུ་གྲུབ་པར་འགྱུར་རོ་ཞེས་གསུངས་སོ། །དེ་ཐམས་ཅད་ཀྱི་འཁོར་གསུམ་ག་ཁས་བླངས་ཏེ། ལུང་དེ་དག་ངེས་དོན་སྒྲ་ཇི་བཞིན་དུ་ཁས་བླངས་པའི་ཕྱིར། གཞན་ཡང་དོན་དམ་པ་ཀུན་རྫོབ་ལས་གཞན་དུ་ཡོད་པར་འདོད་པ་དང༌། ཆོས་ཅན་གཏན་ནས་མེད་པའི་ཆོས་ཉིད་འདོད་པའང་ཤིན་ཏུ་འཁྲུལ་ཏེ། དགོངས་འགྲེལ་ལས། དུང་གི་དཀར་པོ་དང་དུང་དང༌། གསེར་གྱི་སེར་པོ་དང་གསེར་དང༌། པི་ཝང་གི་སྒྲའི་སྙན་པ་དང་པི་ཝང་གི་སྒྲ་དང༌། ཨ་ག་རུ་ནག་པོའི་དྲི་ཞིམ་པ་དང་ཨ་ག་རུ་ནག་པོ་དང༌། ན་ལེ་ཤམ་གྱི་ཚ་བ་དང་ན་ལེ་ཤམ་དང༌། ཨ་རུ་རའི་བསྐ་བ་དང་ཨ་རུ་ར་དང༌། ཤིང་བལ་གྱི་འདབ་མའི་འཇམ་པ་དང་ཤིང་བལ་གྱི་འདབ་མ་དང༌། མར་གྱི་ཉིང་ཁུ་དང་མར་དང༌། འདུ་བྱེད་ཐམས་(༡༤༢བ)


K800_Page_295
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་མི་རྟག་པ་ཉིད་དང༌། ཟག་པ་དང་བཅས་པ་ཐམས་ཅད་ལ་སྡུག་བསྔལ་བ་ཉིད་དང༌། ཆོས་ཐམས་ཅད་ལ་གང་ཟག་གི་བདག་མེད་པ་ཉིད་ཀྱང་དེ་དག་དང༌། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མ་ཞི་བའི་མཚན་ཉིད་དང༌། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང༌། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཏེ་དེ་དག་གི་སྔ་མ་རྣམས་ལ་ཉིད་ཀྱང་ཞེས་སྦྱར་ཏེ། མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་པར་གདགས་པར་སླ་བ་མ་ཡིན་ནོ། ། བློ་གྲོས་ཤིན་ཏུ་རྣམ་དག་དེ་བཞིན་དུ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཀྱང་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་དུ་གདགས་པར་མི་བཟོད་དོ། །ཞེས་པ་ནས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཅེས་གསུངས་པ་དང་འགལ་བའི་ཕྱིར་རོ། །གཞན་ཡང་མདོ་སྡེ་རྒྱན་ལས། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །ཞེས་དང༌།དབུས་མཐའ་ལས། ཡོད་པ་མ་ཡིན་མེད་པ་མིན། །ཐ་དད་གཅིག་པའི་མཚན་ཉིད་མིན། །ཅེས་དང༌། ཆོས་ཉིད་རྣམ་འབྱེད་ལས། གཉིས་པོ་དེ་དག་གཅིག་པ་ཉིད་མ་ཡིན་ཅིང༌། སོ་སོ་ཉིད་མ་ཡིན་ཏེ་ཡོད་པ་དང་མེད་པ་དག་ཁྱད་པར་ཡོད་པ་དང་མེད་པའི་ཕྱིར། ཞེས་དང༌། ཐེག་བསྡུས་ལས། ངོ་བོ་ཉིད་གསུམ་པོ་འདི་དག་ཚུལ་ཅི། ཐ་དད་པ་ཞིག་གམ། འོན་ཏེ་ཐ་དད་པ་མ་ཡིན་པ་ཡིན་ཅེ་ན། ཐ་དད་པ་ཡང་མ་ཡིན་ལ་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་པར་བརྗོད་པར་བྱའོ། །ཞེས་དང༌། སུམ་ཅུ་པ་ལས། དེ་ཕྱིར་དེ་ཉིད་གཞན་(༡༤༣ན)


K800_Page_296
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལས། །གཞན་མིན་གཞན་མིན་པ་ཡང་མིན། །མི་རྟག་ལ་སོགས་བཞིན་དུ་བརྗོད། །ཅེས་དང༌། དེ་བཞིན་དུ་མངོན་པ་ཀུན་ལས་བཏུས་དང༌། རྣམ་པར་གཏན་ལ་དབབ་པ་བསྡུ་པ་དང༌། ཤཱནྟི་པ་སོགས་ཀྱིས་བདེན་གཉིས་གཅིག་དང་ཐ་དད་མ་ཡིན་པར་ཡང་ཡང་གསུངས་པ་དང་འགལ་ཏེ། ཁྱེད་རང་གིས་མདོ་བསྟན་བཅོས་དེ་དག་དབུ་མའི་ངེས་དོན་དང་སློབ་དཔོན་དེ་དག་དབུ་མའི་སྐྱེས་བུ་ཚད་ལྡན་དུ་ཁས་བླངས་པའི་ཕྱིར་རོ། །ཤར་ཙོང་ཁ་པ་ཆེན་པོ་སོགས་བདེན་གཉིས་ངོ་བོ་གཅིག་ཏུ་བཞེད་པ་ཡང་སྔར་གྱི་མདོ་བསྟན་བཅོས་རྣམས་ལ་ཚད་མར་བྱེད་པ་དང་འགལ་ཏེ། དགོངས་འགྲེལ་ལས། བློ་གྲོས་ཤིན་ཏུ་རྣམ་དག་གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་འགྱུར་ན་ནི། དེས་ན་བྱིས་པ་སོ་སོ་སྐྱེ་བོ་ཐམས་ཅད་བདེན་པ་མཐོང་བ་ཡིན་པར་ཡང་འགྱུར་རོ། །སོ་སོ་སྐྱེ་བོ་ཁོ་ནར་གྱུར་བཞིན་དུ་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་ཡང་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །ཞེས་དང༌། དེ་བཞིན་དུ། དེས་ན་ཇི་ལྟར་འདུ་བྱེད་ཀྱི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་རྟོགས་པ་དེ་བཞིན་དུ་དོན་དམ་པའི་མཚན་ཉིད་ཀྱང་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་རྟོགས་པར་འགྱུར་རོ། །ཞེས་སོགས་དང༌། དེས་ན་ཇི་ལྟར་དོན་དམ་པའི་མཚན་ཉིད་དང་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ལ་བྱེད་བྲག་མེད་པ་དེ་བཞིན་དུ་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ཀྱང་བྱེ་བྲག་མེད་པར་འགྱུར་བ་དང༌། རྣལ་འབྱོར་པ་དག་འདུ་བྱེད་རྣམས་ལ་ཇི་ལྟར་མཐོང་བ་དང༌། (༡༤༣བ)


K800_Page_297
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཐོས་པ་དང༌། ཇི་ལྟར་བྱེ་བྲག་ཕྱེད་པ་དང༌། ཇི་ལྟར་རྣམ་པར་ཤེས་པ་ལས་གང་དུ་དོན་དམ་པ་ཡོངས་སུ་འཚོལ་བར་མི་འགྱུར་རོ། །ཞེས་སོགས་དང༌། སྔར་གྱི་དཔེ་མང་པོ་དང་སྦྱར་བའི་མདོ་བསྟན་བཅོས་རྣམས་དང་ཡང་འགལ་ལོ། །གཞན་ཡང་བདེན་གཉིས་ངོ་བོ་གཅིག་ན་ཀུན་རྫོབ་དོན་དམ་དུ་གཅིག་པས་འདུ་བྱེད་ཐམས་ཅད་བྱེ་བྲག་མེད་པ་དང་ཁྱད་པར་མེད་པར་འགྱུར་བའི་སྐྱོན་སོགས་སུ་འགྱུར་ལ། དོན་དམ་ཀུན་རྫོབ་ཏུ་གཅིག་པས་དོན་དམ་ཀུན་ནས་ཉོན་མོངས་སུ་འགྱུར་བའི་སྐྱོན་དུ་འགྱུར་རོ། །ཁ་ཅིག་ཀུན་རྫོབ་ཏུ་ངོ་བོ་གཅིག་ཅེས་དང༌། ཀུན་རྫོབ་ཏུ་ངོ་བོ་ཐ་དད་ཅེས་སྨྲ་བ་ཡང་ཀུན་རྫོབ་བདེན་པ་ལ་རིགས་པས་དཔྱད་ནས་སྨྲས་པའི་ཕྱིར་སྔར་གྱི་སྐྱོན་ཐམས་ཅད་ལས་མ་འདས་སོ། །ཁ་ཅིག་བདེན་པ་གཉིས་ཀ་དོན་ལ་ཡོད་པར་བྱས་ནས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་སྨྲ་བ་དང༌། གཞན་ཡང་གཉིས་ཆོས་ཀྱི་ཆོས་མེད་པ་དེ་ལྟར་སྨྲ་བ་ནི་གཅེར་བུ་པ་དང་གནས་མ་བུ་སོགས་ཀྱི་ལུགས་ལ་མཛེས་པ་ཡིན་ཏེ། དོན་ལ་མ་གྲུབ་པར་ཡོད་པར་ཟོལ་གྱིས་སྨྲས་ནས་གཞན་དག་ལ་ལོག་རྟོག་བསྐྱེད་དུ་གཞུག་པའི་ཕྱིར། དོན་ལ་གཉིས་ཀ་ངོ་བོས་གྲུབ་ཅིང༌། ངོ་བོ་གཅིག་མ་ཡིན་ན་ཐ་དད་ཡིན་དགོས་ཤིང༌། ཐ་དད་མ་ཡིན་ན་གཅིག་ཡིན་དགོས་ཏེ། གཅིག་དང་དུ་མ་ཕན་ཚུན་སྤང་འགལ་ཡིན་པའི་ཕྱིར་ཏེ། དབུ་མ་རྒྱན་ལས། གཅིག་དང་དུ་མ་མ་གཏོགས་པའི། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་དང༌། རྣམ་འགྲེལ་ལས། འདི་ལས་གཞན་དངོས་ཡོད་མ་ཡིན། །ཅེས་དང༌། འདི་ལས་གཞན་པའི་རྣམ་པའང་མེད། །ཅེས་2སོགས་མཐའ་ཡས་སོ། །དེས་(༡༤༤ན)


K800_Page_298
[མ་དཔེ་གཟིགས་ན་འདིར་གནོན།]

ན་དངོས་པོར་སྨྲ་བ་དག་གི་དོན་ལ་ཡོད་པ་དང༌། དོན་གང་ཞིག་ཡོད་པ་དེའི་ཟླས་དྲངས་པའི་དོན་མེད་པ་དང༌། དེ་ལྟའི་དོན་ཡོད་མེད་གཉིས་ཡིན་དང་གཉིས་མིན་གྱི་ཕུང་གསུམ་སོགས་ཁས་གང་གིས་བླངས་པ་ནི་དངོས་པོར་ཡོད་མེད་དུ་སྨྲ་བའི་མཐའ་ཆེན་པོའི་ཕྱོགས་བཞི་ལ་གནས་པ་ཡིན་ལ། དོན་གྱི་ཡོད་མེད་ཁས་ལེན་པའི་དངོས་སྨྲ་བ་ལ་དབུ་མ་པས། དོན་གྱི་ཡོད་ན་ནི་དོན་གྱི་མེད་པ་མ་ཡིན་པར་འགྱུར་བ་དང༌། དོན་གྱི་མེད་ན་དོན་གྱི་ཡོད་པ་མ་ཡིན་པར་འགྱུར་རོ་ཞེས་ཕྱོགས་དེ་ལ་ཁས་བླངས་འགལ་བའི་གནོད་བྱེད་བརྗོད་པ་ཆེས་མང་སྟེ། རྩོད་ཟློག་ལས། རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་གྲུབ་པར་འགྱུར། །ཞེས་སོགས་འབྱུང་བའི་ཕྱིར། དེ་ལྟར་བརྗོད་པ་ནའང་དབུ་མ་པ་རང་གི་ལུགས་ལ་ནི་དོན་གྱི་ཡོད་མེད་སོགས་བདེན་པ་གཉིས་ཀར་མ་གྲུབ་ན་དོན་གྱི་ཡོད་ན་དོན་གྱི་མེད་པ་བུད། རང་ལུགས་སུ་རྨི་ལམ་དུའང་བརྗོད་པར་མི་རྨི་ཡང་དེར་བརྗོད་པ་ནི་གཞན་གྱིས་མི་རིགས་པར་སྨྲས་པ་ལ་དེ་ལྟར་སྨྲ་བོ་རང་གི་ངག་གིས་ཀྱང་གནོད་པའི་ངག་གཞན་གྲགས་ཞིག་དེར་རྗེས་བརྗོད་བྱས་ཏེ་དེ་ལྟར་སྨྲ་བ་དེ་རིགས་པ་མ་ཡིན་ནོ་ཞེས་ཚར་བཅད་པ་ཡིན་ནོ། །ངག་དོན་བདེན་གཉིས་གཅིག་ཡིན་ན་ཐ་དད་མ་ཡིན་དགོས་ཤིང༌། ཐ་དད་ན་གཅིག་མ་ཡིན་དགོས་པ་ནི་འཇིག་རྟེན་པ་གང་བདེན་གཉིས་གཞི་གྲུབ་པར་འདོད་ན་དེར་འགྱུར་ཞེས་བརྗོད་པ་ཡིན་ཏེ། གཞི་གྲུབ་ཀྱི་ཆོས་ལ་གཅིག་དང་ཐ་དད་གང་རུང་དུ་གཞི་མ་གྲུབ་ན་གཞི་གྲུབ་པར་མི་འགྱུར་བའི་ཕྱིར། འོ་ན་དབུ་མ་པ་ལའང་བདེན་གཉིས་གཅིག་དང་ཐ་དད་གང་རུང་དུ་ཁས་ལེན་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཁོ་བོ་ཅག་དབུ་མ་པ་ལ་ནི་རྣམ་པར་དཔྱད་(༡༤༤བ)


K800_Page_299
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་བདེན་གཉིས་གཞི་གྲུབ་པ་དང་མ་གྲུབ་པ་གང་དུ་ཡང་སྨྲ་བསམ་བརྗོད་པ་དང་བྲལ་བའི་ཕྱིར། བདེན་གཉིས་ངོ་བོ་གཅིག་དང་ཐ་དད་གང་དུའང་རྟོག་པར་ག་ལ་བྱེད་ཅེས་ཤེས་པར་བྱའོ། །འདིར་ཙོང་ཁ་པ་ཆེན་པོ་རྗེས་འབྲངས་དང་བཅས་པའི་གསུང་གིས། ཐ་སྙད་ཚད་མས་གྲུབ་པའི་དོན་གྱིས་ཡོད་མེད་སོགས་དེ་ངོར་དེ་ལྟར་མ་གྲུབ་ན་རྒྱུ་འབྲས་ལ་སྐུར་པ་བཏབ་པས་ཆད་ལྟ་བླ་ན་མེད་པར་སོང་བ་དང༌། ཁྱད་པར་དབུ་མ་ཐལ་འགྱུར་བས་རང་གཞན་གྱི་འདོད་པའི་རིགས་མི་རིགས་དགག་སྒྲུབ་ཀྱི་སྐབས་སུ་རང་ལུགས་ལ་དོན་གྱི་ཡོད་ན་མེད་པ་མ་ཡིན་པ་དང༌། དོན་གྱི་ཡོད་པ་མ་ཡིན་ན་མེད་པ་ཡིན་པར་ངེས་པར་ཁས་ལེན་དགོས་ཏེ། རྩོད་ཟློག་ལས། རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་གྲུབ་པར་འགྱུར། །ཞེས་འབྱུང་བའི་ཕྱིར། སྟོང་པ་ཉིད་ཀྱི་དོན་བདེན་པར་གཞི་མ་གྲུབ་ན་བདེན་མེད་དུ་གཞི་གྲུབ་དགོས་ཞེས་དང༌། དེའི་དོན་བདེན་པར་མེད་ན་བདེན་མེད་དུ་ཡོད་དགོས་ཏེ། དེ་ལྟར་མ་ཡིན་ན་གང་ལའང་ཚད་མས་ཡིད་རྟོན་པར་མི་འགྱུར་བའི་ཕྱིར་ཞེས་སྨྲའོ། །དེ་ནི་མི་འཐད་དེ། ཁྱེད་ཀྱི་དེ་ལྟར་ན་རྩོད་ཟློག་གི་ལུང་དེ་དབུ་མ་ཐལ་འགྱུར་བས་དོན་གྱི་ཡོད་མེད་ངེས་པར་རང་ལུགས་ལ་འགལ་བར་ཁས་ལེན་པའི་དབང་གིས་དོན་གྱི་ཡོད་མེད་ཀྱང་དབུ་མ་ཐལ་འགྱུར་བ་རང་ལུགས་ལ་ཡོད་པར་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟར་ན་དོན་གྱི་ཡོད་མེད་ཁས་ལེན་པའི་དབུ་མ་ཐལ་འགྱུར་བ་དེ་དབུ་མ་པ་ཡང་དག་པ་མ་ཡིན་པར་གསལ་བའི་ཕྱིར་ཏེ། དོན་གྱི་ཡོད་མེད་ཀྱི་མཐའ་ཁས་ལེན་པ་དེ་ལ་དངོས་སྨྲ་བར་གྲགས་ཤིང་གྲུབ་ལ། དོན་གྱི་ཡོད་མེད་སོགས་རིགས་པས་ཚར་བཅད་ནས་དོན་གྱི་ཡོད་མེད་སོགས་གང་དུའང་འཇོག་པའི་སྨྲ་(༡༤༥ན)


K800_Page_300
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱི་བརྗོད་པ་དང་བྲལ་བའི་གང་ཟག་དེ་ལ་དབུ་མ་པར་འཇོག་པའི་ཕྱིར། དེས་ན་དབུ་མ་ཐལ་འགྱུར་བ་རང་ལུགས་ལ་དོན་གྱི་ཡོད་པ་ཟློག་ན་དོན་གྱི་མེད་པ་ཁས་ལེན་དགོས་སོ་ཞེས་སྨྲ་བ་འདི་ཚིག་ཏུ་དབུ་མར་སྨྲས་ཀྱང་དོན་ལ་དངོས་པོར་སྨྲ་བར་སོང་བ་ཡིན་ནོ། །འདིར་ཟི་ལུང་ཤཱཀྱ་པ་ཆེན་པོ་ན་རེ། རྩོད་ཟློག་གི་ལུང་དེ་དབུ་མ་པས་རང་ལུགས་སུ་ཁས་ལེན་མི་ལེན་གྱི་སྐབས་གཉིས་ཡོད་པ་ཡིན་ཏེ། བར་དུ་བདག་ཟློག་གི་སྐབས་སུ་དོན་གྱི་ཡོད་པ་བཀག་ན་དོན་གྱི་མེད་པ་ཁས་ལེན་ལ། ཐ་མ་ལྟ་ཞིག་ཀུན་ཟློག་གི་སྐབས་སུ་དོན་གྱི་བདག་བདེན་སོགས་ཡོད་པ་བཀག་ནས་དོན་གྱི་བདག་བདེན་སོགས་མེད་པར་མི་བསྒྲུབ་པའི་ཚུལ་ཕྱི་མ་འདི་ནི་དབུ་མ་རང་རྒྱུད་པ་ལས་ཐལ་འགྱུར་བ་ཁྱད་པར་འཕགས་ཆོས་ཀྱི་རང་ལུགས་བླ་ན་མེད་པ་ཞིག་ཡིན་པའི་ཕྱིར་ཞེས་ཟེར་རོ། །མི་འཐད་དེ། དོན་གྱི་ཡོད་མེད་དང་དེ་གཞིར་བྱས་ཀྱི་དངོས་འགལ་སོགས་རང་ལུགས་ལ་དོན་ལ་ཡོད་པར་སྨྲ་བ་ནི་དངོས་པོར་སྨྲ་བ་ཉིད་ཡིན་ལ། དབུ་མ་པས་བར་དུ་བདག་ཟློག་གི་སྐབས་སུ་ཡང་དངོས་པོར་སྨྲ་བའི་ཕྱོགས་ལ་གནས་པའི་སྐབས་ཡོད་པ་མིན་པའི་ཕྱིར་དང༌། དེར་དབུ་མ་པས་དངོས་སྨྲ་བའི་ཕྱོགས་ལ་གནས་ནས་དེ་ལྟར་ཁས་ལེན་རིགས་ན། ལྟ་ཞིག་ཀུན་ཟློག་གི་སྐབས་སུ་ཡང་དེའི་ཕྱོགས་ལ་གནས་ནས་དེ་ལྟར་ཁས་ལེན་པ་ལ་མི་རིགས་པའི་འཐད་པ་གང་ཡང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། བདག་ཟློག་གི་སྐབས་སུ་དོན་དུ་གྱུར་པའི་ཡོད་མེད་སོགས་མཐའ་བཞིའི་བདག་མ་བཀག་ན་བདག་བཟློག་པར་མི་འགྱུར་བའི་ཕྱིར་ཏེ། (༡༤༥བ)


K800_Page_301
[མ་དཔེ་གཟིགས་ན་འདིར་གནོན།]

དེར་དོན་དུ་གྱུར་པའི་བདག་ཡོད་བཀག་ནས་དོན་གྱི་བདག་མེད་ཡོད་པར་བསྒྲུབ་ན་དོན་དུ་གྱུར་པའི་བདག་ཡོད་པར་ཁས་ལེན་དགོས་པའི་ཕྱིར་ཏེ། དོན་དུ་གྱུར་པའི་བདག་མེད་ཡོད་ན་དེས་བཀག་པའི་དོན་དུ་གྱུར་པའི་བདག་ཡོད་པར་ཁས་ལེན་དགོས་པའི་ཕྱིར། དོན་དུ་གྱུར་པའི་མེས་དོན་དུ་གྱུར་པའི་གྲང་རེག་བཀག་ནས་མེད་པར་བྱས་པ་བཞིན། ཁྱེད་ལྟར་ལྟ་ཞིག་ཀུན་གཙོ་བོར་བཟློག་པའི་དགོས་པ་དོན་དུ་གྱུར་པའི་བདག་ཡོད་བདག་ཟློག་གི་སྐབས་སུ་བཀག་ཟིན་ནས། འདིར་དོན་དུ་གྱུར་པའི་བདག་མེད་ཡོད་པ་འགོག་པར་བྱེད་དོ་སྙམ་པ་དེ་ནི་མུན་སྤྲུལ་དུ་ཟད་དེ། བར་དུ་བདག་ཟློག་གི་སྐབས་སུ་གང་ཟག་དང་ཆོས་ལ་བརྟེན་པའི་དོན་དུ་གྱུར་པའི་བདག་བདེན་ཐམས་ཅད་བདེན་པ་གཉིས་ཀར་མི་རིགས་པར་ཚར་བཅད་ནས། ཐ་མ་ལྟ་ཞིག་ཀུན་ཟློག་གི་སྐབས་སུ་དོན་དུ་མ་གྱུར་པའི་རྟོགས་པས་བཞག་པའི་དགག་སྒྲུབ་ཀྱི་མཚན་མ་ཅུང་ཟད་ཙམ་ཡང་སྨྲ་བསམ་གྱི་བརྗོད་པ་དང་བྲལ་པར་བཀའ་བརྒྱུད་དྭགས་པོ་ལྷ་རྗེའི་གསུང་ངག་ལྟར་ན། རང་བབས་མ་བཅོས་ཐ་མལ་གྱི་ཤེས་པ་ཞེས་པའི་མིང་ཅན་དེ་ཉིད་དུ་ལ་ཟློ་བར་བྱེད་པའི་ཕྱིར། དེ་ལྟར་སྤྲོས་བྲལ་གྱི་དབྱིངས་དེར་ལ་དོར་དུ་སོང་བ་དེ་ལ་ལྟ་ཞིག་ཀུན་ཟློག་ཅེས་བླ་དྭགས་ཀྱི་མིང་བཏགས་པ་ཙམ་དུ་ཟད་དོ། །བར་དུ་བདག་བཟློག་གི་སྐབས་སུ་དོན་གྱི་བདག་ཡོད་བཀག་ནས་དོན་གྱི་བདག་མེད་པར་མི་བསྒྲུབ་པ་འདི་ནི་དབུ་མ་རང་རྒྱུད་པ་ལས་ཐལ་འགྱུར་བ་ཆེས་ཁྱད་འཕགས་སུ་འཇོག་བྱེད་ཀྱི་རང་ལུགས་ཡིན་ཅེས་པ་འདི་ནི་རྫུན་ཆེན་པོ་སྨྲས་པ་ཡིན་ཏེ། ཁྱེད་རང་ཡང་སྐབས་རེས་འགར་ཐལ་འགྱུར་བས་རང་ལུགས་(༡༤༦ན)


K800_Page_302
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་མ་བཞག་ཅིང༌། རང་ལུགས་བཞག་ན་སྒྲུབ་པར་སོང་བས་རང་ལུགས་གང་ཡང་མེད་ཟེར་བ་དེ་བདེན་ན་ནི། འདིར་དེས་རང་ལུགས་རྣམ་པར་གཞག་གོ་ཞེས་མི་རྫུན་ཀ་མེད་པའི་ཕྱིར། ཡང་ཁྱེད་དབུ་མ་ཐལ་འགྱུར་བས་རང་གི་ལུགས་ལ་རང་ལུགས་འཇོག་མི་འཇོག་གི་རང་ལུགས་མང་པོ་ཡོད་དོ་སྙམ་ན། དབུ་མ་ཐལ་འགྱུར་བ་ལ་རང་ལུགས་འདི་ཡིན་མེད་དོ་ཞེས་ཁྱེད་ཅག་གིས་ཀྱང་གྲུབ་མཐའི་སྙིང་པོར་བྱས་ནས་གཞན་འགོག་པ་དེ་མི་འཐད་པར་ཐལ། ཐལ་འགྱུར་བ་རང་གི་ལུགས་ལ་རང་ལུགས་འཇོག་མི་འཇོག་གི་རང་ལུགས་མང་པོ་ཡོད་པའི་ཕྱིར། ལེགས་པར་སོམས་ལ། རང་གིས་ཅི་ལྟར་ཞིབ་མོར་དཔྱོད་པའི་ལེགས་བཤད་དུ་རློམ་པ་དེ་ནི་བྱིས་པ་དག་བྱེ་མའི་ཁང་བུ་ལ་གསེར་ལས་གྲུབ་པའི་ཀ་གདུང་སོགས་ཀྱིས་བརྒྱན་པའི་འབད་པ་བྱེད་པ་ལྟར་རོ། །ཁ་ཅིག་བདེན་པ་གཉིས་ལྡོག་པ་དེ་ཉིད་དུ་བརྗོད་དུ་མེད་ཅིང་ངོ་བོ་གཞན་དུ་བརྗོད་དུ་མེད་ཟེར་བ་ཡང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པར་སྣང་སྟེ། དེ་ལྟར་ནའང་ངོ་བོ་གཅིག་པ་ལ་སྐྱོན་བརྗོད་ཟིན་ཅིང༌། དེ་དག་གི་ལུགས་ལ་ལྡོག་པ་ཐ་དད་པའང་མི་རུང་སྟེ། བདེན་གཉིས་དོན་ལ་ངོ་བོར་གྲུབ་ཅིང་ལྡོག་པ་དོན་ལ་མ་རེག་པ་རྟོག་བཏགས་འབའ་ཞིག་ཡིན་པས། རྟོག་པས་ལྡོག་པ་ཐ་དད་དུ་བཟུང་ཡང་བདེན་གཉིས་དོན་ལ་ཐ་དད་པར་མ་སོང་བའི་ཕྱིར་རོ། །ཡང་ཁ་ཅིག་ཐ་མི་དད་ཀྱི་གཅིག་མ་ཡིན་ཀྱང་རྫས་གཞན་མ་ཡིན་ཟེར་བའང་ནང་འགལ་ཏེ། དེ་ལྟར་ན་ཐ་མི་དད་ཀྱི་གཅིག་ཏུ་འགྱུར་ཏེ་རྫས་སུ་གྲུབ་ཅིང༌། རྫས་གཞན་མ་ཡིན་པའི་ཕྱིར། འཁོར་གསུམ་ཁས་(༡༤༦བ)


K800_Page_303
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་སོ། །ཇོ་ནང་པ་ཁ་ཅིག་དེ་གཉིས་གཅིག་པ་བཀག་པའི་ཐ་དད་ཡིན་ཟེར་བ་ནི་ཤིན་ཏུ་ནང་འགལ་ཏེ། ཀུན་གཞི་དང་ཀུན་གཞིའི་ཆོས་ཉིད་ལྟ་བུ་གང་ཟག་གཅིག་གི་རྒྱུད་ལ་དུས་གཅིག་ཅར་སྤང་བྱའི་རིག་པ་དང་གཉེན་པོའི་རིག་པའམ་ཀུན་མཁྱེན་ཡེ་ཤེས་དང༌། དེའི་མི་མཐུན་ཕྱོགས་ཀྱི་རིག་པ་ཡོད་པར་འདོད་པའི་ཕྱིར། ཁྱབ་སྟེ། ཀུན་གཞི་དང་ཀུན་གཞིའི་ཆོས་ཉིད་ལྟ་བུ་བདེན་པ་གཉིས་ལས་གཅིག་བཀག་པའི་ཚེ་དེ་གཉིས་གང་ཟག་གཅིག་གི་རྒྱུད་ལ་དུས་གཅིག་ཅར་ཐ་དད་པར་ཡོད་པར་སྨྲ་དགོས་པ་གང་ཞིག དེ་གཉིས་གང་ཟག་གཅིག་གི་རྒྱུད་ལ་ཐ་དད་པར་ཡོད་ན་བདེན་གཉིས་ཡ་བྲལ་དུ་སོང་བས་དེར་ཡང་ཁྱོད་ཀྱིས་མི་འདོད་པའི་ཕྱིར་གཅིག་པ་བཀག་པའི་ཐ་དད་ཅེས་པའང་མངོན་རྗེས་གཉིས་ཀྱི་སྣང་ཡུལ་གྱི་སྐབས་སུ། རྣམ་ངེས་ལས། འདིར་ཐ་དད་པ་ཞེས་བྱ་བ་ཡང་ཐ་མི་དད་པ་བཀག་པ་ཉིད་དུ་ལྟའི། ཡུལ་དུ་མ་ཉིད་དུ་ནི་མ་ཡིན་ནོ། །ཞེས་པའི་གཞུང་ལ་བརྟེན་ནས་བོད་ཀྱི་སློབ་དཔོན་དག་གིས་ཐ་སྙད་བྱས་པར་ཟད་ལ། ལུང་དེ་དང་སྒོ་བསྟུན་པའི་བདེན་གཉིས་གཅིག་པ་བཀག་པའི་ཐ་དད་དུ་འདོད་ན་ལུང་དེའི་བསྟན་དོན་དང་འགལ་ཏེ། ལུང་དེས་སྣང་ཡུལ་གཅིག་པ་བཀག་ནས་སྣང་ཡུལ་ཐ་དད་པར་མེད་ཅེས་པ་ལྟར་བདེན་གཉིས་ཐ་དད་པ་བཀག་ནས་བདེན་གཉིས་དོན་ལ་ངོ་བོ་ཐ་དད་དང་ཡུལ་ཐ་དད་དུ་ཡོད་པ་མ་ཡིན་པར་འཆད་དགོས་རྒྱུ་ཡིན་པ་ལ། ཁྱོད་ཀྱིས་ལུང་དེའི་དོན་ལས་བཟློག་ནས་བདེན་གཉིས་དོན་ལ་ངོ་བོ་ཐ་དད་དང་ཡུལ་ཐ་དད་ན་ཡོད་པར་འདོད་པའི་ཕྱིར་རོ། །དེ་ལྟར་ན་བདེན་པ་གཉིས་པོ་དེ་གཅིག་གམ་ཐ་དད་ཅེ་ན། གཉིས་ཀ་མ་ཡིན་ཏེ། བྱིས་པའི་བློ་ལ་བལྟོས་ནས་གཅིག་ཀྱང་(༡༤༧ན)


K800_Page_304
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། དོན་དམ་མི་སྣང་བའི་ཕྱིར། ཐ་དད་པའང་མ་ཡིན་ཏེ། ཐ་དད་དུ་མ་མཐོང་བའི་ཕྱིར། འཕགས་པའི་མཉམ་གཞག་ལ་བལྟོས་ནས་ཀྱང་གཅིག་མ་ཡིན་ཏེ། ཀུན་རྫོབ་སྣ་ཚོགས་པའི་སྣང་བ་འདི་མི་སྣང་བའི་ཕྱིར་དང༌། ཐ་དད་པའང་མ་ཡིན་ཏེ། ཐ་དད་དུ་མ་གཟིགས་པའི་ཕྱིར། གཟིགས་ན་སྟོང་པ་མ་ཡིན་པའི་ཆོས་སྣང་བའི་ཕྱིར་འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བ་དང༌། དེའི་ཕྱིར་མཚན་མའི་འཆིང་བ་ལས་མ་གྲོལ་བ་དང༌། དེའི་ཕྱིར་གནས་ངན་ལེན་གྱི་འཆིང་བ་ལས་མ་གྲོལ་བར་འགྱུར་ཞིང༌། དེ་གཉིས་ལས་མ་གྲོལ་ན་མྱང་འདས་དང་རྫོགས་པའི་བྱང་ཆུབ་གཏན་མི་སྲིད་པར་འགྱུར་བའི་ཕྱིར། དེས་ན་འཕགས་པའི་ཡེ་ཤེས་ལ་ཁྱད་གཞི་འདི་དག་ཉིད་ཀྱང་མ་གཟིགས་ན་ཁྱད་ཆོས་གཅིག་དང་ཐ་དད་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས། བྱིས་པའི་བློ་ལ་བལྟོས་ནས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འཇོག་སྟེ། འདི་དག་ཕན་ཚུན་བདེན་པ་ལ་བལྟོས་ནས་བརྫུན་པ་དང༌། བརྫུན་པ་ལ་བལྟོས་ནས་བདེན་པར་རྣམ་པར་གཞག་པའི་ཕྱིར་ཏེ། གཅིག་ལ་བལྟོས་ནས་གཅིག་རྣམ་པར་འཇོག་པའི་ཕྱིར། གང་ཞིག་གང་ལ་བལྟོས་པ་དེ་ནི་དེ་དང་གཅིག་མ་ཡིན་ཏེ། གཅིག་ལ་བལྟོས་ས་བལྟོས་ཆོས་གཉིས་འགལ་བའི་ཕྱིར། གཞན་ཉིད་ཀྱང་མ་ཡིན་ཏེ། ལྟོས་པ་པོ་མ་གྲུབ་ན་གཞན་ཉིད་ཀྱང་མ་ཡིན་ལ། བལྟོས་པར་ཡང་མི་རུང་བའི་ཕྱིར། གྲུབ་ན་གཞན་ལ་བལྟོས་མི་དགོས་པའི་ཕྱིར། འོ་ན་བྱིས་པའི་བློ་ངོར་ཡང་དེ་ཉིད་དུ་བརྗོད་དུ་མེད་པ་དེས་ན་ཐ་དད་དུ་སོང་ངོ་སྙམ་པ་དང༌། གཞན་དུ་བརྗོད་དུ་མེད་པ་དེས་ན་དེ་ཉིད་དུ་སོང་ངོ་སྙམ་ན། དེར་མི་འགྲོ་སྟེ། རྟོག་ངོའི་གསེར་བུམ་དངུལ་བུམ་དེ་ཉིད་(༡༤༧བ)


K800_Page_305
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྗོད་དུ་མེད་པ་ན་ཐ་དད་དུ་མི་འགྲོ་ཞིང༌། ཐ་དད་དུ་བརྗོད་དུ་མེད་པ་ན་དེ་ཉིད་དུ་མི་འགྲོ་བ་བཞིན་ནོ། །དེ་ལྟར་ནའང་བྱིས་པའི་བློ་ངོར་བདེན་གཉིས་གཅིག་པ་དང་ཐ་དད་པ་བཏགས་ནས་ལོག་པར་རྟོག་པ་ཡོད་ཀྱང༌། དེ་ལྟར་རྟོག་པ་ནའང་བདེན་གཉིས་གཅིག་པ་དང་ཐ་དད་པར་སོང་བའི་སྐབས་ཡོད་པ་མ་ཡིན་ལ། དེས་ན་རྣམ་དཔྱོད་ཅན་དག་བདེན་གཉིས་གཅིག་པ་མིན་ན་ཐ་དད་མ་ཡིན་པ་དང༌། ཐ་དད་པ་མ་ཡིན་ན་གཅིག་པ་མ་ཡིན་པར་ཁོང་དུ་ཆུད་པར་འགྱུར་བ་ཡིན་ཏེ། བདེན་པ་གཉིས་ཀར་ཡང་བལྟོས་ནས་བཞག་པའི་ཆོས་སུ་རིགས་པའི་ཕྱིར། གང་བལྟོས་ནས་བཞག་པའི་ཆོས་ལ་བདེན་གཉིས་ཀྱི་དོན་དུ་གྱུར་པའི་གཅིག་དང་ཐ་དད་པའི་ཆོས་ཡོད་པར་མི་འགྲུབ་པའི་ཕྱིར། དེས་ན་ཀུན་མཁྱེན་ཡེ་ཤེས་ལྟ་བུ་སྤྲོས་པ་གང་ཡང་མི་འཛིན་ཅིང༌། སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཉིད་ལས་གཞན་མ་ཡིན་པ་ལ་དོན་དམ་བདེན་པ་ཞེས་དེ་དོན་དམ་བདེན་པར་མ་གྲུབ་བཞིན་དོན་དམ་བདེན་པར་བཏགས་ནས་དེ་ལ་སྐྱེ་འཇིག་མེད་པར་སྒྲོ་བཏགས་ཏེ་བརྗོད་པ་དང༌། བདག་ལྟ་ལྟ་བུའི་བློ་མ་རིག་པ་སྤྲོས་པ་ཀུན་རྫོབ་པའི་ཆོས་ལས་གཞན་མིན་པ་དེ་ཀུན་རྫོབ་བདེན་པར་མ་གྲུབ་བཞིན་ཀུན་རྫོབ་བདེན་པར་བཏགས་ནས་དེ་ལ་སྐྱེ་འཇིག་ཅན་དུ་སྒྲོ་བཏགས་ཏེ་བརྗོད་པའི་བདེན་པ་གཉིས་ནི་དོན་ལ་ཐ་དད་དུ་ཡོད་པ་མིན་པ་ལ་དགོངས་ནས། བཀའ་བརྒྱུད་རིན་པོ་ཆེས་རྣམ་རྟོག་ཆོས་སྐུ་དང༌། འཁོར་བ་མྱང་འདས་དང༌། ཉོན་མོངས་ཡེ་ཤེས་སུ་གསུང་གི། དེ་ལྟར་གསུང་བ་ནའང་བདེན་གཉིས་ཀྱི་དོན་ཅན་གྱི་རྣམ་རྟོག་ཆོས་སྐུ་འཁོར་འདས་སོགས་ངོ་བོ་གཅིག་ཡིན་པར་བསྒྲུབ་པ་ནི་མ་ཡིན་ཏེ། རྣམ་རྟོག་ཆོས་སྐུ་སོགས་(༡༤༨ན)


K800_Page_306
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ཐ་དད་བཀག་པས་ངོ་བོ་གཅིག་པ་ཡང་ཁེགས་པའི་ཕྱིར་ཏེ། དོན་དུ་གྱུར་ཙམ་གྱི་འབྲེལ་ཟླ་ཐ་དད་པ་སོ་སོར་མེད་ན་དོན་དུ་གྱུར་པའི་འབྲེལ་ཆོས་ཐ་དད་པ་དག་ངོ་བོ་གཅིག་པ་ཡོད་པར་མི་འགྲུབ་པའི་ཕྱིར། དེས་རྣམ་རྟོག་ཆོས་སྐུ་སོགས་དོན་ལ་ཐ་དད་པ་བཀག་པ་ནི། རྗེ་སྒམ་པོ་པའི་ཞལ་སྔ་ནས། ལྷན་ཅིག་སྐྱེས་པའི་རྣམ་ཤེས་འདི། །ཡེ་ཤེས་ཡིན་པར་བཙིར་གྱིས་ཟུང༌། །ངེས་ཤེས་སྐྱེས་ན་དེ་ཉིད་མཐོང༌། །སེམས་ལས་བྱུང་བའི་རྣམ་རྟོག་འདི། །དོན་དམ་ཡིན་པར་བཙིར་གྱིས་ཟུང༌། །ཉམས་སུ་མྱོང་ན་སྙིང་པོ་མཐོང༌། །བརྟགས་པའི་བག་ཆགས་སྣང་གྲགས་འདི། །ཆོས་སྐུ་ཡིན་པར་བཙིར་གྱིས་ཟུང༌། །རྟོགས་པ་ཐོབ་ན་བདེན་པ་མཐོང༌། །ཞེས་དང༌། གྲུབ་མ་མྱོང་བའི་སྣང་བ་འདི། །ཆོས་སྐུ་ཡིན་པར་ད་གཟོད་ཤེས། །ལྟ་བ་གཞན་དུ་མི་བཙལ་འཚལ། །འབྲལ་མ་མྱོང་གི་རང་སེམས་འདི། །སངས་རྒྱས་ཡིན་པར་ད་གཟོད་ཤེས། །འབྲས་བུ་གཞན་ནས་མི་བཙལ་འཚལ། །རྒྱུན་ཆད་མེད་པའི་རྣམ་རྟོག་འདི། །ཡེ་ཤེས་ཡིན་པར་ད་གཟོད་ཤེས། །ཉམས་མྱོང་གཞན་ནས་མི་བཙལ་འཚལ། །ཐ་མལ་གྱི་ཤེས་པ་ཡེངས་མེད་འདི། །སྒོམ་པ་ཡིན་པར་ད་གཟོད་ཤེས། །དངོས་གྲུབ་གཞན་ནས་མི་བཙལ་འཚལ། །ཞེས་དང༌། རྗེ་སྒོམ་པ་ཚུལ་ཁྲིམས་སྙིང་པོའི་ཞལ་སྔ་ནས། སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི། །བཙིར་གྱིས་བཟུང་ན་གཉུག་མ་ཡིན། །ལྷོད་ཀྱིས་གློད་ན་སྤྲོས་བྲལ་ཡིན། །ལྷན་གྱིས་རྟོགས་ན་ཆོས་སྐུ་ཡིན། །རྣམ་རྟོག་སྤང་དུ་མི་འདོད་དེ། །རྟོག་མེད་བསྒྲུབ་ཏུ་མི་བཏུབ་སྙམ། །ཡོད་ན་བླ་མ་དཀོན་མཆོག་མཆོད། །མེད་ན་ཤེས་པ་གློད་ནས་ཉོལ། །ཕ་འཛམ་(༡༤༨བ)


K800_Page_307
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་གྲགས་པ་དེ་སྐད་གསུང༌། །ཞེས་དང༌། རྗེ་དུས་གསུམ་མཁྱེན་པའི་ཞལ་ནས། འཁོར་འདས་གཉིས་སུ་མེད་པར་འདུག །རེ་དོགས་གཉིས་དང་བྲལ་ལམ་སེམས། །རླུང་སེམས་གཉིས་སུ་མེད་པར་འདུག །རྩ་རླུང་སྒོམ་པ་ཤོལ་ལམ་སེམས། །སྣང་སེམས་གཉིས་སུ་མེད་པར་འདུག །གཟུང་འཛིན་གཉིས་དང་བྲལ་ལམ་སེམས། །ཞེས་དང༌། བདེ་གཤེགས་ཕག་མོ་གྲུ་པས། བདག་འཛིན་ཉོན་མོངས་རྦ་ཀློང་དེ། །དུས་གསུམ་སངས་རྒྱས་ཀྱི་ཡེ་ཤེས་ཡིན། །རྣམ་རྟོག་མ་རིག་མུན་པ་དེ། །སྤྲོས་བྲལ་འོད་གསལ་ཆེན་པོ་ཡིན། །ཉོན་མོངས་དུག་གསུམ་འབར་བ་དེ། །ཡེ་ཤེས་རྒྱལ་བའི་དཀྱིལ་འཁོར་ཡིན། །འཁོར་བ་སྡུག་བསྔལ་རྒྱ་མཚོ་དེ། །མྱ་ངན་འདས་པའི་ཁང་བཟང་ཡིན། །རྣམ་རྟོག་གཟུང་འཛིན་རྦ་རླབས་དེ། །དུས་གསུམ་འགྱུར་མེད་ཀྱི་སངས་རྒྱས་ཡིན། །ཅེས་སོགས་མཐའ་ཡས་པ་བྱུང་ལ། དེ་ལ་ཁ་ཅིག་འདི་ལྟར་དོགས་ཏེ། དྲངས་མ་ཐག་པའི་ལུང་དེ་དག་གིས་བདེན་གཉིས་ལས་བརྩམས་པའི་རྣམ་རྟོག་ཆོས་སྐུ་སོགས་ཐ་དད་ཡིན་པ་བཀག་པ་བདེན་མོད་ཀྱི། དེ་དག་ངོ་བོ་གཅིག་ཡིན་པ་མ་བཀག་པར་ཚིག་ཟིན་ལྟར་ན་ངོ་བོ་གཅིག་ཡིན་པར་འཆད་པ་ལ་བསྙོན་མི་ནུས་པར་སྣང་ངོ་སྙམ་ན། བདེན་མོད། རྗེ་བཙུན་གོང་མ་འདི་དག་གིས་རྣམ་རྟོག་ཆོས་སྐུ་སྟེ་བདེན་གཉིས་ངོ་བོ་གཅིག་པ་ལྟར་གསུངས་པ་ནི་གང་ཟག་དངོས་འཛིན་གྱི་ནད་ཆེས་སྟུག་པ་དག་བདེན་གཉིས་དང་འཁོར་འདས་དང་རྣམ་རྟོག་ཆོས་སྐུ་སོགས་ལ་དོན་གནས་ཀྱི་དངོས་སྟོབས་ལ་བཟང་ངན་དང་མཆོག་དམན་ཆེས་ཆེན་པོ་ཡོད་དོ་སྙམ་པའི་དངོས་འཛིན་ཅན་ལ་འཁོར་འདས་སོགས་ཀྱི་དངོས་པོ་དེ་དག་ལ་མཆོག་དམན་དང་བཟང་(༡༤༩ན)


K800_Page_308
[མ་དཔེ་གཟིགས་ན་འདིར་གནོན།]

ངན་དང་ལེགས་ཉེས་ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་དུ་གྱུར་པ་ཅུང་ཟད་ཀྱང་མེད་པར་མཉམ་པ་ཉིད་དང་ངང་ཚུལ་གཅིག་པ་ཉིད་དང་རང་བཞིན་གཅིག་པ་ཉིད་དང་ཐ་མི་དད་པར་མཚུངས་པ་ཉིད་དང་ཐ་མི་དད་པ་དང་གཞན་མ་ཡིན་པའི་དེ་གཞིན་ཉིད་དུ་ཚུལ་གཅིག་གོ་ཞེས་གསུངས་པ་ཡིན་གྱི། དེ་ལས་གཞན་དུ་འཁོར་འདས་སོགས་ཀྱི་དངོས་དོན་ངོ་བོ་གཅིག་ཏུ་གསུངས་པ་མ་ཡིན་ཏེ། རང་བཞིན་མེད་པའི་ཚུལ་ལ་མཉམ་པ་ཉིད་དུ་གཅིག་པའི་སྒྲ་སྦྱོར་བ་འདི་ནི་བཅོམ་ལྡན་འདས་ཀྱི་རྒྱལ་བའི་ཡུམ་སོགས་ངེས་དོན་ཟབ་མོ་སྟོན་པའི་གསུང་རབས་ཐམས་ཅད་ཀྱི་ཚིག་ཟིན་ལ་འདི་ཁོ་ན་ལྟར་ཡོད་པའི་ཕྱིར། ཡོད་པ་དེའང་སྒྲ་ཇི་བཞིན་པར་བཟུང་དགོས་སོ་ཞེས་པ་ནི། ཐེག་པ་ཆེན་པོ་དབུ་མའི་ངེས་དོན་གསལ་བྱེད་དུ་རྒྱལ་བས་ལུང་བསྟན་པ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་རྗེས་འབྲངས་དང་བཅས་པའི་ལུགས་ལས་འབྱུང་བའི་ཕྱིར། དེས་ན་དྲངས་མ་ཐག་པའི་དངོས་བསྟན་གྱི་ལུང་གིས་ཟིན་སོ་ལ་བརྟེན་ནས་སྐལ་བ་མེད་པ་དག་བདེན་གཉིས་དང་རྣམ་རྟོག་ཆོས་སྐུ་ལ་སོགས་དོན་ལ་གནས་པའི་དངོས་པོའི་ངོ་བོ་ཉིད་ཀྱི་རང་བཞིན་གཅིག་ཏུ་རྟོག་པ་དག་སྲིད་པ་མ་བཀག་མོད། སྐལ་བ་དང་ལྡན་པ་དག་ལ་ནི་ལུང་གི་དངོས་བསྟན་གྱིས་ཟིན་སོ་དེ་ཉིད་ཀྱི་དོན་ཁོང་དུ་ཆུད་པ་ན་བདེན་གཉིས་ལ་དོན་གྱི་ངོ་བོ་གཅིག་དང་ཐ་དད་དུ་རྟོག་པ་ཐམས་ཅད་རང་སར་གྲོལ་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གིས་ཆོས་བསྟན་པའི་ཚུལ་མི་འདྲ་བ་སྣ་ཚོགས་པས་གདུལ་བྱ་བློ་རིགས་སྣ་ཚོགས་པ་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་དོན་ཆེན་པོ་སྐྱེད་པར་བྱེད་པའི་ཕྱིར་ཏེ། ཚིག་འབྲུ་ཉི་ཚེ་བ་ཁོ་ན་ལ་བརྟེན་ནས་དོན་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། མདོ་སྔགས་ཆེན་པོ་ཐམས་(༡༤༩བ)


K800_Page_309
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནས་ཆོས་སྟོན་ཅིང༌། དེ་ཉམས་སུ་ལེན་པའི་ཚུལ་ལ་རྟོན་པ་བཞི་ལྡན་ཁོ་ན་ལ་བསྔགས་པའི་ཕྱིར་ན་དྲངས་མ་ཐག་པའི་དངོས་བསྟན་གྱི་ལུང་གིས་ཟིན་སོ་ལ་འཁྲུལ་པ་སྐྱེ་བའི་སྐབས་ཀྱང་སྐལ་ལྡན་ལ་ཡོད་པ་མིན་ཏེ། ཇི་སྐད་དུ། ཡོད་དང་མེད་དང་ཡོད་མེད་དང༌། །གཉིས་མིན་ཞེས་ཀྱང་བྱ་བ་སྟེ། །ནད་ཀྱི་དབང་གིས་ཐམས་ཅད་ཀྱང༌། །སྨན་ཞེས་བྱ་བར་འགྱུར་མིན་ནམ། །ཞེས་འབྱུང་བའི་ཕྱིར།བཤད་མ་ཐག་པའི་དོན་དེ་ལ་དགོངས་ནས་ས་སྐྱ་པ་གྲགས་པའི་མཚན་ཅན་གྱི་ཞལ་སྔ་ནས། དམྱལ་བ་ལྕགས་བསྲེགས་ས་གཞི་དེ། །ཡང་དག་དོན་གྱི་འོག་མིན་ཡིན། །ཚ་གྲང་སྡུག་བསྔལ་འབར་བ་དེ། །སྤྲོས་དང་བྲལ་བའི་ཆོས་སྐུ་ཡིན། །ཕྱི་རོལ་མུ་སྟེགས་ལྟ་བ་དེ། །ཡང་དག་དོན་གྱི་དབུ་མ་ཡིན། །ཅེས་འབྱུང་ལ། ལུང་དེའི་དངོས་བསྟན་གྱི་ཚིག་ཟིན་ལ་བླུན་པོ་ལས་མཁས་པ་སུ་ཞིག་ལ་འཁྲུལ་པ་སྐྱེ་མི་སྲིད་པའི་ཕྱིར་རོ། །དེས་ན་བདེན་གཉིས་ཀྱི་ཚུལ་ལ་འཁྲུལ་པའི་དྲི་མ་མེད་པའི་སྤྱན་ཐོབ་པ་རྗེ་བཙུན་སངས་རྒྱས་མཉན་པ་རས་ཆེན་ལ་སོགས་བཀའ་བརྒྱུད་མཆོག་དེ་དག་ཆོས་ཐམས་ཅད་སྟོང་ཉིད་རྟེན་འབྱུང་ཙམ་ལས་བཞག་པ་མ་གཏོགས་དངོས་ཆོས་འགའ་ཡང་མ་གཟིགས་པའི་ཕྱིར། ཞང་རིན་པོ་ཆེའི་ཞལ་སྔ་ནས། ཨེ་མ་ཧོ་ཞང་གི་སྤྲང་བན་བདག །རང་གི་སེམས་ལ་ཚུར་བལྟས་པས། །གཞི་རྩ་ངོས་བཟུང་གང་ཡང་མེད། །རྟག་པ་ཐེར་ཟུག་དོགས་དང་བྲལ། །རང་གསལ་ཅིང་ཡང་སྣང་ཞིང་གདའ། །མ་བསྒྲིབས་འགགས་པ་མེད་པའི་ངང༌། །དུས་གསུམ་ཀུན་ཏུ་འཕོ་འགྱུར་མེད། །ཆད་ལྟ་ཕྱལ་བའི་དོགས་དང་བྲལ། །ཨེ་མ་ཧོ་རང་སེམས་ཆོས་ཀྱི་སྐུ། །སྐུ་གསུམ་རང་ཆས་རྩོལ་དང་བྲལ། །འདི་དང་ཕ་གི་ཕྱོགས་ཆ་མེད། །ནམ་མཁའ་ལྟ་བུར་(༡༥༠ན)


