Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
སེམས་ཙམ་པའི་ལུགས་དགག་པ།
   
   
   
   
   
   
   
   
   
   


 
previousསེམས་ཙམ་པའི་ལུགས་དགག་པ།next

སེམས་ཙམ་པའི་ལུགས་དགག་པ།


K800_Page_421
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། ཕྱོགས་སྔ་མ་དང༌། དེ་དགག་པ་གཉིས། དང་པོ་ལ། གསུང་རབ་ཀྱི་དོན་རྣམ་པར་གཞག་པ་དང༌། དེས་རང་ལུགས་ཀྱི་རྣམ་གཞག་བསྟན་པའོ། །དང་པོ་ལ། རྒྱལ་སྲས་ཀྱིས་སྲིད་གསུམ་རྣམ་ཤེས་ཙམ་དུ་རྟོགས་པའི་རྒྱུ་མཚན། ཕྱི་དོན་མེད་ཀྱང་ཤེས་པའི་རྒྱུ་བསྟན་པའོ། །དང་པོ་ནི། གཟུང་བ་མེད་པར་འཛིན་པ་མ་མཐོང་ཞིང༌། །སྲིད་གསུམ་རྣམ་ཤེས་ཙམ་དུ་རབ་རྟོགས་པས། །ཤེས་རབ་ལ་གནས་བྱང་ཆུབ་སེམས་དཔའ་དེས། །རྣམ་ཤེས་ཙམ་དུ་དེ་ཉིད་རྟོགས་པར་འགྱུར། །རྣམ་རིག་ཏུ་སྨྲ་བ་དག་གིས་དབུ་མའི་ལུགས་ཇི་སྐད་བསྟན་པ་མི་བཟོད་པས་རང་གི་རྟོག་བཟོའི་ལུགས་འཇོག་པར་བྱེད་པ་དེ་འདིར་བསལ་བའི་ཆེད་དུ་བརྗོད་ན། ཤེས་རབ་ཀྱི་ཕ་རོལ་(༢༠༥བ)


K800_Page_422
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་སྒོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ས་དྲུག་པ་བ་དེས་ཆོས་རྣམས་ཀྱི་དོན་དམ་པའི་དེ་ཁོ་ན་ཉིད་རྣམ་ཤེས་ཙམ་དུ་རྟོགས་པར་འགྱུར་ཏེ། སེམས་ལ་བཟུང་བ་མེད་པར་རྟོགས་པས་དེར་བལྟོས་ཀྱི་འཛིན་པ་ཡང་མ་མཐོང་ཞིང༌། སྲིད་གསུམ་འདི་དག་ཕྱི་རོལ་དོན་གྱིས་དབེན་པར་ཤེས་པ་ཙམ་མོ། །ཞེས་ཡུན་དུ་གོམས་པ་ལས་གཟུང་འཛིན་དང་བྲལ་བའི་རྣམ་པར་ཤེས་པ་བརྗོད་མེད་ཙམ་དུ་སོ་སོ་རང་རིག་གི་ཚུལ་གྱིས་རབ་ཏུ་རྟོགས་པའི་ཕྱིར། གཉིས་པ་ནི། ཇི་ལྟར་རླུང་གིས་བསྐུལ་བས་རྒྱ་མཚོ་ནི། །ཆེ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ། །ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་ལས། །རང་གི་ནུས་པས་རྣམ་ཤེས་ཙམ་ཞིག་འབྱུང༌། །ཅི་དོན་མེད་པར་རྣམ་ཤེས་ཙམ་དུ་ཟད་ན་གཟུགས་སོགས་དོན་སྣང་གི་རྣམ་ཤེས་ཇི་ལྟར་སྐྱེ་ཞེ་ན། ཇི་ལྟར་རླུང་གིས་བསྐུལ་བས་རྒྱ་མཚོ་ནི་ཆེན་པོ་ལས་ཆུ་རླབས་ཆེ་ཆུང་རྣམས་རྐྱེན་ཇི་ལྟ་བར་འབྱུང་བ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པའི་ཆོས་ཀུན་གྱི་ས་བོན་ཐམས་ཅད་པ་ཀུན་གཞི་རྣམ་ཤེས་ཞེས་བྱ་བ་ཐོག་མེད་ནས་ཞུགས་པ་སྐད་ཅིག་གིས་བརྒྱུད་པ་གཟུང་འཛིན་དུ་ཞེན་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་བདག་ཉིད་ཀྱི་དངོས་པོ་ཡོད་པ་ཐོབ་པ་འགག་བཞིན་པས། ཀུན་གཞི་ལ་བག་ཆགས་ཀྱི་ཁྱད་པར་རང་གི་རྣམ་པ་དང་རྗེས་སུ་འབྲེལ་བའི་རྣམ་ཤེས་སྐྱེ་བའི་རྒྱུར་གྱུར་པ་རང་གི་ནུས་པ་ལ་ཡོངས་སུ་སྨིན་པའི་རྐྱེན་གྱིས་མ་དག་པ་གཞན་དབང་གི་རྣམ་ཤེས་ཙམ་ཞིག་འབྱུང་བ་ཉིད་ལ་བྱིས་པས་གཟུང་འཛིན་དུ་རྟོག་གི། ཤེས་པ་ལས་ཐ་དད་པའི་གཟུང་བ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དཔེར་ན་དབང་ཕྱུག་རྒྱུར་སྨྲ་བ་ནི། བ་ནི་བ་བལ་རྣམས་ཀྱི་རྒྱུ། །ཆུ་ཤེལ་ཆུ་རྣམས་ཀྱི་བཞིན་དང༌། །པླཀྴ་ཡལ་ག་རྣམས་ཀྱི་ལྟར། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་དབང་ཕྱུག་འགྲོ་བའི་བྱེད་པོར་འདོད་པ་བཞིན། ཀུན་གཞིའི་རྣམ་ཤེས་སྨྲ་བས་ཀྱང་ཀུན་(༢༠༦ན)


K800_Page_423
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དངོས་པོ་མཐའ་དག་འབྱུང་བའི་ས་བོན་གྱི་རྒྱུར་སྨྲ་བར་བྱེད་ལ། དབང་ཕྱུག་རྟག་ལ་ཀུན་གཞི་མི་རྟག་ཅེས་བྱ་བ་འདི་ཙམ་ཞིག་ནི་ཁྱད་པར་རོ། །གཉིས་པ་ནི། དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང༌། །དངོས་པོ་བཏགས་པར་ཡོད་པའི་རྒྱུར་འགྱུར་ཞིང༌། །ཕྱི་རོལ་གཟུང་བ་མེད་པར་འབྱུང་འགྱུར་ལ། །ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཀུན་གཞི་ཡོད་པའི་སྒྲུབ་བྱེད་ནི་གསུང་རབ་ཀྱིས་འདི་ལྟར་རྣམ་པར་གཞག་གོ་ཞེས་གྲགས་པ་དེའི་ཕྱིར་བརྗོད་ན། གཞན་གྱི་དབང་གི་ངོ་བོ་གང་ཞིག་བདག་གཉིས་ཀྱི་དངོས་པོ་སྒྲོ་བཏགས་པར་ཡོད་པའི་རྒྱུར་འགྱུར་ཞིང༌། དེར་ཁས་བླངས་དགོས་ཏེ། རྟོག་པའི་དྲྭ་བ་ཀུན་གྱི་གཞིར་འདོད་པའི་ཕྱིར་ཏེ། གཞན་དུ་འཁྲུལ་གཞི་མེད་པས་འགའ་ཡང་བདག་གཉིས་སུ་འཁྲུལ་བར་མི་རུང་བའི་ཕྱིར། དཔེར་ན་སྦྲུལ་དུ་འཁྲུལ་པ་ཐག་པའི་རྒྱུ་དང༌། བུམ་པ་ལ་སོགས་པར་འཁྲུལ་པའི་རྒྱུ་ས་སོགས་ལ་མ་བལྟོས་པར་མཁའ་སོགས་སུ་མི་འབྱུང་བ་བཞིན་ནོ། །དེས་ན་ཕྱི་དོན་མེད་ཀྱང་སྔོན་པོ་སོགས་ལ་རྟོག་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་གཞན་དབང་ཉིད་ལ་འཇོག་པ་ཡིན་ཏེ། ཁྱོད་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་རྒྱུ་ཡིན་པའི་ཕྱིར། དེས་ན་ལུང་ལས། གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་འདིར་ལྷག་མར་ལུས་པར་གྱུར་པ་དེ་འདི་ན་བདེན་པར་ཡོད་པ་ཡིན་ནོ། །ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་སྟོང་ཉིད་ལ་ཕྱིན་ཅི་མ་ལོག་པར་འཇུག་པའོ་ཞེས་སོགས་ཀྱིས་སྟོང་ཉིད་ལེགས་པར་བཟུང་བའོ། །ལུང་འདི་ལ་བརྟེན་ནས་ཉན་ཐོས་སྡེ་པ་རྣམས་ཕུང་ཁམས་སྐྱེ་མཆེད་ལ་བདག་དང་གང་ཟག་སོགས་ཀྱིས་སྟོང་གི། ལྷག་མ་ཕུང་ཁམས་སྐྱེ་མཆེད་དང་བདག་མེད་ནི་རང་བཞིན་གྱིས་རྫས་སུ་ཡོད་དོ། །ཞེས་དང༌། རྣམ་རིག་པས་གཞན་དབང་ལ་ཀུན་བརྟགས་ཀྱིས་སྟོང་གི། (༢༠༦བ)


K800_Page_424
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དབང་དང་ཡོངས་གྲུབ་ཀྱིས་མི་སྟོང་ཞེས་སྒྲོ་བཏགས་ཀྱི་ཆོས་གཞན་གྱིས་སྟོང་གི། ཆོས་ཅན་དང་ཆོས་ཉིད་རང་གིས་མི་སྟོང་བར་སྨྲའོ། །བོད་ཁ་ཅིག་དངོས་སྨྲས་ངེས་དོན་དུ་འདོད་པའི་ལུང་འདི་ངེས་དོན་དུ་ཁས་བླངས་ནས་ཆོས་ཉིད་ཀྱི་དངོས་པོ་ལ་ཆོས་ཅན་ཐམས་ཅད་ཀྱིས་སྟོང་པར་འདོད་པ་དང༌། སེམས་ཙམ་པ་འདོད་པའི་ཡོངས་གྲུབ་དངོས་མེད་མེད་དགག་ཏུ་འདོད་པ་ནི་དངོས་སྨྲ་བ་དང་དབུ་མ་པ་གང་གིའང་གྲུབ་མཐའ་མ་ཡིན་ནོ། །དེས་ན་གཞན་དབང་འདི་ནི་གསུམ་དུ་བཞག་སྟེ། ཕྱི་རོལ་གཟུང་བ་མེད་པར་རང་ཉིད་བག་ཆགས་ཀྱི་དབང་གིས་གཉིས་སྣང་ཅན་དུ་འབྱུང་བར་འགྱུར་ལ། བདག་གཉིས་སུ་སྒྲོ་བཏགས་པའི་གཞིར་རྫས་སུ་ཡོད་པ་དང༌། སྤྲོས་པ་སྒྲ་རྟོག་ཀུན་གྱི་ཡུལ་མ་ཡིན་པའི་རང་བཞིན་དུ་ཡོད་པའི་ཕྱིར་ཏེ། མངོན་པར་བརྗོད་པའི་སྒྲ་རྟོག་རྣམས་ནི་སྒྲོ་བཏགས་པའི་རྣམ་པ་འཛིན་པས་དངོས་པོའི་ཡུལ་ཅན་མ་ཡིན་པའི་ཕྱིར། དངོས་པོ་བཏགས་པ་ཡོད་པའི་རྒྱུ་གཞན་དབང་ཉིད་ནི་ཡོད་པ་ཉིད་ཀྱིས་འགྲུབ་པས་གསུམ་ལས་ཐ་དད་དུ་མ་སྨོས་ལ། དེ་ནི་སེམས་ཙམ་རྣམ་བདེན་པ་དག་རྗེས་ཐོབ་དག་པ་འཇིག་རྟེན་པའི་སྤྱོད་ཡུལ་དུ་ཡུལ་དང་ཡུལ་ཅན་དུ་དམིགས་བྱར་རུང་ཞེས་དང༌། རྣམ་རྫུན་པ་དག་རང་ཉིད་ལ་རང་རིག་པའི་ངོ་བོར་གཞལ་ཡང་ཡུལ་ཡུལ་ཅན་གྱི་རྣམ་པ་ནུབ་པའོ་ཞེས་མི་མཐུན་པར་སྨྲའོ། །གཉིས་པ་ལ། དགག་པ་དངོས་དང༌། བཀག་པ་ལ་འགལ་བ་སྤང་བའོ། །དང་པོ་ལ། ཕྱི་དོན་མེད་པའི་ཤེས་པ་དགག གཉིས་མེད་གཞན་དབང་རྫས་གྲུབ་དགག སྤྲོས་པ་ཀུན་གྱི་ཡུལ་མིན་པར་ཡོད་པ་དགག ཀུན་རྫོབ་པའི་རྒྱུར་ཡོད་པ་དགག་པ་དང་བཞིའོ། །(༢༠༧ན)


K800_Page_425
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། རྨི་ལམ་གྱི་མཐུན་དཔེ་དགག རབ་རིབ་ཀྱི་མཐུན་དཔེ་དགག ཀེང་རུས་ཀྱི་མཐུན་དཔེ་དགག འཁྲུལ་པའི་དཔེ་གཞན་ཡང་དགག དོན་བསྡུ་བ་དང་ལྔའོ།།དང་པོ་ལ། རྨི་ལམ་དུ་སེམས་མི་འགྲུབ། དྲན་པས་འགྲུབ་ན་ཡུལ་ཡང་འགྲུབ། དེའི་ཉེས་སྤོང་གི་ལན་དགག་པ་གསུམ་མོ། །དང་པོ་ནི། ཕྱི་རོལ་མེད་སེམས་དཔེ་ནི་གང་དུ་ཡོད། །རྨི་ལམ་ཇི་བཞིན་ཞེ་ན་དེ་བསམ་བྱ། །གང་ཚེ་ང་ལ་རྨི་ལམ་ན་ཡང་སེམས། །ཡོད་མིན་དེ་ཚེ་ཁྱོད་ཀྱི་དཔེ་ཡོད་མིན། །ཡུལ་མེད་པའི་ཤེས་པ་མི་སྲིད་དེ། རྣམ་པར་ཤེས་པ་ནི་ཡུལ་རིག་པས་རབ་ཏུ་ཕྱེ་བའི་ཕྱིར། ཕྱི་རོལ་གྱི་ཡུལ་མེད་ཀྱང་སེམས་ཡོད་པའི་དཔེ་ནི་གང་དུ་ཡོད་ཅེས་དྲིས་པ་ལ་རྨི་ལམ་ཇི་ལྟ་བ་བཞིན་ཏེ། ཁང་མིག་ཆུང་ངུར་གཉིད་ལོག་པ་ན་དེར་གླང་པོ་ཆེའི་ཁྱུ་འཁྲིགས་པ་རྨིས་པའི་ཚེ་ཡུལ་ཇི་ལྟ་བ་མེད་དེ། དེར་དེ་ཤོང་བ་མེད་ཀྱང་དེར་འཛིན་པའི་རྨི་ལམ་གྱི་ཤེས་པ་ཡོད་པ་བཞིན་ནོ་ཞེ་ན། རྨི་ལམ་ན་ཡུལ་མེད་པའི་ཤེས་པ་ཡོད་མེད་དེ་བསམ་བྱའམ་བརྟག་བྱ་ཡིན་ཏེ། གང་ཚེ་དབུ་མ་པ་ང་ལ་སད་པའི་སྐབས་སུ་མ་ཟད་རྨི་ལམ་ན་ཡང་སེམས་ནི་ཡུལ་ལྟར་ཡོད་མིན་དེའི་ཚེ་རྣམ་རིག་པ་ཁྱོད་ཀྱིས་ཡུལ་མེད་པར་ཤེས་པ་ཡོད་པའི་དཔེ་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་སད་ཚེ་རྨི་ལམ་དྲན་ལས་ཡིད། །ཡོད་ན་ཕྱི་རོལ་ཡུལ་ཡང་དེ་བཞིན་འགྱུར། །ཇི་ལྟར་ཁྱོད་ཀྱི་ངས་མཐོང་སྙམ་དྲན་པ། །དེ་འདྲ་ཕྱི་རོལ་ལ་ཡང་ཡོད་པ་ཡིན། །ཡང་རྨི་ལམ་དུ་འཁྲུལ་ཤེས་ཡོད་དེ། མེད་ན་སད་ཚེ་རྨི་ལམ་དུ་མྱོང་བ་དྲན་པར་མི་འགྱུར་བའི་ཕྱིར་ཞེ་ན། མ་ཁྱབ་པ་ནི་གལ་ཏེ་སད་ཚེ་རྨི་ལམ་གྱི་ཤེས་པ་འཁྲུལ་པ་མྱོང་བའི་དྲན་པ་ལས་ཡིད་ཡོད་པར་གྲུབ་ན་ཕྱི་རོལ་ཡུལ་ཡང་དེ་བཞིན་ཡོད་པར་འགྱུར་ཏེ། ཇི་ལྟར་ཁྱོད་ཀྱིས་སད་པའི་སྐབས་ན་ངས་མཐོང་ངོ་སྙམ་དུ་རྨི་ལམ་གྱི་ཤེས་པ་དྲན་པ་ལས་ཤེས་པ་ཡོད་པ་དེ་འདྲར་གླང་ཆེན་སོགས་ཕྱི་རོལ་གྱི་ཡུལ་མྱོང་བ་ལ་ཡང་དྲན་པ་ཡིན་པའི་ཕྱིར། དེ་ཡང་མ་ཁྱབ་ན་ཤེས་པའང་ཡོད་པར་མི་འགྲུབ་(༢༠༧བ)


K800_Page_426
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །འདིར་ཤར་ཙོང་ཁ་པ་ཆེན་པོ་དཔོན་སློབ་དག་རྨི་ལམ་ན་སྣང་བའི་གླང་པོ་ཆེ་མེད་བཞིན་དུ་ཡུལ་ཅན་ཤེས་པ་ཡང་མེད་པར་སྟོན་པ་ནི་མ་ཡིན་གྱི། རང་བཞིན་གྱིས་གྲུབ་པའི་ཤེས་པ་མེད་པར་སྟོན་པ་ལ་ངེས་པར་འདོད་དགོས་ཏེ། དེའི་ཕྱིར་ཤེས་བྱ་དང་ཤེས་པ་ཡོད་མེད་མགོ་མཚུངས་མཛད་པ་ཐམས་ཅད་ནི་དགག་བྱའི་ཁྱད་པར་གྱི་སྟེང་ནས་ཤེས་པར་བྱའོ་ཞེས་སྨྲ་བ་ནི། རིགས་པས་དཔྱད་པའམ་ཡི་དམ་ལྷས་བཀའ་སྩལ་བའི་ཞིབ་ཆར་འདུག་ཀྱང་སྔར་གྲགས་ཀྱི་དབུ་མའི་གསུང་རབ་ཀྱི་དགོངས་པ་ལས་ཕྱིན་ཅི་ལོག་ཏུ་སྨྲས་པ་ཡིན་ཏེ། ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་པའི་རང་བཞིན་སྟོང་པ་ཉིད་ཀྱི་མཐུན་དཔེར་རྨི་ལམ་དང་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པའི་ཤེས་པ་ཡུལ་བཅས་སྣང་བ་ལྟར་མ་གྲུབ་པ་དཔེར་བཟུང་བ་ལས་ལོག་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཏེ། ཁྱེད་དཔེ་དེ་དག་ལ་བདེན་མེད་ཀྱི་དོན་སྨྲས་ཚོད་ཡུལ་རང་ངོ་ནས་སྡོད་ལུགས་ཚུགས་ཐུབ་ཀྱི་བདེན་གྲུབ་ཅེས་སྔར་སྟོན་པ་འདིའི་བསྟན་པ་ལ་ཡེ་མ་གྲགས་པའི་ཟོལ་ཚིག་གསར་པ་ཞིག་དྲན་རྒྱ་ཆེས་པའི་རྣམ་འགྱུར་གྱིས་བསྣོན་པར་བཏབ་ནས་དེ་འདྲའི་བདེན་གྲུབ་ལ་བསམས་ནས་རང་གི་ངོ་བོ་དང་རང་བཞིན་གྱི་དང་རྫས་ཀྱི་ངོ་བོ་དང་དངོས་པོའི་ངོ་བོ་ཉིད་མེད་དོ་ཞེས་སྨྲས་ཀྱང༌། སོང་ཚོད་ལ་རྨི་ལམ་དང་སྒྱུ་མ་དང་གཟུགས་བརྙན་སོགས་ཡང་དག་ཀུན་རྫོབ་བདེན་པའི་དོན་བྱེད་ནུས་སུ་བརྫུན་ཅིང་ཡོད་པ་མིན་པ། བསླད་སྣང་གིས་དེར་མེད་ཀྱང་དེར་སྣང་བ་ཐམས་ཅད་ཁྱེད་ཀྱིས་སྣང་བ་ལྟར་དོན་བྱེད་པ་ཅན་དུ་མི་བསླུ་བའི་དངོས་པོར་སྨྲས་པས་རང་རང་ངོ་བོས་སྟོང་པའི་ཟབ་མོ་སྟོང་པ་ཉིད་ཀྱི་མཐུན་(༢༠༨ན)


K800_Page_427
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་བཟུང་ངོ་ཅོག་མི་མཐུན་པའི་དཔེ་ཉིད་དུ་དོན་ལ་ཞེན་ནས་ཤུགས་ཀྱིས་སྨྲས་པར་སོང་བའི་ཕྱིར། དེས་ན་བཅོམ་ལྡན་འདས་དང་འཕགས་པ་ཀླུ་སྒྲུབ་སོགས་ཀྱིས་རྒྱ་ཆེར་གཞན་གྲགས་ཀྱི་མཐུན་འཇུག་གི་ངོར་གཅིག་དུ་བྲལ་སོགས་ཀྱིས་ཟབ་མོ་སྟོང་པ་ཉིད་བསྒྲུབ་པའི་ཚུལ་གསུམ་ཚང་བར་བརྗོད་པ་ཐམས་ཅད་ལྟག་ཆོད་ཀྱི་རིགས་པར་སྨྲ་བར་བྱས་ནས་སྒྲུབ་བྱེད་དེ་དག་གིས་བསྒྲུབ་བྱ་ཟབ་མོ་སྟོང་པ་ཉིད་སྒྲུབ་པ་འཁྲུལ་བཅས་སུ་ངལ་བ་ཆེན་པོས་བཤད་ནས་ཤུགས་ལ་ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་ཚུལ་འགོག་པར་བྱེད་པ་འདི་ཡང་ལྔ་བརྒྱ་ཐ་མའི་དུས་དང་ཉེ་བ་ན་ཆེས་ཕུན་སུམ་ཚོགས་པར་གྱུར་ཏེ། །གསུམ་པ་ལ། ཉེས་སྤོང་གི་ལན་དང༌། དེ་དགག་པ་གཉིས། དང་པོ་ནི། གལ་ཏེ་གཉིད་ནང་མིག་བློ་མི་སྲིད་པས། །ཡོད་མིན་ཡིད་ཀྱི་ཤེས་པ་ཁོ་ན་ཡོད། །དེ་ཡི་རྣམ་པ་ཕྱི་རོལ་ཉིད་དུ་ཞེན། །རྨི་ལམ་ཇི་ལྟ་དེ་བཞིན་འདིར་འདོད་ན། །གལ་ཏེ་གཉིད་ཀྱི་ནང་ན་གཟུགས་སོགས་ཕྱི་རོལ་གྱི་ཡུལ་ཡོད་པ་མ་ཡིན་ཏེ། དེར་གཉིད་ཀྱིས་མིག་བློ་སོགས་ཉམས་པར་བྱས་པས་དབང་ཤེས་རྣམས་མི་སྲིད་པར་བྱེད་པ་དེ་ཉིད་ཀྱི་ཕྱིར། འོན་ཀྱང་གཉིད་ཀྱིས་བསླད་པའི་ཡིད་ཀྱི་ཤེས་པ་ཡུལ་དུ་སྣང་བ་ཁོ་ན་ཡོད་དེ། ཤེས་པ་དེ་ཡི་རྣམ་པ་ལ་རྨི་ལམ་ཀྱི་ཤེས་པས་ཕྱི་རོལ་ཉིད་དུ་ཞེན་པར་བྱེད་པའི་ཕྱིར། རྨི་ལམ་དུ་ཡུལ་མེད་པར་ཤེས་པ་ཡོད་པ་ཇི་ལྟ་བ་དེ་བཞིན་དུ་འདིར་འདོད་དོ་ཞེ་ན། གཉིས་པ་ལ། རྨི་ལམ་དུ་ཁམས་བཅོ་བརྒྱད་པོ་ཐམས་ཅད་བརྫུན་པར་བསྟན། ཚུལ་དེ་སད་པའི་གནས་སྐབས་ལ་ཡང་མཚུངས། དེས་ན་དོན་ཤེས་ཡོད་མེད་དཔེ་དོན་མཚུངས་པར་བསྟན་པ་གསུམ་མོ། །དང་པོ་ནི། ཇི་ལྟར་ཁྱོད་ཀྱི་ཕྱི་ཡུལ་རྨི་ལམ་དུ། །མ་སྐྱེས་དེ་བཞིན་ཡིད་ཀྱང་སྐྱེས་མ་ཡིན། །མིག་དང་མིག་གི་ཡུལ་དང་དེས་སྐྱེད་སེམས། །གསུམ་པོ་ཐམས་ཅད་ཀྱང་ནི་བརྫུན་པ་ཡིན། །རྣ་སོགས་ལྷག་མ་གསུམ་པོའང་སྐྱེ་བ་མེད། །ཇི་ལྟར་རྣམ་རིག་པ་ཁྱོད་ཀྱི་ལུགས་ལ་རྨི་ལམ་དུ་ཕྱི་གཟུགས་སོགས་ཡུལ་མ་སྐྱེས་པ་དེ་བཞིན་ཡིད་ཤེས་ཀྱང་སྐྱེས་པ་མ་ཡིན་ཏེ། དེ་དག་སྐྱེས་མ་སྐྱེས་(༢༠༨བ)


K800_Page_428
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་མཚུངས་པའི་ཕྱིར་ཏེ། རྨི་ལམ་གྱི་འཁྲུལ་ངོར་ནི་གཉིས་ཀ་ཡོད་ལ། སད་ན་གཉིས་ཀ་མེད་པའི་ཕྱིར། འོན་ཀྱང་སད་ཚེ་གཟུགས་མཐོང་བ་ན། མིག་དང་གཟུགས་དང་རྣམ་ཤེས་གསུམ་དམིགས་པ་བཞིན་རྨི་ལམ་དུའང་ཡུལ་ཡོངས་སུ་གཅོད་པ་ན་མིག་དང་མིག་གི་ཡུལ་དང་དེས་བསྐྱེད་པའི་སེམས་གསུམ་པོ་ཐམས་ཅད་ཀྱང་ནི་འདུས་པར་འཁྲུལ་སྣང་དེའི་ངོར་ཡོད་པ་ལྟར་སྣང་ཡང༌། དཔྱད་ན་དེར་མིག་དང་གཟུགས་མེད་པ་བཞིན་སེམས་ཀྱང་མེད་པས་གསུམ་ག་བརྫུན་པ་ཡིན་ནོ། །དེ་ལྟར་རྨི་ལམ་དུ་རྣ་བ་དང་སོགས་པས་སྒྲ་དང་རྣ་བའི་རྣམ་ཤེས་ནས། ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་བར་ཡུལ་དབང་རྣམ་ཤེས་གསུམ་པོ་ལྷག་མ་རྣམས་ཀྱང་སྐྱེ་བ་མེད་དེ། སྣང་ཙམ་དུ་ནི་ཐམས་ཅད་མཚུངས་ལ། དཔྱད་ན་ནི་ཐམས་ཅད་ཀྱང་སྟོང་པའི་ཕྱིར། དེས་ན་རྨི་ལམ་དུ་ཁམས་བཅོ་བརྒྱད་པོ་ཐམས་ཅད་བརྫུན་པའི་ཕྱིར་ཡིད་ཀྱི་རྣམ་ཤེས་བདེན་པར་ཅིས་འགྲུབ། སེམས་ཙམ་པ་འགོག་སྐབས་འདིར་ལེགས་ལྡན་བྱེད་ཡུལ་མེད་པའི་ཤེས་པ་ནི་འགའ་ཡང་མེད་དེ། རྨི་ལམ་ན་ཡིད་ཤེས་ཀྱི་གཟུང་བྱའི་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ཡོད་པའི་ཕྱིར་ཞེས་སྨྲ་བ་ཡང་རིགས་པ་མིན་ཏེ། རྨི་ལམ་ན་གཟུགས་མེད་ན་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་མི་སྲིད་པའི་ཕྱིར། ཅི་སྟེ་སེམས་ཙམ་པས་ཕྱི་རོལ་ས་ཆུ་སོགས་ཀྱི་དོན་ལས་བྱུང་བའི་ཡུལ་གཟུགས་སོགས་མེད་པར་ཀུན་གཞིའི་རྣམ་ཤེས་ལས་དེ་ལྟར་འབྱུང་བ་དབུ་མ་པས་དགག་པའི་ཆེད་དུ་དེ་ལྟར་སྨྲ་ན་ནི་ཆེས་མི་འཐད་དེ། གཞན་ལ་གནོད་པར་མི་ནུས་པའི་ཁར་གཞན་ངོར་རང་གི་གྲགས་བརྗོད་(༢༠༩ན)


K800_Page_429
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚུལ་ཐམས་ཅད་ཀྱང་གྲགས་པ་དང་འགལ་བར་བརྗོད་པས་གཞན་ལ་ལོག་རྟོག་བསྐྱེད་པར་འགྱུར་བའི་ཕྱིར་ཏེ། རྨི་ལམ་དེ་སད་པའི་ཡུལ་དབང་ཡིད་བྱེད་བདེན་མེད་སྟོང་པ་ཉིད་ཀྱི་མཐུན་དཔེར་བཟུང་བ་དོན་མེད་པར་འགྱུར་བའི་ཕྱིར་ཏེ། རྨི་ལམ་གྱི་དེ་གསུམ་བདེན་མེད་བརྫུན་པ་མ་ཡིན་པ་དེར་ཡོད་པར་བདེན་པའི་དོན་བྱེད་ཅན་ཡིན་པའི་ཕྱིར། མ་ཁྱབ་བོ་ཞེ་ན། ཁྱབ་པར་ཐལ། རྨི་ལམ་གྱི་ཡུལ་དབང་ཡིད་བྱེད་དོན་བྱེད་ནུས་པར་བདེན་ན། དཔེ་དེས་བསྒྲུབས་པའི་གཟུགས་སོགས་ཀྱི་ཆོས་ཐམས་ཅད་དོན་བྱེད་ནུས་པའི་བདེན་པར་མེད་པ་བརྫུན་པའི་ངང་ཚུལ་ཅན་དུ་མི་འགྲུབ་པའི་ཕྱིར། བུམ་པ་མ་བྱས་པར་གྲུབ་ན་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེར་མི་རུང་བ་བཞིན་ཞེས་པ་འདི་ནི་དཔལ་ལྡན་ཟླ་བའི་རིགས་པ་དྲི་མ་དང་བྲལ་བ་སྟེ། སློབ་དཔོན་ལེགས་ལྡན་བྱེད་ནི་ཐ་སྙད་དུའང་གཟུགས་སོགས་ཕྱི་དོན་ལས་འབྱུང་བ་མ་ཡིན་པར་ཀུན་གཞིའི་རྣམ་ཤེས་ལས་འབྱུང་བར་འདོད་པ་དེ་བཀག་ནས་ཐ་སྙད་ཙམ་དུ་གཟུགས་སོགས་ཕྱི་དོན་ལས་འབྱུང་བ་ཙམ་ཞིག་བསྒྲུབས་ཏེ་དོན་དམ་པར་གཟུགས་སོགས་ཕྱི་རོལ་གྱི་ཡུལ་ཡང་རང་རང་ངོ་བོས་མ་གྲུབ་པ་སྟོང་པར་བཞེད་པ་ལ། ལུགས་འདིས་ཐ་སྙད་དུའང་དེ་ལྟར་བསྒྲུབ་ན་དབུ་མའི་རིང་ལུགས་ལས་ཉམས་ཞེས་སྐྱོན་བརྗོད་པར་མཛད་པ་ལ། ཤར་ཙོང་ཁ་པ་ཆེན་པོས་དབུ་མ་ཐལ་འགྱུར་བའི་རང་ལུགས་ལ་རྨི་ལམ་དུ་གླང་ཆེན་སོགས་ཀྱི་ཡུལ་དང་ཡུལ་ཅན་མེད་པར་སྟོན་པ་མ་ཡིན་ནོ་ཞེས་ལོག་པའི་ཀུན་རྫོབ་ཐམས་ཅད་ཞེ་པས་ཡང་དག་ཀུན་རྫོབ་ཏུ་ཁས་ལེན་པར་བྱེད་དེ། དེར་སྣང་གི་འཁྲུལ་ཡུལ་ལ་ཤེས་པ་དེ་བསླུ་མེད་དུ་འདོད་པའི་(༢༠༩བ)


K800_Page_430
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང༌། དེ་ལྟར་འདོད་པས་རྨི་ལམ་གྱི་ཡུལ་ཡུལ་ཅན་ཡང་དག་ཀུན་རྫོབ་ཏུའང་བདེན་པར་དོན་གྱིས་ཁས་བླངས་ཤིང༌། ཡང་ཁྱེད་ཐལ་འགྱུར་བས་བདེན་གྲུབ་བདེན་པ་གཉིས་ཀར་བཀག་ནས་བདེན་མེད་དུ་བརྗོད་པའི་དཔེར་ཡང་དག་ཀུན་རྫོབ་བདེན་པར་ཁྱེད་ཀྱིས་ཞེ་པས་ཁས་བླངས་པའི་རྨི་ལམ་བཞིན་ཞེས་བཀོད་པས། འཇིག་རྟེན་པས་དོན་དམ་བདེན་པར་འདོད་པའི་ཡང་དག་ཀུན་རྫོབ་བདེན་པ་བློ་ལྷན་སྐྱེས་ཀྱི་ངོར་བདེན་པར་གྲུབ་པ་འཇིག་རྟེན་པ་ཐམས་ཅད་ལ་གྲགས་ཤིང་གྲུབ་པའི་ཕྱིར། གཏན་ཚིགས་དང་དཔེ་དེས་འཇིག་རྟེན་པ་དག་གིས་ཡང་དག་ཀུན་རྫོབ་བདེན་པ་བདེན་པར་མ་གྲུབ་བོ་ཞེས་ཁྱེད་ལྟར་ན་རྟོགས་པར་མི་འགྱུར་ཏེ། མཐུན་དཔེ་དང་བསྒྲུབ་བྱ་གཉིས་ཀ་ཀུན་རྫོབ་ཏུ་ཡང་བདེན་པར་གྲུབ་ན་གྲུབ་མཉམ་དང༌། མ་གྲུབ་ན་མ་གྲུབ་མཉམ་དུ་འགྱུར་བའི་ཕྱིར། དེ་ལྟར་བརྗོད་པས་སྒྲུབ་བྱེད་བསྒྲུབ་བྱའི་ཆོས་ལ་རྗེས་སུ་འགྲོ་བའི་སྐབས་ཡོད་པ་མ་ཡིན་པས། ཁྱེད་ཀྱིས་གསར་དུ་ཕྱེས་པའི་ཐལ་འགྱུར་བའི་ལུགས་དེ་ལྟར་ན། སྒྲུབ་བྱེད་དེ་ལྟས་བསྒྲུབ་བྱ་བདེན་མེད་བསྒྲུབ་ཅིང༌། བདེན་གྲུབ་བདེན་པ་གཉིས་ཀར་འགོག་གོ་ཞེས་སྨྲས་པ་དེ་ཚིག་ཙམ་ལས་དོན་ལ་དེ་ལྟར་མ་སྨྲས་པའི་ཕྱིར། དེ་ལྟར་ཡང་ཡང་བཤད་པའི་གྲུབ་དོན་སློབ་དཔོན་ལེགས་ལྡན་བྱེད་ལྟ་བུས་ཆོས་ཐམས་ཅད་སྟོང་ཉིད་དུ་སྒྲུབ་པར་བྱེད་པ་ལ་རྨི་ལམ་མཐུན་དཔེར་ལེན་ཚུལ་དེ་ལ་སློབ་དཔོན་ཟླ་གྲགས་ཀྱིས་དེ་ནི་ནོངས་པ་ཡིན་ཏེ། དེས་རྨི་ལམ་ཡུལ་བཅས་ཐ་སྙད་དུ་ཡོད་པར་(༢༡༠ན)


K800_Page_431
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་ཁས་བླངས་པའི་ཕྱིར་ཞེས་བརྗོད་པ་ཡིན་པ་ལ། གངས་ཅན་གྱི་ལྗོངས་འདིར་ནི་སློབ་དཔོན་ཟླ་གྲགས་ཀྱིས་སྟོང་པ་ཉིད་སྒྲུབ་བྱེད་ཀྱི་མཐུན་དཔེར་རྨི་ལམ་ལེན་པ་དེ་ཡུལ་རང་ངོས་ནས་སྡོད་གྲུབ་ཀྱི་བདེན་གྲུབ་ཏུ་མེད་པ་དཔེར་བྱས་ཀྱི། རྨི་ལམ་ཡུལ་བཅས་རྨི་ལམ་དུ་དོན་བྱེད་ནུས་སུ་བདེན་པས་ཐ་སྙད་དུའང་མེད་པ་དཔེར་ལེན་པ་མིན་ཅེས་སྨྲ་བ་ལ། ཡིད་ཆེས་ཀྱི་གནས་སུ་འཛིན་པ་དེ་དག་གི་ལྟར་ན། ཆོས་ཚུལ་འདིར་དཔྱོད་པ་ན་སློབ་དཔོན་ཟླ་གྲགས་ཀྱིས་སློབ་དཔོན་ལེགས་ལྡན་ལ་སྐྱོན་བརྗོད་མཛད་མི་རིགས་པར་འགྱུར་ཏེ། དེ་ལྟར་སྨྲ་བ་དེ་སྐྱོན་ཅན་དང་འཁྲུལ་པར་ཟད་ན། ཟླ་གྲགས་ཀྱི་བཞེད་པ་དེའང་འཁྲུལ་པ་དང་སྐྱོན་ཅན་དུ་སོང་བའི་ཕྱིར་རོ། །གཉིས་པ་ནི། རྨི་ལམ་ཇི་ལྟ་དེ་བཞིན་སད་འདིར་ཡང༌། །དངོས་རྣམས་བརྫུན་ཡིན་སེམས་དེ་ཡོད་མ་ཡིན། །སྤྱོད་ཡུལ་མེད་ཅིང་དབང་པོ་རྣམས་ཀྱང་མེད། །རྨི་ལམ་ན་གསུམ་ག་མ་གྲུབ་པ་ཉིད་ཀྱིས་སད་པ་ནའང་གསུམ་ག་གྲུབ་པ་བཟློག་པར་བྱ་བ་ནི། རྨི་ལམ་ན་ཡུལ་དབང་ཤེས་པ་གསུམ་ག་བརྫུན་པ་ཇི་ལྟར་དེ་བཞིན་སད་པའི་སྐབས་འདིར་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དངོས་པོ་རྣམས་བརྫུན་པ་ཡིན་ཅིང༌། དངོས་པོ་དེ་དག་དམིགས་བྱེད་སེམས་དེ་ཡོད་པ་མིན་ལ། དེའི་དམིགས་བྱའི་སྤྱོད་ཡུལ་མེད་ཅིང༌། རྟེན་དབང་པོ་རྣམས་ཀྱང་བདེན་པ་གཉིས་ཀར་སྣང་ཞེན་ལྟར་གྲུབ་པ་མེད་དེ། མདོ་ལས། ཇི་ལྟར་སྒྱུ་མའི་སེམས་ཅན་དམིགས་པ་ལྟར། །སྣང་ཡང་དེ་ཉིད་དུ་ན་ཡང་དག་མིན། །སྒྱུར་མ་ལྟ་བུ་རྨི་ལམ་དང་འདྲ་བ། །དེ་ལྟའི་ཆོས་ནི་བདེ་བར་གཤེགས་པས་བསྟན། །ཞེས་དང༌། སྲིད་པ་འགྲོ་(༢༡༠བ)


K800_Page_432
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མིང་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ། །ཞེས་འབྱུང་ངོ༌། །གསུམ་པ་ནི། འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །འཇིག་རྟེན་འདི་ན་ཇི་ལྟར་སད་པའི་གནས་སྐབས་ན་མ་རིག་པའི་གཉིད་ཆེན་གྱིས་ཡུལ་དབང་རྣམ་ཤེས་གསུམ་ཡོད་པ་དེ་བཞིན་ཇི་སྲིད་དུ་འཕྲལ་གྱི་སེམས་བྱུང་གཉིད་ཆུང་ལས་མ་སད་པ་དེ་སྲིད་དུ་རྨི་པོའི་སྐྱེས་བུ་དེ་ལ་ཡུལ་དབང་རྣམ་ཤེས་གསུམ་པོ་ཡོད་དེ། གསུམ་དུ་སྣང་བ་ཡོད་ཅིང༌། སྣང་བ་ལྟར་ཞེན་པ་ཡང་ཡོད་པའི་ཕྱིར། སེམས་འགྲེལ་ལས། རྨི་ལམ་སད་པའི་གནས་སྐབས་དག །དོན་བྱེད་པ་ལ་ཁྱད་མེད་དེ། །རྨི་ལམ་ན་ནི་རྨིས་པ་བཞིན། །དོན་བྱེད་མཚུངས་པར་རང་བཞིན་མེད། །ཅེས་འབྱུང་བས། བཅོམ་ལྡན་འདས་དང་དཔལ་མགོན་ཀླུ་སྒྲུབ་སོགས་དབུ་མ་པའི་སློབ་དཔོན་སྔར་བྱོན་པ་དེ་དག་གིས་དངོས་པོའི་ངོ་བོ་ཉིད་མ་དམིགས་ཞེས་རྒྱ་ཆེར་གསུངས་པའི་ཆོས་དེ་བོད་ཕྱི་མ་དག་གིས་དངོས་པོའི་ངོ་བོ་ཉིད་དོན་བྱེད་ནུས་པ་ལ་འཆད་པ་ནི་ཆེས་ལོག་རྟོག་ཡིན་ཏེ། དངོས་པོའི་ངོ་བོ་ནི་འཇིག་རྟེན་པས་མ་རིག་པའི་དབང་གིས་དོན་བྱེད་ནུས་བདེན་པའི་ཆོས་སུ་བློ་ལྷན་སྐྱེས་ཀྱིས་བཟུང་བའི་ཕྱིར། དེ་ལྟར་ཕྱིན་ཅི་ལོག་ཏུ་རྟོག་པ་ནི་བློ་འཁྲུལ་པ་ཡིན་པས་སྤང་བར་བྱ་བ་ཁོ་ནར་ངེས་ཏེ། གང་དངོས་ཆོས་རྨི་ལམ་གྱི་ཡུལ་ལྟར་དོན་བྱེད་དང་བྲལ་བར་རྟོགས་པ་དེས་ནི་བདེན་པ་གཉིས་ཀྱི་ཆོས་ཐམས་ཅད་ཟབ་མོ་སྟོང་པ་ཉིད་རང་བཞིན་མེད་པ་མཉམ་པ་ཉིད་ལས་གཞར་ཡང་(༢༡༡ན)


K800_Page_433
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བའམ་འཕོ་འགྱུར་མེད་བཞིན་ཀུན་རྫོབ་ཏུ་རྟེན་འབྲེལ་གྱི་དོན་བྱེད་པ་ལྟར་སྲིད་པའི་སྐྱེ་འགག་སོགས་ཀྱང་རྫུན་ངོ་དང་བསླད་ངོ་དང་འཁྲུལ་ངོར་འབྱུང་རུང་ལ། དེ་ལྟར་འབྱུང་རུང་བའི་དངོས་པོ་དེ་ནི་ཡང་དག་པར་བདེན་པ་གཉིས་ཀར་དོན་ལ་གནས་པའི་དངོས་པོའི་ངོ་བོ་ཉིད་མ་ཡིན་པའོ། །ཞེས་ཁོང་དུ་ཆུད་པ་ཉིད་ཀྱིས་དངོས་པོ་དོན་བྱེད་པར་འཛིན་པ་ནི་ཤེས་བྱའི་སྒྲིབ་པ་ཉིད་དུ་ངེས་སོ་ཞེས་འཆད་པ་ཡིན་ལ། ཙོང་ཁ་པ་ཆེན་པོ་ནི་དེ་ལྟར་ན་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུའི་དཔེ་དོན་སྦྱོར་ཚུལ་ཡང་ལོག་པར་སོང་བར་མ་ཟད། ཐ་སྙད་དུའང་དོན་བྱེད་པ་ཅན་གྱི་དངོས་པོའི་ངོ་བོ་ལས་རྒྱུ་འབྲས་ལ་སྐུར་པ་བཏབ་པས་ལོག་པའི་ལྟ་བ་འཛིན་པ་ཉིད་ཀྱིས་ངན་སོང་གི་གཡང་ས་ཆེན་པོར་ལྟུང་བར་འགྱུར་བས་དངོས་པོའི་ངོ་བོ་ཉིད་མ་དམིགས་ཞེས་པའི་ངོ་བོ་ནི་རྒྱ་བོད་སུས་ཀྱང་སྔར་གསལ་བར་ཁར་འབྱིན་མ་ནུས་པའི་རྟགས་ཀྱི་དགག་བྱ་ཐུན་མོང་མིན་པ་ཞིག་ཡིན་ལ། དེ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་གསུངས་པ་ངེད་ཀྱི་ལུགས་ལས་འབྱུང་བ་མ་གཏོགས་བོད་སྔ་རབས་པའི་དབུ་མ་པ་སོགས་སྐལ་མེད་རྣམས་ཀྱིས་མི་རྟོགས་པས། གངས་ཅན་དུ་སྔར་བྱོན་གྱི་དབུ་མ་པ་ཞང་ཐང་སག་པ་ཆེན་པོ་ལ་སོགས་པ་དེ་དག་ཀྱང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་ཚུལ་ཁྲིམས་དང་གཏོང་བ་སོགས་ཀྱི་ཆ་ནས་སྐྱེས་བུ་དམ་པར་གྱུར་ཀྱང༌། དོན་དམ་བྱང་ཆུབ་ཀྱི་སེམས་དབུ་མའི་ལྟ་སྒོམ་ནི་རྒྱ་ནག་ཧྭ་ཤང་ལྟར་ནོར་བས་ཕྱིན་ཅད་སྐྱེས་བུ་བློ་གྲོས་ཀྱི་ནོར་ཅན་དག་ལུགས་དེའི་རྗེས་སུ་འབྲང་བར་མ་བྱེད་ཅིག བྱེད་ན་ཐར་པ་དང་ཐམས་ཅད་(༢༡༡བ)