K800_Page_310
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དབུས་མེད། །ཨེ་མ་ཧོ་རང་སེམས་སྟོང་པའི་ངང༌། །ཕྱི་ནང་ཀུན་ན་དམིགས་པ་མེད། །ཅི་ཡང་མ་ཡིན་ཅིར་ཡང་གསལ། །ངོ་བོ་ཉིད་ཀྱིས་སྤྲོས་པ་མེད། །ལྷན་ཅིག་སྐྱེས་པའི་བདག་ཉིད་ཅན། །དུས་གསུམ་རྒྱལ་བའི་ཐུགས་དང་མཉམ། །སེམས་ཅན་མ་ལུས་ཀུན་གྱི་ཡིད། །སར་གནས་རྒྱལ་བ་ཀུན་གྱི་ཐུགས། །ཡེ་ནས་མ་གྲུབ་སྐྱེ་བ་མེད། །ཕྱིན་པ་མེད་ཅིང་བསྡད་པ་མེད། །འགྲོ་བ་མེད་ཅིང་འོང་བ་མེད། །གནས་པ་མི་དམིགས་དུས་ཚོད་མེད། །ཨེ་མ་ཧོ་གཞི་རྩ་མེད་པའི་རྩ་བྲལ་སེམས། །ཕྱོགས་བཅུ་གར་བལྟས་དེ་ཉིད་ངང༌། །རྨི་ལམ་སྣ་ཚོགས་ཉམས་སུ་མྱོང༌། །སྒྱུ་མའི་སྐྱེས་བུས་བྱིས་པ་བསླུས། །དྲི་ཟའི་གྲོང་ན་ལོངས་སྤྱོད་བྱེད། །སྨིག་རྒྱུའི་རྦ་ལ་ཐབས་ཅད་གཡེངས། །མིག་ཡོར་སྲིན་པོའི་ཁ་ལ་ཚུད། །མཁས་པས་གང་ཡང་མཐོང་བ་མེད། །མི་མཁས་བྱིས་པས་སྐད་ངན་འདོན། །ཡང་དག་དོན་གྱི་ངོ་བོ་ལ། །མཁས་དང་མི་མཁས་གང་ཡང་མེད། །བར་སྣང་སྟོང་པའི་འཇའ་ཚོན་ལ། །ཁུ་ཚུར་བརྡེགས་པས་ཕོག་པ་མེད། །རྒྱ་མཚོའི་ནང་གི་གཟའ་སྐར་རྣམས། །དར་གྱིས་བཙགས་ཀྱང་ཟིན་པ་མེད། །ཨེ་མ་ཧོ་རང་རིག་གསལ་བའི་སེམས། །ཐོག་མེད་དུས་ནས་འགྲིབ་མ་མྱོང༌། །ཉིན་མཚན་མེད་པར་རབ་ཏུ་གསལ། །ཡངས་དོག་དཀར་ནག་མེད་པར་གསལ། །བདུད་དང་སྲིན་པོ་གནོད་སྦྱིན་སོགས། །བྱེ་བ་དཔག་མེད་རྣམས་ཀྱིས་ཀྱང༌། །བདག་ལ་གནོད་པ་བྱས་གྱུར་ཀྱང༌། །རང་རིག་གསལ་བའི་སེམས་ཉིད་འདི། །སུས་ཀྱང་འཕྲོག་པར་ནུས་མི་སྲིད། །དམྱལ་སོགས་སྡུག་བསྔལ་མང་པོས་ཀྱང༌། །རང་རིག་གསལ་འདི་བསུབས་པ་མེད། །ཨེ་མ་ཧོ་(༡༥༠བ)


K800_Page_311
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཆད་མེད་པའི་སེམས། །གཉིད་ལོག་མྱོས་དང་བག་མེད་ཀྱང༌། །རྣམ་པར་སྨིན་པའི་ལུས་འདི་ལ། །བརྡེགས་དང་བཅིངས་དང་བསད་གྱུར་ཅིང༌། །ཆུར་བསུབས་མེ་ལ་བསྲེགས་བྱས་ཏེ། །དུད་འགྲོ་ལྷ་མི་ལ་སོགས་པའི། །ལུས་པོ་དུ་མ་བོར་ལགས་ཀྱང༌། །ཡུལ་གཞན་འཕོས་པ་མ་གཏོགས་པའི། །རང་རིག་བེམ་པོར་འགྱུར་མ་མྱོང༌། །སྤྲོས་བྲལ་གཉུག་མའི་དོན་རྟོགས་ན། །རྣམ་རྟོག་འོད་གསལ་རང་སར་དག །བདག་འཛིན་དགྲ་བོ་རང་བརླག་ནས། །མྱ་ངན་འདས་པའི་དབྱིངས་སུ་གྲོལ། །འཁོར་འདས་མཉམ་པ་ཉིད་དུ་ཐིམ། །གཉིས་འཛིན་གདོན་རྣམས་རྩད་ནས་བཅད། །མ་རིག་གཉིད་ལས་སད་གྱུར་ཀྱང༌། །རང་རིག་བེམ་པོར་འགྱུར་མ་མྱོང༌། །ཨེ་མ་ཧོ་དངོས་པོ་མེད་པའི་སེམས། །རང་རིག་རང་གསལ་ངོ་བོ་ལས། །རྟག་དང་སྙིང་པོ་གང་ཡང་མེད། །ཆེ་ཆུང་རིང་ཐུང་སོགས་དང་བྲལ། །དཀར་ནག་དམར་སེར་ལ་སོགས་པའི། །ཁ་དོག་མེད་ཅིང་དབྱིབས་ལས་འདས། །སེམས་མེད་སེམས་ལས་འདས་པའང་མེད། །རང་རིག་ནམ་མཁའི་ངོ་བོ་ཉིད། །ཡོད་མེད་སྨྲ་བསམ་བརྗོད་ལས་འདས། །དཔེ་མེད་མཚོན་བྱ་རྣམས་དང་བྲལ། །བལྟོས་ཆོས་མ་ལུས་ཀུན་ལས་དབེན། །ཁོ་བོས་གང་སྨྲས་ལས་ཀྱང་དབེན། །ཨེ་མ་ཧོ་རང་སེམས་ཀུན་གྱི་གཞི། །དེ་རྟོགས་ཡེ་ཤེས་བདེན་ཆེན་གཏེར། །མ་རྟོགས་སྡུག་བསྔལ་བཙོན་ཁང་ཡིན། །བདེ་ཆེན་ཐང་ལ་བསྙེགས་འདོད་ན། །བླ་མ་རྟག་ཏུ་བསྟེན་བྱས་ལ། །སྣ་ཚོགས་ཚུལ་གྱིས་མཉེས་པར་བྱ། །དད་གུས་གདུང་བས་གསོལ་བཏབ་ལ། །འགྲོ་བའི་དོན་དུ་སེམས་བསྐྱེད་དེ། །རང་སེམས་གཉུག་མ་དྭངས་སུ་གཞུག །བརྟག་དཔྱད་རབ་རིབ་མ་མང་བར། །ལྷོད་ཀྱིས་གློད་ལ་རང་གར་ཞོག །(༡༥༡ན)


K800_Page_312
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་དུས་བཞི་མ་ཡེངས་ཤིག །ཚོགས་དྲུག་ཡུལ་ལ་མ་ཞེན་པར། །མ་དགག་ལྷུག་པར་ཐད་ལ་ཐོངས། །སྤྲང་པོ་ཞང་གི་སྙིང་གཏམ་ལགས། །ཅིར་སྣང་ཐར་ལམ་གྲོགས་སུ་ཆེ། །ཞེས་འབྱུང་ངོ༌། །ཁ་ཅིག་དྲངས་མ་ཐག་པའི་ལུང་དེར་སེམས་ཉིད་འཕོ་འགྱུར་མེད་པ་སོགས་སེམས་ཉིད་སྐྱེ་འགག་མེད་པའི་དོན་དམ་བདེན་པ་ལྟར་བཤད་སྣང་བས་སེམས་ཙམ་གྱི་ཚུལ་ལས་དབུ་མའི་རིང་ལུགས་ལ་མ་ཞུགས་སོ་ཞེས་དོགས་ན། མ་ཡིན་ཏེ། སེམས་ཀྱིས་མཚོན་ནས་སྟོང་ཉིད་རྟེན་འབྱུང་གི་ཆོས་ཐམས་ཅད་རང་རང་གི་ངོ་བོ་མ་མཆིས་པ་ལས་འཕོ་འགྱུར་མེད་བཞིན། ལྟོས་བཞག་གིས་རང་སེམས་ལ་སོགས་པའི་དངོས་ཆོས་ལྟར་སྣང་ཅི་ཡང་སྣང་བ་དང་རུང་ངོ་ཞེས་དབུ་མའི་ཟབ་དོན་ཁོ་ནར་འཆད་པའི་ཕྱིར། འོ་ན་སེམས་ཀྱི་ཆོས་ཁོ་ན་ལ་དེ་ལྟར་སྦྱོར་ཞིང་མྱུག་སོགས་ཀྱི་ཆོས་སོགས་ལ་ཅི་སྟེ་མི་སྦྱོར་ཞེ་ན། མྱུག་སོགས་ལའང་སྦྱོར་མོད་ཀྱི། ཆེད་དུ་སེམས་ལ་སྦྱར་ཏེ་བཤད་པ་ནི། དངོས་ཆོས་ལྟར་སྣང་འདི་སེམས་རྟོག་པས་བརྟགས་པའི་ཆོས་ལས་རང་དབང་དུ་མ་གྲུབ་པས། སེམས་ལ་སྟོང་པ་དང་རྟེན་འབྱུང་གི་ངང་ཚུལ་ཅན་དེར་ཁོང་དུ་ཆུད་ན་དངོས་ཆོས་ལྟར་སྣང་གཞན་ཐམས་ཅད་ལའང་དེ་ལྟར་ཁོང་དུ་ཆུད་པར་སླ་ལ། ཆོས་ཐམས་ཅད་སྟོང་པ་དང་རྟེན་འབྱུང་གི་ཚུལ་དུ་རྟོགས་ན་ཆོས་ཐམས་ཅད་ལ་དངོས་པོའི་ངོ་བོ་ཉིད་དང་བྲལ་བར་ཁོང་དུ་ཆུད་ནས་འདུ་བྱེད་ཀྱི་མཚན་མ་མཐའ་དག་ལས་འདས་ཏེ་མི་གནས་པའི་མྱ་ངན་ལས་འདས་པར་འགྱུར་རོ། །གང་དག་བྱེ་སྨྲ་ནས་དབུ་མ་ཐལ་འགྱུར་བའི་བར་གྲུབ་མཐའ་སོ་སོ་དང་གཞུང་ལུགས་སོ་སོའི་བདེན་གཉིས་ཀྱི་མཚན་ཉིད་དང་མི་འདྲ་བ་མཐའ་ཡས་པ་རང་ལུགས་(༡༥༡བ)


K800_Page_313
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགོད་པར་བྱེད་པ་ནི་རིགས་པའི་གནད་མ་ཤེས་ཤིང༌། མཚན་ཉིད་དང་མཚན་གཞིའི་ཤན་མ་ཕྱེད་པ་སྟེ། གྲུབ་མཐའ་གོང་འོག་རྣམས་བདེན་གཉིས་ཀྱི་མཚན་གཞི་ལ་མི་མཐུན་པ་ཡིན་ཏེ། འོག་མ་འོག་མའི་དོན་དམ་དུ་སྒྲོ་བཏགས་པའི་མཚན་གཞི་རྣམས་གོང་མ་གོང་མ་རྣམས་ཀྱི་རིགས་པས་འགོག་པའི་ཕྱིར། མཚན་ཉིད་དང་མཚོན་བྱ་བདེན་གཉིས་ཞེས་མིང་དུ་གདགས་པ་ཙམ་ལ་ནི་མི་མཐུན་པ་མེད་དེ། གལ་ཏེ་མི་མཐུན་ན་ཐུན་མོང་གི་མཚན་ཉིད་ཅན་གྱི་སྒོ་ནས་མཚན་གཞི་ཡིན་མིན་རྣམས་ལ་དགག་སྒྲུབ་བྱ་མི་ནུས་པར་ཐལ་བའི་ཕྱིར། དེས་ན་གྲུབ་མཐའ་གོང་འོག་ཐམས་ཅད་ཀྱི་ལུགས་གང་ལ་རིགས་པས་གནོད་པ་མེད་ཅིང་དཔྱད་བཟོད་པ་དེ་ནི་དོན་དམ་དང༌། དེ་ལས་བཟློག་པ་ཀུན་རྫོབ་དང༌། རང་གི་ངོ་བོ་མི་བསླུ་བར་དོན་ལ་གནས་པ་དོན་དམ་དང༌། དེ་ལས་བཟློག་པ་ཀུན་རྫོབ་དང༌། ཡུལ་ཅན་མ་འཁྲུལ་པའི་ཡུལ་དོན་དམ་དང༌། འཁྲུལ་པའི་ཡུལ་ཀུན་རྫོབ་ཡིན་པར་ཐམས་ཅད་མཐུན་ནོ།།མཚན་གཞི་ནི། དངོས་སྨྲ་བ་རྣམས་ཀྱི་དོན་དམ་ནི་རིགས་པས་དཔྱད་བཟོད་ཀྱི་རྗེས་སུ་ཡོད་པར་འདོད་དེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དེ་བཞིན་ཉིད་རྗེས་སུ་ཡོད་པར་བརྗོད་པར་བྱའམ། བཏགས་པའི་ཡོད་པར་བརྗོད་པ་བྱ་ཞེ་ན། སྨྲས་པ་རྗེས་སུ་ཡོད་པར་བརྗོད་པར་བྱ་སྟེ། དོན་དམ་པས་བསྡུས་པ་ཡིན་པའི་ཕྱིར། ཞེས་འབྱུང་བ་ལྟ་བུའོ། །དབུ་མ་པ་རྣམས་ཀྱིས་དེ་འགོག་སྟེ། དེ་ལྟ་བུའི་དོན་དམ་རྫས་ཡོད་སྲིད་ན་སངས་རྒྱས་མི་སྲིད་ལ། སངས་རྒྱས་སྲིད་ནའང་དེ་མི་སྲིད་དེ། ཆོས་རྣམས་ལ་རང་བཞིན་རིགས་པས་དཔྱད་བཟོད་པའི་རྫས་སུ་ཡོད་པ་ཅུང་ཟད་སྲིད་ནའང་གཞི་ལམ་འབྲས་གསུམ་དང༌། (༡༥༢ན)


K800_Page_314
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་ཆོས་མ་ཡིན་པ་འབྲས་བུ་དང་བཅས་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་མཐའ་དག་མི་རུང་བའི་ཕྱིར་ཏེ། རང་བཞིན་གཞན་དུ་འགྱུར་བ་ནམ་ཡང་མི་རིགས་པའི་ཕྱིར། དེ་ཡང་དངོས་སྨྲ་བའི་དོན་དམ་གྱི་མཚན་གཞི་འདིར་ཀུན་རྫོབ་ཏུ་འགྱུར་བ་ཡང་རང་རྒྱུད་ཀྱི་གཞུང་ལས། གཞན་གྱི་མར་འདོད་གང་ཡིན་པ། །འདི་ནི་བདག་གི་ཆུང་མར་འདོད། །ཅེས་འབྱུང་ངོ༌། །འོ་ན་དབུ་མ་ཐལ་འགྱུར་བ་རང་ལུགས་ཀྱི་བདེན་གཉིས་ལ་མཚན་མཚོན་གྱི་རྣམ་གཞག་ཐུན་མོང་མ་ཡིན་པ་ཞིག་བཞག་ཏུ་ཡོད་དམ་ཞེ་ན། ཡོད་པ་མ་ཡིན་ཏེ། དེ་ཡང་ཕྱི་རོལ་པ་དང་རང་སྡེ་བྱེ་སྨྲ་ནས་དབུ་མ་རང་རྒྱུད་པའི་བར་གྱི་བསྟན་བཅོས་ཀྱི་གྲུབ་པ་སྨྲ་བའི་རྒོལ་བ་དག་གི་བློ་ངོའི་འཁྲུལ་པ་སེལ་བ་ན། དེ་དག་གི་དོན་དམ་རྫས་ཀྱི་རང་བཞིན་བདེན་གྲུབ་ཏུ་འདོད་པའི་མཚན་གཞི་ཅན་དེ་ལ་དེ་དག་གིས་ཀྱང་དོན་དམ་བདེན་པའི་མཚན་ཉིད་དུ་འདོད་པ་དེ་མཚན་གཞི་དེ་ལ་མ་ཞུགས་པར་ངེས་པའི་གནོད་པ་བསྟན་ནས་ཕ་རོལ་པོའི་ལོག་རྟོག་ཟློག་པར་བྱེད་ཅིང༌། དབུ་མ་ཐལ་འགྱུར་བ་རང་གི་ཀུན་རྫོབ་ལ་བརྟེན་ནས་བླང་དོར་གྱི་རྣམ་གཞག་བྱེད་པ་ན། དེ་ལ་རང་ལུགས་ཀྱིས་གྲུབ་པའི་མཚན་མཚོན་གཞི་ཆོས་སྦྱར་ནས་ཐ་སྙད་ལ་མི་འཇུག་པར་མ་བརྟགས་འཇིག་རྟེན་དང་མཐུན་པའི་ཡང་ལོག་གི་ཀུན་རྫོབ་པའི་ཐ་སྙད་དང་བསྟུན་ནས་བླང་དོར་ལ་འཇུག་ཅིང༌། དེས་རང་གི་ལུགས་ལ་བཏགས་བཞག་ཙམ་ལས་དཔྱད་ངོར་དོན་དམ་བདེན་པའི་མཚན་གཞི་ཙམ་ཡང་མ་གྲུབ་ན་དེའི་མཚན་ཉིད་མི་རྙེད་ལ། དེའི་ཚེ་མཚན་ཉིད་དེས་མཚོན་པ་ལྟར་བཅོས་པའི་མཚོན་བྱ་མིང་ཙམ་ཞིག་ལུས་ཀྱང༌། མིང་དེ་ཡང་རང་གི་ངོ་བོ་ཉིད་ཀྱིས་སྟོང་པས་དོན་(༡༥༢བ)


K800_Page_315
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་སྟོང་པ་ཉིད་ཀྱི་ཚུལ་འཕགས་པའི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་རབ་ཏུ་འདས་པ་འདི་ལ་སུ་ཞིག་གིས་མཚན་ཉིད་ཀྱི་ངོ་བོ་ཇི་ལྟར་རྙེད་པར་འགྱུར་ཏེ། དོན་འདིར་དགོངས་ནས་མདོ་སྔགས་ཀྱི་ངེས་དོན་གྱི་གསུང་རབས་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་བྲལ། །ཞེས་འབྱུང་བའི་ཕྱིར། གནད་འདི་ལྟ་བུ་ཁོང་དུ་ཆུད་ན་ཁ་ཅིག་གིས་དོན་དམ་བདེན་པ་མེད་དགག་དཔྱད་བཟོད་དམ་མི་བཟོད། མི་བཟོད་ན་སྟོང་ཉིད་མེད་དགག་མ་ཡིན་དགག་ཏུ་འགྱུར། དཔྱད་བཟོད་ན་སྟོང་ཉིད་མེད་དགག་བདེན་གྲུབ་ཏུ་འགྱུར་རོ་ཞེས་པའི་དོགས་པ་གཞི་མེད་དུ་སྐྱེས་པ་དེ་ཐམས་ཅད་སྦྲུལ་མདུད་ནམ་མཁར་ཞིག་པ་ལྟར་འགྱུར་རོ་ཞེས་རྫོགས་པའི་སངས་རྒྱས་ཆེན་པོ་མཉན་པ་རས་ཆེན་གྱི་ཞལ་སྔ་ནས་བཀའ་སྩལ་ཏོ། །འོ་ན་དོན་དམ་བདེན་པའི་མཚན་ཉིད་ལ་རིགས་པས་གནོད་པ་མེད་ཅིང་དཔྱད་བཟོད་པ་དང༌། རང་གི་ངོ་བོ་མི་བསླུ་བར་དོན་ལ་གནས་པ་དང༌། ཡུལ་ཅན་མ་འཁྲུལ་པའི་ཡུལ་དུ་གྱུར་པའི་ཆོས་ཤིག་དོན་ལ་ཡོད་དམ་མེད། ཡོད་པར་སྨྲ་ན་ཁྱེད་ཅག་དངོས་སྨྲ་བར་འགྱུར། མེད་ན་མཚན་ཉིད་དེ་ལྟའི་དོན་ཅན་ཡིན་མིན་ལ་དོན་དམ་པར་འཇོག་པ་དང་མི་འཇོག་པའི་རྣམ་གཞག་བྱེད་པ་དོན་མེད་དུ་འགྱུར་རོ་ཞེ་ན། ཐལ་འགྱུར་བ་ཁོ་བོ་ཅག་མཚན་ཉིད་དེ་ལྡན་གྱི་དོན་དམ་བདེན་པ་དོན་ལ་ཡོད་པར་མི་སྨྲ་སྟེ། དེ་ལས་བཟློག་པའི་མཚན་ཉིད་དེ་ལྡན་གྱི་ཀུན་རྫོབ་བདེན་པ་དོན་ལ་ཡོད་པར་མི་སྨྲ་བའི་ཕྱིར། ཁྱབ་སྟེ། དེ་གཉིས་བལྟོས་བཞག་ཡིན་པའི་ཕྱིར། ཚུལ་འདིའི་འཐད་པ་ཁོ་བོས་དགོངས་གཅིག་གི་ལེའུ་དང་པོ་དང་བཞི་པར་རྒྱ་ཆེར་བཤད་ཡོད་པས་ཤེས་འདོད་དག་དེར་རྟོགས་ཤིག དེ་ལྟར་དོན་ལ་(༡༥༣ན)


K800_Page_316
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དེ་ལྟ་བུ་རྗེས་སུ་ཞུགས་པའི་དོན་དམ་བདེན་གྲུབ་ཞིག་ཡོད་པར་ཚད་མ་གང་གིས་ཀྱང་མི་འགྲུབ་མོད། དེ་ལྟར་ནའང་སྲིད་མཐའ་བཟུང་ནས་དོན་དམ་བདེན་པ་དོན་ལ་གྲུབ་ན་མཚན་ཉིད་དེ་ལྟར་ཞུགས་པའི་དོན་དམ་བདེན་གྲུབ་ཞིག་དགོས་པ་ལས། ཐལ་འགྱུར་པ་ཁོ་བོ་ཅག་གིས་དེ་ལྟ་བུའི་མཚན་ཉིད་ཅན་གྱི་དོན་དམ་བདེན་གྲུབ་ལ་རིགས་པའི་དཔྱད་པས་གནོད་པས་ན་དེར་ཡང་མི་འགྲུབ་ལ། དེར་མ་གྲུབ་པས་བདེན་པ་གཉིས་ཀར་གདོད་ནས་རང་བཞིན་གྱིས་སྟོང་པ་ཉིད་མཚན་མཚོན་གཞི་གསུམ། ཚད་འབྲས་གཞལ་གསུམ། ཡུལ་དང་ཡུལ་ཅན་གྱི་སྤྲོས་པའི་རྒྱུ་བ་ཐམས་ཅད་ཀྱིས་རབ་ཏུ་དབེན་པ་ནམ་མཁར་ཡིག་སོགས་འགོད་མི་ནུས་པ་ལྟར་སོང་བའི་སྨྲ་བསམ་བརྗོད་བྲལ་དེ་ལ་བྱིས་པ་སྟེ་འཇིག་རྟེན་པ་དག་གི་ངོར་ཐ་སྙད་དུ་དོན་དམ་བདེན་པ་ཞེས་བླ་དྭགས་ཙམ་དུ་སྨོས་ཏེ་རྣམ་གཞག་བྱེད་པས། བདེན་གྲུབ་སོགས་སྤྲོས་བཅས་མཚན་མའི་བདེན་གཉིས་ཤེས་བྱའི་གཤིས་ལ་ཞུགས་པར་གནས་སོ་སྙམ་པའི་ལོག་རྟོག་ཆེན་པོ་བཟློག་པའི་དགོས་པ་ཁྱད་ཅན་ཡོད་དོ་ཞེས་སྟོན་པ་རྫོགས་པའི་སངས་རྒྱས་དང༌། དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས་ལེགས་པར་བཤད་དེ། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཅེས་དང༌། ཁྱད་པར་དོན་དམ་བདེན་པའི་བདེན་པ་ནི་བདེན་པ་གཉིས་ཀར་བདེན་པ་སོགས་ཀྱི་སྤྲོས་པར་མ་གྲུབ་ཀྱང་དེའི་རྣམ་གཞག་མ་བྱས་ན་ཟབ་མོའི་དེ་ཁོ་ན་ཉིད་ཁོང་དུ་མི་ཆུད་དོ་ཞེས། མདོར༑ རིགས་ཀྱི་བུ། གལ་ཏེ་དོན་དམ་པ་ཡོད་པར་མ་གྱུར་ན་ནི་ཚངས་པ་སྤྱོད་པ་དོན་མེད་པར་འགྱུར་ཞིང༌། དེ་བཞིན་གཤེགས་པ་རྣམས་འབྱུང་བ་དོན་མེད་པར་(༡༥༣བ)


K800_Page_317
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །གང་གི་ཕྱིར་དོན་དམ་པ་ཡོད་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དོན་དམ་ལ་མཁས་པའོ། །ཞེས་གསུངས་ལ། དེ་ལྟའི་བདེན་གཉིས་ཀྱང་འཕགས་པའི་གཟིགས་ངོར་དོན་ལ་གཞི་གྲུབ་ནས་དེ་ལྟར་བརྗོད་པ་མིན་གྱི། འཇིག་རྟེན་པ་གང་དག་དེ་ཁོ་ན་ཉིད་རྟོགས་ཆེད་དུ་འཇིག་རྟེན་གྱི་བདེན་བརྫུན་གྱི་ཐ་སྙད་སོགས་དང་སྒོ་བསྟུན་ནས་དེ་ངོར་བཅོམ་ལྡན་འདས་ཀྱིས་བདེན་གཉིས་ཀྱི་རྣམ་གཞག་མཛད་ཀྱི། དབུ་མ་པ་རང་ལུགས་ཀྱིས་གྲུབ་པ་ནི་མ་ཡིན་ནོ་ཞེས། ཇི་སྐད་དུ། འཇིག་རྟེན་ནི་ང་དང་རྩོད་པར་བྱེད་ཀྱི། ང་ནི་འཇིག་རྟེན་དང་ལྷན་ཅིག་རྩོད་པར་མི་བྱེད་དེ། འཇིག་རྟེན་ན་གང་ཡོད་པར་འདོད་པ་དེ་ཉིད་ང་ཡང་ཡོད་པར་འདོད་དོ། །འཇིག་རྟེན་ན་གང་མེད་པར་འདོད་པ་དེ་ཉིད་ང་ཡང་མེད་པར་འདོད་དོ། །ཞེས་བཀའ་སྩལ་ཏོ། །དེས་ན་རྣམ་གྲངས་མིན་པའི་ཟབ་མོ་སྟོང་པ་ཉིད་དོན་དམ་འཕགས་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དེ་ནི་དཔྱད་བཟོད་པ་དང་མི་བཟོད་པ་གཉིས་ཀས་དབེན་ཞིང༌། དེར་བརྗོད་པ་དང་བྲལ་ཡང་རྣམ་གྲངས་པའི་ཟབ་མོ་སྟོང་པ་ཉིད་དོན་དམ་པ་འཇིག་རྟེན་པའི་རིགས་ཤེས་ཚད་མའི་ཡུལ་དུ་གྱུར་པ་དེ་ནི་འགའ་ཡང་དཔྱད་བཟོད་པ་ཅན་མ་ཡིན་ཀྱང༌། དབུ་མ་པས་དོན་དམ་བདེན་པ་ཞེས་དེ་ཁོ་ན་ཉིད་ཀྱི་དོན་དེ་ལ་མིང་མེད་མིང་དུ་བཏགས་ནས་བརྗོད་པའི་དཔེས་ཐ་སྙད་དུ་དོན་དམ་བདེན་པ་གཏན་བརྗོད་མི་ནུས་པའང་མ་ཡིན་པ་འདི་ལྟ་བུའི་ཟབ་གནད་ཆེན་པོ་ཆེས་ཕྲ་བ་ནི་གངས་ཅན་གྱི་ལྗོངས་འདིར་ཕྱིས་བྱུང་བའི་ལོག་བརྟགས་ཀྱི་ཤེས་རབ་རྩིང་པོས་རྟོགས་པ་ལྟ་ག་ལ་ཞིག གངས་ཅན་གྱི་སྨྲ་བའི་ཁྱུ་མཆོག་ཕྱྭ་པ་དང་གཙང་ནག་པ་ལྟ་བུ་ལའང་དོན་འདི་ལ་ངེས་པ་འཁྲུལ་མེད་མ་འཁྲུངས་པར་འདི་(༡༥༤ན)


K800_Page_318
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ་བརྗོད་ཅེས་ཐོས་ཏེ། རིགས་པའི་དབང་ཕྱུག་ཕྱྭ་པའི་ཞལ་སྔ་ནས། དོན་དམ་བདེན་པའི་རང་ལྡོག་རིགས་པས་དཔྱད་མི་བཟོད་ཀྱང༌། མཚན་གཞི་བུམ་སོགས་བདེན་པའི་དངོས་པོ་ནི་དཔྱད་བཟོད་ལ། དེ་ཡང་མེད་པར་དགག་པ་དཔྱད་བཟོད་པ་ཡིན་གྱི། མ་ཡིན་པར་དགག་པ་དཔྱད་བཟོད་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལ། སློབ་དཔོན་གཙང་ནག་པས། མདེའུ་རྩེས་ནམ་མཁའ་འབིགས་པར་མི་ནུས་ཀྱང་དེ་ལ་མདའ་བཟོད་དོ་ཞེས་མི་ཟེར་བ་བཞིན་དུ་མེད་དགག་ལ་དཔྱད་ན་མེད་དགག་ཉིད་དུ་ཟད་པས་དཔྱད་བཟོད་ཀྱི་དོན་དུ་མི་འགྱུར་ཏེ། མཐའ་བཞིའི་ཡོད་སྒྲུབ་ལ་དཔྱད་པ་ན་དཔྱད་བཟོད་པ་འགའ་ཡང་མེད་པར་མཐའ་བཞིའི་ཡོད་སྒྲུབ་མེད་པར་སོང་བ་ལ་མེད་དགག་ཅེས་བརྗོད་པར་ཟད་ཀྱི། དེའི་ཚེ་རྣམ་བཅད་མེད་དགག་དེ་དགག་པའི་ཆོས་རང་དབང་ཅན་དུ་རིགས་པ་གང་གིས་ཀྱང་དཔྱད་མི་བཟོད་པའི་ཕྱིར། དེས་ན་དོན་དམ་བདེན་པའི་མཚན་གཞི་ཐ་སྙད་བྱེད་པ་ནའང་མེད་དགག་ཙམ་ལ་འཇོག་མ་ནུས་ནས་དོན་དམ་བདེན་པ་ནི་གཏན་དུ་བརྗོད་མི་ནུས་སོ། །ཟེར་ཞིང༌། སློབ་དཔོན་ཕྱྭ་པའི་བཞེད་པ་ལ་ནི། སྟོང་པ་མཚན་མར་བལྟ་བའི་དབུ་མ་པ་ཞེས་ཁ་ཟེར་བར་བྱེད་མོད། ཕྱོགས་སྔ་ཕྱི་གཉིས་ཀ་ལྟར་ཡང་མི་ལེགས་ཏེ། སྟོང་ཉིད་མེད་དགག་དཔྱད་བཟོད་དང༌། དོན་དམ་བདེན་པ་གདུལ་བྱའི་ངོར་གཏན་བརྗོད་མི་ནུས་པར་འདོད་པ་འདི་ལྟར་ན་བདེན་གྲུབ་འགོག་པའི་དབུ་མ་པ་དང༌། དེ་ཁོ་ན་ཉིད་ཐབས་མཁས་ཀྱིས་སྟོན་པའི་དབུ་མ་པ་དེ་གཞན་གྲགས་ཙམ་དུ་དབུ་མ་པ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །འདིར་དོན་དམ་འཕགས་པའི་ཡེ་ཤེས་ཀྱི་ཡུལ་དུ་བྱས་པར་བཤད་པ་དང༌། མདོ་བསྟན་(༡༥༤བ)


K800_Page_319
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་གཞན་དག་ལས་དོན་དམ་བློའི་སྤྱོད་ཡུལ་མ་ཡིན་པར་བཤད་པ་མི་འགལ་ཏེ། འདིར་རྣམ་བཅད་དུ་འགའ་ཡང་མ་མཐོང་བ་ལ་ཅིར་ཡང་མ་གཟིགས་པའི་ཚུལ་གྱིས་ཡེ་ཤེས་ཀྱིས་གཟིགས་པ་ཡིན་ལ། གཞན་དུ་ཡོངས་གཅོད་དུ་ཤེས་པ་དང་ཤེས་བྱའི་ཚུལ་གྱིས་རྣམ་ཤེས་ཀྱིས་མ་མཐོང་བ་ཡིན་པའི་ཕྱིར་རོ། །འདིར་སྨྲས་པ། ཀླུ་སྒྲུབ་རྡོ་རྗེ་ཅན་གྱིས་བདེན་པ་གཉིས། །འཇིག་རྟེན་ངོར་བྱས་རྣམ་པར་འཇོག་ཚུལ་ལ། །རྒྱ་བོད་དཔྱོད་ཅན་གྲགས་དང་ལྡན་རྣམས་ཀྱང༌། །ཇི་བཞིན་འབྱེད་པའི་ཤེས་རབ་མི་གསལ་ན། །ཁོ་བོའི་བློ་མིག་སྲིན་བུའི་འོད་ལྟ་བུས། །ཤེས་བྱའི་དཀྱིལ་འཁོར་སྣང་བར་བྱེད་ནུས་སམ། །དེ་ལྟར་ན་ཡང་དམ་པའི་སྣང་བྱེད་མཐུས། །ཉི་འོད་འབུམ་ཅན་ལེགས་བཤད་འདི་ཤར་ཏོ། །ཞེས་སོ། །གཉིས་པ་ལ། མཐོང་བ་བརྫུན་པའི་དབྱེ་བ་དངོས་དང༌། དེ་ཉིད་ལ་འཇིག་རྟེན་པས་མི་གནོད་པར་བསྟན་པའོ། །དང་པོ་ལ། ཡུལ་ཅན་དང༌། ཡུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །དེ་ལྟར་བདེན་གཉིས་ཀྱི་ངོ་བོ་རྣམ་པར་གཞག་ནས་མཐོང་བ་བརྫུན་པ་ལའང་ཡང་དག་དང་བརྫུན་པ་གཉིས་ཡོད་པས། དེའི་ཡུལ་ཡུལ་ཅན་བསྟན་པའི་ཆེད་དུ་མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། དབང་པོ་དྲུག་པོ་རབ་རིབ་དང་མིག་སེར་སོགས་ཕྱི་ནང་གི་འཁྲུལ་རྒྱུས་ཉམས་པར་མ་གྱུར་པ་གསལ་པོ་ལས་སྐྱེས་པའི་ཤེས་པ་འཇིག་རྟེན་ན་ཡུལ་ཡང་དག་པར་འཛིན་པར་གྲགས་པ་རྣམས་དང༌། དབང་པོ་དྲུག་འཁྲུལ་རྒྱུས་བསླད་པའི་སྐྱོན་ལྡན་གཉིས་སོ། །གང་ཟག་གང་ཞིག་སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི་དབང་པོ་དྲུག་པོ་མ་བསླད་པའི་ལེགས་པར་གནས་པའི་ཤེས་པ་ལ་བསྟོས་ནས་ལོག་པའི་ཤེས་པར་(༡༥༥ན)


K800_Page_320
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོ། །གཉིས་པ་ལ། ཡུལ་ལ་བདེན་བརྫུན་གཉིས་སུ་སྤྱིར་དབྱེ་བ་དང༌། ཡུལ་བརྫུན་པའི་དབྱེ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །འཇིག་རྟེན་པའི་མཐོང་བ་ལ་ཕྱིན་ཅི་ལོག་མ་ལོག་གཉིས་ཡོད་པ་ལྟར་ཡུལ་ལའང་ཡོད་དོ་ཞེས། ཕྱི་ནང་གི་བསླད་པས་གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས་གཟུང་བར་བྱ་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་པ་སྟེ། དེ་ནི་འཇིག་རྟེན་ཉིད་ལ་བདེན་པ་ཡིན་ཏེ། འཇིག་རྟེན་གྱི་ངོར་དེར་སྣང་ལ་བདེན་པར་ཞེན་ཅིང་ཐ་སྙད་དུ་མི་བསླུ་བའི་ཕྱིར། འཕགས་པ་ལ་ནི་དེ་བདེན་པ་མིན་ཏེ། མཉམ་གཞག་ཏུ་འགའ་ཡང་མ་གཟིགས་ཤིང་རྗེས་ཐོབ་ཏུ་དེ་ལྟར་སྣང་བ་ནི་འཁྲུལ་པར་བརྗོད་པའི་ཕྱིར། ལྷག་མ་དབང་པོ་གནོད་བཅས་ཀྱི་ཡུལ་དུ་སྣང་བ་ནི་འཇིག་རྟེན་ཉིད་ཀྱི་བདེན་བརྫུན་ལ་བལྟོས་ནས་ལོག་པར་རྣམ་པར་གཞག་སྟེ། འཇིག་རྟེན་པ་དག་དེ་ལྟའི་ཡུལ་ལ་ལ་ལ་སྣང་བ་ཡོད་ཀྱང་བདེན་ཞེན་མེད་ལ། ལ་ལ་བདེན་ཞེན་ཡོད་ཀྱང་སྣང་བ་མེད་པས་ཐུན་མོང་གི་བླང་དོར་གྱི་ཡུལ་དུ་ཐ་སྙད་མི་བྱེད་པའི་ཕྱིར། དེ་ཡང་རབ་རིབ་དང་མིག་སེར་སོགས་དང་ད་དྷུ་ར་ཟོས་པ་རྣམས་ནི་དབང་པོ་ལ་གནོད་པའི་འཁྲུལ་རྒྱུ་ནང་ན་ཡོད་པའོ། །ཏིལ་མར་སོགས་དང་བྲག་ཕུག་སོགས་དང་མྱ་ངམ་གྱི་ཡུལ་ལ་དཔྱིད་དུས་ཉི་མའི་འོད་ཉེ་བ་ནི་དབང་པོའི་འཁྲུལ་རྒྱུ་ཕྱི་ན་ཡོད་པ་ཡིན་ཏེ། དེ་དག་གིས་ནང་གི་འཁྲུལ་རྒྱུ་མེད་པར་ཡང་ཤེས་པ་ལ་གཟུགས་བརྙན་དང་བྲག་ཆ་དང་སྨིག་རྒྱུའི་ཆུར་འཛིན་ལ་སོགས་པར་སྣང་བར་བྱེད་པའི་ཕྱིར། དེ་བཞིན་མིག་འཕྲུལ་མཁན་སོགས་ཀྱིས་སྦྱར་བའི་སྨན་དང་སྔགས་ཀྱང་ཕྱིའི་རྐྱེན་ཡིན་ནོ། །ཡིད་ཀྱི་དབང་པོའི་འཁྲུལ་རྒྱུ་ནི་ཕྱི་ནང་གི་མུ་སྟེགས་བྱེད་སོགས་ཀྱི་ལོག་རྟོག་གིས་གྲུབ་(༡༥༥བ)


K800_Page_321
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་ལྷན་སྐྱེས་ཀྱི་ལོག་རྟོག་གིས་བཏགས་པ་དང་མ་བཏགས་པ་ལ་བརྟེན་པའི་རྗེས་དཔག་ལྟར་སྣང་ངོ༌། །འདིར་བོད་གང་དག་ཐལ་རང་གི་ཁྱད་པར་ལ་རང་ལུགས་སུ་ཀུན་རྫོབ་ལ་ཡང་ལོག་གི་ཁྱད་པར་འདོད་མི་འདོད་ཀྱིས་འཇོག་ཟེར་བ་དང༌། ཐལ་འགྱུར་བའི་ལུགས་ལའང་ཡང་ལོག་གི་ཁྱད་པར་རང་ལུགས་ལ་ཡོད་ཟེར་བ་དང༌། ཐ་སྙད་དུ་ཡང་མེད་ཟེར་བ་རྣམས་མི་འཐད་དེ། རང་རྒྱུད་པའི་རང་ལུགས་ལའང་ད་ལྟར་གྱི་སྣང་བ་དང་རྨི་ལམ་གྱི་སྣང་བ་གཉིས་ལ་ཡང་ལོག་གི་ཁྱད་པར་གཏན་ནས་མེད་ན་ཐལ་འགྱུར་བའི་རང་ལུགས་ལ་ཡང་ལོག་གི་ཁྱད་པར་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས། ཐ་སྙད་དུ་ཡང་ཡང་ལོག་གི་དབྱེ་བ་འཇིག་རྟེན་ལ་བལྟོས་ནས་མི་འཇོག་ན་གཞུང་ཚིགས་བཅད་གསུམ་རྩ་འགྲེལ་དང་བཅས་པ་དང་འགལ་བའི་ཕྱིར། རང་རྒྱུད་པས་རང་ལུགས་ལ་ཡང་ལོག་གི་ཐ་སྙད་མི་འདོད་ན། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཞེས་པ་དང་འགལ་ལོ་ཞེ་ན། རང་རྒྱུད་པས་དེ་ལྟར་ཡང་ལོག་གི་དབྱེ་བ་བྱས་མོད། དེ་ནི་དབུ་མ་པའི་རང་ལུགས་ལ་མ་ཡིན་གྱི། འཇིག་རྟེན་ན་གྲགས་པ་བཞིན་དུ་བརྗོད་དེ། དེའི་འགྲེལ་པར། ཆུ་ལ་སོགས་པ་དང་སྨིག་རྒྱུ་ལ་སོགས་པ་དག་འཇིག་རྟེན་གྱིས་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་རྟོགས་སོ། །དངོས་སུ་ན་གཉིས་ནི་ངོ་བོ་མེད་པ་ཉིད་དུ་མཚུངས་པ་ཁོ་ནའོ། །ཞེས་དང༌། འགྲེལ་བཤད་དུ། གལ་ཏེ་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་བྱེ་བྲག་ཡོད་ན། འོ་ན་ནི་དངོས་པོ་དག་ངོ་བོ་ཉིད་མ་ཡིན་ནོ་སྙམ་པ་ལ། དངོས་སུ་ན་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་ངོ་བོ་ཉིད་མཚུངས་ཞེ་ན། ངོ་བོ་ཉིད་(༡༥༦ན)


K800_Page_322
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཉིད་དུ་ཞེས་བྱ་བ་སྨོས་སོ། །ཞེས་དང༌། ཅིའི་ཕྱིར་ཞེ་ན། དོན་བྱེད་པ་དེ་ཡང་ངོ་བོ་ཉིད་མེད་པའི་ཕྱིར། ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་རང་རྒྱུད་པ་རྣམས་ཀྱིས་རྨི་ལམ་དང་སྒྱུ་མ་ལ་སོགས་པ་བརྫུན་པའི་དཔེ་དུ་མས་ཆོས་ཐམས་ཅད་རང་བཞིན་མེད་པར་བསྒྲུབ་པ་ཇི་ལྟར་འཐད་དེ། དཔེ་དང་དོན་ལ་འདྲ་བ་མེད་པའི་ཕྱིར་རོ། །འོ་ན་རང་རྒྱུད་པས་ཀུན་རྫོབ་བདེན་པ་ཐ་སྙད་ཀྱི་ངོར་ཐ་སྙད་པའི་ཚད་མས་གྲུབ་པར་འདོད་དེ། སྒྱུ་མའི་སྔགས་ཀྱིས་མིག་བསླད་པའི་རྟ་གླང་བསླད་ངོར་ཤེས་པ་དེ་ཡིས་གྲུབ་པར་འདོད་པའི་ཕྱིར། ཀུན་རྫོབ་ཀྱི་བདེན་པའང་ཡང་དག་དོན་ལ་རང་ལུགས་སུ་གྲུབ་པར་ཅིས་མི་བཞེད་སྙམ་ན། རང་རྒྱུད་པ་དག་དེར་མི་བཞེད་དེ། ཁྱེད་ཀྱིས་བཀོད་པ་དེ་ལྟའི་སྦྱོར་བ་ལ་ཁྱབ་པ་མི་འཆའ་བའི་ཕྱིར། དེས་དེ་ལ་ཁྱབ་པ་མི་འཆའོ་ཞེས་པ་ལ་ཐལ་འགྱུར་བ་ཆེན་པོ་ཟླ་བ་གྲགས་པ་ན་རེ། དེ་སྐད་དུ་རང་རྒྱུད་པས་སྨྲ་ན་མ་ཁྱབ་པར་མ་ཟད་འགལ་ཁྱབ་ཏུ་སྨྲས་པ་ཡིན་ཏེ། འདི་ལྟར་སྒྱུ་མ་ལྟ་བུའི་ཀུན་རྫོབ་བདེན་པ་ཐ་སྙད་དུ་ཐ་སྙད་ཚད་མ་སྟེ་རིགས་པ་ཡང་དག་གིས་སྒྲུབ་པར་བྱེད་པ་དང་གྲུབ་པར་བྱ་བའོ་ཞེས་སྨྲ་མི་རིགས་པར་ཐལ། ཁྱོད་ཀྱིས་སྒྱུ་མ་ལྟ་བུའི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་གྲུབ་པའམ་དོན་དམ་པར་གྲུབ་པའམ་བདེན་པར་གྲུབ་པའི་ངོ་བོ་ཉིད་མེད་པར་སྨྲས་པའི་ཕྱིར་ཞེས། ཚིག་གསལ་དུ། གང་གི་ཕྱིར་དེ་ལྟར་འདིས་རང་ཉིད་ཀྱི་བརྗོད་ཚུལ་འདིས་གཏན་ཚིགས་མ་གྲུབ་པར་ཁས་བླངས་པ་དེའི་ཕྱིར་དངོས་པོའི་ཆོས་གཏན་ཚིགས་སུ་བཀོད་པའི་རྗེས་སུ་དཔག་པ་ཐམས་ཅད་གཏན་ཚིགས་ལ་སོགས་རང་ལ་མ་གྲུབ་པ་སྒྲུབ་པར་བྱེད་པ་ཐམས་ཅད་རྣམ་པར་འཇིག་པར་(༡༥༦བ)


K800_Page_323
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཞེས་འབྱུང་ངོ༌། །དེ་ལའང་རང་རྒྱུད་པ་དག་ཆོས་ཐམས་ཅད་ཡང་དག་པར་རམ་དོན་དམ་པར་མ་གྲུབ་ཅེས་སྨྲས་པས་ཀུན་རྫོབ་ཏུ་མ་གྲུབ་པར་སྨྲ་ཅི་དགོས་སྙམ་ན། ཐལ་འགྱུར་བ་དག་གིས་དེ་ལྟར་སྨྲ་བ་དེ་ནི་རིགས་པ་དང་བྲལ་བའི་ངག་སྟེ། ཁྱབ་བྱེད་ཡང་དག་པར་རམ་དོན་དམ་པར་བདེན་པ་མེད་ན་ཐ་སྙད་དུའང་ཚད་གྲུབ་ཀྱི་བདེན་པར་གྲུབ་པ་མེད་པའི་ཕྱིར། རབ་རིབ་ཅན་གྱི་སྐྲ་ཤད་འཛག་སྣང་བཞིན་ཞེས་རང་རྒྱུད་པའི་ལུགས་དེ་རྒྱ་ཆེར་དགག་པར་མཛད་པའི་དབང་གིས་མཛམ་བུའི་གླིང་འདིར་དབུ་མ་པ་ལ་ཐལ་འགྱུར་དང་རང་རྒྱུད་པའི་ལུགས་ཞེས་སྲོལ་ཆེན་པོ་གཉིས་སུ་གྱེས་པར་སྣང་བས་ཁོ་བོ་ནི་ཐལ་རང་གི་གྲུབ་མཐའི་ཁྱད་པར་གྱི་གཙོ་བོ་ནི་འདི་ཁོ་ན་ལ་ཐུག་པར་འདོད་དེ། རང་རྒྱུད་པས་འདི་ལྟར་འདོད་པ་ལ་བརྟེན་ནས་རང་རྒྱུད་ཀྱི་སློབ་དཔོན་སོ་སོ་བ་དག་གིས་ཐ་སྙད་ཚད་མས་ཐ་སྙད་པའི་ཆོས་ཀུན་གཞི་སོགས་ཐ་སྙད་དུའང་ལ་ལས་ཚད་གྲུབ་ཏུ་ཡོད་པ་དང༌། ལ་ལས་མེད་པར་འདོད་པ་མང་དུ་བྱུང་བ་ལས་ཡོད་པར་འདོད་པ་དག་ལ་སློབ་དཔོན་ཆེན་པོ་ཟླ་བས་དགག་པ་དམིགས་ཕུག་ཏུ་མཛད་པ་ཡིན་ནོ། །ཇི་ལྟར་ཀུན་རྫོབ་ཀྱི་ཡང་ལོག་རང་རྒྱུད་པས་འདོད་པ་དེ་དང་ཐལ་འགྱུར་བས་འདོད་པ་ལ་ཁྱད་པར་མེད་དེ། སྣང་ཙམ་མ་བརྟགས་པར་གཉིས་ཀ་ཡོད་ལ། དཔྱད་ན་གཉིས་ཀ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བརྟགས་པ་དང༌། །སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟགས་པ་གང༌། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །མི་ཤེས་པའི་གཉིད་ཀྱིས་རབ་ཏུ་བསྐྱོད་པའི་ཕྱི་ནང་གི་མུ་སྟེགས་ཅན་རྣམས་ཀྱིས་རང་རང་གི་གཞུང་ལས་བདག་དང་གཙོ་བོ་དང་རྡུལ་ཕྲན་དང་ཀུན་གཞི་སོགས་དངོས་པོའི་ངོ་བོར་བདག་ཉིད་ཇི་ལྟ་བ་བཞིན་དུ་གནས་པར་བརྟགས་པ་དང༌། དབང་པོ་བསླད་པའི་སྒྱུ་མ་སྨིག་རྒྱུ་ལ་སོགས་ལ་(༡༥༧ན)


K800_Page_324
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་གླང་ལ་སོགས་པར་བརྟགས་པ་གང་དེ་ནི་འཇིག་རྟེན་ལས་ཀྱང་ཡོད་པ་མ་ཡིན་པ་ཉིད་ན་དོན་དམ་པར་ལྟ་སྨོས་ཀྱང་ཅི་དགོས་ཏེ། འཇིག་རྟེན་པ་དག་དེ་དག་གི་སྒོ་ནས་ཐ་སྙད་བྱེད་པ་མེད་པའི་ཕྱིར། མུ་སྟེགས་ཅན་གྱིས་བརྟགས་པ་དེ་དག་དོན་ལ་མེད་ཀྱང་ཐ་སྙད་རྟོག་ངོར་དེ་ཡོད་དམ་སྙམ་ན། དེས་དེ་ལྟར་རྟོག་པ་དེ་ནི་འཇིག་རྟེན་ཀུན་ལ་གྲགས་པའི་ཀུན་རྫོབ་ཀྱི་ཕྱོགས་བཏང་ནས་འཇིག་རྟེན་ལ་མེད་པའི་ཆོས་ལ་བརྟེན་ནས་བླང་དོར་བྱེད་སྐད་པ་དེ་ཤིང་གི་སྟེང་དུ་འགྲོ་བར་འདོད་ནས་ཡལ་ག་སྔ་མ་བཏང་ནས་ཕྱི་མ་མ་བཟུང་ན་ལྟ་ངན་གྱི་རི་སུལ་དུ་ལྷུང་སྟེ་བདེན་གཉིས་མཐོང་བ་དང་བྲལ་བས་འབྲས་བུ་མི་ཐོབ་པར་འགྱུར་རོ། །ཁ་ཅིག་འདི་སྙམ་དུ་ཕྱི་ནང་གི་མུ་སྟེགས་བྱེད་དག་གིས་རྟོག་བཏགས་དང་དབང་ཤེས་བསླད་སྣང་ལ་བདེན་ཞེན་ཡོད་ཀྱི་བར་བློ་དེ་ངོར་བདེན་པའང་ཡིན་ལ། དེ་དག་འཇིག་རྟེན་པ་ཡང་ཡིན་པས་ཀུན་རྫོབ་ཀྱི་བདེན་པར་འགྱུར་ཏེ། དེ་བློ་ལ་བལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཅེས་འབྱུང་བའི་ཕྱིར་སྙམ་ན། མ་ཁྱབ་སྟེ། དོན་དམ་བདེན་པ་འཕགས་པའི་མཉམ་གཞག་གི་གཟིགས་པ་ལ་ལྟོས་ནས་འཇོག་པ་ལྟར་ཀུན་རྫོབ་ཀྱི་བདེན་པ་ཡང་འཇིག་རྟེན་སྤྱིར་གྲགས་པ་དང་མཐོང་བ་ལ་བལྟོས་ནས་བཞག་པ་ཡིན་པས། སྒྱུ་མ་སྨིག་རྒྱུ་སོགས་འཇིག་རྟེན་ན་དོན་བྱེད་པར་གྲགས་གྲུབ་མེད་ཅིང༌། མུ་སྟེགས་རྣམས་ཀྱིས་བརྟགས་པ་ལ་ནི་འཇིག་རྟེན་ན་ཐ་སྙད་ཀྱི་བླང་དོར་གྱི་རྟེན་མི་བྱེད་པའི་ཕྱིར། གང་ཟག་གཅིག་གིས་དོན་མིན་པར་སྒྲོ་བཏགས་པའམ་མཐོང་བ་དེ་གང་ཟག་ཐམས་ཅད་ཀྱིས་དེ་ལྟར་འདོགས་པ་དང་མཐོང་བ་མིན་ཅིང༌། གང་ཟག་ཐམས་ཅད་ཀྱི་ཐ་(༡༥༧བ)


K800_Page_325
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་དང་འགལ་ན་གང་ཟག་སྔ་མ་དེའི་བཏགས་མཐོང་གི་ཆ་བརྫུན་པ་དེ་གྲགས་པ་དང་འགལ་བས་འདོར་དགོས་པར་གཞུང་འདི་ཉིད་ཀྱིས་བསྟན་པའི་ཕྱིར། དེ་བློ་ལ་ལྟོས་ཞེས་པའི་གཞུང་འདི་བཟློག་ཕྱོགས་སྒྲུབ་བྱེད་དུ་ནི་འགྱུར་ཏེ། ལུང་དེ་ནི་དེ་ཁོ་ན་ཉིད་དཔྱོད་པའི་སྐབས་སུ་ཀུན་རྫོབ་པའི་ཡང་ལོག་གཉིས་བདེན་ན་བདེན་མཉམ་དང༌། བརྫུན་ན་བརྫུན་མཉམ་དུ་མཚུངས་པར་སྟོན་པའི་ཆེད་ཡིན་ལ། ལུང་འདིར་ནི་ཀུན་རྫོབ་ཙམ་ལ་འཇིག་རྟེན་གྱི་གྲགས་པ་དང་བསྟུན་ནས་ཡང་ལོག་གཉིས་སུ་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །འདིར་གཞན་སྐྱེ་དགག་པ་ལ་འཇིག་རྟེན་གྱི་མངོན་སུམ་ཀྱིས་གནོད་པ་མེད་དེ། ཀུན་རྫོབ་བདེན་པའི་དབྱེ་བ་ནི་འཇིག་རྟེན་པའི་རྗེས་སུ་འབྲངས་ནས་བདེན་བརྫུན་རྗེས་བརྗོད་བྱས་པ་ཡིན་གྱི། གཞན་སྐྱེ་འགོག་པ་ནི་འཇིག་རྟེན་པའི་མཐོང་བ་ཁོ་ནར་གནས་ནས་དེའི་རྗེས་སུ་འབྲངས་ནས་བཀག་པ་མ་ཡིན་གྱི། འཕགས་པའི་གཟིགས་པའི་དབང་དུ་བྱས་ནས་བཀག་པའི་ཕྱིར་ཞེས་སྟོན་པ་ནི། མིག་ནི་རབ་རིབ་ཅན་གྱི་དམིགས་པ་ཡི་སྐྲ་ཤད་ལ་སོགས་པ་དེས་ནི་རབ་རིབ་མེད་པའི་ཤེས་པ་ལ་འཁྲུལ་པ་བསྐྱེད་པའི་གནོད་པ་མ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དྲི་མེད་ཡེ་ཤེས་སྤངས་པའི་བྱིས་པའི་བློས་འཁྲུལ་ནས་གཞན་སྐྱེ་མཐོང་ཡང་འཕགས་པ་དྲི་མེད་བློ་ལ་འཁྲུལ་པར་བསླད་པའི་གནོད་པ་ཡོད་པ་མ་ཡིན་ཏེ། སོ་སྐྱེའི་མཐོང་བ་དེ་ནི་འཕགས་པས་མ་གཟིགས་པས་ཡ་མ་བརླ་བཞད་གད་ཀྱི་གནས་ཀྱི་ཕྱིར་རོ། །གཉིས་པ་ལ། ཀུན་རྫོབ་དང༌། དོན་དམ་པའི་རང་བཞིན་བཤད་པ་ལས། དང་པོ་ནི། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །དངོས་པོ་རྣམས་བདེན་པ་གཉིས་ཀྱི་ངོ་བོར་བརྗོད་ནས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་བསྟན་པ་ནི། གཏི་མུག་ནི་(༡༥༨ན)