K800_Page_434
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་ལམ་གཏན་མེད་དོ་ཞེས་ཡ་གི་ཁ་ཆེ་ནས་མ་གི་རྒྱ་ནག་ཕོ་བྲང་ཏས་ཏུ་ཡན་ཆད་དུ་དྲིལ་བསྒྲགས་ནས་དེང་སང་རི་བོ་དགེ་ལྡན་པ་རྣམས་ཙོང་ཁ་པའི་སྐུ་དྲིན་ཆེ་ཤོས་ཀྱི་རྩ་བའི་བླ་མ་རྗེ་བཙུན་རེད་མདའ་བ་ལའང་སྐུ་ཚེ་དེར་ལྟ་སྒོམ་སྔ་རབས་དབུ་མའི་ལུགས་དེ་ཙམ་ལས་དབུ་མའི་ལྟ་སྒོམ་ནོར་མེད་ཤར་ཙོང་ཁ་པ་ཆེན་པོས་རྟོགས་པ་དེ་ཐུགས་ལ་མ་འཁྲུངས་སོ་ཞེས་མོས་པར་བྱེད་ལ། དེས་ན་བོད་ཀྱི་དབུ་མ་ཐལ་འགྱུར་བ་སྔ་ཕྱིའི་ལུགས་གཉིས་པོ་དག་སྣང་མུན་ལྟར་སྲོལ་ཐ་དད་དུ་སྣང་བས་ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་རབས་རྣམས་ལ་ཐོས་བསམ་བགྱིས་ཏེ། ཕྱོགས་ལྷུང་ཞེན་ལྟ་དང་བྲལ་བར་གཟུ་བོའི་བློས་དཔྱད་ནས། གང་འཁྲུལ་པ་དང་བྲལ་བ་དེའི་རྗེས་སུ་འབྲང་བའི་དུས་ལ་བབ་ཀྱི། རང་རང་གི་རིགས་བརྒྱུད་གང་མོས་ཀྱི་ཕྱོགས་འཛིན་དང༌། ཐོག་མར་ཆོས་སྒོར་ཆུད་སྔ་ཕྱིའི་སྐྱོ་མ་སྔ་བཙན་གྱི་ཞེན་ཕྱོགས་ཙམ་དང༌། གྲུབ་མཐའ་ལ་ཞུགས་པ་མང་ཉུང་དང༌། དེང་སང་མདོ་དབུས་མངའ་རིས་ན་ཁས་བཙན་དཔའ་བརྗིད་ཕྱུག་འབྱོར་གང་ཆེ་ལ་འཁྲུལ་བྲལ་དུ་ཡིད་གདེང་བཅས་ནས་ཕྱོགས་གཅིག་པར་ཁ་ཚོན་བཅད་ན་ཕྱོགས་ལྷུང་གི་ལྟ་བར་འགྲོ་ཉེན་ཆེ་བར་གདའོ། །དེས་ན་གཞུང་འདིས་ཀྱང་རྨི་ལམ་དུ་ཁམས་བཅོ་བརྒྱད་པོ་ཐ་སྙད་དུའང་ཡོད་མཉམ་དུ་སྟོན་པ་མིན་གྱི། སད་མ་སད་ཀྱི་ཁམས་བཅོ་བརྒྱད་པོ་དོན་གནས་ལ་བདེན་རྫུན་ཁྱད་མེད་དུ་བརྫུན་མཉམ་ཁོ་ནར་བསྟན་པ་ཡིན་ནོ། །གཉིད་ཆུང་སད་པར་གྱུར་ན་རྨི་ལམ་གྱི་གསུམ་པོ་ཡོད་པ་མིན་པ་ལྟར་གཏི་མུག་མ་རིག་པའི་གཉིད་ཆེན་སད་པ་ལས་ཆོས་དབྱིངས་མངོན་དུ་གྱུར་ན་འཕྲལ་གྱི་འཁྲུལ་རྒྱུས་མ་(༢༡༢ན)


K800_Page_435
[མ་དཔེ་གཟིགས་ན་འདིར་གནོན།]

བསླད་པའི་གསུམ་པོ་དེ་རྨི་ལམ་གྱི་གསུམ་པོ་དེ་བཞིན་དུ་ཡོད་པ་མིན་ནོ། །དེས་ན་ཡུལ་མེད་རྣམ་ཤེས་ཀྱང་མི་རིགས་སོ། །གཉིས་པ་ལ། དགག་པ་དངོས་དང༌། དེའི་ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ་ལ། ཡུལ་ཤེས་བདེན་རྫུན་མཚུངས་པ་དང༌། དེ་ལྟར་མིན་ན་གཞན་གྱིས་ཀྱང་མཐོང་བར་ཐལ་བ་གཉིས། དང་པོ་ནི། དབང་པོ་རབ་རིབ་བཅས་པ་བློ་གང་གིས། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཡང་ཕྱི་རོལ་མེད་ཀྱང་རྣམ་ཤེས་ཡོད་དེ། རབ་རིབ་ཅན་གྱིས་ཡོད་པ་མིན་པའི་སྐྲ་ཤད་སོགས་དམིགས་པའི་ཕྱིར་ཞེ་ན། མི་འཐད་དེ། རྨི་ལམ་ཁོ་ན་དང་འདྲ་བའི་ཕྱིར་ཏེ། མིག་གི་དབང་པོ་རབ་རིབ་བཅས་པའི་བློ་གང་གིས་རབ་རིབ་ཀྱིས་བསླད་པའི་མཐུ་ལས་སྐྲ་ཤད་སོགས་རྣམས་གང་མཐོང་བ་དེ་བློ་འཁྲུལ་པ་དེ་ལ་བལྟོས་ནས་སྐྲ་ཤད་ཀྱི་རྣམ་པའང་སྣང་བས། ཡུལ་ཡུལ་ཅན་གཉིས་ཅར་བདེན་པ་སྟེ་རབ་རིབ་དང་བྲལ་བའི་དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན་པའི་ཕྱིར་ཏེ། ཡུལ་མེད་པའི་ཡུལ་ཅན་གྱི་ཤེས་པ་མི་འགྲུབ་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཤེས་བྱ་མེད་པར་བློ་ཡོད་ན། །སྐྲ་དེའི་ཡུལ་དང་མིག་ནི་རྗེས་འབྲེལ་བའི། །རབ་རིབ་མེད་ལའང་སྐྲ་ཤད་བློར་འགྱུར་ན། །དེ་ལྟ་མ་ཡིན་དེ་ཕྱིར་དེ་ཡོད་མིན། །མ་གྲུབ་བོ་ཞེ་ན་གྲུབ་པར་བསྟན་པ་ནི། གལ་ཏེ་ཤེས་བྱའི་ཡུལ་སྐྲ་ཤད་མེད་པར་དེར་སྣང་བའི་བློ་ཡོད་ན་སྐྲ་ཤད་དེའི་ཡུལ་དང༌། མིག་ནི་རྗེས་སུ་འབྲེལ་བའི་འཁར་གཞོང་ལ་སོགས་པའི་ཡུལ་དེར་རབ་རིབ་མེད་པའི་མིག་ཅན་གྱིས་མིག་གཏད་པ་ན་ཡང་དེ་དང་འདྲ་བར་སྐྲ་ཤད་དུ་སྣང་བའི་བློ་སྐྱེ་བར་འགྱུར་ཏེ། ཡུལ་མེད་པར་མཚུངས་པའི་ཕྱིར། དེ་ལྟར་ཐལ་བ་ལས། རབ་རིབ་མེད་པ་ལ་སྐྲ་བློ་སྐྱེ་བ་དེ་ལྟར་མ་ཡིན་པ་དེའི་ཕྱིར་ཡུལ་མེད་པའི་ཡུལ་ཅན་གྱི་ཤེས་པ་དེ་སྐྱེ་བ་ནི་ཡོད་པ་མ་ཡིན་ནོ། །གཉིས་པ་ལ། ནུས་པའི་སྒྲུབ་བྱེད་དགག་(༢༡༢བ)


K800_Page_436
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ནུས་པ་ལ་བརྟེན་ནས་གྲུབ་མཐའ་འཇོག་ཚུལ་དགག་པ་གཉིས། དང་པོ་ལ། ཉེས་སྤོང་གི་ལན་དང༌། དེ་དགག་པ་གཉིས། དང་པོ་ནི། གང་ཕྱིར་མཐོང་བ་དག་ལ་བློ་ནུས་ནི། །སྨིན་མེད་དེ་ཕྱིར་དེ་ལ་བློ་མི་འགྱུར། །ཤེས་བྱ་ཡོད་དངོས་བྲལ་བས་མིན་ཞེ་ན། །ཡུལ་ཡོད་པ་དང་མེད་པས་ཤེས་པ་སྐྱེ་བ་དང་མི་སྐྱེ་བར་ངེས་ན་དེ་ལྟར་འགྱུར་དུ་ཆུག་ཀྱང༌། སྔར་གྱི་ཤེས་པས་བཞག་པའི་བག་ཆགས་སྨིན་པ་དང་མ་སྨིན་པས་ཤེས་པ་སྐྱེ་བ་དང་མི་སྐྱེ་བའི་རྒྱུ་ཡིན་པ་གང་གི་ཕྱིར་ཤེས་པ་སྔ་མའི་སྐྲར་སྣང་གི་བག་ཆགས་ཡོངས་སུ་སྨིན་པ་ལ་སྐྲ་ཤད་མེད་ཀྱང་དེའི་རྣམ་པ་ཅན་གྱི་ཤེས་པ་སྐྱེའི། རབ་རིབ་མེད་པ་མཐོང་བ་དག་པ་ལ་ཤེས་པ་སྔ་མས་སྐྲར་སྣང་བའི་བག་ཆགས་མ་བཞག་པས་སྐྲར་སྣང་གི་བློ་སྐྱེ་བའི་ནུས་པ་ནི་སྨིན་པ་མེད་པ་དེའི་ཕྱིར་རབ་རིབ་མེད་པ་དེ་ལ་སྐྲར་སྣང་གི་བློ་མི་འབྱུང་བས་ཡུལ་ཤེས་བྱ་ཡོད་པའི་དངོས་པོ་དང་བྲལ་བས་དེ་འཛིན་གྱི་བློ་མི་སྐྱེ་བ་མིན་ཅེ་ན། གཉིས་པ་ལ། བསྟན། བཤད་གཉིས། དང་པོ་ནི། ནུས་དེ་མེད་པས་འདི་ནི་འགྲུབ་མ་ཡིན། །གལ་ཏེ་ནུས་པ་ཞེས་བྱ་བ་འགའ་ཞིག་ཡོད་ན་དེ་སྨིན་མ་སྨིན་ལས་ཤེས་པ་སྐྱེ་མི་སྐྱེར་འགྱུར་བ་ཞིག་ན། འཆད་འགྱུར་གྱི་རིགས་པས་ནུས་པ་དེ་མེད་པས་ནུས་པ་འདི་ནི་གྲུབ་པ་མ་ཡིན་ནོ། །གཉིས་པ་ལ། དུས་གསུམ་ལ་ནུས་པ་མི་སྲིད་པ་སྤྱིར་བསྟན། འདས་མ་འོངས་ལ་མི་སྲིད་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། སྐྱེས་ལ་ནུས་པ་སྲིད་པ་ཡོད་མ་ཡིན། །མ་སྐྱེས་ངོ་བོ་ལ་ཡང་ནུས་ཡོད་མིན། །ནུས་པ་ཞེས་བྱ་བ་ཞིག་ཡོད་ན་རྣམ་ཤེས་ད་ལྟ་བ་ཉིད་དང་འབྲེལ་བའི་ནུས་པ་ཅན་ཞིག་གམ། འདས་མ་འོངས་དང་འབྲེལ་བའི་ནུས་པ་ཅན་ཞིག་ཏུ་འདོད། དང་པོ་ལྟར་རོ་ཞེ་ན། རྣམ་ཤེས་སྐྱེས་པ་ད་ལྟ་བ་རང་ལ་ནུས་པ་སྲིད་པ་ཡོད་པ་མ་ཡིན་ཏེ། གང་གི་ཚེ་ནུས་པའི་རྣམ་ཤེས་ཞེས་དྲུག་པ་འབྲེལ་པ་བརྗོད་པ་(༢༡༣ན)


K800_Page_437
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ནུས་པ་རྣམ་ཤེས་ལས་གཞན་མིན་པའི་ཕྱིར་དང༌། རྣམ་ཤེས་འབྲས་བུར་གྱུར་པ་ད་ལྟ་བ་རྒྱུ་ཉིད་དུ་ཡོད་ཅེས་བྱར་མི་རིགས་པའི་ཕྱིར། གལ་ཏེ་རྣམ་ཤེས་ད་ལྟ་བ་རྒྱུ་ཡིན་ན། འབྲས་བུའི་རྣམ་ཤེས་རྒྱུ་མེད་པར་འགྱུར་ཏེ། ནུས་པ་ད་ལྟ་བ་རང་ཉིད་རྒྱུར་མི་རུང་བ་གང་ཞིག ཡང་ན་དེའི་ནུས་པ་རང་ལས་གཞན་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ནུས་པ་ད་ལྟ་བ་ཆོས་ཅན། ཁྱོད་ད་ལྟ་བར་མི་རུང་བར་ཐལ། ཁྱོད་ཀྱིས་ཁྱོད་རང་གི་རྒྱུ་བྱེད་དགོས་པའི་ཕྱིར། རྟགས་ཁས་བླངས། མ་ཁྱབ་ན་དེ་ཆོས་ཅན། ཁྱོད་ཀྱིས་ཁྱོད་བསྐྱེད་མི་དགོས་པར་ཐལ། ཁྱོད་གྲུབ་ཟིན་པའི་ཕྱིར་ཏེ། ད་ལྟ་བ་ཡིན་པའི་ཕྱིར། རྣམ་ཤེས་སྐྱེ་བའི་ནུས་པ་རྣམ་ཤེས་ད་ལྟ་བ་ལས་གཞན་མིན་ན་ཆོས་ཅན། མྱུ་གུ་སྐྱེས་པ་ན་ཡང་ས་བོན་མི་འཇིག་པར་ཐལ། རྒྱུ་འབྲས་ངོ་བོ་གཅིག་པའི་ཕྱིར། ཡང་ནུས་པ་ལས་རྣམ་ཤེས་ད་ལྟ་བ་འབྱུང་ཞེས་ལྔ་པ་འབྱུང་ཁུངས་བརྗོད་པ་ཡིན་ན། རྣམ་ཤེས་སྐྱེས་པ་ད་ལྟ་བ་ནུས་པ་ལས་འབྱུང་བ་མི་རིགས་ཏེ། ད་ལྟར་ཡོད་པ་གཞན་ལ་མ་རིག་པའི་ཕྱིར། གཉིས་པ་ལྟར་ན། འདས་མ་འོངས་ཀྱི་མི་སྐྱེ་བའི་ངོ་བོ་ལ་ཡང་ནུས་པ་ཡོད་པ་མ་ཡིན་ཏེ། རིགས་པས་གནོད་པའི་ཕྱིར། གཉིས་པ་ལ། མ་འོངས་པ་དང༌། འདས་པ་ལ་ནུས་པ་མི་འཐད་པ་གཉིས། དང་པོ་ལ། ཁྱད་པར་མེད་པའི་ཁྱད་ཅན་མི་འཐད་པ་དང༌། དེའི་ལན་དགག་པ་དང༌། བལྟོས་པས་མ་གྲུབ་པ་གསུམ། དང་པོ་ནི། ཁྱད་པར་མེད་པར་ཁྱད་པར་ཅན་ཡོད་མིན། །མོ་གཤམ་བུ་ལའང་དེ་ནི་ཡོད་པར་ཐལ། །ཡང་རྣམ་པར་ཤེས་པའི་ནུས་པ་ཞེས་རྣམ་པར་ཤེས་པ་ཁྱད་པར་ཡིན་ལ། ནུས་པ་ཁྱད་པར་གྱི་གཞི་ཡིན་པ་དེའི་ཚེ་ཁྱད་པར་འབྲས་བུ་རྣམ་ཤེས་མ་འོངས་པ་མེད་པར་དེས་ཁྱད་པར་(༢༡༣བ)


K800_Page_438
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་པ་ཅན་གྱི་ནུས་པ་དེ་ནི་ཡོད་པ་མ་ཡིན་ཏེ། ཁྱད་པར་མ་བཟུང་བར་ཁྱད་པར་གྱི་གཞིའི་བློ་མི་འཇུག་པའི་ཕྱིར། སྐྱེས་བུས་དབྱུག་པ་མ་བཟུང་བར་དབྱུག་པ་ཅན་གྱི་བློ་མི་འཇུག་པ་བཞིན་ནོ། །གལ་ཏེ་རྣམ་ཤེས་མ་སྐྱེས་པ་ལ་ནུས་པ་དེ་འདོད་ན། མོ་གཤམ་གྱི་བུ་ལའང་ནུས་པ་དེ་ནི་ཡོད་པར་ཐལ་བར་འགྱུར་ཏེ། མ་སྐྱེས་པར་མཚུངས་པའི་ཕྱིར། གཉིས་པ་ནི། གལ་ཏེ་འབྱུང་བར་འགྱུར་བས་བསྙད་འདོད་ན། །ནུས་པ་མེད་པར་འདི་ཡི་འབྱུང་འགྱུར་མེད། །གལ་ཏེ་ནུས་པ་ལས་འབྱུང་འགྱུར་གྱི་རྣམ་ཤེས་མ་འོངས་པ་ལ་བསམས་ནས་རྣམ་ཤེས་འདིའི་ནུས་པ་འདིའོ་ཞེས་འདི་ལས་འདི་འབྱུང་བར་འགྱུར་བས་ཁྱད་པར་དུ་བྱས་ནས་ཁྱད་གཞིར་བསྙད་དུ་རུང་སྟེ། དཔེར་ན། འབྲས་ཆན་ཚོས་ཤིག སྣལ་མ་འདི་ལ་རས་ཡུག་ཐོགས་ཤིག་ཅེས་སྨྲ་བ་ལྟར་འདོད་ན། དེར་ཡང་མི་རུང་སྟེ། ནུས་པ་ཡོད་ན་དེ་ལས་འབྱུང་འགྱུར་གྱི་རྣམ་ཤེས་མ་འོངས་པ་བློའི་ཡུལ་དུ་འགྱུར་བ་ཞིག་ན། རྣམ་ཤེས་མ་འོངས་པ་མེད་པས་དེས་ཁྱད་པར་དུ་བྱས་པའི་ནུས་པ་མེད་པའི་ཕྱིར། དེས་ན་མོ་གཤམ་གྱི་བུ་བཞིན་ནུས་པ་མེད་པར་རྣམ་ཤེས་འདིའི་འབྱུང་བར་འགྱུར་བ་ཡང་མེད་པ་ཡིན་ནོ། ། འདིས་ནི་འབྲས་ཆེན་ལ་སོགས་པའི་དཔེ་དག་ཀྱང་བཀག་པ་ཡིན་ནོ། །གསུམ་པ་ནི། ཕན་ཚུན་དོན་ལ་བརྟེན་པའི་འགྲུབ་པ་ནི། །འགྲུབ་མིན་ཉིད་ཅེས་དམ་པ་རྣམས་ཀྱིས་གསུངས། །ཡང་ནུས་པ་དང་རྣམ་ཤེས་ཕན་ཚུན་བརྟེན་པའི་རྒྱུ་འབྲས་ལས་གཅིག་རྒྱུ་གཅིག་གིས་ཕན་ཚུན་དུ་བྱེད་པའི་ཕྱིར་རྒྱུ་ནུས་པ་ལས་འབྲས་བུ་རྣམ་ཤེས་འབྱུང་ངོ་ཞེ་ན། འོ་ན་རྣམ་ཤེས་རང་བཞིན་གྱི་སྐྱེ་བ་དང་གྲུབ་པ་ཡོད་པ་མ་ཡིན་པ་ཉིད་དུ་འགྱུར་ཏེ། དཔེར་ན། རིང་པོ་དང་ཐུང་ངུ་དང་ཕ་རོལ་དང་ཚུ་རོལ་ལྟ་བུ་ཕན་ཚུན་དོན་ལ་བརྟེན་ནས་འཇོག་པའི་གྲུབ་པ་རྣམས་ནི་ངོ་བོ་ཉིད་ཀྱིས་གྲུབ་པ་མིན་པ་ཉིད་ཅེས་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་དུ་(༢༡༤ན)


K800_Page_439
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པའི་དམ་པ་འཕགས་པ་རྣམས་ཀྱིས་གསུངས་པའི་ཕྱིར། འཕགས་པ་ལྷས། འབྲས་བུ་མེད་པར་རྒྱུ་ཡི་ནི། །རྒྱུ་ཉིད་ཡོད་པ་མ་ཡིན་པ། །དེ་ཡི་ཕྱིར་ན་འབྲས་བུ་ཀུན། །རྒྱུ་ཉིད་དུ་ནི་ཐལ་བར་འགྱུར། །ཞེས་དང༌། བསྟན་བཅོས་ལས། གལ་ཏེ་དངོས་པོ་གང་བལྟོས་གྲུབ། །དེ་ཉིད་ལ་ཡང་བལྟོས་ནས་ནི། །བལྟོས་བྱ་གང་ཡིན་དེ་གྲུབ་ན། །གང་ལ་བལྟོས་ནས་གང་ཞིག་འགྲུབ། །ཅེས་འབྱུང་བས་ལུང་དེ་དག་གི་དོན་ནི། ནུས་པ་མ་གྲུབ་པར་རྣམ་ཤེས་འགྲུབ་པ་མིན་ཏེ། ནུས་པ་ནི་རྣམ་པར་ཤེས་པའི་རྒྱུར་ཁས་བླངས་པའི་ཕྱིར། རྣམ་པར་ཤེས་པ་མ་གྲུབ་པར་ཡང་ནུས་པ་མི་འགྲུབ་སྟེ། རྣམ་ཤེས་ཀྱི་ནུས་པ་ཞེས་ནུས་པ་རྣམ་ཤེས་ཀྱིས་ཁྱད་པར་དུ་བྱས་པ་ཡིན་པའི་ཕྱིར། དེས་ན་གཉིས་ཀ་དུས་གཅིག་ཏུ་གྲུབ་པར་བྱ་བ་ལ་ནི་གཉིས་ཀ་སྒྲུབ་བྱེད་དུ་མི་འགྱུར་བ་དང༌། གཅིག་མ་གྲུབ་ན་གཉིས་ཀ་ཡང་མི་འགྲུབ་པའི་ཕྱིར། དེ་ལྟ་བུ་གྲུབ་པའི་དངོས་པོའི་ངོ་བོ་ཉིད་ནི་གཞར་ཡང་ཡོད་པ་མ་ཡིན་ནོ། །གཞན་ཡང༌།དངོས་པོ་བལྟོས་གྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་བལྟོས། །ཅི་སྟེ་གྲུབ་པ་བལྟོས་ཞེ་ན། །དེ་ནི་བལྟོས་པར་མི་རིགས་སོ། །ཞེས་འབྱུང་བ་དེའི་དོན་ནོ། །རྣམ་ཤེས་ནུས་པ་ལ་བལྟོས་ནས་གྲུབ་ན་མ་གྲུབ་པའམ། གྲུབ་པ་ཞིག་བལྟོས། དང་པོ་ལྟར་ན། མ་གྲུབ་པའི་ཕྱིར། བོང་བུའི་རྭ་ལྟར་ནུས་པ་ལ་མི་བལྟོས་སོ། །གཉིས་པ་ལྟར་ན། གྲུབ་པའི་ཕྱིར། དེར་བལྟོས་པར་མི་རུང་ངོ། །གཉིས་པ་ལ། གཞན་ལས་གཞན་འབྱུང་ཞིང་ཧ་ཅང་ཐལ་བ་དང༌། དེའི་ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ་ནི། གལ་ཏེ་འགགས་པའི་ནུས་སྨིན་ལས་འགྱུར་ན། །གཞན་གྱི་ནུས་པ་ལས་གཞན་འབྱུང་བར་འགྱུར། །རྒྱུན་ཅན་རྣམས་དེར་ཕན་ཚུན་ཐ་དད་ཡོད། །དེ་ཕྱིར་ཐམས་ཅད་ཀུན་ལས་འབྱུང་བར་འགྱུར། །ད་ནི་འདས་པ་ལ་ནུས་པ་ཡོད་པ་མིན་ནོ། །ཞེས་སྟོན་(༢༡༤བ)


K800_Page_440
[མ་དཔེ་གཟིགས་ན་འདིར་གནོན།]

པ་གལ་ཏེ་སྐྱེས་ནས་འགག་བཞིན་པའི་རྣམ་ཤེས་ཀྱིས་འབྲས་བུའི་དོན་དུ་ཀུན་གཞི་ལ་ནུས་པའི་ཁྱད་པར་བཞག་པ་རྣམ་ཤེས་འགགས་པའི་ནུས་པ་སྨིན་པ་ལས་རྣམ་ཤེས་འབྱུང་བར་འགྱུར་རོ་ཞེ་ན། དེ་ལ་ཀུན་གཞི་ཁས་ལེན་པ་དག་ནི་ནུས་པ་ད་ལྟར་བ་ལས་འབྱུང་བར་འདོད་ལ། མི་ལེན་པའི་རྣམ་རིག་པ་དག་ནི་འདས་པའི་ནུས་པ་ལས་འབྱུང་བར་འདོད་དོ། །དེ་ལྟར་ན་རྣམ་ཤེས་གཞན་གྱི་ནུས་པ་ལས་རྣམ་ཤེས་གཞན་འབྱུང་བར་འགྱུར་ཏེ། རྣམ་པར་ཤེས་པ་སྐད་ཅིག་སྔ་ཕྱི་རྒྱུན་མ་ཆད་པར་འཇུག་པའི་རྒྱུན་ཅན་སྐད་ཅིག་སྔ་ཕྱི་རྣམས་རྒྱུན་དེར་ཕན་ཚུན་གཞན་དང་གཞན་དུ་ཐ་དད་ཅིང༌། གཞན་ཉིད་དུ་ཡོད་པར་གཞན་གྱིས་ཁས་བླངས་པའི་ཕྱིར། འདོད་ན། གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་འབྱུང་བར་འགྱུར་ན་ནི། ། འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང༌། །ཞེས་སོགས་སུ་བཀག་ཟིན་པའི་ཕྱིར། གཞན་ཉིད་དུ་ཁྱད་པར་མེད་པ་དེའི་ཕྱིར་དངོས་པོ་ཀུན་ལས་དངོས་པོ་ཐམས་ཅད་འབྱུང་བར་འགྱུར་རོ། །འདི་ནི་རྒྱུན་གྱི་སྐད་དོད་ཏནྟྲའི་བྱིངས་ཏ་ནུ་རྒྱས་པ་ལའོ། ། ཞེས་རྒྱུན་ཆགས་སུ་འབྱུང་བས་རྒྱུན་ཅན་གྱི་ཡན་ལག་གི་རྫས་སྔ་ཕྱི་སྐད་ཅིག་ཐ་དད་ལ་ཡོད་པའི་ནུས་པ་གཞན་གྱིས་འབྲས་བུ་གཞན་བསྐྱེད་པ་འགོག་པའི་དོན་ཏེ། དོན་ལ་ས་བོན་སྔ་མས་མྱུ་གུ་ཕྱི་མ་བསྐྱེད་པ་དགག་པའོ། །འདི་ལྟ་བུའི་གནད་མ་རྟོགས་པར་བོད་ཕྱི་མ་ཐལ་འགྱུར་བ་རང་ལུགས་ཀྱིས་མྱུ་གུ་ས་བོན་གྱི་དངོས་པོ་ལས་སྐྱེ་བ་འབད་ནས་སྒྲུབ་པ་ཡིན་ནོ་ཞེས་ལུགས་བཟང་པོ་ལ་བསྙོན་འདོར་བྱེད་པ་ནི་ཅི་ཞིག་ཡིན། གཉིས་པ་ལ། ཉེས་སྤོང་གི་ལན་དང༌། དེ་དགག་པ་གཉིས། དང་པོ་ནི། གལ་ཏེ་དེར་ནི་རྒྱུན་ཅན་ཐ་དད་ཀྱི། །དེ་དག་ལ་རྒྱུན་ཐ་དད་མེད་དེའི་ཕྱིར། །ཉེས་མེད་ཅེ་ན། གལ་ཏེ་རྣམ་(༢༡༥ན)


K800_Page_441
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྒྱུན་གྱི་འཇུག་པའི་སྐབས་དེར་ནི་རྒྱུན་ཅན་ཡོད་པའི་རྫས་ཀྱི་སྐད་ཅིག་སྔ་ཕྱི་རྣམས་ཕན་ཚུན་ཐ་དད་དུ་ཡོད་མོད་ཀྱི། སྐད་ཅིག་སྔ་ཕྱི་དེ་དག་ལ་རྒྱུན་གཅིག་ཁོ་ན་ལས་ཐ་དད་མེད་པ་དེའི་ཕྱིར་ཐམས་ཅད་ལས་ཐམས་ཅད་སྐྱེ་བའི་ཉེས་པ་མེད་ཅེ་ན། གཉིས་པ་ནི། འདི་ནི་བསྒྲུབ་བྱ་ཞིག །ཐ་མི་དད་རྒྱུན་སྐབས་མི་རིགས་ཕྱིར་རོ། །བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། །གཞན་ཉིད་ཕྱིར་ན་རྒྱུད་གཅིག་གཏོགས་མིན་ཏེ། །གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པ་རིགས་མ་ཡིན། །དེ་ལྟར་ཡིན་ན་ཉེས་པ་མེད་ཀྱང་དེ་མ་གྲུབ་པས་འདི་ནི་བསྒྲུབ་བྱ་ཞིག་གོ་སྟེ། ཐ་མི་དད་པའི་རྒྱུན་སྐབས་མེད་པའི་ཕྱིར་ཏེ། རྣམ་ཤེས་སྐད་ཅིག་སྔ་ཕྱིའི་རྫས་ཐ་དད་རྣམས་ལ་ཐ་མི་དད་རྒྱུན་གཅིག་རྗེས་སུ་འཇུག་པའི་གོ་སྐབས་མི་རིགས་པའི་ཕྱིར་རོ། །བྱམས་པ་དང་ཉེར་སྦས་ལྟ་བུ་གཞན་དང་གཞན་ལ་བརྟེན་པའི་ཆོས་རྣམས་ནི་གཞན་ཉིད་ཡིན་པའི་ཕྱིར་ན་རྒྱུད་གཅིག་གཏོགས་པ་མ་ཡིན་པ་བཞིན་ཏེ། རྣམ་ཤེས་སྐད་ཅིག་སྔ་ཕྱི་གང་དག་རང་གི་མཚན་ཉིད་ཀྱིས་སོ་སོ་ཐ་དད་པ་དེ་དག་རྒྱུད་གཅིག་ཏུ་གཏོགས་པར་རིགས་པ་མིན་ཏེ། གཞན་ཡིན་པའི་ཕྱིར། དེས་ན་ནུས་པ་ཡོངས་སུ་སྨིན་པ་དང་མ་སྨིན་པ་ལས་ཤེས་པ་སྐྱེ་བ་དང་མི་སྐྱེ་བ་ཡིན་ནོ་ཞེས་པ་དེས་བསལ་བ་ཡིན་ཏེ། ཤེས་བྱ་མེད་ན་ཤེས་པ་མེད་དོ་ཞེས་པ་འདི་གྲུབ་པའི་ཕྱིར་རོ། །གཉིས་པ་ལ། ཕྱོགས་སྔ་མ་དང༌། དེ་དགག་པ་གཉིས། དང་པོ་ལ། དབང་པོ་དང་ཡུལ་གྱི་རྣམ་གཞག་བསྟན་པ། ཡུལ་མེད་ཀྱང་ནུས་པ་ལས་ཤེས་པ་འབྱུང་བ། དཔེས་བསྟན་པ་གསུམ། དང་པོ་ནི། མིག་བློ་སྐྱེ་བ་རང་ནུས་གང་ཞིག་ལས། །དེ་མ་ཐག་ཏུ་ཀུན་ནས་སྐྱེ་འགྱུར་ཞིང༌། །རང་གི་རྣམ་ཤེས་རྟེན་གྱི་ནུས་དེ་ལ། །དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོགས། །རྣམ་རིག་པས་ནུས་པ་ལ་དབང་པོ་དང་ཡུལ་དུ་བཏགས་ནས་གཟུགས་སུ་གྲུབ་པའི་ཡུལ་དབང་མེད་ཀྱང་ཤེས་པ་སྐྱེ་བར་འདོད་པའི་དོན་གྲུབ་བོ་ཞེས། མིག་གི་དབང་པོའི་བློ་སྐྱེ་བར་འགྱུར་བའི་རང་གི་ནུས་པ་གང་ཞིག་རིས་མཐུན་གྱི་རྣམ་ཤེས་སྔ་མ་(༢༡༥བ)


K800_Page_442
[མ་དཔེ་གཟིགས་ན་འདིར་གནོན།]

འགག་བཞིན་པས་བཞག་པ་ཕྱི་མར་ཡོངས་སུ་སྨིན་པ་ལས་དེ་མ་ཐག་ཏུ་ཇི་ལྟར་ཡུལ་དབང་གི་བག་ཆགས་བཞག་པ་དེ་ལྟའི་རྣམ་པའི་རྗེས་སུ་བྱེད་པའི་མིག་ཤེས་ཀུན་ནས་སྐྱེ་བར་འགྱུར་ཞིང༌། རྣམ་ཤེས་དེ་སྐྱེ་བའི་ནུས་པ་བར་མ་ཆད་པ་གང་ཞིག་ལས་སྐྱེས་པའི་མིག་རང་གི་རྣམ་ཤེས་ཀྱི་རྟེན་གྱི་ནུས་པ་དེ་ལ་གཏི་མུག་གི་དབང་གིས་འཇིག་རྟེན་ན་དབང་པོ་གཟུགས་ཅན་མིག་ཅེས་རྟོགས་ཤིང་ཐ་སྙད་བྱེད་ཀྱི། རྣམ་ཤེས་ལས་ཐ་དད་པའི་མིག་རྣའི་དབང་པོ་སོགས་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། འདི་ན་དབང་པོ་ལས་བྱུང་རྣམ་པར་རིག །ཕྱི་གཟུང་མེད་པར་རང་གི་ས་བོན་ལས། །སྔོ་སོགས་སྣང་ཉིད་འབྱུང་བར་མ་རྟོགས་ནས། །སྐྱེ་བོས་ཕྱི་རོལ་བཟུང་བར་སེམས་ཁས་ལེན། །རྣམ་ཤེས་ལས་ཐ་དད་པའི་དབང་པོ་མེད་ཅིང་ཡུལ་ཡང་ཤེས་པ་ལས་ཐ་མི་དད་དོ་ཞེས་སྟོན་པ་ནི། འདི་ན་བན་དྷུ་ཀ་དང་ཀིང་ཤུ་ཀ་སོགས་དམར་པོའི་རྣམ་པ་ཅན་དུ་སྐྱེ་བ་ནི་བསྒྱུར་ཤེལ་བཞིན་ཕྱི་རོལ་གྱི་ཚོན་གྱིས་བསྒྱུར་བ་ལ་མི་བལྟོས་པར་རང་རྒྱུད་དམར་པོའི་རྣམ་པ་ཅན་དུ་སྐྱེ་བ་བཞིན། མིག་སོགས་ཀྱི་དབང་པོ་ལས་བྱུང་བའི་རྣམ་པར་རིག་པ་རྣམས་སྔོ་སོགས་ཕྱི་རོལ་གྱི་གཟུང་བ་ལ་བལྟོས་པ་མེད་པར་ཐོག་མེད་ནས་བརྒྱུད་དེ་འོངས་པའི་རང་གི་ས་བོན་གྱིས་འཕངས་པའི་ནུས་པ་དང་རྗེས་སུ་འབྲེལ་བ་ལས་སྔོ་སོགས་ཡུལ་དུ་སྣང་བ་ཉིད་འབྱུང་བར་མ་རྟོགས་ནས་འཇིག་རྟེན་གྱི་སྐྱེ་བོས་ཤེས་པ་ལ་སྣང་བ་ཕྱི་རོལ་གྱི་བཟུང་བར་སེམས་ཤིང་ཁས་ལེན་པར་བྱེད་དེ། དཔེར་ན། མཚོ་ཤིན་ཏུ་དྭངས་པའི་མཐར་སྐྱེས་པའི་ཤིང་གི་ཡལ་ག་ལ་བཏགས་པའི་ནོར་བུའི་གཟུགས་བརྙན་ཆུ་ནང་དུ་ཤར་བའི་ཕྱི་རོལ་གྱི་ནོར་བུ་ལྟར་དམིགས་ཀྱང་ཡོད་པ་མ་ཡིན་པ་བཞིན་དུ་རྣམ་པར་ཤེས་པ་ལ་དོན་གྱི་གཟུགས་བརྙན་ཤར་ཡང་རྣམ་ཤེས་ལས་ཐ་དད་དུ་ཡོད་པ་མ་ཡིན་ནོ། །དེས་ན་སེམས་ཙམ་པས་བཅོམ་ལྡན་(༢༡༦ན)


K800_Page_443
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་གཟུགས་སོགས་ཕྱི་དོན་གསུངས་པ་ཐམས་ཅད་དྲང་དོན་ཡིན་པ་དང༌། ངེས་དོན་གཟུགས་སོགས་སུ་ཞེན་པའི་བག་ཆགས་ཀྱི་ནུས་པ་སྨིན་པས་མར་མེ་ལས་འོད་འབྱུང་བ་ལྟར་ཤེས་པ་ཉིད་ཕྱི་རོལ་གྱི་དབང་ཡུལ་གྱི་རྣམ་པར་ཤར་བ་དབང་ཡུལ་གྱི་སྐྱེ་མཆེད་དུ་འདོད་པས་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་གསུངས་པ་དང་མི་འགལ་ཞིང༌། ནང་དང་ཕྱི་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་ཡང་དེ་ཡིན་ལ། དེས་ན་གཟུགས་སོགས་འགོག་པ་ནི་ཕྱི་རོལ་ཀུན་ཏུ་བཏགས་པའི་གཟུགས་སོགས་འགོག་པ་ཡིན་གྱི། རྣམ་བཏགས་དང་ཆོས་ཉིད་ཀྱི་གཟུགས་སོགས་ནི་མ་ཡིན་ཏེ། མདོ་ལས་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཀུན་བཏགས་དང༌། རྣམ་བཏགས་དང༌། ཆོས་ཉིད་ཀྱི་གཟུགས་གསུམ་གསུངས་པའི་ཕྱིར་རོ་སྙམ་དུ་བསམ་པའོ། །གསུམ་པ་ནི། རྨི་ལམ་ན་ནི་གཟུགས་དོན་གཞན་མེད་པར། །རང་ནུས་སྨིན་ལས་དེ་ཡི་རྣམ་ཅན་སེམས། །འབྱུང་བ་ཇི་ལྟ་དེ་བཞིན་སད་ལའང་འདིར། །ཕྱི་རོལ་མེད་པར་ཡིད་ནི་ཡོད་ཅེ་ན། །འདིར་སད་པའི་གནས་སྐབས་ལའང་ཕྱི་རོལ་མེད་པ་ཡིད་ཀྱི་རྣམ་ཤེས་ནི་ཡོད་པ་ཡིན་ཏེ། དཔེར་ན། རྨི་ལམ་ན་ནི་གཟུགས་སོགས་དོན་གཞན་མེད་པར་རང་དང་རྗེས་སུ་མཐུན་པའི་ནུས་པ་སྨིན་པ་ལས། གཟུགས་སོགས་ཡུལ་དེའི་རྣམ་པ་ཅན་གྱི་ཡིད་ཀྱི་སེམས་འབྱུང་བ་ཇི་ལྟ་བ་དེ་བཞིན་ནོ་ཞེ་ན། གཉིས་པ་ལ། གནོད་བྱེད་ཡོད་པ་དང༌། སྒྲུབ་བྱེད་མེད་པ་གཉིས། དང་པོ་ལ། ནུས་པ་ལས་རྣམ་ཤེས་སྐྱེ་ན་ལོང་བ་ལ་མིག་ཤེས་སྐྱེ་བར་ཐལ་བ་དང༌། རྨི་ལམ་ན་ཡུལ་དབང་ཡོད་མེད་མཚུངས་པ་གཉིས། དང་པོ་ནི། ཇི་ལྟར་མིག་མེད་པར་ནི་རྨི་ལམ་དུ། །སྔོ་སོགས་སྣང་བའི་ཡིད་སེམས་འབྱུང་དེ་ལྟར། །མིག་དབང་མེད་པར་རང་གི་ས་བོན་ནི། །སྨིན་ལས་ལོང་བ་ལ་འདིར་ཅིས་མི་སྐྱེ། །ཇི་ལྟར་མིག་དང་གཟུགས་མེད་པར་ནི་རྨི་ལམ་དུ་རང་གི་བག་ཆགས་སྨིན་པ་ལས། སྔོ་སོགས་ཡུལ་དུ་སྣང་བའི་ཡིད་ཀྱི་སེམས་མིག་ཤེས་དང༌། རྗེས་སུ་མཐུན་པ་འབྱུང་ན་ཆོས་ཅན། དེ་ལྟར་(༢༡༦བ)


K800_Page_444
[མ་དཔེ་གཟིགས་ན་འདིར་གནོན།]

སད་སྐབས་ཀྱི་ལོང་བ་ལ་ཡང་མ་ལོང་བ་ལྟར། རང་གི་ས་བོན་ནི་སྨིན་པ་ལས་སད་སྐབས་འདིར་རྣམ་པ་དེ་ལྟའི་སྔོན་པོ་འཛིན་པའི་ཡིད་སེམས་ཅིས་མི་སྐྱེ་སྟེ་སྐྱེ་བར་ཐལ། གཉིད་ལོག་པ་དང་ལོང་བ་གཉིས་ཀ་ཡང་མིག་དབང་མེད་པར་འདྲ་བའི་ཕྱིར། གཉིས་པ་ལ། དཔྱད་ན་རྨི་ལམ་དུ་ནུས་པ་མི་འཐད། མ་དཔྱད་ན་མིག་ཀྱང་ཡོད་པ་གཉིས། དང་པོ་ལ། ནུས་པའི་ངོ་བོ་དང༌། རྒྱུ་མི་འཐད་པ་གཉིས། དང་པོ་ནི། གལ་ཏེ་ཁྱོད་ལྟར་རྨི་ལམ་དྲུག་པ་ཡི། །ནུས་པ་སྨིན་ཡོད་སད་པར་མེད་གྱུར་ན། །དྲུག་པའི་ནུས་སྨིན་ཇི་ལྟར་འདིར་མེད་པ། །དེ་ལྟར་རྨི་ཚེ་མེད་ཅེས་ཅིས་མི་རིགས། །ཅི་སྔོན་པོའི་རྣམ་པ་དེ་ལྟ་བུའི་ཡིད་ཤེས་ཀྱི་རྒྱུ་ནི་ཕྱི་དོན་གྱི་དབང་ཡུལ་མེད་ཀྱང་ཡོད་དེ། ནུས་པ་སྨིན་པ་ལས་དེ་ལྟའི་ཡིད་ཤེས་འབྱུང་བའི་ཕྱིར། དེའང་གཉིད་རྐྱེན་གྱིས་རྨི་ལམ་ཁོ་ན་ལ་ཡོད་ཀྱི། སད་པ་ལ་ནི་མ་ཡིན་ནོ་སྙམ་ན་མི་འཐད་དོ་ཞེས། གལ་ཏེ་ཁྱོད་ཀྱི་ལྟར་རྨི་ལམ་ན་རྣམ་པ་དེ་ལྟའི་དྲུག་པའི་ཤེས་པ་ནུས་པ་སྨིན་པ་ཡོད་ལ། སད་པར་གྱུར་པ་ན་མེད་པས་ཇི་སྐད་བཤད་པའི་ཉེས་པར་མི་འགྱུར་ན། ངེད་ཀྱི་ལྟར་ན་འདི་ལྟར་རྗོད་པར་བྱེད་དེ། རྨི་ལམ་གྱི་ཚེ་དེ་ལྟའི་རྣམ་ལྡན་གྱི་ཤེས་པ་ཡང་མེད་ཅེས་ཅིས་མི་རིགས་ཏེ་རིགས་པར་ཐལ། དྲུག་པའི་ནུས་པ་སྨིན་པ་ཇི་ལྟར་སད་སྐབས་འདིར་ལོང་བ་ལ་མེད་པ་དེ་ལྟ་བར་མཚུངས་པའི་ཕྱིར། གཉིས་པ་ནི། ཇི་ལྟར་མིག་མེད་འདི་ཡི་རྒྱུ་མིན་ལྟར། །རྨི་ལམ་དུ་ཡང་གཉིད་ནི་རྒྱུ་མ་ཡིན། །སད་པའི་གནས་སྐབས་སུ་ཇི་ལྟར་མིག་མེད་པ་ལོང་བ་འདིའི་རྒྱུད་ལ་སྔོ་སོགས་སྣང་བའི་ཡིད་ཤེས་ཀྱི་ནུས་པ་སྨིན་པའི་རྒྱུ་མིན་པ་ལྟར་རྨི་ལམ་དུ་ཡང་གཉིད་ནི་ཡིད་ཤེས་ཀྱི་ནུས་པ་སྨིན་པའི་རྒྱུ་མ་ཡིན་ཏེ། དེ་གཉིས་ཀར་མིག་མེད་པར་མཚུངས་པའི་ཕྱིར། གཉིས་པ་ནི། དེ་ཕྱིར་རྨི་ལམ་དུ་ཡང་དེ་དངོས་མིག །བརྫུན་པའི་ཡུལ་ཅན་རྟོགས་པའི་རྒྱུར་ཁས་བླང༌། །བཤད་མ་ཐག་པ་དེ་ལྟར་ཡིན་པ་དེའི་ཕྱིར་རྨི་ལམ་དུའང་དེ་ལྟ་བུའི་ཡུལ་ཅན་གྱི་ཤེས་པའི་དངོས་(༢༡༧ན)