K800_Page_326
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་གནས་ལུགས་ལ་རྨོངས་པར་བྱེད་པའམ། གནས་ལུགས་ལས་གཞན་དུ་སྒྲོ་བཏགས་ནས་གནས་ལུགས་ཀྱི་རང་བཞིན་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཕྱིར། ཆོས་དེ་ལྟ་བུ་ལ་ནི་ཀུན་རྫོབ་ཅེས་བྱར་འཇོག་སྟེ། རྒྱུ་མཚན་བཤད་ཟིན་ཏོ། །གཏི་མུག་གི་རང་བཞིན་ཀུན་རྫོབ་དེས་དངོས་པོ་གང་རང་བཞིན་མེད་བཞིན་ཡོད་པར་ཞེན་ནས་དོན་ལ་མ་ཞུགས་ཀྱང་བཅོས་མར་བཏགས་པའི་རྟེན་འབྲེལ་གྱི་དབང་གིས་བདེན་པར་སྣང་བ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་ཐུབ་པ་དེས་གསུངས་ཏེ། དེའང་རྟེན་འབྱུང་གི་གཟུགས་བརྙན་སོགས་ལོག་པའི་ཀུན་རྫོབ་ནི་བྱིས་པས་ཀྱང་བརྫུན་པར་རྟོགས་ལ། སྔོན་པོ་སོགས་ནི་བདེན་པར་སྣང་ཞིང་རང་བཞིན་སྟོང་པ་ཉིད་ནི་དེ་ལ་སྒྲིབ་བྲལ་དུ་མི་སྣང་བས་དོན་དམ་པའི་རང་བཞིན་དང་ལོག་པའི་ཀུན་རྫོབ་ནི་ཀུན་རྫོབ་བདེན་པ་མིན་ཅིང༌། ཀུན་རྫོབ་ཀྱི་བདེན་པ་ནི་སྲིད་པའི་ཡན་ལག་གིས་བསྡུས་པའི་ཉོན་མོངས་ཅན་གྱི་མ་རིག་པས་རྣམ་པར་ཕྱེ་བའོ། །སྐབས་འདིའི་འཇུག་འགྲེལ་གྱི་ཚིག་གི་ཟིན་སོ་བཙན་པར་བྱས་ན་ཀུན་རྫོབ་བདེན་པར་འཛིན་བློ་ཡིན་ན་ཉོན་སྒྲིབ་ཡིན་པས་ཁྱབ་པར་གསལ་ཏེ། ཀུན་རྫོབ་བདེན་པ་སྣང་བར་འཇོག་བྱེད་སྲིད་རྩའི་མ་རིག་པ་གང་ཞིག དེ་མ་ལོག་པའི་བྱིས་པ་ལ་ཀུན་རྫོབ་བདེན་པར་སྣང་ཞིང༌། དེ་ལོག་པའི་འཕགས་པ་ལ་ཀུན་རྫོབ་བདེན་པར་མི་སྣང་བར་ཀུན་རྫོབ་ཙམ་དུ་གཟིགས་པའི་ཕྱིར་ཞེས་གསལ་བར་བཤད་སྣང་བས། བདེན་འཛིན་ལ་ཉོན་སྒྲིབ་ཀྱིས་ཁྱབ་པ་ཟླ་གྲགས་ཀྱི་དགོངས་པ་གཏན་མིན་ཞེས་རྟབ་རྟབ་པོར་རིངས་པོ་རིངས་པོས་ཁ་ཚོན་གཅོད་པའང་ཆེས་སྔས་པར་འགྱུར་གྱི་དོགས་སོ། །ཀུན་རྫོབ་ཀྱི་བདེན་པ་དེ་ཡང་ཉན་ཐོས་དང་རང་སངས་(༡༥༨བ)


K800_Page_327
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པ་འདུ་བྱེད་གཟུགས་བརྙན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ནི་བཅོས་མར་གྱུར་པའི་དངོས་པོ་ལྟ་བུར་གྱུར་པ་ནི་རང་བཞིན་ཡིན་གྱི། བདེན་པ་མ་ཡིན་ཏེ། བདེན་པར་རློམ་པ་མེད་པའི་ཕྱིར། བྱིས་པ་རྣམས་ལ་ནི་སླུ་བར་བྱེད་པ་ཡིན་ལ། འཕགས་པ་རྣམས་ལ་ནི་སྒྱུ་མ་ལྟར་རྟེན་འབྱུང་ཉིད་ཀྱི་ཀུན་རྫོབ་ཙམ་དུ་འགྱུར་རོ། །ཀུན་རྫོབ་ཙམ་པོ་དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་འཕགས་པ་རྣམས་ཀྱི་རྗེས་ཐོབ་ལ་སྣང་གི། སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་མཉམ་གཞག་གི་གནས་སྐབས་སུ་མ་ཡིན་ཏེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར། འདིར་སྔ་རབས་པའི་ཡིག་རྙིང་ལས། དབུ་མའི་གསུང་རབ་མང་པོར་མཉམ་གཞག་སྣང་མེད་ཀྱི་དབང་དུ་བྱས་ནས་འཕགས་ཆུང་འོག་མ་གསུམ་གྱི་རྗེས་ཐོབ་ལ་བདེན་པར་ཞེན་པ་མེད་ཀྱང་བདེན་པར་སྣང་བ་ཡོད་ལ། སངས་རྒྱས་ལ་ནི་བདེན་པར་ཞེན་སྣང་གཉིས་ཀ་མེད་ཀྱང་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་ཙམ་ཡོད་ཟེར་བ་སློབ་དཔོན་ཆེན་པོ་ཟླ་བའི་དགོངས་པ་ལྟར་ན་མི་འཐད་དེ། འཕགས་ཆུང་འོག་མ་གསུམ་ལ་ཀུན་རྫོབ་སྣང་ན་ཀུན་རྫོབ་བདེན་པར་སྣང་མི་སྲིད་ལ། ཀུན་རྫོབ་ཙམ་པོ་ཞིག་སྣང་བས་ཁྱབ་ཅིང༌། སངས་རྒྱས་ལ་ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ཙམ་པོ་གཉིས་ཀར་སྣང་བ་མ་ཡིན་པའི་ཕྱིར་ཏེ། གཉིས་ཀ་ཡང་ཉོན་མོངས་པ་ཅན་ཡིན་མིན་གྱི་མ་རིག་པས་བལྟོས་ཆོས་ཀྱིས་བཞག་པའི་རིག་པ་ཡེ་ཤེས་ཀྱི་འགལ་ཟླར་གྱུར་པའི་ཆོས་ཡིན་པའི་ཕྱིར། ཕྱོགས་སྔ་མས་དེ་ལྟར་སྨྲ་བ་ནི་སངས་རྒྱས་ཀྱི་སར་ཀུན་རྫོབ་(༡༥༩ན)


K800_Page_328
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ཕྱོགས་ལ་མཛེས་སོ། །ཞེས་གསལ་བར་བཀོད་པའང་ལེགས་བཤད་དུ་མངོན་ནོ། །འཇུག་འགྲེལ་གྱི་དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ཞེས་པ་ནས་སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་རྣམས་ལ་མ་ཡིན་ནོ། །ཞེས་པའི་བར་འཕགས་པ་དེ་དག་ལ་ཀུན་རྫོབ་ལ་བདེན་འཛིན་མེད་ཀྱང་ཀུན་རྫོབ་བརྫུན་པར་ཡོད་ལ། དེ་ནི་ཤེས་སྒྲིབ་ཡིན་པར་ཞལ་གསལ་གྱི་ལུང་འདི་ལྟ་བུ་ལ་ཟི་ལུང་ཤཱཀྱ་བ་ཆེན་པོས་འཕགས་རྒྱུད་ཀྱི་བདེན་འཛིན་ཕྲ་མོ་རྣམས་ཉོན་མོངས་པ་ཅན་གྱི་མ་རིག་པར་བཞེད་པའི་ཕྱིར། དེ་སྐད་སྨོས་སོ་ཞེས་སྨྲ་བ་ནི་རང་གི་གྲུབ་མཐའ་གཞུང་དོན་ལས་བཟློག་ནས་འདོན་པའི་སྒྱུ་ཚིག་ཡིན་ཏེ། དེར་བདེན་འཛིན་ཕྲ་མོ་ཡོད་ན་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་ཏེ། འདུ་བྱེད་གཟུགས་བརྙན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ཞེས་བསྒྲུབ་བྱ་སྒྲུབ་བྱེད་དུ་སྦྱར་བ་དེ་བཟློག་ནས་འདི་ལྟར་འདོན་རིགས་པའི་ཕྱིར་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་མིན་པའི་མ་རིག་པ་དང་མ་བྲལ་བས་འདུ་བྱེད་བྱད་བཞིན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ནི་ཞེས་འདོན་པར་བྱ་དགོས་ལ། དེ་ལྟར་ན་ལུགས་འདི་ལ་གཞུང་རྩོམ་པ་པོ་ལས། ཉིད་ཅག་དབང་བཙན་པར་འགྱུར་བས་ཁྱེད་ཀྱི་ལུགས་འདི་ནི་ཅིར་ཡང་མི་རུང་བའོ། །དེས་ན་མགོན་པོ་ཀླུ་སྒྲུབ་རྗེས་འབྲངས་དང་བཅས་པ་དག་གིས་གདགས་གཞི་ཕུང་སོགས་ཀྱི་ཆོས་བདེན་མེད་དུ་མ་རྟོགས་པར་བཏགས་ཆོས་གང་ཟག་གི་བདག་མེད་མི་རྟོགས་བྱ་བ་འདི་ལྟར་ན་བདེན་འཛིན་འཁོར་རྩའི་མ་རིག་པར་(༡༥༩བ)


K800_Page_329
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང༌། རྒྱུ་མཚན་དེས་འཕགས་པ་ཡིན་ན་དེའི་རྒྱུད་ལ་བདེན་འཛིན་མེད་པར་འཆད་པའི་ཕྱིར་བདེན་འཛིན་ལ་ཉོན་སྒྲིབ་ཀྱིས་ཁྱབ་པར་འཆད་པ་ན་ཐལ་འགྱུར་སྨྲ་བའི་ལུགས་ནོངས་མེད་ཡིན་པ་ལ། ཟི་ལུང་མཆོག་ལྡན་པ་དང་རྟ་ནག་གོ་ཆེན་པ་ནི། ཐལ་འགྱུར་བའི་ལུགས་སུ་འདི་ལྟར་འཆད་ན་ཆེས་ཉེས་པ་ཆེའོ་ཞེས་ཟེར་ནས། ཙོང་ཁ་པ་ལ་སྐྱོན་བརྗོད་པ་སྐད་བྱེད་པ་དེ་ནི་ཁྭ་ཏས་མི་གཙང་བཟོས་པའི་མཆུ་ས་གཙང་དག་ལ་འབད་དེ་འཕྱི་བར་བྱེད་པ་ལས་གཞན་དུ་ཅིར་འགྱུར། དེ་བཞིན་དུ་རྒྱུ་རྐྱེན་ལ་བལྟོས་པའི་དངོས་ཆོས་དེ་དེར་ཡང་དག་པར་གྲུབ་པར་འཛིན་པའི་བདེན་རྟོག་དེ་ཉིད་ཉོན་སྒྲིབ་ཀྱི་མ་རིག་པར་གསུངས་པའི་ཕྱིར་ཏེ། དེ་ཉོན་སྒྲིབ་ཀྱི་མ་རིག་པ་མ་ཡིན་ན་དེ་ལས་རྟེན་འབྲེལ་ཡན་ལག་བཅུ་གཉིས་འབྱུང་བར་ཡང་མི་འགྱུར་བའི་ཕྱིར། མི་འབྱུང་བ་ཡང་མ་ཡིན་ཏེ། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་རྐྱེན་ལ་བལྟོས་དངོས་པོ་རྣམས། །ཡང་དག་ཉིད་དུ་རྣམ་རྟོག་པ། །དེ་ཉིད་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །ཞེས་འབྱུང་བའི་ཕྱིར་དང༌། བདེན་འཛིན་དེ་ལྟ་བུ་དེས་གཙོ་བོར་ཐར་པ་ཐོབ་པ་ལ་སྒྲིབ་པས་ཉོན་སྒྲིབ་དང༌། བདེན་འཛིན་དེའི་བག་ཆགས་དང་ཕུང་པོ་བདེན་མེད་སྒྱུ་མ་ལྟར་ཞེན་པའི་བློ་ནི་གཙོ་བོར་ཐམས་ཅད་མཁྱེན་པ་ཐོབ་པ་ལ་སྒྲིབ་པས་ཤེས་སྒྲིབ་ཏུ་འཇོག་སྟེ། རྒྱུད་བླར། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་འབྱུང་བའི་ཕྱིར། སངས་རྒྱས་རྣམས་ལ་ནི་ཀུན་རྫོབ་པའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་སྣང་བ་མ་ཡིན་ཏེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པ་རྫོགས་པར་བྱང་ཆུབ་པའི་ཕྱིར། སེམས་དང་སེམས་ལས་(༡༦༠ན)


K800_Page_330
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་རྒྱུ་བ་གཏན་ལོག་པ་ཡིན་ནོ། །དེས་ན་ཉོན་མོངས་པ་ཅན་ཡིན་མིན་གྱི་མ་རིག་པས་བསླད་པའི་མཐུ་ལས། བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ཙམ་གཉིས་སུ་གསུངས་སོ། །དེ་ལས་སོ་སྐྱེས་ཀུན་རྫོབ་བདེན་པར་མཐོང་བ་དེ་འཕགས་པས་ཀུན་རྫོབ་སྣང་ཙམ་དུ་བརྫུན་པར་གཟིགས་ལ། ཀུན་རྫོབ་ཙམ་པོ་དེའི་རང་བཞིན་སྟོང་པ་ཉིད་ནི་འཕགས་པའི་མཉམ་གཞག་གི་ངོར་དོན་དམ་པའོ། །སངས་རྒྱས་རྣམས་ཀྱིས་ནི་དོན་དམ་བསླུ་མེད་དེ་ལས་གཞན་དུ་མི་གཟིགས་ཀྱི། བྱིས་པ་ནི་ཀུན་རྫོབ་བདེན་པ་བསླུ་ཆོས་ཁོ་ནར་དམིགས་པར་བྱེད་དོ། །དེས་ན་རྫོགས་པའི་སངས་རྒྱས་ལ་རྒྱུ་ཉོན་མོངས་པ་ཅན་ཡིན་མིན་གྱི་མ་རིག་པ་གཉིས་ཀ་འགགས་པས་འབྲས་བུ་ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ཙམ་པོ་གཉིས་ཀ་ལོག་པ་འདིའི་གནད་ཀྱིས། རྗེ་བཙུན་རེད་མདའ་བའི་གསུང་གིས། གལ་ཏེ་དེ་བཞིན་གཤེགས་པ་རྣམས་ལ་ཡང་གཟུགས་སོགས་ཡུལ་གྱི་སྣང་བ་མངའ་ན་འཁྲུལ་པ་མ་སྤངས་པར་འགྱུར་ཏེ། ཡུལ་བརྫུན་པ་སྣང་བའི་ཕྱིར། རྨི་ལམ་ལ་སོགས་པའི་ཤེས་པ་བཞིན་ནོ། ། ཅི་སྟེ་སྣང་ཡང་བདེན་ཞེན་མེད་པའི་ཕྱིར་འཁྲུལ་པར་མི་འགྱུར་རོ་ཞེ་ན། རབ་རིབ་ཅན་གྱིས་ནམ་མཁར་སྐྲ་ཤད་དང་ཟླ་གཉིས་ལ་སོགས་པ་མཐོང་བ་ན། འདི་དག་ནི་ཡང་དག་པའི་སྐྲ་ཤད་དང་ཟླ་གཉིས་ལ་སོགས་པ་ཡིན་ནམ་སྙམ་དུ་མངོན་པར་ཞེན་པ་མེད་པའི་ཕྱིར་མ་འཁྲུལ་པ་ཉིད་དུ་འགྱུར་རོ། །ཅི་སྟེ་ས་རྡོ་སོགས་ཀྱི་གཟུགས་མ་དག་པའི་སྣང་བ་ནི་མ་རིག་པའི་རྒྱུ་ཅན་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལ་མི་སྣང་གི་རྣམ་པར་དག་པའི་གསེར་གྱི་ས་གཞི་དང་རིན་པོ་ཆེའི་གཞལ་མེད་ཁང་སོགས་ནི་ཡེ་ཤེས་ཀྱི་རང་སྣང་(༡༦༠བ)


K800_Page_331
[མ་དཔེ་གཟིགས་ན་འདིར་གནོན།]

འགག་མེད་ཀྱི་རྩལ་ལ་ཤར་བའི་ཕྱིར་དེ་ཡོད་པས་འཁྲུལ་པ་མངའ་བར་མི་འགྱུར་ཞེ་ན། དག་པའི་སྣང་བ་དེ་ཡང་དག་པ་གྲུབ་པ་མ་ཡིན་ཏེ། སྨོན་ལམ་དང་ཞིང་སྦྱོང་བ་ལ་སོགས་པའི་དགེ་པའི་རྩ་བ་ལས་འབྱུང་བས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རོ།།གལ་ཏེ་དེ་དག་རྒྱུ་དང་རྐྱེན་ལས་མ་བྱུང་བར་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ན་ཕྱི་རོལ་པ་གང་དག ཁ་བ་རྒྱ་སྤོས་མེ་ཏོག་དང༌། །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་བཀན་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་འཇིག་རྟེན་གསུམ་བརྒལ་བ་ན་གདུགས་དཀར་པོ་གྱེན་དུ་བསླང་བ་དང་འདྲ་བའི་ཐར་པ་འདོད་པ་དང་མཚུངས་པས་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པ་ཡིན་ནོ། ། དེས་ན་སངས་རྒྱས་ལ་ཀུན་རྫོབ་མི་སྣང་ཡང་སངས་རྒྱས་ཀྱིས་ཇི་སྙད་མཁྱེན་པ་དང་ཆོས་འཁོར་བསྐོར་བ་སོགས་མཛད་པ་མི་འགལ་ཏེ། དེས་དེ་ལྟར་མཛད་པའི་རྒྱུ་བསོད་ཚོགས་ཀྱི་རྟེན་འབྲེལ་སྔར་བྱང་ཆུབ་ཀྱི་སྤྱོད་པའི་དུས་སུ་ཡང་དག་པར་སྤྱད་པའི་འབྲས་བུ་ཆུད་མི་ཟ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་འདི་ནི་སངས་རྒྱས་ལ་ཀུན་རྫོབ་སྣང་བ་འཇལ་བྱེད་ཀྱི་བློ་མེད་པར་བཞེད་པའི་ཕྱོགས་ལ་གཟུ་བོར་གནས་པའི་ལེགས་བཤད་དུ་མཐོང་ངོ༌། །རྟ་ནག་གོ་བོས་བྱས་པའི་འཇུག་པའི་ཡི་གེར། ཀུན་རྫོབ་བདེན་པ་ཡིན་ན་ཡོད་པས་མ་ཁྱབ་ཅིང༌། ཐ་སྙད་བདེན་པ་ཡིན་ན་ཡོད་པས་ཁྱབ་ཅེས་དང༌། ཀུན་རྫོབ་ཏུ་ཡོད་ན་ཡོད་པས་མ་ཁྱབ་ཅིང༌། ཐ་སྙད་དུ་ཡོད་ན་ཡོད་པས་ཁྱབ་ཅེས་དང༌། དེང་སང་སྒྲོས་རང་དགའ་བ་རེ་རེའི་རྗེས་སུ་སྐྱེ་བོ་མང་པོ་ཁ་མཐུན་ངོར་མི་བདེ་ཡང༌། དབུ་མའི་གཞུང་ལུགས་ཀྱི་མགོ་མཇུག་བསྒྲིགས་ན་འདི་ལས་གཞན་དུ་སྨྲ་ཐབས་ཨེ་འདུག་ལེགས་པར་དཔྱོད་ཅེས་བྲིས་སོ། །བློ་རྩེ་གཏད་མཚམས་(༡༦༡ན)


K800_Page_332
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཀྱང་མེད་བཞིན་ཡི་གེར་བཀོད་པར་ཟད་དེ། ཁྱོད་ཀྱི་ཀུན་རྫོབ་བདེན་པ་ཡིན་ན་ཡོད་པས་མ་ཁྱབ་ཅེས་པ་དེ་ལོག་པའི་ཀུན་རྫོབ་ལ་བསམས་ནས་སྨྲས་མོད། དེ་ལས་ཅིར་འགྱུར་ཞེ་ན། ལོག་པའི་ཀུན་རྫོབ་བདེན་པར་འདོད་པ་དེ་ད་ལྟ་འཆད་བཞིན་པའི་གཞུང་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། འདིའི་འགྲེལ་པར། དེ་དང་གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་ནི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ནོ་ཞེས་འབྱུང་བ་ལ་ཚར་གཅིག་ཙམ་ཡང་བཀླགས་ནས་རྟོག་པ་ཨེན་ཙམ་མ་བཅུག་པར་དབུ་མ་འཇུག་པ་ལ་ཡིག་འཇོག་བྱས་པར་ཟད་པའི་ཕྱིར་དང༌། ཀུན་རྫོབ་ཏུ་ཡོད་ན་ཡོད་པས་མ་ཁྱབ་པ་དང༌། ཐ་སྙད་དུ་ཡོད་ན་ཡོད་པས་ཁྱབ་པ་ཐལ་འགྱུར་བས་རང་ལུགས་སུ་འཇོག་པ་རྨི་ལམ་དུའང་མི་རྨི་ཞིང༌། ཁྱད་པར་དེ་ལྟར་རང་ལུགས་ཀྱི་ཚད་མས་གྲུབ་པར་སྨྲ་བའི་ཕྱོགས་ལ་དགག་པ་དམིགས་ཀྱིས་ཕུག་ནས་མཛད་པའི་ཕྱིར་ཏེ། ཆོས་ཀྱི་ཚུལ་འདི་ལ་སྤྲོས་མཐའ་ཐམས་ཅད་དགག་པར་རིགས་པའི་ཕྱིར་དང༌། སྤྲོས་པ་རང་ལུགས་ལ་སུས་ཁས་བླངས་ནའང་སྤྲོས་མཐར་འགྱུར་བའི་ཕྱིར། དེས་ན་དཔྱད་ངོ་ན་གཉིས་ཀ་མེད་མཉམ་དང༌། མ་དཔྱད་པའི་ངོ་ན་ཡོད་མཉམ་དང༌། དེ་ལྟར་མ་དཔྱད་པའི་ཚེ་ན་འཇིག་རྟེན་གྱི་གྲགས་ངོར་ཀུན་རྫོབ་འཇིག་རྟེན་པ་དེ་ལ་ཡང་ལོག་གཉིས་སུ་འཇིག་རྟེན་པས་འཇོག་པའི་རྗེས་འརྗོད་བྱས་པ་ལས། གཞན་དུ་རང་ལུགས་ཀྱི་དེར་དབྱེ་བ་བྱས་པ་མ་ཡིན་པའི་ཕྱིར། དེ་ལྟའི་དོན་ཁྱེད་ཀྱིས་ཕྱོགས་ཙམ་ཡང་མ་འཚལ་བར་སྣང་བཞིན་དུ་དབུ་མའི་གཞུང་ལུགས་ཀྱི་དོན་མགོ་མཇུག་ཁྱེད་ལ་བསྒྲིག་ཏུ་བཅུག་ན་ད་དུང་འདི་ལས་གཞན་དུ་སྨྲ་ཐབས་མེད་དོ་ཞེས་བརྗོད་པ་ལྟར་རྫ་(༡༦༡བ)


K800_Page_333
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་གྱི་དུམ་བུ་ཐོ་རེ་ལོང་ངེ་ཡོང་ཉེན་ཆེའོ། །ཡང་རྟ་ནག་གོ་ཆེན་པས། འཇུག་པ་རང་འགྲེལ་ལས། ཀུན་རྫོབ་བདེན་པ་ནི་སླུ་བར་བྱེད་པའི་ཕྱིར་དོན་དམ་བདེན་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་འདིས་རྗེ་ས་པཎ་གྱིས་ཐལ་རང་གི་ཁྱད་པར་གསུངས་པ་དོན་ལ་གནས་པར་གྲུབ་བོ་ཞེས་བྲིས་གདའ་བས། ཁྱེད་ཀྱི་ཚིག་དེའི་དངོས་བསྟན་ལྟར་ན་རང་རྒྱུད་པས་ཀུན་རྫོབ་བདེན་པ་དོན་དམ་བདེན་པ་ཡིན་པར་འདོད་པ་དང༌། ཐལ་འགྱུར་བས་དེ་མི་འདོད་པ་ཐལ་རང་གི་ཁྱད་ཡིན་པར་བཤད་སྣང་བས་དེ་ལྟར་ན་ཅིར་འགྱུར་སོམས། ས་པཎ་གྱིས་ཐལ་རང་གི་ཁྱད་པར་བཞག་ཅེས་ཁྱེད་ཅག་འདོན་པའི་ལུང་དེ་ས་པཎ་གྱིས་ཐལ་རང་གི་ཁྱད་པར་སྟོན་པའི་ལུང་མ་ཡིན་པ་དང༌། ཡིན་པ་སྲིད་ནའང་ས་པཎ་གྱིས་ཐལ་རང་གི་ཁྱད་པར་ཕྱེས་པའི་ཞར་ལ་རང་རྒྱུད་དང་ཚད་མ་མཐུན་ཚུལ་ཁྱེད་ཀྱི་སྒྲ་ཇི་བཞིན་པ་དེ་ལྟར་འཆད་ན་ཉིད་ཅག་ས་པཎ་གྱི་ཕྱོགས་སྲུང་བ་ཆེན་པོར་འདོད་བཞིན་དེའི་ལུགས་གསོད་བྱེད་དུ་སྨྲས་པར་ཟད་དེ། ཇི་སྐད་དུ། དབུ་ཚད་གྲུབ་མཐའི་རྣམ་དབྱེ་ནི། །གུས་པས་ཁྱེད་ལ་ཞུའོ་སྐད། །འདི་དོན་སྨྲ་བ་མང་ན་ཡང༌། །འཇམ་པའི་དབྱངས་ཀྱིས་རྗེས་བཟུང་བས། །དོན་བཞིན་རྟོགས་པ་ཁོ་བོ་ཙམ། །ཐ་སྙད་དུ་ནི་མི་བསླུ་བར། །འདོད་པ་དེ་ནི་ཚད་མའི་ལུགས། །རང་རྒྱུད་དེ་དང་ཆ་མཐུན་ལ། །ཐལ་འགྱུར་བ་དག་ཐ་སྙད་དུ། །བདེན་པ་མི་འདོད་མདོར་བསྡུས་པའོ། །ཞེས་འབྱུང་བའི་ཚིགས་བཅད་དེར་ནི་དབུ་ཚད་ཀྱི་ཁྱད་པར་ལས། ཐལ་རང་གི་ཁྱད་པར་མི་གསལ་བའི་ཕྱིར་དང༌། ཚད་མ་དང་རང་རྒྱུད་གྲུབ་མཐའ་མཐུན་ཅེས་གསུངས་པའི་དོན་ཐ་སྙད་དུ་མི་བསླུ་བའི་དངོས་པོ་ཚད་མས་གྲུབ་པར་ཡོད་པར་མཐུན་ཅེས་པ་(༡༦༢ན)


K800_Page_334
[མ་དཔེ་གཟིགས་ན་འདིར་གནོན།]

ས་པཎ་དགོངས་པར་འཆད་པ་ནའང་མི་རུང་བའི་ཕྱིར་ཏེ། བྱེ་མདོའི་ཚད་མ་བ་དག་དོན་དམ་པར་མི་བསླུ་བའི་དངོས་པོ་ཚད་མས་གྲུབ་པར་འདོད་ཀྱི། དོན་བྱེད་ནུས་པ་མ་ཡིན་པའི་ཐ་སྙད་ཙམ་གྱིས་བཏགས་པའི་ཆོས་ལ་བསླུ་མེད་ཁས་མི་ལེན་པའི་ཕྱིར་ཏེ། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ། ཞེས་འབྱུང་བའི་ཕྱིར་དང༌། རང་རྒྱུད་པས་ནི་དོན་དམ་དུ་གྲུབ་པའི་དངོས་པོ་མི་བསླུ་བར་ཚད་གྲུབ་འདོད་པ་ལྟ་ག་ལ་ཞིག་དེ་དགག་བྱའི་གཙོ་བོར་བྱས་ནས་དགག་པའི་ཕྱིར། ཁྱེད་ཅག་ཆོས་རྗེ་ས་པཎ་གྱི་ལུང་དེ་ས་སྐྱ་པའི་བསྟན་པ་ལ་ཕན་ངོ་ཤེས་པའི་འཁྲུལ་བ་མེད་པ་ཞིག་བརྗོད་རྒྱུ་ཡོད་ན་རུང་གི། དེ་ལྟར་མིན་པའི་ས་སྐྱ་པ་རང་གི་ལུང་རིགས་གང་གིས་ཀྱང་གསུང་རབ་དང་མཐུན་པར་བསྒྲུབ་མི་ནུས་པ་ཞིག་ས་སྐྱ་པའི་ལུགས་སུ་སྨྲས་ཏེ་ངལ་བ་ཆེན་པོ་བྱེད་པ་ནི་ཚེ་བསོད་ནམས་ལ་གཟན་ཆེས་ཆེ་བ་ཡིན་ནོ། །གཉིས་པ་ནི། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །བདེན་པ་དང་པོ་བརྗོད་ནས་གཉིས་པ་བསྟན་པར་བཞེད་པ་ལ། དེ་ནི་ཡིད་དང་སྒྲའི་དངོས་ཡུལ་མིན་པའི་ཕྱིར། སྐྱེ་བོ་རྣམས་ལ་མཐུན་པར་མྱོང་བའི་དཔེས་བསྟན་པ་ནི། རབ་རིབ་ཅན་གྱིས་རབ་རིབ་མཐུ་ཡིས་བཟའ་བཏུང་སྐྲ་ཤད་ལ་སོགས་པའི་ངོ་བོ་ལོག་པ་གང་ཞིག་ཡོད་པར་རྣམ་པར་བརྟགས་ནས། དེ་སེལ་བར་འདོད་ནས་སྣོད་དེ་འགྲེ་ལྡོག་བྱེད་པར་ཆེར་ངལ་བ་ན། མིག་དག་པས་དེའི་གན་དུ་ཕྱིན་ནས་སྣོད་དེར་ཁྱད་གཞི་སྐྲ་ཤད་ཉིད་མ་དམིགས་ན་དེའི་ཁྱད་ཆོས་དངོས་པོ་དངོས་མེད་སྐྲ་ཤད་ཡིན་མིན་དེའི་མདོག་མཐོན་ཀ་ལྟར་སྔོ་མི་སྔོར་མི་རྟོག་གོ། །དེས་ན་མིག་མ་དག་པ་ལ་མིག་དག་པས་སྣོད་འདིར་སྐྲ་ཤད་ཡོད་པ་(༡༦༢བ)


K800_Page_335
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ་ཞེས་སྨྲས་པས་སྨྲ་པོ་ལ་སྐུར་འདེབས་ཀྱི་ཉེས་པ་ཡོད་པ་མ་ཡིན་ནོ། །སྐྲ་ཤད་སོགས་ཀྱི་དེ་ཉིད་ནི་སྣོད་གང་དུ་བདག་ཉིད་མིག་དག་པ་གང་གིས་མཐོང་བ་དེ་དེའི་དེ་ཉིད་ཡིན་གྱི། མ་དག་པས་མཐོང་བ་ནི་དེའི་དེ་ཉིད་མིན་པ་དེ་བཞིན་བདེན་གཉིས་ལ་དཔྱོད་པའི་སྐབས་འདིར་ཡང་མ་རིག་པས་དེ་ཉིད་མ་མཐོང་བས་ཕུང་སོགས་དམིགས་པ་ནི་ཀུན་རྫོབ་བོ། །མ་རིག་པའི་རབ་རིབ་དང་བྲལ་བའི་རྫོགས་སངས་ཀྱི་སྐྲ་ཤད་ལྟ་བུའི་ཕུང་སོགས་གཟིགས་པ་མེད་པར་དེའི་རང་བཞིན་མཐོང་བ་ནི་དོན་དམ་བདེན་པར་ཤེས་པ་གྱིས་ཤིག དེའི་ཕྱིར་སངས་རྒྱས་ཀྱི་སར་མ་རིག་པ་གཉིས་ཀྱིས་བསླད་པ་གཏན་ལོག་པས་ཀུན་རྫོབ་ཀྱི་སྣང་བ་མི་འཆར་བ་ནི་ཐལ་འགྱུར་བའི་ལུགས་ཐུན་མོང་མ་ཡིན་པའོ། །འོ་ན་རྫོགས་སངས་ཀྱིས་སྐྲ་ཤད་ལྟ་བུའི་ཕུང་སོགས་གཟིགས་པ་མིན་ནམ་ཞེ་ན། སྤྲོས་པ་ཅི་ཡང་མ་གཟིགས་པ་ལ་དེའི་གནས་ཚུལ་གཟིགས་པར་བརྗོད་དེ། གང་ནམ་མཁའ་ལ་ཡི་གེ་འགོད་པར་ནུས་མི་ནུས་དོགས་པ་ལ་འགོད་པར་ནུས་པར་མ་མཐོང་བས་འགོད་པར་མི་ནུས་པར་ཁོང་དུ་ཆུད་པར་མཐོང་བ་ལྟ་བུའི་ཕྱིར། འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས། ཇི་སྐད་དུ། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི། དེ་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་བདེན་པ་ཉིད་དུ་འགྱུར་རོ། ། འོན་ཀྱང་ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་བྱེ་བྲག་མེད་པ་མ་སྐྱེས་པ་མ་འགགས་པ་སྨྲ་བར་བྱ་བ་དང་སྨྲ་བ་དང་ཤེས་པར་བྱ་བ་དང་ཤེས་པ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་(༡༦༣ན)


K800_Page_336
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། དེ་ལྟར་དོན་དམ་བདེན་པའོ་ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ནི་བརྫུན་པ་བསླུ་བའི་ཆོས་སོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་བསྟན་པར་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོན་པ་དང་ཅི་སྟོན་པ་དང་གང་ལས་སྟོན་པའི་ཆོས་དེ་དག་ཐམས་ཅད་ནི་དོན་དམ་པར་ནི་རབ་ཏུ་མ་སྐྱེས་པའོ། །རབ་ཏུ་མ་སྐྱེས་པའི་ཆོས་རྣམས་ཀྱིས་ནི་རབ་ཏུ་མ་སྐྱེས་པའི་ཆོས་རྣམས་བཤད་པར་མི་ནུས་སོ། །ཞེས་རྒྱ་ཆེར་གསུངས་སོ། །དེས་ན་དེ་ཁོ་ན་ཉིད་ལ་དེའི་ཡུལ་ཅན་དངོས་པོ་དང༌། དངོས་པོ་མེད་པ་དང༌། རང་གི་དངོས་པོ་དང༌། གཞན་གྱི་དངོས་པོ་དང༌། བདེན་པ་དང༌། བདེན་པ་མ་ཡིན་པ་དང༌། རྟག་པ་དང༌། ཆད་པ་དང༌། རྟག་པ་དང༌། མི་རྟག་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། གཙང་བ་དང༌། མི་གཙང་བ་དང༌། བདག་དང༌། བདག་མེད་པ་དང༌། སྟོང་པ་དང༌། མི་སྟོང་པ་དང༌། མཚན་ཉིད་དང༌། མཚན་གཞི་དང༌། གཅིག་ཉིད་དང༌། གཞན་ཉིད་དང༌། སྐྱེ་བ་དང༌། འགག་པ་ལ་སོགས་པའི་ཁྱད་པར་དག་སྲིད་པ་མ་ཡིན་ཏེ། དེ་རང་གི་ངོ་བོ་མ་དམིགས་པའི་ཕྱིར། དེས་ན་དེ་ཉིད་བསམ་པ་ལ་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི། འཕགས་པ་མ་ཡིན་པ་དག་མ་ཡིན་ནོ། །དེ་ལྟར་རྒྱས་པར་སྨོས་པ་དེས་ནི་དོན་དམ་བློའི་ཡུལ་མིན་པ་དང༌། བློ་དང་ཡིད་དང་སེམས་དང་སེམས་ལས་བྱུང་བའི་འདུ་བྱེད་རྣམ་རིག་ཐམས་ཅད་དོན་དམ་པ་ལ་འཇུག་པ་ན་ཉེ་བར་ཞི་བ་ལས་སྐད་ཅིག་གི་རྒྱུ་བ་ཙམ་ཡང་བཟོད་པ་མ་ཡིན་ཏེ། ཇི་སྐད་དུ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །(༡༦༣བ)


K800_Page_337
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོ། །ཚུལ་འདི་ནི་མདོ་སྔགས་ཀྱི་ངེས་དོན་མཐའ་དག་གི་སྲོག་གནད་ཕུལ་དུ་དབྱུང་དུ་མེད་པར་དགོངས་ཏེ། རྗེ་བཙུན་ས་ར་ཧ་དང་དཔལ་ལྡན་ཤ་ཝ་རི་དབང་ཕྱུག་ནས་རྗེ་བཙུན་མར་པ་མི་ལ་སོགས་ལས་ཉེ་བར་བརྒྱུད་པའི་ཡིད་ལ་མི་བྱེད་པ་བློ་འདས་ཕྱག་རྒྱ་ཆེན་པོའི་ཆོས་ཚུལ་ཞེས་འབྱུང་བ་དེ་ཉིད་ཡིན་ལ། ཕྱིས་ཀྱི་དུས་ཆོས་ཚུལ་འདི་ཆེས་ཆེར་གསལ་བར་བྱེད་པ་ནི་སྤྱན་རས་གཟིགས་མི་ཏྲ་ཛོ་ཀིས་ཁྲོ་ཕུ་ལོ་ཙཱ་བ་ལ་གདམས་པའི་མདོ་སྔགས་ཀྱི་ངེས་དོན་ཡིད་ལ་མི་བྱེད་པ་ཕྱག་རྒྱ་ཆེན་པོའི་གདམས་སྐོར་མཐའ་ཡས་པ་འབྱུང་བའི་ལུགས་འདི་ལ་དེང་སང་སྐྱེ་བོ་མང་པོ་ཁ་མཐུན་པ་རྒྱ་ནག་ཧྭ་ཤང་གི་ལུགས་ཡིན་ནོ། །ཞེས་སྨྲ་བ་དེ་ལ་ནི་ཁོང་པར་སྙིང་དང༌། དཔྲལ་བར་མིག་དང༌། དྲན་པ་སོ་ན་གནས་པ་ཞིག་ཇི་ལྟར་ཡོད། གཉིས་པ་ལ། འཇིག་རྟེན་ཚད་མ་མིན་པའི་རྒྱུ་མཚན། དེས་ན་དེ་ཉིད་ལ་འཇིག་རྟེན་གྱིས་མི་གནོད། ཞར་ལ་འཇིག་རྟེན་གྱིས་གནོད་པའི་ཡུལ་བསྟན་པའོ། །དང་པོ་ནི། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །གལ་ཏེ་དེ་ཉིད་དཔྱོད་པའི་སྐབས་འདིར་འཇིག་རྟེན་གྱི་མཐོང་བ་ཚད་མ་ཡིན་ན་ནི་ཆོས་ཅན། དེ་ཉིད་སྟོན་པའི་འཕགས་པ་གཞན་གྱིས་མཁྱེན་པ་ཅི་ཞིག་དགོས་ཏེ་མི་དགོས་པར་ཐལ། འཇིག་རྟེན་པས་དངོས་པོའི་དེ་ཉིད་ཚད་མས་གྲུབ་པར་མཐོང་བས་མ་རིགས་པ་སྤོང་བར་བྱེད་པའི་ཕྱིར། འདི་ལ་འདོད་ལན་འདེབས་པའི་དབུ་མ་པ་ནི་མ་བྱུང་ལ། རྟགས་ཁྱབ་འགོད་ཚུལ་ལ་རི་བོ་དགེ་ལྡན་པ་དག་འཇིག་རྟེན་པས་དངོས་པོའི་དེ་ཉིད་ཚད་གྲུབ་ཏུ་མཐོང་བ་ཞེས་པ་ནི་ཀུན་རྫོབ་ཏུ་དོན་བྱེད་པའི་དངོས་པོའི་དེ་ཉིད་ཐ་སྙད་ཚད་མས་གྲུབ་པར་མཐོང་བ་ཚད་མ་ཡིན་ན་ཞེས་འགོད་པ་མིན་གྱི། འཇིག་རྟེན་པས་རྟགས་ཀྱི་དགག་བྱའི་བདེན་སྣང་འཇིག་རྟེན་པའི་ཚད་མས་གྲུབ་པར་(༡༦༤ན)


K800_Page_338
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་དེ་ཚད་མ་ཡིན་ན་ཞེས་འགོད་རྒྱུ་ཡིན་ལ། དེས་ན་བདེན་སྣང་ལ་ཡང་ཀུན་རྫོབ་ཀྱི་ཆོས་ལ་འཁྲུལ་པའི་ཞེན་ཡུལ་གྱི་བདེན་སྣང་དང༌། མ་འཁྲུལ་པའི་དངོས་པོ་དོན་བྱེད་ནུས་ཙམ་དུ་བདེན་པའི་བདེན་སྣང་གཉིས་ལས། སྔ་མ་ནི་སྤང་བྱ་དང༌། ཕྱི་མ་ནི་བླང་དོར་གྱི་རྟེན་དུ་བསྒྲུབ་བྱ་ཡང་དག་པའོ། །དེས་ན་རྟགས་འགོད་ཚུལ་ངེད་ཀྱི་འདི་ལྟར་ན་རྟགས་ཁྱབ་འགྲུབ་ཀྱི། དེ་ལྟར་མིན་པར་སྔ་རབས་པ་དག་གི་རྟགས་འགོད་ལུགས་དེ་ལྟར་ན། སྦྱོར་བ་དེའི་རྟགས་ཁྱབ་མི་འགྲུབ་བོ་ཞེས་རྗེས་འབྲངས་རྣམས་ཀྱིས་ཞིབ་ཆ་དུ་མས་ལེགས་པར་བརྒྱན་ཏེ་བཤད་ནས་ཚུལ་འདི་ནི་དབུ་མ་ཐལ་འགྱུར་བའི་ལུགས་དང༌། རྗེ་བཙུན་འཇམ་པའི་དཔལ་གྱི་གསུང་གི་འདུད་རྩི་དྲོན་མོའོ་ཞེས་སྨྲ་མོད། དེ་ནི་ཁོ་བོའི་གློ་བར་རབ་ཏུ་མི་འཇེན་ཏེ། དེ་ལྟར་ན་ཀུན་རྫོབ་བདེན་པ་ལ་འཇིག་རྟེན་པའི་བློས་ཚད་མར་སོང་བའི་ཐ་སྙད་ཚད་གྲུབ་ཏུ་བདེན་པའི་བདེན་སྣང་དང༌། འཁྲུལ་པའི་ཞེན་ཡུལ་དུ་བདེན་པའི་བདེན་སྣང་གི་བདེན་པ་གཉིས་ཡོད་པ་དང༌། དེ་ལས་ལྡོག་པ་ཐ་དད་པའི་དོན་དམ་བདེན་པ་དང་བཅས་པའི་བདེན་པ་གསུམ་ཡོད་པའི་ཕྱིར། སློབ་དཔོན་ཟླ་བས་འཇིག་རྟེན་རྗེས་བརྗོད་དུ་བདེན་གཉིས་དབྱེ་བ་བྱས་པ་ན། དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། ཞེས་མི་འབྱུང་བར། དངོས་རྙེད་ངོ་བོ་གསུམ་ནི་འཛིན་པར་འགྱུར། ཞེས་དང༌། རྩ་འགྲེལ་དེ་དག་ཏུ་བདེན་པ་གསུམ་གྱི་རྣམ་གཞག་འབྱུང་རིགས་པར་འགྱུར་རོ། །གཞན་ཡང་འདིར་འགྱུར་ཏེ། འཇིག་རྟེན་ཚད་མ་ཡིན་ན་ནི་ཞེས་པའི་འཇིག་རྟེན་ཚད་མ་དེ་ཕྱི་དང་ནང་གི་སྐྱེ་མཆེད་བཅུ་གཉིས་འཕྲལ་གྱི་འཁྲུལ་རྒྱུས་གནོད་མེད་དུ་བྱས་པ་འདི་ལས་གཞན་པའི་འཇིག་རྟེན་(༡༦༤བ)


K800_Page_339
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་ཁྱེད་ཀྱིས་བཏགས་པའི་རྟགས་ཀྱི་དགག་བྱ་འཛིན་པའི་འཇིག་རྟེན་ལ་བྱེད་རིགས་ལ། དེ་ལྟར་ན་དེ་འདྲའི་འཇིག་རྟེན་ཚད་མ་ནི་འཇིག་རྟེན་ན་མ་གྲགས་པའི་ཕྱིར་ཏེ། ཡུལ་རང་ངོས་ནས་སྡོད་ལུགས་སུ་གྲུབ་པ་འཇིག་རྟེན་ན་མ་གྲུབ་ན་དེ་འཛིན་གྱི་ཚད་མ་འཇིག་རྟེན་ན་འགའ་ཡང་མི་འགྲུབ་པའི་ཕྱིར། ཁྱད་པར་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་པའི་དངོས་པོ་ཡོད་ཙམ་གྱི་དོན་ཅན་དུ་རློམ་པ་གཞིར་བྱས་ལ། འཇིག་རྟེན་ན་ཡང་དག་མིན་རྟོག་གི་དབང་ཡིད་ཀྱི་ཤེས་པ་ཚད་མར་གྲགས་པས་བདེན་རྫུན་དུ་ཕྱེས་པ་དེ་ཐམས་ཅད་གནས་ལུགས་སེམས་པའི་སྐབས་འདིར་ཚད་མ་མ་ཡིན་པར་གསུངས་པ་ལས། ཀུན་རྫོབ་ཀྱི་དངོས་པོ་ཡོད་པའི་དོན་ཅན་ལ་འཇིག་རྟེན་གྱི་བློ་ཚད་མ་ཡིན་མིན་གཉིས་སུ་འབྱེད་པའི་རྣམ་གཞག་ཚིག་འབྲུ་གཅིག་ཙམ་ཡང་མ་གསུངས་ཏེ། གསུངས་ན་དེའི་དགོངས་པ་སྐོང་བའི་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་རྗེས་འབྲངས་དང་བཅས་པས་དེ་ལྟར་གསུངས་རིགས་པ་ལས་མ་གསུངས་པའི་ཕྱིར་ཏེ། ཁྱོད་ཀྱིས་དེ་དག་གིས་དེ་ལྟར་གསུངས་སོ་ཞེས་ཚིག་གསལ་ཁ་ཡོད་པའི་ཤློ་ཀ་གཅིག་ཙམ་ཡང་འཐད་པ་འདྲེན་རྒྱུ་མ་རྙེད་པའི་ཕྱིར་ཟབ་ཆོས་དེའི་ལུང་རྒྱབ་ཏུ་འཇམ་དབྱངས་ཁོ་ནའི་གསུང་ལས་གཞན་འདྲེན་བྱར་མ་བྱུང་ངོ༌། །དེས་ན་ལང་གཤེགས་ལས། དངོས་པོ་ཐམས་ཅད་ཡོད་པར་ནི། །ཇི་ལྟར་བྱིས་པས་རྣམ་བརྟགས་བཞིན། །དེས་དེ་མཐོང་ཞིང་དེ་ཡོད་ན། །ཐམས་ཅད་ཡང་དག་མཐོང་བར་འགྱུར། །ཞེས་དང༌། རིགས་པ་དྲུག་ཅུ་པ་ལས། ཇི་ལྟར་བྱིས་པས་རྣམ་བརྟགས་བཞིན། །དངོས་པོ་གལ་ཏེ་བདེན་གྱུར་ན། །དེ་དངོས་མེད་པར་རྣམ་ཐར་དུ། །གང་གིས་མི་འདོད་རྒྱུ་ཅི་ཞིག །(༡༦༥ན)


K800_Page_340
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་འབྱུང་ངོ༌། །ཡང་འཇིག་རྟེན་གྱི་ཚད་མས་དེ་ཉིད་མཐོང་ཡང་ད་དུང་ཐབས་ཀྱི་ཆར་གྱུར་པའི་ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པའི་འཕགས་ལམ་ལ་བརྟེན་པས་ཅི་སྟོ་སྙམ་ན། དེ་ལྟར་ན་འཕགས་པའི་ལམ་ཐོས་སོགས་ཀྱིས་ཅི་ཞིག་བྱ་སྟེ། དེར་བསྒྲིམས་པས་འབྲས་བུ་དོན་ཡོད་པ་མ་ཡིན་པར་ཐལ། འཇིག་རྟེན་གྱི་མིག་སོགས་ཚད་མས་དེ་ཉིད་རྟོགས་པ་གང་ཞིག དེ་ལྟར་རྟོགས་ན་གྲོལ་བ་ལ་དེ་ཉིད་ཀྱིས་ཆོག་པས་འཕགས་ལམ་གཞན་ཀུན་མི་དགོས་པའི་ཕྱིར། ཡང་འཇིག་རྟེན་པའི་ཚད་མས་དེ་ཉིད་མཐོང་ཡང་མ་རིག་མ་སྤངས་པས་འཕགས་པར་མ་གྱུར་ཏོ་ཞེས་དོགས་ན། འོ་ན་མ་རིག་པས་བླུན་པོར་གྱུར་པའི་བློ་ཚད་མ་རིགས་པའང་མ་ཡིན་ནོ་སྟེ། ཡུལ་གང་ལ་ཡུལ་ཅན་གང་མ་རྟོགས་པ་དེ་ཚད་མ་མ་ཡིན་པའི་ཕྱིར། ནོར་བུ་མཁན་པོ་མིན་པས་ནོར་བུ་མི་ཤེས་པ་བཞིན་ནོ། །དེས་ན་ཏིང་རྒྱལ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །གང་ཕྱིར་དབང་པོ་འདི་དག་ཚད་མིན་ཏེ། །ངོ་བོ་ཉིད་ཀྱི་བེམ་པོ་ལུང་མ་བསྟན། །དེ་ཕྱིར་མྱ་ངན་འདས་པའི་ལམ་འདོད་གང༌། །དེས་ནི་འཕགས་པའི་ལམ་གྱི་བྱ་བ་བྱོས། །ཞེས་འབྱུང་ངོ༌། །ཁ་ཅིག་ལུང་འདིས་འཇིག་རྟེན་པའི་དབང་པོ་ཚད་མ་མ་ཡིན་པར་བསྟན་གྱི། དབང་ཤེས་ཚད་མ་མིན་པ་བསྟན་པའི་ལུང་མ་ཡིན་ཏེ། འདིར་བེམ་པོ་དང་ཚད་མའི་གཞི་མཐུན་བཀར་ནས་མི་འགྲུབ་པར་བསྟན་པའི་ཕྱིར་སྙམ་ན། མ་གོ་བ་ཡིན་ཏེ། འོ་ན་དེར་སེམས་ཀྱང་ཚད་མ་མིན་ཏེ། བེམ་པོ་ལུང་མ་བསྟན་གྱི་ཕྱིར་ཞེས་སྒྲས་ཟིན་ལ་བཤད་གདའ་བས་(༡༦༥བ)


K800_Page_341
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ལྟར་ན་ལུང་དེས་སེམས་བེམ་པོར་གསུངས་པའི་སྐྱོན་ཡང་ཡོད་དོ། །ཁོ་བོ་ཅག་ཁྱོད་ཀྱིས་ལོག་པར་ཞེན་པ་དེ་ལྟར་དགོངས་པ་མི་ལེན་ཏེ། འཇིག་རྟེན་པའི་མིག་སོགས་ཀྱི་ཤེས་པ་ཚད་མར་གྲགས་པ་དེའང་ཡུལ་གཟུགས་དང་བདག་རྐྱེན་དབང་པོ་ལས་སྐྱེ་བར་གྲགས་ན་དེ་དག་ནི་ངོ་བོ་ཉིད་ཀྱིས་ལུང་དུ་མ་བསྟན་པ་ཡིན་ན་དེ་རྒྱུར་བྱས་ཀྱི་ཤེས་པ་ཚད་མ་ངོ་བོ་ཉིད་ཀྱི་དགེ་མི་དགེའི་འབྲས་བུ་ཅན་དུ་ག་ལ་རིགས་ཏེ། རྒྱུ་ཁེགས་ན་འབྲས་བུ་མི་འབྱུང་བའི་ཕྱིར་ཞེས་དགོངས་སོ། །ངག་དོན། ཤར་ཙོང་ཁ་པ་ཆེན་པོ་རྗེས་འབྲངས་དང་བཅས་པ་དང༌། དེའི་ཕྱོགས་སུ་བསླན་པའི་ཕྱིས་ཀྱི་ཐལ་འགྱུར་སྨྲ་བ་ཕལ་མོ་ཆེ་དང༌། འདི་ལྟར་ཐ་སྙད་དུ་ཡོད་པས་ཡོད་པའི་གོ་ཆོད་ཟེར་བ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་འགག་སོགས་མཐའ་བརྒྱད་དང་བྲལ་བ་མ་ཡིན་པར་འདོད་པ་དང༌། ཆོས་ཐམས་ཅད་ཀུན་རྫོབ་ཏུ་སྤྲོས་པ་དང་བཅས་པས་སྤྲོས་བཅས་ཀྱི་གོ་ཆོད་ཅིང༌། དོན་དམ་པར་སྤྲོས་དང་བྲལ་བས་སྤྲོས་བྲལ་གྱི་གོ་མི་ཆོད་དོ་ཟེར་བ་དང༌། བདེན་གཉིས་དང་སྟོང་མི་སྟོང་དང་འདུས་བྱས་མ་བྱས་ཆོས་ཅན་ཆོས་ཉིད་སོགས་གཉིས་ཀྱི་ཆོས་ཐམས་ཅད་ཐ་དད་དུ་དོན་ལ་གནས་པ་དང༌། དེ་ལྟར་གནས་པ་དེ་སྤྲོས་མཐར་འགྱུར་བའི་ཆེད་དུ་བློས་བརྟགས་ངོ་ན་བདེན་གཉིས་ཀྱི་ཆོས་ཐམས་ཅད་རིགས་ཤེས་དང་ཐ་སྙད་པའི་ཚད་མས་གྲུབ་པ་ལྟར་མི་བསླུ་བར་བདེན་པའི་དོན་ཅན་དུ་གྲུབ་བོ་ཞེས་སྐལ་དམན་ཚིག་ལ་རྟོན་པ་དག་བརྟགས་དོན་ཞེས་པའི་སྒྲས་བློ་ཆུང་འཁྲུལ་པ་སྐྱེད་པར་བྱེད་པ་དང༌། གཉིས་ཆོས་དེ་དག་མཉམ་ཉིད་དུ་བཤད་པ་སོགས་དོན་ལ་མི་གནས་པས་དེ་ལྟར་བཤད་པ་དེ་ཡུལ་རང་ངོས་ནས་བདེན་གྲུབ་པས་སྟོང་པར་མཉམ་པར་འཆད་དགོས་ཞེས་སླར་ལྷན་(༡༦༦ན)