K800_Page_445
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བརྫུན་པའི་མིག་དང༌། རྣམ་ཤེས་དེའི་རྟེན་གྱི་བརྫུན་པའི་ཡུལ་ཅན་གྱི་དབང་པོ་ནི་ཡུལ་རྟོགས་པའི་རྒྱུར་ཁས་བླང་བར་བྱ་སྟེ། མིག་སོགས་དབང་པོ་མེད་པར་ཡུལ་གཟུགས་སྒྲ་སོགས་རྟོགས་པ་མ་མཐོང་བའི་ཕྱིར། གཉིས་པ་ལ། རིགས་པ་དང༌། ལུང་གི་སྒྲུབ་བྱེད་མེད་པ་གཉིས། དང་པོ་ནི། འདི་ཡིས་ལན་ནི་གང་དང་གང་བཏབ་པ། །དེ་དང་དེ་ནི་དམ་བཅའ་མཚུངས་མཐོང་བས། །རྩོད་འདི་སེལ་བྱེད། དབུ་མ་པས་སད་པའི་གནས་སྐབས་ཀྱི་ཡུལ་དབང་རྣམ་ཤེས་གསུམ་ནི་རང་བཞིན་གྱིས་སྟོང་པ་ཡིན་ཏེ། དམིགས་པའི་ཕྱིར། རྨི་ལམ་བཞིན་ནོ། །ཞེས་བསྟན་པ་ལ། ཕ་རོལ་པོས་སད་པའི་རྣམ་ཤེས་ནི་དོན་གྱིས་སྟོང་པ་ཡིན་ཏེ། རྣམ་ཤེས་ཡིན་པའི་ཕྱིར། རྨི་ལམ་གྱི་རྣམ་ཤེས་བཞིན་ནོ། །ཞེས་དང༌། སད་པའི་གནས་སྐབས་སུ་དམིགས་པའི་ཡུལ་ནི་བརྫུན་པའི་རང་བཞིན་ཅན་ཡིན་ཏེ། ཡུལ་ཡིན་པའི་ཕྱིར། རྨི་ལམ་གྱི་ཡུལ་བཞིན་ནོ། །ཞེས་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་ནི་གཞན་དབང་མེད་ན་ཡོད་པ་མ་ཡིན་ཏེ། རྟེན་མེད་པའི་ཕྱིར། རུས་སྦལ་གྱི་སྤུའི་གོས་བཞིན་ནོ། །དེ་བཞིན་དུ་རབ་རིབ་ཀྱི་དཔེ་ལ་སྦྱར་བ་སོགས་རྣམ་ཤེས་སྨྲ་བ་འདི་ཡིས་ལན་ནི་གང་དང་གང་བཏབ་པ་དེ་དང་དེ་ནི་མཁས་པ་དབུ་མ་པ་དག་གིས་དམ་བཅའ་དང་མཚུངས་པར་སྒྲུབ་བྱེད་ལ་ནུས་པ་མེད་པར་མཐོང་བས་དོན་མེད་ཅིང་རྣམ་ཤེས་ཡོད་པར་སྨྲ་བའི་རྩོད་པ་འདི་ཐམས་ཅད་སེལ་བར་བྱེད་དེ། རྨི་ལམ་དང་རབ་རིབ་ཅན་སོགས་ཀྱི་ཤེས་པ་ལ་བལྟོས་ན་དོན་གྱིས་སྟོང་པ་དང༌། ཡུལ་བརྫུན་པའི་རང་བཞིན་ཅན་དུ་བསྒྲུབ་མི་ནུས་ལ། མ་འཁྲུལ་པའི་ཤེས་པ་ལ་བལྟོས་ནས་རྣམ་པར་ཤེས་པ་ཡིན་པ་དང༌། གཞན་དབང་སོགས་ཀྱང་བསྒྲུབ་བྱ་དང་མཚུངས་པའི་ཕྱིར། གཉིས་(༢༡༧བ)


K800_Page_446
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སངས་རྒྱས་རྣམས་ཀྱིས་ནི། །འགར་ཡང་དངོས་པོ་ཡོད་ཅེས་མ་བསྟན་ཏོ། །རྣམ་ཤེས་བདེན་མེད་དུ་སྒྲུབ་པ་ལ་ལུང་གི་གནོད་པ་མེད་དེ། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་ཕུང་ཁམས་སྐྱེ་མཆེད་སོགས་ཡུལ་དུས་གནས་སྐབས་འགའ་ཡང་དངོས་པོ་ཡོད་ཅེས་མ་བསྟན་པའི་ཕྱིར་ཏེ། ལང་གཤེགས་ལས། སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱིས་དངོས་པོ་མེད། །བཏགས་པའི་དངོས་པོའི་ངོ་བོ་ནི། །རྟོག་གེ་པ་དག་རྟོག་པར་འགྱུར། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་འདི་དག་བཏགས། །ཞེས་གསུངས་སོ། །སེམས་ཙམ་པ་དག་མཚན་ཉིད་གསུམ་ལས། གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ཀྱི་སྒོ་ནས་གཞན་དབང་གི་དངོས་པོའི་ངོ་བོ་ཉིད་སྟོང་པ་ཉིད་དུ་སྨྲ་བ་ནི་སྟོང་པ་ཉིད་འཁྲུལ་པ་མེད་པར་སྨྲ་བ་མིན་ཏེ། བློ་གྲོས་ཆེན་པོ་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་སྟོང་པ་ཉིད་ཐམས་ཅད་ཀྱི་ཐ་ཤལ་ཡིན་ནོ། །དེ་ནི་ཁྱོད་ཀྱིས་སྤང་བར་བྱའོ། །ཞེས་གསུངས་པའི་ཕྱིར། དེའི་དོན་འདིར་འགྱུར་ཏེ། བ་ལང་ཆོས་ཅན། ཁྱོད་ཡོད་པ་མ་ཡིན་ཏེ། རྟ་མ་ཡིན་པའི་ཕྱིར། ཞེས་བརྗོད་པ་ནི་མི་འཐད་དེ། བ་ལང་རྟས་སྟོང་ཡང་རང་གི་བདག་ཉིད་ཀྱིས་མི་སྟོང་པས་ཆོས་དེ་སྟོང་པ་ཉིད་མ་ཡིན་པར་ལུས་པའི་ཕྱིར་ཞེས་རྒྱས་པར་ཡབ་སྲས་མཇལ་བའི་མདོར་ཆོས་ཅན་དབང་པོའི་དབྱེ་བ་དང༌། དེ་རང་གི་དངོས་པོ་ངོ་བོ་ཉིད་སྟོང་པའི་ཚུལ་འགྲེལ་པ་ལས་ཤེས་སོ། །གསུམ་པ་ལ། གསུམ་ཆར་སྐྱེ་བ་མེད་པ་དང༌། མིན་ན་གནོད་བྱེད་བརྗོད་པ་གཉིས། དང་པོ་ནི། རྣལ་འབྱོར་པ་ཡིས་བླ་མའི་མན་ངག་ལས། །ཀེང་རུས་ཀྱིས་གང་ས་གཞི་མཐོང་བ་གང༌། །དེར་ཡང་གསུམ་ཆར་སྐྱེ་བ་མེད་པར་མཐོང༌། །ལོག་པ་ཡིད་ལ་བྱེད་པ་བསྟན་ཕྱིར་རོ། །གལ་ཏེ་ཡུལ་མེད་པར་ཤེས་པ་ཡོད་པ་མ་ཡིན་ན། རྣལ་འབྱོར་པ་ཡིས་བླ་མའི་མན་ངག་(༢༡༨ན)


K800_Page_447
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་མི་སྡུག་པ་སྒོམ་པ་ན། རྒྱ་མཚོའི་མཐར་ཁྱབ་པའི་ས་གཞི་ཀེང་རུས་ཀྱིས་གང་བར་མཐོང་བ་དེ་གང་ཞེ་ན། དེར་ཡང་རྐྱེན་དབང་གིས་དེར་སྣང་ཙམ་ལས་ཡུལ་དབང་རྣམ་ཤེས་གསུམ་ཆར་སྐྱེ་བ་མེད་པར་མཐོང་བ་ཡིན་ཏེ། ཏིང་ངེ་འཛིན་དེ་ནི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་མཐུས་མིན་གྱི། ལོག་པ་ཡིད་ལ་བྱེད་པའི་མཐུས་ཡིན་པ་ལུང་ནས་བསྟན་པའི་ཕྱིར་རོ། །གཉིས་པ་ནི། ཁྱོད་ཀྱི་དབང་བློའི་ཡུལ་རྣམས་ཇི་ལྟ་བ། །དེ་ལྟར་མི་སྡུག་ཡིད་ཀྱི་ཡང་འགྱུར་ན། །དེ་བཞིན་ཡུལ་དེར་བློ་གཏད་ཅིག་ཤོས་ཀྱིས། །རྟོགས་འགྱུར་དེ་ནི་བརྫུན་པར་ཡང་མི་འགྱུར། །རྣལ་འབྱོར་པས་མཐོང་བ་དེ་བཞིན་དུ་ཡུལ་དེར་ཀེང་རུས་སོགས་བལྟ་བར་འདོད་པའི་བློ་གཏད་པ་གཅིག་ཤོས་རྣལ་འབྱོར་པ་མིན་པ་རྣམས་ཀྱིས་ཀྱང་རྟོགས་པར་འགྱུར་བར་ཐལ། ཀེང་རུས་སོགས་མི་སྡུག་པ་སྒོམ་པའི་ཡིད་ཀྱི་ཡུལ་ཡང་བདེན་པར་འགྱུར་ན་དེ་ཉིད་ཀྱི་ཕྱིར། དཔེ་ཇི་ལྟར་ཁྱོད་ཀྱི་དབང་བློའི་ཡུལ་བུམ་པ་ལྟ་བུ་ལ་བལྟ་བ་ན་ཡུལ་དེར་མིག་གཏད་པ་རྣམས་ལས་གཅིག་ལ་མིག་ཤེས་དེའི་རྣམ་ལྡན་དུ་སྐྱེ་བ་ལྟར་གཞན་དག་ལ་ཡང་སྐྱེ་བ་ཇི་ལྟ་བ་དེ་ལྟ་བ་བཞིན་ནོ། །འདོད་ན། འདོད་པ་དེའི་ཕྱིར། ཏིང་ངེ་འཛིན་དེ་ནི་བརྫུན་པ་དེ་ཁོ་ན་ཉིད་མ་ཡིན་པ་ཡིད་ལ་བྱེད་པར་ཡང་མི་འགྱུར་རོ། །བཞི་པ་ནི། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ། །ཆུ་འབབ་རླུང་ལ་ཡི་དྭགས་རྣག་བློ་ཡང༌། །རབ་རིབ་དང་ལྡན་པའི་དབང་པོ་ཅན་ལ་འཁྲུལ་ངོར་ཡུལ་ཤེས་གཉིས་ཀ་ཡོད་པ་ལྟར་སྣང་ལ། མ་འཁྲུལ་བའི་ངོར་གཉིས་ཀ་ཡོད་པ་ལྟར་མི་སྣང་ཞེས་བཤད་པ་དང་མཚུངས་པར་གངྒཱ་སོགས་ཆུ་འབབ་ཀླུང་ལ་ཡི་དྭགས་རྣམས་ལ་རྣག་ཏུ་སྣང་བའི་བློ་ཡང་ལས་དབང་གིས་བསླད་པའི་འཁྲུལ་ངོར་རྣག་ཏུ་སྣང་བའི་ཡུལ་ཤེས་གཉིས་ཀ་ཡོད་པ་ལྟར་སྣང་ལ། མ་འཁྲུལ་བ་སྟེ་མ་བསླད་པའི་ངོར་གཉིས་ཀ་ཡོད་པ་ལྟར་མི་སྣང་ངོ༌། །འདིས་ནི་རྡོ་ཤིང་དང་མིག་སོགས་ལ་སྔགས་ཀྱི་རྐྱེན་(༢༡༨བ)


K800_Page_448
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསླད་པ་ལས་སྒྱུ་མའི་རྟ་གླང་གི་སྣང་བ་སོགས་རྐྱེན་ལས་སྐྱེས་པའི་ཆོས་ཐམས་ཅད་ལ་མཚོན་ཏེ། རྐྱེན་གང་གིས་འདུས་བྱས་པའམ་བསླད་པ་ན་དེར་བལྟོས་ཀྱི་དེའི་སྣང་བ་ཡུལ་ཤེས་གཉིས་ཀ་འབྱུང་ཡང་རྐྱེན་དེས་འདུས་བྱས་པའི་བསླད་པ་དང་བྲལ་བ་ན། དེར་བལྟོས་ཀྱི་དེའི་སྣང་བ་ཡུལ་ཤེས་གཉིས་ཀའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ནས་དམིགས་པ་མེད་པའི་ཕྱིར། དེས་ན་ཡུམ་ལས། དེ་བཞིན་གཤེགས་པ་ལས་ལྷག་པའི་ཆོས་ཤིག་ཡོད་ནའང་སྒྱུ་མ་དང་རྨི་ལམ་ལྟ་བུའོ། །ཞེས་གསུངས་སོ། །མདོར་ན་ཆུ་འབབ་ཀྱི་ཀླུང་ལ་རྣག་བློ་སྐྱེ་ཞེས་སྨོས་པའང་མི་དང་ཡི་དྭགས་ཀྱི་གང་ཟག་གཉིས་ཕན་ཚུན་དམིགས་རུང་ལྷན་ཅིག་འཁོད་པ་གཉིས་ཀའི་མདུན་གཏན་སྒྲིབ་ཐོགས་དང་བྲལ་བ་ཞིག་ཏུ་ཡི་དྭགས་ལ་རྣག་ཀླུང་དང་མི་ལ་ཆུ་ཀླུང་གཉིས་ཀྱི་བློ་ཞིག་བྱུང་ཡང་མིའི་ཆུ་འབབ་ཀླུང་ལ་ཡི་དྭགས་ཀྱི་རྣག་བློར་སྣང་བ་ཡང་མིན་ལ། ཡི་དྭགས་ཀྱི་རྣག་འབབ་ཀླུང་ལ་མིའི་ཆུ་བློར་སྣང་བ་ཡང་མིན་ཏེ། དེར་སྣང་གཞིའི་དངོས་པོ་རང་བདེན་པ་གཅིག་རྐྱེན་རང་བདེན་པ་དུ་མས་གང་ཟག་ཐ་དད་པའི་ངོར་དངོས་པོ་རང་བདེན་པ་དུ་མར་འགྱུར་བའི་དངོས་པོ་སོ་སོ་ཐ་དད་པ་རང་གི་དོན་བྱེད་ནུས་ཅན་དུ་གྲུབ་པ་མ་ཡིན་པའི་ཕྱིར་ཏེ། མི་ལ་སྣང་བའི་ཆུ་འབབ་ཀླུང་དེ་ཆུ་འབབ་ཀླུང་གི་རང་བཞིན་དང་ངོ་བོར་མ་གྲུབ་ན་ཁྱད་གཞི་མེད་པས་ཡི་དྭགས་ཀྱིས་དེ་ཉིད་ལ་དེར་སྔར་ཡོད་དམ་མེད་ཀྱང་གསར་དུ་སྐྱེས་པའི་རྣག་ཀླུང་ཁྱད་ཆོས་སུ་དམིགས་སྲིད་པ་མིན་པའི་ཕྱིར། དེས་ན་གང་དངོས་པོར་འདུ་བྱ་བའི་གཞི་དངོས་པོ་བ་ཞིག་ཡུལ་གང་ནའང་མེད་ཀྱང་གང་ཟག་ཐ་དད་པས་ཡུལ་གང་དུ་དངོས་པོ་འགལ་བའི་ཆོས་(༢༡༩ན)


K800_Page_449
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་པ་དམིགས་སུ་རུང་བ་ཡིན་ཏེ། རྡུལ་ཕྲ་རབ་ཀྱི་གོ་སར་ཡང་ལས་ཀྱི་མཐུས་འགྲོ་བའི་རིས་ཐ་དད་ལ་འཇིག་རྟེན་གྱི་ཁམས་དཔག་ཚད་ས་ཡ་དུ་མ་ཡོད་པའི་སྣང་བ་དཔག་ཏུ་མེད་པ་འཆར་རུང་བ་མདོ་དེ་དག་ནས་བཤད་ཅིང༌། དེའང་རང་རེ་ཚུར་མཐོང་གིས་དེའི་ཚུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། ཀུན་རྫོབ་ཏུའང་ལས་རྒྱུ་འབྲས་དང་ནོར་བུ་དང་རིག་སྔགས་ཀྱི་མཐུ་ནུས་སོགས་བསམ་གྱིས་མི་ཁྱབ་པའི་གནས་སུ་བཤད་པའི་ཕྱིར། དེ་ལྟར་མིན་པར་འཇམ་པའི་དབྱངས་ཀྱིས་ཙོང་ཁ་པ་ཆེན་པོ་ལ་གདམས་པ་ལྟར་ཆུ་འབབ་པའི་ཀླུང་དུ་ཁྲོ་ཆུ་འབབ་པའི་ཀླུང་དང༌། རྣག་འབབ་པའི་ཀླུང་སོགས་དངོས་པོ་གསར་སྐྱེ་འགྲོ་བ་ཕན་ཚུན་ལ་སྒྲིབ་ཀྱང་འགྲོ་བ་རང་རང་ལ་མི་སྒྲིབ་པར་དོན་བྱེད་པ་ཅན་གྱི་དངོས་པོ་རང་བདེན་པར་ཡོད་ཅེས་སྨྲ་དགོས་པར་འགྱུར་ན། དེ་ནི་སྔར་རྒྱ་བོད་དུ་བྱོན་པའི་དབུ་མར་སྨྲ་བ་དེ་དག་གི་ལུགས་ལྟར་ན་མི་འཐད་དེ། ཆོས་ཐམས་ཅད་ལ་དངོས་པོར་ཡོད་དོ་ཞེས་སྒྲོ་འདོགས་པ་དང༌། དེར་མེད་དོ་ཞེས་སྐུར་པ་འདེབས་པ་གཉིས་ཀ་སེལ་བའི་དབུ་མར་སྨྲ་བ་ན། འགྲོ་བ་རིགས་དྲུག་གིས་མཐོང་བའི་ཀུན་རྫོབ་བསླུ་མེད་རང་བདེན་པ་ལྟར་སྣང་བ་འདི་རང་རང་གི་བློ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ངོར་ཚད་གྲུབ་ཏུ་ཡོད་པ་ལྟར་སྣང་བ་ལྟར་མ་གྲུབ་པའི་ཕྱིར་དང༌། བསླུ་བ་དང་བརྫུན་པའི་ཕྱིར་དང༌། རང་རང་གི་བློ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ངོར་ཚད་མས་གྲུབ་པར་ཡོད་པ་དེ་ཡོད་པས་ཡོད་གོ་མི་ཆོད་ཅིང༌། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་བློ་ཡང་ཚད་མར་མི་འགྲུབ་པའི་ཕྱིར་ཏེ། ཕུགས་ཀྱི་འཁྲུལ་རྒྱུས་བསླད་པའི་ཚད་(༢༡༩བ)


K800_Page_450
[མ་དཔེ་གཟིགས་ན་འདིར་གནོན།]

མིན་གྱི་ཤེས་པ་ཡིན་པའི་ཕྱིར། རྐྱེན་གྱིས་བསླད་ངོའི་འཁྲུལ་པ་ལ་ཀུན་རྫོབ་པའི་ཡུལ་ཤེས་ཀྱི་མཚན་མ་ཐམས་ཅད་བཏགས་བཞག་ཙམ་ལས་དེ་ལྟ་བུའི་དངོས་པོ་དོན་བྱེད་པ་ཅན་དུ་གྲུབ་པ་ནི། ཀུན་རྫོབ་དངོས་ཆོས་དེའི་བདེན་པ་གཉིས་ཀའི་གནས་དོན་ལ་འཕགས་པ་དག་མཉམ་པར་གཞག་པ་ན་འགའ་ཡང་མ་གཟིགས་པའི་ཕྱིར་ཞེས་རྒྱ་ཆེར་བཤད་ལ། དེས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཐ་སྙད་ཚད་གྲུབ་ཀྱི་དངོས་པོའི་རང་བཞིན་མེད་པར་མཉམ་པ་ཉིད་དུ་སྟོང་པ་ཉིད་ལས་གཞན་ཡང་གཡོ་བ་མེད་དེ། འཁོར་བ་འགྲོ་བ་རིགས་དྲུག་གི་ཤེས་པ་ཡུལ་བཅས་གང་ཟག་དང་བཅས་པ་རང་བཞིན་གྱིས་མ་གྲུབ་ན། དེ་ལས་འདས་པའི་མི་གནས་མྱང་འདས་ཀྱི་ཤེས་པ་ཡུལ་བཅས་གང་ཟག་དང་བཅས་པ་རང་བཞིན་གྱིས་གྲུབ་པ་ག་ལ་བཟོད་དུ་རུང་བའི་ཕྱིར། དཔེར་ན། རྨི་ལམ་དུ་ཆུ་ཀླུང་ཆེན་པོ་བརྒལ་ནས་ཕ་རོལ་གྱི་འགྲམ་དུ་ཕྱིན་པ་རྨི་བ་ན། ཕ་རོལ་གྱི་འགྲམ་དུ་ཕྱིན་མི་སྲིད་དེ། དེར་ཆུ་ཀླུང་ཉིད་ཀྱང་ཡོད་པ་མ་ཡིན་པ་དེ་བཞིན་ནོ། །དེས་ན་ཇི་སྐད་དུ། དེ་བཞིན་གཤེགས་པ་ཡང་སྒྱུ་མ་དང་རྨི་ལམ་ལྟ་བུ་དང༌། དེ་ལས་ལྷག་པའི་ཆོས་ཡོད་ཀྱང་སྒྱུ་མ་དང་རྨི་ལམ་ལྟ་བུའོ། །ཞེས་དཔེར་བཟུང་ནས་དོན་ལ་སྦྱོར་བ་ན། འཁོར་འདས་དང་སངས་རྒྱས་དང་སེམས་ཅན་གྱི་རྒྱུད་བསྡུས་ཀྱི་དངོས་པོ་ཐམས་ཅད་ཁོ་ཁོ་རང་གིས་དབེན་ཞིང་མ་གྲུབ་པར་མཉམ་ཉིད་སྦྱོར་བ་ཡིན་ཏེ། སྒྱུ་མའི་རྟ་ཁོ་སྒྱུ་མའི་རྟ་ཁོ་རང་གིས་དབེན་ནས་དེར་ཡོད་པ་མ་ཡིན་པ་ལྟར་རོ་ཞེས་བརྗོད་པར་མཛད་པའི་ཕྱིར། དེ་ལས་ཁྱེད་ལྟར་ན་རྡེའུ་ཤིང་བུ་ལ་སྔགས་ཀྱིས་བསླད་པ་ན་སྒྱུ་མའི་རྟ་དོན་(༢༢༠ན)


K800_Page_451
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཅན་གྱི་དངོས་པོ་རང་བདེན་པ་ཞིག་གསར་དུ་སྐྱེའོ་ཞེས་སྨྲ་དགོས་པར་འགྱུར་བས་འདི་ལྟ་བུ་ནི་སྔོན་ཆད་གྲགས་པའི་དབུ་མའི་ལུགས་མ་ཡིན་ལ། དེས་ན་འཁོར་བའི་དངོས་ཆོས་ཀྱང་གདོད་ནས་དེར་མ་གྲུབ་པ་ལ་རང་བཞིན་མྱང་འདས་སོ་ཞེས་འཇོག་ཅིང༌། དེ་ལྟར་སྒྲིབ་བྲལ་དུ་རྟོགས་ཤིང་ཁོང་དུ་ཆུད་པའི་ཆོས་དེ་ལ་མི་གནས་པའི་མྱང་འདས་སུ་འཇོག་ལ། རང་བཞིན་གྱི་མྱང་འདས་མ་ཡིན་ན་མི་གནས་མྱང་འདས་སུའང་འཇོག་བཏུབ་པའི་སྐབས་མེད་དོ། །དེས་ན་མི་གནས་པའི་མྱང་འདས་སྟོང་ཉིད་སྤྲོས་བྲལ་དོན་དམ་བདེན་པ་ལས་འཁོར་བ་སྤྲོས་པ་ཀུན་རྫོབ་བདེན་པ་ཞེས་བྱ་བའི་དངོས་པོ་རང་བཞིན་གྱིས་མ་གྲུབ་པར་སྟོང་ཉིད་དུ་མཉམ་པ་ཉིད་ཀྱི་ཕྱིར་འཁོར་འདས་དབྱེར་མེད་དང༌། རྣམ་རྟོག་ཆོས་སྐུ་རོ་གཅིག་པ་དང༌། འཆིང་གྲོལ་མཉམ་ཉིད་དང༌། ཉོན་མོངས་ཡེ་དག་ཡེ་ཤེས་ཞེས་བྱ་བར་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། ས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་དག་གིས་གསུངས་པ་ཡིན་ཏེ། ཇི་སྐད་དུ། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་ཡོད་མ་ཡིན། །ཅེས་དང༌། འཁོར་བ་མྱ་ངན་འདས་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པ་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཅེས་དང༌། རྗེ་སྒམ་པོ་པས། མཚན་མར་འཛིན་པའི་རྣམ་རྟོག་འདི། །ཆོས་སྐུ་ཡིན་པར་བཙིར་གྱིས་བཟུང༌། །(༢༢༠བ)


K800_Page_452
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང༌། ཁྲོ་ཕུ་ལོ་ཆེན་བྱམས་པ་དཔལ་གྱིས། སྙིང་ནས་ཆོས་གཅིག་གོ་གྱུར་ན། །སྡུག་བསྔལ་ཐམས་ཅད་བདེ་བ་ཡིན། །འཁོར་བ་ཐམས་ཅད་མྱང་འདས་ཡིན། །རྟོག་པ་ཐམས་ཅད་ཆོས་སྐུ་ཡིན། །ཉོན་མོངས་ཐམས་ཅད་ཡེ་ཤེས་ཡིན། །གཟུང་འཛིན་ཐམས་ཅད་གཉིས་མེད་ཡིན། །ལྟ་བ་ཐམས་ཅད་རྟོགས་པ་ཡིན། །སྤང་བླང་མེད་པའི་ནམ་མཁའ་ལ། །རྨི་ལམ་ལྟ་བུའི་རྒྱུ་འབྲས་རྩི། །ཞེས་སོགས་མཐའ་ཡས་པར་འབྱུང་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་དངོས་པོ་བདེན་པར་མེད་ཅིང་བརྫུན་པ་དང༌། དེར་མ་གྲུབ་ན་འགྲོ་བ་རིགས་དྲུག་གི་ལས་སྣང་དྲུག་གི་དངོས་པོ་ཤེས་ངོ་སོ་སོར་དོན་བྱེད་པ་ཅན་བདེན་པར་ག་ལ་ཡོད། དེས་ན་ཁྱེད་ཅག་དབུ་མའི་ལུགས་ལ་དོན་བྱེད་ནུས་ཀྱི་དངོས་ཆོས་ཐམས་ཅད་དེ་དང་དེ་ལྟར་བདེན་ཀྱང༌། འགོག་རྒྱུའི་བདེན་གྲུབ་དང་བདེན་པའི་ཆོས་ཤེས་བྱར་མེད་པ་ཞིག་སྤུས་བདམས་ནས་བཙལ་ཡང་དེ་འདྲ་རྙེད་ནི་མི་རྙེད་ལ། རྙེད་སྲིད་ན་དེ་འདྲའི་བདེན་གྲུབ་འགོག་དགོས་སོ་ཞེས་སྨྲ་བ་ནི་དངོས་པོར་སྨྲ་བའི་གཅོང་སྲན་ཆེན་པོ་མནར་པའི་སྨྲ་སྔགས་ལས་ཅི་ཞིག་ཡིན། དེས་ན་འགྲོ་དྲུག་གི་ལས་སྣང་བདེན་པའི་ཚད་གྲུབ་མི་རིགས་པ་དགོངས་གཅིག་ལེའུ་དྲུག་པར་ཡང་བརྗོད་ཟིན་པས་དེར་བལྟ་བར་བྱའོ། །གཞུང་གི་སྐབས་དོན་འདིར། རྟ་ནག་གོ་ཆེན་པས། སློབ་དཔོན་ཟླ་གྲགས་ཞབས་ཀྱིས་ནི་ཀུན་རྫོབ་བདེན་པ་ལ་ཐ་སྙད་ལ་བལྟོས་ནས་བདེན་རྫུན་གཉིས་སུ་ཡུལ་ལ་ཕྱེ་བའི་ཚེ་ཡུལ་ཅན་ལའང་དེ་ལྟར་ཕྱེ་བས། སྤྱིར་རིགས་དྲུག་གང་རུང་གཅིག་གི་ཐ་སྙད་གཞིར་བཞག་གི་ཚེ་དེའི་ཡུལ་ཡུལ་ཅན་གཉིས་ཀའང་ཐ་སྙད་དུ་བདེན་ལ། གཞི་དེར་(༢༢༡ན)


K800_Page_453
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལྔའི་མཐོང་ཚུལ་གྱི་ཡུལ་ཡུལ་ཅན་གཉིས་ཀ་ཡང་ཐ་སྙད་དུ་མེད་པར་རྣམ་པར་གཞག་གོ། །འདིར་ནི་སྟོན་པ་རྫོགས་པའི་སངས་རྒྱས་འཛམ་བུའི་གླིང་དུ་སངས་རྒྱས་པའི་ཚུལ་བསྟན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་བཀའ་བསྡུ་བ་དང་དགོངས་འགྲེལ་གྱི་བསྟན་བཅོས་བརྩམས་པ་ཐམས་ཅད་མིའི་རྟེན་ལ་མཛད་པས། མིའི་མཐོང་ཚུལ་ཐ་སྙད་དུ་བདེན་པ་དང༌། གཞི་དེ་ཉིད་དུ་འགྲོ་བ་གཞན་གྱི་མཐོང་ཚུལ་མི་བདེན་པའི་རྣམ་གཞག་མཛད་པས་ཆུ་འབབ་པའི་ཀླུང་ལ་ཆུ་དང༌། དེའི་ཡུལ་ཅན་གཉིས་ཀ་ཐ་སྙད་ལ་བལྟོས་ནས་བདེན་པ་དང༌། རྣག་ལ་སོགས་པའི་མཐོང་ཚུལ་གཞན་རྣམས་ནི་ཡུལ་དང་ཡུལ་ཅན་གཉིས་ཀ་ཐ་སྙད་དུའང་མི་བདེན་པར་བཞག་པ་ནི་གནད་ཀྱི་དོན་དེ། སློབ་དཔོན་གྱི་གཞུང་རྩ་འགྲེལ་འདིའི་མགོ་མཇུག་སྦྲེལ་ནས་བལྟས་ན་མི་གོ་བའི་དོན་མེད་དོ་ཞེས་པ་ཡི་གེར་བྲིས་ནས་སྤར་དུ་བརྐོས་པར་སྣང་ལ། དེ་ལྟར་འཆད་པ་དེས་ཐ་སྙད་དུ་བདེན་མི་བདེན་ཅེས་པའི་བློ་རྩེ་གཏད་མཚམས་ཀྱང་ཡང་ལོག་གི་ཀུན་རྫོབ་བདེན་པ་ལ་བསམས་ནས་དེ་སྐད་དུ་སྨྲས་པར་ཟད་མོད། དེ་ལྟར་བརྗོད་པ་དེས་ནི་ཟོང་རྫོགས་སོ་ཞེས་གསལ་བར་དབྱངས་སུ་བླངས་པ་ཡིན་ཏེ། ཁྱེད་ཀྱི་འདོད་པ་དང་པོ་དེ་ངག་དོན་དུ་དྲིལ་ན་འདིར་འགྱུར་ཏེ། རིགས་དྲུག་གང་རུང་གཅིག་གི་ཐ་སྙད་གཞིར་གཞག་གི་ཚེ་དེའི་ཡུལ་ཡུལ་ཅན་གཉིས་ཀ་ཐ་སྙད་དུ་བདེན་ཏེ། གཞི་དེར་གཞན་ལྔའི་མཐོང་ཚུལ་གྱི་ཡུལ་ཡུལ་ཅན་གཉིས་ཀ་ཡང་ཐ་སྙད་དུ་མེད་པ་བཞག་པའི་ཕྱིར་ཞེས་པར་སྣང་ལ། སྨྲ་བ་འདི་ནི་སློབ་དཔོན་ཆེན་པོ་ཟླ་གྲགས་ཞབས་ཀྱིས་གང་(༢༢༡བ)


K800_Page_454
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་པ་དེ་ཁས་བླངས་པར་སོང་བ་ཡིན་ཏེ། སློབ་དཔོན་དེས་འགྲོ་བ་རིགས་དྲུག་གང་ཡང་རུང་བ་གཞིར་བཞག་ནས་འགྲོ་བ་དེ་དག་ཀུན་རྫོབ་པའི་ཡུལ་ཡུལ་ཅན་གཉིས་ཀ་ཐ་སྙད་དུའང་བདེན་པ་བཀག་ནས། དེ་ལྟའི་བདེན་པ་དེ་བདེན་པ་ལྟར་སྣང་རྨི་ལམ་གྱི་ཡུལ་ཤེས་ལྟར་འཁྲུལ་ངོའི་འཁྲུལ་པ་དང༌། བསླུ་ངོའི་བརྫུན་པར་སྐྱེལ་བ་ནི་སྐབས་དེའི་དགོངས་པ་མཐར་ཐུག་པ་ཡིན་པའི་ཕྱིར། ཁྱེད་ཀྱི་ངག་དོན་གྱི་རྟགས་དེ་ཡང་མ་གྲུབ་པར་ཐལ། གཞི་དེར་འགྲོ་བ་གཞན་ལྔ་ལྷག་ཏུ་མི་སྲིད་ན་འགྲུབ་ཆུག་ཀྱང༌། ལྷག་སྲིད་ན་འགྲོ་བ་གཞན་ལྔའི་ཡུལ་དང་ཡུལ་ཅན་ཡང་དག་ཀུན་རྫོབ་བདེན་པ་དེ་བཙན་དགག་ཏུ་སུས་ཀྱང་བྱར་མེད་པའི་ཕྱིར། མ་གྲུབ་ན། འོ་ན་མིའི་འགྲོ་བའི་གཞི་དང་མི་ལ་སྣང་བའི་ཡུལ་ཡུལ་ཅན་གྱི་ཡང་དག་ཀུན་རྫོབ་བདེན་པ་དེའང་མེད་པར་བཙན་དགག་ཏུ་བྱར་རིགས་པར་ཐལ། མ་གྲུབ་པར་བརྗོད་པ་མཚུངས་པའི་ཕྱིར། ཡང་འགྲོ་བ་རིགས་དྲུག་ལས་མིའི་འཇིག་རྟེན་པ་དང་བསམ་གཏན་བཞི་པའི་གཙང་གནས་འོག་མིན་པའི་འཇིག་རྟེན་གྱི་ཡུལ་ཡུལ་ཅན་གཉིས་ཀ་ལས་མ་གཏོགས་པའི་འགྲོ་བ་གཞན་ཐམས་ཅད་ཀྱི་ཡང་དག་ཀུན་རྫོབ་བདེན་པར་གྲགས་པ་དེ་ཐམས་ཅད་ལོག་པའི་ཀུན་རྫོབ་པར་ཐལ། ཡང་ལོག་གི་ཀུན་རྫོབ་བདེན་རྫུན་དུ་ཡོད་པ་དང་མེད་པར་འཇོག་བྱེད་འགྲོ་བ་གང་གི་རྟེན་ལ་རྫོགས་པའི་སངས་རྒྱས་སངས་རྒྱས་དང༌། འགྲོ་བའི་ཞིང་དེར་ཆོས་འཁོར་བསྐོར་མ་བསྐོར་དང༌། བཀའི་བསྡུ་བ་བྱས་མ་བྱས་སོགས་ལ་འཇོག་པ་གང་ཞིག ཁམས་གསུམ་པའི་འགྲོ་བའི་རིས་འདིར་སངས་རྒྱས་པའི་ཞིང་དང༌། རྟེན་ནི་(༢༢༢ན)


K800_Page_455
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་འོག་མིན་དང་མིའི་ཡུལ་ལས་གཞན་དུ་མི་སྲིད་པའི་ཕྱིར། ཁྱབ་པ་ནི་ཁྱེད་རང་གི་གྲུབ་མཐའི་ཁྱད་ཆོས་སུ་བཞག་པ་ཡིན་ལ། རྟགས་ནི་ལང་གཤེགས་སོགས་ལས་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ། འདོད་ན། དབུ་མའི་གཞུང་འཆད་པ་ན་ཡང་ལོག་གི་ཀུན་རྫོབ་བདེན་རྫུན་གྱི་ཁྱད་པར་འགྲོ་བའི་རྟེན་དང་གནས་ཀྱིས་འཇོག་པ་ནི་སྔོན་ཆད་རྒྱ་བོད་ཀྱི་སྐྱེས་བུ་དམ་པ་གང་ལ་ཡང་མ་གྲགས་ཀྱང་ཁྱེད་ཅག་ས་སྐྱ་པའི་བསྟན་པ་ལ་ཁུར་ལྕི་ཤོས་ཁྱེར་བའི་ལྷག་བསམ་ཅན་དུ་སྣང་བས་དེང་ཕྱིན་ཆད་ཀྱི་ས་ལུགས་པ་དག་དབུ་མ་འཆད་པ་ན། ས་སྐྱ་པའི་གྲུབ་མཐར་ཀུན་རྫོབ་ཡང་ལོག་གི་ཁྱད་པར་ཐུན་མོང་མིན་པའི་འཇོག་ལུགས་འདི་ཉིད་ཁས་ལེན་པར་རིགས་སོ། །ཡང་ཁྱེད་ཆོས་འཁོར་བསྐོར་བ་དང༌། བཀའི་བསྡུ་བ་དང༌། དགོངས་འགྲེལ་གྱི་བསྟན་བཅོས་བརྩམས་པ་ཐམས་ཅད་མིའི་རྟེན་ལ་མཛད་ཅེས་ཐག་ཆོད་ཆེན་པོ་ཞིག་བྱས་འདུག་པ། འོ་ན་ལོངས་སྐུས་ཆོས་འཁོར་མི་བསྐོར་བར་འགྱུར་བ་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཕྱག་ན་རྡོ་རྗེས་ཀྱང་བཀའ་མ་བསྡུས་པ་དང༌། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་དང་རྗེ་བཙུན་བྱམས་པ་ལ་སོགས་མིའི་རྟེན་ཅན་མིན་པས། བཀའི་དགོངས་འགྲེལ་ལུགས་ཀྱི་བསྟན་བཅོས་མ་མཛད་པར་ཡང་འགྱུར་ལ། དེ་ལྟར་འདོད་པར་ནུས་ན་ནི་སྐྱེས་བུ་དཔའ་ཞིང་བརྟུལ་ཕོད་པར་གྲུབ་བོ། །ཡང་སྟོན་པ་སངས་རྒྱས་ཀྱིས་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་ཆོས་འཁོར་བསྐོར་བ་ན། འགྲོ་བ་གཞན་ལྔ་འདུས་ནས་སྟོན་འཁོར་སོགས་ཕུན་ཚོགས་ལྔ་དང་ལྡན་པའི་ཡུལ་དང་ཡུལ་ཅན་གྱི་ཀུན་རྫོབ་བདེན་པའི་མཐོང་ཚུལ་དེ་ཐམས་ཅད་ཐ་སྙད་དུའང་ཡོད་པ་མིན་པའི་ལོག་པའི་ཀུན་(༢༢༢བ)


K800_Page_456
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་པར་ཐལ། ཀུན་རྫོབ་པའི་ཡང་ལོག་གི་ཁྱད་པར་ནི་སྟོན་པ་སངས་རྒྱས་མིའི་རྟེན་ལ་སངས་རྒྱས་ཤིང༌། མི་ཡུལ་དུ་བཞུགས་པས་མིའི་འགྲོ་བའི་ལས་སྣང་དེ་དག་ཡང་དག་ཀུན་རྫོབ་བདེན་པ་ཡིན་ལ། གཞན་འགྲོ་བའི་ལས་སྣང་ཐམས་ཅད་ཐ་སྙད་དུའང་མི་བདེན་དགོས་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན། སྟོན་པ་སངས་རྒྱས་ཀྱིས་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་ཆོས་འཁོར་བསྐོར་བའི་གདུལ་བྱ་ལ་འགྲོ་བ་གཞན་ལྔ་པོ་དེ་མ་འདུས་པར་ཐལ། མི་ཁོ་ན་འདུས་པ་ནི་ཡང་དག་ཀུན་རྫོབ་བདེན་པར་འཇིག་རྟེན་པས་ཀྱང་གྲུབ་ཅིང༌། འགྲོ་བ་གཞན་ལྔ་གདུལ་བྱར་འདུས་པའི་གང་ཟག་དང་དེའི་ཡུལ་དང་ཡུལ་ཅན་ནི་ལོག་པའི་ཀུན་རྫོབ་ཡིན་ལ། དེ་དག་འཇིག་རྟེན་ལའང་ཡོད་པར་མ་གྲགས་པའི་ཕྱིར་ཏེ། ཇི་སྐད་དུ། དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་འབྱུང་ངོ༌། །རྟགས་ཟུར་དང་པོ་དང་ཁྱབ་པ་ཁས་བླངས། རྟགས་ཟུར་ཕྱི་མ་ལུང་གིས་གྲུབ། འདོད་ན། ཡུམ་གྱི་ཆོས་འཁོར་བསྐོར་བ་ན་ལྷ་ལ་སོགས་པའི་མི་མིན་གྱི་གདུལ་བྱ་འདུས་ནས་ཞུ་བ་ཞུས་ལན་བྱས་པ་དེ་ཐམས་ཅད་བརྫུན་ཚིག་ཁོ་ན་བཀོད་པའི་ཁ་ན་མ་ཐོ་བའི་ལས་སུ་སོང་ངོ༌། །ཡང་ལྷའི་དབང་པོ་བརྒྱ་བྱིན་དང་བྱམས་མགོན་མི་ཡུལ་དུ་བྱོན་ནས་རྒྱལ་བ་ཤཱཀ་ཐུབ་ཀྱི་སྐུ་གཟུགས་མཐོང་བ་དེ་རྒྱལ་བ་ཤཱཀ་ཐུབ་ཀྱི་སྐུ་གཟུགས་མཐོང་བ་མ་ཡིན་པར་ཐལ། བརྒྱ་བྱིན་དང་བྱམས་མགོན་གྱིས་མཐོང་བའི་ཤཱཀ་ཐུབ་ཀྱི་སྐུ་གཟུགས་དེ་འཇིག་རྟེན་དུའང་འཁྲུལ་ཆོས་ཡིན་པའི་ཕྱིར། མ་གྲུབ་བོ་ཞེ་ན་གྲུབ་པར་ཐལ། མིའི་གཞི་འདིར་མི་ལས་འགྲོ་བ་གཞན་ལྔ་གང་འོངས་ཀྱང་དེ་ཐམས་ཅད་ལ་སྣང་བའི་ཡུལ་ཡུལ་ཅན་ཐམས་ཅད་ཐ་(༢༢༣ན)