K800_Page_342
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཏབ་ནས་སྨྲ་བ་དང༌། དྲང་བའི་དོན་གྱི་གསུང་རབ་རྣམས་སྒྲ་ཇི་བཞིན་དུ་རང་ལུགས་ལ་བཟུང་ནས་ཁས་ལེན་ཅིང༌། དེ་དང་མི་མཐུན་པའི་ངེས་དོན་གྱི་གསུང་རབ་ཐམས་ཅད་དུ་བདེན་པར་གྲུབ་མ་གྲུབ་དང་སྟོང་པ་ཉིད་དང༌། དེའི་ཟློག་ཕྱོགས་སོགས་ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་ཞིང༌། བདག་གི་ངོ་བོ་མ་མཆིས་པར་གསུངས་སོ་འཚལ་ཏོ་ཅོག་དྲང་དོན་སྒྲ་ཇི་བཞིན་མིན་པར་སྨྲས་ནས་སྟོང་པ་ཉིད་སྟོང་ཉིད་དུ་སྨྲ་ན་མི་སྟོང་པར་འགྱུར་རོ་ཞེས་དོགས་ནས། མདོར་ན་བཅོམ་ལྡན་འདས་ཀྱི་ཤེས་བྱའི་ཆོས་ཐམས་ཅད་ལས་བརྩམས་ནས་སྟོང་ཉིད་ཉི་ཤུ་དང་བཅུ་དྲུག་སོགས་ཁྱབ་པའི་སྟོང་པ་ཉིད་ལེགས་པར་བཀའ་བསྩལ་པ་དེ་ཐམས་ཅད་ལ་ལ་ཁས་ལེན་ལ། ལ་ལ་མི་ལེན་ཏེ། བླངས་ན་སྟོན་པ་ཉིད་ལ་ནོངས་པར་འགྱུར་རོ་ཞེས་བདེ་བར་གཤེགས་པའི་བཀའ་ལ་གཟུ་ལུམས་རས་ཆོད་དུ་བྱེད་པ་དང༌། མདོར་ན་ཆོས་འདི་པར་སྨྲ་ན་བསྟན་པ་ལས་མི་འདའ་བའི་ཕྱག་རྒྱ་གསུམ་མམ་བཞི་ཁས་ལེན་དགོས་པ་ལས། ལུགས་འདི་པས་ནི་ཐེག་པ་ཆེ་ཆུང་གྲུབ་མཐའ་སྨྲ་བ་བཞི་གང་གི་རྗེས་སུ་འབྲངས་ཀྱང་བླའི། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ལས་བཟློག་ནས་སྨྲ་བར་བྱེད་དེ། འཇིག་རྟེན་གྱི་བློ་ལྷན་སྐྱེས་ལ་གང་ཟག་དང་ཆོས་རང་རང་གི་ཤེས་ངོར་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ཚད་མས་གྲུབ་པའི་བདག་ཉིད་དུ་ཡོད་པ་དང༌། བདེན་པ་དེ་བདེན་གཉིས་གང་གི་སྐབས་སུའང་བདག་བདེན་དུ་མེད་པར་མི་བསྒྲུབ་པར་བདག་བདེན་དུ་མེད་པ་དང༌། སྟོང་ཉིད་དུ་བསྒྲུབ་པར་བྱ་བའི་ཆོས་ཤིག་སླར་ཤེས་བྱར་མེད་ཀྱང་ཡོད་པ་སྐད་དུ་འཚོལ་ཞིང་འཚོལ་ཡང་རྙེད་མི་སྲིད་པ་དེ་སྟོང་ཉིད་ཀྱི་དོན་ཡིན་ལ། སྟོང་ཉིད་སྤྲོས་(༡༦༦བ)


K800_Page_343
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་དེའང་ཡུལ་རང་ངོས་ནས་སྡོད་གྲུབ་ཀྱི་བདེན་པར་མ་གྲུབ་པས་བདེན་མེད་ཡིན་ཀྱང་སྟོང་པ་ཉིད་སྟོང་ཉིད་དུ་གཞི་གྲུབ་ཅིང༌། སྟོང་པ་ཉིད་དང་བདེན་མེད་པ་དང་དེར་བདེན་པ་དང༌། བདེན་མེད་བདེན་མེད་དུ་བདེན་པར་ཡོད་པས་བདེན་གྲུབ་བདེན་པ་གཉིས་ཀར་གྲུབ་པ་འགོག་གོ་ཞེས་ཚིག་གི་ཟོལ་གྱིས་ཟབ་མོ་སྟོང་པ་ཉིད་ལ་མོས་དགེ་ཕུན་སུམ་ཚོགས་པ་ཡོད་པ་ཐམས་ཅད་ལ་རྟོག་གེའི་ཚིག་སྙིང་པོ་མེད་པས་འབྲིད་ཅིང༌། བསླུ་ཆེད་དུ་ཆོས་ཚུལ་འདི་ནི་ཆེས་བསགས་པ་ཅན་མ་ཡིན་པས་རྟོགས་པར་མི་ནུས་སོ་ཞེས་འདོན་པར་བྱེད་དོ། ། འདོན་པ་འདི་ནི་ཐར་འདོད་དག་ལ་འཆི་ལྟས་གྱི་སྒྲ་ལྟར་བས་པས་དེའི་ཆེད་དུ་བརྗོད་ན། ལུགས་དེ་ལྟར་ན་དེས་ཇི་ལྟར་སྨྲས་ཀྱང་དེའི་ཞེན་དོན་དང་དེས་སྒྲས་ཟིན་བརྗོད་པའི་ཟོལ་ཚིག་རྣམས་གུང་བསྟུན་པའི་བསམ་པ་བསླངས་ན་འདིར་འགྱུར་ཏེ། དེ་ཁོ་ན་ཉིད་མ་མཐོང་བའི་འཇིག་རྟེན་གྱི་མཐོང་བའམ་བརྟགས་པ་ཁོ་ན་ཚད་མར་འགྱུར་ཞིང༌། འཕགས་པ་རྣམས་དེ་ལས་བཟློག་པ་དང༌། བྱིས་པས་དེ་ཉིད་མཐོང་ཞིང་འཕགས་པས་དེ་ཉིད་མ་གཟིགས་པར་འགྱུར་བ་དང༌། རྣམ་ཤེས་རྣམས་ཡུལ་གྱི་གནས་ལུགས་ལ་ཞུགས་པས་མ་འཁྲུལ་པ་དང༌། འཕགས་པའི་མཉམ་གཞག་ཡེ་ཤེས་རྣམས་འཁྲུལ་པ་དང༌། རིགས་པས་མ་དཔྱད་པར་ཡོད་པ་དང༌། ཀུན་རྫོབ་ཏུ་ཡོད་པ་དང༌། ཐ་སྙད་དུ་ཡོད་པ་དང༌། བཏགས་པར་ཡོད་པ་དང༌། བརྫུན་པར་ཡོད་པ་དང༌། བསླུ་བར་ཡོད་པ་དང༌། འཁྲུལ་ངོར་ཡོད་པ་དང༌། མ་བརྟགས་པར་ཡོད་པ་དང༌། བྱིས་པའི་ངོར་ཡོད་པ་སོགས་དོན་ལ་གནས་པར་འགྱུར་ཞིང༌། དེ་དག་གི་བཟློག་ཟླ་རྣམས་དོན་ལ་མི་གནས་པར་འགྱུར་བ་དང་(༡༦༧ན)


K800_Page_344
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་ཆུ་ཟླ་དང་གཟུགས་བརྙན་དང་མིག་ཡོར་དང་བྲག་ཆ་དང་སྨིག་རྒྱུའི་ཆུ་དང་ཆུ་བུར་དང་ཆུ་ཤིང་དང་དབུ་བརྡོས་པ་ལྟ་བུ་དང་གློག་དང་སྤྲིན་དང་འཇའ་ཚོན་དང་དྲི་ཟའི་གྲོང་ཁྱེར་དང་སྐྲ་ཤད་དང་ཟླ་གཉིས་དང་སྤྲུལ་པ་ལ་སོགས་པ་བཞིན་སྣང་བ་ལྟར་མ་གྲུབ་པ་དང༌། ཡོད་པ་མ་ཡིན་པར་གསུངས་སོ་འཚལ་ཏོ་ཅོག་ཐམས་ཅད་སྣང་བ་ལྟར་གྲུབ་པ་དང་ཡོད་པ་མིན་ཅིང༌། སྐྱེ་འགག་དང་རྟག་ཆད་དང་གཅིག་དང་ཐ་དད་ལ་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་སྟོན་པ་ངེས་དོན་མ་ཡིན་པར་འགྱུར་ཞིང༌། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མེད་པ་དང་མ་སྐྱེས་པ་དང་མ་འགགས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་སོགས་གདོད་མ་ནས་སྤྲོས་པ་དང་མཚན་མ་ཐམས་ཅད་དང་བྲལ་བར་སྟོན་པའི་གསུང་རབས་གང་ཡིན་པ་ཐམས་ཅད་དྲང་དོན་དགོངས་པ་ཅན་ཡིན་པ་དང༌། དེ་དག་ལས་བཟློག་པ་རྟག་ཆད་དང་བདེན་རྫུན་སོགས་སྣ་ཚོགས་སུ་གསུངས་པ་ཐམས་ཅད་ངེས་དོན་སྒྲ་ཇི་བཞིན་དུ་འགྱུར་བ་དང༌། གཞན་གྲགས་ཙམ་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་མེད་དང་སྐྱེ་འགག་དང་འགྲོ་འོང་དང་རྟག་ཆད་དང་གཅིག་ཐ་དད་ལ་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དབུ་མ་པའི་གྲུབ་མཐའ་གང་ཡིན་ནོར་བ་དང༌། ཡོད་མེད་དང་རྟག་ཆད་སོགས་སུ་ལྟ་བའི་ཕྱི་ནང་གི་མུ་སྟེགས་པ་རྣམས་ཀྱི་གྲུབ་མཐའ་གང་ཡིན་མ་ནོར་བར་འགྱུར་བ་དང༌། འཁོར་འདས་དང་སྤང་གཉེན་དང་ཡོད་མེད་དུས་གསུམ་སོགས་ཆོས་ཐམས་ཅད་ཀྱི་ཆོས་ཅན་ཆོས་ཉིད་ལ་བྱེ་བྲག་ཅུང་ཟད་ཀྱང་མེད་པར་མཉམ་ཉིད་དུ་གཟིགས་(༡༦༧བ)


K800_Page_345
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་གྱི་ཡེ་ཤེས་འཁྲུལ་ལ། དེ་དག་ཐ་དད་དུ་འཛིན་པའི་མངོན་ཞེན་ཅན་རྣམས་ཀྱི་བློ་མ་འཁྲུལ་པར་འགྱུར་ཏེ། རྒྱུ་མཚན་རང་གི་འདོད་པ་ཉིད་རྟགས་སུ་སྦྱར་བ་ཉིད་ཀྱི་ཕྱིར། ཁྱད་པར་ཁྱེད་རང་ལུགས་ཀྱི་ཞིབ་ཆའི་དབང་དུ་བྱས་ནའང་འཕགས་པའི་མཉམ་གཞག་ཐམས་ཅད་འཁྲུལ་བར་འགྱུར་ཏེ། དེས་ཀུན་རྫོབ་བདེན་པའི་ཡོད་མེད་ཀྱི་དོན་ལ་ཚད་མས་མཉམ་པར་འཇོག་པ་ནི་ཚད་མ་དེས་དེའི་ཡོད་མེད་ལ་སོགས་གང་ཡང་མ་གཟིགས་ཤིང༌། ཚད་མས་བསལ་ཞིང་ཀུན་རྫོབ་ཀྱི་ཆོས་དེ་ཡོད་མེད་ལ་སོགས་སྤྱིར་ཚད་མས་གྲུབ་པར་ཡོད་པ་གང་ཞིག ཚད་གྲུབ་ཀྱི་ཆོས་དེ་ཚད་མས་མ་གྲུབ་པར་རྟོགས་སོ་ཞེས་རློམ་ན་ཡང་དེ་འཁྲུལ་ཤེས་ལས་འོས་མེད་པའི་ཕྱིར། ཞེས་པའི་རྟགས་ཕྱི་མ་ཁས་བླངས། རྟགས་སྔ་མ་མ་གྲུབ་སྟེ། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་དོན་དམ་བདེན་པའི་དོན་ལ་མཉམ་པར་གཞག་གི། ཀུན་རྫོབ་བདེན་པའི་དོན་ལ་མཉམ་པ་བཞག་ནས་ཀུན་རྫོབ་ཀྱི་བདེན་པའི་ཆོས་མ་གྲུབ་པར་ཚད་མས་བསལ་བ་མ་ཡིན་པའི་ཕྱིར་སྙམ་ན། འོ་ན་འཕགས་པའི་ཡེ་ཤེས་ཀྱིས་དོན་དམ་ལ་མཉམ་པར་བཞག་ངོར། ཀུན་རྫོབ་བསླུ་རྫུན་གྱི་བདེན་པ་དེའི་སྣང་བ་མི་ལྡོག་པར་ཐལ། དེའི་ཕྱིར་ཚད་མས་ནི་གྲུབ། མཉམ་གཞག་ཡེ་ཤེས་ཀྱིས་ནི་དེའི་ཚེ་དེ་ཚད་མས་མ་བསལ་བའི་ཕྱིར། ཡང་འཕགས་པའི་ཡེ་ཤེས་ཀྱིས་དོན་དམ་ལ་མཉམ་པར་བཞག་པ་ན། ཀུན་རྫོབ་ཀྱི་ཆོས་ལ་བརྟེན་ནས་མཉམ་གཞག་ལ་འཇུག་པར་བྱེད་མི་དགོས་པར་ཐལ། དེས་དེ་ལ་མཉམ་པར་བཞག་པའི་ཚེ་ཐ་སྙད་ཚད་གྲུབ་ཀྱི་ཀུན་རྫོབ་བདེན་པའི་རྟེན་ལ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱིས་མི་འཇུག་པར་ཀུན་རྫོབ་དེ་(༡༦༨ན)


K800_Page_346
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་གར་རས་སུ་བོར་ཏེ་བཞག་ནས་འཕགས་པའི་ཡེ་ཤེས་དེས་ཀུན་རྫོབ་དེའི་ཆོས་ཉིད་དོན་དམ་བདེན་པ་མེད་དགག་ལ་དམར་འཇུས་བྱས་ནས་མཉམ་པར་བཞག་པའི་ཕྱིར། འདོད་ན། འཕགས་པའི་ཡེ་ཤེས་ཀྱིས་ཀུན་རྫོབ་ཀྱི་ཆོས་ལ་འཁྲུལ་པའི་སྒྲོ་འདོགས་བསལ་ནས་མ་འཁྲུལ་པའི་དོན་དམ་བདེན་པ་ཁོང་དུ་ཆུད་པ་ཞིག་མི་སྲིད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཉོན་མོངས་པ་ལ་སོགས་སྤྲོས་པའི་འཆིང་བ་མཐའ་དག་བཟློག་མི་ནུས་པར་ཐལ། དེས་ཀུན་རྫོབ་པའི་ཆོས་ལ་འཁྲུལ་པའི་སྒྲོ་འདོགས་གང་ཡང་མ་བསལ་བའི་ཕྱིར། ཡང་མ་གྲུབ་བོ་སྙམ་ན་གྲུབ་པར་ཐལ། རིགས་ཤེས་ཚད་མ་དང་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ཚད་མ་དེ་དག་ཀུན་རྫོབ་ཀྱི་ཡོད་མེད་དགག་སྒྲུབ་བྱེད་པ་ལ་ཚད་མ་མ་ཡིན་ལ། དེ་དག་ནི་རྟགས་ཀྱི་དགག་བྱ་ཡོད་མེད་ལ་དགག་སྒྲུབ་ཏུ་འཇུག་པའི་ཚད་མ་ཡིན་པར་སྨྲས་པའི་ཕྱིར། ཁྱེད་ཀྱི་ལུགས་འདི་ལྟར་ན་འཕགས་པས་ཇི་ལྟ་བ་དོན་དམ་བདེན་པ་གཟིགས་ངོ་ན་དངོས་པོ་ཐམས་ཅད་ཀྱི་དེ་ཉིད་མ་གཟིགས་པར་འགྱུར་ཏེ། དེས་དང་པོར་ཀུན་རྫོབ་ཀྱི་དེ་ཉིད་མ་གཟིགས་པའི་ཕྱིར་ཏེ། དེ་གཟིགས་བྱེད་ཇི་སྙེད་མཁྱེན་བློ་ཐ་སྙད་ཚད་མ་ཡིན་པ་གང་ཞིག དེ་དོན་དམ་ཇི་ལྟ་བའི་ཡུལ་ལ་མི་འཇུག་པའི་ཕྱིར། རྟགས་ཁྱབ་ཁྱེད་རང་གིས་ཁས་བླངས། དོན་དམ་པའི་དེ་ཉིད་མ་གཟིགས་ཏེ། དོན་དམ་པ་ནི་ཀུན་རྫོབ་ཀྱི་ཆོས་ཀྱི་ཆ་དེ་ཉིད་རང་གི་ངོ་བོ་ངང་གིས་ཉེ་བར་ཞི་བ་ཉིད་ཡིན་ལ། དེ་ལྟར་ཁོང་དུ་ཆུད་པ་དེ་ཇི་ལྟ་བ་རྟོགས་པའི་མཁྱེན་པས་དོན་དམ་བདེན་པ་མངོན་དུ་བྱས་པར་དབུ་མའི་གསུང་རབ་ལས་འབྱུང་བ་(༡༦༨བ)


K800_Page_347
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་ཆད་ལྟར་འགྱུར་ཞེས་ཁྱེད་མི་འདོད་ལ། ཀུན་རྫོབ་བདེན་པ་ཁོ་ཁོ་རང་གིས་མི་སྟོང་ཡང༌། ཡུལ་རང་ངོས་ནས་སྡོད་ལུགས་ཀྱིས་གྲུབ་པའི་བདེན་པས་སྟོང་པའི་སྟོང་ཉིད་དེ་གཟིགས་པས་འཕགས་པས་དོན་དམ་བདེན་པའི་དེ་ཉིད་གཟིགས་པར་འདོད་པ་གང་ཞིག དེ་ལྟའི་སྟོང་ཉིད་དེ་དོན་དམ་གྱི་དེ་ཉིད་མ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཀུན་རྫོབ་ཁོ་ཁོ་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་ནི་དོན་དམ་བདེན་པ་མ་ཡིན། དེ་ལས་གཞན་པའི་ཆོས་ཉིད་སྟོང་པ་ཉིད་སྟོང་གཞི་ཤེས་བྱ་ལ་མེད་ཅིང༌། དེ་མེད་པའི་སྟོང་ཉིད་ཤེས་བྱ་ལ་བལྟོས་འབྱུང་གིས་བཞག་ཏུ་མེད་པའི་ཆད་སྟོང་རི་བོང་གི་རྭ་ལྟ་བུ་ཞིག་ལ་མོས་པར་བྱེད་ཀྱང་དེས་སྟོང་ཉིད་དོན་དམ་བདེན་པ་རྟོགས་པའི་གོ་མི་ཆོད་པའི་ཕྱིར་ཏེ། དེ་འདྲའི་སྟོང་ཉིད་དོན་དམ་བདེན་པ་དེ་ཆོས་ཅན། ཀུན་རྫོབ་བདེན་པ་དེའི་ཆོས་ཉིད་དོན་དམ་བདེན་པ་མ་ཡིན་པར་ཐལ། དེ་དང་འབྲེལ་མེད་ཀྱི་ཆོས་གཞན་ཡིན་པའི་ཕྱིར། དཔེར་ན། ཁྱེད་རང་འདོད་པའི་རྟགས་ཀྱི་དགག་བྱའི་བུམ་པའི་བདེན་སྣང་དང་ཐ་སྙད་ཚད་གྲུབ་པའི་བུམ་པའི་བདེན་སྣང་གཉིས་ཆོས་ཅན་དང་ཆོས་ཉིད་མ་ཡིན་པ་བཞིན་ནོ། །དེ་ལྟར་དེ་འབྲེལ་མེད་ཀྱི་ཆོས་གཞན་ཡིན་པར་མ་གྲུབ་བོ་སྙམ་ན། གྲུབ་པར་ཐལ། ཀུན་རྫོབ་དོན་བྱེད་པར་བདེན་པ་ཅན་གྱི་ཆོས་ཅན་ཚད་གྲུབ་དང༌། ཡུལ་རང་ངོས་ནས་སྡོད་ལུགས་ཀྱི་བདེན་པར་གྲུབ་པའི་ཆོས་ཅན་སྲིད་མཐའ་བཀག་ནས་ཁྱེད་ཀྱིས་བཟུང་བའི་ཚེ་ཆོས་ཅན་སྔ་མ་རང་རང་ངོ་བོ་སྟོང་པའི་སྟོང་ཉིད་དམ་ཆོས་ཉིད་ནི་ཁྱེད་མི་འདོད་ལ། ཆོས་ཅན་ཕྱི་མ་དེ་རང་རང་ངོ་བོས་སྟོང་པའི་སྟོང་ཉིད་དེ་ནི་ཆོས་ཅན་སྔ་མ་རང་རང་ངོ་བོས་སྟོང་པའི་སྟོང་ཉིད་མ་ཡིན་པས་སྟོང་(༡༦༩ན)


K800_Page_348
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་ཆོས་ཅན་སྔ་མའི་ཆོས་ཉིད་ལས་གཞན་དུ་འགྱུར་ལ། སྲིད་མཐའ་བཟུང་བའི་བདེན་གྲུབ་པའི་ཆོས་ཅན་དེ་ནི་ཁྱེད་རང་ཤེས་བྱ་ལ་མེད་པར་འདོད་ན། ཤེས་བྱ་ལ་གཏན་མེད་ཀྱི་ཆོས་ལ་བལྟོས་ཆོས་ལ་མི་སྲིད་པས་ཆོས་ཅན་དེ་ལ་བལྟོས་པའི་བལྟོས་ཆོས་སྟོང་ཉིད་དང་ཆོས་ཉིད་ཀྱང་ཤེས་བྱ་ལ་མི་འགྲུབ་ལ། མི་འགྲུབ་པའི་སྟོང་ཉིད་དོན་དམ་བདེན་པ་དང་ཆོས་ཉིད་དེ་འདྲ་དེ་ཤེས་བྱ་ལ་བདེན་གཉིས་སུ་བཞག་པའི་ཀུན་རྫོབ་བདེན་པ་དེའི་རང་བཞིན་དང་ཆོས་ཉིད་དུ་ཐ་དད་པར་གཞན་དུ་མེད་པར་འབྲེལ་བར་འགྱུར་བའི་གནས་ཡོད་པར་གར་སྲིད་པའི་ཕྱིར། དེས་ན་ཁྱོད་ཀྱི་འདོད་པ་དེ་དོན་ལ་གནས་ན་འཕགས་པའི་མཉམ་གཞག་གི་མཁྱེན་པ་ནི་བདེན་པ་གཉིས་ཀའི་དེ་ཉིད་ལ་བློའི་འཇུག་པ་མ་རིག་པའི་ལིང་ཏོག་གིས་ཁེབས་པར་ཁས་ལེན་དགོས་པར་འགྱུར་རོ། །མདོར་ན། རིགས་པས་མ་དཔྱད་པ་དང༌། འཁྲུལ་ངོར་ཡོད་པས་ཡོད་པའི་གོ་ཆོད་ཅིང༌། རིགས་པས་དཔྱད་པ་དང༌། མ་འཁྲུལ་པའི་ངོར་ཡོད་པ་མ་ཡིན་པས་ཡོད་པ་མ་ཡིན་པའི་གོ་མི་ཆོད་ཟེར་བ་ནི། ཐེག་པ་ཆེན་པོ་དབུ་མའི་བཀའ་བསྟན་བཅོས་ཀྱི་གསུང་རབས་ལས། གཞན་གྲགས་ཙམ་དུ་བདེན་གཉིས་ཀྱི་ཆོས་སོགས་ཀུན་རྫོབ་ཙམ་དུ་ཡོད་པར་རྣམ་པར་གཞག་ཀྱང་བདེན་གཉིས་དཔྱད་བཟོད་དུ་བདེན་པ་གཉིས་གང་གི་སྐབས་སུའང་རང་ལུགས་ལ་རྡུལ་ཕྲ་རབ་དང༌། ཤེས་པ་སྐད་ཅིག་ཆ་མེད་དེ་ལྟ་བུ་ལ་ས་ཡ་སྟོང་གི་ཆར་བགོས་པའི་ཆ་ཤས་ཕྲ་མོ་ཙམ་ཡང་ཡོད་པ་དང་གྲུབ་པའི་གླགས་རྙེད་པ་མ་ཡིན་ལ། དེ་ལྟར་མ་རྙེད་པའི་སྟོང་པ་ཉིད་ཀྱི་མིང་ཅན་གྱི་ཆོས་དེ་ནི་གཞར་ཡང་དངོས་པོ་དང་དངོས་མེད་གང་གིའང་གཞིར་མ་གྲུབ་པས་ཆོས་དབྱིངས་སྤྲོས་མཚན་དང་(༡༦༩བ)


K800_Page_349
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ལོ་ཞེས། རྗེ་བཙུན་ཆེན་པོ་མི་ལས། ཀུན་རྫོབ་བདེན་པའི་དབང་དུ་ནི། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །དོན་དམ་བདེན་པའི་དབང་བྱས་ན། །བགེགས་ལས་སངས་རྒྱས་ཉིད་ཀྱང་མེད། །ཅེས་འབྱུང་བ་ལྟར་ཀུན་རྫོབ་ཀྱི་ཡོད་པ་ནི་བརྫུན་པའི་ཡོད་པ་སྟེ། དེར་ཡོད་པས་ཡོད་པར་མ་གྲུབ་ཅིང་རང་ལུགས་ལ་ཡོད་པར་བཞག་མ་ཐུབ་པ་ལ་དོན་དམ་པར་མེད་ཅེས་མིང་དུ་གདགས་པའི་ཡོད་པ་མ་ཡིན་པ་དེ་ལ་ནི་མེད་པར་དགག་ཙམ་ལས་དེ་ལ་རིགས་པས་དཔྱད་བཟོད་པར་གྱུར་ནས་སླར་ཡོད་པར་གྲུབ་སྟེ། སྟོང་པ་ཉིད་མ་ཡིན་པ་དང་བདག་བདེན་དུ་འགྱུར་བ་སྲིད་པ་མ་ཡིན་ནོ་ཞེས་གསུངས་པ་དེ་ཁྱེད་ཀྱི་ཡི་གེར་མ་འོང་ནས། ཁྱེད་ཞེ་བས་ཐམས་ཅད་སྟོང་ཉིད་དུ་གསུངས་པ་དེ་དོན་ལ་མི་གནས་པར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་རང་སར་རང་གི་ངོ་བོས་མི་སྟོང་པ་ཡོད་པ་དང༌། སྟོང་པར་གསུངས་པའི་ཆོས་དོན་དམ་བདེན་པ་བདེན་སྟོང་གི་སྟོང་ཉིད་ནི་བདེན་སྟོང་གི་ཆོས་རང་གི་ངོ་བོས་མི་འདོར་བར་ཡོད་པ་དང་གཞི་མ་གྲུབ་པས། ངག་འདོན་བདག་བདེན་གྱི་རང་བཞིན་གྱིས་དབེན་པའི་སྟོང་ཉིད་རང་བཞིན་དང་བྲལ་བའི་ཆོས་དོན་བྱེད་ནུས་ཀྱི་བྱ་བ་ཅན་དུ་བསྒྲུབས་ནས། མཐར་ཤེས་བྱ་འདིར་བདེན་གཉིས་ལས་བརྩམས་པའི་ཆོས་ཐམས་ཅད་ཞེ་འདོད་ལ་ཟོལ་ཐབས་ཀྱི་དངོས་པོར་བསྒྲུབས་ནས། དངོས་པོའི་ངོ་བོས་སྟོང་པའི་ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་འདིས་གྲུབ་མི་ཐུབ་བོ་ཞེས་བཀག་སྟེ་བདེན་པ་གཉིས་ལས་བརྩམས་པའི་བྱིས་པའི་བློ་ཡུལ་བཅས་ཀྱི་རྟོག་མེད་དང་རྟོག་པ་ལ་ཤར་བའི་སྤྲོས་མཚན་རང་རྒྱུད་པ་འདི་བདེན་པར་དོན་བྱེད་པ་ཅན་དུ་གྲུབ་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་དགོངས་པའོ། །ཞེས་ནན་(༡༧༠ན)


K800_Page_350
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྨྲ་བར་བྱེད་ཅིང༌། དེའི་ཆེད་དུ་ཁྱེད་ཅག་ལ་འཇམ་པའི་དབྱངས་ཀྱིས་ལེགས་པར་བཤད་པའི་གྲུབ་པ་སྔར་འཛམ་གླིང་གི་དབུ་མ་པ་ལ་མ་གྲགས་པའི་བཤད་སྲོལ་ཡ་མཚན་ཆེ་བ་མང་པོས་སྒྲུབ་པར་བྱེད་མོད། དེ་ལྟར་ནའང་འགྲུབ་པར་མི་སེམས་ཏེ། ལུགས་དེ་ནི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་གང་གིའང་ལུགས་མ་ཡིན་ཞིང༌། འཇིག་རྟེན་གྱི་ཐ་སྙད་དང་ཡང་འགལ་བའི་ཕྱིར་ཏེ། མེ་ལོང་ལ་གཟུགས་བརྙན་ཤར་བའི་སྔོན་པོ་དང་སེར་པོ་དང་མི་དང་རྟ་གླང་དང་སེམས་ཅན་དང་རི་དང་ནགས་ཚལ་འབབ་ཆུ་སོགས་དབང་ཤེས་ལ་སྣང་ཡང་དེ་དག་ཏུ་ཐ་སྙད་བྱེད་པ་མེད་པའི་ཕྱིར། བདེན་པ་མིན་པ་བསླུ་རྫུན་དུ་ཡོད་པ་དང་གྲུབ་པ་སོགས་ཀྱི་ཡོད་པ་དེ་ཡོད་པ་གོ་ཆོད་པོ་ཡིན་པ་དང༌། བསླུ་བ་དང་བརྫུན་པ་མིན་པར་བདེན་ངེས་པའི་མེད་པ་དང་མ་གྲུབ་པ་སོགས་ཀྱི་མེད་པ་དེ་མེད་པ་གོ་ཆོད་པ་མིན་ནོ་ཞེས་ཕྱི་ནང་གི་ལུང་རིགས་ཀྱི་དབང་གིས་ཁར་འབྱིན་པ་མ་སྤོབས་ཏེ་གྲུབ་མཐའ་འཇོག་པ་ནི་མ་ཡིན་ཏེ། དེ་ལྟར་ཁར་འབྱིན་ན་མཁས་པ་ནས་གནག་རྫི་མོའི་བར་ཐམས་ཅད་ཀྱིས་བསྙོན་འདོར་གྱི་ངག་ཏུ་རྟོགས་པ་ལས་ཚུལ་འདི་ནི་བསྟན་བཅོས་ཀྱི་ལུགས་སོ་སྙམ་དུ་མི་འབྱུང་བའི་ཕྱིར་ཏེ། གྲུབ་མཐའ་སྨྲ་བ་དག་ནི་རང་རང་གི་གྲུབ་མཐའི་འཐད་པ་དེ་ཐམས་ཅད་བདེན་པའི་དོན་ཅན་གྱི་ཕྱིར་ཡོད་པ་དང་མེད་པ་ལ་སོགས་གང་སྨྲས་པས་མེད་པ་སོགས་ཀྱིས་མེད་གོ་ཆོད་ལ། གཞན་གྱིས་སྨྲས་པ་དེ་ཐམས་ཅད་མི་བདེན་པའི་དོན་ཅན་གྱི་བརྫུན་པས་ཡོད་པ་སོགས་གང་སྨྲས་ཀྱང་ཡོད་གོ་མ་ཆོད་ཅེས་དགག་སྒྲུབ་བྱེད་པ་ལས། གཞན་དུ་གྲུབ་མཐའ་སྨྲ་བ་དག་རང་ལུགས་བཞག་ནས་གཞན་ལུགས་འགོག་པའི་ཐབས་གཞན་(༡༧༠བ)


K800_Page_351
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ། དེའི་ཚེ་བརྫུན་པའི་དོན་ཅན་གྱི་ཡོད་པ་སོགས་བདེན་པར་ཡོད། བདེན་པའི་དོན་ཅན་གྱི་མེད་པ་སོགས་ནི་བདེན་པའི་དོན་ཅན་དུ་ཡོད་པ་མ་ཡིན་ནོ་ཞེས་སྨྲས་པས་བརྫུན་པ་བདེན་པ་དང༌། བདེན་པ་རྫུན་པར་ཁས་ལེན་པར་འགྱུར་ལ། བདེན་རྫུན་གྱི་ཚུལ་དེ་ལྟར་སྨྲ་ཞིང་རིགས་པ་ཁས་ལེན་པ་ནི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་སུའི་ལུགས་ལའང་མི་འབྱུང་བས་དེ་ལྟར་འདོད་པ་མི་སྣང་བའི་ཕྱིར་རོ། །འདིར་སྨྲས་པ། གཟུར་གནས་བློ་ཡིས་རིང་མོ་ནས། །ལེགས་པར་དཔྱད་པས་ཤེས་བྱའི་དོན། །འཁྲུལ་མེད་སྟོན་པའི་དགོངས་པ་ནི། །གཞན་དྲིང་མེད་པར་འདིར་བཤད་ལ། །སྐྱེས་བུ་བློ་ནོར་མི་ལྡན་པའི། །རིགས་པས་དབུལ་འགས་གསུང་རབས་ཀྱི། །ཕུན་ཚོགས་རྒྱ་མཚོའི་དཔལ་འདི་ལ། །མི་བཟོད་ཕྲག་དོག་བཏང་བ་ན། །འདི་དང་ཕྱི་མའི་དགེ་ལེགས་ཀྱི། །དོན་ཆེན་ཐོབ་པར་འགྱུར་རོ་ཀྱེ། །ཞེས་སོ། །གཉིས་པ་ནི། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །དེ་ཁོ་ན་ཉིད་རྣམ་པར་དཔྱོད་པའི་སྐབས་སུ་འཇིག་རྟེན་གྱིས་གནོད་པ་མེད་དེ། དེའི་རྒྱུ་མཚན་དེ་ཉིད་དཔྱོད་སྐབས་སུ་རྣམ་ཀུན་འཇིག་རྟེན་ཚད་མ་མ་ཡིན་པ་དེའི་ཕྱིར། འཁྲུལ་ཤེས་ཀྱི་མཐོང་བས་མ་འཁྲུལ་པའི་མཐོང་བ་ལ་གནོད་པ་མེད་པ་བཞིན་ནོ། །གསུམ་པ་ནི། འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས། །གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར། །འོ་ན་འཇིག་རྟེན་གྱིས་གནོད་པ་གང་དུ་འཇུག་ཅེ་ན། འཇིག་རྟེན་གྲགས་པ་ཉིད་ཀྱིས་འཇིག་རྟེན་ལ་གྲགས་པའི་དོན་ནི་གལ་ཏེ་སེལ་བར་བྱེད་ན་རྒྱུ་དེའི་ཕྱིར་འཇིག་རྟེན་གྱིས་གནོད་པར་འགྱུར་ཏེ། དཔེར་ན། ཁ་ཅིག་གིས་ངའི་རྫས་ཕྲོགས་སོ་ཞེས་སྨྲས་པ་དང༌། གཅིག་ཤོས་ཀྱིས་རྫས་ཅི་ཞིག་ཡིན། དེས་སྨྲས་པ། བུམ་པའོ་ཞེས་སྨྲས་པ་ལ། དེས་བུམ་པ་ནི་རྫས་མ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར། རྨི་ལམ་གྱི་བུམ་པ་བཞིན་(༡༧༡ན)


K800_Page_352
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སུན་འབྱིན་པ་ལྟ་བུ་ལ་འཇིག་རྟེན་གྱིས་གནོད་དེ། འཇིག་རྟེན་ན་སད་པའི་གནས་སྐབས་ཀྱི་བུམ་པ་བདེན་པར་འདོད་ཅིང༌། རྨི་ལམ་གྱི་བུམ་པ་བདེན་པར་མི་འདོད་པས་དཔེ་དོན་མི་མཚུངས་པའི་ཕྱིར་དང༌། རིགས་པའི་དཔྱད་པ་ཞིབ་མོ་ཁས་མི་ལེན་པའི་ཕྱིར། གང་གི་ཚེ་འཕགས་པའི་གཟིགས་པ་ལ་གནས་ཏེ་སྐྱེ་བོ་མཁས་པ་ཚད་མར་བྱེད་པ་དེའི་ཚེ་འཇིག་རྟེན་གྱིས་གནོད་པ་མ་ཡིན་ནོ། །མཁས་པས་ཕྱོགས་འདི་ལྟར་གཞན་ལའང་རིགས་འགྲེ་སྟེ། དཔེར་ན། གང་རང་གི་བདག་ཉིད་མི་མཐོང་བ་དེས་གཞན་ཡང་མི་མཐོང་སྟེ། བུམ་པ་བཞིན་མིག་གིས་ཀྱང་རང་ཉིད་མི་མཐོང་བའོ་ཞེས་སྨྲས་པ་ལ། མིག་གིས་གཞན་མཐོང་བ་འཇིག་རྟེན་ལ་གྲགས་སོ་ཞེས་སོགས་གྲགས་པ་ཚད་མར་བྱེད་པ་ཐམས་ཅད་ལ་གྲགས་པས་འཕགས་པའི་གཟིགས་པ་ལ་མི་གནོད་དོ། །གཉིས་པ་ནི། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གིས་བུ་འདི་སྐྱེད་ཅེས་སྨྲ་བྱེད་ཅིང༌། །ཤིང་ཡང་བཙུགས་སོ་སྙམ་དུ་རྟོག་དེས་ན། །གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །འཇིག་རྟེན་གྱི་མཐོང་བ་དང་བསྟུན་ནས་རྗེས་བརྗོད་བྱས་ཀྱང་གཞན་སྐྱེ་འགོག་པ་ལ་འཇིག་རྟེན་གྱིས་མི་གནོད་པ་ནི། དངོས་པོ་རྣམས་གཞན་ལས་སྐྱེ་བ་དེ་ཁོ་ནར་ལྟ་ཞོག འཇིག་རྟེན་ལས་ཀྱང་གཞན་ལས་སྐྱེ་བ་མེད་དེ། གང་ཕྱིར་འཇིག་རྟེན་པ་དག་མའི་མངལ་དུ་ས་བོན་ཙམ་བཏབ་ནས་ཕྱིས་ཕོ་དབང་དང་ལྡན་པ་ཞིག་བཙས་པ་ན་བདག་གི་བུ་འདི་བསྐྱེད་ཅེས་སྨྲ་བར་བྱེད་ཅིང༌། ཨ་མྲའི་ས་བོན་ཙམ་བཙུགས་ནས་ཕྱིས་ཤིང་སྡོང་ཆེར་སྐྱེས་པ་ན་འདི་ཡང་བདག་གིས་བཙུགས་སོ་སྙམ་དུ་རྟོགས་པར་བྱེད་ཀྱི། ས་བོན་དང་འབྲས་བུ་རྫས་གཞན་དུ་ལྟ་བར་མི་བྱེད་པ་དེས་ནའི་ཕྱིར། དེ་ལས་གཞན་རང་གི་བུ་ལུས་ལས་བཏོན་ནས་མངལ་དུ་འཇུག་འབྱིན་དང༌། ཤིང་ཡང་ས་བོན་འདེབས་ཚེ་ཡལ་འདབ་རྒྱས་པ་ཅན་(༡༧༡བ)


K800_Page_353
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་པ་ནི་མ་ཡིན་པས་འཇིག་རྟེན་ན་རྒྱུ་འབྲས་གཅིག་པར་ཡང་མི་འགྱུར་ལ། རྒྱུ་མཚན་སྔ་མ་ལྟར་བདག་གི་བུ་དང་བདག་གིས་ཤིང་བསྐྱེད་པར་བྱས་སོ་ཞེས་བརྗོད་ཀྱི། དེ་ལྟར་མིན་པར་གཞན་གྱིས་གཞན་བསྐྱེད་ན་བདག་གི་བུ་སོགས་ཉེ་བར་སྟོན་པའི་སྐབས་མེད་དོ། །གཉིས་པ་ལ། རྟེན་འབྲེལ་རྟག་ཆད་མེད་པར་གྲུབ་པའི་ཡོན་ཏན་བསྟན། ངོ་བོར་གྲུབ་ན་སྟོང་ཉིད་སྐུར་འདེབས་སུ་འགྱུར་བའི་སྐྱོན་བསྟན་པའོ། །དང་པོ་ནི། གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན། །དེ་ཕྱིར་མྱུག་ཚེ་ས་བོན་ཞིག་པ་མེད། །གང་ཕྱིར་གཅིག་ཉིད་ཡོད་མིན་དེ་ཕྱིར་ཡང༌། །མྱུག་ཚེ་ས་བོན་ཡོད་ཅེས་བརྗོད་མི་བྱ། །འདིར་ས་མྱུག་གཞན་པར་གྱུར་ན་ཆོས་ཅན། མྱུ་གུ་སྐྱེས་པའི་ཚེ་ན་ས་བོན་རྒྱུན་ཆད་པར་འགྱུར་ཏེ། གཞན་ཡིན་པའི་ཕྱིར། བ་མེན་ཡོད་པས་བ་ལང་ཤི་ཡང་བ་མེན་རྒྱུན་མ་ཆད་པར་མི་འགྱུར་བ་དང༌། སོ་སྐྱེ་ཡོད་པས་འཕགས་པ་མྱ་ངན་ལས་མ་འདས་པ་མ་ཡིན་པ་བཞིན་ནོ། །དེས་ན་མྱུ་གུ་སྐྱེས་པའི་ཚེ་ས་བོན་ཞིག་ཅིང་རྒྱུན་ཆད་པ་མེད་དེ། གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན་པ་དེའི་ཕྱིར་ཚུལ་དེས་ཆད་པ་སྤངས་པ་ཡིན་ནོ། །མྱུག་ཚེ་ས་བོན་ཡོད་ཅེས་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་ས་མྱུག་གཅིག་ཉིད་དུ་ཡོད་པ་མ་ཡིན་པ་དེའི་ཕྱིར་རོ། །ཚུལ་དེས་རྟག་པ་རྣམ་པར་སྤངས་པ་ཡིན་ནོ། །ཇི་སྐད་དུ། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ནོ། །ས་བོན་གང་ཡིན་མྱུ་གུའི་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་པས། ས་མྱུག་གཞན་མིན་ཏེ། ས་བོན་ཡོད་ན་མྱུ་གུ་འབྱུང་བའི་ཕྱིར་དང༌། ས་བོན་གང་ཡིན་མྱུ་གུ་ཡང་མི་འགྱུར་ཏེ། དེ་ཉིད་དང་གཞན་དང་གཉིས་ཀའི་ཕྱོགས་མི་སྲིད་པའི་ཕྱིར། དེ་གཉིས་གཅིག་དང་ཐ་དད་པ་མ་ཡིན་པའི་ཕྱིར། ས་མྱུག་བལྟོས་ནས་སྐྱེ་འགག་བྱེད་པ་ནི་དུས་རྟག་པར་འབྱུང་བའི་རྟག་པ་དང་ཡེ་མི་(༡༧༢ན)


K800_Page_354
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་ཆད་པ་དང་བྲལ་བའོ། །དེས་ན་ས་མྱུག་དག་ལ་རང་བཞིན་ཡོད་ན་གཅིག་དང་ཐ་དད་པའི་རང་བཞིན་ལས་རྣམ་པ་གཞན་མེད་ཀྱང་དེ་མེད་པས་རང་བཞིན་མེད་པ་ཉིད་ཀྱིས་ས་མྱུག་གི་འབྲེལ་བ་ནི་བློས་བཏགས་ཙམ་དུ་ཟད་པས། རྨི་ལམ་གྱི་ས་མྱུག་ལྟར་གཅིག་དང་གཞན་དུ་ག་ལ་འགྱུར། དེའི་ཆེད་དུ་མདོ་ལས། འདུ་བྱེད་རྣམས་ནི་མ་རིག་རྐྱེན་ཅན་ཏེ། །འདུ་བྱེད་དེ་དག་དེ་ཉིད་དུ་ཡོད་མིན། །འདུ་བྱེད་མ་རིག་འདི་གཉིས་སྟོང་པ་སྟེ། །རང་བཞིན་གྱིས་ནི་གཡོ་བ་དང་བྲལ་བའོ། །ཞེས་དང༌། བསྟན་བཅོས་ལས་ཀྱང༌། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་པ། །དེ་ཕྱིར་རྟག་མིན་ཆད་པ་མིན། །ཅེས་དང༌། འཕགས་པ་ལྷས། གང་ཕྱིར་དངོས་པོ་འཇུག་འགྱུར་བ། །དེས་ན་ཆད་པར་མི་འགྱུར་ཞིང༌། །གང་ཕྱིར་དངོས་པོ་ལྡོག་འགྱུར་བ། །དེས་ན་རྟག་པར་མི་འགྱུར་རོ། །ཞེས་སོ། །གཉིས་པ་ནི། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་བས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །དེས་ན་དངོས་པོ་འགའ་ཡང་རང་གི་མཚན་ཉིད་ཀྱིས་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་ངེས་པར་གདོན་མི་ཟ་བར་ཁས་བླང་བར་བྱ་དགོས་ཏེ། དེ་ལྟར་མ་ཡིན་པར་གལ་ཏེ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བློས་བཏགས་པ་ཙམ་མ་ཡིན་པ་རང་གི་མཚན་ཉིད་དེ་རང་གི་ངོ་བོའི་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བའམ་སྐྱེ་བར་འགྱུར་ན་སྟོང་ཉིད་དེས་དངོས་པོའི་རང་བཞིན་ཡོད་པ་མེད་པར་སྨྲས་པས་དངོས་པོ་འཇིག་པའི་རྒྱུར་འགྱུར་བར་ཐལ། རྣལ་འབྱོར་པ་རྣམས་ཀྱིས་སྟོང་ཉིད་མཐོང་བ་ན། དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་སྐྱེ་བ་དེ་ལ་སྐུར་པ་བཏབ་པས་དངོས་པོ་འཇིག་པར་བྱེད་པའི་ཕྱིར། ཐོ་བས་བུམ་པ་འཇིག་པ་(༡༧༢བ)


K800_Page_355
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །འདོད་པ་དེ་ལྟར་ན། དེ་ནི་རིགས་པ་མ་ཡིན་ཏེ། དངོས་པོ་རྣམས་རང་གི་ངོ་བོ་མཚན་ཉིད་ཀྱི་སྐྱེ་བ་ཡོད་པ་མ་ཡིན་པ་དེའི་ཕྱིར་ཏེ། དཀོན་བརྩེགས་ལས། འོད་སྲུང་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི་གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་དང༌། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མཚན་མ་མེད་པ་དང༌། གང་སྨོན་པ་མེད་པས་ཆོས་རྣམས་སྨོན་པར་མི་བྱེད་དེ། ཆོས་རྣམས་ཉིད་སྨོན་པ་མེད་པ་དང༌། གང་མངོན་པར་འདུ་བྱེད་པ་མེད་པས་ཆོས་རྣམས་མངོན་པར་འདུ་མི་བྱེད་དེ། ཆོས་རྣམས་ཉིད་མངོན་པར་འདུ་བྱེད་པ་མེད་པ་དང༌། གང་མ་སྐྱེས་པའི་ཆོས་རྣམས་ཀྱིས་མ་སྐྱེས་པ་ཉིད་དུ་མི་བྱེད་དེ། ཆོས་རྣམས་ཉིད་མ་སྐྱེས་པ་དང༌། གང་མ་བྱུང་བས་ཆོས་རྣམས་མ་བྱུང་བར་མི་བྱེད་དེ། ཆོས་རྣམས་ཉིད་མ་བྱུང་བ་དང༌། ཞེས་རྒྱ་ཆེར་གསུངས་སོ། །འདིར་ཤར་ཙོང་ཁ་པའི་དབུ་མའི་སྲོལ་ཆེན་པོར། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་སྟོང་ཚུལ་ལ། བུམ་པ་བུམ་པས་མི་སྟོང་ལ་བུམ་པ་བདེན་པས་སྟོང་པ་བུམ་པ་རང་སྟོང་པའི་དོན་ཡིན་ཅེས་སྨྲས་པ་དེ་ནི་གཞུང་འདི་རྩ་འགྲེལ་སོགས་དབུ་མའི་གསུང་རབ་རབ་འབྱམས་ཀྱིས་གང་བཀག་པའི་ཕྱོགས་སྔ་དེ་ཉིད་འདིར་ཁས་བླངས་པ་ཡིན་ཏེ། ཇི་ལྟར་ཁས་བླངས་ན་ལུགས་འདིར་ནི་ཉི་ཚེ་བའི་སྟོང་ཉིད་ཀྱིས་ཟབ་མོ་སྟོང་པ་ཉིད་ཀྱི་གོ་ཆོད་པ་ལེགས་པར་བཀག་ནས་ཁྱབ་པའི་སྟོང་ཉིད་ཀྱི་ཚུལ་ལེགས་པར་བསྟན་ལ། ཁྱེད་ཀྱིས་ནི་ལུགས་འདིར་དེ་ལས་བཟློག་ནས་སྨྲས་པའི་ཕྱིར། འདིས་ཉི་ཚེ་བའི་སྟོང་ཉིད་སྟོང་པ་ཉིད་ཀྱི་ཚུལ་དུ་སྨྲ་བ་(༡༧༣ན)


K800_Page_356
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་ནི། དཔེར་ན། སེམས་ཙམ་པས་གཞན་དབང་རྣམ་རིག་གི་སྟེང་དུ་གཟུང་འཛིན་ཀུན་བརྟགས་ཀྱིས་སྟོང་པའི་སྟོང་ཉིད་སྨྲ་ཡང༌། གཞན་དབང་རྣམ་རིག་གི་ངོ་བོས་མི་སྟོང་པར་འདོད་པ་ལ། ཁྱོད་འདོད་པའི་སྟོང་ཉིད་ཀྱི་ཚུལ་དེ་ལྟ་བུ་དེ་ཆོས་ཐམས་ཅད་ལ་ཁྱབ་པའི་སྟོང་པ་ཉིད་དཔྱིས་ཕྱིན་དེ་མ་ཡིན་པར་ཐལ། བདེན་པ་གཉིས་ལས་དོན་དམ་པར་མི་སྟོང་པའི་ཆོས་ཤིག་ལྷག་མར་ལུས་པས་སྟོང་ཉིད་ཉི་ཚེ་བར་སྨྲ་བའི་ཕྱིར་ཞེས་དངོས་པོར་སྨྲ་བ་ལ་ནོངས་པ་ཕར་ལ་བསྐུར་བར་མཛད་པ་ཡིན་ལ། ཁྱེད་འདོད་པའི་དབུ་མའི་ལུགས་དེ་ལྟར་ན། སེམས་ཙམ་པ་སོགས་དངོས་སྨྲ་བ་ལ་ནོངས་པ་ཕར་ལ་བསྐུར་བ་དེ་ཚུར་ལ་ལོག་པར་འགྱུར་ཏེ། འདི་ལྟར་ཁྱེད་ཅག་དབུ་མ་པས་སྟོང་ཉིད་ཀྱི་ཚུལ་སྨྲ་བ་དེའི་ཚེ་ཆོས་ཐམས་ཅད་ལ་ཁྱབ་པའི་སྟོང་ཉིད་ཁས་ལེན་ནོ། །ཞེས་བརྗོད་པ་དེ་མི་འཐད་པར་ཐལ། བུམ་པ་ཆོས་ཡིན་པ་ནི་གང་ཞིག དེ་དེ་རང་གི་ངོ་བོས་མི་སྟོང་པར་ལྷག་མར་ལུས་ལ། བུམ་པ་སྡོད་ལུགས་ཀྱིས་བདེན་གྲུབ་ཉི་ཚེ་བས་སྟོང་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མ་གྲུབ་པའི་ཕྱིར་ཞེས་བརྗོད་ན། ཁྱེད་ཀྱི་ལུགས་ལྟར་སྨྲ་བའི་དབུ་མ་པ་དེ་རྟགས་གསལ་ཁྱབ་པ་གང་ལའང་ལན་འདེབས་ཀྱི་སྤ་བཀོང་བར་མི་འགྱུར་རམ། ཁྱེད་ཀྱི་འདོད་པ་དེ་ལྟར་ན། བུམ་པ་རང་གི་ངོ་བོས་སྟོང་པ་ཉིད་ཡིན་ནམ་མིན། མ་ཡིན་པར་འཆད་མི་ནུས་ཏེ། ཁྱད་ཀྱི་དབུ་མའི་འཆད་ཚུལ་དེ་ངོ་བོ་ཉིད་མེད་སྨྲའི་དབུ་མ་པར་ཁས་ལེན་གྱིན་འདུག་པའི་ཕྱིར། ཡིན་ན་བུམ་པ་རང་གི་ངོ་བོ་དེ་ཆུ་སྐྱོར་ཞབས་ཞུམ་ལྟོ་ལྡིར་གྱི་དོན་བྱེད་པའི་མཚན་ཉིད་(༡༧༣བ)


K800_Page_357
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དངོས་པོ་དེ་ཡིན་ནམ། སྡོད་ལུགས་ཀྱིས་གྲུབ་པའི་བདེན་གྲུབ་པ་དེ་ཡིན། གཉིས་པ་ལྟར་ཡིན་པ་མི་སྲིད་དེ། དེ་འདྲ་དེ་ཤེས་བྱ་ལ་མེད་པའི་ཕྱིར། དང་པོ་ལྟར་ན། ཁྱོད་ཆོས་ཐམས་ཅད་ལ་དངོས་པོའི་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མའི་ལུགས་སྨྲ་པོར་གཏན་མི་འགྱུར་བར་ཐལ། བུམ་པ་རང་གི་ངོ་བོ་ནི་ཆུ་སྐྱོར་ཞབས་ཞུམ་ལྟོ་ལྡིར་གྱི་དོན་བྱེད་པའི་མཚན་ཉིད་ཅན་གྱི་དངོས་པོ་དེ་ཡིན་པ་གང་ཞིག དེ་དེ་ཉིད་ཀྱི་ངོ་བོས་མི་སྟོང་པའི་ཕྱིར། ཁོ་བོ་ཅག་ནི་ངོ་བོ་ཉིད་མེད་སྨྲའི་དབུ་མའི་ལུགས་འདིར་འཇུག་པ་ན། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ངོ་བོ་ཉིད་མེད་སྨྲའི་དབུ་མ་པས་འདི་ལྟར་འདོད་དོ་ཞེས་སྨྲ་བའི་སྒྲ་ནི་རང་གཞན་སུའི་ཡང་རྣ་ལམ་དུ་གྲགས་པར་མ་གྱུར་ན་ཅི་མ་རུང་སྙམ་སྟེ། འདི་ལྟར་གྲགས་ན་རྟོགས་པ་མཆོག་བསྐྱེད་པ་ལ་གེགས་བྱེད་ཅིང༌། བཅོམ་ལྡན་འདས་ཀྱིས་ངེས་དོན་གྱི་གསུང་རབས་སུན་འབྱིན་པའི་སྡིག་ཆེན་པོས་གོས་པར་འགྱུར་བའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་བུམ་པ་བུམ་པས་སྟོང་པ་ལས་བུམ་པ་ལས་གཞན་པའི་ཆོས་ཤིག་གིས་སྟོང་པས་བུམ་པ་སྟོང་པའི་གོ་མི་ཆོད་པར་ནན་གྱིས་ངེས་དོན་དུ་བཀའ་བསྩལ་པ་དེ། ཁྱེད་ཀྱིས་དེ་ལས་བཟློག་སྟེ་སྨྲས་པའི་ཕྱིར། དཀོན་བརྩེགས་ལས། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་གྱི། གཟུགས་ཉིད་སྟོང་པ་ཉིད་དོ། །ཞེས་སོགས་དང་འགལ་ཞིང༌། བུམ་སོགས་རང་རང་གིས་མི་སྟོང་ན་བུམ་པ་བུམ་པར་དོན་སྟོང་ན་གྲུབ་པར་འགྱུར་ལ། དེ་འདོད་ན། བུམ་པ་རིགས་པས་དཔྱད་ཚེ་རྙེད་པར་འགྱུར་ཞིང༌། (༡༧༤ན)