K800_Page_457
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་དུ་མེད་པའི་ལོག་པའི་ཀུན་རྫོབ་ཡིན་པའི་ཕྱིར། རྩ་བར་མི་འདོད་ཀ་མེད། དེ་ལྟར་ན་བྱམས་མགོན་གྱིས་རྒྱལ་བ་ཤཱཀ་ཐུབ་ཀྱི་སྐུ་གཟུགས་མཐོང་བ་དེ་དེའི་སྐུ་གཟུགས་མཐོང་བ་མ་ཡིན་པའི་ཕྱིར་ན། བྱམས་མགོན་ལོག་ཤེས་ཅན་ཆོས་ཅན། ཁྱོད་རྒྱལ་བ་བྱམས་མགོན་མ་ཡིན་པར་ཐལ། ཁྱོད་ལོག་ཤེས་རྒྱུད་ལྡན་ཡིན་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་མེད་ན། ལོག་ཤེས་རྒྱུད་ལྡན་གྱི་རྫོགས་སངས་ཤེས་བྱ་ལ་སྔར་མེད་དེ་འདྲ་གསར་དུ་འཁྲུངས་པ་འགྲོ་བ་ཐམས་ཅད་ལ་སྐུ་དྲིན་ཆེ། འདོད་ན། རྒྱལ་བ་བྱམས་མགོན་རྒྱལ་བ་བྱམས་མགོན་མིན་ན་ཁྱེད་ལ་རྒྱལ་བ་བྱམས་མགོན་གྱི་མཚན་གཞི་སྟོན་རྒྱུ་མེད་པར་ཐལ། རྒྱལ་བ་བྱམས་མགོན་ཡོད་པ་གང་ཞིག ཡོད་ན་རྒྱལ་བ་བྱམས་མགོན་ཡིན་མིན་གཉིས་ཀ་ལས་རྒྱལ་བ་བྱམས་མགོན་ཡིན་པ་ནི་རྒྱལ་བ་བྱམས་མགོན་མ་ཡིན་པར་ཁས་བླངས། མ་ཡིན་པ་ནི་དེ་ལས་ཀྱང་ཡིན་པ་མི་རུང་བའི་ཕྱིར། རྟགས་དང་པོ་མ་གྲུབ་པའམ་འདོད་ན། ཁྱེད་ཀྱི་རྒྱལ་བ་བྱམས་པ་མགོན་པོ་ཙམ་རྩད་མེད་ཁུངས་མེད་ས་གསུབ་རྡོ་གསུབ་ཏུ་གཏོང་ན། ཁྱེད་ཅག་ལ་རིགས་དང་མི་རིགས་ཞེས་དགག་སྒྲུབ་ཀྱི་ཡུལ་ནས་གཙྪཱ་མི། གཞན་ཡང་མིའི་མཐོང་ཚུལ་ཐ་སྙད་དུ་བདེན་ལ། གཞི་དེ་ཉིད་དུ་འགྲོ་བ་གཞན་གྱིས་མཐོང་བ་མི་བདེན་པའི་རྣམ་གཞག་མཛད་ཅེས་པ་དེ་སློབ་དཔོན་ཟླ་བ་སོགས་དབུ་མ་པའི་ལུགས་ལ་དབང་དུ་གྱུར་པ་ཞིག་གིས་རྣམ་གཞག་མཛད་པ་ཡིན་ནམ། ཁྱོད་རང་གིས་རྣམ་གཞག་བྱས་ཟེར་བ་ཡིན། གཉིས་པ་ལྟར་ན་དེ་ལ་སུ་ཞིག་བདེན་པར་འཛིན། དང་པོ་ལྟར་ན། མིའི་གནས་གཞིར་འགྲོ་བ་གཞན་ལྔའི་མཐོང་ཚུལ་མི་བདེན་པ་དེ་(༢༢༣བ)


K800_Page_458
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་ཆོས་ཅན། རྟ་ནག་དགོན་པའི་དགེ་འདུན་པའི་ཐུག་ཚུལ་ཁམས་མངའ་རིས་ཀྱི་གྲྭ་པས་འཐུང་བ་ན་ཡང་དག་ཀུན་རྫོབ་ཀྱི་ཐུག་པར་བདེན་ཡང༌། ཐུག་ལྷག་རྟ་ནག་བླ་བྲང་པའི་ཁྱིས་འཐུང་བ་ན་ཐུག་ལྷག་དེ་ཐུག་པར་མི་བདེན་པར་ལོག་པའི་ཀུན་རྫོབ་བདེན་པར་ཐལ། གཞི་དེ་ཉིད་དུ་མིའི་མཐོང་བ་ཐ་སྙད་དུ་བདེན་ལ། འགྲོ་བ་གཞན་གྱི་མཐོང་ཚུལ་མི་བདེན་པར་དེས་རྣམ་གཞག་མཛད་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་པ་ལས་འོས་མེད། དེ་ལྟར་ན་རྟ་ནག་པའི་དགེ་འདུན་གྱི་ཐུག་ལྷག་བླ་བྲང་གི་ཁྱིས་མཐུང་བར་མཐོང་བའི་རྟ་ནག་ཆོས་རྗེའི་མིག་ཤེས་ཆོས་ཅན། ལོག་ཤེས་སུ་ཐལ། ཁྱིའི་ངོར་དེ་ཐུག་པར་མི་བདེན་པའི་བཏུང་བ་ཞིག་འཐུང་ཡང་ཆོས་རྗེས་ཁྱི་དེས་ཐུག་པ་འཐུང་བར་བདེན་པར་འཛིན་པས་དེ་མ་ཡིན་ལ་དེར་འཛིན་གྱི་བློ་ཡིན་པའི་ཕྱིར། རྟགས་ཁྱབ་གྲུབ། འདོད་ན། མངོན་སུམ་ལ་བསྙོན་འདེབས་བཞིན་པར་རིགས་པ་སྨྲ་བའི་མཆོག་དབུ་མ་པར་ཁས་བླངས་ནས་རིགས་པ་དང་མི་རིགས་པའི་དགག་སྒྲུབ་བྱེད་པར་རློམ་སྟེ་སྙིགས་དུས་ཀྱི་ངུར་སྨྲིག་འཆང་བ་ཕལ་ཆེ་བས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ལྟར། རེ་ཆེ་བའི་ཙོང་ཁ་པ་ཆེན་པོ་ལྟ་བུའི་གང་ཟག་ནུས་མཐུ་ཅན་ལའང་ཚིག་རྩུབ་ཀྱི་མཚོན་ཆ་སྲི་བ་མེད་པར་འདེབས་པར་བྱེད་པ་འདི་ལ། འབྲས་སྤུངས་ནས་ཆོས་རྗེ་ལེགས་ཆོས་པ་ན་རེ། རྒོལ་བ་འདི་ནི་ཤར་མདོ་ཁམས་སྒང་གི་སྟག་ཕྲུག་ཡིན་པའི་རྣམ་འགྱུར་གསལ་བར་བསྟན་ཏོ་ཞེས་ས་དགེ་དག་ཕན་ཚུན་འཇིག་རྟེན་གྱི་ཤ་འཁོན་ཆེན་པོ་འཛིན་པར་བྱེད་མོད། མི་རིགས་ཏེ། གང་ལ་ཐར་པ་ཡོད་མེད་ཀྱི་དམ་པའི་ཆོས་རྣམ་པར་(༢༢༤ན)


K800_Page_459
[མ་དཔེ་གཟིགས་ན་འདིར་གནོན།]

དག་མ་དག་ནི་དཔྱད་དགོས་ལ། ཁྱེད་ཅག་གིས་ནི་གྲགས་བསོད་འབྱོར་པ་སུ་ཆེ། འཁོར་སློབ་གང་མང་ལ་ཡིད་གདེང་བཀལ་ནས་ཅུང་ཟད་ཀྱང་མི་དཔྱོད་པར་སྨྲས་པའི་ཕྱིར། དེས་ན་ཁྱེད་ཅག་གི་ལུགས་ལ་ཐར་པ་དམ་པར་འགྲོ་བའི་ཆོས་མེད་དོ་ཞེས་ཕན་ཚུན་དུ་ཁ་ཟེར་ནས་གཡུལ་ཆེན་པོ་སྤྲོད་པ་འདི་ནི། ཇོ་བོ་མཚན་ཉིད་པར་གྲགས་པ་ལ་དུས་ཕྱིས་ཁྱད་ཆོས་སུ་སྣང་བ་ཉིད་ཀྱིས་ལེགས་པར་དགོངས་ཤིག ལྔ་པ་ནི། མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། །བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས། །མདོར་བསྡུ་ན་ཇི་ལྟར་ཤེས་བྱ་རང་བཞིན་གྱིས་མེད་པ་དེ་བཞིན་དེའི་རྣམ་པ་ཅན་གྱི་བློ་ཡང་རང་བཞིན་མེད་ཅེས་བྱ་བའི་དོན་འདི་ཤེས་པར་གྱིས་ཤིག་སྟེ། དེ་ཉིད་ཕན་ཚུན་གཅིག་ལ་གཅིག་བལྟོས་ནས་བཞག་པའི་ཕྱིར། འཇིག་རྟེན་འདས་བསྟོད་ལས། མ་སྐྱེས་པ་ནི་ཤེས་བྱ་མིན། །དེ་མེད་རྣམ་པར་ཤེས་པ་མེད། །དེ་ཕྱིར་ཤེས་དང་ཤེས་བྱ་དག །རང་བཞིན་མེད་པར་ཁྱོད་ཀྱིས་གསུངས། །ཞེས་དང༌། རྣམ་ཤེས་སྒྱུ་མ་དང་མཚུངས་པར། །ཉི་མའི་གཉེན་གྱིས་གསུངས་པ་ཡིན། །དེ་ཡི་དམིགས་པའང་དེ་བཞིན་ཏེ། །ངེས་པར་སྒྱུ་མའི་དངོས་པོ་འདྲ། །ཞེས་གསུངས་སོ། །དེས་ན་རྣམ་ཤེས་རྫས་སུ་སྨྲ་བའི་རྗེད་བྱེད་ཀྱི་གདོན་གྱིས་གཟུང་བ་ཕྱི་རོལ་གྱི་ཡུལ་ལ་སྐུར་པ་འདེབས་པ་འདི་ཅི་ནས་ཀྱང་བདག་ཉིད་གཡང་ས་ལྟུང་བར་མི་འགྱུར་བའི་ཕྱིར། དམ་པ་སྙིང་རྗེ་སྤྱོད་པ་རྣམས་ཀྱིས་ལུང་དང་རིགས་པའི་གསང་སྔགས་བཟང་པོ་བཏབ་ནས་ཚབ་ཆེར་མནན་ཏེ་བཟུང་བར་བྱའོ། །གཉིས་པ་ལ། སྒྲུབ་བྱེད་མེད་པས་གཉིས་མེད་ཀྱི་གཞན་དབང་ཡོད་པ་མི་འཐད། རང་རིག་གི་སྒྲུབ་བྱེད་དགག་པ་གཉིས། དང་པོ་ནི། (༢༢༤བ)


K800_Page_460
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང༌། །གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན། །འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །མ་བཟུང་བར་ཡང་ཡོད་ཅེས་བྱར་མི་རུང༌། །གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང༌། གཟུང་འཛིན་གཉིས་ཀྱིས་སྟོང་པའི་གཞན་དབང་གི་དངོས་པོ་དོན་དམ་པར་ཡོད་ན་འདིའི་ཡོད་པ་ཉིད་ཡུལ་ཅན་གང་གིས་ཤེས་པར་འགྱུར་ཞེས་དོགས་པ་བསླང་ནས། རང་ཉིད་ཀྱིས་འཛིན་པ་ནི་མི་འཐད་དེ། རང་གིས་རང་ལ་བྱ་བ་འགལ་བའི་ཕྱིར། མེས་རང་གི་བདག་ཉིད་མི་སྲེག་པ་བཞིན། ཤེས་པ་སྔ་མ་སོགས་ཤེས་པ་གཞན་གྱིས་འཛིན་པ་མིན་ཏེ། རང་གི་གྲུབ་མཐའ་དང་འགལ་བའི་ཕྱིར་ཏེ། རྣམ་རིག་གཞན་ཞིག་རྣམ་རིག་གི་ཡུལ་ཡིན་ན་རྣམ་རིག་པ་ཙམ་ཉིད་དོ་ཞེས་སྨྲས་པ་ཉམས་པར་འགྱུར་བའི་ཕྱིར། ཡུལ་ཅན་འགའ་ཞིག་གིས་མ་བཟུང་བར་ཡང་ཡོད་ཅེས་བྱར་མི་རུང་སྟེ། ཧ་ཅང་ཐལ་བའི་ཕྱིར། འདིར་སྔོན་རབས་པ་མཛངས་ཤིང་གཟུ་བོའི་ཡི་གེར། སེམས་ཙམ་པའི་ལུགས་ལ་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ཡོངས་གྲུབ་ཡིན་ཅིང༌། འདུས་མ་བྱས་ཡིན་པས་སོ་སྐྱེ་ལ་མེད་པར་འདོད་པ་དང༌། འདུས་བྱས་ཡིན་ཅིང་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་པས་དོན་དམ་པ་མ་ཡིན་པར་སྨྲ་བ་དང༌། དོན་དམ་ཡིན་ཀྱང་དོན་དམ་བདེན་པ་མ་ཡིན་ནོ་ཞེས་སྨྲ་བ་དང༌། གཞན་དབང་ཀུན་རྫོབ་ཏུ་ཡོད་ཀྱི། དོན་དམ་པར་མེད་དོ་ཞེས་སོགས་སྨྲ་བ་ནི། དབུ་སེམས་ཀྱི་གཞུང་ལུགས་རྒྱ་མཚོ་ལ་བློ་ཁ་གཏན་མ་ཕྱོགས་པ་སྟེ། རྣམ་རིག་པའི་གཞུང་ལུགས་ཐམས་ཅད་དུ་གཉིས་མེད་ཀྱི་ཡེ་ཤེས་གཞན་དབང་དོན་དམ་བདེན་པར་འདོད་ཅིང༌། དབུ་མའི་གཞུང་ལུགས་ཐམས་ཅད་དུ་དེ་འགོག་པའི་ཕྱིར། ཇི་སྐད་དུ། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་(༢༢༥ན)


K800_Page_461
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བས་ནམ་མཁའི་པདྨ་བཞིན། །ཞེས་དང༌། དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་འདོད་དོ། །ཞེས་དང༌། འགྲེལ་བཤད་ལས། རང་བཞིན་གྱིས་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཞེས་དང༌། དེ་ལྟར་གཉིས་པོ་ནི་རི་བོང་གི་རྭ་ལྟར་ཡེ་མེད་ལ། ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ནི་དོན་དམ་པར་རང་བཞིན་གྱིས་ཡོད་ན། ཞེས་དང༌། སུམ་ཅུ་པའི་འགྲེལ་པར། ཡང་ན་རྣམ་པར་ཤེས་པ་བཞིན་དུ་ཤེས་བྱ་ཡང་རྫས་ཉིད་དུ་ཁ་ཅིག་སེམས་པ་དང༌། གཞན་དག་ཤེས་བྱ་བཞིན་དུ་རྣམ་པར་ཤེས་པ་ཡང་ཀུན་རྫོབ་ཉིད་དུ་ཡོད་ཀྱི། དོན་དམ་པར་ནི་མེད་དོ་སྙམ་དུ་མཐའ་གཅིག་ཏུ་སྨྲ་བ་འདི་གཉིས་དགག་པའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམས་སོ། །ཞེས་སོགས་མཐའ་ཡས་པར་བཤད་པའི་ཕྱིར། འོ་ན་དབུས་མཐའ་ལས། དམ་པའི་དོན་ནི་གཅིག་པུའོ། །ཞེས་གཞན་དབང་དང་ཀུན་བརྟགས་དོན་དམ་དུ་མ་གྲུབ་པར་བཤད་པ་དང་འགལ་ལོ་སྙམ་ན། དེ་ནི་ཡེ་ཤེས་དམ་པའི་སྤྱོད་ཡུལ་གྱི་དོན་དམ་མ་ཡིན་པར་བསྟན་གྱི། རིགས་པས་དཔྱད་བཟོད་པའི་དོན་དམ་མ་ཡིན་པར་སྟོན་པ་མ་ཡིན་ཏེ། འཕགས་པ་ཐོགས་མེད་ཀྱིས། གྲགས་པ་དང༌། རིགས་པ་དང༌། རྟོགས་པ་དང༌། དོན་དམ་པའི་དོན་དམ་བཞི་གསུངས་པ་བཞིན་ནོ། །དེས་ན་ཀུན་བརྟགས་ཐ་སྙད་ཙམ་དུ་ཡོད་ཀྱི་རྫས་སུ་མེད་པ་དང༌། གཞན་དབང་རིགས་པས་དཔྱད་བཟོད་པས་(༢༢༥བ)


K800_Page_462
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པའི་རྫས་སུ་ཡོད་ཀྱི། འཇིག་རྟེན་ལས་འདས་པའི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དུ་མེད་པ་དང༌། ཡོངས་གྲུབ་དེའི་ཡུལ་དུ་ཡོད་པ་ནི་རྣམ་རིག་པའི་གྲུབ་མཐའ་ཡིན་ནོ། ། གང་དག་ཀུན་བརྟགས་ཐ་སྙད་ཙམ་དུ་མེད་པ་དང༌། གཞན་དབང་དོན་དམ་པར་མེད་པ་དང༌། ཡོངས་གྲུབ་རྫས་སུ་མེད་པར་སྨྲ་བ་ནི་སེམས་ཙམ་པའི་གྲུབ་མཐའ་གཏན་མིན་ནོ་ཞེས་ལེགས་པར་འཆད་ལ། འདིར་ཟི་ལུང་མཆོག་ལྡན་པ་ན་རེ། རྣལ་འབྱོར་སྤྱོད་པས་གཞན་དབང་བདེན་མེད་དུ་འཆད་པ་མེད་དེ། ཞེས་གང་སྨྲ་བ་དེ་མི་འཐད་དེ། ཆོས་ཉིད་རྣམ་དབྱེ་ལས། དེ་ལྟར་དམིགས་པ་ལས་རྣམ་པར་རིག་པ་ཙམ་དུ་དམིགས་པ་ལ་འཇུག་གོ། ། རྣམ་པར་རིག་པ་ཙམ་དུ་དམིགས་པ་ལས་ནི་དོན་ཐམས་ཅད་མི་དམིགས་པ་ལ་འཇུག་གོ། །དོན་ཐམས་ཅད་མི་དམིགས་པ་ལས་ནི་རྣམ་རིག་པ་ཙམ་མི་དམིགས་པ་ལ་འཇུག་གོ། །དེ་མི་དམིགས་པ་ལས་ནི། གཉིས་པོ་ཁྱད་པར་མེད་པ་ལ་དམིགས་པ་ལ་འཇུག་གོ། །ཞེས་དང༌། ཕྱོགས་ཀྱི་གླང་པོས། སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡོངས་སུ་བསྟན། །ཅེས་སོགས་འབྱུང་བའི་ཕྱིར། གཞན་དབང་རྣམ་ཤེས་བདེན་མེད་དུ་གཏན་ལ་ཕབས་ནས་ཀུན་རྫོབ་བདེན་པར་བསྟན་ཀྱང་ཡེ་ཤེས་ཉིད་ཡོངས་གྲུབ་ཀྱི་དངོས་པོ་རང་མཚོན་པ་དོན་དམ་བདེན་པར་བསྟན་ཅེས་སྨྲའོ། །དེ་ལྟར་སྨྲ་བ་ནི་སེམས་ཙམ་པ་དབུ་མ་པར་སྐྱེལ་འདོད་པའི་ཕོངས་གཏམ་དུ་ཟད་དེ། ལུང་དེ་དག་གིས་དེར་མི་འགྲུབ་པའི་ཕྱིར་ཏེ། ལུང་དང་པོ་དེས་ནི་སེམས་ཙམ་པས་གཟུང་འཛིན་གཉིས་སྟོང་གི་ཡོངས་གྲུབ་དེ་ལ་(༢༢༦ན)


K800_Page_463
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པའི་མཉམ་གཞག་མི་རྟོག་ཡེ་ཤེས་ཀྱིས་ཇི་ལྟར་ཡུལ་དུ་བྱེད་པའི་ཚུལ་བསྟན་པ་ཡིན་ལ། དེའི་ཚེ་མཉམ་གཞག་མི་རྟོག་ཡེ་ཤེས་དེ་ཉིད་ཀྱང་ལུགས་དེ་པས་རྣམ་ཤེས་གཞན་དབང་ཉིད་དུ་འདོད་པའི་ཕྱིར་ཁྱེད་ཀྱི་འདོད་པ་དེ་ལ་ཕན་པ་ཅུང་ཟད་ཀྱང་མེད་དོ། །ལུང་གཉིས་པས་ནི་རྣམ་རིག་གཞན་དབང་ཉིད་བག་ཆགས་ཀྱི་དབང་གིས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་བདག་ཉིད་ཅན་དུ་བྱེད་པ་ཡིན་ཏེ། མེད་བཞིན་དུ་ཡོད་པ་ལྟ་བུའི་དོན་ཅན་གྱི་སྒྱུ་མ་ལྟར་གཟུང་འཛིན་ཀུན་བརྟགས་པའི་གཞིར་བཤད་ལ། དེ་ལྟའི་ཡང་དག་མིན་རྟོག་གཞན་དབང་དེ་སྒྱུ་མའི་རྟ་གླང་ལྟར་ཀུན་བརྟགས་པའི་གཟུང་འཛིན་གཉིས་སུ་འཁྲུལ་པའི་འཁྲུལ་ཆ་ཀུན་རྫོབ་ཡིན་ཀྱང༌། གཞན་དབང་གི་ངོ་བོ་ཉིད་སྒྱུ་མ་ལྟ་བུའི་བཏགས་པ་ཉིད་ཀྱིས་འཁྲུལ་པར་མེད་པས་དོན་དམ་པའི་བདེན་པར་འཇོག་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། ཇི་ལྟར་སྒྱུ་མ་དེ་བཞིན་དུ། །ཡང་དག་མ་ཡིན་ཀུན་རྟོག་བརྗོད། །སྒྱུ་མའི་རྣམ་པ་ཇི་བཞིན་དུ། །དེ་བཞིན་གཉིས་སུ་འཁྲུལ་པར་བརྗོད། །ཇི་ལྟར་དེ་ལ་དེ་མེད་པས། །དེ་བཞིན་དུ་ནི་དོན་དམ་ཉིད། །ཇི་ལྟར་དེ་ནི་དམིགས་པ་ལྟར། །དེ་བཞིན་དུ་ནི་ཀུན་རྫོབ་ཉིད། །ཅེས་འབྱུང་བའི་ཕྱིར། ཁྱེད་ཀྱི་འདོད་པ་དེ་ལ་ཕན་པ་ཅུང་ཟད་ཀྱང་མེད་དོ། །དེས་ན་གཞན་དབང་བདེན་གྲུབ་ལ་ཀུན་བརྟགས་སྒྱུ་མ་ལྟ་བུའི་གཟུང་འཛིན་བདེན་མེད་ཀྱི་སྣང་བ་ཡོད་ཀྱང་གཞན་དབང་ཉིད་ཀུན་རྫོབ་ཀྱི་སྣང་བ་དེ་ལྟ་བུའི་ངོ་བོར་མེད་དོ་ཞེས། མདོ་སྡེ་རྒྱན་ལས། དེ་ལྟ་བུར་ནི་དེ་ལ་ཡོད། །དེ་ཡི་དངོས་པོར་ཡོད་མ་ཡིན། །དེ་ལྟར་སྒྱུ་མ་ལ་སོགས་པར། །ཡོད་དང་མེད་པ་ཉིད་དུ་བརྗོད། །(༢༢༦བ)


K800_Page_464
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་འབྱུང་བས། སེམས་ཙམ་པས་དངོས་པོའི་ངོ་བོ་ཉིད་ཀྱི་དབང་དུ་ན་ཡོངས་གྲུབ་ཆོས་དབྱིངས་ཀྱི་མཚན་ཉིད་ཀྱང་གཞན་དབང་རྣམ་རིག་གི་ངོ་བོ་ལས་གཞན་དུ་ཁས་མི་ལེན་པས་གཞན་དབང་བདེན་མེད་དུ་རྣལ་འབྱོར་སྤྱོད་པས་སྒྲུབ་བོ་ཞེས་ངལ་བ་དོན་མེད་པ་ཁོ་ནར་ཟད་དེ། རྣམ་རིག་དེ་ལ་རྣམ་ཤེས་དང་ཡེ་ཤེས་གང་གི་མིང་བཏགས་ཀྱང་བླའི། ཤེས་པ་གསལ་རིག་མྱོང་ཙམ་སྐད་ཅིག་མར་དོན་དམ་པར་གྲུབ་པ་ལ་རིགས་པ་གང་གིས་ཀྱང་མི་གནོད་པར་དེས་གྲུབ་པར་འདོད་པའི་ཕྱིར། གཞན་དབང་ལས་ངོ་བོ་གཞན་པའི་ཡོངས་གྲུབ་མེད་པ་ནི། འཕགས་གྲོལ་གྱིས་རྣལ་འབྱོར་སྤྱོད་པའི་འདོད་པ་བརྗོད་པ་ན། གང་ཡང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དམིགས་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གི་ལྟར་ན། ཞེས་དང༌། བརྒྱད་སྟོང་དོན་བསྡུའི་འགྲེལ་པར་རྣལ་འབྱོར་སྤྱོད་པའི་གཞུང་དྲངས་པ་ལས། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མིན་ཏེ། །གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཅེས་འབྱུང་བས་གྲུབ་བོ། །དེར་མ་ཟད་རྣམ་བདེན་པས་འདོད་པའི་གཞན་དབང་དང༌། རྣམ་རྫུན་པས་འདོད་པའི་གཞན་དབང་ལའང་རང་རང་གིས་བཞག་པའི་གྲུབ་པའི་དབང་ལས་བདེན་གཉིས་སོ་སོར་འདོད་པར་སྣང་སྟེ། རྣམ་བདེན་པས་གཟུང་རྣམ་ཤེས་པའི་ངོ་བོར་གྱུར་པའི་རྣམ་རིག་དོན་དམ་བདེན་པ་དང༌། རྣམ་རྫུན་པས་གཟུང་རྣམ་ཤེས་པའི་ངོ་བོར་གྲུབ་མི་སྲིད་པས་དེ་ལྟར་རྣམ་རིག་གིས་བཏགས་ཆ་ཀུན་རྫོབ་ལས་གཞན་དོན་དམ་བདེན་པ་མ་ཡིན་ནོ་ཞེས་སྨྲ་བར་བྱེད་པ་དེ་ནི་སྔོན་ནས་གྲགས་ཟིན་པས་མི་འགོག་གོ། །གཉིས་(༢༢༧ན)


K800_Page_465
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། མདོར་བསྟན། དྲན་པའི་སྒྲུབ་བྱེད་དགག སུན་འབྱིན་གྱི་ལམ་གཞན་བསྟན་པ་གསུམ། དང་པོ་ནི། དེ་ཉིད་ཀྱིས་དི་མྱོང་བར་གྲུབ་མ་ཡིན། །གཞན་གྱིས་གཞན་འཛིན་པ་མེད་ཀྱང་རང་རིག་པ་ནི་ཡོད་དེ། རང་ཉིད་ཀྱིས་རང་འཛིན་པའི་ཕྱིར། དཔེར་ན། མར་མེ་རང་གིས་རང་གསལ་བ་བཞིན་ནོ་ཞེ་ན། གཞན་དབང་དེ་ཉིད་ཀྱིས་གཞན་དབང་དེ་མྱོང་བར་གྲུབ་པ་མ་ཡིན་ཏེ། རང་གིས་རང་ལ་བྱ་བ་འགལ་བའི་ཕྱིར། ལེགས་པར་བསླབས་པ་གཡེར་ཞིང་ཡང་ཟོར་ཅན་གྱིས་ཀྱང་རང་གི་ཕྲག་པ་ལ་ཞོན་པར་མི་ནུས་པ་བཞིན་ནོ། །གཉིས་པ་ལ། མ་གྲུབ་པས་མ་གྲུབ་པ་སྒྲུབ་མི་ནུས་པ་དང༌། རང་རིག་གྲུབ་ཀྱང་དྲན་པས་མི་འགྲུབ་པ་གཉིས། དང་པོ་ནི། གལ་ཏེ་ཕྱི་དུས་དྲན་པ་ལས་འགྲུབ་ན། །མ་གྲུབ་བསྒྲུབ་པར་བྱ་ཕྱིར་བརྗོད་པ་ཡི། །མ་གྲུབ་འདི་ནི་སྒྲུབ་པར་བྱེད་པ་མིན། །འདིར་རྣམ་རིག་པ་ཁ་ཅིག་མདོ་སྡེ་པའི་ཕྱོགས་ལྟར་རང་རིག་བསྒྲུབས་ནས་གཞན་དབང་རང་མྱོང་དུ་སྒྲུབ་པར་བྱེད་དེ། འདི་ལྟར་ཤེས་པ་རྣམས་རང་གི་བདག་ཉིད་དང་ཡུལ་གཉིས་ཀ་རིག་བྱེད་ཡིན་ཏེ། དཔེར་ན་མེ་ནི་སྐྱེས་པ་ཉིད་ནས་རང་གསལ་གྱི་བདག་ཉིད་དང་བུམ་སོགས་གསལ་བྱེད་དང༌། སྒྲས་ཀྱང་རང་གི་བདག་ཉིད་དང་དོན་གཉིས་ཀ་སྟོན་པར་བྱེད་པ་བཞིན་གྱི་ཕྱིར་རོ། །དེས་ན་རང་རིག་མི་འདོད་པ་དེས་ཀྱང་ཆོས་ཅན། ངེས་པར་རང་རིག་ཁས་ལེན་དགོས་པར་འགྱུར་ཏེ། དེ་ལྟར་ཁས་མི་ལེན་ན་ངས་གཟུགས་མཐོང་ངོ་སྙམ་དུ་ཡུལ་དང༌། ཡུལ་ཉམས་སུ་མྱོང་བའི་ཡུལ་ཅན་གྱི་ཤེས་པ་དྲན་པར་མི་འགྱུར་བའི་ཕྱིར། མ་གྲུབ་ན་གྲུབ་པར་ཐལ། དྲན་པ་ནི་མྱོང་བའི་ཡུལ་ཅན་ཡིན་ན་ཤེས་པ་ཡང་ཉམས་སུ་མྱོང་བས་དྲན་པར་མི་འགྱུར་བའི་ཕྱིར། ཡང་རང་རིག་མེད་ན་དེ་ཉིད་ཀྱིས་དེ་མ་མྱོང་བར་ཡང་འགྱུར་བ་དང༌། གཞན་གྱིས་དེ་མྱོང་ན་ཐུག་མེད་དུ་ཐལ་(༢༢༧བ)


K800_Page_466
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཡང་འགྱུར་རོ། །དུས་མཉམ་གྱི་ཤེས་པ་གཉིས་ཀྱིས་ཡུལ་ཤེས་གཉིས་གཅིག་ཅར་ཡང་མི་གཅད་དེ། ཤེས་པ་མཐའ་དག་ཤེས་པ་གཞན་གྱི་ཡུལ་ཅན་ཡིན་པའི་ཕྱིར་དང༌། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་གཅིག་ཡིན་པའི་ཕྱིར། རྣམ་ཤེས་དུ་མ་གཅིག་ཅར་སྐྱེ་བར་སྣང་བ་དེའི་ཚེ་ཨུཏྤ་ལའི་འདབ་མ་བརྒྱ་འབིགས་པ་ལྟར་རིམ་གྱིས་འབྱུང་བ་རྣམས་འཇུག་པ་མྱུར་བས་གཅིག་ཏུ་འཁྲུལ་བ་ཡིན་ནོ།།དེས་ན་རང་རིག་ཁས་མ་བླངས་ན་ཐུག་མེད་ཀྱི་སྐྱོན་སྤོང་བར་མི་ནུས་ལ། དེ་ཡང་ངས་སྔར་གཟུགས་མཐོང་བ་དང་དེ་ལྟར་མཐོང་བའི་ཤེས་པ་གཉིས་ཀའི་ཡུལ་ཅན་གྱི་དྲན་པ་དུས་ཕྱིས་འབྱུང་བ་གྲུབ་སྟེ། སྔར་གཟུགས་མཐོང་བའི་ཤེས་པའི་ངོ་བོ་དེ་རང་གིས་རང་རིག་པར་མ་རྟོག་ན། དེའི་ཡུལ་ཅན་གྱི་དྲན་པར་མི་རིགས་པའི་ཕྱིར་རོ། །གལ་ཏེ་སྔར་ངས་གཟུགས་མཐོང་ངོ་སྙམ་དུ་ཕྱིས་དུས་ཀྱི་གཉིས་ཀའི་ཡུལ་ཅན་གྱི་དྲན་པ་ལས་དེའི་རྒྱུ་ཡུལ་ཤེས་གཉིས་ཀར་ཉམས་སུ་མྱོང་བ་ཉིད་གྲུབ་པའི་ཕྱིར། རང་མྱོང་བའི་དོན་ཅན་གྱི་རང་རིག་གྲུབ་ལ། དེ་གྲུབ་པ་ན་གཞན་དབང་ཡོད་པར་དེ་ཉིད་ཀྱིས་ཤེས་སོ་ཞེ་ན། གཞན་དབང་རྫས་ཡོད་དུ་སྒྲུབ་པ་དྲན་པ་སྒྲུབ་བྱེད་དུ་བཀོད་པ་དེ་ལྟར་ན། དོན་དམ་པར་མ་གྲུབ་པའི་རང་རིག་བསྒྲུབ་པར་བྱ་བའི་ཕྱིར་ཏེ། ཆེད་དུ་བརྗོད་པའི་དྲན་པ་འདི་ནི་རང་རིག་དེའི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། རང་རིག་ལྟར་དྲན་པ་ཡང་དོན་དམ་པར་མ་གྲུབ་པའི་ཕྱིར་ཏེ། བདག་གཞན་སོགས་ལས་སྐྱེ་བ་མེད་པའི་ཕྱིར། འོན་ཏེ་དཔྱད་ན་དོན་དམ་པར་རང་རིག་སྒྲུབ་བྱེད་དུ་དྲན་པ་མི་འགྲུབ་ཀྱང་མ་དཔྱད་པ་ཐ་སྙད་པའི་ངོར་དྲན་པས་རང་རིག་འགྲུབ་བོ་སྙམ་ན། ཐ་སྙད་དུའང་དེ་ལྟར་མི་འགྲུབ་(༢༢༨ན)


K800_Page_467
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཐ་སྙད་དུ་རང་རིག་དང་དྲན་པ་ལ་མེ་དུ་ལྟར་རྒྱུ་འབྲས་ཀྱི་འབྲེལ་པ་ངེས་ན་དེ་ལྟར་གྲུབ་ཆུག་ཀྱང༌། དེ་ལྟར་རྒྱུ་འབྲས་ཀྱི་འབྲེལ་པ་མ་གྲུབ་པའི་ཕྱིར་ཏེ། རང་རིག་དེ་ནི་དྲན་པའི་རྒྱུར་མ་ཟད་རང་རིག་ཉིད་མ་གྲུབ་ན་དེ་རྒྱུར་བྱས་པ་ཅན་གྱི་འབྲས་བུ་དྲན་པ་ཡང་མི་འགྲུབ་པའི་ཕྱིར། དེ་ལྟར་ཐ་སྙད་དུ་རང་རིག་མེད་ཀྱང་དྲན་པ་ཙམ་འབྱུང་སྟེ། དྲན་པ་སྐྱེ་བའི་རྐྱེན་ལས་དེར་སྐྱེ་བའི་ཕྱིར། ཆུ་དང་མེ་ཙམ་མཐོང་བས་ཆུ་ཤེལ་མེ་ཤེལ་ཡོད་མི་དགོས་ཀྱང་ཆར་དང་གཙུབ་ཤིང་གཙུབ་སྟན་སོགས་ལས་ཆུ་དང་མེ་འབྱུང་བ་བཞིན་ནོ། །དེས་ན་ཁྱེད་ཅག་རང་རིག་གི་རྒྱུ་སྔོན་སོང་ཅན་གྱི་འབྲས་བུ་དྲན་པ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་ན་དེ་འདྲའི་འབྲས་བུ་དྲན་པ་དེའི་རྒྱུ་རང་རིག་མེད་པར་ཁྱེད་ཅག་ལ་དེའི་འབྲས་བུ་དྲན་པ་མི་འབྱུང་ལ། དེས་ན་ཁྱེད་འདོད་པ་ལྟར་རང་རིག་དྲན་པ་དེའི་རྒྱུ་ཙམ་དུ་མ་གྲུབ་པར་མ་ཟད། བདེན་པ་གཉིས་ཀར་མ་གྲུབ་པའི་རང་རིག་བསྒྲུབ་པར་བྱ་བའི་ཕྱིར་དྲན་པའི་ཚིག་བརྗོད་པའི་མ་གྲུབ་པ་འདི་ནི་རང་རིག་གི་སྒྲུབ་པར་བྱེད་པ་མིན་ཏེ། སྒྲ་མི་རྟག་པ་ལ་མིག་གི་གཟུང་བྱ་ལྟར་རྒྱུ་འབྲས་ཀྱི་འབྲེལ་བ་མི་འགྲུབ་པ་བཞིན་ནོ། །གཉིས་པ་ལ། གཞན་ཡིན་པའི་ཕྱིར་དྲན་པའི་ཡུལ་མ་ཡིན་པ་དང༌། རང་ལ་མཚུངས་པ་སྤང་བ་གཉིས། དང་པོ་ནི། རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི། །དེ་ལྟའང་དྲན་པས་དྲན་པ་རིགས་མིན་ཏེ། །གཞན་ཕྱིར་མ་ཤེས་རྒྱུད་ལ་སྐྱེས་པ་བཞིན། །གཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང་འཇོམས། །ཡང་དཔྱོད་ཚུལ་འདི་བཏང་ནས་རང་རིག་ཡོད་པ་ལྟར་ཁས་བླངས་ཏེ་དགག་པ་ནི། ཤེས་པས་ཡུལ་ཤེས་གཉིས་ཀ་མྱོང་བའི་རང་རིག་པ་ནི་གྲུབ་ཏུ་ཆུག་ལ་རག་མོད་ཀྱི། དེ་ལྟར་ན་ཡང་དུས་ཕྱིས་ཀྱི་དྲན་པའི་ཤེས་པས་སྔར་གྱི་ཡུལ་ཤེས་དེ་དག་དྲན་པར་རིགས་པ་མ་ཡིན་ཏེ། སྔར་གྱི་མྱོང་བ་དང་ཕྱིས་ཀྱི་དྲན་པ་རྫས་གཞན་ཡིན་པའི་ཕྱིར། དཔེར་(༢༢༨བ)


K800_Page_468
[མ་དཔེ་གཟིགས་ན་འདིར་གནོན།]

ན། བྱམས་པའི་རྒྱུད་ཀྱི་དྲན་པས་རང་གིས་མ་ཤེས་པའི་ཉེར་སྦས་ཀྱི་རྒྱུད་ལ་སྐྱེས་པའི་རང་རིག་པ་དང་ཡུལ་མྱོང་བ་མི་དྲན་པ་བཞིན་ནོ། །གཞན་ཡིན་ཡང་དྲན་ཏེ་སྔར་མྱོང་དང་ཕྱིས་དྲན་རྒྱུད་གཅིག་ཏུ་གཏོགས་པ་དང་རྒྱུ་འབྲས་ཀྱི་དངོས་པོར་གནས་པའི་ཕྱིར་ཞེ་ན། གཞན་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་འདིས་ནི་རྒྱུད་གཅིག་ཏུ་གཏོགས་པ་དང༌། རྒྱུ་འབྲས་ཀྱི་དངོས་པོར་གནས་པ་སོགས་ཀྱི་ཁྱད་པར་དག་ཀྱང་འཇོམས་ཏེ། གང་གཞན་ཡིན་པ་དེ་ནི་ཉམས་སུ་མྱོང་བའི་ཤེས་པ་དང་རྒྱུད་གཅིག་ཏུ་གཏོགས་པ་དང་རྒྱུ་འབྲས་ཀྱི་དངོས་པོར་གནས་པ་མ་ཡིན་པས་ཁྱབ། དཔེར་ན། རྒྱུད་གཞན་གྱི་ཤེས་པ་བཞིན། ཕྱིས་ཀྱི་དྲན་པ་དང་ཉམས་མྱོང་གི་ཤེས་པ་ནི་སྔར་གྱི་རང་རིག་གི་ཤེས་པ་ལས་གཞན་ཡིན་ནོ། །ཞེས་སོགས་ཀྱིས་རྒྱ་ཆེར་དགག་པར་བྱའོ། །གཉིས་པ་ནི། གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས། །དྲན་པ་འདི་གཞན་ང་ལ་ཡོད་མིན་པ། །དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །འོ་ན་ཁྱོད་ལ་སྔར་མྱོང་ཕྱིས་དྲན་པར་མི་འགྱུར་བར་ཐལ། གཞན་ཡིན་པའི་ཕྱིར་ཞེ་ན། ཁོ་བོ་དབུ་མ་པས་ནི་སྔར་མྱོང་ཕྱིས་དྲན་ནི་དཔྱད་ནས་སྔར་རང་རིག་ཡོད་པའི་རྒྱུ་མཚན་ལས་ཕྱིས་དྲན་པ་སྐྱེ་བ་སོགས་ཀྱིས་མི་བསྒྲུབ་པར་མ་དཔྱད་པར་འཇིག་རྟེན་ལ་གྲགས་པ་ཙམ་དུ་བརྗོད་པ་གང་གི་ཕྱིར་སྔར་གང་གིས་ཡུལ་མྱོང་འགྱུར་གྱི་ཤེས་པ་དེ་ལས་ཕྱིས་ཀྱི་དྲན་པའི་ཤེས་པ་འདི་རྫས་གཞན་དུ་གྲུབ་པ་ང་ལ་ཡོད་པ་མིན་ཏེ། རང་གི་བདག་ཉིད་ཀྱི་རྫས་དང་གཞན་གྱི་བདག་ཉིད་ཀྱི་རྫས་ལ་སོགས་པའི་རྒྱུ་འབྲས་ཀྱི་དངོས་པོར་མ་གྲུབ་ན་སྔར་མྱོང་ཕྱིས་དྲན་སོགས་མ་དཔྱད་པ་ནའང་བལྟོས་ཆོས་ཀྱི་རྒྱུ་འབྲས་འཇོག་མི་བཏུབ་པ་མ་ཡིན་པའི་ཕྱིར། མ་དཔྱད་པར་འཇིག་རྟེན་རྗེས་བརྗོད་ཀྱི་རྒྱུ་འབྲས་ནི་དེ་ངོར་གོང་དུ། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གིས་བུ་(༢༢༩ན)


K800_Page_469
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བསྐྱེད་ཅེས་སྨྲ་བྱེད་ཅིང༌། །ཤིང་ཡང་བཙུགས་སོ་སྙམ་དུ་རྟོག་དེས་ན། །གཞན་ལས་སྐྱེ་བ་འཇིག་རྟེན་ན་ཡང་མེད། །ཅེས་འབྱུང་ལ། གོ་ཤཱཀ་སོགས་བོད་ཀྱི་འཇུག་འགྲེལ་བྱེད་པ་མང་པོས། སློབ་དཔོན་ཟླ་གྲགས་ཀྱི་བཞེད་པར་གཞུང་འདིས་ཐ་སྙད་དུ་རང་ལུགས་ལ་རང་རིག་ཡོད་པ་ཡིན་པར་སྒྲུབ་བོ། ། ཞེས་དང༌། དེ་བཞིན་ཀུན་གཞི་རང་རིག་ཕྱི་དོན་གང་ཟག་རྣམས་ལུགས་འདིས་ཐ་སྙད་དུ་འགོག་པ་མིན་ཀྱི། དཔྱད་བཟོད་དུ་གྲུབ་པའི་ཀུན་གཞི་སོགས་འགོག་པར་བྱེད་པ་ཡིན་ལོ།།དེ་ལྟར་སྨྲས་པ་དེས་ནི་རང་གི་རྐང་ནག་པོར་དྲངས་པ་ཡིན་ཏེ། གཞུང་འདིས་རང་རིག་ཅེས་མདོ་སེམས་ཀྱི་བསྟན་བཅོས་ལ་གྲགས་པའི་མཚོན་བྱའི་མིང་དེ་འཇིག་རྟེན་སྤྱི་ལ་ཐ་སྙད་དུ་མ་གྲགས་པས། དེ་འཇིག་རྟེན་པས་ཐ་སྙད་དུའང་བྱས་པ་མིན་གྱི། རང་རིག་ཅེས་པའི་མཚོན་བྱ་མིང་དེ་གང་ལ་གདགས་པའི་གཞི་ཤེས་མྱོང་ཙམ་དེ་དང༌། དེ་ཕྱིས་དྲན་ཙམ་འཇིག་རྟེན་པས་ཐ་སྙད་དུ་བརྗོད་པ་ཡོད་པས། དབུ་མ་པས་མ་དཔྱད་པར་དྲན་མྱོང་གི་འཇིག་རྟེན་གྱི་ཐ་སྙད་ལ་འཇུག་པ་ན། དེ་ལྟར་རྗེས་བརྗོད་བྱས་ཀྱི་རང་ལུགས་ཀྱི་ཐ་སྙད་དུ་དེ་ལྟར་གྲུབ་བོ། །ཞེས་མི་བསྒྲུབ་པའི་ཕྱིར། ཐ་སྙད་དུ་དེ་ལྟར་བསྒྲུབས་ན་དཔྱད་པར་སོང་ལ་དཔྱད་ནས་བསྒྲུབས་ཏེ་གྲུབ་པའི་ཆོས་འདི་པས་བདེན་པ་གཉིས་ཀར་མི་བཞེད་པའི་ཕྱིར་དང༌། ལུགས་འདི་ལ་རང་ལུགས་གང་ཡང་མི་འཇོག་པའི་ཕྱིར་དང༌། འཇིག་རྟེན་གྱི་ཐ་སྙད་བྱེད་ཆེད་དུ་ཀུན་གཞི་དང༌། ཕྱི་རོལ་གྱི་རྡུལ་ཕྲ་རབ་དང༌། རང་རིག་རྣམས་མ་གྲུབ་པས་དེ་དག་འཇིག་རྟེན་གྱི་ཐ་སྙད་བྱེད་ཆེད་དུ་དེ་ལྟར་སྒྲུབ་པ་(༢༢༩བ)