K800_Page_358
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ན། བུམ་པའི་རྡུལ་ཕྲན་སོ་སོ་བ་དང་ཚོགས་པ་གང་རུང་བུམ་པར་ཁས་ལེན་དགོས་ལ། དེ་ལྟར་ན་བུམ་སོགས་རགས་པ་རིགས་པས་དཔྱད་བཟོད་དུ་བྱེ་མདོ་གཉིས་ཀྱིས་ཀྱང་ཁས་མི་ལེན་ན་དབུ་མ་པས་ལྟ་ག་ལ་ཞིག རྡུལ་ཕྲན་སོ་སོ་བ་བུམ་པར་མི་རིགས་ཏེ། རྡུལ་ཕྲ་རབ་རགས་པར་གཏན་མི་འགྲུབ་པའི་ཕྱིར། དབྱིག་གཉེན་ལ་སོགས་པ་ཁ་ཅིག་ན་རེ། གཞན་རྒྱུ་རྐྱེན་རང་གི་ངོ་བོས་མ་གྲུབ་པ་ལས་སྐྱེས་པའི་རྣམ་རིག་དོན་དམ་པར་ཁས་བླངས་ནས་ཕྱི་དོན་ཀུན་བརྟགས་པའི་གཟུང་བ་དང༌། དོན་གྱི་ངོ་བོ་དང༌། ཁྱད་པར་འཛིན་པའི་སེམས་དང༌། སེམས་ལས་བྱུང་བའི་འཛིན་པས་སྟོང་པའི་ཡོངས་སུ་གྲུབ་པའི་མཚན་ཉིད་ཅན་ནི་རྣམ་པར་རིག་པ་དོན་དམ་པའི་སྐད་ཅིག་མ་དེ་དང༌། རྒྱུ་འབྲས་དང༌། གཅིག་ཐ་དད་སོགས་བྱས་པ་དང༌། མི་རྟག་པ་ལྟར་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ལ། གཞན་དབང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྣང་བ་ཅན་གྱི་རྣམ་པར་རིག་པའི་ཆོས་ཐམས་ཅད་གཟུང་འཛིན་ཀུན་བརྟགས་ཀྱིས་སྟོང་པ་ཡིན་གྱི། གཞན་དབང་རང་གི་ངོ་བོ་གདོད་ནས་སྟོང་པ་ཉིད་མ་ཡིན་ཞེས་སྨྲའོ།།འདི་ལྟར་འདོད་པ་ལ་ནི་ཐར་པ་ཡོད་པ་མ་ཡིན་ཏེ། བཞི་བརྒྱ་པ་ལས། སྟོང་མིན་སྟོང་ལྡན་མཐོང་མིན་ཏེ། །མྱང་འདས་བདག་གིར་གྱུར་ཅིག་ཅེས། །ལོག་ལྟས་མྱ་ངན་མི་འདའ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་དང༌། བསྟན་བཅོས་ལས། སྟོང་ཉིད་ལྟ་བ་ཐམས་ཅད་ནི། །ངེས་པར་འབྱིན་པར་རྒྱལ་བས་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །(༡༧༤བ)


K800_Page_359
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་འབྱུང་བའི་ཕྱིར། ལུང་དོན་གཉིས་པ་གོ་སླ་ལ། ལུང་དོན་དང་པོ་ནི་ཐ་སྙད་ཙམ་དུའང་གཏན་མེད་པའི་རི་བོང་གི་རྭ་མེད་པ་ལྟ་བུ་ཕྱི་དོན་སོགས་རྟོག་པས་སྒྲོ་བཏགས་ཀྱི་ཆ་ཡེ་མེད་ཀྱི་ཆད་པ་ལ་སྟོང་པ་ཉིད་རྣམ་པར་གཞག་ཏུ་མེད་དེ། སྟོང་པ་ཉིད་ནི་བལྟོས་ཆོས་མི་སྟོང་པ་ལྟར་སྣང་བའི་རྟེན་ཆོས་ཤིག་དེ་ལྟར་གྲུབ་པ་མིན་པའི་རྟེན་འབྲེལ་གྱི་ཆོས་ཀྱིས་རབ་ཏུ་ཕྱེ་ནས་སྟོང་པ་ཉིད་དོ་ཞེས་འཇིག་རྟེན་ན་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ་ཞེས་རྣམ་གཞག་བྱེད་པའི་ཕྱིར། དཔེར་ན། གཟུགས་བརྙན་གྱི་བྱད་བཞིན་སྣང་ཙམ་ན་བྱད་བཞིན་རང་གི་ངོ་བོས་སྟོང་པས་གཟུགས་བརྙན་ལ་བྱད་བཞིན་གྱི་ངོ་བོས་སྟོང་པ་ཉིད་དོ་ཞེས་བརྗོད་པ་ལྟ་བུར་མཐོང་ལ། དེ་ལྟར་མ་ཡིན་པར་དངོས་པོ་རྟག་པ་དང་དངོས་མེད་ཆད་པ་ལ་ནི་ཡང་དག་པའི་ཤེས་རབ་དང་བྲལ་བས་སྟོང་ཉིད་ཅེས་བྱ་བའི་ཆོས་སུ་ཁོང་དུ་ཆུད་པར་མི་འགྱུར་བས། དེ་འདྲའི་ཆད་སྟོང་དེ་དངོས་པོ་གང་ལའང་ལྡན་པ་མ་ཡིན་པས། དངོས་པོ་རྣམ་རིག་དེ་ཀུན་བརྟགས་ཀྱིས་སྟོང་པའི་སྟོང་པ་ཉིད་དེ་ཉིད་དང་གཞན་མ་ཡིན་པར་དེར་ཡོད་དོ་ཞེས་བྱ་བ་ནི་མི་འགྲུབ་སྟེ། དེ་ལྟར་འགྲུབ་ན་གསེར་བུམ་ལ་རི་བོང་གི་རྭའི་བུམ་པས་སྟོང་པའི་སྟོང་ཉིད་གསེར་བུམ་གྱི་བྱས་མི་རྟག་ལྟར་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་དེར་ཡོད་དོ་ཞེས་བརྗོད་ཀྱང་རིགས་པར་འགྱུར་བའི་ཕྱིར། ངག་དོན་དངོས་པོར་སྨྲ་བ་འདི་དག་གིས་གང་དངོས་པོར་ཡོད་པ་ནི་རང་གི་ངོ་བོས་མི་སྟོང༌། དངོས་པོར་མེད་པ་ཤེས་བྱ་ལ་ཡེ་ཆད་རང་གི་ངོ་བོ་གཞི་མ་གྲུབ་པ་ཞིག་སྟོང་པ་(༡༧༥ན)


K800_Page_360
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་དོན་དུ་སྨྲ་བ་ན། དངོས་པོ་རྟག་པ་དང་དངོས་མེད་ཆད་པར་སྨྲ་བའི་ཕྱོགས་དེར་ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་ལ་བློ་ཁ་ཅུང་ཟད་ཀྱང་ཕྱོགས་པར་གྱུར་པ་མ་ཡིན་ཏེ། གང་དངོས་པོར་ཡོད་པ་དང་མེད་པ་དོན་ལ་ཡོད་པ་དང་གྲུབ་ན་ནི་སྟོང་པ་ཉིད་ཅེས་བྱ་བ་ཅི་ཞིག་ཏུ་འགྱུར་ཏེ། དེ་ལས་མི་སྟོང་པ་གང་དུ་ཡོད་པའི་ཕྱིར། དོན་ལ་རྟག་པ་དང་ཆད་པའི་ཆོས་ལ་སྐྲག་པ་མེད་ན་སྟོང་པ་ཉིད་ཀྱི་མིང་ཅན་གྱི་ཆོས་ལ་ཁྱེད་མོས་པར་བྱེད་པ་ནི་ལྷ་དགའ་བར་བྱེད་པ་ཙམ་དུ་ཟད་པའི་ཕྱིར་དང༌། ཁྱད་པར་དངོས་པོ་མེད་པའི་སྟོང་ཉིད་དངོས་པོ་ལ་ལྡན་པར་འདོད་ན། ཡོད་པ་ལ་མེད་པ་ལྡན་པའི་རྣམ་གཞག་དེ་ལྟར་ན། དེ་ལྟར་ལྡན་བྱེད་ཀྱི་ལྡན་པ་དངོས་པོའམ་དངོས་མེད་གང་ཡིན། གང་ཡང་ཡིན་པ་དང་མིན་པའི་ལྡན་པའི་རྫས་ཞིག་གོ་ཞེས་བྱ་བ་ལ་སོགས་པར་སྨྲ་ན་ནི་བྱེ་བྲག་པ་ལྟར་འདོད་པས་ངོ་ཚ་བ་དང་བྲལ་བ་སྟེ། དེས་ན་གངས་ཅན་གྱི་ལྗོངས་འདིར་ཡང་དབུ་མ་ཐལ་འགྱུར་བའི་ལུགས་སུ་སྨྲ་བར་རློམ་ནས། བུམ་ཡོད་ལ་བུམ་པ་བདེན་མེད་ཀྱི་མེད་པ་དེ་བུམ་ཡོད་ཀྱི་ཡོད་པའི་ངོ་བོ་ལ་བྱས་མི་རྟག་ལྟར་གཅིག་ཏུ་འདོད་པ་ནི་ཡོད་པ་ལ་མེད་ཆོས་ཇི་ལྟར་ཡོད། མེད་པ་ཡོད་པ་དང་ངོ་བོ་གཅིག་ཏུ་སོང་ན་མེད་པ་དེ་མེད་པར་ཇི་ལྟར་འགྱུར་ལེགས་པར་བསམ་དགོས་པ་ཡིན་ནོ། །མྱང་འདས་བདག་གིར་གྱུར་ཅིག་ཅེས་སེམས་ཙམ་པ་སོགས་ཀུན་གཞིའི་བདག་ཉིད་ཅན་གྱི་གནས་ངན་ལེན་མི་འཛིན་པ་ན་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་ཁས་ལེན་ལ། དེ་ལྟར་ན་དངོས་གྱུར་གྱི་མྱང་འདས་ཁས་བླངས་པས་གང་དངོས་པོར་སྨྲ་བའི་ཕྱོགས་ལ་རང་(༡༧༥བ)


K800_Page_361
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་མྱང་འདས་མེད་ན་མི་གནས་པའི་མྱང་འདས་འབྱུང་བའི་སྐབས་ཡོད་པ་མིན་ནོ་ཞེས་རེ་བ་འབྲས་བུ་མེད་པར་བསྟན་པ་ཡིན་ནོ། །གསུམ་པ་ལ། ཀུན་རྫོབ་དང་འགལ་བ་སྤང་བ་དང༌། མཐོང་བ་དང་འགལ་བ་དང༌། ལས་འབྲས་དང་འགལ་བ་སྤང་བའོ། །དང་པོ་ལ། ཀུན་རྫོབ་དཔྱད་ནས་བཞག་བྱ་མིན་པ། དཔྱད་ན་བདེན་པ་གཉིས་ཅར་སྤྲོས་པ་དང་བྲལ་བའི་ཚུལ་ལོ། །དང་པོ་ནི། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །འཕགས་པའི་རྣལ་འབྱོར་པས་དོན་དམ་ལ་མཉམ་པར་གཞག་པ་ན། བདག་གཞན་གྱི་སྐྱེ་བ་དགག་པ་རིགས་ཆུག་སྟེ། དེར་སྐྱེ་བ་མེད་པའི་ཕྱིར། ཀུན་རྫོབ་ཏུ་ནི་རང་གི་མཚན་ཉིད་ཀྱི་དངོས་པོ་གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་ཏེ། གཟུགས་སོགས་མངོན་རྗེས་དག་གི་ཚད་མས་དམིགས་པའི་ཕྱིར། ཀུན་རྫོབ་ཚད་གྲུབ་མི་འདོད་པ་དེ་ལྟར་ན་ནི་བདེན་པ་གཉིས་མི་བརྗོད་པར་བདེན་གཅིག་ཁོ་ནར་འགྱུར་རོ། །བདེན་གཅིག་མར་འདོད་མི་ནུས་པ་དེའི་ཕྱིར་གཞན་སྐྱེ་ཀུན་རྫོབ་ཏུ་ཡོད་པར་གྲུབ་བོ་ཞེ་ན། བདེན་པ་གཉིས་ཞེས་པའང་བལྟོས་ནས་བཞག་གི། བདེན་པ་གཉིས་སུ་གྲུབ་ནས་གཉིས་སུ་བཞག་པ་མ་ཡིན་ཏེ། བལྟོས་བཞག་གི་ཚེ་ན་ཡང་བདེན་པ་དང་བརྫུན་པའི་བདེན་པ་གཉིས་ལས། འཇིག་རྟེན་བརྫུན་པའི་བདེན་པ་ཞེས་འགལ་འདུའི་ཚིག་ལ་སུ་ཡང་ངེས་པ་མི་འདྲེན་པས། བདེན་པ་བདེན་ཞེས་པ་ལ་རང་ཚིག་འགལ་བ་མེད་པ་ཙམ་ལ་ངེས་པ་འདྲེན་པར་ཡིད་ཆེས་སུ་རློམ་པའི་བློ་ངོ་དང་བསྟུན་ནས། བརྫུན་པ་མི་བདེན་པས་དེར་བལྟོས་ཀྱི་མི་བརྫུན་པ་བདེན་ནོ་ཞེས་པ་ཙམ་ཞིག་འཇིག་རྟེན་དང་མཐུན་པར་རྗེས་བརྗོད་དུ་སྨྲ་ཡི། ཐལ་འགྱུར་བ་རང་ལུགས་སུ་བདེན་པ་གཅིག་པར་བཞེད་པ་ནི་མ་ཡིན་(༡༧༦ན)


K800_Page_362
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། གྲགས་ངོར་ཅུང་ཟད་དཔྱད་ན་བདེན་གཅིག་མར་བརྗོད་པའང་ཡོད་དེ། བཅོམ་ལྡན་འདས་ཀྱིས། དོན་དམ་པར་ནི་བདེན་པ་གཉིས་ཡོད་པ་མིན་ཏེ། དགེ་སློང་དག་བདེན་པ་དམ་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་བརྫུན་པ་བསླུ་བའི་ཆོས་ཅན་ནོ། །ཞེས་འབྱུང་བའི་ཕྱིར། དཔེར་ན། འཇིག་རྟེན་པ་དང་བསྟུན་ནས་ཀུན་རྫོབ་ལའང་འཕྲལ་གྱི་འཁྲུལ་རྒྱུས་བསླད་མ་བསླད་ཀྱི་དབང་ལས་མ་བསླད་པའི་ཀུན་རྫོབ་ཀྱི་ཆ་ཀུན་རྫོབ་ཏུ་བདེན་གཅིག་མར་འདོད་ལ། ཅིག་ཤོས་ཀུན་རྫོབ་ཏུའང་བདེན་པར་མི་འདོད་པས་ཡང་ལོག་གཉིས་སུ་འབྱེད་པ་བཞིན་ནོ། །གནད་འདི་ལྟ་བུ་ནི་རྗེ་བཙུན་བླ་མ་ཆེན་པོ་སངས་རྒྱས་མཉན་པ་རས་ཆེན་གྱི་ཞལ་སྔ་ནས་ཉེ་བར་བརྒྱུད་དེ་ཁོ་བོའི་སྙིང་གི་པདྨ་རབ་ཏུ་སད་པ་ལྟ་བུ་ལས་གངས་ཅན་གྱི་ལྗོངས་འདིར་གསལ་བར་རྟོགས་པ་ཆེས་ཉུང་ངོ༌། །འདིར་ཟི་ལུང་པཎ་ཆེན་ན་རེ། དོན་དམ་བདེན་གཅིག་མར་བསྒྲུབ་པ་དབུ་མ་ཐལ་འགྱུར་བས་བར་དུ་བདག་ཟློག་གི་སྐབས་སུ་འཇོག་ལ། ཐ་མར་ལྟ་ཞིག་ཀུན་ཟློག་གི་སྐབས་སུ་ནི་འཇོག་པ་མ་ཡིན་ནོ་ཞེས་འཆད་དགོས་པ་བྱུང་ཞིང༌། དེ་ལྟར་ཡང་མི་འཐད་དེ། བར་དུ་བདག་ཟློག་གི་སྐབས་སུ་དེ་ལྟར་ཁས་ལེན་ན་དབུ་མ་པ་རང་ལུགས་སུ་དེ་ལྟར་ཁས་ལེན་པ་དང་འཇོག་པ་ཡིན་ནམ། གཞན་གྲགས་ཀྱི་རྗེས་བརྗོད་ཙམ་དུ་དེར་འཇོག་པ་ཡིན། དང་པོ་ལྟར་ན། ཐལ་འགྱུར་བ་ལ་རང་ལུགས་ཀྱི་དགག་སྒྲུབ་ཡོད་པར་འགྱུར་བ་དང༌། རིགས་པས་དཔྱད་ནས་རང་ལུགས་ལ་བདེན་གཅིག་བདེན་གསུམ་སོགས་ཀྱི་བདེན་པ་འཇོག་པ་དབུ་མ་པའི་(༡༧༦བ)


K800_Page_363
[མ་དཔེ་གཟིགས་ན་འདིར་གནོན།]

དགག་བྱ་དངོས་ཡིན་ལ། དེ་ཁས་ལེན་ན་དེ་ལས་མི་རིགས་པ་ཅི་ཞིག་ཡོད། གཉིས་པ་ལྟར་རོ་ཞེ་ན། འོ་ན་དེ་ཙམ་ཞིག་ནི་ལྟ་ཞིག་ཀུན་ཟློག་གི་སྐབས་སུའང་འཇིག་རྟེན་པ་དག་དང་མ་དཔྱད་པར་གཏན་དུ་སྨྲ་བ་ན། གཞན་གྲགས་ཀྱི་རྗེས་བརྗོད་དུ་དེ་ལྟར་བྱས་པ་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ལ། སྤྱིར་བར་དུ་བདག་ཟློག་དང་ཐ་མར་ལྟ་ཞིག་ཀུན་ཟློག་གང་གི་སྐབས་སུའང་འཇིག་རྟེན་པས་མ་དཔྱད་གཞན་གྲགས་ཙམ་དང་པོར་རྗེས་བརྗོད་བྱས་ནས། དེ་ནས་དེའི་དེ་ཉིད་རིགས་པས་དཔྱད་ནས་དང་པོར་ཆོས་ཅན་གང་ཟག་དང༌། ཆོས་ཀྱི་བདག་ཙམ་ལ་རང་གི་ངོ་བོ་སྒྲོ་འདོགས་སེལ་བར་བྱས་ཏེ་ཕྱིས་ཆོས་ཅན་གང་ཟག་དང༌། ཆོས་ཀྱི་བདག་རང་གི་ངོ་བོ་མ་མཆིས་པའི་བདག་མེད་ལ་སོགས་པའང་རང་གི་ངོ་བོར་གྲུབ་པའི་སྒྲོ་འདོགས་རང་གར་ཞི་བར་འགྱུར་བ་དང༌། དབང་རྟུལ་ཁ་ཅིག་ལ་མ་ཞི་ན་ཞི་བའི་ཆེད་དུ་དེ་ལྟར་སྒྲོ་སྐུར་བསལ་བ་ཡིན་གྱི། ཁྱེད་འདོད་པའི་བར་དུ་བདག་ཟློག་དང་ཐ་མར་ལྟ་ཞིག་ཀུན་ཟློག་སོགས་ནི་དང་པོར་བདེན་ཡོད་བཀག་ནས་བདེན་མེད་མེད་དགག་མིང་རྐྱང་སྒྲུབ། དེ་ནས་མེད་དགག་མིང་རྐྱང་བཀག་ནས་ཆད་མཐའ་འཛིན་པར་བྱེད་པ་འདི་ནི་དེ་ཁོ་ན་ཉིད་ཀྱི་དོན་ཁོང་དུ་ཆུད་པར་བྱེད་པའི་བསྒྲུབ་བྱ་སྒྲུབ་བྱེད་ཐམས་ཅད་ལས་རིང་དུ་གྱུར་ཏེ། སྤྲོས་པའི་ཚོགས་འགོག་པའི་སླད་དུ་སྤྲོས་པ་མང་པོ་ཆེད་དུ་སྤྲོས་ཏེ་དེར་ལྟ་བར་བྱེད་པའི་ཕྱིར་གླང་ཆེན་གྱི་ཁྲུས་དང་འདྲའོ། །འོ་ན་འཇིག་རྟེན་ན་བདེན་རྫུན་གྱི་བདེན་པ་གཉིས་སུ་གྲགས་པ་ལས། གཅིག་ཁོ་ན་འཇིག་རྟེན་པའི་ངོར་དེ་ཁོ་ན་ཉིད་རྟོགས་ཆེད་དུ་རྗེས་བརྗོད་དུ་སྨྲ་བས་ཆོག་གམ་སྙམ་ན་མི་(༡༧༧ན)


K800_Page_364
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་སྟེ། དོན་དམ་པར་རམ་ཡང་དག་པར་བདེན་པ་ཞིག་གི་ཆོས་འཇོག་ན་དེར་ལྟོས་ཀྱི་ཡང་དག་པར་རམ། ཀུན་ནས་བརྫུན་པར་བདེན་པའི་ཆོས་ཤིག་འཇོག་དགོས་པའི་ཕྱིར། དེ་མ་བཞག་ན་དོན་དམ་བདེན་པ་ལ་འཇུག་པའི་ཐབས་ཡོད་པ་མ་ཡིན་ཏེ། གང་ལ་བརྫུན་པ་མེད་པ་དེར་ནི་བདེན་པའང་མེད་པའི་ཕྱིར་ཏེ། ཀུན་རྫོབ་ཀྱི་བདེན་པ་ནི་དོན་དམ་ལ་འཇུག་པར་བྱེད་པའི་ཐབས་བླ་ན་མེད་པ་ཡིན་པའི་ཕྱིར། དེས་ན་མ་དཔྱད་པའི་ངོར་འཇིག་རྟེན་པ་དག་བུ་ནི་ཕ་བདག་གིས་བསྐྱེད་ནས་སྐྱེ་ཞིང༌། དེ་ཡང་ཕ་ལས་ཐ་དད་པའི་མ་གཞན་གྱི་མངལ་ནས་ཀྱང་བསྐྱེད་དེ་སྐྱེས་སོ་ཞེས་ཁས་ལེན་པར་བྱེད་དོ། །དེས་ནི་གང་ཕྱིར་ཀུན་རྫོབ་པའི་དངོས་པོ་འདི་དག་རྣམ་པར་དཔྱད་ན་དེ་ཁོ་ན་ཉིད་དོན་དམ་པའི་བདག་ཉིད་ཅན་གྱི་དངོས་ཆོས་སྐྱེ་འགག་དང་བྲལ་བ་ལས། ཚུ་རོལ་གཞན་དུ་ཀུན་རྫོབ་པའི་སྐྱེ་འགག་ཏུ་གྲུབ་པའི་གནས་རྙེད་པ་མ་ཡིན་པ་དེའི་ཕྱིར། དེ་ཁོ་ན་ཉིད་ལ་སེམས་པ་ན་ཀུན་རྫོབ་པའི་ཆོས་ལ་དཔྱོད་ཀྱི། འཇིག་རྟེན་པས་ཀུན་རྫོབ་ལ་མ་དཔྱད་པར་འཇོག་པ་ན་ནི་འཇིག་རྟེན་གྱི་ཐ་སྙད་བདེན་པ་ལ་རྣམ་པར་དཔྱད་པ་མི་བྱའོ། །དེས་ན་མ་དཔྱད་པ་ན་འཇིག་རྟེན་པས་མཐོང་བ་འདི་ཡོད་ན་འདི་འབྱུང་ཞེས་པ་ཙམ་ཞིག་གཞན་གྱི་རྗེས་བརྗོད་དུ་བྱ་བ་འཐད་དེ། དེའི་བླང་དོར་ལ་བརྟེན་ནས་དེ་ཉིད་ལ་འཇུག་དགོས་པའི་ཕྱིར། ཇི་སྐད་དུ། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །བཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡི་མ་གཏོགས་པར། །འཇིག་རྟེན་བཟུང་བར་ནུས་མ་ཡིན། །ཅེས་དང༌། བསྟན་བཅོས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་(༡༧༧བ)


K800_Page_365
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་སོ། །ཀུན་རྫོབ་ཀྱི་ཆོས་དཔྱད་པ་ན་འཇིག་རྟེན་གྱི་ངོར་ཐ་སྙད་ཐམས་ཅད་ཉམས་པར་འགྱུར་ཏེ། མདོ་ལས། དཔེར་ན་ཤིང་དང་རྒྱུད་ལ་བརྟེན་བྱས་ནས། །ལག་པས་རྩོལ་བ་བྱས་པ་གསུམ་ཚོགས་ན། །སྒྲོགས་བྱེད་པི་ཝང་གླིང་བུ་ལ་སོགས་ལས། །དེ་དག་ལས་སྐྱེས་སྒྲ་ཡང་འབྱུང་བར་འགྱུར། །དེས་ན་མཁས་པ་ལ་ལས་བརྟགས་བྱས་ཏེ། །དེ་ནི་གང་ནས་འོང་ལ་གར་སོང་ཞེས། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བརྟགས་བྱས་ན། །སྒྲ་ཡི་འགྲོ་བའམ་འོང་བ་རྙེད་མི་འགྱུར། །དེ་ལྟར་རྒྱུ་དག་དང་ནི་རྐྱེན་དག་ལས། །འདུ་བྱེད་གྱུར་པ་ཐམས་ཅད་འབྱུང་བ་སྟེ། །ཡང་དག་མཐོང་བའི་རྣལ་འབྱོར་པ་ཡིས་ནི། །འདུ་བྱེད་སྟོང་པ་གཡོ་བ་མེད་པར་མཐོང༌། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ནི། །ནང་ཡང་སྟོང་ལ་ཕྱི་རོལ་སྟོང་པ་སྟེ། །སེམས་ཅན་དག་གིས་སྟོང་ཞིང་གནས་མེད་ལ། །ཞེས་སོགས་རྒྱ་ཆེར་འབྱུང་ངོ༌། །ངག་དོན་དགོས་པའི་དབང་གིས་ཐ་སྙད་ཁས་བླངས་ནས་དེར་འཇུག་པ་ན་དཔྱད་ནས་དེར་ཁས་བླང་བར་བྱ་བ་མིན་ཏེ། དཔྱད་ན་མི་རྙེད་པས་ཐ་སྙད་ཀྱི་རྣམ་གཞག་གང་ཡང་བཞག་ཏུ་མི་རུང་བའི་ཕྱིར་རོ། །ཡང་ཐ་སྙད་ཀྱི་མཚན་མས་འཆིང་བར་འགྱུར་བའི་ཚེ་ན་ནི་ཐ་སྙད་ལ་རིགས་པས་བརྟགས་ཤིང་དཔྱད་ནས་སྤྲོས་མཚན་ཞི་བའི་ཆེད་དུ་འབད་པར་བྱའོ། །གང་ཐ་སྙད་ལ་རིགས་པས་དཔྱད་ནས་འཇོག་པ་རྣམས་ནི་ཐ་སྙད་ཀྱི་རྣམ་གཞག་ཕྱིན་ཅི་ལོག་ཏུ་བཞག་པར་འགྱུར་བ་ཡིན་ཏེ། ཐ་སྙད་རིགས་པས་དཔྱད་ནས་རྙེད་ན་དོན་དམ་དུ་འགྱུར་གྱི། ཐ་སྙད་དུ་མི་རུང་ལ། མ་རྙེད་(༡༧༨ན)


K800_Page_366
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་ཐ་སྙད་སྟོར་ཞིང་དོན་དམ་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །དངོས་པོ་ལ་ཞེན་ལྟ་ཅན་དག་དངོས་པོར་གྲུབ་པ་ཐམས་ཅད་བདེན་པ་གཉིས་ཀར་ཡོད་པ་རྣམ་པར་དཔྱད་པ་ལ་འཇིག་རྟེན་ཆད་ཀྱི་དོགས་པས་བྲེད་དེ་འཁོར་འདས་དང་ཀུན་ནས་ཉོན་མོངས་དང༌། རྣམ་བྱང་གི་རྒྱུར་གྱུར་པའི་རྫས་ཀྱི་ངོ་བོར་གྲུབ་པའི་ཆོས་ཤིག་ཡོད་དོ་ཞེས་སྨྲ་ན། དེ་ལྟར་ཡོད་དོ་ཞེས་ཚིགས་ཏུ་སྨྲས་ཀྱང་གནས་ཚོད་ལ་འགྲུབ་པ་མ་ཡིན་པས། དོན་དམ་དེ་ཁོ་ན་ཉིད་དཔྱོད་པའི་སྐབས་སུ་ཇི་སྐད་བཤད་པའི་རིགས་པ་གང་ཞིག་གིས་དངོས་པོ་རྣམས་བདག་དང་གཞན་ལས་སྐྱེ་བ་རིགས་པ་མ་ཡིན་པར་གྲུབ་པའི་རིགས་པ་དེས་ཐ་སྙད་དུ་ཡང་བདག་གཞན་ལས་སྐྱེ་བ་སོགས་རིགས་པ་མ་ཡིན་པས་ཁྱོད་ཀྱི་བདེན་པ་གཉིས་ཀར་སྐྱེ་བ་གང་གི་ཡིན་པར་འགྱུར་ཏེ་སྐྱེ་བར་མི་འགྲུབ་བོ། །བདེན་པ་གཉིས་ཀར་སྐྱེ་བ་མེད་པ་འདིའང་རྣལ་འབྱོར་པའི་བློ་ལ་བལྟོས་ཏེ་སྐྱེ་སོགས་ཀྱི་མཚན་མ་ཉེ་བར་ཞིའོ་ཞེས་བཞག་གི། གཞན་དུ་ན་སྐྱེ་མེད་ཀྱི་མཚན་མེད་ཅེས་གྲུབ་པ་དང༌། དེ་ལྟར་འཇོག་བྱེད་ཀྱང་མེད་པས་ཐམས་ཅད་ཀྱང་བརྡ་ཙམ་ལས་སྙིང་པོར་གྱུར་པ་འགའ་ཙམ་ཡང་གར་ཡོད། ཡང་དབུ་མ་རང་རྒྱུད་པ་ཁ་ཅིག་འཁྲུལ་སྣང་སྒྱུ་མ་ལྟ་བུ་འདི་དཔྱད་ན་ཀུན་རྫོབ་ཏུ་ཡང་སྤྲོས་པ་དང་བྲལ་བར་འརྗོད་བཞིན་དུ་ཀུན་རྫོབ་ཏུ་སྐྱེ་སོགས་མི་འགོག་ཅེས་སྨྲ་བ་ནི་འཇིག་རྟེན་པ་དེ་ཉིད་ལ་གཞུག་ཆེད་དང༌། ལས་དང་པོའི་སྤྱོད་པ་ཉམས་ལེན་ལ་ཞིབ་ཏུ་རེ་ནས་དེ་ལྟར་འཆད་པར་བྱེད་མོད། དེའི་ཆེད་དུ་དེ་ལྟར་ཁས་ལེན་མི་དགོས་པ་དང༌། དགོས་ནའང་ཁྱེད་རང་ལ་ནང་འགལ་དུ་འགྱུར་རོ་ཞེས་སྐྱོན་རྒྱས་པར་བརྗོད་ཟིན་པའི་ཕྱིར་མི་འཐད་ལ། (༡༧༨བ)


K800_Page_367
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་གཏན་ལ་ཕབ་ནས་སྒོམ་པས་ཉམས་སུ་བླང་བའི་ཚེ་སྤྲོས་མཚན་མ་ལུས་པ་བཅད་ནས་དེ་ཉིད་ལ་འཇུག་པ་ན་ཀུན་རྫོབ་ཏུ་སྐྱེ་སོགས་མི་འགོག་གོ་ཞེས་མཚན་མར་ཞེན་པ་དེ་ལས་ཐ་ཆད་པ་ཅི་ཞིག་ཡོད། ཡང་བློ་བརྟན་སོགས་ཁ་ཅིག་བདག་ལས་མ་ཡིན་ཅེས་སོགས་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀུན་བརྟགས་ཀྱི་ངོ་བོ་ཉིད་ཁོ་ན་བཀག་པ་ཡིན་གྱི། གཞན་དབང་གི་ངོ་བོ་ཉིད་བཀག་པ་མིན་པར་སྨྲ་ཞིང༌། བཅོམ་ལྡན་འདས་ཀྱིས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་གསུངས་པ་རྣམས་ཀྱང་ཀུན་བརྟགས་ཀྱི་མཚན་ཉིད་མེད་པ་ལ་དགོངས་ནས་གསུངས་པ་ཡིན་གྱི། གཞན་དབང་དེ་ལ་དགོངས་ནས་མ་ཡིན་ནོ་སྙམ་དུ་སེམས་པའི་རྣམ་རིག་པ་ཁ་ཅིག་དང༌། དབུ་མ་པ་ཁ་ཅིག་བརྟག་པ་འགོག་གི་སྣང་བ་དགག་མི་ནུས་ཤིང༌། དགག་ན་རང་ལ་མངོན་སུམ་སོགས་ཀྱིས་གནོད་ཟེར་ཏེ། བདེན་གཉིས་ལས། སྣང་བའི་ངོ་བོ་གང་ཡིན་པ། །དེ་ནི་འགོག་པ་མ་ཡིན་ནོ། །ཉམས་སུ་མྱོང་བ་གང་ཡང་ནི། །དགག་པར་རིགས་པ་མ་ཡིན་ནོ། །སྐྱེ་ལ་སོགས་པའི་རྣམ་པ་གང༌། །སྣང་བ་ཡིན་ལ་དེ་ཡང་ནི། །ཡང་དག་པར་ཞེས་བྱ་སོགས་པར། །གཞན་གྱིས་ཡོངས་སུ་བརྟགས་པ་འགོག །དེ་བས་འདིར་ནི་དེ་ལྟ་བུའི། །བརྟགས་པ་ཁོ་ན་དགག་པར་རིགས། །བརྟགས་པ་མ་ཡིན་འགོག་པ་འདི། །བདག་ལ་གནོད་འགྱུར་འབའ་ཞིག་གོ། །ཞེས་དང༌། འགྲེལ་པར། རྣམ་པར་རྟོག་པ་ལ་སྣང་བའི། །གཙོ་བོ་ལ་སོགས་ཡང་དག་པར། །(༡༧༩ན)


K800_Page_368
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་རྣམས་ཀྱི་རྒྱུར་གྱུར་པ། །གཞན་གྱིས་བརྟགས་གང་དེ་འགོག་གོ། །ཞེས་འབྱུང་བ་ལྟར་རོ་ཞེ་ན། དེ་ལྟར་འདོད་པ་ལ་སྒྲུབ་བྱེད་མེད་པས་བརྟག་མི་བཟོད་ལ། དངོས་པོ་ལ་མངོན་པར་སྲེད་པ་དག་གཞན་དབང་གི་དངོས་པོ་དང་སྣང་ཙམ་བསླུ་མེད་དུ་འདོད་པ་ལ་ཡང་གཞུང་འདི་ཉིད་འདོན་པ་བསྒྱུར་ཏེ། ཀུན་བརྟགས་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བར་རིགས་མིན་པའི། །རིགས་དེས་གཞན་དབང་ལ་ཡང་རིགས་མིན་པས། །གཞན་དབང་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཀུན་བརྟགས་སྐབས་སུ་རིགས་གང་ཞིག་གིས། །སྤྲོས་དང་མཚན་མ་ཐམས་ཅད་ཉེར་ཞི་བའི། །རིགས་དེས་གཞན་དབང་ལ་ཡང་མཚུངས་མིན་ནམ། །གཞན་དབང་སྤྲོས་པ་གང་གིས་རྙེད་པར་འགྱུར། །གཞན་དབང་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། །རིགས་དེས་སྣང་ཙམ་ལ་ཡང་རིགས་མིན་པས། །བསྙོན་མེད་སྣང་ཙམ་གང་གི་ཡིན་པར་འགྱུར། །གཞན་དབང་སྐབས་སུ་རིགས་པ་གང་ཞིག་གིས། །སྤྲོས་དང་མཚན་མ་ཐམས་ཅད་ཉེར་ཞི་བའི། །རིགས་དེས་སྣང་བ་ལ་ཡང་མཚུངས་མིན་ནམ། །སྣང་ཙམ་སྤྲོས་པ་གང་གིས་རྙེད་པར་འགྱུར། །ཞེས་སྦྱར་ཏེ། ཐ་སྙད་དུའང་གཞན་སྐྱེ་སོགས་བཀག་པ་འདི་གཞན་དབང་དང་སྣང་ཙམ་སོགས་སྤྲོས་ཆོས་ཀྱི་ལྷག་མ་གཞར་ཡང་རྨེགས་མེད་པར་དངོས་པོར་ལྟ་བའི་ཚེར་མ་དྲུངས་ནས་འབྱིན་པའི་ཆེད་དུ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་ལེགས་པར་གསུངས་པ་ལ། དཔལ་ཙོང་ཁ་པ་ཆེན་པོས། དབུ་མའི་གསུངས་རབ་རབ་འབྱམས་ཀྱི་རིགས་པའི་(༡༧༩བ)


K800_Page_369
[མ་དཔེ་གཟིགས་ན་འདིར་གནོན།]

དགག་བྱ་ནི་ཡུལ་རང་གི་ངོ་བོ་སྡོད་ལུགས་ཀྱིས་གྲུབ་པའི་བདེན་གྲུབ་པ་ཡིན་ལ། ཐ་སྙད་ཚད་གྲུབ་འདི་ནི་རིགས་པའི་དགག་བྱ་མ་ཡིན་ཏེ། ཡིན་ན་ཆད་མཐའ་ཆེན་པོར་ལྟུང་བའི་ཕྱིར་ཞེས་སྨྲ་བ་ནི། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་མངའ་བ་དེས་གཞུང་རྩ་འགྲེལ་འདིར་གང་བཀག་པའི་ཕྱོགས་དེ་ཉིད་བཟུང་ནས་སློབ་དཔོན་འདི་འགོག་པར་ཟད་དེ། ས་པཎ་གྱིས། ཆོས་ཀྱི་གྲགས་པའི་གཞུང་བཟུང་ནས། །བདག་ཉིད་ཆེན་པོའི་རིགས་པ་འགོག །ནགས་ལ་གནས་པའི་སྤྲེའུ་དག །ལྗོན་པའི་ཤིང་ལ་མི་གཙང་འཐོར། །ཅེས་འབྱུང་བ་ལྟར། ཟླ་གྲགས་ལུགས་བཟང་འཆད་དོ་ཞེས། །ཟླ་གྲགས་དགོངས་དོན་ཟབ་མོ་རྣམས། །དངོས་འཛིན་དྲག་པོའི་སྡང་སེམས་ཀྱིས། །འབད་དེ་རབ་ཏུ་འགོག་བྱེད་མཚར། །དེས་ན་དཔལ་ལྡན་ཟླ་བའི་ཞབས་ཀྱི་རིགས་པ་དྲི་མེད་སྟོན་པའི་གཞུང་འདི་ཁྱེད་ཀྱི་དངོས་པོར་སྨྲ་བའི་ལུགས་དེ་ལ་འདོན་པ་བསྒྱུར་ནས་འདོན་རིགས་པས། བདེན་གྲུབ་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། །རིགས་དེས་ཐ་སྙད་ཚད་གྲུབ་རིགས་མིན་པས། །ཐ་སྙད་ཚད་གྲུབ་གང་གིས་ཡིན་པར་འགྱུར། །བདེན་གྲུབ་སྐབས་སུ་རིགས་པ་གང་ཞིག་གིས། །སྤྲོས་དང་མཚན་མ་ཐམས་ཅད་ཉེར་ཞི་བའི། །རིགས་དེས་ཐ་སྙད་ཚད་གྲུབ་ཅིས་མི་མཚུངས། །ཐ་སྙད་ཚད་གྲུབ་གང་གིས་རྙེད་པར་འགྱུར། །ཐ་སྙད་ཚད་མས་གྲུབ་པར་བྱེད་ཅེས་པའི། །སྒྲུབ་བྱེད་དེ་ནི་དཔལ་ལྡན་ཟླ་བ་དེས། །ཐལ་འགྱུར་ལུགས་འདིར་སྒྲུབ་བྱེད་བསྒྲུབ་བྱ་དང༌། །མཚུངས་པར་གྲུབ་མིན་རྩལ་དུ་བཏོན་ནས་དགག །ཀྱེ་མ་ཁྱེད་ཅག་ཐལ་འགྱུར་སྨྲའོ་ཞེས། །ཐལ་འགྱུར་གཞུང་བཟང་གང་(༡༨༠ན)


K800_Page_370
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་བའི་དོན། །ཐལ་འགྱུར་བ་ཡི་དགོངས་པར་མི་འཆད་ཅིང༌། །དེ་ཡིས་གང་བཀག་དེ་ཡིས་བཞེད་ཅེས་ཅི། །ཞེས་སྨྲས་སོ། །གཉིས་པ་ལ། སྤྲོས་པ་དང་བྲལ་ཡང་རྒྱུ་འབྲས་སུ་སྣང་བ་མི་འགལ་བའི་ཚུལ། དེས་རྟག་ཆད་དང་བྲལ་བར་བསྟན་པའོ། །དང་པོ་ནི། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། །ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང༌། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །བདེན་པ་གཉིས་ཀར་རང་གི་ངོ་བོས་སྐྱེ་བ་མེད་ན་སྐྱེ་སོགས་ཀྱི་ངོ་བོ་འཇིག་རྟེན་དུ་ཇི་ལྟར་དམིགས་ཤེ་ན། སྐྱེ་སོགས་འཇིག་རྟེན་དུ་དམིགས་པས་འཇིག་རྟེན་དུ་བདེན་པ་གཉིས་ཀར་སྐྱེ་སོགས་གྲུབ་བདེན་དུ་ཡོད་པ་ཆེས་འགལ་བར་སྨྲས་པའོ། །ཞེས་སྟོན་པ་ནི་དངོས་པོ་རང་བཞིན་གྱིས་སྟོང་པ་གཟུགས་བརྙན་དང་སྒྱུ་མ་ལ་སོགས་པ་ནི་མེ་ལོང་དང་བྱད་བཞིན་དང་ཤིང་བུ་རྡེའུ་དང་སྔགས་སོགས་རྒྱུ་རྐྱེན་གྱི་ཚོགས་པ་ལ་བལྟོས་ནས་འབྱུང་ཞིང༌། དམིགས་པ་རྣམས་འཇིག་རྟེན་ན་མ་གྲགས་པའང་མ་ཡིན་ལ། འབྲས་བུ་རང་བདེན་པ་མིན་པ་འབྲས་བུ་ལྟར་སྣང་བ་ལ་རྒྱུ་རྐྱེན་ལ་བལྟོས་ནས་འཇོག་ཀྱང་རྒྱུ་རྐྱེན་རང་བདེན་པར་གྱུར་པ་ནི་མ་ཡིན་ཏེ། ཇི་ལྟར་མེ་ལོང་ལ་སོགས་པ་དེར་ནི་དམིགས་རྐྱེན་གཟུགས་བརྙན་ལ་སོགས་པའི་རྒྱུ་རང་བཞིན་གྱིས་སྟོང་པ་ལས་ཡུལ་ཅན་དེའི་འབྲས་བུ་ཤེས་པ་གཟུགས་བརྙན་དེའི་རྣམ་པར་སྐྱེ་འགྱུར་དེ་ལྟ་བུའི་ཕྱིར། དཔེ་དེ་བཞིན་རྒྱུ་འབྲས་གཉིས་ཀ་རང་བཞིན་པ་མིན་ཏེ། སྤྲུལ་པ་ལས་སྤྲུལ་པ་འབྱུང་བ་ལྟ་བུའི་ཕྱིར། སྟོང་ཉིད་བདུན་ཅུ་པ་ལས། དེ་ལ་དེ་བཞིན་གཤེགས་སྤྲུལ་སྟོང༌། །སྤྲུལ་པས་སྤྲུལ་པ་སྨོས་ཅི་དགོས། །ཞེས་སོ། །དེ་བཞིན་དུ་སྒྱུ་མ་ལ་སོགས་པ་བརྫུན་པའི་དཔེ་ཐམས་ཅད་ལ་སྦྱར་ཏེ་ཤེས་པར་བྱའོ། །དེ་བཞིན་གཟུགས་སོགས་དངོས་པོ་ཐམས་ཅད་རྒྱུ་(༡༨༠བ)


K800_Page_371
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཐ་དད་དུ་མི་གནས་པའི་ཚུལ་གྱི་རང་བཞིན་གྱིས་སྟོང་ན་ཡང་རང་གི་རྒྱུ་རྐྱེན་གྱིས་སྟོང་པ་ཉིད་དག་ལས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་འབྲས་བུ་འཇིག་རྟེན་གྱི་ངོར་ཐ་སྙད་ཙམ་དུ་རབ་ཏུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ཞིག་གྲགས་སོ། །དེས་ན་སེམས་འགྲེལ་ལས། མདོར་ན་སྟོང་པའི་ཆོས་ལས་ནི། །སྟོང་པའི་ཆོས་རྣམས་འབྱུང་བ་ཡིན། །བྱེད་པོ་ལས་དང་འབྲས་མྱོང་བ། །ཀུན་རྫོབ་ཏུ་ནི་རྒྱལ་བས་བསྟན། །གང་ཕྱིར་ཕྱི་རོལ་རྟེན་འབྱུང་ཡང༌། །ཚོགས་པ་དག་ལས་འབྱུང་བ་ཡི། །རྔ་ཡི་སྒྲ་དང་མྱུ་གུ་བཞིན། །རྨི་ལམ་སྒྱུ་མ་ཡིན་པར་འདོད། །ཆོས་རྣམས་རྒྱུ་ལས་སྐྱེ་བ་དང༌། །ཅུང་ཟད་འགལ་བར་མི་འགྱུར་ཏེ། །རྒྱུ་ནི་རྒྱུ་ཉིད་ཀྱིས་སྟོང་པ། །སྐྱེ་བ་མེད་པ་ཉིད་དུ་རྟོགས། །ཞེས་སོ། །དེ་ལྟར་གཟུགས་བརྙན་གྱི་ཆོས་ཀྱི་རྒྱུ་འབྲས་ལ་རང་བཞིན་མེད་པར་ཤེས་བཞིན་མཁས་པ་སུ་ཞིག་གཟུགས་སོགས་རྒྱུ་འབྲས་ཐ་དད་དུ་མ་གྲུབ་པ་གྲུབ་པ་ལྟར་སྣང་ཙམ་དུ་དམིགས་པས་དེ་ལ་རང་བཞིན་དང་བཅས་པར་ངེས་པ་ག་ལ་བྱེད་རིགས་ཏེ། ཡོད་པར་སྣང་ཡང་རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར། ཇི་སྐད་དུ། མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས་སོ། །གཉིས་པ་ནི། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་པའང་མིན། །རྟེན་འབྱུང་གི་ཆོས་དེ་དག་རྟག་པ་མ་ཡིན་ཆད་པའང་མ་ཡིན་ཏེ། བདེན་པ་གཉིས་སུའང་རང་གི་ངོ་བོ་ཉིད་ཀྱི་རང་བཞིན་མེད་པའི་ཕྱིར། གཟུགས་བརྙན་ལྟར་རོ། །དེས་ན་འདི་ལས་གཞན་དུ་དཔལ་ཙོང་ཁ་པ་ཆེན་པོ་རྗེས་འབྲངས་དང་བཅས་པ་ལ་འདི་འདྲི་བར་བགྱི་སྟེ། ཁྱེད་ཅག་རང་(༡༨༡ན)


K800_Page_372
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལ་བདེན་གཉིས་ལ་རང་བཞིན་དང་མཚན་ཉིད་ལེགས་པར་འཇོག་གིན་འདུག་པས་དེ་ལྟར་ན་མཚན་ཉིད་དང་རང་བཞིན་ཡོད་མེད་ཅན་དུ་སྨྲས་ཀྱང་མཐར་ལྟ་བ་ཉིད་དུ་སྨྲ་ཞིང༌། སེམས་པར་སོང་བས་རྟག་ཆད་མཐའ་དག་ལས་གྲོལ་བའི་ཟབ་མོ་སྟོང་པ་ཉིད་ཀྱི་དོན་འདི་རྒྱང་རིང་པོ་ནས་དོར་བར་བྱས་པ་ཡིན་ཏེ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ནི་ཐ་སྙད་ཚད་གྲུབ་ཏུ་ཡོད་པར་ཀུན་རྫོབ་ཏུ་ཁས་ལེན། དོན་དམ་བདེན་པ་ནི་རིགས་ཤེས་ཚད་མས་བདེན་མེད་དང་བདག་མེད་དུ་གྲུབ་ཅིང༌། ཡོད་པར་དོན་དམ་དུ་ཁས་ལེན་པའི་ཕྱིར། དེ་ལྟར་ན་གཞུང་རྩ་འགྲེལ་འདི་དག་གི་ཕྱོགས་སྔར་གང་བཞག་པ་དེ་རང་ལུགས་སུ་ཁས་བླངས་པར་འགྱུར་ཏེ། བདེན་པ་གཉིས་ཀར་རང་བཞིན་ཁས་བླངས་པའི་ཕྱིར་ཏེ། ཀུན་རྫོབ་ཏུ་ནི་ཡོད་པའི་རང་བཞིན་དང༌། དོན་དམ་པ་ནི་བདེན་པར་མེད་པ་ཞེས་མེད་པའི་རང་བཞིན་ཁས་བླངས་པའི་ཕྱིར། དེ་ལ་རང་བཞིན་ཁས་མ་བླངས་ཏེ། རང་བཞིན་ནི་ཡུལ་རང་ངོས་རང་དབང་དུ་བདེན་པར་གྲུབ་པ་ཁོ་ན་ལ་འཇོག་གི། བདེན་གཉིས་ཀྱི་ཡོད་མེད་ཙམ་གྱི་རང་བཞིན་ནམ་རང་གི་ངོ་བོ་བཞག་པས་རང་བཞིན་ཁས་བླངས་པར་མི་འགྱུར་བའི་ཕྱིར། ཞེས་ཟེར་རོ། །བདེན་པ་གཉིས་ལ་རྫོགས་པའི་སངས་རྒྱས་དང༌། དཔལ་མགོན་ཀླུ་སྒྲུབ་སོགས་ཀྱིས་རང་བཞིན་ཡོད་མེད་དཔྱད་པར་མཛད་པ་ནི། ཤེས་བྱ་ལ་ཐ་སྙད་ཀྱིས་འཇུག་པའི་འཇིག་རྟེན་གྲགས་པའི་ངོར་བྱས་ཀྱི། བདེན་གཉིས་ཀྱི་ངོ་བོའམ་རང་བཞིན་ལ་ངོ་བོ་དང་རང་བཞིན་ཡོད་མེད་དཔྱད་པར་མཛད་པ་ལས་གཞན་དུ་ཤེས་བྱར་མེད་པའི་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་དང་འདྲ་བའི་ཆོས་ཤིག་ལ་རང་བཞིན་ཡོད་མེད་དཔྱད་(༡༨༡བ)


K800_Page_373
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་པ་མ་ཡིན་ཏེ། དེ་ལྟར་མཛད་མི་དགོས་པའི་ཕྱིར་དང༌། ཁྱད་པར་ཙོང་ཁ་པ་བཞེད་པའི་རྟགས་ཀྱི་དགག་བྱའི་བདེན་གྲུབ་དེ་བདེན་གཉིས་གང་གིའང་སྣང་ཙམ་འཇིག་རྟེན་པའི་ངོར་ཡང་ངོ་བོ་དང་རང་བཞིན་མ་ཡིན་པས་དེ་ལྟ་བུ་དེའི་རང་ངོ་སྟོང་པས་བདེན་གཉིས་ཀྱི་རང་བཞིན་སྟོང་པར་མི་འགྲུབ་པའི་ཕྱིར། རི་བོང་གི་རྭ་མ་སྐྱེས་པས་མྱུ་གུ་མ་སྐྱེས་པར་མི་འགྱུར་བ་དང༌། མོ་གཤམ་གྱི་བུ་ཚེ་དང་མི་ལྡན་པས་སྐྱེས་བུ་ལྷས་བྱིན་ཚེ་དང་མི་ལྡན་པར་མི་འགྱུར་བ་བཞིན་ནོ། །དེར་མ་ཟད་ཁྱེད་ལྟར་ན་རང་བཞིན་ཞེས་བྱ་བ་དེ་ཡང་ཡུལ་རང་གི་ངོ་བོས་སྡོད་ལུགས་ཀྱི་བདེན་གྲུབ་ཁོ་ན་ལ་འཇོག་རིགས་པར་ཐལ། རང་བཞིན་མེད་པ་ཞེས་པ་དེ་ཡུལ་རང་གི་ངོ་བོས་སྡོད་ལུགས་ཀྱི་བདེན་པར་མ་གྲུབ་པ་ཁོ་ན་ལ་བརྗོད་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་འཇིག་རྟེན་གྱིས་གྲུབ། འདོད་ན། བདེན་གྲུབ་ཀྱི་ཆོས་ཤེས་བྱ་ལ་ཡོད་པར་ཐལ། ཤེས་བྱ་ལ་བདེན་གཉིས་ཀྱི་རང་བཞིན་དང་མཚན་ཉིད་དང་ངོ་བོ་རང་ལུགས་ལ་ཚད་གྲུབ་ཏུ་ཡོད་པ་གང་ཞིག་རང་བཞིན་ལ་བདེན་གྲུབ་ཀྱིས་ཁྱབ་པའི་ཕྱིར། ངག་དོན། ཀུན་རྫོབ་ཏུ་ཐ་སྙད་ཚད་གྲུབ་ཀྱི་ལས་རྒྱུ་འབྲས་བསླུ་མེད་རིགས་པས་གནོད་ཡུལ་མིན་པར་ཡོད་པ་དེ་ཆོས་ཅན། དེ་ལྟའི་དངོས་པོ་རྟག་པར་ཐལ། དེ་ལྟའི་དངོས་པོ་དོན་བྱེད་ཆ་དེ་དབུ་མའི་རིགས་པས་བདེན་པ་གཉིས་ཀར་རྟགས་ཀྱི་དགག་བྱའི་ཡུལ་མ་ཡིན་ཅིང༌། དེ་མ་ཡིན་ན་ཐ་སྙད་ཚད་མས་དེ་ཡོད་པར་གྲུབ་པས་མེད་པའི་ཆད་པ་ཉིད་དུ་མ་དམིགས་ལ། ཡོད་པའམ་རྟག་ན་མེད་པ་དང་ཆད་པ་མ་ཡིན་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་འཇིག་རྟེན་གྱིས་གྲུབ། འདོད་(༡༨༢ན)