K800_Page_470
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ནའང་དོན་མེད་པའི་ཕྱིར་རོ། །ཁྱད་པར་ཐལ་འགྱུར་བས་ཀུན་གཞི་དང་རང་གིས་རང་ཡུལ་དུ་བྱས་ནས་རིག་པ་དང་ཆ་མེད་པའི་ཆ་བཅས་རྩོམ་གཞིའི་རྡུལ་རྣམས་བདེན་པ་གཉིས་ཀར་དཔྱད་ན་མི་བཟོད་པས་མི་དགག་འོས་མེད་དུ་མ་ཟད། འཇིག་རྟེན་གྱི་ཐ་སྙད་ཀྱི་གཞིར་ཡང་དེ་དག་འཇིག་རྟེན་ལ་གྲགས་གྲུབ་མེད་པས་དེ་དག་མ་དཔྱད་འཇིག་རྟེན་པའི་ཐ་སྙད་དུའང་ཡོད་པ་མ་ཡིན་ནོ་ཞེས་ཆེས་ཆེར་མི་རིགས་པ་ཉིད་དུ་ཚར་བཅད་པའི་ཕྱིར། རང་རིག་དང་ཀུན་གཞི་ཐ་སྙད་དུ་མི་འགོག་པར་སྒྲུབ་ཅིང༌། དོན་དམ་དུ་གྲུབ་པ་འགོག་པ་ཡིན་ན་ཀུན་གཞི་དང་རང་རིག་ལ་ཆེད་དུ་བཀར་ནས་འདི་ཙམ་གྱི་དགག་པ་བྱེད་མི་རིགས་པར་འགྱུར་ཏེ། དངོས་ཆོས་ཐ་སྙད་པའི་གཞི་ཀ་བུམ་སོགས་ཡོད་ཚད་ལ་དེ་ལྟར་བྱེད་དགོས་པའི་ཕྱིར། དེ་ལ་ཀུན་གཞི་དང་རང་རིག་ལ་དེ་ལྟར་བྱས་པས་དངོས་ཆོས་ཀ་བུམ་སོགས་ལའང་དེ་ལྟར་བྱས་པར་འགྱུར་བས་མ་ཁྱབ་བོ་སྙམ་ན་མི་འཐད་དེ། ཐལ་འགྱུར་བས་འཇིག་རྟེན་པས་ཐ་སྙད་ཀྱི་གཞིར་ཀུན་གཞི་དང་རང་རིག་མི་བཞག་པས་དེ་དག་ཐ་སྙད་དུ་མ་དཔྱད་པ་ནའང་མི་འཇོག་ལ། ལས་འབྲས་དང་མྱོང་དྲན་ཙམ་ཐ་སྙད་ཀྱི་གཞིར་རུང་བས་དེ་དག་མ་དཔྱད་པའི་ཐ་སྙད་ཀྱིས་ཐ་སྙད་དེ་དག་འཇིག་རྟེན་ན་རྣམ་པར་གཞག་གོ་ཞེས་གསལ་བར་བཤད་པའི་ཕྱིར། གང་ཟག་གང་འཇིག་རྟེན་གྱི་བློ་ལྷན་སྐྱེས་ཀྱིས་མ་དཔྱད་པར་བཏགས་ངོ་ན་མ་དཔྱད་པའི་ཚེ་མི་འགོག་ཅེས་གསུང་གི། དེའང་གང་ཟག་ཏུ་མ་ཟད་ཆོས་ཐམས་ཅད་ལ་དེ་ལྟར་སྦྱར་བ་ཡིན་ལ། དེ་ལྟར་མིན་པར་དབུ་མ་པས་གང་ཟག་གི་དངོས་པོ་ཐ་སྙད་དུ་ཡོད་པར་རང་ལུགས་ཀྱིས་(༢༣༠ན)


K800_Page_471
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ། དོན་དམ་པར་མེད་པ་ཡང་རང་ལུགས་ཀྱིས་བསྒྲུབས་ན་དེ་ལྟར་བསྒྲུབ་པའི་དབུ་མ་པ་དེ་ལས་དངོས་པོར་སྨྲ་བ་ཅི་ཞིག་ཡོད་དེ། སྔར་ཐ་སྙད་དུས་ཀྱི་དངོས་པོ་དེ་ཕྱིས་དོན་དམ་པའི་དུས་སུ་སྟོང་ཉིད་དངོས་མེད་དུ་སྒྲུབ་པར་བྱེད་པས་སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་བ་དང༌། གཞན་དུ་དངོས་པོའི་ངོ་བོ་ཡོད་པ་གཞན་དུ་དངོས་པོའི་ངོ་བོ་མེད་པར་སྒྲུབ་པར་བྱེད་པས་དངོས་པོ་ཁས་ལེན་བཞིན་དུ་དངོས་པོ་ལ་སྐུར་པ་འདེབས་པར་བྱེད་པའི་ནང་འགལ་སྨྲ་བ་ཅན་གྱི་དངོས་སྨྲ་བའི་ནང་ནས་ཀྱང་ཐ་ཆད་པའི་དངོས་སྨྲ་བར་སོང་བའི་ཕྱིར། དེས་ན་ལུགས་ངན་འདི་འདྲ་འཛིན་ཅིང་རྟོགས་པར་དཀའ་བའི་དབུ་མ་ཐལ་འགྱུར་བའི་གཞུང་ལ་འགྲེལ་པ་འཇོག་པའི་ལས་ཀྱི་དུབ་པ་བྱེད་པ་འདི་སུ་ཞིག་གིས་བཅོལ། ཁྱད་པར་སློབ་དཔོན་ཟླ་གྲགས་ཐ་སྙད་དུ་རང་རིག་འབད་ནས་བསྒྲུབ་བོ་ཞེས་སྨྲ་བ་ནི། འཆད་བཞིན་གྱི་བསྟན་བཅོས་འདིའི་དགོངས་པ་དེ་དོན་ལ་མི་གནས་སོ་ཞེས་སྨྲས་པ་ཡིན་ཏེ། འདིར་སྟོང་པ་ཉིད་ཀྱི་ཚུལ་ལས་བརྩམས་ནས་གང་བཀག་པ་དེ་བདེན་པ་གཉིས་གང་གི་སྐབས་སུའང་འབད་ནས་སྒྲུབ་པར་མི་བྱེད་པར་གསུངས་པ་ལ། གསུང་དེ་ཁྱོད་ཀྱིས་ཁྱི་ཙམ་དུ་ཡང་མ་བརྩིས་པར་གོ་བཟློག་ནས་སྨྲས་པའི་ཕྱིར། འདིར༑ དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བར་རིགས་མིན་པའི། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་ཐ་སྙད་དུའང་སྐྱེ་མི་སྐྱེ་ལས་ཐལ་རང་གཉིས་སུ་གྱུར་པ་འདི་མཁས་པའི་སྐྱེ་བོ་ལ་རླུང་ལྟར་གྲགས་པ་དེའང་ཁྱོད་ཀྱིས་མ་ཤེས་པའམ། ཤེས་བཞིན་དཔལ་ལྡན་ཟླ་(༢༣༠བ)


K800_Page_472
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་ཚུལ་འདི་ལ་སྙིང་ནད་ཀྱིས་དཀྲུག་པར་བྱེད་ན་ཁོ་བོ་ཅག་བྱར་མེད་དོ། །དེས་ན་སྔར་མྱོང་གི་རྫས་འགག་ཞིག་ལས་ཕྱིས་ཀྱི་དྲན་པའི་རྫས་སྐྱེ་བར་མི་བཞག་སྟེ། སྔར་གྱི་ས་བོན་དང་རྒྱུ་སོགས་ཀྱི་རྫས་ཞིག་མ་ཞིག་གང་ལས་ཀྱང་ཕྱིས་ཀྱི་མྱུག་སོགས་ཀྱི་རྫས་དངོས་སྐྱེ་བ་མི་འགྲུབ་པས་ལུགས་འདིར་ཆེས་འགོག་པའི་ཕྱིར། ཇི་སྐད་དུ། དེ་ཕྱིར་མྱུག་ཚེ་ས་བོན་ཞིག་པ་མེད། །ཅེས་སོགས་མདོ་དང༌། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་གསུང་རབས་ནས་རྟེན་འབྲེལ་གྱི་རྒྱུ་འབྲས་རྣམ་པར་གཞག་པ་ལས་སྔར་མྱོང་ཞིག་མ་ཞིག་གང་ལས་ཕྱིས་སྐྱེ་བའི་རྒྱུ་འབྲས་དངོས་པོ་བར་མི་འཇོག་ཅིང༌། འཇོག་ན་རྒྱུ་འབྲས་ཀྱི་ཚུལ་དེ་རྟག་ཆད་ཅན་དུ་འགྱུར་བའི་ཕྱིར། ཆད་དང་ལས་རྣམས་ཆུད་ཟ་དང༌། ཞེས་སོགས་ཀྱི་ཉེས་པར་འགྱུར་རོ། །དེས་ན་ཕྱིས་ཀྱི་ཤེས་པས་ང་ཡིས་སྔར་མཐོང་ངོ་སྙམ་དུ་དྲན་པར་ཡང་འགྱུར་ཏེ། སྔ་ཕྱིའི་ཤེས་པ་རྫས་གཞན་མ་ཡིན་པ་དེའི་ཕྱིར་ཏེ། གང་ཉམས་སུ་མྱོང་བ་དེ་དྲན་པས་མ་མྱོང་བའང་མ་ཡིན་ལ། མྱོང་བས་ཡོངས་སུ་བཅད་པ་དེ་དྲན་པས་མ་བཅད་པའང་མ་ཡིན་པའི་ཕྱིར་ཏེ། མྱོང་དྲན་གྱི་ཚུལ་འདི་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་ལུགས་ཡིན་གྱི། ཤིན་ཏུ་དཔྱད་བྱ་མིན་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ནི་བརྫུན་པའི་དོན་ཅན་ཡིན་པའི་ཕྱིར། ངག་དོན་གཞན་ཡིན་ན་མྱོང་དྲན་མི་རུང་ངོ་ཞེས་དངོས་སྨྲ་བའི་ལོག་རྟོག་ཟློག་ཆེད་དུ་འདི་སྐད་སྨོས་ཀྱི། དབུ་མ་པས་རང་ལུགས་ལ་གཞན་མིན་པས་མྱོང་དྲན་འཐད་དོ་ཞེས་དཔྱད་ནས་སྒྲུབ་པ་ནི་མ་ཡིན་ལ། ཡང་ཁ་ཅིག་ལྟར་རྒྱུད་ཐ་དད་ཀྱི་ཤེས་པ་གཞན་མ་ཡིན་པར་མཚུངས་པ་ལས་རང་གིས་སྔར་མྱོང་ལ་མྱོང་ངོ་(༢༣༡ན)


K800_Page_473
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཐ་སྙད་བྱེད་ལ། གཞན་གྱིས་དེ་ལ་དེ་ལྟར་ཐ་སྙད་མི་བྱེད་པ་ཅི་ཞེས་དོགས་པ་བསུ་ནས་ལན་འདེབས་པ་ནི་མི་འཐད་དེ། རྒྱུད་ཐ་དད་ཀྱི་ཤེས་པ་དག་འཇིག་རྟེན་གྱིས་གཞན་དུ་ཁས་བླངས་ཀྱང་དབུ་མ་པས་གཞན་མ་ཡིན་པར་ཡང་ཁས་མ་བླངས་པའི་ཕྱིར། གསུམ་པ་ནི། དེ་ཕྱིར་རང་རིག་ཡོད་པ་མ་ཡིན་ན། །ཁྱོད་ཀྱི་གཞན་དབང་གང་གིས་འཛིན་པར་འགྱུར། །བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། །དེ་ཉིད་ཀྱིས་དེ་འཛིན་པར་རིགས་མ་ཡིན། །རྣམ་རིག་པ་ཁྱོད་ཀྱི་གཞན་དབང་ཡུལ་ཅན་གྱི་ཤེས་པ་གང་གིས་འཛིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། བཤད་མ་ཐག་པའི་རིགས་པས་རང་རིག་ཡོད་པ་མ་ཡིན་པ་དེས་ནའི་ཕྱིར་དང༌། གཞན་རིག་ཡོད་པའང་མ་ཡིན་པའི་ཕྱིར། ཤེས་པ་དེ་ཉིད་ཀྱིས་དེ་ཉིད་འཛིན་པར་རིགས་པ་མ་ཡིན་ཏེ། བྱེད་པོ་ལས་དང་བྱ་བ་གསུམ་པོ་དག་གཅིག་པ་མ་ཡིན་པས་དེ་ཉིད་ཀྱི་ཕྱིར། གཅོད་པོ་གང་ཟག་དང་བཅད་བྱ་ཤིང་དང་དུམ་བུར་གཅོད་པ་གསུམ་ལ་གཅིག་པ་མེད་པ་བཞིན་ནོ། །ལང་གཤེགས་ལས། ཇི་ལྟར་རལ་གྲི་རང་གི་སོ། །གཅོད་པར་མི་བྱེད་སོར་མོ་ནི། །རང་ལ་རེག་པར་མི་བྱེད་ལྟར། །རང་རིག་སེམས་ཀྱང་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། གལ་ཏེ་སྐྱེ་བ་མེད་ཅིང་མ་ཤེས་པའི། །བདག་ཅན་གཞན་དབང་ངོ་བོའི་དངོས་ཡོད་ན། །གང་གིས་ན་འདི་ཡོད་པར་མི་རིགས་པ། །གཞན་ལ་མོ་གཤམ་བུས་གནོད་ཅི་ཞིག་བསྐྱལ། །ད་ནི་གཞན་དབང་སྤྲོས་མེད་ཡེ་ཤེས་ཀྱི་ཡུལ་ལས་སྤྲོས་ཡུལ་མིན་ནོ་ཞེས་འདོད་པ་མི་འཐད་པ་ནི། གལ་ཏེ་གཞན་དབང་དེ་གོང་དུ་བཤད་པ་ལྟར་བདག་གཞན་ལས་སྐྱེ་བ་མེད་ཅིང༌། བདག་གཞན་གང་གིས་ཀྱང་མ་ཤེས་པའི་བདག་ཉིད་ཅན་གཞན་དབང་སྤྲོས་བྲལ་གྱི་ངོ་བོའི་དངོས་པོར་ཡོད་པར་རིགས་ན། དེ་ལྟར་ཡོད་ཚུལ་དེ་གང་གིས་ན། མོ་གཤམ་བུ་ལའང་ཡོད་པར་མཚུངས་པས་གཞན་དབང་ཡོད་པར་འདོད་ཅིང༌། མོ་གཤམ་བུ་ནི་ཡོད་པར་མི་རིགས་པའོ་ཞེས་སྨྲ་བ་འདི་ནི་གཞན་རྣམ་རིག་པ་ལ་མོ་གཤམ་བུས་གནོད་ཅི་ཞིག་བསྐྱལ་ལ། (༢༣༡བ)


K800_Page_474
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དབང་གིས་ཕན་ཇི་ཙམ་བཏགས། དེས་ན་ཉེ་རིང་སྙོམས་ལ་མོ་གཤམ་བུའང་གཞན་དབང་ལྟར་སྤྲོས་པ་དང་བྲལ་བའི་འཕགས་པའི་ཡེ་ཤེས་ཀྱི་ཡུལ་དུ་བརྗོད་མེད་ཀྱི་རང་བཞིན་དུ་ཡོད་དོ་ཞེས་འདོད་པར་གྱིས་ཤིག གཞན་དབང་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པར། མདོ་སྡེ་རྒྱན་ལས། དེ་མེད་ན་ནི་དེ་ཡི་རྒྱུ། །གསལ་བར་དམིགས་པ་ཇི་ལྟ་བར། །དེ་བཞིན་གནས་ནི་གཞན་གྱུར་ན། །ཡང་དག་མ་ཡིན་རྟོག་པ་དམིགས། །ཇི་ལྟར་འཇིག་རྟེན་མ་འཁྲུལ་བ། །དེ་ཡི་རྒྱུ་ལས་འདོད་དགུར་སྤྱོད། །དེ་བཞིན་སྡོམ་བརྩོན་མ་འཁྲུལ་བ། །གནས་གཞན་གྱུར་པ་འདོད་དགུར་སྤྱོད། །ཅེས་དང༌། དེས་ནི་ཁམས་གསུམ་འདུས་བྱས་རྣམས། །ཡང་དག་མ་ཡིན་ཀུན་རྟོག་པར། །ཡེ་ཤེས་ཤིན་ཏུ་རྣམ་དག་པ། །གཉིས་སུ་མེད་པའི་དོན་གྱིས་མཐོང༌། །ཞེས་གསུངས་སོ། །འོ་ན་དབུ་མའི་ལུགས་ལས་གཞན་དབང་ཡེ་ཤེས་དམ་པའི་ཡུལ་མ་ཡིན་པར་བཤད་པ་དང་འགལ་བར་འགྱུར་ཏེ་འོང་ཞེས་དོགས་ན། །མི་འགལ་ཏེ་དབུ་སེམས་ཀྱི་ལུགས་སོ་སོར་ངེས་པའི་ཕྱིར། དབུ་མ་པས་ནི་ཡང་དག་མིན་རྟོག་གི་བདག་ཉིད་ཅན་གྱི་གཞན་དབང་འཕགས་པའི་མཉམ་གཞག་གི་ཡུལ་མིན་པར་བསྟན་ལ། རྣམ་རིག་པས་ནི་གཞན་དབང་རྣམ་རིག་ཙམ་མཉམ་རྗེས་གཉིས་ཀའི་ཡུལ་དུ་བསྟན་པས་རང་ལུགས་གཅིག་གཞིར་བཞག་ལ་འགལ་བར་མི་འགྱུར་རོ། །གཞན་དུ་ན་རྣམ་རིག་པའི་གཞུང་ལུགས་ཐམས་ཅད་དུ་གཞན་དབང་ལ་ཀུན་བརྟགས་ཀྱིས་སྟོང་པ་ཡོངས་གྲུབ་དང༌། གཞན་དབང་ལ་ཡོངས་གྲུབ་ཀྱི་ཆ་ནས་དམིགས་ན་དོན་དམ་དུ་བཤད་ལ། མཉམ་གཞག་ཡོངས་གྲུབ་ཀྱི་ཡུལ་ཅན་དུ་བཤད་པ་རྣམས་ཇི་(༢༣༢ན)


K800_Page_475
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མི་འགལ་ཏེ། ཁྱད་གཞི་རིག་ཙམ་དང་མྱོང་ཙམ་དང་གསལ་ཙམ་མ་དམིགས་པར་ཁྱད་ཆོས་གཉིས་མེད་ཀྱི་རིག་པ་མི་འཐད་པའི་ཕྱིར་དང༌། གཞན་དབང་ཀུན་ནས་ཉོན་མོངས་དང་རྣམ་བྱང་གཉིས་ཀའི་རྒྱུར་གསུངས་པ་མི་རིགས་པའི་ཕྱིར་རོ། །བཞི་པ་ལ། གཞན་དབང་ཡོད་ན་ཀུན་རྫོབ་བདེན་པ་ལས་ཉམས། བདེན་གཉིས་ལས་ཉམས་ན་ཐར་པ་མི་ཐོབ། དེའི་རྒྱུ་མཚན་བཤད་པ་དང་གསུམ། དང་པོ་ལ། མེད་པ་རྒྱུར་མི་རུང་བ་དང༌། འཇིག་རྟེན་དང་འགལ་བ་གཉིས། དང་པོ་ནི། གང་ཚེ་གཞན་དབང་ཅུང་ཟད་ཡོད་མིན་ན། །ཀུན་རྫོབ་པ་ཡི་རྒྱུར་ནི་གང་ཞིག་འགྱུར། །དངོས་པོ་བརྟགས་པ་ཡོད་པའི་རྒྱུར་གྱུར་པའི་གཞན་དབང་ཡོད་པ་ཉིད་རིགས་པ་ཞིག་གོ་སྙམ་ན། དེ་ཡང་མི་འཐད་དེ། ཀུན་རྫོབ་པའི་དངོས་པོ་རྣམས་ཀྱི་རྒྱུར་ནི་གཞན་དབང་གང་ཞིག་འགྱུར་ཏེ་མི་འགྱུར་བར་ཐལ། གང་གི་ཚེ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པས་གཞན་དབང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ། །འདི་ཕྱོགས་སྔ་ལ་སྦྱོར་བ་ནི། རྩ་འགྲེལ་འགྲེལ་བཤད་དང་བཅས་པའི་དགོངས་པ་མིན་ནོ་ཞེས་སྒྲོས་རྙིང་པར་འབྱུང་ངོ༌། །གཉིས་པ་ནི། གཞན་གྱི་ལྟར་ན་རྫས་ལ་ཆགས་པ་ཡིས། །འཇིག་རྟེན་གྲགས་པའི་རྣམ་བཞག་ཀུན་ཀྱང་བརླག །སེམས་ཙམ་པས་ཐ་སྙད་ཀུན་རྫོབ་པའི་རྒྱུ་གཞན་དབང་ཡིན་པར་འདོད་པ་ཉིད་ཀྱིས་དེ་ལྟར་ན་དེ་ནི་ཐ་སྙད་ཀྱི་རྒྱུར་མེད་པས་སེམས་ཙམ་སྨྲ་བ་ལ་ཐ་སྙད་ཀྱི་རྣམ་གཞག་འཇོག་མི་ཐུབ་པས་ཀྱེ་མ་ཀྱེ་ཧུད། རྣམ་རིག་པ་གཞན་གྱི་ལྟར་ན་གཞན་དབང་གི་རྫས་ཡོད་པ་མིན་པ་ལ། ཡོད་དོ་ཞེས་དེར་ཆགས་པ་ཡིས་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་མི་བྱེད་བཞིན་བྱེད་དོ་ཞེས་ཞེན་ནས་སྨྲ་ན། འཇིག་རྟེན་ལ་གྲགས་པའི་འདུག་ཅིག་སོང་ཞིག་ཅེས་སོགས་ཀྱི་རྣམ་གཞག་ཀུན་ཀྱང་བརླག་པར་འགྱུར་བ་ཡིན་ཏེ། གཞན་དབང་དེས་(༢༣༢བ)


K800_Page_476
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་གྲགས་པའི་རྣམ་གཞག་གི་འགྲོ་འདུག་སོགས་འཇིག་རྟེན་ན་མི་སྲིད་པའི་ཕྱིར། བརླག་པས་ཅི་སྟོ་སྙམ་ན། འཕྲལ་གྱི་གྲགས་པའི་ལེགས་ཉེས་ལོག་པར་སྤྱད་ན་རྒུད་པ་ཉིད་དུ་འགྱུར་ཏེ། མངོན་མཐོ་ཙམ་ཡང་ཐོབ་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་འགྲུབ་ཡོད་མིན། །དེས་ན་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་བདེན་གཉིས་ཀྱི་རྣམ་པར་གཞག་པའི་ལམ་ལས་ནི་ཕྱི་རོལ་ཏུ་གྱུར་པ་རང་དགར་རྣམ་རྟོག་གིས་སྦྱར་བའི་ཐར་པའི་ཆེད་དུ་རྣམ་རིག་དང་རྡུལ་ཕྲན་དང་གང་ཟག་དང་གཙོ་བོ་སོགས་སེམས་ཙམ་པ་ནས་རྒྱང་འཕེན་གྱི་བར་སྨྲ་བ་ལ་ནི་ཞི་བའི་ཐབས་མེད་དོ་སྟེ། རྣམ་རིག་སོགས་དེ་དག་རིགས་པས་དཔྱད་ན་རྟོག་བཏགས་ཀྱི་གཞན་དབང་དང་བདག་དང་གཙོ་བོ་སོགས་དོན་དམ་དུ་ལྟ་ཞོག ཀུན་རྫོབ་ཐ་སྙད་དུའང་འཇིག་རྟེན་ན་སྤྱི་མཐུན་དུ་མ་གྲགས་པ་རྣམས་རང་ལུགས་ཀྱིས་ཡོད་པར་འཇོག་པས་འཇིག་རྟེན་དང་མི་མཐུན་པས་ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་ཤིང༌། འཕགས་པའི་གཟིགས་པ་རྣམས་དང་མི་མཐུན་པར་སྨྲ་བས་དེ་ཁོ་ན་ཉིད་དོན་དམ་བདེན་པ་ལས་ཉམས་པར་འགྱུར་ལ། བདེན་གཉིས་དེ་ལས་ཉམས་པས་ཐར་པ་གྲུབ་པ་ཡོད་པ་མིན་ཏེ། འཇིག་རྟེན་དུ་བདེན་གཉིས་བལྟོས་འཇོག་གི་འཁོར་འདས་འཆིང་གྲོལ་འཐད་ལྡན་ལས་གཞན་དུ་སྤྱད་ན་འཇིག་རྟེན་ན་འཁོར་འདས་འཆིང་གྲོལ་སོགས་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར། གྲངས་ཅན་གྱིས་བདེན་གཉིས་རྣམ་པར་གཞག་པའི་ལམ་ལ་ངལ་བས་ཐར་པ་འབྲས་བུ་མེད་པའི་དོན་ཅན་དུ་སོང་བ་བཞིན་ནོ། །གསུམ་པ་ནི། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང༌། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །བདེན་གཉིས་ལས་ཉམས་ན་ཐར་པ་མི་ཐོབ་པའི་རྒྱུ་མཚན་ནི། ཐ་སྙད་བདེན་པ་ཕུང་ཁམས་སྐྱེ་མཆེད་(༢༣༣ན)


K800_Page_477
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་འབྲེལ་གྱི་ཆོས་རྫོགས་སངས་ཀྱིས་བསྟན་པ་ནི་དོན་དམ་རྟོགས་པའི་ཐབས་སུ་གྱུར་པ་དང་སྟེ། ཏིང་རྒྱལ་ལས། ཡི་གེ་མེད་པའི་ཆོས་ལས་ནི། །ཉན་པ་གང་དང་སྟོན་པ་གང༌། །འགྱུར་བ་མེད་ལ་སྒྲོ་བཏགས་པས། །འོན་ཀྱང་ཉན་ཅིང་སྟོན་པ་ཡིན། །ཅེས་འབྱུང་ངོ༌། །དོན་དམ་བདེན་པ་བསྟན་པ་ནི་ཐབས་ལས་བྱུང་བར་གྱུར་པ་སྟེ། ཐ་སྙད་ཀྱི་བདེན་པ་ལ་བརྟེན་ཏེ་དོན་དམ་སྟོན་ལ། དེ་ཁོང་དུ་ཆུད་པ་ལས་དོན་དམ་སྟེ་མི་གནས་པའི་མྱང་འདས་ཐོབ་པར་འགྱུར་བའི་ཕྱིར། བསྟན་བཅོས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་སོ། །འདིར་ཐབས་ལས་བྱུང་བ་དང་འབྲས་བུ་དང་ཐོབ་བྱ་དང་རྟོགས་བྱ་དང་མཉམ་གཞག་ཡེ་ཤེས་ཀྱིས་བལྟ་བྱའི་ཡུལ་དང་མི་གནས་པའི་མྱང་འདས་རྣམས་རྣམ་གྲངས་སོ། །དེས་ན་སེམས་ཙམ་པ་སོགས་བདེན་པ་དེ་གཉིས་ཀྱི་རྣམ་དབྱེ་དབུ་མའི་ལུགས་འདི་ལྟར་གང་གིས་མི་ཤེས་པ་དེ་ནི་རང་གི་རྣམ་རྟོག་ལོག་པས་སྦྱར་བའི་ལམ་ངན་པར་ཞུགས་ཏེ། བཅོམ་ལྡན་འདས་ཀྱི་བཞེད་པ་ལས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །བསྟན་བཅོས་ལས། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་སོ། །བདེན་པ་གཉིས་རྣམ་པར་འཇོག་ལུགས་འཕགས་པ་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་ཏིང་ངེ་འཛིན་གྱི་ཤློ་ཀ་བཅུ་གཉིས་དང་རྐང་པ་གཅིག་འགྲེལ་པར་དྲངས་ནས་རྒྱས་པར་བཤད་ལ། ལུང་དེའི་དོན་ནི་འདི་ཡིན་ཏེ། དངོས་སྨྲ་བ་དང་རང་(༢༣༣བ)


K800_Page_478
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་པའི་བདེན་གཉིས་ཀྱི་འཇོག་ཚུལ་བཀག་ནས། ཐལ་འགྱུར་བས་གཞན་གྲགས་ཙམ་གྱི་བདེན་གཉིས་ཀྱི་རྣམ་གཞག་ཇི་ལྟ་བ་བཞིན་དུ་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་བདེན་པ་གཉིས་ཀར་རང་བཞིན་གྱིས་དབེན་ཞིང་སྤྲོས་པ་དང་བྲལ་ལ། ཐ་སྙད་དུ་ཐ་སྙད་བྱེད་པ་ན་གྲུབ་མཐའ་སྨྲ་བ་དང་སྒོ་མ་བསྟུན་པར་འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་དུ་འགྲོ་བ་རིགས་དྲུག་དང་མཐོ་དམན་ལ་སོགས་པ་ཀུན་རྫོབ་ཏུ་བཞག་པའི་ཕྱིར། གཉིས་པ་ལ། ཀུན་རྫོབ་དང་འགལ་བ་སྤང་བ་དང༌། ལུང་དང་འགལ་བ་སྤང་བ་གཉིས། དང་པོ་ལ། ཀུན་རྫོབ་དགོས་པའི་དབང་གིས་ཁས་བླངས་ཚུལ། འཇིག་རྟེན་ལ་མི་སྣང་ན་ཁས་མི་ལེན་པའི་ཚུལ། འཇིག་རྟེན་ལ་ཀུན་རྫོབ་དགག་མི་ནུས་པའི་ཚུལ་དང་གསུམ། དང་པོ་ནི། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །རྣམ་རིག་པ་ན་རེ། ཁྱེད་དབུ་མ་པས་ངེད་ཀྱི་ཕྱོགས་ལ་མ་འཛེམ་པར་རིགས་པས་གཞན་དབང་དགག་པར་བྱེད་ན། ངེད་རྣམ་རིག་པའང་ཁྱེད་དབུ་མ་པ་ལ་བཟོད་པར་མི་བྱེད་དེ། ཁྱོད་རང་དབུ་མ་པའི་བདག་གཞན་འགོག་པའི་རིགས་པ་དེ་ཉིད་ཕྱིར་བཟློག་ནས་ཁྱེད་རང་ལ་གྲགས་པའི་ཀུན་རྫོབ་བདེན་པ་དེ་དགག་པར་བྱ་ན་ཁྱོད་ཅི་ལྟར་བྱེད་ཅེ་ན། ཐོག་མེད་ནས་བསགས་པའི་ནོར་འཕྲོག་པོ་ལ་ཕྲོགས་ཤོར་བ་པོ་དེས་མཛའ་བར་བྱས་ནས་དུག་དང་སྦྱར་བའི་ཟས་བྱིན་པ་སླར་འཕྲོགས་ནས་མ་བྱིན་ན་ནོར་འཕྲོག་པོ་དགའ་བ་སྐྱེ་བར་འགྱུར་བ་ལྟར། ཁོ་བོ་ཅག་དབུ་མ་པ་ལ་དབུ་མའི་རིགས་པས་ཀུན་རྫོབ་བདེན་པ་འཇིག་རྟེན་ན་ཇི་ལྟར་གྲགས་པ་དེ་དཔྱད་ནས་འགོག་པ་ཆེས་འདོད་པ་ཡིན་ཏེ། ཁྱོད་ཀྱིས་གཞན་དབང་རིགས་པས་དཔྱད་ནས་བཞག་པ་ལྟར་ཀུན་རྫོབ་བདེན་པ་(༢༣༤ན)


K800_Page_479
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དཔྱད་ནས་མི་འཇོག་པར་མ་དཔྱད་གྲགས་ངོར་བཞག་པའི་ཕྱིར་ཞེས་སྟོན་པ་ནི། ཇི་ལྟར་ཁྱོད་ཀྱིས་གཞན་དབང་གི་དངོས་པོ་འཕགས་པའི་ཡེ་ཤེས་ཀྱི་རྟོགས་བྱར་འདོད་པ་ལྟར་ཀུན་རྫོབ་ཀྱང་ནི་དབུ་མ་པ་བདག་གིས་རང་དབང་དུ་བྱས་ནས་རང་ལུགས་ལ་ཁས་མ་བླངས་ཏེ། འོ་ན་ཀུན་རྫོབ་ཀྱི་རྣམ་གཞག་ཇི་ལྟར་འཇོག་ཅེ་ན། འཇིག་རྟེན་གཞུག་པའི་འབྲས་བུའམ་དགོས་པའི་ཕྱིར་ཀུན་རྫོབ་འདི་དག་དོན་ལ་མེད་ཀྱང་འཇིག་རྟེན་ཁོ་ན་ལ་གྲགས་པས་ཡོད་དོ་ཞེས་འཇིག་རྟེན་ཁོ་ནའི་ངོར་བྱས་ནས་བདག་ནི་སྨྲ་བར་བྱེད་དེ། དེའི་རྗེས་སུ་བརྗོད་པ་ནི། ཀུན་རྫོབ་ཀྱི་ཆོས་ཡང་དག་པར་གྲུབ་པར་འདོད་པ་དེ་བཟློག་པའི་ཆེད་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་པ་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །ཞེས་གསུངས་པ་ལྟར་རོ། །འདིས་དངོས་སྨྲ་བའི་དོན་དམ་བདེན་གྲུབ་འཇོག་པ་ལྟར་དབུ་མ་པས་ཀུན་རྫོབ་བདེན་པ་རང་ལུགས་ཀྱིས་འཇོག་པ་མ་ཡིན་པས། འོག་མ་འོག་མའི་དོན་དམ་བདེན་པར་བཞག་པ་ཀུན་གོང་མ་གོང་མའི་ཀུན་རྫོབ་ཡིན་ཟེར་བ་དང༌། ལེགས་ལྡན་སོགས་རང་རྒྱུད་པ་རྣམས་ཀྱིས་ཀུན་རྫོབ་འཇོག་ཚུལ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་ཞི་འཚོ་སོགས་ཀྱིས་འདོད་ཚུལ་དང༌། བོད་ཁ་ཅིག་དབུ་མ་ཐལ་འགྱུར་བའི་གཟིགས་ངོར་ཐ་སྙད་བདེན་པ་ཡོད་དོ་ཞེས་ཟེར་བ་རྣམས་ལ་གནོད་དོ། །མདོར་ན་རབ་རིབ་ཅན་ལ་སྐྲ་ཤད་ལ་སོགས་པ་སྣང་བ་རྣམས་རབ་རིབ་མེད་པ་ལ་ཐ་སྙད་དུ་ཡོད་པ་མ་ཡིན་(༢༣༤བ)


K800_Page_480
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། རབ་རིབ་ཅན་གྱི་སྐྲ་ཤད་ཀྱི་བདེན་འཛིན་བཟློག་པའི་ཆེད་དུ་སྐྲ་ཤད་སྣང་ཡང་རང་བཞིན་མེད་དོ་ཞེས་སྨྲ་བ་ལྟར། ཀུན་རྫོབ་དཔྱད་ན་སྤྲོས་པ་དང་བྲལ་ཞིང་འཕགས་པའི་མཉམ་གཞག་ལ་ཐ་སྙད་དུ་མི་སྣང་ཡང་གཞན་ངོར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཐ་སྙད་མི་འདོར་བར་ཞལ་གྱིས་བཞེས་པ་ཡིན་ཏེ། འཁྲུལ་ངོར་སྣང་ཙམ་དང་གྲགས་ཙམ་དེ་ཉིད་ལ་འཇིག་རྟེན་དང་རྟོག་གེ་པ་རྣམས་ཀྱིས་ཀུན་ནས་བཏགས་པའི་བདེན་ཞེན་ཐམས་ཅད་བཟློག་པའི་ཐབས་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་གངས་ཅན་གྱི་ལྗོངས་འདིར་སྔར་བྱོན་པའི་ཐལ་འགྱུར་བ་འཁྲུལ་པའི་དྲི་མ་ལས་རིང་དུ་གྲོལ་བ་དག་གི་བཞེད་པ་ཡིན་ལ། ཤར་ཙོང་ཁ་པ་ཆེན་པོ་ནི་ཐལ་འགྱུར་བའི་ཐུན་མོང་མིན་པའི་རང་ལུགས་ལ་ཀུན་རྫོབ་བདེན་པ་ཐ་སྙད་ཚད་གྲུབ་ཡིན་པས་རྟགས་ཀྱི་དགག་བྱ་མིན་པ་འདི་ནི་བདེན་གཉིས་རྣམ་པར་གཞག་པ་དང་འགལ་བ་མེད་པས་ཡང་དག་པར་ཡོད་པར་ཁས་ལེན་དགོས་པ་འདི་རྗེ་བཙུན་འཇམ་པའི་དབྱངས་ལས་དངོས་སུ་ཐོས་སོ་ཞེས་སྨྲ་བར་བྱེད་པས་ལུགས་སྔ་ཕྱི་འདི་གཉིས་སྣང་མུན་ལྟར་འདུག་པས་གང་ལ་ཐམས་ཅད་མཁྱེན་པ་ཐོབ་པར་འགྱུར་བའི་རྣམ་ཐར་གྱི་སྒོ་མངོན་པ་མཐོ་བ་ཡོད་པ་ག་ལ་བ་དེར་སྲིད་ཞི་ལ་མ་ཆགས་པའི་སྐྱེས་བུ་དམ་པ་དག་མྱུར་བ་མྱུར་བར་གཤེགས་ཤིག གཉིས་པ་ནི། ཇི་ལྟར་ཕུང་པོ་སྤངས་ནས་ཞིར་ཞུགས་པ། །དགྲ་བཅོམ་རྣམས་ལ་ཡོད་པ་མིན་དེ་ལྟར། །འཇིག་རྟེན་ལ་ཡང་མེད་ན་དེ་བཞིན་འདི། །འཇིག་རྟེན་ལས་ཀྱང་ཡོད་ཅེས་བདག་མི་སྨྲ། །འོ་ན་དབུ་མ་པ་ཁྱོད། ཀུན་རྫོབ་འཇིག་རྟེན་དུའང་འཇིག་རྟེན་གྱི་ངོར་མེད་དོ་ཞེས་པའི་ཐ་སྙད་བྱེད་པའི་སྐབས་ཡོད་དམ་ཞེ་ན། ཤིན་ཏུ་ཡོད་དེ། ཇི་ལྟར་ཕུང་པོའི་ལྷག་མ་ལུས་པ་སྤངས་ནས་ཞི་བ་མྱང་འདས་སུ་ཞུགས་པའི་དགྲ་བཅོམ་པ་རྣམས་ལ་ཀུན་རྫོབ་ཡོད་པ་མིན་པ་དེ་ལྟར་འཇིག་རྟེན་ཡང་མེད་(༢༣༥ན)


K800_Page_481
[མ་དཔེ་གཟིགས་ན་འདིར་གནོན།]

ན་དགྲ་བཅོམ་པའི་ཕུང་པོ་དེ་བཞིན་དུ་ཀུན་རྫོབ་འདི་དག་འཇིག་རྟེན་གྱི་གྲགས་པ་ལ་བལྟོས་ནས་ཀྱང་ཡོད་ཅེས་བདག་མི་སྨྲ་སྟེ། མ་དཔྱད་པའི་འཇིག་རྟེན་པ་དག་ལ་ཐ་སྙད་དུ་ཀུན་རྫོབ་ཡོད་པར་གྲགས་ཤིང་སྨྲ་བ་ན་ནི་དེའི་རྗེས་བརྗོད་དུ་དེ་ལྟར་སྨྲ་ལ། མེད་པར་གྲགས་ཤིང་སྨྲ་བ་ན་ནི་དེའི་རྗེས་བརྗོད་དུ་དེ་ལྟར་བྱེད་དེ། ཀུན་རྫོབ་ཐ་སྙད་དུའང་རང་ལུགས་ཀྱི་ཡོད་མེད་གང་དུ་ཡང་ཁས་མ་བླངས་པའི་ཕྱིར། གསུམ་པ་ནི། གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་ལྟོས་འདི་ནི་དགག་པར་གྱིས། །ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང༌། །ཕྱི་ནས་སྟོབས་ལྡན་བདག་གིས་བརྟེན་པར་བྱ། །ཅི་ཁྱེད་སེམས་ཙམ་པ་བདག་ལས་སྐྱེ་བ་དང་གཞན་ལས་སྐྱེ་བ་འགོག་པའི་རིགས་པ་སོགས་ཀྱིས་ཀུན་རྫོབ་དགག་པར་གྱིས་ཤིག་ཅེས་སྨྲ་བ་དེ་ནི་དོན་མེད་པ་ཡིན་ཏེ། ཁོ་བོ་ཅག་དབུ་མ་པས་ནི་བདེན་པ་གཉིས་པོ་ལས་རང་ལུགས་ཀྱི་འགར་ཡང་ཡོད་པ་རྣམ་པར་མ་གཞག་པའི་ཕྱིར། ཀུན་རྫོབ་ནི་འཇིག་རྟེན་ཁོ་ནས་ཁས་བླངས་པའི་ཕྱིར་ཁྱེད་ཀྱི་སྐྱོན་དེ་ནི་ཀུན་རྫོབ་ཁས་ལེན་པའི་འཇིག་རྟེན་ཁོ་ན་ལ་འཇུག་པས་དེ་དག་གི་ཀུན་རྫོབ་སེལ་བར་འོས་པའི་ཕྱིར་དང༌། གཞན་དབུ་མ་པ་འཕགས་པའི་ཡེ་ཤེས་མངའ་བ་སོགས་ལ་ཀུན་རྫོབ་སེལ་བར་མི་འོས་པའི་ཕྱིར་ཏེ། དེ་དག་གིས་ཀུན་རྫོབ་ཀྱི་མཚན་མ་ལ་གནས་པར་མི་བྱེད་པའི་ཕྱིར་ཞེས་སྟོན་པ་ནི། ཁོ་བོ་དབུ་མ་པ་ནི་ཀུན་རྫོབ་ཀྱི་ཆོས་ལ་དཔྱད་པ་ན་རང་བཞིན་ཡོད་པ་མིན་པ་ལ་ཡོད་པར་འཁྲུལ་པའི་འཁྲུལ་པ་བཟློག་པ་ལ་སྙིང་རྗེ་ཆེན་པོའི་དབང་གིས་ཚེགས་ཆེ་བར་འབད་པར་བྱེད་མོད་ཀྱང༌། གལ་ཏེ་སེམས་ཙམ་པ་ཁྱོད་རང་འཇིག་རྟེན་དང་མཐུན་པར་འཇུག་པར་སྨྲ་བ་ན་ཁྱོད་ལ་འཇིག་རྟེན་གྲགས་པས་མི་གནོད་ན་འཇིག་རྟེན་ཉིད་ལ་བལྟོས་ནས་མ་དཔྱད་པར་གྲགས་པའི་ཀུན་རྫོབ་འདི་ནི་དགག་པར་གྱིས་ཤིག་དང༌། ངས་ཀྱང་(༢༣༥བ)


K800_Page_482
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་སྟོང་གདབ་པ་སྟེ་གྲོགས་བྱའོ། །དེའི་ཚེ་འཇིག་རྟེན་གྲགས་པས་གནོད་ན་ནི་མ་དཔྱད་པར་མཐུན་འཇུག་སྨྲ་སྐབས་སུ་མ་དཔྱད་པའི་གྲགས་པ་མི་འགོག་པར་བཏང་སྙོམས་སུ་སྡོད་རིགས་ལ། གྲགས་པའི་ཀུན་རྫོབ་མ་དཔྱད་པའི་ངོར་ཡོད་མེད་སེམས་ཙམ་པ་ཁྱོད་དང་འཇིག་རྟེན་པ་དག་འདིར་ནི་རྩོད་པར་གྱིས་དང༌། ཁྱོད་རྒྱལ་ན་ཁོ་བོ་ཅག་ཁྱོད་ལ་སྟེན་པར་བྱ་སྟེ། ཁོ་བོ་ཅག་ཀྱང་ཀུན་རྫོབ་སེལ་བ་ཉིད་འདོད་པའི་ཕྱིར། འོན་ཏེ་འཇིག་རྟེན་གྱིས་ཁྱོད་ཕམ་པར་བྱས་ན་ནི། ཕྱི་ནས་སྟོབས་ལྡན་འཇིག་རྟེན་པ་བདག་གིས་བསྟེན་པར་བྱའོ། །རྣམ་རིག་པས་ནི་འཇིག་རྟེན་དགག་པར་མི་ནུས་ཏེ། སྣང་ཙམ་སྤྲོས་བྲལ་དུ་སྒྲུབ་པའི་རིགས་པ་ནི་ཁྱེད་ལ་མེད་ལ། སྣང་བ་སེམས་སུ་སྒྲུབ་པའི་རིགས་པས་ནི་དེ་དགག་མི་ནུས་པའི་ཁར་སླར་སྣང་བ་སེམས་སུ་ཞེན་པའི་བདེན་ཞེན་དྲག་པོ་སྐྱེ་བའི་ལོག་ཤེས་འདྲེན་པར་བྱེད་པའི་ཕྱིར་རོ། །འཇིག་རྟེན་པ་ནི་རིགས་པ་གཏན་ཁས་མི་ལེན་པ་མ་ཡིན་ཏེ། ཡིན་ན་འཇིག་རྟེན་པ་དེ་ཉིད་རྟོགས་པ་ལ་གཞུག་ཐབས་མེད་པའི་ཕྱིར་ཏེ། རིགས་པ་ནི་ཁས་མི་ལེན། དེ་མ་བླངས་པར་ནི་དེ་ཉིད་ཀྱི་ལོག་ཕྱོགས་མི་བཟློག་པའི་ཕྱིར། དེས་ན་དོན་དམ་པ་གཟིགས་པའི་རྣལ་འབྱོར་པ་གང་རིགས་པ་དང་མི་རིགས་པ་འགར་ཡང་ཉེ་བར་ཞི་བཞིན་དུ་གདུལ་བྱ་འཇིག་རྟེན་པ་དག་ལ་འཇིག་རྟེན་པའི་གྲགས་པ་ཙམ་ཞིག་འགོད་པའི་སྒོ་ནས་འཇིག་རྟེན་ལས་འདས་པའི་དེ་ཉིད་སྟོན་པར་མཛད་པ་ཡིན་ནོ། །དེ་ལ་ཁ་ཅིག་འདི་ལྟར་དོགས་ཏེ། འཇིག་རྟེན་གྱི་གྲགས་པས་འཇིག་རྟེན་ཀུན་རྫོབ་འགོག་མི་ནུས་པར་ཐལ། འཇིག་རྟེན་ན་ཀུན་རྫོབ་བདེན་པར་གྲགས་པའི་ཕྱིར་(༢༣༦ན)