K800_Page_374
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཅིར་འགྱུར། ཡང་གང་དུ་དངོས་པོ་ཚད་གྲུབ་ཀྱི་ཡོད་པ་རང་བདེན་པར་མི་བསླུ་བ་དེ་ལྟར་ན་ཆོས་ཅན། རྟེན་འབྱུང་སྒྱུ་མ་ལྟ་བུའི་དངོས་ཆོས་རྒྱུན་ཆད་པར་ཐལ། ཐ་སྙད་ཚད་གྲུབ་ཀྱི་རང་གི་ངོ་བོ་མི་བདེན་པའི་རྒྱུ་རྐྱེན་བཅོས་མ་ལས་དངོས་ཆོས་ཀྱི་འབྲས་བུ་བཅོས་མ་བསླུ་ཆོས་ཐ་སྙད་དུའང་བརྫུན་པ་མི་འབྱུང་བར་ཐ་སྙད་ཚད་གྲུབ་ཀྱི་རྒྱུ་འབྲས་རང་བདེན་པ་འབྱུང་བའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་འཇིག་རྟེན་གྱིས་གྲུབ། ཅེས་ཀླུ་སྒྲུབ་ཀྱིས་སྔོན་ཉིད་ནས་གསུངས་པ་མ་ཡིན་ནམ། ཁྱབ་པ་འཇིག་རྟེན་གྱིས་གྲུབ་ཅེས་པ་འདི་ནི་རྨ་བྱ་བ་ཆེན་པོ་བྱང་ཆུབ་བརྩོན་འགྲུས་ཀྱི་དབུ་མའི་སྟོང་ཐུན་ཆུང་བར། ཇི་སྐད་དུ། གང་དབུ་མ་དག་གི་རྗེས་སུ་འགྲོ་བ་དང༌། ལྡོག་པར་སྨྲ་བ་དག་ནི་འཇིག་རྟེན་པ་ཉིད་ཀྱིས་ཁས་བླངས་པ་ཡིན་ལ། འཇིག་རྟེན་དང་མཐུན་པར་འཇུག་སྟེ་རྒོལ་བ་ན། རྩོད་མེད་ཆེ་བའི་བདག་ཉིད་ཆེན་པོ་སློབ་དཔོན་ཀླུ་སྒྲུབ་དང༌། ཟླ་གྲགས་སོགས་ཀྱང་དེའི་རྗེས་བརྗོད་མཛད་པ་ཙམ་དུ་ཟད་པའི་ཕྱིར། གཞན་དུ་རྗེས་སུ་འགྲོ་ལྡོག་ནི་གང་དུའང་ཁས་མ་བླངས་པའི་ཕྱིར། ཞེས་སོ།།མདོར་ན། ཡོད་མེད་ཀྱི་ཆོས་གང་ཡང་དབུ་མ་པས་རང་ལུགས་ལ་འཇོག་པ་མ་ཡིན་ཏེ། དེ་ལྟར་འཇོག་ཅིང་ཁས་བླངས་ན་རྟག་ཆད་ཀྱི་མཐའ་ཆེན་པོར་རྟོག་པར་འགྱུར་བའི་ཕྱིར་ཞེས་རྫོགས་པའི་སངས་རྒྱས་དང་ཀླུ་སྒྲུབ་ཞབས་སོགས་བཞེད་པ་ཡིན་ཏེ། མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་གཟུགས་རྟག་གོ་ཞེས་བྱ་བ་དང༌། མི་རྟག་གོ་ཞེས་བྱ་བ་མ་དམིགས་ཏེ། དེ་གཟུགས་ཉིད་ཀྱང་མི་དམིགས་ན་རྟག་པའམ་མི་རྟག་པ་ལྟ་ག་ལ་འགྱུར། (༡༨༢བ)


K800_Page_375
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་རྣམ་མཁྱེན་གྱི་བར་གསུངས་ལ། བསྟན་བཅོས་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་བལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ལྟ་བར་འགྱུར། །ཞེས་དང༌། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་བལྟ་བ་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་སོགས་འགྱུར་ལ། དེས་ན་རང་ལུགས་ལ་དངོས་པོ་རྟག་པ་དང་མི་རྟག་པ་ཁས་བླངས་པས་ཅིར་སོང་སྙམ་ན། རྟག་པ་དང་ཆད་པ་གང་ཡང་རུང་བར་དོན་ལ་ཁས་བླངས་པར་སོང་ལ། དེར་མ་ཟད་ཡོད་མེད་གང་ཡང་རུང་བ་ཞིག་རང་ལུགས་ལ་ཁས་བླངས་པ་དེའི་ཚེ་རྟག་པ་དང་ཆད་པ་གཉིས་ཀ་དོན་གྱིས་ཁས་བླངས་པ་ཡིན་ཏེ། གང་ཆོས་མེད་པ་ཁས་བླངས་པ་དེས་ནི་ཆོས་དེ་ཆད་པར་སོང་ལ། དེ་མེད་ན་མེད་པ་དེར་བལྟོས་ཀྱི་ཡོད་པའི་ཆོས་ཤིག་སྲིད་པར་འགྱུར་ཞིང༌། དེ་ལྟར་གྱི་ཡོད་པ་དེ་མེད་པའི་ཆད་པ་དེར་བལྟོས་ནས་རྟག་པ་ཉིད་དུ་འཛིན་ཅིང༌། གང་ཡོད་པའི་ཆོས་ཁས་བླངས་པ་དེས་ནི་ཆོས་ཏེ་རྟག་པར་སོང་ལ་དེ་ཡོད་ན་དེར་བལྟོས་ཀྱི་མེད་པའི་ཆོས་ཤིག་སྲིད་པར་འགྱུར་ལ། དེ་ལྟར་གྱི་མེད་པ་དེ་ཡོད་པ་རྟག་པ་དེར་བལྟོས་ནས་ཆད་པ་ཉིད་དུ་རྟོག་པར་འཇིག་རྟེན་དེ་ཉིད་མ་རྟོགས་པ་དག་གིས་ཤིན་ཏུ་ཞེན་པར་བྱེད་པའི་ཕྱིར། ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཚད་མས་གྲུབ་པ་དང༌། དེ་དག་བདེན་པར་མ་གྲུབ་པར་སྨྲ་བས་ནི་མཐའ་གཉིས་ཀ་ཁས་བླངས་པ་ཡིན་ཏེ། ཆོས་(༡༨༣ན)


K800_Page_376
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རང་གི་ངོ་བོ་མི་སྟོང་པར་ཚད་གྲུབ་ཏུ་ཁས་བླངས་པས་རྟག་མཐའ་དང༌། དེ་རྣམས་དཔྱད་པའི་ཚེ་བདེན་མེད་དུ་སོང་བར་ཁས་བླངས་པས་ཆད་མཐའ་ཁས་བླངས་པར་སོང་བའི་ཕྱིར་ཏེ། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །དེས་ན་བཅོམ་ལྡན་འདས་དང་བསྟན་བཅོས་མཁན་པོ་ཀུན་གྱི་ལུང་གསལ་པོ་འདི་འདྲ་ཕྱིན་ཅི་ལོག་ཏུ་བཀྲལ་ནས་རང་ལུགས་ལ་ཡོད་མེད་ཀྱི་ཆོས་ཁས་བླངས་ཏེ། རྟག་ཆད་ཀྱི་ཕྱོགས་ཆེན་པོ་གཉིས་ལ་གནས་པར་མ་མཛད་ཅིག འདིར་རྗེ་བཙུན་ཐམས་ཅད་མཁྱེན་པ་མཉན་པ་རས་ཆེན་གྱི་མགུར་ལས། བདེན་པ་གཉིས་ཀྱི་རང་བཞིན་ལ། །བདེན་རྫུན་གཉིས་སུ་བདེན་པ་ཡི། །རང་གི་ངོ་བོར་གནས་པའི་ཆོས། །རང་བཞིན་ཞིག་ནི་འཇིག་རྟེན་དང༌། །བསྟན་བཅོས་སྨྲ་རྣམས་མོས་པར་བྱེད། །བཅོམ་ལྡན་འདས་ཀྱི་ཡུམ་སོགས་ལས། །བདེན་གཉིས་སོ་སོར་བདེན་རྫུན་དུ། །བདེན་པའི་བདེན་པ་གཉིས་པོ་དེའི། །རང་བཞིན་དང་ནི་མཚན་ཉིད་དང༌། །རང་ངོ་དམིགས་སུ་མ་བཟོད་ཅེས། །ཡང་ནས་ཡང་དུ་བཀའ་ནན་བསྩལ། །དེ་ལྟར་དམིགས་སུ་མེད་པ་ལ། །རང་བཞིན་ཞིག་ནི་སུ་ཞིག་འདོགས། །དེར་ཡང་འདོགས་སུ་མི་རུང་སྟེ། །མིང་མེད་མིང་དུ་བཟུང་བ་ཡིས། །སྤྲོས་མཚན་ཅན་གྱི་བླུན་པོ་ལ། །ཁོ་བོ་རས་པ་མཚར་དུ་བརྩི། །ཞེས་གསུང་གི་བདུད་རྩི་མཆོག་འདི་དྲན་པར་བྱའོ། །དེས་ན་ཇི་སྐད་དུ་ཇི་ལྟར། སྟོན་པས་(༡༨༣བ)


K800_Page_377
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པས་སྤྲུལ་པ་ནི། །རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་ཞིང༌། །སྤྲུལ་པ་དེས་ཀྱང་སྤྲུལ་པ་ནི། །སླར་ཡང་གཞན་ནི་སྤྲུལ་པ་ལྟར། །དེ་བཞིན་བྱེད་པོ་དེས་ལས་གང༌། །བྱས་པ་སྤྲུལ་པའི་རྣམ་པ་བཞིན། །དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག །སྤྲུལ་པ་མཛད་པ་དེ་བཞིན་ནོ། །ཉོན་མོངས་ལས་དང་ལུས་རྣམས་དང༌། །བྱེད་པ་པོ་དང་འབྲས་བུ་དག །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཅེས་སྤྲུལ་སོགས་ཀྱི་དཔེས་བདེན་པ་གཉིས་ཀར་སྣང་ཙམ་གྱི་ངོ་བོ་དེ་ཉིད་ལས་བརྩམས་ཏེ་ཆོས་དེ་དག་རང་བཞིན་མེད་པ་ལ་རང་བཞིན་མེད་པའི་ཆོས་ཀྱི་ངོ་བོ་ལྟར་འཇིག་རྟེན་ན་སྐྱེ་འགག་སྣ་ཚོགས་པར་རྟེན་ཅིང་འབྲེལ་བར་འབྱུང་བའོ་ཞེས་བསྟན་ཏོ། །གསུམ་པ་ལ། དངོས་དང༌། ཞར་ལ་ལས་འབྲས་ཀྱི་རྟེན་གསུངས་པ་དྲང་དོན་དུ་བསྟན་པའོ། །དང་པོ་ལ། རང་བཞིན་མེད་ཀྱང་ལས་འབྲས་ཀྱི་འབྲེལ་བ་འཐད་པ་དང༌། དོན་དེ་ཉིད་དཔེའི་སྒོ་ནས་སྒྲུབ་པ་དང༌། དེ་ལ་ཐུག་མེད་དུ་ཧ་ཅང་ཐལ་བ་སྤང་བའོ། །དང་པོ་ནི། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ལ་ལར་ལས་འགགས་ཡུན་རིང་ལོན་ལས་ཀྱང༌། །འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས། །དེས་ན་བདེན་པ་གཉིས་ཀར་རང་བཞིན་མེད་པའི་ཕྱིར་རྟག་ཆད་དུ་བལྟ་བ་ལས་གྲོལ་བར་མ་ཟད། ཀུན་རྫོབ་ཏུ་ཡང་ལས་འགགས་ནས་ཡུན་རིང་ལོན་ཡང་ལས་འབྲས་ཀྱི་འབྲེལ་བའི་ཆེད་དུ་ཀུན་གཞི་སོགས་ཀྱི་དངོས་པོའི་རང་བཞིན་ཡོངས་སུ་རྟོག་པ་ནི་དོན་མེད་དེ། དེ་འདྲའི་དངོས་པོ་རྫས་གྲུབ་ཀུན་རྫོབ་ཏུ་ཡང་མ་གྲུབ་པའི་ཕྱིར། དེ་ཡང་རྩ་བ་ལས། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགས་ན་འགགས་གྱུར་པས། །ཇི་(༡༨༤ན)


K800_Page_378
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འབྲས་བུ་བསྐྱེད་པར་འགྱུར། །ཞེས་འབྱུང་བ་ལྟར། ལས་རྣམས་རྣམ་པར་སྨིན་པའི་དུས་ཀྱི་བར་དུ་གནས་སམ། འོན་ཏེ་སྐྱེས་མ་ཐག་འགག་པའི་ཕྱིར་མི་གནས་པ་གང་ཡིན། གང་དུ་སྨྲས་ཀྱང་དངོས་པོ་རྟག་ཆད་ཅན་དུ་སྨྲ་དགོས་པར་འགྱུར་རོ། །ཞེས་བརྩད་པ་ལ། ཕྱི་རོལ་པ་ལས་འབྲས་ཁས་ལེན་པ་རྣམས་གང་ཟག་གི་བདག་རྟག་པར་ཡོད་པ་དེ་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་བའི་ཕྱིར། ལས་འབྲས་དང༌། མཐོ་རིས་དང༌། ཐར་པ་ལ་སོགས་འཐད་ཀྱི། སངས་རྒྱས་པ་ལྟར་ན་གང་ཟག་གི་བདག་མེད་ཅིང༌། ཕུང་པོ་རྣམས་སྐད་ཅིག་མ་ཡིན་པས་ལས་འབྲས་དང་མཐོ་རིས་དང་ཐར་པ་སོགས་མི་རུང་སྟེ། ལས་མ་བྱས་པ་དང་འཕྲད་པ་དང༌། བྱས་པ་ཆུད་ཟོས་པ་དང༌། གཞན་གྱིས་བསགས་པ་གཞན་གྱིས་མྱོང་བ་སོགས་ལས་འབྲས་འཆོལ་བར་འགྱུར་བའི་ཕྱིར་ཏེ། ཕུང་པོ་སྐད་ཅིག་སྨྲ་བ་ཡི། །ཤཱཀྱ་པ་རྣམས་བདག་མེད་ན། །མཐོ་རིས་ཐར་པ་ལ་དགོས་པའི། །འབད་པ་དོན་མེད་ཉིད་དུ་འགྱུར། །ཞེས་སྨྲའོ། །དེ་ནི་མི་འཐད་དེ། དེ་ལྟའི་ལས་འབྲས་ཀྱི་རྟེན་བདག་རྟག་པ་ཡོད་པ་ལ་འཆད་འགྱུར་གྱི་རིགས་པས་གནོད་པའི་ཕྱིར་དང༌། རྟག་པས་ལས་འབྲས་མྱོང་ན་ལས་འབྲས་ཐམས་ཅད་གཅིག་ཅར་མྱོང་བའམ། ཡང་ན་ནམ་ཡང་མི་མྱོང་བར་འགྱུར་བའི་ཕྱིར། རྟག་པས་རྣམ་སྨིན་མྱོང་བ་རྐྱེན་ལ་མི་བལྟོས་པའི་ཕྱིར་དང༌། རྟག་པ་གཅིག་ཉིད་བདེ་སྡུག་དང༌། ངན་སོང་དང༌། མཐོ་རིས་དང༌། ཐར་པ་སོགས་སྣ་ཚོགས་སུ་འགྱུར་བ་འགལ་བའི་ཕྱིར་དང༌། བདག་(༡༨༤བ)


K800_Page_379
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་བདག་འཛིན་སྤང་དུ་མི་རུང་ཞིང༌། དེ་ལས་ཉོན་མོངས་པ་ཐམས་ཅད་འབྱུང་བའི་ཕྱིར་ཐར་པ་མི་འཐད་པ་སོགས་སྐྱོན་མཐའ་ཡས་པ་འབྱུང་བའི་ཕྱིར་རོ། །ཆོས་འདི་པ་རྣམས་ནི་ཇི་སྐད་བཤད་པའི་ཉེས་པར་ཐལ་བས། རྟག་པའི་བདག་དང་ལས་ཁས་མི་ལེན་ལ། དེ་ལ་གནས་མ་བུ་པ་རྣམས་ནི་མི་རྟག་ན་ཡང་ཕྱི་རོལ་པས་འཕངས་པའི་ཉེས་པ་འབྱུང་བར་བསམས་ནས། ལས་འབྲས་ཀྱི་རྟེན་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ཅིང༌། རྟག་མི་རྟག་བརྗོད་དུ་མེད་པའི་གང་ཟག་ཁས་ལེན་པར་བྱེད་དོ། །དེའང་མི་རིགས་ཏེ། འཆད་འགྱུར་གྱི་རིགས་པས་གནོད་པའི་ཕྱིར་དང༌། ལྷག་མེད་དུ་མྱ་ངན་ལས་འདས་པ་ན་བདག་ཡོད་ན་གཞན་དུ་བརྗོད་དུ་ཡོད་པར་འགྱུར་ཏེ། ཕུང་པོ་ཞིག་ཀྱང་བདག་མ་ཞིག་པའི་ཕྱིར། དེའི་ཕྱིར་རྟག་པར་ཡང་འགྱུར་རོ། །བདག་མེད་ན་ཕུང་པོ་ཞིག་པ་ན་བདག་ཀྱང་ཞིག་པའི་ཕྱིར་མི་རྟག་པར་འགྱུར་ཞིང༌། དེའི་ཕྱིར་དེ་ཉིད་དུ་བརྗོད་དུ་ཡོད་པར་འགྱུར་རོ། །རྣམ་འགྲེལ་ལས། མི་རྟག་ཉིད་དུ་བརྗོད་མེད་པ། །དེ་ནི་འགའ་ཡིའང་རྒྱུ་མ་ཡིན། །བརྗོད་བྱ་མིན་ལ་བཅིངས་དང་ཐར། །ཇི་ལྟ་བུར་ཡང་ཡོད་མ་ཡིན། །ཅེས་པ་ལྟར་ཐ་སྙད་དུ་ཡང་མི་རྟག་པ་ཉིད་དུ་བརྗོད་དུ་མེད་ན་རྒྱུར་མི་རུང་ཞིང༌། བཅིངས་པ་དང་གྲོལ་བ་ཡང་མི་འཐད་པའི་ཕྱིར། དེ་ལས་གཞན་པའི་དངོས་སྨྲ་བ་རྣམས་ནི། ལས་དང་ལས་འབྲས་ཀྱི་རྟེན་མི་རྟག་པར་ཁས་ལེན་ཅིང་འགགས་ཟིན་པའི་ལས་ལས་འབྲས་བུ་ཇི་ལྟར་འབྱུང་བར་འགྱུར་ཞེས་རྩོད་པའི་ལན་དུ། དེ་དག་མི་རྟག་པ་ཡིན་དུ་ཟིན་ཀྱང་འབྲས་བུ་མ་སྨིན་གྱི་བར་དུ་སྐད་(༡༨༥ན)


K800_Page_380
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྔ་མ་ལས་ཕྱི་མ་འབྱུང་བའི་རྒྱུན་མ་ཆད་པའི་ཕྱིར་ལས་འབྲས་ཀྱི་འབྲེལ་པ་འཐད་ལ། སྔ་མ་འགགས་པའི་ཕྱིར་རྟག་པ་མ་ཡིན་ཅིང༌། ཕྱི་མ་འབྱུང་བའི་ཕྱིར་ཆད་པ་ཡང་མེད་ལ། སྔ་ཕྱི་རྒྱུན་གཅིག་ཡིན་པའི་ཕྱིར་མ་བྱས་པ་དང་ཕྲད་པ་ལ་སོགས་པའི་སྐྱོན་ཡང་མེད་དོ་ཟེར། དེ་ལ་མང་བཀུར་བ་ཁ་ཅིག་ལས་འབྲས་ཀྱི་རྟེན་ཕུང་པོ་དང་ངོ་བོ་གཅིག་པའི་གང་ཟག་དང་སེམས་ཅན་ཁས་ལེན་པར་བྱེད་ཀྱང་འཐད་པ་མ་ཡིན་ཏེ། འཆད་འགྱུར་གྱི་ལུང་རིགས་ཀྱིས་གནོད་པའི་ཕྱིར་དང༌། བདག་ཡོད་ན་ཆོས་ཀྱི་སྡོམ་བཞི་དང་འགལ་ཞིང་ཐར་པ་མི་ཐོབ་པས་སྟོན་པའི་བསྟན་པར་མི་རུང་བའི་ཕྱིར། སྔ་མ་དང་འདི་གཉིས་ཀྱིས་གང་ཟག་རྫས་གྲུབ་ཁས་ལེན་པ་ནི་མི་འཐད་དོ། །འོ་ན་བདག་ཁས་ལེན་པའི་རང་སྡེ་དེ་དག་གི་བསྟན་པ་དེ་སྟོན་པའི་བསྟན་པ་ཡིན་པར་ཐལ། དེ་དེ་མ་ཡིན་ན་སྡེ་པ་དེ་དག་རང་གི་སྡེ་པར་མི་རུང་བ་ཉིད་དང༌། སྡེ་པ་དེ་དག་ཀྱང་ཐེག་དམན་བྱེ་མདོའི་གྲུབ་པའི་མཐའ་སྨྲ་བའི་སྟོན་པའི་བསྟན་པ་ཡིན་པའི་ཕྱིར་ཞེས་སྨྲ་བ་ལ། རེད་མདའ་བ་ན་རེ། གང་བདག་ཏུ་སྨྲ་བ་དེ་དག་ནི་སངས་རྒྱས་ཀྱི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པ་ཉིད་དུ་འདོད་པ་ཡིན་ཏེ། སངས་རྒྱས་ཀྱི་བསྟན་པ་ནི་བདག་མེད་སྟོན་པས་རབ་ཏུ་ཕྱེ་བའི་ཕྱིར། དེས་ན་བདག་ཏུ་སྨྲ་བ་དེ་ནི་སྟོན་པའི་གྲུབ་མཐའ་སྨྲ་བའང་མ་ཡིན་ནོ། །འོ་ན་སྡེ་པ་དེ་ཐམས་ཅད་དེ་བཞིན་གཤེགས་པའི་བསྟན་པར་བསྡུས་པ་ཇི་ལྟར་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་ནི་ཚུལ་ཁྲིམས་རྣམ་དག་དང་ལྟ་བ་རྣམ་དག་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། དེའི་ཕྱིར་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་(༡༨༥བ)


K800_Page_381
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉམས་པའི་ཕྱིར། ཀུན་ཀྱང་སངས་རྒྱས་ཀྱི་བསྟན་པར་བསྡུས་པ་ཡིན་ལ། དེ་དག་ལས་གང་དག་ལྟ་བ་རྣམ་པར་དག་པ་དང་ལྡན་པ་མ་ཡིན་པ་དེ་དག་ནི་བདེ་བར་གཤེགས་པའི་གྲུབ་མཐའ་སྨྲ་བ་མ་ཡིན་ཏེ། གྲུབ་པའི་མཐའ་ཐ་དད་པ་རྣམས་ནི་ལྟ་བ་ཐ་དད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་ལྟར་ན་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པ་དང་ལྡན་པ་ནི་སྡེ་པ་བཅོ་བརྒྱད་ཡིན་ལ། ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་ལྡན་པ་ནི་གྲུབ་མཐའ་སྨྲ་བ་བཞི་ཡིན་ནོ། །དེ་བས་ན་གང་ཟག་ཏུ་སྨྲ་བའི་སྡེ་པ་དེ་དག་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མ་ཉམས་པའི་ཕྱིར་རྣམ་གྲངས་ཀྱི་སངས་རྒྱས་ཀྱི་བསྟན་པར་བསྡུས་ལ། ལྷག་པ་ཤེས་རབ་ཀྱི་བསླབ་པ་ལས་ཉམས་པའི་ཕྱིར་ཡང་དག་པར་ཕྱི་རོལ་པ་ཡང་ཡིན་ནོ་ཞེས་དོགས་པ་བརྗོད་པའི་ཐལ་བ་ལ་འདོད་ལན་དང༌། རྟགས་དང་པོ་ལ་རྣམ་པར་ཕྱེ་ནས་མ་གྲུབ་པ་དང༌། མ་ཁྱབ་པའི་ལན་དང༌། རྟགས་ཕྱི་མ་ལ་རྣམ་པར་ཕྱེ་བ་མེད་པར་མ་གྲུབ་པ་ཁོ་ནར་ལན་གདབ་པར་བྱེད་མོད། དེ་ལྟར་ནའང་དོན་ལ་གང་ཟག་རྫས་གྲུབ་ཏུ་ཞེན་པ་དེས་བདག་མེད་རྟོགས་པ་ལ་གེགས་བྱེད་པས་སངས་རྒྱས་ཀྱི་བསྟན་པ་ཐར་པའི་ལམ་ལས་ཕྱི་རོལ་ཏུ་གྱུར་ཀྱང༌། ཕྱི་རོལ་པས་འདོད་པ་ལྟར་ཕུང་པོ་ལས་གང་ཟག་གི་བདག་གི་ངོ་བོའི་རྫས་རང་དབང་ཅན་དུ་ཁས་མ་བླངས་པས་ཆོས་ཀྱི་སྡོམ་བཞི་དང་ཡང་འགལ་བར་མི་འགྱུར་བས་རང་གི་སྡེ་པ་དང་ཆོས་འདི་པར་ཡང་བཞག་ལ། རང་གི་སྡེ་པ་དང་ཆོས་འདི་པ་ཙམ་དུ་ཞུགས་ན་སྟོན་པའི་བསྟན་པ་ཡང་དག་པར་གྱུར་པས་མ་ཁྱབ་སྟེ། རྣམ་རིག་པའི་བསྟན་པ་ཅི་རིགས་པ་ལའང་དངོས་པོར་ལྟ་བའི་བསྟན་པའི་ཆ་སྟོན་པའི་བསྟན་(༡༨༦ན)


K800_Page_382
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་མི་རུང་བ་དང་ཚུལ་མཚུངས་པ་ཉིད་ཀྱི་ཕྱིར་རོ་ཞེས་ཁ་ཅིག་ཟེར་རོ། །ཉན་ཐོས་ཁ་ཅིག་ལས་བྱས་པའི་དུས་དེ་ཉིད་དུ་ཆུད་མི་ཟ་བ་ཞེས་བྱ་བ་བུ་ལོན་གྱི་ཡི་གེ་དང་འདྲ་བ་སྐྱེ་ལ། ཡི་གེ་ཡོད་པས་བུ་ལོན་སྤྱད་དུ་ཟིན་ཀྱང་ནོར་བདག་གི་ནོར་ཆུད་མི་ཟ་བ་བསྐྱེད་དང་བཅས་པ་འགུགས་པ་བཞིན་དུ་བུ་ལོན་དང་འདྲ་བའི་ལས་འགགས་སུ་ཟིན་ཀྱང་ཆུད་མི་ཟ་བའི་རྒྱུན་ཡོད་པས་ལས་འབྲས་ཀྱི་འབྲེལ་པ་འཐད་ཟེར་ལ། ཡང་བྱེ་བྲག་ཏུ་སྨྲ་བ་དག་ཐོབ་པ་ཞེས་བྱ་བ་ཆོས་དགེ་མི་དགེ་ལུང་མ་བསྟན་རྣམས་ཀྱི་ཐོབ་རྒྱུས་ཐོབ་ནས་གཏོང་རྒྱུས་མ་བཏང་གི་བར་དུ་ཆོས་དེ་དག་མངོན་གྱུར་དུ་ཡོད་རུང་མེད་རུང་ཆོས་དེ་དག་དང་ལྡན་པར་འཇོག་པའི་རྫས་ཤིག་སྐྱེ་ལ། དེའི་རྒྱུན་ལ་ལས་འབྲས་ཀྱི་རྣམ་གཞག་འཇོག་ཟེར་རོ། །དེ་དག་མི་རིགས་ཏེ། ཆུད་མི་ཟ་བ་དང་ཐོབ་པ་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་རྫས་གྲུབ་ཏུ་འདོད་པར་སྣང་ལ། དེ་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བ་ལས་གཞན་དུ་ཚད་མ་གསུམ་གྱིས་མ་དམིགས་པའི་ཕྱིར་མི་འཐད་ལ། འཐད་ན་འདུ་བྱེད་རྟག་པ་ལ་སོགས་པར་ཐལ་བའི་ཕྱིར་རོ། །ཆུད་མི་ཟ་བ་དང་ཐོབ་པ་དེ་འདུ་བྱེད་རྣམས་ཀྱི་བསྐྱེད་པའི་རྒྱུ་ཡིན་ནམ། མི་འབྲལ་བའི་རྒྱུ་ཡིན། དང་པོ་མི་འཐད་དེ། འདུ་བྱེད་རྣམས་མ་སྐྱེས་པར་དེ་དག་ཀྱང་མ་སྐྱེས་པས་ནམ་ཡང་མི་སྐྱེ་བར་འགྱུར་བའི་ཕྱིར་དང༌། འདུ་བྱེད་རྣམས་སྐྱེ་བ་ལ་དེ་དག་གི་ནུས་པ་གང་ཡང་མ་མཐོང་བའི་ཕྱིར། གཉིས་པ་ལྟར་ཡང་མི་འཐད་དེ། གང་ཟག་གཅིག་གི་རྒྱུད་ལ་དུས་གཅིག་ཅར་དུ་དགེ་མི་དགེ་དང་ཟག་བཅས་དང་ཟག་མེད་དང་སྤང་བྱ་དང་གཉེན་པོ་སོགས་ལྷན་ཅིག་མི་གནས་(༡༨༦བ)


K800_Page_383
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་རྣམས་ལྷན་ཅིག་ཏུ་ཡོད་པར་འགྱུར་བའི་ཕྱིར། མདོ་སྡེ་པ་ལ་སོགས་པ་ཆོས་དགེ་མི་དགེ་ལུང་མ་བསྟན་རྣམས་ཀྱིས་སེམས་རྒྱུད་ལ་བསྒོས་པའི་བག་ཆགས་དང་ས་བོན་གྱི་རྒྱུད་ལ་ལས་འབྲས་ཀྱི་རྣམ་གཞག་འཇོག་ཟེར་རོ། །དེ་ལ་ཀུན་གཞི་ཁས་ལེན་པ་རྣམས་ན་རེ། སྔ་མ་རྣམས་མི་རིགས་ཤིང་ས་བོན་དང་བག་ཆགས་ལ་འཇོག་པ་ནི་ལེགས་མོད་ཀྱི། དེ་ལྟར་ན་ཡང་ཀུན་གཞི་མེད་ན་ས་བོན་དང་བག་ཆགས་ཉིད་མི་རུང་སྟེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་རྒྱུན་མི་བརྟན་པས་དེ་དག་ལ་བག་ཆགས་བསྒོ་བ་དོན་མེད་པའི་ཕྱིར། དོན་ཡོད་ན་ཞིག་ནས་ཡུན་རིང་དུ་ལོན་པའི་ལས་ཀྱི་འབྲས་བུ་འབྱིན་པས་མེད་པ་ལས་སྐྱེ་བའམ་འདས་པ་རྫས་སུ་གྲུབ་པར་འགྱུར་བའི་ཕྱིར་རོ། །འཇུག་ཤེས་རྣམས་ནི་དགེ་བ་དང་མི་དགེ་བ་དང་ཟག་བཅས་དང་ཟག་མེད་སོགས་ལུང་དུ་བསྟན་ཅིང༌། ཤིན་ཏུ་གསལ་བར་སྐྱེ་བས་དེ་དག་དང་མི་མཐུན་པའི་བག་ཆགས་ཀྱི་རྟེན་དུ་མི་རུང་བའི་ཕྱིར་དང༌། ཡིད་ཤེས་དགེ་བ་དང་ཟག་མེད་དུ་སྐྱེས་པ་དེ་ལྟ་བུའི་སྒོ་བར་བྱེད་པ་རྣམས་རང་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བ་དང༌། རང་ཉིད་གང་ལ་ཡང་བག་ཆགས་སྒོ་བར་བྱེད་པ་མི་འཐད་པའི་ཕྱིར་དང༌། སྔ་མས་ཕྱི་མ་ལ་བག་ཆགས་བསྒོ་ན་གང་རུང་གཅིག་དངོས་པོས་མེད་པས་བསྒོ་བྱ་དང་བསྒོ་གཞིར་མི་རུང་བའི་ཕྱིར་དང༌། དུས་མཉམ་པ་ལ་བསྒོ་ན་སྒོ་བྱེད་ཀྱི་ཡིད་ཤེས་དགེ་མི་དགེ་ལུང་མ་བསྟན་ལྟ་བུ་རྣམས་ཡིད་ཤེས་གཞན་དང་ལྷན་ཅིག་སྐྱེ་འགག་བྱེད་པ་མི་སྲིད་པའི་ཕྱིར་དང༌། བརྒྱལ་བ་དང་གཉིད་མཐུག་པོ་ལོག་པ་དང་སེམས་མེད་པའི་སྙོམས་པར་འཇུག་པ་སོགས་ཀྱི་གནས་སྐབས་སུ་འགགས་(༡༨༧ན)


K800_Page_384
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡུན་རིང་དུ་ལོན་པའི་རིགས་པ་ལས་རིགས་པ་ཕྱི་མ་འབྱུང་བ་མི་འཐད་པ་སོགས་སྐྱོན་དུ་མ་སྨྲའོ། །དེས་ན་ཀུན་གཞིའི་རྣམ་པར་ཤེས་པ་ནི་འཁོར་བ་ཐོག་མ་མེད་པ་ནས་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བར་དུ་རྒྱུན་ནམ་ཡང་ཆད་པ་1མེད་ཅིང་ལུང་དུ་མ་བསྟན་ལ། རྣམ་པ་མི་གསལ་བས་དགེ་མི་དགེ་ལུང་མ་བསྟན་སོགས་ཆོས་གང་དང་ཡང་རྒྱུད་གཅིག་ལ་ལྷན་ཅིག་ཏུ་མི་འགལ་ལ། ནམ་མཁའ་དང་སོ་སོར་བརྟགས་མིན་གྱི་འགོག་པ་ལྟ་བུར་འགྱུར་བ་མེད་པ་ཡང་མ་ཡིན་ཅིང༌། སྒོ་བྱེད་དགེ་མི་དགེ་ལུང་མ་བསྟན་གྱི་ཆོས་རྣམས་དང་རྒྱུད་གཅིག་ལ་ལྷན་ཅིག་ཏུ་སྐྱེ་འགག་བྱས་པས་བག་ཆགས་ཀྱི་རྟེན་དུ་རུང་ཞིང༌། དེ་ལྟ་བུའི་ཀུན་གཞིའི་རྣམ་ཤེས་ཀྱི་རྒྱུན་ལས་རྐྱེན་ཇི་ལྟ་བ་བཞིན་དུ་རྒྱུ་མཐུན་པ་དང་རྣམ་སྨིན་གྱི་འབྲས་བུ་རྣམས་མཐོང་བའི་ཆོས་དང༌། སྐྱེས་ནས་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་རྣམས་དུས་ཇི་ལྟ་བ་དེ་བཞིན་དུ་འབྱིན་པར་བྱེད་དེ། ཐེག་བསྡུས་ལས། བརྟན་ལུང་མ་བསྟན་བསྒོ་བྱ་བ། །སྒོ་བར་བྱེད་དང་འབྲེལ་བ་ལས། །སྒོ་བར་བྱེད་ཀྱི་གཞན་དུ་མིན། །འདི་ནི་བག་ཆགས་མཚན་ཉིད་དོ། །ཞེས་ཟེར་རོ། །འདི་ཡང་མི་རིགས་ཏེ། དེ་ལྟ་བུའི་ཀུན་གཞིའི་རྣམ་ཤེས་ཡོད་པ་ལ་སྒྲུབ་བྱེད་མེད་པའི་ཕྱིར་དང༌། ཡོད་ན་བདག་དང་དབང་ཕྱུག་སོགས་ཀྱང་དགག་པར་མི་རིགས་པའི་ཕྱིར་དང༌། རང་གཞན་གང་གིས་མ་རིག་པའི་ཤེས་པ་རྫས་གྲུབ་འགལ་བའི་ཕྱིར་དང༌། དགེ་མི་དགེ་ལུང་མ་བསྟན་གྱི་ཆོས་རྣམས་དེ་དང་འབྲེལ་བ་མ་མཐོང་བའི་ཕྱིར་དང༌། རྐྱེན་འདི་པ་ཙམ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་འགལ་བའི་ཕྱིར་རོ། །དེ་ལ་ཕྱི་རོལ་པ་(༡༨༧བ)


K800_Page_385
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་འདོད་པ་ནི་ཤིན་ཏུ་ཡང་རིགས་པ་དང་འགལ་བའི་ཕྱིར་མི་འཐད་ཅིང༌། དེ་དག་དང་གནས་མ་བུ་པའི་འདོད་པ་ནི་ཆོས་འདི་པས་རྣམ་པ་བརྒྱ་སྟོང་དུ་བཀག་ཟིན་ལ། གང་ཟག་མི་རྟག་པ་ནས་ཀུན་གཞིའི་རྣམ་ཤེས་ཀྱི་བར་རྣམས་ཀྱང་ལས་འབྲས་ཀྱི་རྟེན་རྫས་གྲུབ་ཏུ་འདོད་པ་འབའ་ཞིག་ཏུ་སྣང་བས་བཤད་ཟིན་པ་དང་འཆད་པར་འགྱུར་བའི་རིགས་པ་མཐའ་དག་གིས་གནོད་པའི་ཕྱིར་དང༌། རྒྱུན་ཁས་བླངས་ཀྱང་སྐད་ཅིག་སྔ་ཕྱི་རྣམས་གཞན་དུ་འདོད་པས་མ་བྱས་པ་དང་ཕྲད་པ་སོགས་ཀྱི་སྐྱོན་མི་སྤོང་བར་སྣང་བས་མི་འཐད་དོ། །སྤྱོད་འཇུག་ལས། རྒྱུན་གཅིག་ལ་ནི་བརྟེན་ནས་སུ། །བྱེད་པོ་སྤྱོད་པོ་ཞེས་བྱར་བསྟན། །ཞེས་གསུངས་ཀྱང་དེ་ནི་གྲགས་ངོ་ཙམ་གྱི་རྗེས་བརྗོད་ཙམ་ལས་རྒྱུན་གཅིག་པ་ཉིད་ཀྱིས་འབྲས་བུ་བསྐྱེད་པའི་མཐུ་ཅན་གྱི་ལས་རྫས་རང་བདེན་པ་ཡོད་པའང་རྫོགས་པའི་སངས་རྒྱས་དང་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པར་མི་འོང་ངོ༌། །དེས་ན་ལས་འབྲས་དང་ལས་འབྲས་ཀྱི་རྟེན་དངོས་པོ་དོན་བྱེད་པའི་རང་བཞིན་དང་ངོ་བོ་ཅན་དུ་གྲུབ་པར་སྨྲ་བ་དེ་དག་ཐམས་ཅད་ནི་སེང་གེ་ཟླ་བའི་གྲོང་ཁྱེར་ཞིག་གི་ངོགས་ནས་ཡིད་འབྱུང་བས་ངལ་བའི་ཚེགས་ཆེན་པོས་དེའི་རྩ་འཛིན་བྱེད་པར་རློམ་པར་ཟད་དེ། ལས་འབྲས་སོགས་རང་བཞིན་གྱིས་སྟོང་པ་ཉིད་སྐྱེ་འགགས་དང་བྲལ་བ་ལ་རྟག་ཆད་དུ་སྒྲོ་བཏགས་ནས་རང་ངོས་མ་གྲུབ་པ་ལ་གྲུབ་པར་འབད་ནས་རྩོད་པའི་ཕྱིར་དོན་མེད་པ་ཁོ་ནའོ་ཞེས། ལས་ཀྱི་དངོས་པོའི་ངོ་བོ་ནི་རང་བཞིན་གྱིས་དེ་མི་འགག་པ་ཡིན་ཏེ། གང་གི་ཕྱིར་ཞེ་ན། ལས་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། དེས་ན་སྐྱེ་འགག་མེད་པའི་མ་ཞིག་པ་དེ་འདུས་མ་བྱས་པ་ཐ་སྙད་རྫུན་(༡༨༨ན)


K800_Page_386
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་དང་བསླུ་ངོར་ལས་འབྲས་ཀྱི་འབྲས་བུ་འདུས་བྱས་འབྱུང་མི་རུང་བའམ། མི་སྲིད་པ་མ་ཡིན་པ་དེའི་ཕྱིར་ཀུན་གཞི་སོགས་ལས་འབྲས་ཀྱི་རྟེན་དངོས་པོ་རང་བདེན་པ་མེད་ཀྱང་འདས་པའི་ལས་ལས་མ་འོངས་པའི་འབྲས་བུ་འདི་འབྱུང་བར་ནུས་པའི་ཕྱིར་ཡུལ་དུས་ལ་ལར་ལས་འགགས་ནས་ཡུན་རིང་ལོན་པ་ལས་ཀྱང་རྣམ་སྨིན་གྱི་འབྲས་བུ་ཡང་དག་འབྱུང་བར་འགལ་བ་མེད་པར་རིག་པར་གྱིས་ཤིག དེས་ན་ལས་ཀྱི་དངོས་པོ་ཞིག་པ་དང་མ་ཞིག་པའི་འགག་པ་དང་གནས་པ་ལས། ལས་འབྲས་ཀྱི་འབྲེལ་བའི་རང་བཞིན་ཡོད་པ་མིན་ཀྱང་དེ་ལྟ་བུའི་འབྲེལ་བ་གདོད་ནས་མ་སྐྱེས་པ་ལ་བལྟོས་བཞག་གི་ལས་འབྲས་ཀྱི་འབྲེལ་བ་གློ་བུར་བ་ནི་གང་གིས་བཏགས་པའི་བཏགས་ངོར་ཆུད་མི་ཟ་བ་འདི་དོན་ལ་མི་གནས་པ་བསླུ་ཆོས་བརྫུན་པའི་བདེན་པ་ཙམ་ཞིག་ནི་འཇིག་རྟེན་ལ་གྲགས་སོ་ཞེས། བསྟན་བཅོས་ལས། གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །ཞེས་དང༌། སྟོང་ཉིད་བདུན་ཅུ་པ་ལས། སེམས་ཅན་རང་གི་ལས་དང་ནི། །ལས་རྣམས་ཆུད་ཟ་མིན་པར་གསུངས། །ལས་རྣམས་རང་བཞིན་མེད་གསུངས་ཏེ། །མ་སྐྱེས་གང་དེ་ཆུད་མི་ཟ། །ཞེས་དང༌། མདོ་ལས། མི་ཡི་ཚེ་ཚད་ལོ་བརྒྱ་སྟེ། །དེ་ཕྱིར་འཚོ་ཞེས་བརྗོད་མོད་ཀྱི། །ལོ་ལ་ཕུང་པོར་སྤུངས་མེད་པ། །སྒྲུབ་པ་དེ་ཡང་དེ་དང་མཚུངས། །ཟད་པ་མེད་ཅེས་གང་སྨྲས་དང༌། །ལས་ཟད་ཅེས་ནི་གང་སྨྲས་པ། །སྟོང་པའི་ཚུལ་དུ་ཟད་པ་མེད། །ཐ་སྙད་ཚུལ་དུ་ཟད་པར་བསྟན། །ཅེས་གསུངས་སོ། །དེས་ན་བཅོམ་ལྡན་འདས་ཀྱིས། ལུས་(༡༨༨བ)


K800_Page_387
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལ་ཆུད་མི་ཟ་བའི་རྒྱུ་མཚན་ནི། དངོས་སྨྲ་བ་རྣམས་ཀྱིས་གང་ཟག་ནས་ཀུན་གཞིའི་བར་རང་རང་གིས་བཏགས་པའི་ལས་འབྲས་ཀྱི་རྟེན་ཡོད་པ་ཆུད་མི་ཟ་བར་འདོད་ལ། འདིར་ནི་རང་བཞིན་མེད་པས་མ་སྐྱེས་པའི་ཕྱིར་མ་འགག་པའམ་མ་ཞིག་ལ། དེའི་ཕྱིར་དངོས་པོ་གང་ལ་ཆུད་ཟ་བ་མི་སྲིད་ཅིང༌། ཐ་སྙད་དུ་སྐྱེ་འགག་གིས་སྟོང་པའི་སྐྱེ་འགག་ལྟར་སྣང་བའི་ལས་འབྲས་ཀྱི་འབྲེལ་པ་བརྫུན་བློའི་ངོར་མི་འཐད་པ་མེད་དོ་ཞེས་གཞན་ངོར་སྨྲའོ། །རང་ལུགས་ལ་ལས་འབྲས་ཀྱི་འབྲེལ་པ་ནི་འདིར་གཏན་སྒྲུབ་པ་མ་ཡིན་ཏེ། འདིར་དངོས་པོ་ལ་སྐྱེ་འགག་གི་འཐད་པ་ནི་རང་ལུགས་ཀྱི་རིགས་པ་ཚད་མ་གང་གིས་ཀྱང་མི་འགྲུབ་པས་དེར་ཁས་ལེན་གང་དང་ཡང་བྲལ་བའི་ཕྱིར། འོན་ཀྱང་འཇིག་རྟེན་ཀུན་རྫོབ་བསླུ་བ་ཅན་གྱི་ཤེས་པ་གཞན་ངོར་ལས་འབྲས་མི་འཐད་དོ་ཞེས་ལོག་རྟོག་སེལ་བའི་གྲགས་བརྗོད་ཙམ་དུ་ཟད་དོ། །འོ་ན་ལས་འབྲས་ཀྱི་འབྲེལ་པ་འགའ་ཡང་མ་གཟིགས་ན་ཇི་ལྟར་གཞན་གྱི་ལོག་རྟོག་བསལ་བར་བྱ་ཞེ་ན། བདེན་མོད་ཀྱི། དེ་ལྟར་མ་རྟོགས་པ་རྣམས་ཀྱི་གྱ་ཚོམས་སུ་ལས་འབྲས་ལ་སྐུར་པ་བཏབ་ནས་བླང་དོར་ལ་ཕྱིན་ཅི་ལོག་ཏུ་ཞུགས་པས་ངན་སོང་གི་གཡང་ས་ཆེན་པོར་ལྟུང་བ་སྤང་བའི་ཕྱིར་རོ། །ཀུན་གཞི་ལ་སོགས་པའི་ལས་འབྲས་ཀྱི་རྟེན་ཁས་མ་བླངས་ཀྱང༌། གཞན་གྱི་ལོག་རྟོག་སེལ་མི་ནུས་པའང་མ་ཡིན་ཏེ། ཀུན་གཞི་སོགས་ལས་འབྲས་ཀྱི་རྟེན་ཁས་ལེན་པ་རྣམས་ཀྱང་རྟེན་ཡོད་ན་ལས་ཀྱི་རྒྱུན་མ་(༡༨༩ན)


K800_Page_388
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པའི་ཕྱིར་མ་འགག་པ་ལས་འབྲས་བུ་འབྱིན་པ་འཐད་པར་འདོད་པ་འབའ་ཞིག་ཏུ་སྣང་ལ། འདིར་ཡང་ལས་འབྲས་ལ་སྐྱེ་འགག་སོགས་མཐའ་བརྒྱད་དང་བྲལ་བའམ་མ་འགག་པའི་ཕྱིར་ཆུད་མི་ཟ་བ་ལ་འབྲས་བུ་འབྱུང་བ་མི་འགལ་བར་གཞན་གྱིས་ཁོང་དུ་ཆུད་པར་ནུས་པའི་ཕྱིར། ལས་མ་སྐྱེས་པས་མི་འགག་ཏུ་ཆུག་མོད། མ་སྐྱེས་པའི་ལས་ལས་འབྲས་བུ་ཇི་ལྟར་འབྱུང་ཞེ་ན། འབྲས་བུ་ཇི་སྙེད་ཅིག་འབྱུང་བ་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ཞིང༌། མ་སྐྱེས་པའི་ཆོས་ལས་འབྱུང་བར་གོང་དུ་གཟུགས་བརྙན་ལ་སོགས་པའི་དཔེ་དུ་མས་བསྟན་ཅིང༌། རང་བཞིན་གྱིས་སྐྱེ་འགག་མེད་པ་ལ་རྒྱུ་འབྲས་འཐད་ཀྱི། ལས་རང་བཞིན་གྱིས་སྐྱེས་ན་ལས་འབྲས་དང་ཐ་སྙད་ཐམས་ཅད་དང་འགལ་ལོ་ཞེས་བྱ་བ་འདི་ནི་གཞུང་འདི་དག་གི་དགོངས་པ་འཁྲུལ་པ་མེད་པ་ཐལ་འགྱུར་བའི་ཤིང་རྟ་ཆེན་པོ་གངས་ཅན་དུ་སྔར་བྱོན་པའི་སྐྱེས་བུ་ཚད་མར་གྱུར་པ་དག་གི་གསུང་ཚིག་རང་ཚིག་གི་ལྷད་མ་བཅུག་པར་བྲིས་པ་ཡིན་པས་སྐལ་ལྡན་དག་ཡིད་ཆེས་ཀྱི་གནས་སུ་ཟུངས་ཤིག འདིར་ཙོང་ཁ་པ་ཆེན་པོ་རྗེས་འབྲངས་དང་བཅས་པ་ན་རེ། ཕྱི་ནང་གི་མུ་སྟེགས་བྱེད་དག་གིས་ལས་འབྲས་ཀྱི་རྟེན་རྣམ་པར་གཞག་པ་ནི་ཀུན་རྫོབ་ཏུ་ཐ་སྙད་ཚད་མས་འགྲུབ་པས་མི་འཐད་ལ། དེ་ལྟར་ནའང་ལས་འབྲས་ཀྱི་རྟེན་ཞིག་པ་དངོས་པོ་བ་ཞིག་གིས་བྱེད་པ་འདི་ནི་སློབ་དཔོན་ཆེན་པོ་ཟླ་གྲགས་ཀྱི་ཐལ་འགྱུར་བའི་ལུགས་སུ་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་ཡིན་ནོ་ཞེས་སྨྲའོ། །དེ་སྐད་དུ་སྨྲ་བ་དེས་ནི་སློབ་དཔོན་ཟླ་བ་ལ་སྐུར་པ་བཏབ་པར་སོང་བ་ཡིན་ཏེ། སློབ་དཔོན་འདིས་གང་བཀག་པ་དེ་ཉིད་སློབ་དཔོན་འདིའི་བཞེད་པར་སྨྲས་པའི་ཕྱིར་ཏེ། སློབ་(༡༨༩བ)


K800_Page_389
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་འདིས་ལས་འབྲས་ལ་ཡོད་མེད་དང་སྐྱེ་འགག་སོགས་ཀྱི་རང་བཞིན་ཡོད་པར་བརྗོད་ན་དངོས་པོ་ཐམས་ཅད་རྟག་ཆད་ཅན་དུ་འགྱུར་རོ་ཞེས་བཀག་པའི་ཕྱིར། ཕྱི་ནང་གི་མུ་སྟེགས་བྱེད་ཀྱིས་ལས་འབྲས་ཀྱི་འབྲེལ་པ་ཆད་དོགས་ནས་དེའི་རྟེན་གྱི་དངོས་ཆོས་རང་བདེན་པ་བཞག་པ་རྣམས་འགའ་ཡང་གྲུབ་པ་མེད་དོ་ཞེས་འདིར་གཞུང་བཙུགས་ནས་རྒྱས་པར་བསྟན་པ་ལས། སླར་འདིར་ལས་འབྲས་ཀྱི་འབྲེལ་པ་འཇོག་བྱེད་ཀྱི་རྟེན་དུ་དངོས་ཆོས་རང་བདེན་པ་ཞིག་འབད་པ་ཆེན་པོས་བསྒྲུབ་པའི་གནས་མེད་པ་ལ་དེ་ལྟ་བུའི་གནས་སྐབས་སྒྲུབ་བོ་ཞེས་རྟགས་སྦྱོར་དུ་མ་ཞིག་ཁྱེད་ཀྱིས་བྱས་པའི་ཕྱིར། དེ་ལྟར་སློབ་དཔོན་ལ་བྱུགས་ཀྱང་འགོར་མི་བཏུབ་པའི་རྟགས་སྦྱོར་མང་དུ་བྱས་པ་ལས་ཉེས་པ་ཅིར་འགྱུར་ཞེ་ན། སློབ་དཔོན་འདིས་ཕྱི་ནང་གི་མུ་སྟེགས་བྱེད་ཀྱིས་ལས་འབྲས་ཀྱི་རྟེན་དངོས་ཆོས་ཁས་ལེན་པ་དེ་དག་ལ་གནོད་བྱེད་དུ་བརྗོད་པའི་ཉེས་པ་ཐམས་ཅད་རང་ཉིད་ཀྱི་འདོད་པ་ལ་འབབ་པར་འགྱུར་བའི་ཕྱིར་དང༌། ཁྱད་པར་སློབ་དཔོན་འདིས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་སྐོང་1བ་ན་ལས་འབྲས་དང༌། དེའི་རྟེན་སོགས་དངོས་པོའི་ངོ་བོ་ཉིད་དུ་གྲུབ་པ་ཡང་དག་པར་བསལ་ནས་དེ་ལྟར་མ་གྲུབ་ཀྱང༌། ལས་འབྲས་དང་དེའི་རྟེན་སོགས་ཀྱི་བསླུ་ཆོས་རྫུན་སྣང་གི་ངོ་བོར་བལྟོས་འབྱུང་ཙམ་ཞིག་གྲགས་པར་འཇོག་གོ་ཞེས་རྩལ་དུ་བཏོན་ནས་བཤད་པར་མཛད་པ་ཡིན་པ་ལས། ལས་ཞིག་པ་དངོས་པོའི་ངོ་བོ་ཉིད་དུ་གྲུབ་པར་འབད་པ་ཆེན་པོས་སློབ་དཔོན་འདིས་བསྒྲུབས་ན་སློབ་དཔོན་ཟླ་གྲགས་དངོས་པོར་སྨྲ་བའི་གཞུང་འཛུགས་པའི་ཕྱིར་དབུ་མ་པའི་དྲི་ཙམ་ཡང་བྲོ་བར་མི་འགྱུར་བས། ཁྱེད་ཅག་སློབ་(༡༩༠ན)


K800_Page_390
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་པོ་ཟླ་བ་གྲགས་པ་དབུ་མའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོར་སྒྲུབ་བཞིན། དེའི་རིང་ལུགས་གཞན་དུ་འདྲེན་པར་མི་མཛད་འཚལ་ལོ། །མདོར་ན་དབུ་མ་པ་ལ་གཞན་དག་གིས་ཐ་སྙད་དུ་རྒྱུ་འབྲས་ཀྱི་འབྲེལ་པའི་རྟེན་ཇི་ལྟར་འཇོག་ཅེས་དྲིས་པ་ན། བརྟགས་ན་རྒྱུ་འབྲས་ཀྱི་འབྲེལ་བ་སྐྱེ་འགག་ཐམས་ཅད་དང་བྲལ་ཞིང༌། དོན་གྱི་དབང་འདི་དང་མི་འགལ་བའི་ཕྱིར་མ་བརྟགས་པ་ན་རྒྱུ་ལས་མ་འགགས་པའམ། མ་ཞིག་པ་ལས་འབྲས་བུ་འབྱུང་རུང་སྟེ། དེ་ལྟར་འབྱུང་བ་འཇིག་རྟེན་གྱི་བློ་གནོད་མེད་ལ་སྣང་བ་ལ་མི་མཐུན་པ་མེད་པར་འཇིག་རྟེན་ན་གྲགས་པས་དེ་ཙམ་ཞིག་འདིར་གཞན་ངོར་རྗོད་པར་བྱེད་པའི་ཕྱིར། དེ་ཡང་དེ་སྐབས་སུ་རྒྱུ་ལས་རྣམས་ཀྱི་མཐུ་ནུས་མི་འཇིག་པ་སྟེ། མ་ཞིག་པ་ཉིད་ལས་འབྲས་བུ་སྨིན་པ་སོགས་ཀྱི་འགྲེལ་པ་ཆེས་འཐད་པར་འཇོག་གོ་ཞེས་དེ་ཙམ་ཞིག་ལན་དུ་མཛད་པ་ཡིན་ཏེ། འདིའི་ཐད་ཀྱི་རང་འགྲེལ་ལས། གང་གི་ལྟར་ན་ལས་རང་གི་བདག་ཉིད་ཀྱིས་མ་སྐྱེས་པ་དེའི་ལྟར་ན་ནི། དེ་འགག་པ་ཡོད་པ་མ་ཡིན་ཅིང༌། མ་ཞིག་པ་ལས་འབྲས་བུ་འབྱུང་བ་མི་སྲིད་པའང་མ་ཡིན་པས་ལས་རྣམས་མི་འཇིག་པས་ལས་དང་འབྲས་བུའི་འབྲེལ་པ་ཆེས་ཤིན་ཏུ་འཐད་པར་འགྱུར་རོ། །ཞེས་འབྱུང་བའི་ཕྱིར། འདི་ལ་རྨ་བྱ་བའི་མཆན་ཡིག་ཏུ། དེ་འགག་པ་ཡོད་པ་མ་ཡིན་ཅིང་མ་ཞིག་པ་ལས་འབྲས་བུ་འབྱུང་བ་མི་སྲིད་པའང་མ་ཡིན་པས་ཞེས་པ་ལ། དེ་འགག་པ་ཡོད་པ་མ་ཡིན་པ་དང་མ་ཞིག་པ་ཞེས་ལས་འབྲས་དེ་དག་གི་དོན་དམ་དུ་ན་འགག་པ་ཡོད་པ་མ་ཡིན་པ་དང༌། (༡༩༠བ)


K800_Page_391
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞིག་པ་ནི་མེད་དགག་ལ་སྤྱོར་ལ། ལས་འབྲས་དེ་དག་གི་ཀུན་རྫོབ་ཏུ་ན་འགག་པ་ཡོད་པ་མིན་པ་དང༌། མ་ཞིག་པ་ནི་མ་བརྟགས་གྲགས་ངོའི་མ་ཡིན་དགག་ལ་སྦྱར་བ་ཉིད་སྐབས་དོན་དང་སྦྱར་བར་བྱའོ། །ཞེས་འབྱུང་བའང་ལེགས་པར་བཤད་པ་བླ་ན་མེད་པའོ། །དེ་ལས་ཁྱེད་ལྟར་ཐ་སྙད་དུ་རྒྱུ་ལས་ཞིག་པའི་དངོས་པོས་འབྲས་བུ་དངོས་པོ་བསྐྱེད་པར་སློབ་དཔོན་ཆེན་པོ་འདིས་བཞེད་ན་འགྲེལ་པ་འདིར་ཇི་སྐད་དུ། ཞིག་པ་ལས་འབྲས་བུ་འབྱུང་མི་སྲིད་པའང་མ་ཡིན་པས་ལས་རྣམས་འཇིག་པ་སྟེ་ཞིག་པ་ལས་ལས་དང་འབྲས་བུའི་འབྲེལ་བ་ཆེས་ཤིན་ཏུ་འཐད་པར་འགྱུར་རོ་ཞེས་འབྱུང་རིགས་པར་འགྱུར་བ་ལས་དེ་ལྟར་ཡང་མ་གསུངས་པའི་ཕྱིར། ཞིག་པ་དངོས་པོ་བའི་རྒྱུ་ལས་དངོས་འབྲས་བསྐྱེད་དོ་ཞེས་གསུངས་པའི་སྐབས་ཡེ་མེད་པ་ལ། ཁྱེད་དེ་ལྟར་རྩ་འགྲེལ་འདིས་བསྟན་ཏོ་ཞེས་བསྙོན་འདོར་འདེབས་པ་འདིའི་ཞེན་དོན་ནི་ཁྱེད་ཅག་ལས་འབྲས་ཀྱི་འབྲེལ་པའི་རྟེན་གྱི་དངོས་པོའི་ངོ་བོ་ཞིག་མེད་ན། དོན་བྱེད་ནུས་པའི་དངོས་པོ་མི་སྲིད་པར་འགྱུར་རོ་ཞེས་ཟབ་མོ་སྟོང་པ་ཉིད་ལ་བློ་གྲོས་ཀྱི་འཇུག་པ་མ་བཟོད་པར་ལས་འབྲས་སོགས་ཀྱི་བསླུ་ཆོས་ཚུར་མཐོང་ལ་དོན་བྱེད་པ་ཅན་གྱི་དངོས་པོ་རང་བདེན་པ་འདི་ལྟར་བསླུ་མེད་ཀྱི་ཐ་སྙད་པའི་ཚད་མས་གྲུབ་བོ་ཞེས་མོས་པར་བྱེད་པ་འདི་ནི། དངོས་འཛིན་གྱི་གདོན་ནད་དམ་པོས་རེ་ཞིག་བཏང་བར་མི་འགྱུར་བའི་གཞན་དབང་ཉིད་ཀྱིས་འདིར་གྱུར་པ་སྟེ། ཚུལ་འདིའང་སྔོན་བསགས་དམན་པའི་དབང་གི་ཕྱིར། ཀྱེ་ཁྱེད་ཅག་དེང་ཕྱིན་ཆད་བསགས་སྦྱང་གི་བགྱི་བ་བྱེད་དོ་ཅོག་ཐམས་ཅད་ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་མཉན་པའི་སྣོད་རུང་དུ་བཟོད་པར་གྱུར་ཅིག་པའི་(༡༩༡ན)


K800_Page_392
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་ཡང་དག་པར་འདེབས་ན་ལེགས་སྤྱད་དམ་པར་འགྱུར་རོ། །མདོར་ན་ལས་དགེ་མི་དགེའི་རྒྱུ་ལས་འབྲས་བུ་བདེ་སྡུག་དང༌། རྒྱུ་ཀུན་བྱང་ལས་འབྲས་བུ་འཁོར་འདས་ལ་སོགས་པར་བཞག་པ་འདི་དག་ནི་མ་དཔྱད་པར་ཇི་སྲིད་ཚུར་མཐོང་ནས་ས་བཅུ་པའི་རྗེས་ཐོབ་དག་པ་བ་འཇིག་རྟེན་པ་ཚུན་ཆད་ཀྱི་འཇིག་རྟེན་གྱི་ངོ་ནས་བཞག་གི། རྒྱུ་དེ་དག་ལས་འབྲས་བུ་འབྱུང་ན་རྒྱུ་ཞིག་པའི་དངོས་པོ་ལས་འབྲས་བུ་འབྱུང་ངམ། མ་ཞིག་པའི་དངོས་པོ་ལས་འབྲས་བུ་འབྱུང་ཞེས་དཔྱོད་ན་ནི། དེ་ལྟར་དཔྱད་ནས་ཀུན་རྫོབ་བདེན་པའི་རྒྱུ་འབྲས་འཇོག་པར་སོང་ལ། རིགས་པས་དཔྱད་ནས་ཀུན་རྫོབ་བདེན་པའི་རྒྱུ་འབྲས་ལ་འདི་ནི་རིགས་པ་ཚད་མས་དཔྱད་བཟོད་དུ་གྲུབ་ལ། འདི་ནི་མ་གྲུབ་བོ་ཞེས་པ་ནི་དངོས་པོར་སྨྲ་བ་དག་གིས་སྒྲོ་སྐུར་དུ་བྱེད་པ་ཡིན་གྱི། དབུ་མ་པས་ནི་དཔྱད་ནས་ཀུན་རྫོབ་ཀྱི་བདེན་པ་འཇོག་པ་མ་ཡིན་ཏེ། དེ་ལྟར་འཇོག་ན་དཔྱད་བཟོད་ཀྱི་ཆོས་ཁས་ལེན་དགོས་པའི་ཉེས་པ་བླ་ན་མེད་པས་གོས་པའི་ཕྱིར། ཁྱད་པར་དཔྱད་ན་རྒྱུ་ཞིག་མ་ཞིག་གང་ལས་ཀྱང་འབྲས་བུ་འབྱུང་བ་མིན་ཏེ། རྒྱུ་ཞིག་ནས་འབྲས་བུ་འབྱུང་ན་ཐམས་ཅད་ནས་ཐམས་ཅད་དུ་འབྱུང་བར་ཐལ་བ་དང༌། མ་ཞིག་པར་འབྱུང་ན་འབྲས་བུ་རྐྱེན་ལ་མི་བལྟོས་པར་འགྱུར་བ་དང༌། རྒྱུ་ཞིག་ནས་འབྲས་བུ་འབྱུང་བར་རློམ་པ་དེ་ལྟར་ན་དངོས་པོ་ཕྱི་མ་རྒྱུན་ཆད་པར་འགྱུར་བ་དང༌། མ་ཞིག་པར་འབྲས་བུ་འབྱུང་བར་རློམ་པ་དེ་ལྟར་ན་དངོས་པོ་ཐམས་ཅད་གཅིག་ཅར་རྟག་པར་འགྱུར་བའི་ཕྱིར་ཏེ། ཞིག་པ་རྒྱུར་མི་རུང་བའི་ཕྱིར་དང༌། མ་ཞིག་པ་རྟག་པའང་རྒྱུར་མི་རུང་བའི་ཕྱིར་རོ། །ཞེས་དཔྱད་པ་ན་རྒྱུ་འབྲས་ཀྱི་འབྲེལ་བ་(༡༩༡བ)


K800_Page_393
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དེའི་རྟེན་ལ་སོགས་པ་ནི་ཐ་སྙད་དུའང་འགར་བཞག་བཏུབ་པའི་སྤྲོས་པའི་བརྫི་བ་མེད་པ་འདི་ནི་ཆོས་ཚུལ་འདིའི་རྨད་དུ་བྱུང་བའི་རིང་ལུགས་བླ་ན་མེད་པ་ཡིན་ནོ། །ད་ནི་ཞིག་པ་དངོས་པོར་འདོད་པའི་སྒྲུབ་བྱེད་རིགས་པ་དང་བྲལ་བར་བརྗོད། སྤྱིར་དངོས་པོ་འཇིག་ཞིག་འཇིག་རྟེན་དང་དངོས་སྨྲ་བའི་བསྟན་བཅོས་མཁན་པོ་དག་གི་རྣམ་གཞག་ཇི་ལྟར་བྱེད་ཚུལ། ཐ་སྙད་དུའང་ཞིག་པ་དངོས་པོར་གཏན་མི་རིགས་པའི་ཚུལ་ལོ།།དང་པོ་ལ། ཙོང་ཁ་པ་ན་རེ། ཞིག་པ་དངོས་པོ་ཡིན་ཏེ། ཞིག་མ་ཞིག་གི་ལས་གཉིས་ཀ་དངོས་པོ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན་ཞིག་པ་དངོས་པོ་ཡིན་ཏེ། ཞིག་པ་ལ་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན་གྲུབ་པར་ཐལ། སྐད་ཅིག་གཉིས་པར་མི་སྡོད་པ་ལ་རྒྱུ་ཡོད་པ་གང་ཞིག་དེ་ཡོད་ན་སྐད་ཅིག་གཉིས་པར་མ་བསྡད་པ་ལའང་རྒྱུ་ཡོད་པར་མཚུངས་པའི་ཕྱིར། ཞེས་དང༌། མྱུ་གུ་དུས་དང་པོར་སྐྱེས་པའི་རྒྱུའི་ཕན་འདོགས་ཀྱིས་དུས་གཉིས་པར་ཞིག་པའི་དངོས་འབྲས་སྐྱེད་པར་བྱེད་དོ། །ཞེས་དང༌། མྱུ་གུ་ཞིག་པ་ད་གཟོད་རྒྱུས་བསྐྱེད་མི་ནུས་ཀྱང་ཞིག་པ་དེ་ཉིད་རྒྱུས་བྱས་པས་རྒྱུ་ཡོད་དོ། །ཞེས་དང༌། ཡང་ས་བོན་ཞིག་པ་དངོས་པོ་ཡིན་པར་ཐལ། ས་བོན་འགགས་པ་དངོས་པོ་ཡིན་པའི་ཕྱིར། གྲུབ་སྟེ། མྱུ་གུ་སྐྱེས་པ་དང་ས་བོན་འགགས་པ་དུས་མཉམ་པའི་ཕྱིར། མ་གྲུབ་ན་མྱུ་གུ་སྐྱེ་བ་ལ་ཕྱོགས་པ་དང༌། ས་བོན་འགགས་པ་ལ་ཕྱོགས་པ་དུས་མཉམ་པ་མ་ཡིན་པར་ཐལ། མྱུ་གུ་སྐྱེས་པ་དང་ས་བོན་འགགས་པ་དུས་མི་མཉམ་པའི་ཕྱིར། དེས་ན་མྱུ་གུ་ས་བོན་གྱི་དུས་(༡༩༢ན)


K800_Page_394
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད་ལ། ཕྱིས་ཡོད་པས་རྒྱུ་བཅས་སུ་གྲུབ་པ་བཞིན་མྱུ་གུའི་ཞིག་པ་ཡང་སྔར་མྱུ་གུའི་ཞིག་པ་ཡང་སྔ་མྱུ་གུའི་དུས་ན་མེད་ལ། ཕྱིས་ཡོད་པ་རྒྱུ་བཅས་སུ་གྲུབ་བོ། །ཞེས་དང༌། ས་བཅུ་པ་ལས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་ཤི་བ་ནི་གང་ཤི་བའི་སེམས་ཅན་དེ་ཞིག་པ་ཡིན་ལ། དེ་སྐྱེ་བའི་རྐྱེན་གྱིས་བསྐྱེད་པར་གསུངས་པ་དང༌། ཡང་དེ་ཉིད་ལས། འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། འདུ་བྱེད་འཇིག་པར་བྱེད་པ་དང་ཡོངས་སུ་མི་ཤེས་པའི་རྒྱུ་ཡང་འབྱིན་པའོ། །ཞེས་འཆི་བས་བྱ་བ་གཉིས་ཏེ། ཤི་བའི་རྒྱུ་བྱེད་པ་དང༌། ཤི་བས་མ་རིག་པ་བསྐྱེད་པར་གསུངས་པས། ཞིག་པ་ལ་བསྐྱེད་པའི་རྒྱུ་ཡོད་པ་དང་ཞིག་པས་འབྲས་བུ་བསྐྱེད་ནུས་པའོ། །དེས་ན། དངོས་དང་དངོས་མེད་འདུས་བྱས་ཡིན། །ཅེས་དང༌། ཇི་སྐད་དུ། རྒྱུ་ཟད་ཉིད་ལས་ཞི་བ་ནི། །ཟད་ཅེས་བྱ་བ་དམིགས་པ་སྟེ། །ཞེས་མྱུག་སོགས་ཀྱི་དངོས་པོ་དང༌། དེ་ཞིག་པའི་དངོས་པོར་མེད་པ་གཉིས་ཀ་འདུས་བྱས་དང༌། སྣུམ་ལྟ་བུའི་རྒྱུ་ཟད་པ་ནི་མར་མེ་ལྟ་བུའི་འབྲས་བུ་ཟད་པའི་རྒྱུར་གསུངས་སོ། །ཞེས་ཟེར་རོ། །སྒྲུབ་བྱེད་ཀྱི་རིགས་པ་དེ་ཐམས་ཅད་ལྟག་ཆོད་དང་ལུང་ཐམས་ཅད་འབྲེལ་མེད་ཁོ་ནར་ཟད་དེ། དང་པོར་ཞིག་པ་དངོས་པོ་ཡིན་པར་སྒྲུབ་པ་ལ་རྟགས་སྒྲུབ་ལན་གཉིས་བྱས་པའི་མཐར། སྐད་ཅིག་གཉིས་པར་མི་སྡོད་པ་ལ་རྒྱུ་ཡོད་ན་སྐད་ཅིག་གཉིས་པར་མ་བསྡད་པ་ལའང་རྒྱུ་ཡོད་པར་མཚུངས་པའི་ཕྱིར་ཞེས་མཚུངས་པ་བསྒྲུབས་ན། རྒྱུས་བསྐྱེད་པའི་དངོས་པོར་དངོས་པོ་ཡོད་ན། རྒྱུས་བསྐྱེད་ནས་(༡༩༢བ)


K800_Page_395
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་ཟིན་པའི་དངོས་པོ་དངོས་པོར་ཡོད་དགོས་པར་མཚུངས་སོ་ཞེས་སྨྲ་ན། ཁྱེད་ཅག་ཅིས་འགོག ཡང་མྱུ་གུ་དུས་དང་པོར་སྐྱེས་པའི་རྒྱུས་ཕན་བཏགས་པ་ལས། མྱུ་གུ་དུས་གཉིས་པར་ཞིག་པའི་དངོས་འབྲས་བསྐྱེད་པར་སྲིད་ན་དེ་ཉིད་ཀྱི་ཕྱིར། མྱུག་དངོས་དུས་ཕྱི་མ་གཉིས་པར་སྐྱེ་བ་ལ་མྱུག་དངོས་དུས་དང་པོར་ཞིག་པས་ཀྱང་ཕན་འདོགས་པར་འགྱུར་ལ། དེ་འདོད་ན་འདོད་པ་དེའི་ཕྱིར་མྱུག་དངོས་ཀྱི་སྐྱེ་བ་མྱུག་དངོས་ཞིག་པའི་རྒྱུ་དང༌། མྱུག་དངོས་ཀྱི་ཞིག་པ་མྱུག་དངོས་སྐྱེ་བའི་རྒྱུར་ཡང་འགྱུར་ཞིང༌། འདོད་ན། སྐྱེ་བ་དེ་འགག་པའི་རྒྱུ་དང༌། འགག་པ་དེ་སྐྱེ་བའི་རྒྱུ་དང༌། འཆི་བ་དེ་མི་འཆི་བའི་རྒྱུ་དང༌། མི་འཆི་བ་དེ་འཆི་བའི་རྒྱུ་དང༌། གསོན་པ་དེ་མི་གསོན་པའི་རྒྱུ་དང༌། མི་གསོན་པ་དེ་གསོན་པའི་རྒྱུར་ཡང་འགྱུར་ལ། དེ་ལྟར་འདོད་ན་མི་འཆི་བ་དང་གསོན་པའི་རྒྱུ་ལྷའི་བདུད་རྩི་དང་འཆི་མེད་ཚེའི་རིག་འཛིན་གྱི་དངོས་གྲུབ་ཀྱང་འཆི་བ་དང་མི་གསོན་པའི་རྒྱུར་ཡང་འགྱུར་རོ། །དེར་མ་ཟད་མྱུ་གུ་སྐྱེ་ཞིག་ཀྱང་ཁྱེད་ལྟར་ན་དུས་སྔ་ཕྱིའི་རྒྱུ་འབྲས་སུ་འཇོག་མི་རིགས་པར་ཐལ། མྱུ་གུའི་ཞིག་པ་དངོས་པོ་དང་མྱུ་གུ་སྐྱེ་བ་གཉིས་ཀ་དངོས་པོ་ཡིན་པ་ལ་རིས་འདྲ་མི་འདྲའི་དངོས་པོ་གཞན་གྱིས་བར་མ་ཆོད་པའི་དངོས་པོ་གྱུར་པའི་ཕྱིར། མ་གྲུབ་ན་དེ་གཉིས་དངོས་ཀྱི་རྒྱུ་འབྲས་སུ་མ་གྲུབ་པར་ཐལ། རྒྱུ་འབྲས་དེ་གཉིས་བར་གཞན་གྱིས་ཆོད་པའི་ཕྱིར། རྩ་བར་མ་ཁྱབ་བོ་སྙམ་ན། དུས་སྔ་ཕྱིར་འཇོག་པ་ལ་དངོས་པོས་བར་དུ་ཆོད་མི་དགོས་ན་ནམ་མཁའ་ལ་སོགས་པའི་ཆོས་ལའང་དུས་སྔ་ཕྱི་འཇོག་རིགས་པར་འགྱུར་རོ། །གཞན་ཡང་མྱུ་གུ་སྐྱེ་བའི་རྒྱུས་ཞིག་པའི་(༡༩༣ན)


K800_Page_396
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་འབྲས་དེ་མྱུ་གུའི་དངོས་པོར་བསྐྱེད་དམ། མྱུ་གུ་ལས་གཞན་པའི་དངོས་པོར་བསྐྱེད། དང་པོ་ལྟར་ན་མྱུ་གུ་ཞིག་པར་མ་སོང༌། གཉིས་པ་ལྟར་ན་ཡོད་པ་དང་མེད་པའི་དངོས་པོ་གང་བསྐྱེད། མེད་པའི་དངོས་པོ་བསྐྱེད་པར་མི་རིགས་ཏེ། མེད་ན་དངོས་པོར་འགལ་བའི་ཕྱིར། ཡོད་པར་བསྐྱེད་ན་མྱུ་གུ་དུས་དང་པོར་སྐྱེས་པས་དུས་གཉིས་པ་དེ་ཞིག་པའི་འབྲས་བུ་མ་བསྐྱེད་པར་ཐལ། དེ་མ་ཞིག་པའི་ཡོད་པར་བསྐྱེད་པའི་ཕྱིར། དེ་ལ་རྟགས་མ་གྲུབ་སྟེ། ཡོད་པར་བསྐྱེད་ཀྱང་མ་ཞིག་པའི་ཡོད་པར་མི་བསྐྱེད་པར་ཞིག་པའི་ཡོད་པ་ཉིད་བསྐྱེད་པའི་ཕྱིར་ཞེ་ན། འོ་ན་མྱུ་གུ་ཞིག་པའི་ཡོད་པ་དེ་ཆོས་ཅན། ཁྱོད་ཞིག་པ་མ་ཡིན་པར་ཐལ། ཁྱོད་ཡོད་པའི་ཕྱིར། མ་ཁྱབ་ན། མྱུ་གུ་ཡོད་ཅིང་ཞིག་པའི་དངོས་པོ་དེ་ཆོས་ཅན། ཡོད་པ་མ་ཡིན་པར་ཐལ། ཁྱོད་ཡོད་པའམ་མ་ཞིག་པར་སྡོད་མ་ཐུབ་པར་ཞིག་པ་ཉིད་ལས་གཞན་དུ་ཡོད་པར་བྱར་མེད་པའི་ཕྱིར། དེ་ལ་ཞིག་པ་ལས་གཞན་དུ་བྱར་མེད་ཀྱང་ཞིག་པ་ཉིད་ཡོད་པ་ཡིན་པས། ཡོད་པར་སྡོད་མ་ཐུབ་པ་མ་གྲུབ་བོ་ཞེ་ན། འོ་ན་ཡོད་པ་ལ་སྐྱེ་འཇིག་གི་གནས་སྐབས་མི་འཐད་པར་ཐལ། ཞིག་པ་ཉིད་ཡོད་པ་ཡིན་པ་ལས་ཡོད་པ་གཞན་དུ་བྱར་མེད་པའི་ཕྱིར། ཁྱབ་པ་མེད་ན་ཡོད་པའི་སྐྱེ་བ་དང་གནས་པ་མ་ཞིག་པ་མ་ཡིན་པར་ཐལ། ཞིག་པ་ཉིད་ཡོད་པ་ཡིན་ཅིང༌། ཡོད་པའི་སྐྱེ་བའང་ཞིག་པའི་ཡོད་པ་ལས་གཞན་དུ་བྱར་མེད་ཅིང༌། གང་ཞིག་པ་དེ་མ་ཞིག་པ་མ་ཡིན་པའི་ཕྱིར། འདོད་ན། ཡོད་པའི་སྐྱེ་བ་དང་གནས་པ་སྐྱེ་བ་དང་གནས་པ་ཉིད་དུ་མི་སྲིད་པར་ཐལ། མ་ཞིག་པ་མ་ཡིན་པར་ཞིག་པ་ཡིན་པའི་ཕྱིར། ཡང་ཁྱེད་མྱུག་(༡༩༣བ)


K800_Page_397
[མ་དཔེ་གཟིགས་ན་འདིར་གནོན།]

གུ་ཞིག་པ་ད་གཟོད་རྒྱུས་བསྐྱེད་མི་ནུས་ཀྱང་ཞིག་པ་དེ་ཉིད་རྒྱུས་བྱས་པས་རྒྱུ་ཡོད་དོ་ཞེས་པ་ནི་རྒྱུས་བསྐྱེད་མི་ནུས་པའི་འབྲས་བུ་དེ་རྒྱུ་དེར་བལྟོས་ཀྱི་འབྲས་བུ་ཡིན་པ་སྨྱོན་པ་ལས་སུ་ཞིག་གིས་ཁས་ལེན་པར་བྱེད་དེ། ད་གཟོད་དེ་གསར་དུ་རྒྱུས་བསྐྱེད་མི་ནུས་ཀྱང་འབྲས་བུར་འཇོག་ན་དེ་དང་དེའི་འབྲས་བུ་ཡིན་མིན་འཇོག་ཏུ་མེད་པའི་ཕྱིར་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཀྱི་རྣམ་གཞག་ཐམས་ཅད་ནུབ་པར་འགྱུར་རོ། །ཡང་ཁྱེད་ཞིག་པ་དངོས་པོ་ཡིན་པར་སྒྲུབ་པ་ལ། ས་བོན་ཞིག་པ་དངོས་པོ་ཡིན་པར་ཐལ། ས་བོན་འགགས་པ་དངོས་པོ་ཡིན་པའི་ཕྱིར། གྲུབ་སྟེ། མྱུ་གུ་སྐྱེས་པ་དང་ས་བོན་འགགས་པ་དུས་མཉམ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྒྲུབ་འདི་ལ་དཔྱད་དུ་ཡོད་དེ། འགགས་པ་ལ་འཇིག་པའི་འགགས་པ་དང༌། ཞིག་པའི་འགགས་པ་གཉིས་ལས། འཇིག་པའི་འགགས་པ་དངོས་པོ་བ་ལ་དེ་ལྟའི་ཚེ་སྐྱེ་འགག་དུས་མཉམ་གྲུབ་ཏུ་ཆུག་ཀྱང་ཞིག་པའི་འགགས་པ་དངོས་མེད་ལ་དུས་མཉམ་མི་རུང་སྟེ། དངོས་མེད་ལ་དུས་མཉམ་གྱི་ཡོད་པ་རྭ་རྣ་ལྟར་ཕན་ཚུན་འཇོག་ཏུ་མེད་པའི་ཕྱིར། ཡང་ཁྱེད་མྱུ་གུ་ས་བོན་གྱི་དུས་མེད་ལ་ཕྱིས་ཡོད་པ་བཞིན་མྱུ་གུའི་ཞིག་པ་མྱུ་གུའི་དུས་ན་མེད་ལ་ཕྱིས་ཡོད་པས་རྒྱུ་བཅས་སུ་གྲུབ་བོ་ཞེས་སྨྲ་བ་འདི་ལྟར་ན། མྱུ་གུའི་ཞིག་པ་མྱུ་གུའི་དུས་སུ་མེད་ན་ཆོས་ཅན། མྱུ་གུའི་ཞིག་པས་མྱུ་གུ་ཞིག་པར་མ་བྱས་པར་ཐལ། མྱུ་གུའི་དུས་ན་མྱུ་གུའི་ཞིག་པ་མེད་པའི་ཕྱིར། ཁྱབ་པ་མེད་ན་མྱུ་གུའི་ཞིག་པའི་ཞིག་བྱེད་མ་འོངས་པས་ཞིག་བྱ་མྱུ་གུ་འདས་པ་ཞིག་པར་བྱེད་སྲིད་པར་ཐལ། མ་ཁྱབ་དེའི་ཕྱིར། འདོད་ན་ཞིག་བྱ་མྱུ་གུ་འདས་པ་ཆོས་ཅན། ཁྱོད་ཞིག་པ་མ་འོངས་པས་ཞིག་པར་བྱེད་མི་དགོས་པར་(༡༩༤ན)


K800_Page_398
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། ཞིག་བྱ་འདས་པ་དེ་ཞིག་ཟིན་པས་སླར་ཞིག་མི་དགོས་པའི་ཕྱིར། ལུང་སྒྲུབ་བྱེད་དུ་དྲངས་པ་དེ་ཡང་མ་འབྲེལ་བའི་ཚུལ་ནི། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་འབྱུང་བའི་ལུང་དོན་ཁྱེད་ཀྱིས་རྒྱུ་དངོས་པོ་རང་བདེན་པས་འབྲས་བུ་རང་བདེན་པ་བསྐྱེད་པར་འདོད་པ་དངོས་པོར་སྨྲ་བའི་ལུགས་ལྟར་དབུ་མ་པས་འདོད་པ་མ་ཡིན་གྱི། སྐྱེ་བའི་བལྟོས་ཆོས་ཀྱི་རྐྱེན་ཙམ་གྱིས་རྒ་ཤི་སོགས་འཇོག་པས་ལས་རྒྱུ་འབྲས་བདེན་པར་མེད་བཞིན་རྫུན་ཆོས་ཙམ་དུ་ཀུན་རྫོབ་པར་མི་བསླུ་བའི་བདེན་པ་ལྟར་སྣང་ངོ་ཞེས་འཆད་པ་དང༌། འཆི་བས་བྱ་བ་གཉིས་བྱེད་པའི་ལུང་དོན་ཀྱང་འཆི་བས་ཞེས་པ་འཆི་བའི་འཇིག་པའི་བྱ་བ་ལ་བྱ་ཡི། ཞིག་པའི་བྱ་བ་ལ་མ་ཡིན་ཏེ། ཞིག་པས་བྱ་བ་བྱེད་མི་ནུས་པའི་ཕྱིར། དེའང་འཆི་བའི་འཇིག་པས་མི་འཆི་བའི་རིགས་འདྲ་ཕྱི་མའི་རྒྱུན་གཅོད་པས་མི་འཆི་བར་མ་བཟུང་བ་ལས་འདུ་བྱེད་འགྱུར་བའི་བྱ་བ་བྱས་པ་དང༌། འཆི་སེམས་ཉིད་སེམས་བྱུང་མ་རིག་པ་དང་མཚུངས་ལྡན་གྱི་རྨོངས་པའི་ངོ་བོར་སྐྱེས་བྱ་བ་ཡིན་ལ། ཁྱེད་ལྟར་འཆི་བས་ཤི་བ་དང་མ་རིག་པ་བསྐྱེད་པའི་བྱ་བ་གཉིས་བྱས་ཞེས་པའི་དབང་དུ་ན། འཆི་བའང་ཞིག་པ་ལ་ཁྱེད་ཀྱིས་བསམས་པར་སྣང་མོད། དེ་ལྟ་ན་ཞིག་པའང་ཤི་བའི་དོན་དུ་ཟད་ལ། དེའི་ཚེ་སྨྲས་ཚོད་འཆི་བ་ཞེས་བརྗོད་ཀྱང་སོང་ཚོད་ཤི་བར་སོང་ལ་ཤི་བས་ཤི་བའི་བྱ་བ་བྱེད་ན་རང་གིས་རང་ཉིད་ལ་བྱ་བྱེད་གཉིས་འགལ་བ་དང༌། ཞིག་པས་སླར་ཤི་བ་སྟེ་ཞིག་པ་ཞིག་པར་བྱེད་ན་མ་ཞིག་པར་འགྱུར་བའམ། ཡང་ན། ཁྱེད་འདོད་པའི་ཞིག་དངོས་དེའི་དངོས་རྒྱུན་གཅོད་པར་འགྱུར་བས་ཞིག་པ་དངོས་པོར་འདོད་པ་ལས་ཉམས་བྱེད་དུ་འགྱུར་རོ། །(༡༩༤བ)


K800_Page_399
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་པ་དངོས་པོར་འདོད་པའི་ལུང་དུ། དངོས་དང་དངོས་མེད་འདུས་བྱས་ཡིན། །ཅེས་ཞིག་པ་དངོས་མེད་དངོས་དོན་དུ་འཆད་པ་འདི་ནི་ལུང་རྒྱབ་ཀྱིས་ཆེས་ཕོངས་ནས་འདི་ལྟར་བརྗོད་མོད། ཐ་ཆད་པར་སྨྲས་པ་ཡིན་ཏེ། དེ་ལྟར་ན་འདིར་འགྱུར་བའི་ཕྱིར། དངོས་མེད་ཆོས་ཅན། དངོས་པོར་ཐལ། ཀླུ་སྒྲུབ་ཞབས་ཀྱིས་དངོས་དང་དངོས་མེད་གཉིས་ཀ་ཕན་ཚུན་བལྟོས་ནས་འདུས་བྱས་པར་འཇོག་པས་རྟེན་འབྲེལ་གྱི་ཆོས་ཙམ་ལས། དངོས་པོ་དང་དངོས་མེད་རང་བདེན་པ་མ་གྲུབ་པར་གསུངས་པ་དབང་མ་བཙན་པར་ཁྱེད་དངོས་པོ་དོན་བྱེད་པ་དེར་བདེན་དུ་འདོད་པ་དང༌། ཁྱད་པར་དངོས་པོ་ཞིག་པའི་དངོས་མེད་ཀྱང་དངོས་པོར་འདོད་པ་ཉིད་ཀྱི་ཕྱིར། འདོད་པ་ལས་འོས་མེད། དེ་ལྟར་ན་ཐ་སྙད་དུའང་ཤེས་བྱ་ལ་དངོས་པོ་དང་དངོས་མེད་གཉིས་སུ་བརྗོད་བྱར་མེད་པར་འགྱུར་ཏེ། དངོས་པོ་ལས་མ་གཏོགས་པའི་ཆོས་མེད་པར་འགྱུར་བའི་ཕྱིར་ཏེ། དངོས་མེད་ཀྱང་དངོས་པོ་ཉིད་དུ་ཁས་བླངས་པའི་ཕྱིར། ཡང་རྒྱུ་ཟད་ཀྱི་ལུང་ནི། ཉོན་མོངས་ཟད་པས་ཐར་པ་རྣམ་པར་གྲོལ་བའི་དོན་དུ་བཤད་པ་ཡིན་ཏེ། རིམས་ནད་དང་བྲལ་བ་ན་འགོ་ནད་ལས་གྲོལ་བར་བརྗོད་པ་ལྟ་བུ་ཡིན་པའི་ཕྱིར། དེ་ཡང་འགོ་ནད་ལས་གྲོལ་བ་ནི་འགོ་ནད་མེད་པར་སོང་བས་ནད་ལས་གྲོལ་བ་དེ་ནད་ཀྱི་དངོས་པོར་སླར་རྒྱུས་བསྐྱེད་མི་དགོས་ལ། ཁྱེད་ཀྱི་ལུང་དོན་ལྟར་བཤད་ན་དེའི་ཚེ་འདིར་འགྱུར་ཏེ། འགོ་ནད་ཟད་པའམ་ཞིག་པས་བསྐྱེད་པའི་ནད་ལས་གྲོལ་བའི་ཟད་པའམ་ཞིག་པས་བཞག་པའི་ཟད་པ་དང་ཞིག་པ་དེ་སླར་ནད་ཀྱི་དངོས་པོར་ཁས་ལེན་དགོས་པ་ཉིད་དུ་འགྱུར་ཏེ། ཟད་ཞིག་དེ་དག་(༡༩༥ན)


K800_Page_400
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཡིན་པ་གང་ཞིག དེ་ཡིན་ན་ནད་ཀྱི་དངོས་རྒྱུན་ལས་གཞན་པའི་དངོས་རྒྱུན་བར་དེར་འཚངས་ནས་འོངས་པ་མེད་པའི་ཕྱིར། ཡང་ཁྱེད་སྣུམ་ལྟ་བུའི་རྒྱུ་ཟད་པས་མར་མེ་ལྟ་བུའི་འབྲས་བུ་ཟད་པའི་རྒྱུ་འབྲས་འཇོག་ཅེས་པ་འདི་ལྟར་ན་མེ་མ་དམིགས་པའི་རྒྱུས་དུ་བ་མ་དམིགས་པའི་འབྲས་བུ་བསྐྱེད་པར་ཡང་མཚུངས་ལ། དེ་འདོད་ན། མཚན་མོའི་རྒྱ་མཚོར་དུ་བ་འགོག་པ་ལ་རྒྱུ་མེ་མེད་རྟགས་སུ་སྦྱོར་བའི་ཚེ་དེ་མ་དམིགས་པའི་གཏན་ཚིགས་མིན་པར་འགྱུར་ཏེ། དེ་ལྟ་བུ་དེ་རྒྱུས་འབྲས་བུ་བསྒྲུབ་པའི་གཏན་ཚིགས་སུ་སོང་བའི་ཕྱིར་ཏེ། གཞི་དེར་མེ་མ་དམིགས་པའི་རྒྱུས་འབྲས་བུ་དུ་མེད་བསྐྱེད་པའི་རྒྱུ་འབྲས་ཀྱི་འབྲེལ་པ་གྲུབ་པར་སྣང་བའི་ཕྱིར། རྩ་བར་འདོད་ན་དེ་འདྲའི་གཏན་ཚིགས་དེ་རྒྱུ་མ་དམིགས་པའི་གཏན་ཚིགས་མ་ཡིན་པར་ཐལ། འདོད་པ་གང་ཞིག རྒྱུས་འབྲས་བུ་སྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། དེས་ན་ལེགས་པར་སོམས་ལ་རན་པར་སྨྲོས་ཤིག སྤྱིར་དེར་མེ་དངོས་སུ་མ་དམིགས་པས་དུ་བ་མ་དམིགས་པ་བསྐྱེད་པ་དང༌། ཆར་མ་བབ་པས་ལོ་ཏོག་མ་སྐྱེས་པ་ལྟ་བུ་དངོས་ཀྱི་རྒྱུ་འབྲས་མ་ཡིན་ཀྱང་ཆ་མཐུན་གྱི་ཁོངས་སུ་བསྡུའོ་ཞེས་མདོ་སེམས་ཐུན་མོང་བའི་དངོས་པོར་སྨྲ་བའི་ཕྱོགས་གླང་གྲགས་པའི་རྟོག་གེའི་གཞུང་ལས་ཀྱང་འབྱུང་མོད། སྤྱིར་ཆོས་གང་དང་གང་འབྱུང་བ་ལ་གེགས་མི་བྱེད་པ་ཙམ་ལ་བློ་རྩེ་གཏད་ནས་དེ་ལྟའི་ཆོས་དེ་ཆོས་གཞན་གྱི་རྒྱུར་འཇོག་ན་བྱེ་སྨྲ་འདོད་པ་ལྟར་བུམ་པ་སྐྱེ་བའི་བྱེད་རྒྱུར་བརྟགས་འགོག་འཇོག་པ་ལྟར་ཁས་བླངས་ཀྱང་མི་རུང་བ་མེད་པར་འགྱུར། གཞན་ཡང་སྣུམ་ཟད་པ་ནི་མར་མེའི་རྒྱུན་མི་ཟད་(༡༩༥བ)


K800_Page_401
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགོག་ཀྱང་མར་མེའི་རྒྱུན་ཟད་པ་དེ་སྐྱེད་བྱེད་མ་ཡིན་ཏེ། རྒྱུ་མི་ཟད་པ་དེ་འབྲས་བུ་སྐྱེད་བྱེད་ཡིན་གྱི། རྒྱུ་ཟད་པ་དེ་འབྲས་བུ་སྐྱེད་བྱེད་མ་ཡིན་པའི་ཕྱིར། ཡིན་ན་རྒྱུ་ས་བོན་གྱིས་མྱུ་གུ་བསྐྱེད་པའི་ནུས་པ་ཟད་པ་དེའང་འབྲས་བུ་མྱུ་གུ་མི་སྐྱེ་བའི་རྒྱུར་འགྱུར་བའི་སྐྱོན་ཡོད་དོ། །འདོད་ན། མྱུ་གུ་མི་སྐྱེ་བ་དེ་མི་སྐྱེ་བ་མ་ཡིན་པར་ཐལ། མྱུ་གུ་མི་སྐྱེ་བ་ལ་སྐྱེ་བའི་རྒྱུ་ཡོད་པའི་ཕྱིར། དེར་མ་ཟད་རྒྱུ་ཟད་པ་འབྲས་བུ་ཟད་བྱེད་ཡིན་ཅེས་པའང་མཐའ་གཅིག་ཏུ་ན་ཆེས་མ་བརྟགས་པ་སྟེ། དངོས་པོ་ཐམས་ཅད་རྒྱུ་ཟད་པའམ་འདས་པའི་ཤུལ་དུ་འབྲས་བུ་ད་ལྟར་བ་དང་མ་འོངས་པ་མི་ཟད་པར་སྐྱེ་བར་མངོན་པའི་ཕྱིར། མྱུ་གུའི་ས་བོན་ཉིད་ཟད་པ་ལས་མྱུ་གུ་ཉིད་མི་ཟད་པར་འབྱུང་བ་བཞིན་ནོ། །དེ་ལྟར་ནའང་ས་བོན་ཞིག་པས་མྱུ་གུ་བསྐྱེད་པ་མ་ཡིན་གྱི། ས་བོན་ཞིག་པས་མྱུ་གུ་སྐྱེ་བའི་གོ་ས་ཕྱི་བའོ། །འདི་ཙམ་རེའི་གནད་མ་རྟོགས་བཞིན་དུ་རྒྱལ་བའི་དགོངས་དོན་ལ་གཟུ་ལུམ་དང་རས་ཆོད་བྱེད་པ་ནི་ཆེས་ཡ་ང་བའོ། །གཉིས་པ་ནི། དངོས་པོ་འཇིག་ཞིག་ལ་འཇིག་རྟེན་པ་དག་ནི། རྒྱུན་གྱི་འགྱུར་བ་རགས་པར་མངོན་པ་ཙམ་ལས་དངོས་པོའི་འཇིག་པ་ཕྲ་བའི་མི་རྟག་པའི་ཚུལ་ལ་དཔྱོད་པ་མ་ཡིན་ལ། དངོས་སྨྲ་བའི་བསྟན་བཅོས་མཁན་པོ་དག་ལས་བྱེ་བྲག་ཏུ་སྨྲ་བ་སོགས་ཉན་ཐོས་སྡེ་བཅོ་བརྒྱད་པོ་སོ་སོ་དག་ལ་ཕྲ་བའི་སྐད་ཅིག་དང་མི་རྟག་པའི་དངོས་པོ་ལ་རང་གྲུབ་དུས་ཀྱི་སྐད་ཅིག་ལ་འཇིག་པར་འདོད་པ་དང་མི་འཇིག་པར་འདོད་པ་མང་དུ་བྱུང་ཞིང༌། དེ་ལྟར་ནའང་དངོས་སྨྲ་བ་ཐམས་ཅད་ཀྱི་སྐྱེ་བ་དང་འཇིག་པ་དང་ཡོད་པ་དངོས་པོར་འདོད་པ་དང་མ་སྐྱེས་པ་དང་ཞིག་པ་དང་མེད་པ་(༡༩༦ན)


K800_Page_402
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་དུ་འདོད་པ་ལ་ནི་མི་མཐུན་པ་མེད་ལ། དེའང་མདོ་སེམས་ཐུན་མོང་བའི་དངོས་པོ་ལ་འཇིག་པ་དང༌། སྐད་ཅིག་གི་རྣམ་གཞག་ཇི་ལྟར་བྱེད་པ་ལྟར་བརྗོད་ན། འཇིག་པ་དང་མི་རྟག་པ་ནི་དབང་ཡིད་ཀྱི་ཤེས་པའི་མངོན་སུམ་གྱི་ཡུལ་དོན་བྱེད་པ་ཅན་གྱི་འདུས་བྱས་ཀྱི་དངོས་པོ་དང་ཡོད་པ་ལ་འཇོག་གི། འཇིག་པ་དང་མི་རྟག་པ་ནི་དབང་ཡིད་ཀྱི་མངོན་སུམ་གྱི་ཡུལ་ལས་འདས་པ་འདུས་མ་བྱས་ཀྱི་དངོས་མེད་དང༌། ཞིག་པ་སྟེ་མེད་པ་ལ་མི་འཇོག་པའི་ཕྱིར། འཇིག་པ་དང་མི་རྟག་པས་དངོས་པོ་ད་ལྟར་བ་རང་དུས་སུ་ཟ་བར་བྱས་ནས་དེ་ཤུལ་དུ་དངོས་པོ་ཕྱི་མ་འབྱུང་བའི་གོ་ཕྱེ་བ་ཡིན་ལ། དེའང་སྐྱེ་བའི་འཇིག་པས་ནི་སྐྱེ་བའི་རྒྱུན་མི་འགོག་པར་སྐྱེ་བ་བསྐྱེད་བཞིན་པར་འཇིག་ལ། འགག་པའི་འཇིག་པ་ནི་སྐྱེ་བའི་རྒྱུན་ཕྱི་མ་བསྐྱེད་པའི་བྱ་བ་དང་བཅས་པར་མི་འཇིག་ཀྱང་སྐྱེ་བའི་ཆོས་དེ་འགག་བྱེད་ཀྱི་འཇིག་པ་དང་མི་རྟག་པར་གྲུབ་བོ། །དེས་ན་སྐྱེ་བའི་འཇིག་པ་དངོས་འགག་པའི་འཇིག་པ་གཉིས་ཡོད་པ་ཉིད་ཀྱི་འཇིག་པར་འདྲ་ཡང་གཅིག་ནི་སྐྱེ་བའི་བྱ་བ་བྱེད་པ་ཅན་དང༌། ཅིག་ཤོས་ནི་རང་ཉིད་འཇིག་རྒྱུ་དོན་གཞན་ལ་མ་བལྟོས་པར་འཇིག་པའི་བྱ་བ་ཅན་དུ་གྱུར་པ་ལས་སྐྱེ་བའི་འཇིག་པ་ཅན་གྱི་བྱེད་པོར་མ་གྱུར་པའི་ཕྱིར། སྐྱེ་བའི་འཇིག་པ་སྔ་མས་ནི་སྐྱེ་བའི་འཇིག་པ་ཕྱི་མ་བསྐྱེད་པ་ལ་ཕན་འདོགས་པར་བྱེད་ལ། འགག་པའི་འཇིག་པ་སྔ་མས་ནི་སྐྱེ་བའི་འཇིག་པ་ཕྱིར་མ་ལ་ཕན་མི་འདོགས་པས་སྐྱེ་བའི་འཇིག་པ་ཕྱི་མ་མི་སྐྱེ་བར་སྐྱེ་བ་མེད་པ་ཉིད་དུ་འགྱུར་བས་སྔ་མའི་དངོས་རྒྱུན་ཞིག་ཟད་ལས་གཞན་པའི་དངོས་རྒྱུན་ཆད་པར་འགྱུར་བ་ཉིད་དོ། །(༡༩༦བ)


K800_Page_403
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་འགགས་པའི་འཇིག་པའམ་འགགས་བྱེད་ཀྱི་འཇིག་པ་ནི་འགགས་པ་ཉིད་མ་ཡིན་ཏེ། འགགས་པ་ཉིད་ནི་འགག་པའི་འཇིག་པར་མི་རུང་བའི་ཕྱིར་དང༌། འགགས་ཞིག་དངོས་མེད་ནི་དབང་ཡིད་ཀྱི་ཤེས་པའི་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར་ཏེ། མེད་དགག་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར། འཇིག་པ་དང་མི་རྟག་པའི་དངོས་འབྲས་འཇིག་པ་སྐྱེད་བྱེད་ཀྱི་རྒྱུའང་འཇིག་རྒྱུ་དོན་གཞན་གྱིས་འཇིག་པར་བྱ་བ་མ་ཡིན་ཏེ། འཇིག་པ་ཉིད་ཀྱི་རྒྱུ་ལས་འཇིག་པར་བྱེད་པའི་རྒྱུའང་དེ་ཉིད་དུ་གྲུབ་ལ། རང་ཉིད་འཇིག་པའི་ངོ་བོར་མ་སྐྱེས་ན་གཞན་དུ་འཇིག་བྱེད་གཞན་གྱིས་གཞན་འཇིག་པའི་ངོ་བོར་བྱེད་མི་ནུས་པའི་ཕྱིར་ཏེ། དགག་སྒྲུབ་འབྲེལ་མེད་གཞན་གྱུར་གྱི་ཆོས་ལ་ཕན་གནོད་ཀྱི་བྱ་བ་ཕན་ཚུན་རྗེས་འགྲོ་མེད་པའི་ཕྱིར། དེས་ན་འཇིག་པ་དང་མི་རྟག་པ་ལ་རྒྱུ་ཡོད་དེ། འཇིག་པ་དང་མི་རྟག་པ་ཡོད་པ་ལ་འཇོག་ན་རྒྱུ་མེད་པར་འགལ་བའི་ཕྱིར། ཞིག་པ་ལ་ནི་རྒྱུ་མེད་དེ། དེ་དངོས་པོ་ཉེ་བར་བླང་བྱ་ཅན་མ་ཡིན་པའི་ཕྱིར། དེ་ལྟར་ནའང་ཞིག་པ་ལ་ནི་དངོས་པོ་སྔ་མ་རྒྱུན་ཆད་ཅིང༌། ཕྱི་མར་མ་གྱུར་ཀྱང་སྔ་མ་རྒྱུན་ཆད་ཙམ་ལ་དགོངས་ནས་འཇིག་པའི་སྒྲ་སྦྱར་བ་ཡོད་ལ། དེ་ལྟར་ནའང་ཞིག་པ་ལ་ནི་ཕན་གདགས་བྱའི་དངོས་པོ་ལ་ཕན་འདོགས་བྱེད་ཀྱི་དངོས་པོས་ཕན་གདགས་སུ་མེད་པའི་ཕྱིར་རང་གཞན་གྱི་འཇིག་རྒྱུ་གཉིས་ཀ་མེད་ལ། འཇིག་པ་ལ་འཇིག་རྒྱུ་དོན་གཞན་མེད་ཀྱང་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་ལས་འཇིག་བྱེད་ཀྱི་རྒྱུར་ཡང་བལྟོས་མེད་དུ་གྲུབ་བོ་ཞེས། དཔལ་ལྡན་ས་སྐྱ་པཎྜི་ཏས་རིགས་གཏེར་རྩ་འགྲེལ་ལས། འཇིག་པར་བྱ་རྒྱུའི་དངོས་པོ་དང༌། །(༡༩༧ན)


K800_Page_404
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་པ་དངོས་མེད་གཉིས་ཀ་ལ། །འཇིག་པའི་སྒྲ་དོན་འབྱུང་མོད་ཀྱི། །གཉིས་ཀ་ལ་ཡང་རྒྱུ་མི་དགོས། །འཇིག་པ་ཞེས་བྱ་བའི་སྒྲ་དེ་འཇིག་རྒྱུ་བུམ་པའམ་ཤིང་ལྟ་བུ་དངོས་པོ་ལ་ཡང་འཇུག ཞིག་ནས་མེད་པ་ལ་ཡང་འཇུག་པ་ལས་ཆོས་ཀྱི་གྲགས་པས་འཇིག་པར་བྱ་རྒྱུ་དངོས་པོའི་སྐབས་སུ་རྒྱུ་མེད་གསུངས་པ་ནི། འཇིག་པ་ཉིད་དངོས་པོ་ཡིན་པས་དངོས་པོ་བསྐྱེད་པ་ལས་རྒྱུ་གཞན་ལ་མ་བལྟོས་པ་ལ་དགོངས་ལ། ཞིག་ནས་མེད་པ་ལ་འཇིག་པར་དོགས་པའི་སྐབས་སུ་རྒྱུ་མེད་ནི་རྒྱུ་གཏན་མེད་པ་ལ་དགོངས་ཏེ། འཇིག་པ་དེ་དངོས་མེད་ཡིན་པའི་ཕྱིར། གཉིས་ཀ་ལྟར་ཡང་འཇིག་པ་ལ་རྒྱུ་མི་དགོས་པར་གསལ་ལོ། །འདིའི་དགོངས་པ་མ་ཤེས་ན་གཞུང་འཆད་པ་འདྲེས་པར་འགྱུར་རོ་ཞེས་ལེགས་པར་བཤད་པ་ཡིན་ནོ། །དེས་ན་དངོས་པོ་སྔ་མ་ཞིག་པའམ་འགག་པའི་འཇིག་པ་རྩོམ་པའི་སྐབས་སུ་དངོས་པོ་ཕྱི་མ་སྐྱེ་བའི་འཇིག་པ་རྩོམ་པར་བྱེད་ལ། དངོས་པོ་སྔ་མ་འགགས་ཞིག་དངོས་པོར་མེད་པས་དེས་གོ་མ་བཀག་པའི་ཤུལ་དུ་དངོས་པོ་ཕྱི་མ་སྐྱེ་འཇིག་ཅན་གྱི་སྐྱེ་བ་ཡོད་པར་འགྱུར་གྱི། དཔྱད་ན་སྐྱེ་འགག་དུས་མཉམ་ལ་སྐྱེ་བ་མི་འགྲུབ་སྟེ། འགགས་ཞིག་དུས་ཀྱིས་མ་བསྡུས་པའི་ཕྱིར། འོ་ན་འགག་འཇིག་དང་སྐྱེ་འཇིག་གཉིས་གཅིག་ཅར་འཇིག་རྫས་གཉིས་སུ་ཡོད་དམ་ཞེ་ན། དེ་ལྟར་མེད་ཀྱང་སྐྱེ་འཇིག་ལ་འཇིག་པ་རང་གི་བྱ་བ་རང་ཉིད་འཇིག་པ་དང་འཇིག་དངོས་གཞན་བསྐྱེད་པའི་བྱ་བ་གཉིས་དང་ལྡན་ལ། འགག་འཇིག་ནི་འགག་པའི་འཇིག་པ་རང་གི་བྱ་བ་རང་ཉིད་འཇིག་པ་ཙམ་གྱི་བྱ་བ་གཅིག་དང་ལྡན་པའི་ཁྱད་པར་གྱིས་རབ་ཏུ་ཕྱེའོ། །(༡༩༧བ)