K800_Page_483
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གྲགས་པས་གྲགས་པ་འགོག་ན་འཇིག་རྟེན་གྱིས་གནོད་པར་འགྱུར་བའི་ཕྱིར་དང༌། སྣང་ཙམ་སྒྱུ་མ་ལྟ་བུ་ནི་རིགས་པས་དགག་མི་ནུས་པའི་ཕྱིར་ཞེ་ན། རྟགས་དང་པོ་གཉིས་ལྟར་ན་མ་ཁྱབ་སྟེ། ཀུན་རྫོབ་བདེན་པར་གྲགས་པ་ནི་ཀུན་རྫོབ་ཏུ་ཡང་བརྫུན་ལ། བརྫུན་པ་རང་ཉིད་རང་བདེན་པའི་སྒྲུབ་བྱེད་ལ་བཀོད་ན་མ་ངེས་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། གྲགས་པས་གྲགས་པ་འགོག་ན་འཇིག་རྟེན་གྱིས་གནོད་པར་འགྱུར་བ་ཡང་འཇིག་རྟེན་ཉིད་ལ་ཡོད་ཀྱི། དབུ་མ་པ་ལ་མེད་པའི་ཕྱིར་ཏེ། དབུ་མ་པས་གྲགས་པ་རང་ལུགས་སུ་མ་བཞག་པའི་ཕྱིར། འཇིག་རྟེན་ལ་གནོད་ན་ནི་ཁོ་བོ་ཅག་ལ་ལེགས་པར་འགྱུར་བ་ཡིན་ཏེ། དེ་དག་ལ་འཁྲུལ་བློ་དང་བྲལ་བར་འགྱུར་བའི་ཕྱིར། རྟགས་ཕྱི་མ་མ་གྲུབ་སྟེ། སྣང་ཙམ་སྒྱུ་མ་ལྟ་བུ་འདི་ལ་བདེན་པར་སྣང་ཞེན་གྱི་ཆ་དེ་དང་པོར་ཐོས་བསམ་གྱི་རིགས་པས་བཀག་པ་ན་དེ་ལ་བདེན་འཛིན་གྱི་ཞེན་པ་མངོན་འགྱུར་བ་འགག་ལ། ཕྱིས་ནས་ཐོས་བསམ་གྱི་ཤེས་རབ་ཀྱི་མཐུ་དང་ཏིང་ངེ་འཛིན་ལྷན་ཅིག་སྦྱར་བའི་ཞི་ལྷག་གི་རྣལ་འབྱོར་གྱི་རྟེན་འབྲེལ་ལས་ཟག་པ་མེད་པའི་སྒོམ་བྱུང་གི་ཤེས་རབ་བམ་རིགས་པ་སྐྱེས་ཏེ་བདེན་སྣང་གི་བག་ཆགས་དྲུངས་ཕྱུང་བ་ན་སྣང་ཙམ་སྒྱུ་མ་ལྟ་བུའི་སྣང་ཆ་དེའང་དམིགས་མེད་མཁའ་ལྟར་དག་པར་འགྱུར་བའི་ཕྱིར། དཔེར་ན། རབ་རིབ་ཅན་ལ་ཕོར་པ་ལྟ་བུའི་གཞིར་སྐྲ་ཤད་སྣང་ཞེན་གྱི་ངོར་སྨན་པ་མཁས་པས་སྐྲ་ཤད་ཡོད་པ་མིན་ཀྱང་རབ་རིབ་ཀྱི་མཐུ་ལས་ཡིན་ནོ་ཞེས་རིགས་པའི་ངག་གིས་ཡོད་པ་བཀག་ན། སྐྲ་ཤད་ཡོད་ཞེན་བཟློག་ནས་མེད་པར་ཁོང་དུ་ཆུད་ལ། དེ་ལྟར་ནའང་(༢༣༦བ)


K800_Page_484
[མ་དཔེ་གཟིགས་ན་འདིར་གནོན།]

ད་དུང་སྐྲ་ཤད་ཀྱི་སྣང་བ་མ་བཟློག་པས་དེ་བཟློག་ཆེད་སྨན་པས་ལེགས་པར་སྦྱར་བའི་སྨན་བསྟེན་དུ་བཅུག་ནས་སྨན་གྱི་ནུས་པས་རབ་རིབ་བསལ་བ་ན་སྐྲ་ཤད་ཀྱང་དམིགས་མེད་མཁའ་ལྟར་འགྱུར་བ་བཞིན་ནོ། །དེས་ན་སྣང་ཙམ་གྱི་དམིགས་པ་ཉེ་བར་ཞི་བར་མ་གྱུར་པའི་རང་གཞན་གང་ལ་དེ་སྲིད་དུ་སྣང་ཙམ་གྱི་རྣམ་གཞག་ཇི་ལྟར་བརྗོད་ཅེ་ན། ཇི་སྲིད་དེ་ལྟར་སྣང་བ་པོ་རྣམས་ཀྱི་སྣང་ངོ་དང་བསྟུན་ནས་ལས་རྒྱུ་འབྲས་སོགས་བསླུ་བ་མེད་པར་བརྗོད་ནས་བསླུ་མེད་ཀྱི་རྒྱུ་འབྲས་ལྟར་སྣང་དེའང་དཔྱད་ན་བལྟོས་བཞག་གི་བསླུ་བ་མེད་པར་སྣང་བ་ཡིན་གྱི། རང་གི་ངོ་བོ་དང་རང་བཞིན་གྱིས་གྲུབ་པའི་བསླུ་བ་མེད་པའི་རྒྱུ་འབྲས་ནི་མི་འགྲུབ་པས་ལས་རྒྱུ་འབྲས་བསླུ་མེད་དེའང་རང་རང་ངོ་བོས་སྟོང་པ་ཉིད་ཀྱི་ཕྱིར་ཞེས་སྤྲོས་པ་དང་བྲལ་བར་འཇིག་རྟེན་རྟོགས་སུ་བཅུག་ནས་ཐོས་བསམ་སྒོམ་བྱུང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བྱས་ཏེ་འཁྲུལ་པ་དང་བྲལ་བར་ཕྱིར་མི་ལྡོག་པའི་ཡེ་ཤེས་ལ་དབང་འབྱོར་ནས་མངོན་པར་བྱང་ཆུབ་པར་བྱེད་དོ། །དེས་ན་ཀུན་རྫོབ་ཀྱི་སྣང་བ་དགག་པ་དང་སེལ་བ་འདི་ལ་ཇི་སྲིད་སྣང་བ་དེ་དག་མ་བཟློག་པའི་འཇིག་རྟེན་པས་བརྩོན་པར་རིགས་ཀྱི། ཆོས་ཐམས་ཅད་ནམ་མཁའ་ལྟར་དམིགས་པ་དང་བྲལ་བའི་འཕགས་པའི་རྣལ་འབྱོར་པ་རྣམས་ཀྱི་མཉམ་གཞག་ལ་ནི་སེལ་བྱར་མེད་པ་འདི་ལ་དགོངས་ནས། ཁོ་བོའི་ཕ་རས་པ་ཆེན་པོའི་མགུར་ལས། ལས་འབྲས་ཀྱི་དངོས་པོར་ལྟ་རྣམས་ལ། །དངོས་འཛིན་གྱི་འགལ་འདུ་ཅིར་ཡང་གདའོ། །ལས་འབྲས་ཀྱི་དངོས་པོ་དམིགས་མེད་ལ། །དངོས་འཛིན་གྱི་འགལ་འདུས་ཅི་བྱར་ཡོད། །བདེན་གཉིས་ཀྱི་བཏགས་བཞག་ཅི་(༢༣༧ན)


K800_Page_485
[མ་དཔེ་གཟིགས་ན་འདིར་གནོན།]

བྱར་ཡང༌། །དེ་ཀུན་ཀྱང་འཇིག་རྟེན་གྱི་ཅལ་སྒྲོགས་ཏེ། །དོན་མེད་དུ་འཇིག་རྟེན་ཅི་ཡང་རྩོད། །རྩོད་གཞིའི་དམིགས་པ་ཞི་བ་ཡིས། །མདུད་པ་རང་གྲོལ་དུ་སོང་ཙ་ན། །གྲུབ་མཐའ་འཛིན་པའི་རྒོལ་བ་ཡིས། །གླགས་ལྟའི་སྒྲོ་སྐུར་ཅི་འདེབས་ཀྱང༌། །ནམ་མཁའ་ལ་མཚོན་ཆ་བཏབ་པ་བཞིན། །སྤུ་རིས་ཙམ་ཡང་མ་དོད་ཚེ། །བྱར་མེད་མིན་པའི་བྱེད་པ་མེད། །ཅེས་གསུངས་སོ། །དེ་ལས་གཞན་དུ་སྣང་ཙམ་རིགས་པས་དགག་མི་དགོས་པ་དང༌། དགག་པར་ནུས་པ་མ་ཡིན་ན་འདིར་འགྱུར་ཏེ། སྣང་ཙམ་དོན་དམ་པའི་བདེན་པར་ཡང་འགྱུར་བའི་ཕྱིར་ཏེ། དེ་རིགས་པས་མི་གནོད་པར་དཔྱད་བཟོད་པའི་དོན་ཡིན་པར་འགྱུར་པའི་ཕྱིར་དང༌། འཇིག་རྟེན་པས་དེ་ཉིད་རྟོགས་པར་མི་འགྱུར་བར་ཐལ། ཀུན་རྫོབ་ཀྱི་བསླད་ཆོས་བདེན་པ་བ་རིགས་པས་དགག་མི་ནུས་པའི་ཕྱིར། ཁྱབ་སྟེ། རིགས་པས་དགག་མི་ནུས་ན་ལམ་གྱིས་ཀྱང་དགག་མི་ནུས་པར་མཚུངས་ལ། རིགས་པ་དང་ལམ་གྱི་དགག་པར་བྱ་བ་མ་ཡིན་ན་འགོག་བྱེད་གཞན་ཡང་མེད་པའི་ཕྱིར། འོ་ན་འཇིག་རྟེན་དང་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་ཐ་སྙད་ནོར་བར་མཚུངས་པ་བཞིན་དུ་མ་དཔྱད་པ་ན་འཇིག་རྟེན་གྱི་ཐ་སྙད་གཞན་ངོར་ཁས་ལེན་ལ་གྲུབ་མཐའ་སྨྲ་བའི་ཐ་སྙད་ལྟར་མི་བརྗོད་པ་ཅི་ཞེ་ན། གྲུབ་མཐའ་སྨྲ་བའི་ཐ་སྙད་ཕལ་ཆེ་བ་ནི་རྟོག་གེས་བཏགས་པས་མ་དཔྱད་པའི་འཇིག་རྟེན་དུའང་མེད་པ་མང་པོ་ཁས་ལེན་པར་བྱེད་པས་འདིར་དེའི་ཐ་སྙད་དང་བསྟུན་ནས་བརྗོད་པ་གཙོ་བོར་མི་བྱེད་ལ། འོན་ཏེ་གྲུབ་མཐའི་ཐ་སྙད་ལྟར་གཞན་ངོར་བརྗོད་ནས་གཞན་ལུགས་ཀྱི་རྟོག་བཏགས་འགོག་པར་(༢༣༧བ)


K800_Page_486
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པའང་གཏན་མ་ཡིན་ཏེ། དབུ་མ་པས་རྣམ་རིག་པའི་རིགས་པ་ལྷན་ཅིག་དམིགས་ངེས་ཀྱི་རྡུལ་ཕྲ་རབ་འགོག་པའི་རྗེས་བརྗོད་བྱས་ནས་བྱེ་སྨྲ་འདོད་པ་ལྟར་གྱི་ཕྱི་དོན་འགོག་པར་ཡང་བྱེད་པའི་ཕྱིར། དེས་ན་གཞན་གྱི་གྲགས་པས་གཞན་འགོག་པས་རང་ལ་ཐལ་འགྱུར་བཟློག་པའི་གནོད་པ་ཅུང་ཟད་ཀྱང་མེད་པའི་སྒོ་ནས་གཞན་གཞུང་འཇིག་པར་བྱེད་པའི་རིགས་ཚུལ་འདི་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པས་ལེགས་པར་ཕྱེ་བའི་ཐལ་འགྱུར་བའི་གཏམ་ཆེན་པོ་ཞེས་ཉི་མ་དང་ཟླ་བ་ལྟར་གྲགས་སོ། །དེ་ལྟར་ནའང་རིགས་པ་དེ་རྗེས་བརྗོད་དུ་བྱས་པ་ཙམ་གྱིས་དབུ་མ་པ་རང་ལུགས་ཀྱིས་གྲུབ་པའི་རིགས་པ་བརྗོད་པར་སོང་བ་ཡང་མ་ཡིན་ནོ། །ཡང་གྲུབ་མཐའ་སྨྲ་བ་དེ་དག་གི་རྟོག་བཏགས་དེ་དབུ་མ་པས་གདུལ་བྱ་གཞན་རྗེས་འཛིན་གྱི་ཆེད་དུ་མ་དཔྱད་པར་བརྗོད་རིགས་སོ་ཞེ་ན། དེ་འདྲ་མི་འགོག་སྟེ། དགོས་པའི་དབང་གིས་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་དྲང་དོན་འགའ་ཞིག་དེ་ཁོ་ན་ཉིད་བཞིན་དུ་བསྟན་པའི་ཕྱིར། དབུ་མ་པ་དག་གིས་ཀྱང་ཤེས་བྱ་གཞི་ལྔ་དང༌། མཚན་ཉིད་གསུམ་དང༌། རྣམ་ཤེས་བརྒྱད་ལ་སོགས་པ་དགོངས་གཞི་གཞན་ལ་བསམས་ནས་དགོས་དབང་གིས་དབུ་མའི་གཞུང་དུ་མར་བརྗོད་པ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལས་ཀུན་གཞིའི་རྣམ་གཞག་མཛད་པའི་ཕྱིར་དང༌། དེ་དང་མཐུན་པར་མགོན་པོ་ཀླུ་སྒྲུབ་ཀྱི་སྤྲུལ་སྐུ་ཆེན་པོ་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པས་དགོངས་གཅིག་ཏུ། བོད་འདིར་གྲུབ་མཐའ་མཐོ་བསྙེགས་བྱེད་པ་མང་པོ་ཡོད་ཀྱང་ཁོ་བོ་ནི་(༢༣༨ན)


K800_Page_487
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཐར་གྱི་སྡོམ་པའི་ངོ་བོ་བྱེ་བྲག་ཏུ་སྨྲ་བའི་ལུགས་ལྟར་རྣམ་རིག་མ་ཡིན་པའི་བསྟན་མེད་ཐོགས་མེད་ཀྱི་གཟུགས་སུ་འདོད་དོ་ཞེས་གསུངས་པ་ལྟ་བུའོ།། གཉིས་པ་ལ། ས་བཅུ་པའི་མདོའི་དོན་དང་འགལ་བ་སྤང་བ་དང༌། མདོ་གཞན་གྱི་དོན་དང་འགལ་བ་སྤང་བ་གཉིས། དང་པོ་ལ། ཙམ་སྒྲ་བྱེད་པོ་གཞན་དགག་པའི་དོན་ཅན་དུ་བཤད། གཟུགས་ལས་སེམས་གཙོ་བོའི་དོན་ཅན་དུ་བཤད། གཟུགས་སེམས་ཡོད་མེད་མཚུངས་པར་བསྟན་པ་གསུམ། དང་པོ་ལ། མདོའི་དགོངས་པ་བཤད། དེ་མདོ་གཞན་གྱིས་སྒྲུབ་པ་གཉིས། དང་པོ་ནི། མངོན་གྱུར་མངོན་ཕྱོགས་བྱང་ཆུབ་སེམས་དཔའ་ཡིས། །སྲིད་གསུམ་རྣམ་ཤེས་ཙམ་དུ་གང་རྟོགས་པ། །རྟག་བདག་བྱེད་པོ་བཀག་པ་རྟོགས་ཕྱིར་དེས། །བྱེད་པ་པོ་ནི་སེམས་ཙམ་ཡིན་པར་རྟོགས། །ཡང་རྣམ་རིག་པ་ན་རེ། དབུ་མ་པ་ཁྱོད་ཀུན་རྫོབ་བསལ་བ་རིགས་པར་ཡང་མི་ལྡན་ཅིང་འཇིག་རྟེན་ཀྱིས་ཀྱང་གནོད་པའི་ཕྱིར་མ་དཔྱད་པར་ཀུན་རྫོབ་ཀྱི་རྣམ་གཞག་བྱེད་ན་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སེམས་སུ་ཁས་ལེན་པར་རིགས་ཏེ། ས་བཅུ་པའི་མདོ་ལས། ཁམས་གསུམ་པོ་ནི་སེམས་ཙམ་མོ། །ཞེས་འབྱུང་བའི་ཕྱིར་ཞེ་ན། སྟོན་པའི་གསུང་མདོ་སྡེའི་དོན་ཨནྡ་རྙིལ་གྱི་ཞལ་བ་ལ་ཞལ་པར་མ་ཤེས་པར་རྣམ་རིག་པས་སེམས་ཙམ་གྱི་ཆུར་འཁྲུལ་ནས་དེར་རྣམ་ཤེས་ཀྱི་དངོས་པོའི་ཆུ་བཅུ་བར་འདོད་པས། བློ་གྲོས་ཀྱི་བུམ་པ་སོ་མ་བཏང་བར་ཆུ་དེ་བསྙུགས་པས་བློའི་བུམ་པ་ཞལ་བ་དེར་བརྡབས་ཏེ་དུམ་བུ་དུ་མར་གྱུར་པ་ལ་སྐྱེས་བུ་གཞན་གྱིས་ནོར་བུའི་ཞལ་བ་ལས་དེར་ཆུ་མེད་པར་ཤེས་པས་བཞད་གད་བྱ་བར་འོས་པ་ལྟར་མདོའི་དགོངས་པ་ནི་ཁྱོད་ཀྱི་འདོད་པ་དེ་ལྟར་མིན་ནོ་ཞེས་སྟོན་པ་ནི། ས་དྲུག་པ་མངོན་དུ་གྱུར་པར་ཆོས་ཀྱི་དབྱིངས་ལ་མངོན་དུ་ཕྱོགས་པའི་བྱང་ཆུབ་སེམས་དཔའ་ཡིས་སྲིད་པ་གསུམ་རྣམ་ཤེས་ཙམ་དུ་(༢༣༨བ)


K800_Page_488
[མ་དཔེ་གཟིགས་ན་འདིར་གནོན།]

གང་རྟོགས་པར་གསུངས་པའི་དོན་ནི། སྲིད་གསུམ་གྱི་འབྲས་བུ་འདིའི་རྒྱུར་གྱུར་པའི་བྱེད་པོ་མ་དཔྱད་པའི་འཇིག་རྟེན་སྤྱི་མཐུན་གྲགས་གྲུབ་ཀྱི་ཆ་ནས་སེམས་ཙམ་ལ་འཇོག་པ་ཡིན་ཏེ། གྲགས་པས་མ་གྲུབ་པར་བདེན་གཉིས་དང་འགལ་བའི་བློ་ལྷན་སྐྱེས་དང༌། ཀུན་བརྟགས་ཀྱིས་སྒྲོ་བཏགས་པའི་སྲིད་གསུམ་གྱི་བྱེད་རྒྱུར་རྟག་བདག་བྱེད་པོ་བཀག་པ་རྟོགས་པའི་ཕྱིར་དུ་ཡིན་པའི་ཕྱིར་ཏེ། སེམས་དཔའ་དེས་ཐ་སྙད་གཞན་ངོར་སྲིད་གསུམ་གྱི་བྱེད་པོའི་རྒྱུ་ནི་སེམས་ཙམ་མ་ཡིན་པར་རྟོགས་པ་ཡིན་པའི་ཕྱིར་ཏེ། དེ་ལས་གཞན་སྲིད་གསུམ་གྱི་རྒྱུ་དང་རྐྱེན་ནི་དཔྱད་ན་འགར་ཡང་མ་རྙེད་ཅིང༌། མ་དཔྱད་གྲགས་ངོ་ན་ཡང་འཇིག་རྟེན་དང་མཐུན་པར་དེ་ལས་གཞན་དུ་མ་གྲགས་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ་ཞེས་འབྱུང་བ་ལྟར། ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཀྱང་བལྟོས་བཞག་རྟེན་འབྲེལ་གྱི་ཆོས་ཀུན་རྫོབ་འཇིག་རྟེན་དང་མཐུན་པའི་བདེན་པ་ལའང་ཕྱིན་ཅི་ལོག་དང་བྲལ་བའི་ཇི་སྙེད་པའི་ཤེས་བྱའི་གནས་ཚུལ་ཕྱི་ནང་གི་མུ་སྟེགས་ལྟར་འཇིག་རྟེན་གྱི་ཀུན་རྫོབ་དང་མི་མཐུན་པར་རྟོགས་པ་མ་ཡིན་ཏེ། དབུ་མ་སྙིང་པོ་ལས། མདོ་ལས་སེམས་ཙམ་གསུངས་པ་ནི། །བྱེད་པོ་ཟ་པོ་དགག་ཕྱིར་རོ། །ཞེས་པ་ལྟར་རོ། །མདོ་ལས། ལུགས་སུ་འབྱུང་བའི་རྣམ་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རབ་ཏུ་རྟོག་གོ། །དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་སྡུག་བསྔལ་གྱི་ལྗོན་པ་བྱེད་པ་པོ་དང་ཚོར་བ་པོ་མེད་པ་འབའ་ཞིག་པོ་འདི་མངོན་པར་འགྲུབ་པར་འགྱུར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། བྱེད་པ་པོ་ལ་མངོན་པར་ཞེན་(༢༣༩ན)


K800_Page_489
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལས་རྣམས་ཡོད་པར་གྱུར་ཏེ། གང་ལ་བྱེད་པ་པོ་མེད་པ་དེ་ནི་དོན་དམ་པར་ལས་ཀྱང་མི་དམིགས་སོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་གསུམ་པོ་འདི་ནི་སེམས་ཙམ་སྟེ་སྲིད་པའི་ཡན་ལག་བཅུ་གཉིས་པོ་གང་དག་དེ་བཞིན་གཤེགས་པས་རབ་ཏུ་བཀའ་བསྩལ་པ་དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་བརྟེན་པ་དག་གོ། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་2པ་ལ། མདོ་འགོད་པ་དང༌། དེའི་དོན་བཤད་པ་གཉིས། དང་པོ་ནི། དེ་ཕྱིར་བློ་ལྡན་བློ་ནི་འཕེལ་བྱའི་ཕྱིར། །ལང་ཀར་གཤེགས་མདོ་དེ་ལས་ཀུན་མཁྱེན་གྱིས། །མུ་སྟེགས་སྤོ་མཐོན་རི་འཇོམས་ངག་རང་བཞིན༌། །རྡོ་རྗེ་འདི་ནི་དགོངས་པ་བཅད་ཕྱིར་གསུངས། །མདོ་དེའི་དོན་མདོ་གཞན་གྱིས་བཤད་པ་ནི། འཕགས་པ་ལང་ཀར་གཤེགས་མདོ་དེ་ལས་ཀུན་མཁྱེན་གྱིས་མུ་སྟེགས་རྣམས་ཀྱི་བདག་དང་གཙོ་བོ་སོགས་བྱེད་པོར་སེམས་པའི་ལྟ་བ་ངན་པའི་རི་བོའི་སྤོ་མཐོན་པོ་འཇོམས་བྱེད་ཀྱི་ངག་གི་རང་བཞིན་རྡོ་རྗེའི་ཐོག་འདྲ་བ་འདི་ནི་སེམས་ཙམ་དུ་གསུངས་པའི་དགོངས་པ་ཡོངས་སུ་བཅད་པར་བྱ་བའི་ཕྱིར་གསུངས་པ་ཡིན་ཏེ། སེམས་ཙམ་བྱེད་པོ་ཡིན་པ་དེའི་ཕྱིར་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་མེད་རྟོགས་པའི་བློ་ནི་འཕེལ་བར་བྱ་བའི་ཕྱིར་ཇི་སྐད་དུ་གསུངས་ན། གང་ཟག་རྒྱུན་དང་ཕུང་པོ་དང༌། །དེ་བཞིན་རྐྱེན་དང་རྡུལ་དག་དང༌། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་སོ། །གཉིས་པ་ནི། ཇི་བཞིན་རང་གི་བསྟན་བཅོས་དེ་དེ་ལས། །མུ་སྟེགས་རྣམས་ཀྱིས་གང་ཟག་སོགས་དེ་དག །སྨྲས་པ་དེ་དག་བྱེད་པོར་མ་གཟིགས་ནས། །རྒྱལ་བས་སེམས་ཙམ་འཇིག་རྟེན་བྱེད་པོར་གསུངས། །རང་རང་གི་གྲུབ་མཐའི་བསྟན་བཅོས་ཇི་ལྟ་བ་དེ་དང་དེ་ལས་མུ་སྟེགས་རྣམས་ཀྱིས་གང་ཟག་དང་གཙོ་བོ་ལ་སོགས་པ་དེ་དག་བྱེད་པོར་སྨྲས་པ་དང༌། རང་སྡེའང་གང་ཟག་དང་ཐོབ་པ་དང་ཆུད་མི་ཟ་བ་དང་ཀུན་གཞི་སོགས་བྱེད་པོར་བཏགས་པ་དེ་དག་ཐ་སྙད་དུ་ཡང་བྱེད་པོར་མ་གཟིགས་ནས་ཐ་སྙད་དུ་རྒྱལ་བས་སེམས་ཙམ་(༢༣༩བ)


K800_Page_490
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་བྱེད་པོར་གསུངས་སོ་ཞེས་པ་ནི་ལང་གཤེགས་ཀྱི་མདོ་དོན་ཡིན་ནོ། །ཙམ་སྒྲ་བྱེད་པ་པོ་གཞན་དགག་པའི་དོན་ཅན་དུ་སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཀྱང་རྟོག་གེ་འབར་བར་བཤད་དོ། །མུ་སྟེགས་ཞེས་པའི་སྒྲ་ཙམ་ནི། དངོས་པོ་ལ་བྱེད་པོ་སོགས་རང་བཞིན་ཁས་ལེན་པའི་རྟོག་གེ་པ་མཐའ་དག་ལ་སྦྱར་རིགས་ཏེ། བསྟན་པའི་དོན་ལས་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པའི་ཕྱིར། ཕྱི་རོལ་པ་བཞིན། སངས་རྒྱས་པའི་དངོས་སྨྲ་བ་འདི་དག་ཀྱང་ཆོས་འདི་པ་མ་ཡིན་ནོ་ཞེས་སློབ་དཔོན་ཟླ་བའི་ཞབས་ཀྱི་བཞེད་པ་ཡིན་པ་ལ། ཆོས་འདི་པའི་བོད་གང་དག་བདེར་གཤེགས་སྙིང་པོའི་དངོས་པོ་འདུས་མ་བྱས་པ་འཁོར་འདས་ཐམས་ཅད་ཀྱི་བྱེད་པོར་འདོད་པ་དང༌། ཐ་སྙད་དུ་བདག་དང་གང་ཟག་ལས་འབྲས་ཀྱི་རྟེན་བྱེད་པ་པོར་འདོད་པ་དང༌། ཞིག་པ་དངོས་པོ་བ་ཐ་སྙད་ཚད་གྲུབ་ཀྱི་ལས་འབྲས་ཀྱི་འབྲེལ་པ་བར་ཆད་དུ་མི་འཇུག་པའི་བྱེད་པོར་འདོད་པ་དང༌། དྭངས་མ་མི་ཤིགས་པ་ཁྱད་པར་གསུམ་ལྡན་གྱི་དངོས་པོ་འཁོར་འདས་ཐམས་ཅད་ཀྱི་བདག་ཉིད་དང་ཁྱབ་བྱེད་དང་སྤྲོ་སྡུད་ཀྱི་བྱེད་པོར་འདོད་པ་དེ་ནི་ལུགས་འདི་ལྟར་ན་མུ་སྟེགས་པ་དོན་མཐུན་གྱི་སྒྲ་བཤད་འཇུག་པ་ཅན་ནོ་ཞེས་ཁ་ཅིག་ཟེར་བར་ཡང་བྱེད་དོ། །དེས་ན་རང་གཞན་གང་གི་སྡེ་པ་ཡིན་ཀྱང་དེ་སྐད་དུ་སྨྲ་བ་མུ་སྟེགས་པ་ཡིན་པར་ཅིས་འགྲུབ་ན། སྟོན་པ་རྫོགས་པའི་སངས་རྒྱས་དང་ཀླུ་སྒྲུབ་སོགས་ཀྱི་ལུང་གིས་འགྲུབ་སྟེ། ལང་གཤེགས་ལས། རྐྱེན་དུ་གཏོགས་པའི་དངོས་པོ་ལ། །ཡོད་དང་མེད་པར་གང་རྟོག་པ། །མུ་སྟེགས་ལྟ་བ་ཅན་དག་ནི། །བསྟན་ལས་རིང་དུ་གྱུར་པར་ཤེས། །ཞེས་དང༌། ང་ཡི་བསྟན་པ་སུན་(༢༤༠ན)


K800_Page_491
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པ། །ངུར་སྨྲིག་དག་གི་གོས་བགོས་ཤིང༌། །འབྲས་བུ་ཡོད་དང་མེད་སྨྲ་བ། །མ་འོངས་པ་ཡི་དུས་ན་འབྱུང༌། །ཞེས་དང༌། རིན་ཆེན་ཕྲེང་བ་ལས། གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་པ། །གོས་མེད་བཅས་པ་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བསྟན་པ། །ཆོས་ཀྱི་ཁུང་པ་ཡིན་ཤེས་གྱིས། །ཞེས་སོགས་འབྱུང་བ་ལས་ཤེས་སོ། །དེས་ན་ཕུང་སོགས་ལ་གྲུབ་མཐས་བརྟགས་ཏེ་རྟག་ཆད་དུ་ལྟ་བ་ནི་ཕྱི་རོལ་པར་རིག་པར་བྱའོ། །དེ་ལྟར་ལོག་པར་ཞུགས་པའི་མུ་སྟེགས་ཅན་འདི་དག་ནི་འཁོར་བའི་ཐོག་མཐར་བྱེད་པོ་སོགས་ལ་བདེན་པར་རྟོག་ཅིང༌། བདག་མེད་པའི་དོན་ལ་མི་རྟོག་པས་ད་ལྟའང་གཅེར་བུ་པའི་དགེ་སློང་སྤོང་བ་དཀར་པོའམ་སྐྱ་བསེང་སོགས་ཕུང་པོ་ལ་བྱེད་པོར་སྟོན་པ་འདིར་སྣང་བ་བཞིན་ནོ། །གཉིས་པ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་གསུམ། དང་པོ་ནི། དེ་ཉིད་རྒྱས་ལ་སངས་རྒྱས་བསྙད་ཇི་བཞིན། །དེ་བཞིན་སེམས་ཙམ་གཙོར་གྱུར་འཇིག་རྟེན་ལ། །མདོ་ལས་སེམས་ཙམ་ཞེས་གསུངས་གཟུགས་ནི་འདིར། །འགོག་པ་དེ་ལྟར་མདོ་ཡི་དོན་མ་ཡིན། །ཙམ་སྒྲས་བྱེད་པོ་དགག་པ་ཡིན་གྱི། ཤེས་པ་དེའི་ཡུལ་ཕྱི་རོལ་ཡོད་པ་དགག་པ་གཏན་མིན་ཅེས་སྟོན་པ་ནི། ཇི་ལྟར་དེ་ཁོ་ན་ཉིད་ལ་བློ་རྒྱས་པ་ལ་སངས་རྒྱས་ཞེས་ཚིག་སྔ་མ་མི་མངོན་པར་བྱས་ནས་བསྙད་པ་ཇི་ལྟ་བ་དེ་བཞིན་སེམས་ཙམ་གཙོ་བོར་གྱུར་པའི་འཇིག་རྟེན་ལའང་གཟུགས་སོགས་གཞན་རྣམས་གཙོ་བོ་ཡིན་པ་བཀག་པས་མི་མངོན་པར་བྱས་ནས། མདོ་ལས་ཁམས་གསུམ་པའི་བྱེད་པོ་སེམས་ཙམ་མོ་ཞེས་གསུངས་པ་ཡིན་པ་ལས་གཞན་དུ་སེམས་ཙམ་ཞིག་ཁོ་ན་ཡོད་ཀྱི། གཟུགས་ནི་འདིར་མེད་དོ་ཞེས་འགོག་པ་དེ་ལྟར་མདོའི་དོན་(༢༤༠བ)


K800_Page_492
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །གཉིས་པ་ལ། གཟུགས་མེད་ཀྱི་སེམས་སུ་བདེན་ན་མདོ་དང་འགལ། སེམས་གཙོ་བོ་ཡིན་པའི་རྒྱུ་མཚན། གཟུགས་གཙོ་བོ་མིན་པའི་རྒྱུ་མཚན་གསུམ། དང་པོ་ནི། གལ་ཏེ་འདི་དག་སེམས་ཙམ་ཞེས་མཁྱེན་ནས། །དེ་ལས་གཟུགས་ཉིད་དགག་པར་མཛད་ན་ནི། །སླར་ཡང་དེ་ལས་བདག་ཉིད་ཆེན་པོས་སེམས། །གཏི་མུག་ལས་ལས་སྐྱེས་པར་ཅི་ཕྱིར་གསུངས། །མདོའི་དོན་ནི་དབུ་མ་པ་ཁོ་བོ་ལྟར་སྨྲ་དགོས་སོ་ཞེས་སྟོན་པ་ནི། ཁྱོད་ལྟར་གལ་ཏེ་ཁམས་གསུམ་པོ་འདི་དག་སེམས་ཙམ་ཡིན་ཅིང༌། སེམས་ནི་དོན་དམ་པར་བདེན་པར་གྲུབ་པའི་ཆོས་སོ། །ཞེས་མཁྱེན་ནས་ས་བཅུ་པའི་མདོ་དེ་ལས་གཟུགས་ཉིད་དགག་པར་མཛད་ན་ནི། སླར་ཡང་མདོ་དེ་ལས་རྫོགས་པའི་སངས་རྒྱས་བདག་ཉིད་ཆེན་པོས་སེམས་རྣམ་པར་ཤེས་པ་གཏི་མུག་མ་རིག་པ་དང་འདུ་བྱེད་ཀྱི་ལས་ལས་སྐྱེས་པར་ཅིའི་ཕྱིར་གསུང་རིགས་ཏེ་མི་རིགས་པར་ཐལ། རྣམ་ཤེས་རང་གི་བདག་ཉིད་ཀྱིས་དོན་དམ་པར་གྲུབ་ན་མ་རིག་པ་དང་འདུ་བྱེད་ཀྱི་རྒྱུ་རྐྱེན་ལ་མི་བལྟོས་པའི་ཕྱིར། དེས་ན་སེམས་རང་བཞིན་གྱིས་ཡོད་པ་མིན་ཏེ། མ་རིག་པ་དང་འདུ་བྱེད་སོགས་ཕྱིན་ཅི་ལོག་གི་རྐྱེན་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། སྐྲར་སྣང་ནི་རབ་རིབ་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་བཞིན་ནོ། །དེས་ན་ས་བཅུ་པའི་མདོར་མ་རིག་པ་དང་འདུ་བྱེད་ལས་རྣམ་པར་ཤེས་པ་འབྱུང་བ་ནི། ཇི་སྐད་དུ། དེ་ལྟར་བྱང་ཆུབ་སེམས་དཔའ་ལུགས་སུ་འབྱུང་བའི་རྣམ་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རབ་ཏུ་རྟོག་ཅེས་པ་ནས། ཇི་སྲིད་དུ་འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ་འདུ་བྱེད་འཇིག་པར་ཡང་བྱེད་པ་དང༌། ཡོངས་སུ་མི་ཤེས་པའི་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་པའོ། །ཞེས་པའི་བར་རྒྱས་པར་གསུངས་པ་ནི་རང་འགྲེལ་དུ་བལྟའོ། །འདིར་འཆི་བ་འཇིག་རྟེན་ན་མ་དཔྱད་པར་གྲགས་པ་ལྟར་གྱི་དངོས་པོར་སྟོན་པ་ནི། ཆོས་མངོན་པ་གོང་འོག་དག་ལས་ཀྱང་འཆི་སེམས་ནི་སྐད་ཅིག་མ་(༢༤༡ན)


K800_Page_493
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྟེ། སྔོན་དུས་ཀྱི་སྲིད་པ་དེ་ནི་འཇིག་པར་བྱེད་ལ། ཚེ་རབས་ཕྱི་མའི་སྲིད་པ་ཞིག་ནི་བསྐྱེད་བཞིན་པའི་བྱ་བ་བྱེད་དོ་ཞེས་གསུངས་པ་ལྟར་ཡིན་གྱི། འཆི་བ་ཤི་བ་སྟེ་ཚེ་སྔ་མའི་འཇུག་པ་ཆད་པའི་ཚེ་སྲོག་འགག་པ་དང་ཤི་བས་བྱ་བ་གཉིས་བྱེད་དོ་ཞེས་ཙོང་ཁ་པ་ཆེན་པོས་གསུངས་པ་ནི་མ་དཔྱད་འཇིག་རྟེན་གྲགས་པར་ཡང་མི་འགྲུབ་སྟེ། ཤི་བས་སྐྱེ་བའི་རྒྱུ་བྱེད་ན་སྐྱེ་བ་སྔ་མའི་རིས་འདྲའི་རྒྱུ་བྱེད་དམ། དེ་དང་མི་འདྲ་བའི་རྒྱུ་བྱེད། དང་པོ་ལྟར་ན་དེ་གཏན་མི་འཆི་བར་ཐལ་བ་དང༌། གཉིས་པ་ལྟར་ན་འབྲས་བུ་རྒྱུ་དང་མཐུན་པའི་བལྟོས་པ་ལས་འབྱུང་མི་དགོས་པར་ཐལ་བ་དང༌། ཐལ་བ་གང་འདོད་ཀྱང་འཇིག་རྟེན་པ་ཆེར་བླུན་པ་གནག་རྫིས་ཀྱང་དེ་ལྟར་མི་སྨྲ་ན་དེ་སྐད་དུ་སྨྲ་བ་དེ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་མཐར་ཐུག་ཟླ་གྲགས་ཀྱི་ཁྱད་ཆོས་སུ་འདོད་པ་མི་རིགས་སོ། །དེས་ན་ཤི་བ་དང་ཞིག་པས་དངོས་པོ་གཞན་གྱི་རྒྱུ་བྱེད་ན་འདིའི་རང་འགྲེལ་དུ་མདོ་དྲངས་པར། འདུ་བ་ལས་ནི་འདུས་བྱས་འབྱུང་ངོ༌། །བྲལ་བ་ལས་ནི་འདུས་བྱས་མི་འབྱུང་ངོ༌། །ཚོགས་པ་ལས་ནི་འདུས་བྱས་འབྱུང་ངོ༌། །མ་ཚོགས་པ་ལས་ནི་འདུས་བྱས་མི་འབྱུང་ངོ༌། །ཞེས་སོགས་བྲལ་བ་དང་མ་ཚོགས་པ་དང་ཆད་པ་དང་ཞིག་པ་དང་འདས་པ་དང་འགགས་པས་དངོས་པོའི་རྒྱུན་མི་བསྐྱེད་པར་གསུངས་པ་འདི་ལྟ་བུ་ལའང་ཁྱེད་ཅག་བསྙོན་འདེབས་པར་ནུས་སམ། དེ་ལྟར་བཤད་པའི་གྲུབ་དོན་སླར་ཡང་མ་རིག་པ་འགགས་པས་འདུ་བྱེད་འགག་གོ་ཞེས་སོགས་ཀྱི་མདོ་རང་འགྲེལ་དུ་དྲངས་ནས། སེམས་རྣམ་པར་ཤེས་པ་ནི་དེར་བལྟོས་ཀྱི་རྒྱུ་ཡོད་པ་དེ་སྲིད་དུ་འབྱུང་གི། རྒྱུ་འགགས་པ་ན་འབྲས་བུ་སེམས་(༢༤༡བ)


K800_Page_494
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་ཡང་འཇིག་རྟེན་ཐ་སྙད་དུ་འགག་པར་གྲགས་སོ་ཞེས་བྱ་བ་འདི་ནི་སློབ་དཔོན་ཟླ་བའི་ཞབས་ཀྱི་ལེགས་པར་བཤད་པ་ཡིན་ལ། གནད་འདི་ཉིད་ཀྱིས་མི་འཕྲོག་པའི་མཁྱེན་པ་ཐམས་ཅད་དང་ལྡན་པ་རྫོགས་པའི་སངས་རྒྱས་ལའང་སེམས་དང་སེམས་ལས་བྱུང་བའི་རྣམ་པར་ཤེས་པའམ་ཡེ་ཤེས་མེད་དེ། དེའི་རྒྱུ་མ་རིག་པ་སོགས་གཏན་ལོག་པའི་ཕྱིར་ཞེས་འཇིགས་པ་མེད་པའི་སེང་གེའི་ང་རོ་ཆེན་པོ་བསྒྲགས་པ་ལས། ཇོ་བོའི་བཀའ་བརྒྱུད་འབྲོམ་སྟོན་ནས་དགེ་བའི་བཤེས་གཉེན་སྐུ་མཆེད་གསུམ་ལ་སོགས་པའི་སྐྱེས་བུ་གསུམ་གྱི་ལམ་རིམ་ཁྲིད་སྐོར་རྣམ་བཤད་ཐམས་ཅད་དུ་ཐལ་འགྱུར་བའི་ལུགས་ལ་སངས་རྒྱས་ལ་ཡེ་ཤེས་མེད་པར་བཞེད་དོ་ཞེས་དབྱངས་གཅིག་མགྲིན་གཅིག་པར་གསུངས་ནས་ཟབ་པ་དང་རྒྱ་ཆེ་བ་སྟོན་པའི་གླེགས་བམ་གྲངས་མེད་པར་ཡོད་པ་ལ། ལྕང་ར་དགེ་ལེགས་པས་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཤེས་བྱའི་ཆོས་གང་ཡང་ཤེས་པའི་ཀུན་མཁྱེན་ཡེ་ཤེས་མེད་དོ་ཞེས་སྨྲ་བ་དེ་ལས་ལོག་པར་ལྟ་བ་སུ་ཞིག་ཡོད་ཅེས་སྨོད་ཚིག་རྗེས་ཟློས་ཙམ་ཡང་བྱར་མི་རིགས་པ་མང་པོ་བྱེད་མོད། ཁྱེད་ཅག་གི་ལྟ་སྒོམ་སྤྱོད་པའི་ལུགས་འདི་བཀའ་གདམས་པའི་ལུགས་ཡིན་ནོ་ཞེས་ཀྱང་སྨྲ་བར་སྣང་བས། ཇོ་བོ་ཆེན་པོ་དང་འབྲོམ་སྟོན་ནག་ཚོ་ལོ་ཙཱ་བ་དགེ་བའི་བཤེས་གཉེན་སྐུ་མཆེད་གསུམ་ལ་སོགས་པ་སྐྱེས་བུ་དམ་པ་སངས་རྒྱས་དང་ས་ཆེན་པོར་བཞུགས་པའི་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་དེ་དག་གི་ལྟ་གྲུབ་མཐར་ཐུག་གི་དགོངས་དོན་རྣམས་ལ་རྣམ་དཔྱོད་ཟབ་མོས་ཞིབ་ཏུ་དཔྱད་དེ་སྨྲ་བར་གྱིས་ཤིག གཉིས་པ་ནི། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང༌། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །སེམས་ཉིད་(༢༤༢ན)


K800_Page_495
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་ལས་ཉོན་བསགས་པས་འཁོར་བའི་ཆོས་ཐམས་ཅད་གང་ཟག་རྣམས་ཀྱིས་ཐོབ་པར་བྱེད་དེ། སེམས་ཅན་གྱི་འཇིག་རྟེན་དམྱལ་བ་ནས་སྲིད་རྩེའི་བར་དང༌། སྣོད་ཀྱི་འཇིག་རྟེན་རླུང་དཀྱིལ་ནས་འོག་མིན་གྱི་བར་ཤིན་ཏུ་སྣ་ཚོགས་འགོད་པར་བྱེད་པའི་ཕྱིར། དེའང་རྨ་བྱའི་མདོངས་སོགས་ནི་ཐུན་མོང་མིན་པའི་ལས་ཀྱིས་བསྐྱེད་ལ། པདྨ་སོགས་ནི་སེམས་ཅན་ཐུན་མོང་བའི་ལས་ཀྱིས་བསྐྱེད་དེ། ཇི་སྐད་དུ། སེམས་ཅན་ལས་ཀྱི་དབང་གིས་རི། །ནག་པོ་དུས་སུ་སྐྱེས་ཏེ་དཔེར། །སེམས་དམྱལ་མཐོ་རིས་འཇིག་རྟེན་དུ། །མཚོན་དང་རིན་ཆེན་ཤིང་བཞིན་ནོ། །ཞེས་གསུངས་སོ། །དེས་ན་སྣོད་ཀྱི་འཇིག་རྟེན་ནའང་ལྕགས་སྲེག་རང་གིས་བདེན་གྲུབ་པ་སྐྱེས་བུའི་ལག་པས་ཞུན་ཐར་བྱས་པ་སོགས་རང་བདེན་པ་ལ་མ་བལྟོས་པར་ལས་ཀྱི་རྒྱུའི་བལྟོས་པ་ལས་དམྱལ་བར་ལྕགས་སྲེག་ཞུན་མའི་འབྲས་བུ་ཡང་རྒྱུ་དེའི་རྐྱེན་ཙམ་ལ་བལྟོས་ནས་འབྱུང་བ་རྨི་ལམ་བཞིན་ཡིན་པ་ལ་ལྕགས་སྲེག་གི་རྒྱུ་རང་བདེན་པར་ཞེན་ནས་དེའི་རྒྱུ་དངོས་པོར་སྨྲ་བའི་བྱེ་མདོ་དག་ཕྲ་རབ་ཀྱི་རྡུལ་རྫས་གྲུབ་པ་ཞིག་འཚོལ་བར་བྱེད་ལ། རྣམ་རིག་པ་དག་རྣམ་ཤེས་བདེན་གྲུབ་པ་ཞིག་འཚོལ་བར་བྱེད་ཀྱང་ཆོས་དེ་དག་ལས་རྒྱུ་འབྲས་རང་བདེན་པ་ཡོད་པ་མིན་ཏེ། ཁོ་བོའི་མགུར་མར། རྒྱུ་མཚན་མེད་པའི་རྒྱུ་རྐྱེན་ལས། །རྒྱུ་མཚན་བཏགས་པའི་རྒྱུ་འབྲས་ཀྱི། །སྐྱེ་འགག་བྱས་པའི་སྐྱེ་འགག་ལ། །རྒྱུ་མཚན་རང་བདེན་ཡོད་པ་ལྟར། །དངོས་འཛིན་ཅན་ལ་སྣང་ཞིང་འཛིན། །སྣང་དང་འཛིན་པ་དེ་བྲལ་ན། །དངོས་པོར་སྣང་དང་དེར་འཛིན་པའི། །རྒྱུ་མཚན་མེད་པའི་རྒྱུ་མཚན་ཀུན། །གཉིད་སད་རྨི་ལམ་(༢༤༢བ)