K800_Page_405
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་དངོས་པོའི་ཞིག་པ་དངོས་པོ་ཉིད་ཞིག་པ་ཡིན་ཀྱང༌། དངོས་པོ་ཉིད་ཞིག་པ་དངོས་པོའི་ཆོས་བཏང་བའི་ཞིག་པ་དགག་རྐྱང་དེ་ནི་དངོས་པོར་མ་སོང་སྟེ། དེས་དོན་བྱེད་པ་ཐམས་ཅད་དང་བྲལ་བའི་ཕྱིར། དེ་ལྟར་ནའང་ཞིག་པ་དེ་དངོས་མེད་དུ་བཏགས་ནས་བརྗོད་པ་ཙམ་ལས་ཞིག་པ་དེ་དངོས་མེད་ཀྱི་གཞི་གྲུབ་ཀྱི་ཡིན་ཡོད་དུའང་ཁས་བླང་བར་བྱ་བ་མ་ཡིན་ཏེ། ཇི་སྐད་དུ། དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་འཇིག་རྟེན་དུའང་དངོས་པོར་མེད་པ་ཙམ་ལ་དངོས་མེད་ཅེས་སྐྱེ་བོ་དག་སྨྲའི། ཕྱི་ནང་གི་མུ་སྟེགས་ཁ་ཅིག་འདོད་པ་ལྟ་བུའི་དངོས་མེད་རྫས་གྲུབ་མི་འཐད་དོ་ཞེས་དབུ་མའི་གསུང་རབས་ལས་ཀྱང་རྒྱ་ཆེར་འབྱུང་ངོ༌། །གསུམ་པ་ལ། རིགས་པ་དང་འགལ་བས་གཏན་མི་རིགས་པ་དང༌། ལུང་དང་འགལ་བས་གཏན་མི་རིགས་པའི་ཚུལ་ལོ། །དང་པོ་ནི། ཞིག་པ་དངོས་པོ་བ་མ་ཞིག་པའི་དངོས་པོ་ཕྱི་མའི་རྒྱུ་ཡིན་ན། མ་ཞིག་པའི་དངོས་པོ་སྔ་ཕྱིའི་བར་དུ་ཞིག་དངོས་རེ་འབྱུང་བར་ཐལ། ཞིག་པ་དངོས་པོ་བ་དེ་དངོས་པོ་སྐྱེ་བ་ཅན་སྐྱེད་བྱེད་ཡིན་པའི་ཕྱིར། འདོད་ན། ཞིག་དངོས་དེ་སླར་ཡང་ཞིག་པ་ལས་མ་ཞིག་པར་མི་འགྱུར་བར་ཐལ། དངོས་པོ་ཞིག་པའི་མཐའ་ཅན་ཡིན་པའི་ཕྱིར། འདོད་ན། ཞིག་དངོས་དེ་མ་ཞིག་པའི་དངོས་པོ་གཏན་སྐྱེད་བྱེད་དུ་མི་འགྱུར་བར་ཐལ། དངོས་པོ་ཞིག་པའི་ཞིག་དངོས་དེ་ཞིག་པ་ལས་མ་ཞིག་པར་མི་འགྱུར་བའི་ཕྱིར། དེ་ལ་མ་ཁྱབ་སྟེ། ཞིག་དངོས་རང་ཉིད་ཞིག་པའི་དངོས་པོར་སྐྱེའང་མ་ཞིག་པའི་དངོས་གཞན་སྐྱེད་བྱེད་དུ་གྲུབ་བོ་སྙམ་ན། མ་ཡིན་ཏེ། རང་ཉིད་དངོས་པོར་མེད་པས་(༡༩༨ན)


K800_Page_406
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དངོས་པོར་བྱ་མི་ནུས་པའི་ཕྱིར་རོ། །དེར་མ་ཟད་དངོས་ཆོས་རྒྱུན་མི་འཆད་པར་འབྱུང་བ་ལ་ཞིག་པ་དངོས་པོར་འགྱུར་བ་མ་ཞིག་པའི་དངོས་པོ་བར་མ་ཆད་དུ་ཡོད་ན་ནི་ཞིག་པ་དང་མ་ཞིག་པའི་དངོས་པོ་གཉིས་གཅིག་ཅར་འབྱུང་བའམ་མ་ཞིག་པའི་དངོས་པོ་བར་ཆད་དེ་ཡོད་ན་ཞིག་མ་ཞིག་གི་དངོས་པོ་སྤེལ་ནས་འབྱུང་བ་གང་རུང་དུ་འགྱུར་ལ། རྣམ་གཞག་འདི་འདྲ་ནི་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་གང་ལའང་སྔོན་ཆད་མ་གྲགས་པས་དུས་ཀྱི་མཐུ་ལས་བླ་རྡོལ་དུ་བྱུང་བར་གོར་མ་ཆག་གོ། །ཞིག་པ་དངོས་པོར་སྲིད་ན་ཞིག་དངོས་ཞིག་པའི་མཐའ་ཅན་ཡིན་ལ། དེའི་ཞིག་པའང་དངོས་པོ་ཡིན་པས་ཞིག་པའི་སྐད་ཅིག་གཅིག་གི་དངོས་པོའི་དངོས་པོའང་བྱེ་སྨྲའི་ཐོབ་པ་ལྟར་རྫས་མཐའ་ཡས་པ་ཞིག་ཏུ་རྟོག་པས་བཏགས་ནས་སྨྲ་དགོས་པར་འགྱུར་ལ། དེ་ལྟར་སྨྲ་ནའང་འདུ་ཤེས་གཞན་བསྒྱུར་གྱི་རྫུན་གྱི་ཁ་ན་མ་ཐོ་བའི་ལས་ལས་གཞན་དུ་ཉེ་བར་མཁོ་བ་ཅི་ཞིག་ཡོད། ཡང་ཞིག་མ་ཞིག་གི་དངོས་པོ་སྤེལ་གྱིན་འབྱུང་བའི་ཕྱིར། མ་ཞིག་པའི་དངོས་པོ་སྔ་ཕྱིའི་རྒྱུ་འབྲས་བར་དུ་ཆོད་བཞིན་འབྱུང་བར་འགྱུར་ལ། དེ་འདོད་ན་དེའི་ཕྱིར་ཞིག་པའི་དངོས་པོ་སྔ་ཕྱིའི་རྒྱུ་འབྲས་ཀྱང་བར་ཆོད་བཞིན་འབྱུང་བར་འགྱུར་ཞིང༌། འདོད་ན། ཐ་སྙད་དུ་རྒྱུ་འབྲས་ཀྱི་དངོས་པོ་འཇོག་ཏུ་མེད་པར་ཐལ། རྒྱུ་འབྲས་རིས་མི་མཐུན་པས་བར་ཆོད་ཅིང་རྒྱུ་འབྲས་སུ་འབྱུང་ངོ་ཞེས་པ་ནི་ཞེན་པ་ཙམ་ལས་རྒྱུ་འབྲས་སུ་འབྱུང་མི་སྲིད་པའི་ཕྱིར། འདོད་ན། རྒྱུ་འབྲས་ཀྱི་དངོས་པོ་ཐམས་ཅད་ལ་སྐུར་བ་བཏབ་པ་འདི་ལ་ཁྱེད་འབྲས་བུ་ཅི་ཞིག་རེ། ཡང་ཕ་ཤི་བ་བུ་སྐྱེ་བའི་རྒྱུར་ཡང་(༡༩༨བ)


K800_Page_407
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། ཞིག་པ་དེ་སེམས་ཅན་ཤི་བའི་དངོས་པོ་མ་རིག་པ་སྐྱེ་བའི་རྒྱུ་ཡིན་པ་གང་ཞིག དེ་ཉིད་འདིར་ཡང་མཚུངས་པའི་ཕྱིར། དེ་ལྟར་འདོད་ན་ནི་ཅི་ལྟར་འགྱུར། ཡང་ཞིག་དངོས་དེ་མ་སྐྱེས་པའི་དངོས་པོ་དང༌། སྐྱེ་བའི་དངོས་པོ་གང་ཡིན། སྐྱེ་བའི་དངོས་པོར་ནི་མི་འཐད་དེ། དེ་ཞིག་པའི་ཆོས་ཅན་ཡིན་པའི་ཕྱིར། མ་ཁྱབ་བོ་སྙམ་ན། ཁྱོད་ཞིག་དངོས་མ་ཡིན་པར་སྐྱེ་དངོས་ཡིན་པར་ཐལ། མ་ཁྱབ་པར་སྨྲས་པའི་ཕྱིར། འདོད་ན། སྐྱེ་འགག་དངོས་འགལ་མ་ཡིན་པར་ཐལ། ཞིག་དངོས་དེ་སྐྱེ་དངོས་དང་མི་འགལ་བའི་དངོས་པོའི་ངོ་བོར་ཡོད་པའི་ཕྱིར། ཡང་ཞིག་དངོས་མ་སྐྱེས་པའི་དངོས་པོའོ་ཞེ་ན། ཞིག་དངོས་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། མ་སྐྱེས་པའི་ཕྱིར། ཡང་ཞིག་དངོས་དུས་གསུམ་གྱི་དངོས་པོ་གང་དུ་བཞག ད་ལྟ་བ་དང་མ་འོངས་པའི་དངོས་པོར་འཇོག་གོ་ཞེ་ན། མི་རུང་སྟེ། ད་ལྟ་བ་དང་མ་འོངས་པའི་དངོས་པོ་ནི་འཇིག་བཞིན་དང་སྐྱེ་བཞིན་ཡིན་པ་ལས། ཞིག་པ་ནི་འཇིག་བཞིན་དང་སྐྱེ་བཞིན་རྒྱུན་བཅད་དེ་ཞིག་པར་བྱས་ནས་ད་ལྟར་བ་དང་མ་འོངས་པའི་དངོས་པོའི་སྐབས་བརླག་པར་གྱུར་པའི་ཕྱིར། འདས་པ་དངོས་སུ་འཇོག་གོ་ཞེ་ན། མི་རུང་སྟེ། འདས་པ་དོན་བྱེད་པའི་བྱ་བ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར། སྟོང་ཡང་དངོས་པོར་འདོད་ན་དུས་གསུམ་རྫས་གྲུབ་ཏུ་འདོད་པ་ལྟར་དངོས་པོར་སྨྲ་ན་ཁོ་བོས་བྱ་ཐབས་ཅི་ཡོད། ཡང་ཞིག་པ་དངོས་པོ་འདས་པས་འབྲས་བུ་དངོས་པོ་ད་ལྟ་བ་བསྐྱེད་རིགས་ན་ཆོས་ཅན། ཞིག་པ་དངོས་པོ་མ་འོངས་པས་འབྲས་བུ་ད་ལྟའི་དངོས་པོ་བསྐྱེད་རིགས་པར་ཐལ། ཞིག་པ་མ་སྐྱེས་པ་དངོས་པོར་མེད་ཀྱང་དངོས་པོར་སྒྲོ་བཏགས་ནས་དེར་སྐྱེ་(༡༩༩ན)


K800_Page_408
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྲིད་ན་དེ་ལྟའི་དངོས་པོ་སྐྱེ་བའང་སྲིད་པར་རིགས་པའི་ཕྱིར་ཏེ། མཚུངས་པ་ལ་གནོད་བྱེད་མེད་པའི་ཕྱིར། འདོད་ན། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ལ་སྔ་ཕྱི་མི་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། རྒྱུ་འབྲས་སྔ་ཕྱི་གོ་ལོག་ཏུ་སྨྲས་པས་རྒྱུ་འབྲས་ཀྱི་རྣམ་གཞག་ཕྱིན་ཅི་ལོག་ཏུ་འགྱུར་བས་ཁྱེད་ཅག་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་ཐུགས་བསྐྱེད་བཟང་པོ་འདི་ལ་བསྟན་པའི་འཇོག་ལུགས་ཆེས་བཟང་བར་སྣང་ངོ༌། །ཡང་ཞིག་པ་དངོས་པོ་ཡིན་ན་དངོས་པོ་ཞིག་པ་ཞིག་ཟིན་གྱི་དངོས་པོ་དེ་ལྟ་བུའི་དངོས་པོ་ཡིན་ནམ། དངོས་མེད་ཞིག་པའི་ཞིག་པ་དེ་ལས་བཟློག་པའི་དངོས་པོ་ཡིན། དང་པོ་ལྟར་ན། ཞིག་པ་དེ་མ་ཞིག་པར་འགྱུར་བའམ་ཞིག་པ་དེ་དངོས་པོར་མི་འགྱུར། གཉིས་པ་ལྟར་ན། ཞིག་པའི་དངོས་པོ་དེ་ལྟ་བུ་ཆོས་ཅན། མ་ཞིག་པའི་དངོས་པོར་ཐལ། དངོས་མེད་ཞིག་པའི་ཞིག་པ་དེ་ལས་བཟློག་པའི་དངོས་པོ་ཡིན་པའི་ཕྱིར། ཡང་མ་ཞིག་པའི་དངོས་པོ་གཉིས་ཀྱི་བར་དུ་སྡོད་པའི་ཞིག་དངོས་ཆོས་ཅན། ཁྱོད་དངོས་པོའི་རྒྱུ་འབྲས་གང་དུའང་མི་རུང་བར་ཐལ། ཁྱོད་ཀྱི་སྔ་ལོགས་ན་མ་ཞིག་པའི་དངོས་པོ་ཡོད་པ་དེ་ནི་ཁྱོད་ཀྱི་རྒྱུ་མ་ཡིན་ཅིང༌། ཁྱོད་ཀྱི་ཕྱི་ལོགས་ན་མ་ཞིག་པའི་དངོས་པོ་ཡོད་པ་དེ་ནི་ཁྱོད་ཀྱི་འབྲས་བུ་མ་ཡིན་པའི་ཕྱིར། མ་གྲུབ་ན་ཞིག་དངོས་ཆོས་ཅན། ཁྱོད་ཞིག་དངོས་སུ་མི་རུང་བར་ཐལ། ཁྱོད་སྐྱེད་བྱེད་ཀྱི་རྒྱུ་དང༌། ཁྱོད་ཀྱིས་བསྐྱེད་པའི་འབྲས་བུ་གཉིས་ཀ་མ་ཞིག་པའི་དངོས་པོ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱོད་སྐྱེད་བྱེད་ཀྱི་རྒྱུ་དང༌། ཁྱོད་ཀྱིས་བསྐྱེད་པའི་འབྲས་བུ་མ་ཞིག་པའི་དངོས་པོ་ཡིན་ན། ཁྱོད་ཞིག་པ་དང་(༡༩༩བ)


K800_Page_409
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དངོས་ཡིན་པ་བུད་ཅེས་ས་གསུམ་གཡོ་བར་བྱེད་པའི་ལྷའི་རྔ་བོ་ཆེ་བརྡུང་བ་དང༌། ལྷན་ཅིག་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཆེན་པོ་སྒྲེང་བར་བྱེད་དོ། །ཡང་ཞིག་པའི་དངོས་པོ་དེ་དངོས་པོ་ཞིག་པ་ལ་ཡོད་དམ། དངོས་པོ་མ་ཞིག་པ་ལ་ཡོད། གཉིས་པ་ལྟར་ན། ཞིག་དངོས་ཆོས་ཅན། མ་ཞིག་པར་ཐལ། མ་ཞིག་པའི་དངོས་པོ་ཉིད་ལ་ཡོད་པའི་ཕྱིར། དང་པོ་ལྟར་ན། ཞིག་དངོས་ཆོས་ཅན། དངོས་པོར་མེད་པར་ཐལ། དངོས་པོར་ཞིག་པ་ནི་དངོས་པོའི་ཆོས་ཀྱི་མཐས་སྟོང་པ་ཡིན་པས་དངོས་པོར་ཡོད་རུང་ངོ་ཞེས་སྒྲོ་བཏགས་ནས་བརྗོད་པའི་ཕྱིར། མ་ཁྱབ་བོ་ཞེ་ན། ཁྱབ་པར་ཐལ། དངོས་ཞིག་ལ་ཡོད་པའི་ཞིག་དངོས་དེ་དངོས་ཆོས་ཀྱི་མཐས་སྟོང་པར་ཟད་པ་ལས་དངོས་ཆོས་གཞན་བརྟེན་བྱའི་གནས་ཐོད་པ་མ་ཡིན་པའི་ཕྱིར། དཔེར་ན། སྒྲའི་དངོས་པོ་ཞིག་ནས་མེད་པ་ལ་ཀ་ཁ་སོགས་དབྱངས་གསལ་གྱི་དངོས་པོ་ཡོད་པར་མི་བརྟེན་པ་བཞིན་ནོ། །གཉིས་པ་ནི། འགགས་པའམ་ཞིག་པ་དངོས་པོར་མི་འགྱུར་ཏེ། འགགས་ཞིག་སོགས་མེད་པའི་ཆོས་དེ་རྐྱེན་དུ་མི་འཐད་པའི་ཕྱིར། རྩ་བར། འགགས་ན་རྐྱེན་ཡང་གང་ཞིག་ཡིན། །ཅེས་སོ། །ཡང་དངོས་པོ་རང་ཞིག་པའམ་ཡོད་པར་མ་གྲུབ་ན་དེར་བལྟོས་ཀྱི་དངོས་མེད་ཀྱང་འཇོག་མི་ནུས་པའི་ཕྱིར། དངོས་ཞིག་དངོས་པོར་ལྟ་ག་ལ་འགྱུར་ཏེ། ཇི་སྐད་དུ། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་གྲུབ་པར་མི་འགྱུར་རོ། །ཞེས་དང༌། ཟད་ཞིག་ལ་དངོས་ཆོས་འབྱུང་བ་མ་ཡིན་ཏེ། འགགས་ཆད་ལ་སྐྱེ་བ་ཡོད་པ་མ་ཡིན་པའི་ཕྱིར། ཇི་སྐད་དུ། ཟད་ལ་འབྱུང་བ་ཡོད་མ་ཡིན། །ཞེས་དང༌། ཟད་ཞིག་དངོས་པོར་མི་འགྱུར་ཏེ། ཞིག་(༢༠༠ན)


K800_Page_410
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགྱུར་བ་མེད་པའི་ཕྱིར། ཇི་སྐད་དུ། ཟད་ལ་འཇིག་པ་ཡོད་མ་ཡིན། །ཅེས་དང༌། ཁྱད་པར་སྐྱེ་བ་ཞིག་དངོས་ཀྱིས་རྒ་ཤིའི་དངོས་པོ་བསྐྱེད་པ་ནི་ཆེས་མི་རིགས་ཏེ། བདུན་ཅུ་པ་ལས། རྟེན་འབྱུང་ཡན་ལག་བཅུ་གཉིས་གང༌། །སྡུག་བསྔལ་འབྲས་ཅན་དེ་མ་སྐྱེས། །སེམས་གཅིག་ལ་ཡང་མི་འཐད་ལ། །དུ་མ་ལ་ཡང་མི་འཐད་དོ། །ཞེས་པའི་འགྲེལ་པར། གང་གི་ལྟར་སེམས་གཅིག་ཡིན་པ་དེའི་ལྟར་ན་འབྲས་བུ་རྒྱུ་དང་ལྷན་ཅིག་པར་འགྱུར་རོ། །གང་གི་ལྟར་སེམས་ཐ་དད་པ་ཡིན་པ་དེའི་ལྟར་ན་ཡན་ལག་སྔ་མ་སྔ་མ་ཞིག་པ་ཕྱི་མ་ཕྱི་མའི་རྒྱུ་མ་ཡིན་ནོ། །ཞེས་འབྱུང་ངོ༌། །ཡང་རྒྱུ་རྐྱེན་གྱིས་ཁྱད་པར་དུ་བྱས་པའི་དངོས་པོ་ནི་དེ་ཉིད་ཚོགས་པ་ལ་གེགས་དབང་གིས་ཞིག་པའི་ཆོས་དེ་ནི་དངོས་པོར་ཡོད་པ་མིན་ནོ། །ཞེས་སློབ་དཔོན་ཆེན་པོ་ལེགས་ལྡན་བྱེད་ཀྱིས་རྟོག་གེ་འབར་བར། སྟོང་ཉིད་ལྟ་བ་གོམས་བྱས་པས། །ཉོན་མོངས་འཇུག་པ་བཅོམ་ཕྱིར་རོ། །ཞེས་བྱ་བར་སྨྲས་ཏེ། རྒྱུ་དང་རྐྱེན་ཚོགས་པ་དང་ཐ་དད་པའི་དངོས་པོ་དང་ཞིག་པ་དག་ལ་དངོས་པོ་མི་དམིགས་པའི་ཕྱིར། གང་ལ་འདོད་ཆགས་དང་ཁོང་ཁྲོ་དང་གཏི་མུག་མི་འགྱུར་ཏེ། དེ་ལྟར་ཉོན་མོངས་པ་རྣམས་ཀྱི་མཐུ་བཅོམ་པའི་སྲིད་པ་ལ་བརྟེན་པའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་གནོད་པར་མི་འགྱུར་རོ། །ཞེས་དང༌། ཞིག་པ་དངོས་པོར་མེད་པའི་ཕྱིར་ཆོས་གང་གིའང་རྐྱེན་དུ་བརྟེན་པར་མི་འབྲེལ་ཞེས། དེར༑ གལ་ཏེ་དངོས་མེད་གཞན་བརྟེན་འགྱུར། །དངོས་པོ་མེད་ཕྱིར་ཞིག་པ་བཞིན། །དེ་ནི་གཉེན་པོར་མི་འདོད་དེ། །གཞན་ལ་བརྟེན་ཕྱིར་ཞིག་བཞིན་ནོ། །ཞེས་འབྱུང་ལ། གཞན་ཡང་སློབ་དཔོན་ཆེན་(༢༠༠བ)


K800_Page_411
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞི་བ་འཚོས། ཚད་མའི་བསྡུས་ཆེན་ལས། དངོས་པོ་བརྟན་པ་བཀག་པའི་སྐབས་སུ་མུ་སྟེགས་ཁ་ཅིག བུམ་སོགས་ཀྱི་དངོས་པོ་ལྟ་བུ་མི་རྟག་པའི་དངོས་པོ་དང༌། རྡུལ་ཕྲ་རབ་དང་ནམ་མཁའ་ལྟ་བུ་རྟག་པའི་དངོས་པོ་གཉིས་སུ་འདོད་པ་ལས་འཕྲོས་ནས་ཞིག་འགྱུར་ཞེས་པའི་འགྱུར་སྒྲ་ལས་ཞིག་པ་མི་རྟག་པའི་དངོས་པོར་འགྱུར་བ་དང༌། ཞིག་པ་ཉིད་ལས་དངོས་པོ་གཞན་འབྱུང་བས་ཞིག་པ་དངོས་པོར་འགྱུར་སྙམ་ན། ཞིག་པ་མ་ཞིག་པའི་བདག་དངོས་སུ་མེད་པས། དེ་ལས་དེ་མ་ཐག་བྱུང་གི་དངོས་པོར་མེད་ལ། ཞིག་འགྱུར་གྱི་འགྱུར་སྒྲས་མི་རྟག་པའི་དངོས་པོ་མི་སྟོན་ཏེ། མི་ལ་བོང་བུར་བཏགས་པ་ཙམ་གྱིས་མི་བོང་བུ་མི་འགྱུར་ཏེ། ཞིག་པ་དངོས་མེད་སླར་དངོས་པོར་མི་ལྡོག་ཅེས། དེར་ཇི་སྐད་དུ། ཞིག་པ་ཉིད་ནི་བདག་མེད་ཕྱིར། །དེ་མ་ཐག་བྱུང་ཡོད་མ་ཡིན། །མ་བྱུང་བྱུང་བ་ལྡན་པ་ཡང༌། །ནམ་མཁའི་པདྨ་ལ་སོགས་བཞིན། །ཞིག་འགྱུར་ཞེས་བྱ་དེ་ལྟར་འདིར། །དངོས་པོར་མ་གྱུར་ཞེས་བྱ་བའི། །དོན་འདི་རྟོགས་པར་བྱེད་ཡིན་གྱི། །སྒྲུབ་པ་འགའ་ཡང་མི་འདོད་དོ། །མི་འགའ་ཞིག་ལ་བོང་བུ་ཞེས། །དེ་ལྟར་མིང་ཙམ་བྱས་པ་ན། །བོང་བུའི་ཆོས་རྣམས་ཐམས་ཅད་ནི། །འདི་ལ་ཐོབ་འགྱུར་མ་ཡིན་ནོ། །ཞིག་པ་ཞེས་བྱའི་དངོས་པོ་ནི། །དངོས་པོ་བཅོམ་པ་ཞེས་བྱ་བ། །སྒྲུབ་པ་ན་ཡང་དངོས་འདི་ལ། །ཅུང་ཟད་ཀྱང་ནི་སྐྱེ་མེད་ཕྱིར། །འདི་ནི་ཇི་ལྟར་ལྡོག་པར་འགྱུར། །འཇིག་པ་དངོས་པོ་ཞིག་བདག་ཉིད། །ཇི་ལྟར་དངོས་པོའི་ངོ་བོ་དང༌། །བྲལ་ཕྱིར་མེད་པ་ཉིད་འདོད་ཀྱི། །དངོས་པོའི་ངོ་བོ་ཡིན་ཕྱིར་མིན། །འདི་ལ་ལྡོག་པའི་དངོས་ཉིད་ཀྱང༌། །སྒྲུབ་པའི་སྒོ་ནས་(༢༠༡ན)


K800_Page_412
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་མི་བྱེད། །དངོས་པོ་ཡི་ནི་རྗེས་འཇུག་པ། །སྐད་ཅིག་ལས་ཕྱིར་འགེགས་པར་བྱེད། །ཕྱིར་འདི་ཡི་ནི་རྣམ་གཞག་གི། །ངོ་བོ་སྒྲུབ་པ་ཅུང་ཟད་མེད། །དེ་ཕྱིར་འདི་ལ་རྟག་པ་ཡི། །རྣམ་རྟོག་བྱེད་པ་གནས་མེད་དོ། །ཞེས་འབྱུང་བས། མུ་སྟེགས་པ་ཁ་ཅིག་མི་རྟག་པའི་འཇིག་དངོས་ཞིག་པ་ན་རྟག་དངོས་སུ་འགྱུར་རོ། །ཞེས་རྒྱ་ཆེར་དགག་པར་མཛད་པ་ཡིན་ལ། རྟོག་པ་ངན་པ་འདི་ལྟ་བུའི་རྗེས་སུ། རྗེ་བཙུན་འཇམ་པའི་དཔལ་དང་ཙོང་ཁ་པ་ཆེན་པོ་ལྟ་བུ་འབྲང་བར་ག་ལ་རིགས་ཏེ། ཉིད་ཅག་ནང་པའི་བསྟན་འཛིན་ཆེན་པོ་ཡིན་པའི་ཕྱིར། ཡང་ཅི་ཙོང་ཁ་པ་ཁྱེད་ཅག་རང་གི་སྡེ་པ་ཁ་ཅིག་དུས་གསུམ་རྫས་གྲུབ་ཏུ་སྨྲ་བ་ལྟར། ཇི་སྐད་དུ། མཛོད་ལས། གཅིག་ནི་འདས་པས་འབྱིན་པར་བྱེད། །ཅེས་འདས་མ་འོངས་པ་ཞིག་པ་དང་མ་སྐྱེས་པས་དོན་བྱེད་པ་ལྟར་སྨྲ་ནའང་མི་འཐད་དེ། ཚད་ཆེན་ལས། དུས་གསུམ་བརྟག་པའི་རབ་བྱེད་ཉེར་དྲུག་པར། དེའི་དཀའ་འགྲེལ་དུ། གཞན་ཡང་འདས་པ་དང་མ་འོངས་པ་འདི་དག་དོན་བྱེད་པར་ནུས་པ་ཞིག་གམ། མི་ནུས་པ་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །གལ་ཏེ་ནུས་ན་དེའི་ཚེ་ནུས་པ་ཡོད་ན་ད་ལྟ་བར་འགྱུར་ཏེ། རྩོད་པའི་གཞིར་མ་གྱུར་པའི་ད་ལྟ་བ་བཞིན་ནོ། །སྦྱོར་བ་ནི་གང་དག་དོན་བྱ་བ་བྱེད་པར་ནུས་པ་དེ་དག་ནི་འདི་ལྟར་ཡིན་ཏེ། རྩོད་པའི་གཞིར་མ་གྱུར་པ་ད་ལྟར་བ་བཞིན་ནོ། །འདས་པ་ལ་སོགས་པ་ཡང་དོན་བྱེད་པར་ནུས་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་ཐལ་བར་འགྱུར་བའོ། །འདི་མ་ངེས་པ་མ་ཡིན་ཏེ། འདི་ལྟར་ད་ལྟ་བ་ལོགས་ན་ཞིག་པ་དང་མ་སྐྱེས་པ་རྣམས་ནུས་པ་ཐམས་ཅད་དང་བྲལ་བར་འགྱུར་ཏེ། ནམ་(༢༠༡བ)


K800_Page_413
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་པདྨ་བཞིན་ནོ། །སྦྱོར་བ་ནི་གང་དག་ད་ལྟར་བྱུང་བ་མ་ཡིན་པ་དེ་དག་ནི་འགའ་ཞིག་ཏུ་ནུས་པར་ཡང་མི་འགྱུར་ཏེ། ནམ་མཁའི་པདྨ་བཞིན་ནོ། ། འདས་པ་ལ་སོགས་པ་རྣམས་ཀྱང་ད་ལྟར་བ་མ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མ་དམིགས་པའོ། །ཞེས་འབྱུང་བས། ཆོས་ཀྱི་སྤྱན་དང་ལྡན་པའི་སྔོན་གྱི་སློབ་དཔོན་དེ་དག་གིས་ལུགས་ངན་དེ་དག་ཆེས་ཆེར་བཀག་ཟིན་ཅིང༌། ཁྱད་པར་རང་སྡེ་ཞིག་དངོས་སོགས་ཀྱི་དངོས་པོར་སྨྲ་བའི་ལུགས་ངན་དེ་ལྟ་བུ་དབུ་མ་ཐལ་འགྱུར་བའི་ཁྱད་ཆོས་སུ་སྨྲ་བ་འདི་ལྟ་བུ་ཇི་ལྟར་འགྱུར། ཁྱེད་ཅག་འདས་ཞིག་གི་རྫས་ཁས་མི་ལེན་ནོ་སྙམ་ན། འདས་ཞིག་གི་དངོས་པོ་དེ་དོན་བྱེད་པར་ཁས་བླངས་པས་ཚིག་ཇི་ལྟར་བརྗོད་ཀྱང༌། དོན་རང་གི་སྡེ་པ་དངོས་པོར་སྨྲ་བའི་འདོད་པ་ལྟ་བུ་ལས་གཞན་དུ་མི་སྣང་ངོ༌། །ཁྱད་པར་ཞིག་པ་དངོས་པོ་ཡིན་པ་ཟླ་གྲགས་ཀྱི་ཁྱད་ཆོས་སམ། སྒོས་ཆོས་ཡིན་ནོ་ཞེས་པ་ནི་སློབ་དཔོན་དེ་མི་འདོད་བཞིན་ནན་གྱིས་ཁལ་དུ་བསྐུར་བར་ཟད་དེ། སློབ་དཔོན་དེས་དངོས་པོ་འདས་པ་དང་ཞིག་པ་དངོས་པོ་ཡིན་ན་འདས་པའི་དངོས་པོ་སྐྱེས་ཟིན་གྱི་ཞིག་པའང་དངོས་པོ་ཡིན་པར་འཆད་རིགས་པ་ལས། དེའང་དམིགས་ཀྱིས་ཕུག་ནས་ནན་ཏན་དུ་བཀག་པར་མཛད་པའི་ཕྱིར་ཏེ། ཇི་སྐད་དུ། སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོགས་པར་འགྱུར་ན་ནི། །མྱུ་གུ་ལ་སོགས་རྣམས་ཀྱི་སྐྱེ་བ་འདིར་རྙེད་མི་འགྱུར་ཞིང༌། །ས་བོན་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར། ཞེས་འབྱུང་བའི་ཕྱིར། དེས་ན་སློབ་དཔོན་ཟླ་གྲགས་ནི་མ་དཔྱད་པ་ན་མྱུ་གུ་ཞིག་མ་ཞིག་གང་ལས་ཀྱང་མི་སྐྱེ་ཞིང༌། དེ་ལྟར་ནའང་འཇིག་རྟེན་ན་གྲགས་པ་ལྟར་སྐྱེའོ་ཞེས་པ་ཙམ་ཞིག་བརྗོད་(༢༠༢ན)


K800_Page_414
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། གཞན་གྲགས་ཀྱིས་དཔྱད་པ་ན་ནི་ཞིག་པ་འདས་པ་དང༌། མ་ཞིག་པ་མ་འོངས་པ་དང༌། འཇིག་བཞིན་ད་ལྟ་བ་གསུམ་ག་དངོས་པོར་ཡོད་པ་ཙམ་ཡང་བཀག་ན་སྐྱེ་བ་ལྟ་ག་ལ་ཞིག སྟོང་ཉིད་བཅོ་ལྔ་པ་འཆད་པའི་སྐབས་སུ། འགྲེལ་པར། འདིར་འདས་པ་དང་མ་འོངས་པ་གཉིས་ཞིག་པ་དང་མ་སྐྱེས་པའི་ཕྱིར་ལ་ད་ལྟ་བ་མི་གནས་པའི་ཕྱིར་དུས་གསུམ་ཆར་ཡང་མེད་དོ། དེ་ལ་མི་དམིགས་པ་ཞེས་བྱ་བ་ནི་གང་དུས་གསུམ་དུ་མི་དམིགས་པའོ། །ཞེས་འབྱུང་ངོ༌། །ཁྱེད་ཅག་སློབ་དཔོན་ཟླ་བ་ལ་གུས་འདུད་ཀྱི་ཕྱོགས་འཛིན་འདི་ཙམ་ཡོད་བཞིན་སློབ་དཔོན་ཟླ་བ་ལ་སླར་ཡང་སྨད་སློག་མགོ་དཀྲིས་ཀྱི་འདུ་འགོད་སྦྱོར་ཚུལ་སྒོ་དུ་མ་ནས་བྱེད་པ་ཅི་ལྟར་ཡིན་བསམ་དགོས་པར་སྣང་ངོ༌། །འདིར་སྨྲས་པ། དཔལ་ལྡན་རྡོ་རྗེ་ཐེག་པ་གྲུབ་པའི་དཔལ། །རྗེ་བཙུན་སངས་རྒྱས་ཆེན་པོ་མཉན་པ་དེར། །ཡང་ཡང་བཀའ་དྲིན་དྲན་པས་ཕྱག་བགྱིས་ཏེ། །འཁྲུལ་མེད་ལེགས་བཤད་སྤྲོ་བ་ཅི་ཡང་བྱས། །ཞེས་སོ། །གཉིས་པ་ནི། རྨི་ལམ་དམིགས་པའི་ཡུལ་དག་མཐོང་ནས་ནི། །སད་ཀྱང་བླུན་ལ་ཆགས་པ་སྐྱེ་འགྱུར་བ། །དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི། །ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན། །དོན་དམ་པར་ལས་རང་བཞིན་མེད་པ་དང༌། ཀུན་རྫོབ་ཏུ་ལས་འགགས་པ་གང་ཡང་རུང་བ་ལས་ཀྱང་འབྲས་བུ་འབྱུང་མི་རིགས་ན་གཉིས་ཀ་ལས་ལྟ་ཅི་སྨོས་ཞེ་ན། ཇི་སྐད་བསྙད་པའི་དོན་ཉིད་དཔེའི་སྒོ་ནས་བཤད་པ་ནི། འགགས་ནས་ཡུན་རིང་དུ་ལོན་ཅིང་རང་བཞིན་ཡོད་པ་མ་ཡིན་པའི་ལས་ལས་ཀྱང་ནི་རྣམ་སྨིན་གྱི་འབྲས་བུ་འབྱུང་བ་ཡོད་པ་ཡིན་ཏེ། དཔེར་ན། རྨི་ལམ་དུ་དམིགས་པའི་ཡུལ་འདོད་དོན་དག་དང༌། བུད་མེད་བཟང་མོ་དང་ལྷན་ཅིག་འདོད་པ་སྦྱོད་པ་མཐོང་ནས་ནི་སླར་སད་པ་ན། རྨི་ལམ་གྱི་བུད་མེད་རང་བཞིན་གྱིས་མ་གྲུབ་ཅིང་འགགས་སུ་ཟིན་ཀྱང་བླུན་པོ་འགའ་ཞིག་དེ་ལ་འདོད་(༢༠༢བ)


K800_Page_415
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆགས་པ་སྐྱེ་བའི་རྒྱུར་འགྱུར་བ་དེ་བཞིན་དུ་འདིར་ཡང་མཚུངས་སོ། ། འདིའི་དཔེ་དོན་རྒྱས་པར་སྲིད་པ་འཕོ་བའི་མདོ་ལས་འབྱུང་བ་བཞིན་རང་འགྲེལ་ན་བཀོད་ཡོད་དོ། །གསུམ་པ་ལ། ཐུག་མེད་དུ་ཧ་ཅང་ཐལ་བ་སྤང་བ་དང༌། སྟོང་ཡང་ལས་འབྲས་སོ་སོར་ངེས་ཤིང་བསམ་གྱིས་མི་ཁྱབ་པའོ། །དང་པོ་ནི། ཇི་ལྟར་ཡུལ་ནི་ཡོད་ཉིད་མིན་མཚུངས་ཀྱང༌། །རབ་རིབ་ཅན་གྱིས་སྐྲ་ཤད་རྣམ་པར་ནི། །མཐོང་གི་དངོས་གཞན་རྣམ་པར་མ་ཡིན་ལྟར། །དེ་བཞིན་སྨིན་ལས་སླར་སྨིན་མིན་ཤེས་གྱིས། །ལས་རང་བཞིན་གྱིས་མ་སྐྱེས་པ་ལ་ཟད་འགག་མེད་པའི་ཕྱིར། རྣམ་སྨིན་འབྱུང་བར་འདོད་ན་ཇི་ལྟར་རྣམ་སྨིན་མ་བསྐྱེད་པའི་ལས་ལྟར་རྣམ་སྨིན་ཕྱུང་ཟིན་པས་ཀྱང་འབྲས་བུའི་འབྱིན་པར་འགྱུར་ཏེ། མ་འགགས་པའི་ཕྱིར་ཞེ་ན། ཇི་ལྟར་ཡུལ་སྐྲ་ཤད་དང་རི་བོང་གི་རྭ་སོགས་ནི་ཡོད་པ་ཉིད་མ་ཡིན་པར་མཚུངས་ཀྱང༌། རབ་རིབ་ཀྱིས་བསླད་པའི་མིག་ཅན་གྱིས་ནམ་མཁར་སྐྲ་ཤད་སོགས་ཀྱི་རྣམ་པར་ནི་མཐོང་གི། བོང་བུའི་རྭ་དང་མོ་གཤམ་གྱི་བུ་སོགས་དངོས་པོ་གཞན་གྱི་རྣམ་པར་མཐོང་བ་མ་ཡིན་པ་ལྟར་རྣམ་སྨིན་ཕྱུང་ཟིན་པ་དང་མ་ཟིན་པའི་ལས་དག་ཀྱང་མ་འགགས་ཤིང་རང་བཞིན་མེད་པར་མཚུངས་ཀྱང༌། སྔར་འབྲས་བུ་ཕྱུང་ཟིན་པའི་ལས་ཀྱིས་རྣམ་པར་སྨིན་ཟིན་པའི་ལས་ལས་སླར་ཡང་འབྲས་བུ་སྨིན་པ་མིན་པར་ཤེས་པར་གྱིས་ཤིག་སྟེ་དཔེ་སྔ་མ་དེ་བཞིན་ནོ། །འདིའང་རང་ལུགས་ལ་སྒྲུབ་པ་ནི་མ་ཡིན་གྱི། གཞན་གྱི་ཁས་བླངས་ཀྱི་སྒོ་ནས་ལོག་རྟོག་སེལ་བ་ཙམ་སྟེ། རི་བོང་གི་རྭ་དང་མོ་གཤམ་གྱི་བུ་སོགས་མེད་པར་འདོད་པའི་ཕྱིར། ལང་གཤེགས་ལས། ནམ་མཁའ་རི་བོང་རྭ་དག་དང༌། །མོ་གཤམ་གྱི་ནི་བུ་དག་ཀྱང༌། །མེད་བཞིན་ཚིག་ཏུ་བརྗོད་པ་ལྟར། །དངོས་ལ་རྟོག་པའང་དེ་བཞིན་ནོ། །ཞེས་དེ་དག་མེད་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེར་ཡང་ཡོད་པའི་(༢༠༣ན)


K800_Page_416
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་བཀག་པ་ཙམ་ཡིན་གྱི། མེད་པར་རྟོག་པ་ནི་མ་ཡིན་ཏེ། ཡོད་པ་ཉིད་མ་གྲུབ་ན་མེད་པའང་མི་འཐད་པའི་ཕྱིར། གཉིས་པ་ནི། དེ་ཕྱིར་རྣམ་སྨིན་མི་དགེ་ནག་པོའི་ལས། །རྣམ་སྨིན་དགེ་ཉིད་དགེ་ལས་ཡིན་མཐོང་ཞིང༌། །དགེ་མི་དགེ་མེད་བློ་ཅན་ཐར་འགྱུར་ཏེ། །ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད། །དཔེ་འདིས་ལས་རྣམས་རྣམ་སྨིན་མ་ངེས་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། སོ་སོར་ངེས་པའང་མ་ཡིན་ཏེ། སྐྲ་ཤད་སོགས་རང་བཞིན་མེད་ཀྱང་ངེས་པ་མཐོང་བ་དེ་ཉིད་ཀྱི་ཕྱིར། དགེ་མི་དགེའི་ལས་རང་བཞིན་མེད་པ་ཡིན་ཀྱང་རྣམ་སྨིན་ཡིད་དུ་མི་འོང་བ་མི་དགེ་བའི་རྒྱུ་ནི་ནག་པོའི་ལས་མི་དགེ་བ་ཉིད་ལས་ཡིན་གྱི། དགེ་བ་ལས་མ་ཡིན་ལ། རྣམ་སྨིན་ཡིད་དུ་འོང་ཞིང་དགེ་བ་ཉིད་ནི་དགེ་བའི་ལས་ཡིན་པར་མཐོང་གི། མི་དགེ་བ་ལས་མ་ཡིན་ཅིང༌། མཁས་པ་གང་ཞིག་དགེ་མི་དགེའི་ལས་གཉིས་ཀ་རང་བཞིན་མེད་པར་རྟོགས་པའི་བློ་ཅན་ནི་ཐར་བར་འགྱུར་ཏེ། དེ་ལྟར་རང་བཞིན་མེད་པའི་ལས་ཀྱིས་འབྲས་བུ་འབྱིན་པ་དང༌། རྣམ་སྨིན་སོ་སོར་ངེས་པའི་ཚུལ་ཤིན་ཏུ་རྟོགས་དཀའ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་སོ་སོ་སྐྱེ་བོ་ཤིན་ཏུ་ལས་འབྲས་ལ་ངེས་པར་དཔྱོད་པ་རྣམས་ལ་ལས་འབྲས་སྐུར་པ་བཏབ་པ་ལས་ཀུན་རྫོབ་འཇིག་པར་འགྱུར་དུ་འོང་ངོ་སྙམ་སྟེ་སྐྲག་པ་ཅན་དེ་ངོར། ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་ལས་འབྲས་ཀྱི་འབྲེལ་བ་རྣམས་ལ་བྱིས་པ་རྣམས་ཀྱིས་སེམས་པའང་དགག་པར་མཛད་དེ། རྒྱུ་འདི་ལས་འབྲས་བུ་འདི་སྐྱེའོ་ཞེས་ལས་འབྲས་ཀྱི་འབྲེལ་པ་ཚུ་རོལ་མཐོང་བས་མི་རྟོགས་པའི་ཕྱིར་ཏེ། ལས་འབྲས་རང་བཞིན་གྱིས་མ་གྲུབ་ཀྱང་བསླུ་མེད་དུ་སོ་སོར་བདེན་པར་སྣང་བ་ནི་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱི་རིགས་པའི་མཐུ་ལས་ཡིན་གྱི། རང་དགར་བསམས་ན་(༢༠༣བ)


K800_Page_417
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་ཉིད་དུ་རྟོག་པ་ལས་བློའི་ཡུལ་ཇི་ལྟ་བར་ངེས་པ་སྟེ་གཟུང་བྱར་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །གཉིས་པ་ལ། ཀུན་གཞི་སོགས་གསུངས་པ་དྲང་དོན་དུ་བསྟན་པ་དང༌། དེ་བཞིན་གཤེགས་པས་ཡོད་པར་གསུངས་པ་ཐམས་ཅད་དྲང་དོན་དུ་བསྟན་པ་གཉིས། དང་པོ་ནི། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། །ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས། །བསྟན་པ་འདི་ནི་དེ་ལྟར་ཆེས་ཟབ་དོན། །རིག་པར་མི་འགྱུར་གང་ཡིན་དེ་ལའོ། །ཅི་ལས་འབྲས་རང་བཞིན་མེད་པ་ལ་ལས་འབྲས་རྣམ་པར་འཇོག་ན། ལང་གཤེགས་སོགས་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཆོས་མཐའ་ཡས་པའི་ནུས་པའི་ཁྱད་པར་གྱི་བསྒོ་གཞི་ས་བོན་ཐམས་ཅད་པ་རྒྱ་མཚོ་ལས་རླབས་ལྟར་དངོས་པོ་ཐམས་ཅད་སྐྱེ་བའི་རྒྱུར་གསུངས་པ་དེ་ཅི་རྣམ་པ་ཐམས་ཅད་དུ་མེད་པ་ཞིག་གམ་ཞེ་ན། གང་ཟག་ཁ་ཅིག་ཞེན་པའི་བློ་ངོ་དེར་བལྟོས་ནས་དེར་མོས་པར་བྱེད་པ་ཙམ་ཞིག་ཡོད་པ་ལ་བསམས་ནས་དེ་ངོར་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ཏེ། སྒྲ་ཇི་བཞིན་པ་མིན་པས་དགོས་པ་དེ་སྐད་དུ་བསྟན་པས་གདུལ་བྱ་ལ་དེ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར། དགོས་པ་དེ་སྐད་དུ་གསུངས་ན་དེའི་དགོངས་གཞི་ནི་གང་ཞེ་ན། སྟོང་ཉིད་ཁོ་ན་ལ་དགོངས་ཏེ་ཀུན་གཞི་ཞེས་པའི་དངོས་པོ་བ་ཞིག་ཡོད་པ་སྐད་དུ་བསྟན་ཏེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ལ་རྗེས་སུ་ཞུགས་པའི་ཕྱིར། དེས་ན་མདོ་སྡེ་གང་དུ་ཀུན་གཞིའི་རྣམ་ཤེས་ལས་འབྲས་ཀྱི་རྟེན་དུ་ཡོད་ཅིང་གདུལ་བྱའི་ངོར་གང་ཟག་ཉིད་ཀྱང་ཡོད་པ་གསུངས་པ། ཇི་སྐད་དུ། དགེ་སློང་དག་ཕུང་པོ་ལྔ་ནི་ཁུར་རོ། །ཁུར་ཁུར་བ་ནི་གང་ཟག་གོ། །ཞེས་གསུངས་པ་དང༌། ཁ་ཅིག་ལ་ནི་བདག་དང་བྲལ་བའི་ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས་བསྟན་པ་འདི་ནི་དགོས་པ་དངོས་པོར་ལྟ་བ་ཅན་དག་ལ་དེ་ལྟར་ཆེས་ཟབ་པའི་(༢༠༤ན)


K800_Page_418
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྟོང་པ་ཉིད་རིག་པར་མི་འགྱུར་བ་གང་ཡིན་པ་དེ་དག་ལ་བསྟན་པ་རིམ་འཇུག་གི་ཆེད་དུ་ཀུན་གཞི་སོགས་སྒྲས་ཟིན་ལྟར་ཡོད་པར་བསྟན་པ་ཡིན་ཏེ། ཕྱིས་གསུང་རབས་ཀྱི་དོན་ཕྱིན་ལོག་དང་བྲལ་1བར་རྟོགས་པ་ན་ཀུན་གཞི་སོགས་ལ་ཞེན་པའང་སྤོང་བར་འགྱུར་བའི་ཕྱིར། དེ་ལྟར་བསྟན་པ་ལས་ཡོན་ཏན་འབྱུང་གི་སྐྱོན་ནི་མ་ཡིན་ཏེ། སངས་རྒྱས་ཀྱི་བསྟན་པ་བསྐལ་པའི་དུས་དང་གང་ཟག་གི་རྒྱུད་ལ་དཔགས་ནས་སྟོན་དགོས་པའི་ཕྱིར་ཏེ། ཇི་སྐད་དུ། གང་ཞིག་གང་གང་ལ་དགའ་བ། །དེ་ཡི་དེ་དེ་སྔར་བཤད་བྱ། །ཉམས་པར་འགྱུར་བ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་འབྱུང་ངོ༌། །གཉིས་པ་ནི། འཇིག་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱིས། །ཇི་ལྟར་ང་དང་ང་ཡི་བསྟན་པ་ལྟར། །དེ་བཞིན་དངོས་རྣམས་རང་བཞིན་མེད་མོད་ཀྱི། །ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན། །བསྟན་པ་མཆོག་ལ་གདུལ་བྱ་དཀྲི་ཆེད་དུ་ཀུན་གཞི་བསྟན་པར་མ་ཟད། འཇིག་ཚོགས་ཀྱི་ལྟ་བ་ཐམས་ཅད་སྤངས་ཀྱང་ང་དང་ང་ཡི་སོགས་ཀྱི་ཐ་སྙད་ཀྱིས་འཇིག་རྟེན་གྱི་དོན་ཁོང་དུ་ཆུད་པའི་ཆེད་དུ་སངས་རྒྱས་ཀྱིས་ང་དེའི་ཚེ་དེའི་དུས་ན་ཞེས་སོགས་ཇི་ལྟར་ང་དང་ང་ཡི་བསྟན་པ་ལྟར་དེ་བཞིན་དུ་དངོས་པོ་རྣམས་རང་བཞིན་གྲུབ་པ་མེད་མོད་ཀྱི། དོན་ཟབ་མོ་ཁོང་དུ་ཆུད་ཆེད་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དངོས་པོ་རྣམས་ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན་ནོ། །འདི་ནི་བདེན་པ་བཞི་དང་གཉིས་དང་ངོ་བོ་ཉིད་གསུམ་སོགས་བསྟན་པ་མཐའ་དག་ལ་འདོན་པ་བསྒྱུར་རོ། །དེས་ན་ཤར་རིའི་སྡེ་པ་དང་མཐུན་པའི་ཚིགས་སུ་བཅད་པར། གལ་ཏེ་འཇིག་རྟེན་རྣམ་འདྲེན་རྣམས། །འཇིག་རྟེན་མཐུན་པར་མི་འཇུག་ན། །སངས་རྒྱས་ཆོས་ཉིད་གང་ཡིན་དང༌། །སངས་རྒྱས་སུས་ཀྱང་ཤེས་མི་འགྱུར། །ཕུང་པོ་དག་དང་ཁམས་རྣམས་དང༌། །(༢༠༤བ)


K800_Page_419
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་རང་བཞིན་གཅིག་བཞེད་ལ། །ཁམས་གསུམ་པོ་དག་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །མིང་མེད་པ་ཡི་ཆོས་རྣམས་ནི། །བསམ་དུ་མེད་པའི་མིང་དག་གིས། །སེམས་ཅན་རྣམས་ལ་ཡོངས་བརྗོད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དངོས་མེད་ཉེ་བར་སྟོན་མཛད་ཅིང༌། །སངས་རྒྱས་རང་བཞིན་ལ་ཞུགས་པས། །དངོས་མེད་འགའ་ཡང་འདིར་མེད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དོན་དང་དོན་མེད་མི་གཟིགས་ལ། །འགོག་པ་དང་ནི་དམ་པའི་དོན། །སྨྲ་བ་རྣམས་ཀྱི་མཆོག་གསུངས་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞིག་པ་མེད་ཅིང་སྐྱེ་མེད་ལ། །ཆོས་ཀྱི་དབྱིངས་དང་མཉམ་གྱུར་ཀྱང༌། །སྲེག་པའི་བསྐལ་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དུས་གསུམ་དག་ཏུ་སེམས་ཅན་གྱི། །རང་བཞིན་དམིགས་པ་མ་ཡིན་ལ། །འཇིག་རྟེན་ཁམས་ཀྱང་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཅེས་འཇིག་རྟེན་མཐུན་འཇུག་གི་ཚུལ་དེ་གང་ཞེ་ན། དབུ་མ་པས་ཆོས་ཐམས་ཅད་འཇིག་རྟེན་པའི་བློ་དང་མཐུན་པར་བདེན་རྫུན་གྱི་བློ་སོ་སོའི་ངོར་བདེན་པའི་འཛིན་སྟངས་དང་མཐུན་པར་བདེན་པ་གཉིས་ཡོད་དོ་ཞེས་པ་ལྟར་མཐུན་པར་རྗེས་སུ་འཇུག་པར་སྨྲས་ནས། དེ་ལྟར་ནའང་འདིར་འཇིག་རྟེན་རང་གི་བློ་མཐུན་གྱི་འཇུག་པའི་རིགས་པས་དཔྱད་ན་འདིར་འགྱུར་ཏེ། བརྫུན་པའི་བདེན་པ་ལ་བདེན་པ་དོན་ལ་མི་གནས་ཤིང་བདེན་པའི་བདེན་པའང་དོན་ལ་མི་འགྲུབ་སྟེ། བརྫུན་པའི་བདེན་པའམ་བརྫུན་པར་བདེན་པའང་མི་འགྲུབ་པའི་ཕྱིར་བདེན་གཉིས་ཀྱིས་བསྡུས་པའི་གཟུགས་(༢༠༥ན)


K800_Page_420
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྣམ་མཁྱེན་གྱི་བར་གྱི་དངོས་པོ་ཆོས་ཅན་དང་དངོས་མེད་ཆོས་ཉིད་ལ་སོགས་པར་སྒྲོ་སྐུར་དུ་བཏགས་པ་ཐམས་ཅད་རང་གི་ངོ་བོས་མ་གྲུབ་པར་གཏན་ལ་ཕབ་པར་མཛད་ལ། དེས་ན་སྤྲོས་ཆོས་ཐམས་ཅད་ཀྱི་ཡོད་མེད་སོགས་རྣམ་པར་འཇོག་པ་ནི་འདིར་གདུལ་བྱའི་ངོར་མཐུན་འཇུག་ཙམ་དུ་སྨྲས་ཞེས་དང༌། འཇིག་རྟེན་གྱི་རྗེས་བརྗོད་ཙམ་དུ་བྱས་སོ་ཞེས་པ་འདི་ཉིད་ཀྱིས་དབུ་མ་ཐལ་རང་གི་ཁྱད་པར་ཡང་ཕྱེས་པ་ཡིན་ཏེ། དབུ་མ་རང་རྒྱུད་པས་ནི་དགག་སྒྲུབ་ཀྱི་ཚད་མ་འཇིག་རྟེན་ན་ཚད་མར་གྲགས་པ་དེ་ཉིད་ཐ་སྙད་དུ་ཚད་མས་གྲུབ་པར་ཁས་བླངས་པའི་སྒོ་ནས་མཐུན་པར་འཇུག་སྟེ་དངོས་པོའི་རང་བཞིན་འགོག་པར་བྱེད་ལ། ཐལ་འགྱུར་བས་ནི་དགག་སྒྲུབ་ཀྱི་ཚད་མ་འཇིག་རྟེན་ན་ཚད་མར་གྲགས་པ་དེ་ཉིད་ཐ་སྙད་དུའང་ཚད་མས་མ་གྲུབ་ཀྱང་འཇིག་རྟེན་ན་དེ་ལྟར་གྲགས་པའི་རྗེས་བརྗོད་ཙམ་གྱི་སྒོ་ནས་འཇིག་རྟེན་དང་རྩོད་སྐབས་ཕྱེ་བའི་མཐུན་འཇུག་ཏུ་སྨྲས་ནས་དངོས་པོའི་རང་བཞིན་འགོག་པར་བྱེད་པ་ཡིན་ནོ། །ཞེས་པ་འདི་ནི་བཀའ་བརྒྱུད་དྭགས་སྐོར་པའི་རྣམ་པར་བཤད་པ་ལ་འཁྲུལ་པ་དང་བྲལ་བའོ། །


previousགཞན་སྐྱེ་དགག་པ།next