K800_Page_496
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་དུ། །དམིགས་མེད་མཁའ་དང་གལ་ཏེ་ན། །སྒྱུ་མའི་གྲོང་ཁྱེར་ལྟར་གཟིགས་པའི། །སངས་རྒྱས་མཉན་པ་གྲུབ་ཐོབ་དེར། །དངོས་པོ་ཀུན་གྱིས་ཕྱག་འཚལ་ལོ། །ཞེས་ཀྱང་འབྱུང་བའི་ཕྱིར། དེས་ན་ཕྱི་ནང་གི་འགྲོ་བ་མ་ལུས་པ་ཐུན་མོང་དང་ཐུན་མོང་མིན་པའི་ལས་ལས་སྐྱེས་པར་གསུངས་ཤིང༌། ལས་ཀྱང་སེམས་དང་བཅས་པ་ཁོ་ནས་སོག་གི་སེམས་སྤངས་ནས་ནི་ལས་ཀྱང་སོག་པ་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། གལ་ཏེ་གཟུགས་ཡོད་མོད་ཀྱིད་དེ་ལ་ནི། །སེམས་བཞིན་བྱེད་པ་པོ་ཉིད་ཡོད་མ་ཡིན། །གལ་ཏེ་གཟུགས་ཀྱང་ཐ་སྙད་དུ་སེམས་བཞིན་ཡོད་མོད་ཀྱི། དེ་ལ་ནི་སེམས་བཞིན་འགྲོ་བའི་རྒྱུ་ལས་སོག་པའི་བྱེད་པ་པོ་ཉིད་ནི་ཡོད་པ་མ་ཡིན་ཏེ། བེམ་པོ་ལ་བློའི་བྱ་བ་ཡོད་པ་མ་ཡིན་པའི་ཕྱིར། གསུམ་པ་ནི། དེས་ན་སེམས་ལས་གཞན་པའི་བྱེད་པ་པོ། །བཟློག་གི་གཟུགས་ནི་བཀག་པ་མ་ཡིན་ནོ། །བདག་དང་གཙོ་བོ་སོགས་དང་སེམས་ལ་བྱེད་པོ་ཡིན་མིན་གྱི་རྩོད་པ་ཡོད་ཀྱི། གཟུགས་ལ་ཡོད་པ་མ་ཡིན་པ་དེས་ན་སེམས་ལས་གཞན་པའི་གཙོ་བོ་སོགས་བྱེད་པ་པོ་ཡིན་པ་བཟློག་གི། གཟུགས་ནི་བྱེད་པོར་བཀག་དགོས་པ་མ་ཡིན་ཏེ། དཔེར་ན། ཡུལ་གཅིག་ལ་རྩོད་པའི་རྒྱལ་པོ་གཉིས་ལས་གཅིག་བཏོན་ནས་གཅིག་གིས་ཡུལ་ཐོབ་པ་ན། གཉིས་ཀ་ལ་མཁོ་བའི་འབངས་མི་འདོན་པ་བཞིན་སེམས་དང་གཙོ་བོ་སོགས་གང་བྱེད་པོར་འདོད་ཀྱང་གཟུགས་མཁོ་བས་དགག་པར་མི་རིགས་ཤིང༌། དེ་མ་དཔྱད་པར་ཐ་སྙད་དུ་ཡོད་པའི་ཕྱིར། གསུམ་པ་ལ། གཉིས་ཀ་བདེན་གཉིས་ཡོད་མོད་མཚུངས་པ་དང༌། བདེན་གཉིས་བཤིགས་ནས་རྫས་མི་འགྲུབ་པ་དང༌། དོན་བསྡུ་བ་གསུམ། དང་པོ་ལ། རིགས་པ་དང༌། ལུང་གི་སྒྲུབ་བྱེད་མཚུངས་པ་གཉིས། དང་པོ་ལ། སྐྱེས་འཕགས་གཉིས་ཀྱི་བློ་ངོར་མཚུངས་པ་དང༌། དཔྱད་མ་(༢༤༣ན)


K800_Page_497
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་དུ་མཚུངས་པ་གཉིས། དང་པོ་ནི། འཇིག་རྟེན་པ་ཡི་དེ་ཉིད་ལ་གནས་ལ། །ཕུང་པོ་འཇིག་རྟེན་གྲགས་ཏེ་ལྔ་ཆར་ཡོད། །དེ་ཉིད་ཡེ་ཤེས་འཆར་བར་འདོད་པ་ན། །རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར། །ཕྱི་དོན་མེད་ལ་ནང་ཤེས་པ་ཡོད་པ་ནི་བྱིས་བློ་ལས་ཡིན་ནམ་འཕགས་པའི་གཟིགས་ངོ་ནས་ཡིན། དང་པོ་ལྟར་ན་དེ་ངོར་དེ་ལྔ་ཅར་ཡོད་དེ། གོང་དུ་བསྟན་པ་ལྟར་བློ་འཇིག་རྟེན་པ་ཡི་མཐོང་བའི་དེ་ཁོ་ན་ཉིད་ལ་གནས་པ་ལ་ནི་ཕུང་པོ་ལྔ་ཆར་ཡོད་མཚུངས་སུ་འཇིག་རྟེན་ལ་གྲགས་པ་སྟེ། དེ་ཉིད་ཀྱི་ཕྱིར། གཉིས་པ་ལྟར་ན་རྣལ་འབྱོར་པ་ལ་དེ་ངོར་ལྔ་ཅར་འབྱུང་བར་མི་འགྱུར་ཏེ། དེ་ཉིད་རྟོགས་པའི་ཡེ་ཤེས་འཆར་བར་འདོད་པ་ན་སྟེ་རྟོགས་པ་ན་སྤྲོས་མཚན་ཐམས་ཅད་ཉེ་བར་ཞི་བའི་ཕྱིར། གཉིས་པ་ནི། གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཅིག །སེམས་ཡོད་ཉིད་ནའང་གཟུགས་མེད་མ་འཛིན་ཅིག །གཟུགས་མེད་སེམས་ཡོད་ནི་དཔྱད་མ་དཔྱད་གཉིས་ཀར་མི་འཐད་དེ། དཔྱད་ཚེ་གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཅིག་སྟེ། དེ་གཉིས་བལྟོས་བཞག་ཡིན་པའི་ཕྱིར། མ་དཔྱད་ན་ནི་སེམས་ཡོད་ཉིད་ནའང་གཟུགས་མེད་མ་འཛིན་ཅིག་སྟེ། དེ་འཇིག་རྟེན་ན་ཡོད་པར་གྲགས་པའི་ཕྱིར། གཉིས་པ་ནི། དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་པར་སྤངས་ཤིང་མངོན་པའི་ཆོས་ལས་གསུངས། །གཟུགས་མེད་སེམས་ཡོད་དེ་ངེས་པ་དང་དྲང་བའི་ལུང་གང་གི་ཡང་དོན་དུ་མི་འཐད་དེ། གཟུགས་སེམས་དེ་དག་ཡུམ་སོགས་ཤེས་རབ་ཚུལ་མདོར་གཟུགས་ནི་རང་བཞིན་གྱིས་སྟོང་ངོ་ཞེས་པ་ནས་རྣམ་ཤེས་ནི་རང་བཞིན་གྱིས་སྟོང་ངོ་ཞེས་སངས་རྒྱས་ཀྱིས་མཚུངས་པར་སྤངས་ཤིང༌། མངོན་པའི་ཆོས་ལས་རང་སྤྱིའི་མཚན་ཉིད་སོགས་རབ་ཏུ་དབྱེ་བས་ལྔ་ཆར་ཡོད་པར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། བདེན་གཉིས་རིམ་པ་འདི་དག་བཤིག་ནས་ཀྱང༌། །ཁྱོད་ཀྱི་རྫས་ནི་བཀག་པས་འགྲུབ་མི་འགྱུར། །གཟུགས་མེད་སེམས་ཡོད་དུ་སྨྲ་བ་ནི་ངལ་བ་དོན་མེད་ཡིན་ཏེ། དེ་ལྟར་སྨྲ་ན་ལུང་རིགས་གྲགས་པ་དང་མཐུན་པའི་ཇི་སྐད་བཤད་པའི་བདེན་གཉིས་རིམ་པ་འདི་དག་བཤིག་པར་འགྱུར་ལ། དེ་བཤིགས་ནས་(༢༤༣བ)


K800_Page_498
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཁྱོད་ཀྱི་གཞན་དབང་གི་རྫས་ནི་བཀག་པས་འགྲུབ་པར་མི་འགྱུར་བའི་ཕྱིར། གསུམ་པ་ནི། དེ་ཕྱིར་དེ་ལྟའི་རིམ་པས་དངོས་གདོད་ནས། །དེ་ཉིད་མ་སྐྱེས་འཇིག་རྟེན་སྐྱེས་རིག་བྱ། །དེས་ན་དངོས་པོ་ཐམས་ཅད་གདོད་ནས་དེ་ཉིད་དུ་མ་སྐྱེས་ཤིང༌། འཇིག་རྟེན་གྱི་ཐ་སྙད་ཙམ་དུ་སྐྱེས་པར་རིག་པར་བྱ་དགོས་ཏེ། བཤད་པ་དེའི་ཕྱིར་དེ་ལྟའི་ལུང་རིགས་ཀྱི་རིམ་པས་འགྲུབ་པའི་ཕྱིར་རོ། །གཉིས་པ་ལ། མདོ་ལས་སེམས་ཙམ་དུ་གསུངས་པ་དྲང་དོན་དུ་བསྟན། དེའི་སྒྲུབ་བྱེད་ཀྱི་ལུང་རིགས་བཤད། ཞར་ལ་དྲང་ངེས་ཀྱི་རྣམ་དབྱེ་བསྟན་པ་གསུམ། དང་པོ་ནི། མདོ་སྡེ་གང་ལས་ཕྱི་རོལ་སྣང་ཡོད་མིན། །སེམས་ནི་སྣ་ཚོགས་སྣང་ངོ་ཞེས་གསུངས་པ། །གཟུགས་ལ་ཤིན་ཏུ་ཆགས་གང་དེ་དག་ལ། །གཟུགས་བཟློག་པ་སྟེ་དེ་ཡང་དྲང་དོན་ཉིད། །ཡང་ས་བཅུ་པའི་མདོ་དོན་དེ་དག་གིས་དེ་ལྟར་བཤད་དུ་ཆུག་ཀྱང་ལུང་གཞན་ལས་སེམས་ཙམ་དུ་ངེས་ཏེ། ལང་གཤེགས་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང༌། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་ལུས་ནི་མིག་སོགས་དང༌། ཡུལ་ནི་གཟུགས་སོགས་དང༌། གནས་ནི་སྣོད་ཀྱི་འཇིག་རྟེན་ཏེ། སེམས་ལས་ཕྱི་རོལ་དུ་མ་གྲུབ་པར་སེམས་ཙམ་དེ་ལུས་ལ་སོགས་པར་སྣང་བ་དེ་སེམས་ལས་ཐ་དད་དུ་ཕྱི་རོལ་ལྟར་མངོན་པས་ཁམས་གསུམ་སེམས་ཙམ་མོ་ཞེ་ན། མདོ་སྡེ་གང་ལས་ཕྱི་རོལ་དོན་ཡོད་མིན་ཀྱང་སེམས་ཉིད་ལུས་ལ་སོགས་པ་སྣ་ཚོགས་པར་སྣང་ངོ་ཞེས་གསུངས་པ་དེ་ནི་དགོངས་པ་ཅན་ཡིན་ཏེ། དགོངས་གཞི་གཟུགས་ལ་ལྷག་པར་ཆགས་པ་དེའི་རྐྱེན་གྱིས་ཆགས་སོགས་ལ་ཞུགས་ནས་སྡིག་ཆེན་པོ་སོག་ཅིང༌། ཚོགས་གཉིས་ལས་ཉམས་པར་འགྱུར་བ་གང་དེ་དག་ལ་ཀུན་མཁྱེན་གྱིས་གཟུགས་ཀྱི་རྐྱེན་ཅན་གྱི་ཆགས་སོགས་སྤོང་ཆེད་དུ་མི་སྡུག་པ་སྒོམ་པར་གསུངས་པ་ལྟར་གཟུགས་བཟློག་པ་(༢༤༤ན)


K800_Page_499
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི། དེ་བཟློག་ནས་སེམས་ཡོད་ཆེད་དུ་དེར་བསྟན་པ་མ་ཡིན་པའི་ཕྱིར་ཏེ། མདོ་དེ་ཡང་དྲང་དོན་ཉིད་དུ་གསུངས་པའི་ཕྱིར། གཉིས་པ་ལ། ལུང་དང༌། རིགས་པའི་སྒྲུབ་བྱེད་གཉིས། དང་པོ་ལ། མདོ་འདི་དྲང་དོན་ཡིན་པའི་སྒྲུབ་བྱེད། དེས་འདི་འདྲའི་མདོ་གཞན་ཡང་དྲང་དོན་དུ་བསྟན་པ་གཉིས། དང་པོ་ནི། འདི་ནི་སྟོན་པས་དྲང་དོན་ཉིད་གསུངས་ཤིང༌། །འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད། །མདོ་འདི་ནི་འོག་ནས་འཆད་པ་ལྟར་ལང་གཤེགས་སུ་སྟོན་པས་དྲང་དོན་ཉིད་དུ་གསུངས་ཤིང༌། འདི་ནི་དྲང་དོན་ཉིད་དུ་འཆད་འགྱུར་གྱི་ནི་རིགས་པས་འཐད་དོ། །གཉིས་པ་ནི། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །མདོ་འདི་དྲང་དོན་ཡིན་པར་མ་ཟད། རྣམ་རིག་པས་ངེས་དོན་དུ་འདོད་པའི་སྒྲས་བསྟན་བདག་བདེན་གྱི་རྣམ་པ་དེ་ལྟ་བུའི་མདོ་དེ་འཕགས་པ་དགོངས་པ་ངེས་འགྲེལ་སོགས་ལས་བརྟགས་པ་མེད་པ་ཉིད་དང༌། གཞན་གྱི་དབང་ཡོད་པ་ཉིད་དང༌། ཡོངས་སུ་གྲུབ་པ་ཡོད་པ་ཉིད་དོ། །ཞེས་དང༌། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་ལྟར་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཅེས་མང་དུ་འབྱུང་བ་གཞན་ཡང་ནི། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་སོགས་ཀྱི་ལུང་འདིས་དྲང་དོན་ཉིད་དུ་གསལ་བར་བྱེད་དེ། སྟོན་པས་སེམས་ཙམ་གསུངས་པའང་གདུལ་བྱའི་བསམ་པའི་ཁྱད་པར་ལ་བལྟོས་ནས་གསུངས་པའི་ཕྱིར། སྨན་པས་ནད་དབང་ཐ་དད་ཀྱིས་དུག་ཀྱང་སྨན་དུ་གཏོང་བ་བཞིན། དེས་ན་དངོས་པོར་ལྟ་བ་ལ་དང་པོ་ནས་དངོས་པོ་ཐམས་ཅད་རང་བཞིན་གྱིས་ཡོད་པ་(༢༤༤བ)


K800_Page_500
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་ན་སྐྲག་སྟེ་བསྟན་པ་ལ་མི་འཇུག་པས་དེ་འཇུག་ཆེད་དུ་དངོས་པོའི་རང་བཞིན་ཡོད་པ་ལྟར་བསྟན་ཏེ། ཇི་སྐད་དུ། གང་ཞིག་གང་ལ་གང་དགའ་བ། །དེ་ལ་དེ་དེ་སྔར་བཤད་བྱ། །ཉམས་པར་འགྱུར་བ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར། དེས་ན་ལང་གཤེགས་ལས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ཞུ་བ་ཞུ་ལན་གྱི་སྒོ་ནས་བདེ་གཤེགས་སྙིང་པོ་རྟག་བདག་བདེན་གྲུབ་བྱེད་པོ་ཡོན་ཏན་མེད་པ་ཁྱབ་པ་འཇིག་མེད་དུ་བསྟན་པ་དགོས་པའི་དབང་གིས་དྲང་དོན་ཡིན་པར་གསུངས་པ་དེ་རང་འགྲེལ་དུ། བཅོམ་ལྡན་འདས་ཀྱི་ཞེས་པ་ནས་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ་ཞེས་པའི་བར་རྒྱས་པར་དྲངས་ཡོད་པས་དེར་བལྟ་བར་བྱའོ། །དོན་ནི་འདི་ཡིན་ཏེ། བདེ་གཤེགས་སྙིང་པོ་རྟག་རྫས་བདེན་པ་བར་སྟོང་པ་ནི། དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་ལས། དགོས་པ་ནི། དངོས་འཛིན་ཅན་གྱི་གདུལ་བྱ་རིམ་གྱི་བཀྲི་ཆེད་ཡིན་ཅེས་བཤད་ཟིན་པ་དང༌། ཁྱད་པར་གདུལ་བྱའི་རིས། ཇི་སྐད་དུ། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་བསྟན་པ་ལྟར་གྱི་གང་ཟག་དེ་དག་གི་ངོར་དེ་ལྟར་བསྟན་དགོས་པའོ། །དགོངས་གཞི་ནི། འཕགས་པའི་ཡུལ་དུ་དབུ་སེམས་གཉིས་ཀྱི་བཞེད་པ་མི་འདྲ་བ་གཉིས་བྱུང་བར་སྣང་སྟེ། རྣལ་འབྱོར་སྤྱོད་པ་རྣམས་ནི་རྒྱན་སྟུག་པོ་བཀོད་པ་དང་ལང་གཤེགས་སོགས་ཀྱི་དོན་དུ་བསམས་ནས་ཀུན་གཞིའི་རྣམ་ཤེས་ལ་འདོད་པ་དང༌། ཁ་ཅིག་ཀུན་(༢༤༥ན)


K800_Page_501
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་སྟེང་གི་རྣམ་བྱང་གི་ས་བོན་ལ་འདོད་པ་དང༌། ཁ་ཅིག་གཞན་དབང་ཀུན་བརྟགས་ཀྱིས་སྟོང་པའི་ཡོངས་གྲུབ་ཀྱི་དངོས་པོ་ལ་འདོད་པ་དང༌། ཁ་ཅིག་དྲི་མ་མེད་པའི་ཡིད་བྱ་བ་རྣམ་ཤེས་ཚོགས་དགུ་པ་ཞིག་ཏུ་འདོད་པའང་ཡོད་དོ། །ངོ་བོ་ཉིད་མེད་པར་སྨྲ་བ་ནི། དཔྱད་པའམ་འཕགས་པའི་གཟིགས་ངོ་ན་ཡོད་མེད་སོགས་ཉེ་བར་ཞི་བའི་ཚུལ་དུ་སངས་རྒྱས་དང་སེམས་ཅན་སོ་སོ་བ་དག་གི་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པར་མཉམ་ཉིད་དུ་གྱུར་ཀྱང་མ་དཔྱད་འཇིག་རྟེན་གྱི་ངོར་འཁོར་འདས་ཀྱི་རྣམ་གཞག་བྱེད་པ་ན་སངས་རྒྱས་བསྒྲུབ་པའི་རིགས་སེམས་ཅན་གྱི་རྒྱུད་ལ་ཡོད་པ་དང༌། རིགས་དེ་ལས་རྫོགས་པའི་སངས་རྒྱས་ཀྱི་སྐུ་གདུལ་བྱ་དང་འཚམས་པར་འཕྲོ་བ་ལ་དགོངས་ནས་གསུངས་པ་ཡིན་ཏེ། ཇི་སྐད་དུ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཅེས་འབྱུང་བའི་ཕྱིར། དངོས་ལ་གནོད་བྱེད་ནི། མདོར་བསྟན་པའི་སྒྲས་ཟིན་གྱི་སྙིང་པོ་དེ་ལྟར་ན་དོན་དམ་པར་ལྟ་ཞོག་ཐ་སྙད་ཙམ་དུའང་མི་འགྲུབ་སྟེ། བཅོམ་ལྡན་འདས་ཉིད་ཀྱིས་བཀག་པའི་ཕྱིར་དང༌། མདོ་སྡེ་མྱང་འདས་སོགས་ལས་སེམས་ཅན་ཐམས་ཅད་ལ་མཚན་དཔེའི་ཡོན་ཏན་མེད་པར་ཡང་ཡང་གསུངས་པ་དང༌། མ་དག་པའི་གནས་སྐབས་ན་རྟག་པ་དང་བདག་དང་བདེ་བ་དང་ཡོངས་སུ་དག་པ་མེད་པར་དཔལ་ཕྲེང་དང་མྱང་འདས་དང་རྒྱུད་བླ་རྩ་འགྲེལ་སོགས་ནས་ཡང་ཡང་གསུངས་པའི་ཕྱིར་དང༌། བདེར་གཤེགས་སྙིང་པོ་བདག་དང་མ་བྱས་པའི་དངོས་པོར་འདོད་པ་འདི་ལྟར་ན་ཕྱི་(༢༤༥བ)


K800_Page_502
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པའི་བདག་དགག་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར། འགྲེལ་བཤད་ལས། སྙིང་པོ་དྲང་དོན་དུ་བསྟན་པ་ལྟར་སེམས་ཙམ་ཡང་དྲང་དོན་དུ་བསྟན་པ་ཡིན། ཅེས་དང༌། ཁ་ཅིག་སེམས་དེ་ཉིད་ལ་བཅོམ་ལྡན་འདས་ཀྱིས་བདེར་གཤེགས་སྙིང་པོར་གསུངས་པ་ཡིན་ཏེ། ལང་གཤེགས་ལས། བློ་གྲོས་ཆེན་པོ་ཡང་དགེ་བ་དང་མི་དགེ་བ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་བརྒྱད་རྣམས་སོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཀུན་གཞིའི་རྣམ་པར་ཤེས་པ་བསྒྲགས་པ་དང༌། ཞེས་སོགས་འབྱུང་བའི་ཕྱིར། སྙིང་པོ་ཉིད་དྲང་དོན་དུ་བསྟན་པས་ཀུན་གཞིའི་རྣམ་ཤེས་ཀྱང་དྲང་དོན་དུ་བསྟན་པ་ཡིན་ནོ། །དེ་བཞིན་དུ་རིགས་ཆད་དང༌། རིགས་གཏན་ངེས་དང༌། མཐར་ཐུག་ཐེག་པ་གསུམ་དུ་ངེས་པ་དང༌། གཞན་སྟོང་དང༌། རང་རིག་བསྟན་པའི་ལུང་ཐམས་ཅད་ལང་གཤེགས་ཀྱི་ལུང་གིས་དྲང་དོན་དུ་བསྟན་ཏོ། །གཉིས་པ་ནི། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས༌། །ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོར་ཤེས་བྱ་དགག་པར་མཛད་པ་ཡིན། །ཡུལ་ཤེས་བྱ་མེད་ན་ཡུལ་ཅན་ཤེས་པ་བསལ་བ་ནི་བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས་ཏེ། ཡུལ་དང་ཡུལ་ཅན་བལྟོས་ནས་བཞག་པའི་ཕྱིར། སྟོན་པས་སྦྱིན་སོགས་བསོད་ཚོགས་སྔོན་དུ་འགྲོ་བས་ཡེ་ཤེས་ཀྱི་ཚོགས་ལ་འཇུག་པ་བཞིན་དང་པོར། ཕྱིར་རོལ་སྣང་བ་ཡོད་མེད་དེ། །ཞེས་སོགས་ཀྱིས་ཤེས་བྱ་དགག་པར་མཛད་པ་ཡིན་ཏེ། ཤེས་བྱ་བདག་མེད་པར་རྟོགས་ན་ཕྱིས་ཤེས་པ་བཀག་པ་ཉིད་འགྲུབ་པས་དེ་ཉིད་ཀྱི་ཕྱིར། དེའང་ཤེས་བྱ་མེད་ན་ཤེས་པ་མེད་པ་ནི། རེས་འགའ་རང་ཉིད་ཁོ་ནས་རྟོགས་ལ། རེས་འགའ་ཅུང་ཟད་ཉེ་བར་བསྟན་པས་ཀྱང་རྟོགས་པར་འགྱུར་རོ། །གསུམ་པ་ནི། (༢༤༦ན)


K800_Page_503
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ལུང་གི་ལོ་རྒྱུས་ཤེས་བྱས་ཏེ། །མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །དྲང་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང༌། །སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས། །ཤེས་རབ་ཅན་དག་གིས་བཤད་མ་ཐག་པའི་དྲང་ངེས་ཀྱི་བརྗོད་བྱ་དེ་ལྟར་དཔྱད་ནས་ལུང་གི་ལོ་རྒྱུས་ཏེ་གང་གིས་བརྗོད་བྱ་དྲང་ངེས་སྟོན་ཅེས་ཤེས་པར་བྱས་ཏེ། མདོ་སྡེ་གང་རྟེན་འབྲེལ་སྐྱེ་སོགས་ཀྱི་མཐའ་བརྒྱད་དང་བྲལ་བའི་དེ་ཉིད་དངོས་སུ་གསལ་བར་བྱེད་པ་ཉིད་མ་ཡིན་པར། དངོས་སུ་སྐྱེ་འགག་རང་བདེན་པ་སོགས་བཤད་པའི་དོན་ཅན་ནི་ཟབ་དོན་ལ་འཇུག་ཆེད་དྲང་དོན་ཉིད་དུ་གསུངས་པའང་རྟོགས་པར་བྱས་ནས་ལུང་དེས་དེས་འདུལ་གྱི་གདུལ་བྱ་རྣམས་དམ་པའི་དོན་དུ་དྲང་བར་བྱ་ཞིང་བཤད་པར་བྱ་སྟེ། དེ་ཡང་དངོས་པོར་སྨྲ་བས་འབྱུང་བ་ས་ཆུ་མེ་རླུང་ནི་རེག་བྱ་ཉིད་ཀྱི་ཕྱིར་མིག་གི་མཐོང་བྱ་མ་ཡིན་ལ། གཟུགས་ནི་དེ་ལྟར་མིན་པས་མིག་གི་མཐོང་བྱའོ་ཞེས་སྨྲའོ། །དེ་ལ་དབུ་མ་པས་དེ་ལྟར་ན་རྒྱུ་འབྱུང་བའི་རེག་བྱ་མིག་གིས་གཟུང་བ་མ་ཡིན་པ་དེས་བསྐྱེད་པའི་འབྲས་བུ་གཟུགས་ཀྱང་མི་འགྲུབ་པས་གཟུགས་མིག་གི་བལྟ་བྱ་མ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ་ཞེས་དྲང་དོན་གྱི་ངག་ལས་ཀྱང་ངེས་དོན་གྱི་རྟོགས་པ་ཐབས་མཁས་པ་ཉིད་ཀྱིས་སྐྱེད་པར་བྱེད་པའི་ཕྱིར། འཇིག་རྟེན་འདས་བསྟོད་ལས། འབྱུང་རྣམས་མིག་བཟུང་མ་ཡིན་ན། །དེ་བྱུང་མིག་བཟུང་ཇི་ལྟར་ཞེས། །གཟུགས་ལ་དེ་སྐད་གསུངས་པ་ན། །ཁྱོད་ཀྱི་གཟུགས་ཀྱི་འཛིན་པ་བཟློག །ཅེས་འབྱུང་ངོ༌། །གཞན་ཡང་དངོས་པོར་སྨྲ་བས་མདོ་ལས་མི་རྟག་པའི་དོན་ནི་ཡོད་པ་སྔ་མ་འགྱུར་བའི་མེད་དོན་ཅན་གྱིས་ཕྱི་མ་ཡོད་དོན་ཅན་དུ་བྱེད་དོ་སྙམ་པ་ལ། དབུ་མ་པས་མི་རྟག་མེད་དོན་ཅན་དུ་སྨྲ་བས་ཀྱང་མི་རྟག་པ་བདེན་དངོས་སུ་མི་འགྲུབ་པས་དངོས་སྨྲ་(༢༤༦བ)


K800_Page_504
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངེས་དོན་དྲང་དོན་ཉིད་དུ་འགྱུར་བས་ལུང་དེའང་ངེས་དོན་སྟོང་པ་ཉིད་ལ་འཇུག་པའམ་དྲང་བའི་ཆེད་དུ་ཤེས་པར་བྱ་དགོས་སོ་ཞེས་འདོམས་པར་བྱེད་དོ། །མདོ་གང་རྟེན་འབྲེལ་སྐྱེ་སོགས་མཐའ་བརྒྱད་དང་བྲལ་བར་སྟོང་ཉིད་དུ་དངོས་སུ་སྟོན་བྱེད་ཀྱི་དོན་ཅན་དེ་ནི་ངེས་དོན་དུ་ཡང་དག་པར་ཤེས་པར་གྱིས་ཤིག་སྟེ། མདོ་དོན་དེ་གཞན་དུ་དྲང་བར་མི་ནུས་པའི་ཕྱིར། དྲང་ངེས་ཀྱི་རྣམ་གཞག་འདི་ལྟར་ཡིན་པར་འཕགས་པ་ཏིང་རྒྱལ་ལས། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་དང༌། འཇིག་རྟེན་ཁམས་ནི་སྟོང་ཕྲག་ཏུ། །ང་ཡིས་མདོ་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲགས་པར་ནུས་མ་ཡིན། །དངོས་པོ་གཅིག་ནི་བསམ་བྱས་ན། །དེ་དག་ཐམས་ཅད་བསྒོམ་འགྱུར་ཏེ། །སངས་རྒྱས་ཀུན་གྱི་ཆོས་མང་པོ། །འཇིག་རྟེན་རབ་ཏུ་བསྟན་པ་རྣམས། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །མི་གང་དོན་ལ་མཁས་རྣམས་ཀྱིས། །གནས་འདི་ལ་ནི་བསླབ་བྱས་ན། །སངས་རྒྱས་ཆོས་རྣམས་རྙེད་མི་དཀའ། །ཞེས་དང༌། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། དྲང་བའི་དོན་གྱི་མདོ་གང་ཞེ་ན། མདོ་གང་ལས་ཀུན་རྫོབ་ཀྱི་བདེན་པ་གསུངས་པ་དེ་ནི་དྲང་བའི་དོན་ཡིན་ནོ། །ངེས་པའི་དོན་གྱི་མདོ་གང་ཞེ་ན། མདོ་གང་ལས་དོན་དམ་པའི་བདེན་པ་མངོན་དུ་བྱ་བའི་ཕྱིར་གསུངས་པ་འདི་ནི་ངེས་པའི་དོན་ནོ། །མདོ་གང་ལས་ཚིག་དང་ཡི་གེ་སྣ་ཚོགས་གསུངས་(༢༤༧ན)


K800_Page_505
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་དྲང་བའི་དོན་ཡིན་ལ། མདོ་གང་ལས་ཟབ་པ་བལྟ་བར་དཀའ་བ་ཁོང་དུ་ཆུད་པར་དཀའ་བར་གསུངས་པ་དེ་ནི་ངེས་པའི་དོན་ནོ། ། མདོ་གང་ལས་བདག་དང་སེམས་ཅན་དང་སྲོག་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་དང་ཤེད་ལས་སྐྱེས་དང་ཤེད་བུ་དང་བྱེད་པོ་དང་ཚོར་བ་པོའི་སྒྲ་དང་སྐད་སྣ་ཚོགས་པ་བདག་པོ་མེད་པ་ལ་བདག་པོ་ཡོད་པ་བཞིན་དུ་གསུངས་པ་དེ་ནི་དྲང་བའི་དོན་ཡིན་ལ། མདོ་གང་ལས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་བྱེད་པ་མེད་པ་དང་མ་བྱུང་བ་དང་མ་སྐྱེས་པ་དང་དངོས་པོ་མེད་པ་དང་སེམས་ཅན་མེད་པ་དང་སྲོག་མེད་པ་དང་གང་ཟག་མེད་པ་དང་བདག་མེད་པ་དང་རྣམ་པར་ཐར་པའི་སྒོ་གསུངས་པ་དེ་ནི་ངེས་པའི་དོན་ཡིན་ནོ། །ཞེས་འབྱུང་བས། དེའི་དོན་ནི་དངོས་བསྟན་གྱི་མདོ་དོན་ལ་རིགས་པས་གནོད་པ་ཡོད་པ་དེ་ནི་དྲང་དོན་ཡིན་ཏེ། གདུལ་བྱ་ཐོག་མར་ལམ་ལ་འཇུག་ཅིང་རྒྱུད་སྨིན་ཆེད་དུ་ཚིག་དང་ཡི་གེ་སྣ་ཚོགས་ཀྱི་སྒོ་ནས་གང་ཟག་སོ་སོའི་བློ་འདོད་དང་བསྟུན་ནས་ཀུན་རྫོབ་བདེན་པ་སྟོན་པ་ཤས་ཆེ་བ་དང༌། དེ་ལྟར་བསྟན་པའི་དངོས་ཀྱི་སྒྲས་ཟིན་ལ་རིགས་པས་གནོད་ཀྱང་གདུལ་བྱ་རིམ་གྱིས་བཀྲི་ཐབས་སུ་གསུངས་པའི་ཕྱིར། དངོས་བསྟན་གྱི་མདོ་དོན་ལ་རིགས་པས་གནོད་པ་མེད་པ་ནི་ངེས་དོན་ཡིན་ཏེ། གདུལ་བྱ་འབྲས་བུ་ལ་འཇུག་ཅིང་རྒྱུད་གྲོལ་བའི་ཆེད་དུ་ཟབ་པ་དང་བལྟ་དཀའ་བ་དང་གདོད་ནས་དབེན་པ་ཉིད་ཀྱི་སྒོ་ནས་འཕགས་པའི་ཡེ་ཤེས་དང་མཐུན་པར་དོན་དམ་བདེན་པ་སྟོན་པ་ནི་དངོས་འཛིན་ལ་རིགས་པས་མི་གནོད་ཅིང་བསྟན་པའི་མོད་ལ་དོན་ཁོང་དུ་ཆུད་ནས་ཐར་པ་(༢༤༧བ)


K800_Page_506
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བྱེད་པའི་ཕྱིར། འོ་ན་འཕགས་པ་དགོངས་པ་ངེས་འགྲེལ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་མདོ་རྣམས་དྲང་དོན་དང༌། ཀུན་བརྟགས་མེད་ཅིང་གཞན་དབང་དང་ཡོངས་གྲུབ་ཡོད་པར་སྟོན་པ་རྣམས་ངེས་དོན་དུ་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། འདི་ལ་སེམས་ཙམ་པ་ན་རེ། དེ་ནི་སྒྲ་ཇི་བཞིན་པ་སྟེ་ཡུམ་སོགས་འཁོར་ལོ་བར་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པ་ནི་དྲང་དོན་དང༌། མདོ་འདི་སོགས་འཁོར་ལོ་ཐ་མར་མཚན་ཉིད་གསུམ་ལས་ཡོད་མེད་སོ་སོར་སྟོན་པ་རྣམས་ངེས་དོན་ཡིན་ནོ་ཞེས་ཟེར་རོ། །དེ་ནི་བཅོམ་ལྡན་འདས་ཀྱི་དགོངས་པ་མ་ལོན་བཞིན་སྨྲས་པར་ཟད་དེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དབེན་པ་སོགས་དངོས་བསྟན་དེ་ངེས་དོན་ཡིན་པར་གྱུར་པའི་ཕྱིར་ཏེ། དེ་ལ་གནོད་པ་མེད་ཅིང་གནོད་པར་རེ་བའི་མཐའ་བཞིའི་སྐྱེ་སོགས་བཀག་ཅིང་འགོག་པར་འགྱུར་བའི་ཕྱིར་དང༌། ཆོས་ཐམས་ཅན་གཟོད་མ་ནས་དབེན་པ་མིན་ན་འདས་མ་འདས་ཀྱི་ཐ་སྙད་མཐའ་དག་དང་འགལ་བའི་ཕྱིར་དང༌། མཚན་ཉིད་ཕྱི་མ་གཉིས་བདེན་ཡོད་ལ་རིགས་པས་གནོད་པའི་ཕྱིར་ཏེ། གཞན་དབང་རྫས་གྲུབ་ཡོད་པ་སྔར་བཀག་ཅིང༌། དེ་མེད་ན་ཆོས་ཅན་སྤངས་པའི་ཆོས་ཉིད་ཡན་གར་བ་ཡང་མི་སྲིད་པའི་ཕྱིར། ཁོ་བོ་ཅག་དབུ་མ་པ་ནི་འདི་ལྟར་སྨྲ་སྟེ། དགོངས་པ་ངེས་འགྲེལ་སོགས་ལས་ཀྱང་དབུ་མ་པའི་བཞེད་པ་ཁོ་ན་ལྟར་སྟོན་པ་ཡིན་གྱི། རྣམ་རིག་པའི་འདོད་པ་ལྟར་སྟོན་པ་ཐུགས་རྗེ་ཅན་གྱིས་བསྟན་པ་མ་ཡིན་ཏེ། མདོ་དེ་དག་ལས་མཚན་ཉིད་གསུམ་ཡོད་མེད་ཀྱི་དབྱེ་བསལ་གསུངས་པ་དེ་ཐམས་ཅད་སྒྲས་ཟིན་དྲང་དོན་ཉིད་ཡིན་ལ། དེའི་དོན་སྒྲ་(༢༤༨ན)


K800_Page_507
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་མ་ཡིན་པས་ངེས་པའི་དོན་མཚན་ཉིད་གསུམ་ག་ངོ་བོ་ཉིད་མེད་པར་བསྟན་པའི་ཕྱིར་རྣམ་རིག་པའི་འདོད་པ་ལྟར་མ་བསྟན་པས་སེམས་ཙམ་སྟོན་པའི་མདོར་མི་འགྲུབ་པའི་ཕྱིར། དོན་གྱི་དབང་འདི་གཟིགས་ནས་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པས། སེམས་ཙམ་སྟོན་པའི་མདོ་ཉིད་ལྷག་པར་དབུ་མ་སྟོན་པའི་མདོར་གསལ་ལོ་ཞེས་སེང་གེའི་སྒྲ་ཆེན་པོ་བསྒྲགས་པར་མཛད་དོ། །དེས་ན་རྣམ་རིག་པ་སོགས་དངོས་སྨྲ་བ་སོ་སོའི་འདོད་པ་བདེན་པ་གཉིས་ཀ་དང་འགལ་བར་རྣམ་གཞག་བྱས་པ་དེ་ཐམས་ཅད་སྟོན་པའི་གསུང་རབ་ཀྱི་བཞེད་དོན་དུ་མི་གནས་པ་ཡིན་ཏེ། གནས་ན་གསུང་རབས་ཐམས་ཅད་ནང་འགལ་ཅན་དང་རིགས་པས་གནོད་པས་མི་འཇིགས་པར་སྨྲ་བའི་དམ་བཅའ་དང་འགལ་བ་དང༌། གསུང་རབས་ཐམས་ཅད་ཡི་གེ་ཐ་དད་དོན་གཅིག་ལ་འབབ་པ་དང་འགལ་བ་དང༌། སྟོན་པ་ཀུན་མཁྱེན་མིན་པར་རང་གི་མཐའ་མ་ཆོད་པར་གཞན་ལ་སྟོན་པར་འགྱུར་བའི་ཕྱིར་རོ། །གནད་འདི་མ་རྟོགས་པར་དེང་སང་ཟི་ལུང་པ་སོགས་ཁ་ཅིག་གྲུབ་མཐའ་སྨྲ་བ་བཞི་ཀའི་རང་ལུགས་དེ་སོ་སོ་ནས་དབུ་མའི་གྲུབ་པ་ཡང་དག་པར་སོང་བ་ཡིན་ཏེ། རང་ལུགས་ཀྱི་རྟག་ཆད་ཀྱི་མཐའ་བསལ་ནས་དབུ་མར་འཇོག་བྱེད་ཀྱི་ཆོས་ཚུལ་སྟོན་པས་བཀའ་བསྩལ་པའི་ཕྱིར་ཞེས་སྨྲའོ། །དེ་ནི་མ་གྲུབ་སྟེ། གྲུབ་མཐའ་སྨྲ་བ་འོག་མ་གསུམ་པོས་སྟོན་པའི་གསུང་རབས་ཀྱི་དོན་རང་ལུགས་ཀྱི་རྒྱབ་ཏུ་འདྲེན་ཅིང༌། གཞན་གྱི་རྒྱབ་ཏུ་འདྲེན་པར་བྱེད་ན་ལུང་དོན་དེ་ལྟར་དུ་འཆད་པ་བཀག་ནས་སྟོན་པའི་གསུང་ལ་དངོས་སུ་བརྩི་བ་སྐད་དུ་བྱེད་པར་ཟད་ལ། སྟོན་པས་གང་ཟག་སོ་(༢༤༨བ)


K800_Page_508
[མ་དཔེ་གཟིགས་ན་འདིར་གནོན།]

སོར་རྟག་ཆད་དང་བྲལ་བའི་རིགས་པས་གྲུབ་པའི་དབུ་མ་བཞི་རྣམ་པར་མ་བཞག་པའི་ཕྱིར་ཏེ། བཞག་ན་ཤེས་བྱ་ལ་བདེན་གཉིས་གྲུབ་མཐའ་བཞི་དང་མཐུན་པར་གནས་ཚུལ་མི་འདྲ་བ་བཞི་ཡོད་པར་འགྱུར་བའི་ཕྱིར་དང༌། དེ་ལྟར་ན་ནི་གྲུབ་མཐའ་འོག་མ་ལ་གོང་མའི་རིགས་པས་གནོད་པ་མེད་པར་ཡང་འགྱུར་བས་གྲུབ་མཐའ་བཟང་ངན་དག་ཐར་ལམ་གང་ལ་ཡོད་མེད་སོགས་མ་དཔྱད་པའི་ཐ་སྙད་ཀྱི་གྲགས་པར་ཡང་འཇོག་བྱེད་མི་རྙེད་པར་འགྱུར་རོ། །དེས་ན་དངོས་སྨྲ་བས་བཏགས་པའི་གྲུབ་པ་ནི་དེ་དག་གི་འདོད་པའི་ཁུངས་སུ་སྨྲོས་པའི་ལུང་དེའི་དགོངས་པར་ཡང་མི་གནས་ན། དེ་སྟོན་པའི་ངེས་དོན་གྱི་དགོངས་པར་སོང་བ་ལྟ་ག་ལ་ཞིག རྒྱུ་མཚན་དེས་དངོས་སྨྲ་བས་ངེས་དོན་དུ་བཞག་པ་ཤས་ཆེ་བ་དེ་དག་དྲང་དོན་ཁོ་ནར་འགྲེལ་དགོས་པ་ཤ་སྟག་ཡིན་ལ། དྲང་དོན་གྱི་གསུང་རབས་ལ་སྒྲ་ཇི་བཞིན་པའི་ངེས་དོན་དུ་མོས་ན་ནི་སྟོན་པའི་བཞེད་པ་ལས་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། མདོ་སྡེ་རྒྱན་ལས། དོན་སྒྲ་ཇི་བཞིན་ཡོངས་རྟོག་ན། །བདག་ཉིད་སྙེམས་ཤིང་བློ་ཉམས་འགྱུར། །ལེགས་པར་གསུངས་པའང་སྤངས་པས་ན། །བརླག་འགྱུར་ཆོས་ལ་ཁོང་ཁྲོས་སྒྲིབ། །ཅེས་སོ། །ངག་དོན་འཁོར་ལོ་བར་པ་ངེས་དོན་དང༌། འཁོར་ལོ་ཐ་མ་ལ་དྲང་ངེས་གཉིས་ཡོད་དེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པ་ནི་ངེས་དོན་དང༌། གཞན་དབང་ཀུན་གཞི་རང་རིག་བདག་དང་རྟག་པ་མི་སྟོང་པ་དང་རིགས་ཆད་དང་རིགས་གཏན་ངེས་དང་མཐར་ཐུག་ཐེག་གསུམ་སོགས་བསྟན་པ་དྲང་དོན་ཡིན་པའི་ཕྱིར་ཏེ། དངོས་བསྟན་སྒྲས་ཟིན་ལྟར་དོན་ལ་མི་གནས་པའི་ཕྱིར། འོ་ན་མདོ་ལས་བར་པ་དྲང་དོན་(༢༤༩ན)


K800_Page_509
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཐ་མ་ངེས་དོན་དུ་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་གདུལ་བྱའི་ངོར་དེ་སྐད་དུ་བསྟན་ནའང་དྲང་ངེས་རྣམ་འབྱེད་དེ་དགོངས་དོན་མཐར་ཐུག་པའི་དབྱེ་བ་མ་ཡིན་པས་གནོད་པ་མེད་དོ། །དེ་ཡང་སྟོན་པའི་འཁོར་ལོ་ཐོག་བར་མཐའ་གསུམ་ནི་གདུལ་བྱ་ཐེག་དམན་གྱི་གང་ཟག་ཐུན་མོང་མིན་པ་དང༌། ཐེག་ཆེན་གྱི་ཐུན་མོང་མིན་པ་དང༌། ཐེག་པ་སྣ་ཚོགས་པའི་དབང་དུ་བྱས་ནས། དང་པོ་ལ་བདེན་བཞི་དང༌། བར་པ་ལ་ངོ་བོ་ཉིད་མེད་པ་དང༌། ཐ་མ་ལ་མཚན་ཉིད་གསུམ་སོགས་བསྟན་པ་ལ། དངོས་པོར་ལྟ་བ་ཅན་དག་གིས་ནི་དྲང་དོན་ལ་ངེས་དོན་དུ་མོས་ནས་ངེས་དོན་གྱི་བཀའ་དྲང་དོན་དུ་བསྒྲུབས་ཏེ་བཅོམ་ལྡན་འདས་ཀྱི་དགོངས་པ་དེར་འགྲེལ་ཞིང༌། དངོས་པོར་མི་དམིགས་པ་དག་ནི་དྲང་དོན་ལ་ངེས་དོན་དུ་མི་འཛིན་པར་ངེས་དོན་ཉིད་ངེས་དོན་དུ་བཟུང་ནས་བཅོམ་ལྡན་འདས་ཀྱི་དགོངས་པ་དེར་འགྲེལ་བར་བྱེད་ཅིང༌། སྟོན་པས་ཆོས་འཁོར་རིམ་གསུམ་དུ་དྲང་ངེས་ཀྱི་བཀའ་ཇི་ལྟར་སྩལ་བ་དེ་ཐམས་ཅད་ཀྱིས་ཐེག་གསུམ་གྱི་གདུལ་བྱ་ཐམས་ཅད་ལ་མངོན་མཐོ་དང་ངེས་ལེགས་ཀྱི་ཐབས་སུ་མ་གྱུར་པ་ནི་འགའ་ཡང་མེད་པས་གསུང་རབས་དེ་ཐམས་ཅད་རྣམ་གྲོལ་གྱི་རྒྱུའི་མཆོག་ཉིད་དུ་གྲུབ་བོ། །འོ་ན་མདོ་སྡེ་མཐའ་དག་ནས་མཚན་ཉིད་གསུམ་གསུངས་པ་དེའི་དོན་ཇི་ལྟ་བུ་ཞེ་ན། ཁོ་བོ་དབུ་མ་པ་ནི་འདི་ལྟར་འདོད་དེ། དཔེར་ན། སྦྲུལ་ནི་ཐག་པ་བསྡོགས་པ་ལ་བལྟོས་ནས་བཏགས་པ་ཡིན་ཏེ། སྦྲུལ་དུ་བཏགས་པ་དེ་ཐག་པ་བསྡོགས་པ་ལ་ཡོད་པ་མ་ཡིན་པའི་ཕྱིར། སྦྲུལ་དངོས་ལ་ནི་སྦྲུལ་དེ་ཡོངས་སུ་གྲུབ་པ་ཡིན་ཏེ། སྦྲུལ་ལ་སྦྲུལ་དུ་གྲུབ་པས་དེའི་ཐ་སྙད་ཀུན་ཏུ་བརྟགས་པའི་ཕྱིར། དེ་བཞིན་དུ་(༢༤༩བ)


K800_Page_510
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་རང་བཞིན་ཡང་ཆོས་ཅན་གཞན་དབང་རྟེན་འབྱུང་གི་འདུས་བྱས་ལ་མེད་བཞིན་ཀུན་ཏུ་བརྟགས་པ་ཡིན་ཏེ། ཡོད་ན་རང་བཞིན་དེ་བཅོས་མའི་བཏགས་བཞག་མ་ཡིན་པར་མ་བཅོས་པའི་རང་བཞིན་ཚུགས་ཐུབ་ཏུ་ཡོད་དགོས་པ་ལས། དེ་ལྟར་ཡང་མ་ཡིན་པའི་ཕྱིར། འཇིག་རྟེན་མ་དཔྱད་པ་དག་ཀྱང་གསེར་ལ་སོགས་པའི་རང་བཞིན་ཡང་ས་ལེ་སྦྲམ་སོགས་གསེར་གྱི་རང་བཞིན་མ་བཅོས་པར་ཡོད་པ་ཞིག་ལ་གསེར་གྱི་རང་བཞིན་ཡོད་པར་འཇོག་གི། ར་གན་ལ་གསེར་ལྟར་བཅོས་མའི་འདུས་བྱས་ལ་གསེར་དུ་མི་འཇོག་པ་བཞིན་ནོ་ཞེས་གཞན་གྲགས་ཀྱི་ཚད་མ་བསྟན་པར་བཞེད་དེ། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་བལྟོས་པ་མེད་པ་ཡིན། །ཅེས་འབྱུང་བའི་ཕྱིར། གང་ལ་རང་བཞིན་ཡོད་པ་དེ་ནི་གཞན་གྱིས་བྱས་པ་སྲིད་པ་མ་ཡིན་ནོ། །དེས་ན་བཟུང་2བཞིན་པའི་རྟེན་འབྲེལ་བྱས་པ་ཅན་གཞན་དབང་གཟུགས་བརྙན་དང་འདྲ་བ་དངོས་པོར་མེད་པ་དེ་ལ་སྟོང་ཉིད་ཡོངས་གྲུབ་དང་གཞན་དབང་རྣམ་རིག་གི་རང་བཞིན་གཉིས་ཀ་ཡོད་དོ་ཞེས་རྣམ་རིག་པས་ཀུན་ཏུ་བརྟགས་པ་དེ་ཆོས་ཅན། ཀུན་ཏུ་བརྟགས་པ་དེ་ལྟར་དེའི་རང་བཞིན་དུ་མེད་དེ། མ་བཅོས་པའི་སྟོང་པ་ཉིད་ཡོངས་སུ་གྲུབ་པའི་རང་བཞིན་དཔྱད་ན་མ་གྲུབ་ཀྱང༌། མ་དཔྱད་ན་རང་བཞིན་དེ་ནི་སངས་རྒྱས་ཀྱི་དོན་དམ་གཟིགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གཞན་དབང་རྟེན་འབྲེལ་གྱིས་འདུས་མ་བྱས་ཤིང༌། རྟོག་པས་ཀུན་ཏུ་མ་བརྟགས་པར་གྲུབ་པའི་ཕྱིར་དང༌། གཞན་དབང་རྣམ་རིག་གི་རང་བཞིན་བདེན་གྲུབ་ནི་དཔྱད་མ་དཔྱད་གཉིས་ཀར་ཡང་མི་འགྲུབ་པས་རྒྱ་ཆེར་བཀག་ཟིན་པའི་ཕྱིར། དེས་ན་དེ་ཉིད་ལས་(༢༥༠ན)


K800_Page_511
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པ་མེད་པ་ལ་སངས་རྒྱས་ཞེས་བརྗོད་དེ། གཞན་དབང་གི་དངོས་པོ་འདུས་བྱས་པ་ཅན་གྱི་རྣམ་རིག་གི་ཆོས་ཅན་ལ་མ་རེག་པ་སྟེ་གཞན་དབང་དེའི་དངོས་པོའི་མཚན་སྤྲོས་ཀྱི་ཆ་མ་བཟུང་བར་ཆོས་ཐམས་ཅད་ལ་དངོས་པོའི་ངོ་བོ་ཉིད་མེད་པའི་རང་བཞིན་དུ་མ་དཔྱད་འཇིག་རྟེན་ན་གྲགས་པ་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་འབའ་ཞིག་པའི་དེ་ཁོ་ན་ཉིད་དེ་མངོན་སུམ་དུ་མཛད་པས་དེ་ཉིད་ཐུགས་སུ་ཆུད་པའི་ཕྱིར། གཞན་དབང་སོགས་དངོས་པོ་བྱས་པ་ཅན་ལ་རང་བཞིན་མ་དམིགས་པས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དེ་ལ་རང་བཞིན་འགར་ཡང་མ་གཟིགས་པའི་ཕྱིར་རོ། །འདི་ལྟའི་རྣམ་གཞག་ནི་མ་དཔྱད་འཇིག་རྟེན་ན་འཐད་དེ། འཇིག་རྟེན་གྱི་གྲགས་པ་དང་མི་འགལ་བའི་ཕྱིར། རྣམ་རིག་པས་མཚན་ཉིད་གསུམ་དང་དངོས་པོའི་རང་བཞིན་འཇོག་པའི་རྣམ་གཞག་ནི་དོན་དམ་པར་མ་ཟད། མ་དཔྱད་པའི་ཐ་སྙད་དུའང་མི་རིགས་ཏེ། དེ་འདྲའི་རང་བཞིན་བདེན་གྲུབ་པ་འཇིག་རྟེན་གྱི་ཚད་མ་དང་ཡང་འགལ་བའི་ཕྱིར། དབུ་མ་པས་དཔྱད་པ་ན་སྟོང་ཉིད་དོན་དམ་བདེན་པའང་འདུས་བྱས་པ་ཅན་མ་ཡིན་པའི་རང་བཞིན་དུ་མི་བརྗོད་དེ། དེ་ལྟར་བརྗོད་ན་བདེན་པ་གཉིས་ཀར་རང་བཞིན་ཡོད་པ་རྒྱ་ཆེར་བཀག་པ་དོན་མེད་ཉིད་དུ་འགྱུར་བ་དང༌། རང་བཞིན་མེད་པ་དེ་རང་བཞིན་དུ་འགྱུར་ན་དེ་ལས་གཞན་པའི་ཐ་ཆད་དུ་སྨྲ་བ་མེད་པའི་ཕྱིར། རི་བོང་རྭ་མེད་རི་བོང་གི་རྭར་བརྗོད་པ་བཞིན་ནོ། །དེས་ན་མ་དཔྱད་པར་མཚན་ཉིད་གསུམ་འཇོག་ན་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་ནི་གཞན་དབང་ཡིན་ཏེ། ཐ་སྙད་དུ་རྒྱུ་རྐྱེན་ལ་བལྟོས་ནས་འབྱུང་བར་གྲགས་པའི་(༢༥༠བ)


K800_Page_512
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། རང་བཞིན་དང་གནས་ལུགས་དང་ཡིན་ལུགས་དང་མ་བཅོས་པའི་ངོ་བོར་གྱུར་པའི་དངོས་པོ་དང་རྣམ་རིག་སོགས་ནི་ཀུན་བརྟགས་ཡིན་ཏེ། ཀུན་རྫོབ་རྟེན་འབྱུང་གི་ཆོས་ལ་དེ་ལྟར་སྒྲོ་བཏགས་པའི་ཕྱིར། སྟོང་ཉིད་དོན་དམ་བདེན་པ་ནི་ཡོངས་གྲུབ་ཡིན་ཏེ། བལྟོས་བཞག་གི་གྲགས་པ་ལས་བཅོས་མ་འདུས་བྱས་ལ་ཀུན་རྫོབ་ཏུ་འཇོག་ན་མ་བཅོས་པ་འདུས་མ་བྱས་ལ་དོན་དམ་དུ་འཇོག་པར་མཐོང་བའི་ཕྱིར་ཞེས་འཇིག་རྟེན་གཞན་གྲགས་ཀྱི་མཐུན་འཇུག་དང་མི་འགལ་བ་ཙམ་གྱིས་མདོའི་དགོངས་པར་བཤད་པ་ཡིན་ནོ། །རྣམ་རིག་པས། ཡང་དག་མིན་རྟོག་གམ་རྣམ་རིག་ཙམ་ནི་གཞན་དབང༌། གཟུང་བ་དང་འཛིན་པ་ནི་ཀུན་བརྟགས། གཞན་དབང་ཀུན་བརྟགས་ཀྱིས་སྟོང་པ་ནི་ཡོངས་གྲུབ་ཏུ་སྨྲ་བར་བྱེད་དོ། །དེ་ནི་མི་འཐད་དེ། ངོ་བོ་ཉིད་གསུམ་དུ་འདོད་པ་དང་འགལ་བའི་ཕྱིར་ཏེ། ཐ་སྙད་དུའང་འཇིག་རྟེན་ལ་གྲགས་པའི་གཞན་དབང་ཀུན་རྫོབ་པའི་རྟེན་འབྲེལ་སྒྱུ་མ་ཙམ་ལས་གཞན་པའི་ཀུན་བརྟགས་དང་ཡོངས་གྲུབ་ཀྱི་ངོ་བོ་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། གཞན་དབང་ལ་རང་བཞིན་འགྱུར་མེད་ཀྱི་ཡོངས་གྲུབ་ཡོད་པར་བཞག་པ་ནི་ཀུན་བརྟགས་སུ་འགྱུར་ཏེ། རང་བཞིན་འགྱུར་མེད་ཀྱི་ཡོངས་གྲུབ་ནི་རྒྱུ་རྐྱེན་གྱིས་མ་བཅོས་པ་ལ་འཐད་ཀྱི། རྒྱུ་རྐྱེན་གྱིས་བཅོས་པ་གཞན་དབང་ལ་རང་བཞིན་ཡོངས་གྲུབ་ནི་ཀུན་ཏུ་བརྟགས་པ་ཙམ་དུ་ཟད་པའི་ཕྱིར། མདོ་ལས་ཀུན་བརྟགས་མེད་པ་དང༌། གཞན་དབང་ཡོད་པར་གསུངས་པའི་དོན། གཞན་དབང་ནི་ཡོད་མེད་མ་དཔྱད་པར་རྟེན་འབྲེལ་སྒྱུ་མ་ལྟར་ཡོད་དེ། མ་བརྟགས་ཉམས་དགར་ཐ་སྙད་དུ་ཡོད་པའི་ཕྱིར། རང་གཞན་གྱི་གྲུབ་མཐས་(༢༥༡ན)


K800_Page_513
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་བཏགས་པའི་འཇིག་རྟེན་ལྷན་སྐྱེས་ཀྱི་གྲགས་པ་དང་མི་མཐུན་པའི་ཀུན་བརྟགས་ནི་མེད་དེ། དེས་བདེན་པར་བརྟགས་ཙམ་ལས་ཐ་སྙད་དུའང་མ་གྲུབ་པའི་ཕྱིར་ཞེས་དགོངས་སོ། །ཡང་རྣམ་རིག་པ་གཞན་དབང་རྫས་སུ་གྲུབ་པ་དང༌། ཀུན་བརྟགས་དོན་ལ་མེད་ཀྱང་ཐ་སྙད་དུ་ཡོད་དོ་ཞེས་སྨྲ་བའང་མི་འཐད་དེ། གཞན་དབང་རྫས་གྲུབ་ནི་སྔར་བཀག་ཟིན་པའི་ཕྱིར་དང༌། ཀུན་བརྟགས་སུ་འདོད་པའི་གཟུང་འཛིན་གཉིས་ནི་གཞན་དབང་གི་ངོ་བོ་ལས་གཞན་དུ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། ཐ་སྙད་དུ་ཡོད་པའི་རྟེན་ཅིང་འབྲེལ་འབྱུང་བཅོས་མ་དང་འདུས་བྱས་པའི་དོན་བྱེད་ཅན་དུ་གྲགས་པའི་ཕྱིར། ཁྱེད་འདོད་པའི་ཀུན་བརྟགས་དེ་ལ་མཚན་ཉིད་ཀྱི་ངོ་བོ་བཅོས་མ་མིན་པའི་རང་བཞིན་ཞིག་ཡོད་པར་ཀུན་ཏུ་བརྟགས་པ་ནི་ཐ་སྙད་དུའང་མ་གྲུབ་པའི་ཕྱིར། ཡང་མདོ་ལས། ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་དབང་སྐྱེ་བའི་ངོ་བོ་ཉིད་མེད་པ་དང༌། ཡོངས་གྲུབ་དོན་དམ་པའི་ངོ་བོ་ཉིད་མེད་པ། ཞེས་གསུངས་པའི་དོན་ཡང་དབུ་མ་པས་ངོ་བོ་ཉིད་གསུམ་དུ་སྨྲ་བ་ལྟར་ན་ཤིན་ཏུ་འཐད་དེ། ཀུན་བརྟགས་ནི་རི་བོང་གི་རྭ་ལྟར་ཐ་སྙད་དུའང་ཚད་མས་མ་གྲུབ་པའི་ཕྱིར་དང༌། གཞན་དབང་སྒྱུ་མ་ལྟར་རང་གི་བདག་ཉིད་ཀྱིས་སྐྱེ་བ་མེད་ཀྱི་རྒྱུ་རྐྱེན་ལ་རག་ལས་པའི་ཕྱིར་དང༌། ཡོངས་གྲུབ་ནི་ཐ་སྙད་དུའང་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ངོ་བོ་ཉིད་མེད་པའང་ཡིན་ལ། མི་བསླུ་བའི་ཕྱིར་དོན་དམ་པར་ཡང་གྲུབ་པའི་ཕྱིར། དོན་དམ་པར་གྲུབ་སྟེ། མི་བསླུ་བའི་ཕྱིར་ཞེས་པ་ཡང་མ་དཔྱད་ཀུན་རྫོབ་ཙམ་དུ་འཇོག་ལ། དཔྱད་ན་དོན་དམ་པ་ནི་བསླུ་བ་དང་མི་བསླུ་བ་གཉིས་(༢༥༡བ)


K800_Page_514
[མ་དཔེ་གཟིགས་ན་འདིར་གནོན།]

ཀས་དབེན་ན་དེས་དེ་ཇི་ལྟར་འགྲུབ་བསམ་དགོས་པ་ཡིན་ནོ། །རྣམ་རིག་པ་ལྟར་ན་གཞན་དབང་ལ་སྐྱེ་བའི་ངོ་བོ་ཉིད་མེད་པར་ཡང་མི་འགྱུར་ཏེ། དོན་དམ་པར་སྐྱེ་བར་ཁས་བླངས་པའི་ཕྱིར། གསུམ་པ་ལ། དགག་པའི་རིགས་པ་བཤད། མཇུག་བསྡུ་བ། སུན་འབྱིན་གྱི་ལམ་གཞན་ཡང་བསྟན་པའོ། །དང་པོ་ནི། གཉིས་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་གང་གི་ཕྱིར། །བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཡིན་ཕྱིར་རོ། །གཅེར་བུ་པ་ན་རེ། ཕྱི་ནང་གི་དངོས་པོ་རྣམས་བདག་གཞན་གཉིས་ཀ་ལས་སྐྱེ་བ་ཡིན་ཏེ། འཇིམ་པའི་གོང་བུ་དང་དབྱིག་གུ་དང་འཁོར་ལོ་དང་སྐུད་པ་དང་ཆུ་དང་རྫ་མཁན་ལ་སོགས་པ་ལས་བུམ་པ་འབྱུང་བ་ན་འཇིམ་པ་དང་བུམ་པ་གཞན་མ་ཡིན་པའི་ཕྱིར་དང༌། རྫ་མཁན་དང་འཁོར་ལོ་སོགས་བུམ་པ་ལས་གཞན་ཡིན་པའི་ཕྱིར། དེ་བཞིན་དུ་ནང་གི་དངོས་པོ་རྣམས་ཀྱང་བདག་གཞན་གཉིས་ཀ་ལས་སྐྱེ་བ་ཡིན་ཏེ། དངོས་པོ་རྣམས་སྲོག་སྲོག་མིན་སོགས་ཚིག་གི་དོན་དགུར་གནས་པ་ལས། བྱམས་པ་ཚེ་རབས་གཞན་དུ་ཡང་སྲོག་གི་བདག་ཉིད་དུ་ཡོད་པ་ཁོ་ན་སྐྱེ་བ་འདི་ལེན་པར་བྱེད་པའི་ཕྱིར་དང༌། སྲོག་ནི་རྐང་པ་དང་ལྡན་པས་འགྲོ་བ་ཉིད་ཀྱིས་གཞན་ལྷ་ལ་སོགས་པའི་འགྲོ་བར་རྒྱུ་བར་འདོད་པའི་ཕྱིར་དང༌། བྱམས་པ་ཕ་མ་དང་ཆོས་དང་ཆོས་མིན་དང་ཟག་པ་སོགས་གཞན་ལས་ཀྱང་སྐྱེ་བའི་ཕྱིར། དེས་ན་བདག་སྐྱེ་དང་གཞན་སྐྱེ་བཀག་པ་ན་ཁོ་བོ་ཅག་ལ་མི་གནོད་དེ། བདག་དང་གཞན་རེ་རེ་ཁོ་ན་ལས་སྐྱེ་བར་ཁས་མ་བླངས་པའི་ཕྱིར་ཞེས་སྨྲའོ། །བདག་གཞན་གཉིས་ཀ་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་ཏེ། གང་གི་ཕྱིར་ཕྱོགས་གཉིས་ཀ་ལ་བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཡིན་པའི་ཕྱིར་ཏེ། དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །ཞེས་སོགས་དང༌། གཞན་ལ་བརྟེན་(༢༥༢ན)


K800_Page_515
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གལ་ཏེ་གཞན་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་མ་ཐུག་པོ་འབྱུང་འགྱུར་ཞིང༌། །ཞེས་སོགས་ཉེས་པ་བཤད་ཟིན་ཏོ། །གཉིས་པ་ནི། འདི་ནི་འཇིག་རྟེན་ལས་མིན་དེ་ཉིད་དུ་ཡང་འདོད་མིན་ཏེ། །གཉིས་ཀ་ལས་སྐྱེ་བ་འདི་ནི་འཇིག་རྟེན་ཀུན་རྫོབ་ལས་ཀྱང་སྐྱེ་བར་འདོད་པ་མིན་ཅིང༌། དེ་ཁོ་ན་ཉིད་དུའང་སྐྱེ་བར་འདོད་པ་མིན་ཏེ། བདེན་པ་གཉིས་ཀར་བདག་གཞན་ལས་སྐྱེ་བ་བཀག་པའི་ཕྱིར། (གསུམ་པ་སུན་འབྱིན་གྱི་ལམ་གཞན་ཡང་བསྟན་པ་ནི།(1 གང་ཕྱིར་རེ་རེ་ལས་ནི་སྐྱེ་བ་འགྲུབ་པ་ཡོད་མ་ཡིན། །གཉིས་ཀ་ལས་སྐྱེ་བ་ཡོད་པ་མ་ཡིན་ཏེ། གང་ཕྱིར་བདག་གཞན་རེ་རེ་ལས་ནི་སྐྱེ་བ་འགྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། དཔེར་ན། ཏིལ་གཅིག་གིས་འབྲུ་མར་འབྱིན་པ་ན་མང་པོས་ཀྱང་འབྱིན་ལ། བྱེ་མ་རེ་རེ་ལ་ནུས་པ་མེད་པས་མང་པོས་ཀྱང་མི་ནུས་པ་བཞིན་ནོ། །བཞི་པ་ལ། ངོ་བོ་ཉིད་སྨྲ་བ་དགག་པ་དང༌། སེམས་པ་འབྱུང་བ་ལས་གྱུར་པ་དགག་པ་གཉིས། དང་པོ་ལ། བདེན་པ་གཉིས་ཅར་དུ་དགག དམིགས་སུ་མི་རུང་བའི་འཐད་པས་དགག་པ་གཉིས། དང་པོ་ནི། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། །དེ་ཚེ་མཐའ་དག་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང༌། །འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡི་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། །ངོ་བོ་ཉིད་སྨྲ་བ་དག་ན་རེ། དངོས་པོ་རྣམས་རྒྱུ་ལས་འབྱུང་ན་བདག་གཞན་ནམ། གཉིས་ཀ་ལས་སྐྱེ་བ་ལ་བརྗོད་པའི་སྐྱོན་དེར་འགྱུར་ཆུག་ནའང་ཁོ་བོ་ཅག་ལ་སྐྱོན་མི་འཇུག་སྟེ། དངོས་པོ་རྣམས་རྒྱུ་ལས་སྐྱེ་བར་ཁས་མ་བླངས་པའི་ཕྱིར་རོ། །ཕྱི་ནང་གི་དངོས་པོ་རྣམས་ངོ་བོ་ཉིད་ལས་བྱུང་བ་ཡིན་ཏེ། དཔེར་ན། པདྨའི་ཆུ་བ་དང་འདབ་མ་དག་གི་རྩུབ་པ་དང་འཇམ་ཤ་དག་རྒྱུ་འགའ་ཞིག་གི་བྱེད་པོ་མེད་ཀྱང་དེར་འབྱུང་བ་དང་རྨ་བྱ་དང་མཐིང་རིལ་ལ་སོགས་པ་ལའང་འགའ་ཞིག་གིས་བཟུང་ནས་ཁ་དོག་དང་དབྱིབས་སོགས་འགོད་པའི་རྒྱུ་མེད་ཀྱང་ངོ་བོ་ཉིད་ལས་བྱུང་བ་ཡིན་ཅེས་ཟེར་རོ། །གལ་ཏེ་ཕྱི་ནང་གི་དངོས་པོ་ཐམས་ཅད་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། དེ་ཚེ་འབྲས་བུ་མཐའ་(༢༥༢བ)


K800_Page_516
[མ་དཔེ་གཟིགས་ན་འདིར་གནོན།]

དག་དུས་རྟག་ཏུ་རྒྱུ་ཡིན་མིན་ཐམས་ཅད་ལས་ཀྱང་སྐྱེ་བར་འགྱུར་ཏེ། ཇི་ལྟར་པ་ན་སའི་ཤིང་དེ་ཤིང་ཐོག་གི་རྒྱུ་མིན་པ་ལས་སྐྱེ་བ་ལྟར་ཨ་མྲ་སོགས་ཀྱང་རྒྱུ་མིན་དེ་ལས་སྐྱེ་བར་འགྱུར་བའི་ཕྱིར་ཏེ། རྒྱུ་མ་ཡིན་པར་འདྲ་བའི་ཕྱིར། དེ་བཞིན་དུ་ཨ་མྲ་སོགས་སྨིན་པ་དུས་ཀྱི་ཁྱད་པར་ལ་བལྟོས་པ་དེ་ཡང་དུས་རྟག་ཏུ་ཡོད་པར་འགྱུར་ཏེ། དུས་ལ་མི་བལྟོས་པའི་ཕྱིར། དེ་བཞིན་དུ་རྨ་བྱ་རྨ་བྱའི་མདོངས་ཀྱི་རྒྱུ་མིན་པ་བཞིན་བྱ་རོག་ལ་ཡང་རྨ་བྱའི་མདོངས་ཡོད་པར་འགྱུར་རོ། །དེས་ན་འགྲོ་ཀུན་ཡུལ་དུས་ཐམས་ཅད་དུ་སྐྱེ་ན་དེ་ཡང་ཡོད་པ་མ་ཡིན་ནོ། །ཡོད་དོ་ཞེས་ཞེན་ན་རིགས་པ་དང་འགལ་བར་མ་ཟད་མཐོང་བ་དང་འགལ་བ་ཡིན་ཏེ། རྒྱུ་མེད་པར་སྐྱེ་ན་འཇིག་རྟེན་པ་འདི་ཡིས་འབྲུ་དང་ཤིང་བལ་སོགས་ཀྱི་འབྲས་བུ་འབྱུང་བའི་ཆེད་དུ་ས་བོན་ལ་སོགས་ནི་ངལ་བ་བརྒྱ་ཕྲག་དག་གི་སྒོ་ནས་སྡུད་ཅིང་འབད་པར་བྱེད་པར་ཡང་མི་འགྱུར་བའི་ཕྱིར། གཉིས་པ་ནི། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་གྱུར་ན་ནམ་མཁའ་ཡི། །ཨུཏྤ་ལ་ཡི་དྲི་མདོག་ཇི་བཞིན་གཟུང་དུ་མེད་ཉིད་ན། །ཤིན་ཏུ་ཆེས་བཀྲའི་འཇིག་རྟེན་འཛིན་པའང་དེ་ཡི་ཕྱིར། །རང་གི་བློ་བཞིན་འཇིག་རྟེན་རྒྱུ་ལས་ཡིན་པར་ཤེས་པར་གྱིས། །ཡང་འཇིག་རྟེན་ཆོས་ཅན། ནམ་མཁའི་ཨུཏྤལ་ཡི་དྲི་མདོག་ཇི་བཞིན་རང་གི་ཡུལ་ཅན་གྱི་ཤེས་པས་བཟུང་དུ་མེད་ཉིད་ན་སྟེ་མེད་པར་ཐལ། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་གྱུར་ན་སྟེ་དེ་ཉིད་ཀྱི་ཕྱིར། འཇིག་རྟེན་འདི་ཆོས་ཅན། རྒྱུ་ལས་འབྱུང་བ་ཡིན་པར་ཤེས་པར་གྱིས་ཤིག་སྟེ། ཤིན་ཏུ་ཆེས་བཀྲ་བའི་འཇིག་རྟེན་འཇིག་རྟེན་པ་སོ་སོའི་ཡུལ་ཅན་གྱིས་འཛིན་པའང་ཡིན་པ་དེའི་ཕྱིར། རྒོལ་བ་རང་གི་བློ་ཡུལ་ལས་སྐྱེ་བ་བཞིན་ནོ། ། དཔེ་མ་གྲུབ་བོ་ཞེ་ན། སྒྲུབ་སྟེ། ཁྱོད་ཀྱང་སྔོན་པོའི་རྣམ་པ་ཅན་གྱི་བློ་སྐྱེ་བ་ན་སྔོན་པོ་ལས་སྐྱེའི། དེ་མེད་པར་མི་སྐྱེ་བར་མཐོང་བའི་ཕྱིར་རོ། །གཉིས་པ་ལ། འདི་ལའང་རྨོངས་ན་ཕ་རོལ་རྟོགས་པར་འགལ། ཕ་རོལ་མེད་(༢༥༣ན)


K800_Page_517
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ལོག་པར་ལྟ་བར་བསྟན་པ་གཉིས། དང་པོ་ནི། འབྱུང་བ་དེ་དག་བདག་ཉིད་གང་ཞིག་གིས་ནི་ཁྱོད་ཀྱི་བློའི། །ཡུལ་དུ་འགྱུར་བ་དེ་ཡི་བདག་ཉིད་ཅན་ནི་མ་ཡིན་ན། །གང་ལ་ཡིད་ཀྱི་མུན་པ་འཐུག་པོ་འདི་ཉིད་དུ་ཡོད་པ། །དེས་ནི་ཇི་ལྟར་འཇིག་རྟེན་ཕ་རོལ་ཡང་དག་རྟོགས་པར་འགྱུར། །འབྱུང་བ་རྒྱུར་སྨྲ་བ་ན་རེ། སེམས་དང་སེམས་བྱུང་འབྱུང་བའི་རྒྱུ་ལས་འབྱུང་བ་མཐོང་བཞིན་བསྙོན་ནུས་པ་མིན་ཏེ། མཐོང་བའི་ཕྱིར་དང༌། བཤད་པའི་སྐྱོན་དུའང་ཐལ་བའི་ཕྱིར། རྒྱུ་འབྲས་ཀྱི་དངོས་པོ་འདིར་མཐོང་གང་ནི་ཡོད་དོ། །དངོས་པོ་འདི་དག་གི་རྒྱུ་ནི་འབྱུང་བ་བཞིའོ། །དེ་དག་སྨིན་པའི་ཁྱད་པར་ལས་པདྨ་དང་བལ་པོ་སེའུ་དང་རྨ་བྱ་དང་བྱ་གག་གི་ཁ་དོག་དང་དབྱིབས་སོགས་མཐོང་བ་བཞིན་བློའི་དངོས་པོ་ཡུལ་ཡོངས་སུ་གཅོད་བྱེད་དེའང་འབྱུང་བཞི་ལས་བྱུང་བ་ཡིན་ནོ། །དཔེར་ན། ཆན་དང་ཕབས་སོགས་ཕྲད་པའི་ཁྱད་པར་སྨིན་པ་ལས་སྲོག་ཆགས་མྱོས་པའི་ནུས་པ་སྐྱེ་བ་བཞིན་ཁུ་ཁྲག་གི་ནུར་ནུར་སོགས་ཀྱི་ཁྱད་པར་སྨིན་པ་ལས་བློ་སྐྱེ་ལ། བློས་དངོསས་པོ་ཡོངས་སུ་གཅོད་པར་བྱེད་དོ། །དེས་ན་འཇིག་རྟེན་འདི་ནི་འབྱུང་བའི་རྒྱུ་ཁོ་ན་ལས་འབྱུང་གི། དགེ་མི་དགེའི་ལས་འབྲས་འདི་དང་ཕྱི་མར་འབྱུང་བ་ནི་མི་སྲིད་པའི་ཕྱིར། མཛེས་མ་ལེགས་པར་སྤྱོད་ཅིང་ཟ་བར་གྱིས། །ལུས་མཆོག་འདས་གང་དེ་ཁྱོད་ལ་མི་འབྱུང༌། །ལུས་འདི་ཚོགས་པར་གྱུར་པ་ཙམ་ཞིག་སྟེ། །འཇིག་གམ་སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་རང་གི་བུ་མོས་ཕ་རོལ་མེད་པར་རྟོགས་སུ་བཅུག་ནས་དེ་ལ་བགྲོད་པའི་ཆེད་དུ་དེ་ལྟར་སྨྲས་སོ། །དེ་ལ་འདི་འདྲི་སྟེ། ཁྱོད་ཀྱིས་ཕ་རོལ་མེད་པ་དེ་འཐད་པ་ཅིས་ཤེས་ཞེས་པ་ལ་ལན་དུ། འཇིག་རྟེན་སྔ་ཕྱི་ཡོད་པ་མིན་ཏེ། ཡོད་ན་མངོན་སུམ་དུ་ཡོད་དགོས་པ་ལས་མངོན་སུམ་མ་ཡིན་པའི་ཕྱིར་ཞེའོ། །མངོན་སུམ་མ་ཡིན་པ་ཉིད་མངོན་སུམ་མམ། མངོན་སུམ་མ་ཡིན་པ་གང་ལས་ཤེས་པ་ཡིན་གྲང༌། མངོན་སུམ་མོ་ཞེ་ན། འཇིག་(༢༥༣བ)


K800_Page_518
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཕ་རོལ་དངོས་པོར་མེད་པ་ཆོས་ཅན། མངོན་སུམ་དུ་ཐལ། འཇིག་རྟེན་ཕ་རོལ་མངོན་གྱུར་དུ་མེད་པ་དེ་མངོན་སུམ་ཡིན་པའི་ཕྱིར། འདོད་ན། དངོས་མེད་ཀྱང་ཁྱོད་ལ་དངོས་པོར་ཐལ། མངོན་སུམ་ཡིན་པའི་ཕྱིར། དངོས་པོ་བཞིན་ནོ། །འདོད་ན། དངོས་པོ་ཡང་མེད་པར་ཐལ། དངོས་པོ་མེད་ཅེས་བྱ་བ་འགའ་ཡང་མེད་པས་འབྲེལ་ཟླ་མེད་ན་འབྲེལ་པོ་མི་འགྲུབ་པའི་ཕྱིར། འདོད་ན། འབྱུང་བ་དངོས་པོར་ཡོད་པ་དང་འཇིག་རྟེན་ཕ་རོལ་དངོས་པོར་མེད་པ་དག་མི་འཐད་པར་ཐལ། དངོས་པོ་དང་དངོས་པོ་མེད་པ་མེད་པའི་ཕྱིར། ཅི་སྟེ་མངོན་སུམ་མིན་པ་དེ་མངོན་སུམ་མ་ཡིན་པའི་རྟགས་ལས་ཤེས་སོ་ཞེ་ན། འོ་ན་ཇི་ལྟར་བློས་མ་བཟུང་བའི་སྒོ་ནས་འཇིག་རྟེན་ཕ་རོལ་མེད་པ་རྗེས་སུ་དཔོག་པར་མི་འགྱུར་བར་ཐལ། འཇིག་རྟེན་ཕ་རོལ་མངོན་སུམ་མ་ཡིན་པ་དེ་ཉིད་མངོན་སུམ་མ་ཡིན་ན་གང་གིས་ཀྱང་འཇིག་རྟེན་ཕ་རོལ་མེད་པ་མ་བཟུང་བའི་ཕྱིར། མ་གྲུབ་སྟེ། རྗེས་དཔག་གིས་བཟུང་ངོ་ཞེ་ན། འོ་ན་ཁྱེད་ཚེ་འདིའི་བདེ་སྡུག་སོགས་ཀྱི་རྟགས་ལས་འཇིག་རྟེན་ཕ་རོལ་རྗེས་སུ་དཔོག་པ་ནི་སྤྱང་ཀིའི་རྗེས་ཀྱི་སྔོན་གྱི་ལོ་རྒྱུས་ལྟར་མི་འཐད་པས་རྗེས་དཔག་མི་སྲིད་ཅེས་པ་དང༌། ཇི་ཙམ་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དེ་ཙམ་ཞིག་ཏུ་ཟད་དོ་ཞེས་སྨྲས་པ་དེ་མི་འཐད་པར་ཐལ། རྗེས་དཔག་གིས་འཇིག་རྟེན་ཕ་རོལ་མེད་པ་འགྲུབ་པའི་ཕྱིར། དེས་ན་འཇིག་རྟེན་ཕ་རོལ་སོགས་ལ་སྐུར་འདེབས་བྱེད་པ་ལ་སུན་འབྱིན་འདིའི་ལམ་ནས་སུན་འབྱིན་བརྗོད་པར་བྱའོ། །དཔེར་ན། རབ་རིབ་ཀྱིས་བསླད་པའི་མིག་ཅན་ལ་ནམ་མཁར་ཡོད་པ་མ་ཡིན་པའི་ཟླ་གཉིས་སྣང་བ་ན། དེ་ལས་གཞན་པ་སྐྲ་ཤད་དང་སྦྲང་མ་ལ་སོགས་(༢༥༤ན)


K800_Page_519
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣང་བ་དག་ཀྱང་ཡོད་པ་མ་ཡིན་པ་བཞིན་དུ་ས་ལ་སོགས་པའི་འབྱུང་བ་དེ་དག་ཕྱི་དང་ནང་གི་དངོས་པོ་ཀུན་གྱི་རྒྱུར་གྱུར་པའི་བདག་ཉིད་གང་ཞིག་གིས་ནི་རྒྱང་འཕེན་ཁྱོད་ཀྱི་བློའི་ཡུལ་དུ་འགྱུར་བ་ས་སོགས་དེ་དག་ཤེས་པ་དེའི་རྒྱུའི་བདག་ཉིད་ཅན་ནི་མ་ཡིན་ན་སྟེ། ཡིན་ན་ཕྱི་རོལ་གྱིས་རྡོ་སོགས་ལ་རྣམ་ཤེས་དང༌། དེ་དང་ལྷན་ཅིག་པའི་དབུགས་དབྱུང་རྔུབ་སོགས་འབྱུང་རིགས་པའི་ཕྱིར། རྒྱང་འཕེན་གང་ལ་འབྱུང་བས་ཤེས་པའི་རྒྱུ་བྱེད་དོ་ཞེས་ཡིད་ཀྱི་མུན་པ་མཐུག་པོའི་དབང་གིས་དེ་ལྟ་བུའི་འཇིག་རྟེན་མངོན་སུམ་འདི་ཉིད་དུ་ཡོད་པར་སྨྲ་བ་དེས་ནི་ཇི་ལྟར་འཇིག་རྟེན་ཕ་རོལ་ཤིན་ཏུ་ཕྲ་བར་གྱུར་པ་ལྷའི་མིག་གི་སྤྱོད་ཡུལ་དུ་འགྱུར་བ་ཡང་དག་པར་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། ལོག་པར་ལྟ་བ་མ་བཏང་བར་ཡང་དག་པར་ལྟ་བ་འབྱུང་མི་སྲིད་པའི་ཕྱིར། གཉིས་པ་ལ། གཞན་ལ་གྲགས་ཀྱི་རྗེས་དཔག་བརྗོད། དཔེ་མ་གྲུབ་པ་གཉིས། དང་པོ་ནི། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །རྒྱང་འཕེན་གྱི་བློས་འབྱུང་བ་བདེན་པར་ཞེན་པ་དང༌། འཇིག་རྟེན་ཕ་རོལ་མེད་པར་ཞེན་པ་གཉིས་ཡོད་པ་དེ་ལ་འདི་ལྟར་བརྗོད་པར་བྱ་སྟེ། འཇིག་རྟེན་ཕ་རོལ་མེད་དེ་ཞེས་འགོག་པར་བྱེད་པའི་དུས་སུ་རྒྱང་འཕེན་བདག་ཉིད་ནི་ཆོས་ཅན། ཤེས་བྱའི་རང་བཞིན་འཇིག་རྟེན་ཡང་དག་ཀུན་རྫོབ་ལས་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། ཞེས་ཕྱིན་ལོག་གི་ལྟ་བ་ཅན་དུ་ཐལ། ཕྱིན་ལོག་དེའི་ལྟ་བའི་རྣམ་པར་བྱེད་པའི་རྒྱུའི་རྟེན་དུ་སྐལ་བ་མཉམ་པར་འདྲ་བ་སྟེ་མཚུངས་པའི་ལུས་དང་ལྡན་པ་ཉིད་ཀྱི་ཕྱིར། གང་ཚེ་ས་སོགས་འབྱུང་བའི་བདག་ཉིད་བདེན་མེད་ལ་བདེན་ཡོད་ཉིད་དུ་ཁས་ལེན་པ་དེའི་ཚེ་ལོག་ལྟའི་རྣམ་པའི་རྟེན་མཚུངས་(༢༥༤བ)


K800_Page_520
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུས་དང་ལྡན་པ་བཞིན་ནོ། །གཉིས་པ་ནི། འབྱུང་བ་དེ་དག་ཇི་ལྟར་ཡོད་མིན་དེ་ལྟར་བཤད་ཟིན་ཏེ། །གང་གི་ཕྱིར་ན་གོང་དུ་རང་གཞན་ལས་དང་གཉིས་ཀ་ལས། །སྐྱེ་དང་རྒྱུ་མེད་ཐུན་མོང་དུ་ནི་བཀག་ཟིན་དེ་ཡི་ཕྱིར། །མ་བཤད་འབྱུང་བ་འདི་དག་ལྟ་ཞིག་ཡོད་པ་མ་ཡིན་ནོ། །ས་སོགས་ཀྱི་འབྱུང་བ་ལ་བདེན་ལྟ་མ་ལྡོག་པའམ་ཐེ་ཚོམ་མ་སྐྱེས་པར་འབྱུང་བ་བདེན་ལྟའི་རྣམ་པའི་རྟེན་མཚུངས་པའི་ལུས་དང་ལྡན་པའི་དཔེ་མ་གྲུབ་བོ་ཞེ་ན། འབྱུང་བ་ལ་བདེན་པ་དང་སྐྱེ་བ་མེད་པའི་མཐུན་དཔེ་བསྒྲུབ་པར་བྱ་མི་དགོས་ཏེ། ཁོ་བོ་ཅག་གིས་འབྱུང་བ་དེ་དག་ཇི་ལྟར་བདེན་པའི་རང་བཞིན་དུ་ཡོད་པ་མིན་པར་དེ་ལྟར་བཤད་ཟིན་ཏེ། གང་གི་ཕྱིར་ན་གོང་དུ་དངོས་པོ་ཐམས་ཅད་རང་གཞན་ལས་དང་གཉིས་ཀ་ལས་སྐྱེ་བ་དང་རྒྱུ་མེད་པར་སྐྱེ་བ་ཐུན་མོང་དུ་ནི་བཀག་ཟིན་པ་དེའི་ཕྱིར་ཏེ། རང་བཞིན་མེད་པར་མ་བཤད་པའི་འབྱུང་བ་འདི་དག་ལ་བདག་གི་སྐྱེ་བ་སོགས་བདེན་པར་སྤྱིར་བཀག་པས་བདེན་པར་ལྟ་བ་ཅུང་ཟད་ཅིག་གི་གནས་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་དཔེ་གྲུབ་བོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ལ་སྐུར་པ་འདེབས་པ་དང༌། དངོས་པོ་ཡོད་པ་དང༌། མེད་པ་དང༌། དབང་ཕྱུག་དང༌། ས་དང༌། རྡུལ་དང༌། རང་བཞིན་དང༌། ངོ་བོ་ཉིད་རྒྱུར་སྨྲ་བ་སྟེ། མདོར་ན་རྒྱང་འཕེན་ནས་རྣམ་རིག་པའི་བར་རང་རང་གིས་རྟོག་པས་ཕྱིན་ཅི་ལོག་ཉིད་དུ་སྦྱར་བར་བྱས་པ་ཡིན་ལ། དེ་ལྟར་སྦྱོར་བ་པོ་དེ་ནི་ཕྱིན་ཅི་ལོག་པར་ལྟ་བ་ཅན་དུ་ཤེས་པར་བྱ་སྟེ། འདི་ལྟར། རྫོགས་པའི་སངས་རྒྱས་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །ཞེས་ཡོད་མེད་ཀྱི་ལྟ་བ་ཐམས་ཅད་དགག་པར་འདོད་དོ། །དེས་ན་ཁོ་བོ་ཅག་ལ་གནས་སྐབས་འགར་ཡང་མ་དཔྱད་པ་ན་བདེན་(༢༥༥ན)


K800_Page_521
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་གྲགས་པ་དང་འགལ་བ་དང༌། དཔྱད་ན་རང་ཚིག་འགལ་བའི་མི་འདོད་པ་འགར་ཡང་ཐོབ་པ་མེད་དེ། འཇིག་རྟེན་གྱི་ཐ་སྙད་ལ་འཇུག་ན་གྲགས་པ་ལྟར་བརྗོད་པའི་ཕྱིར་དང༌། གནས་ཚུལ་སེམས་པ་ན་ཡོད་པ་བཀག་ནས་མེད་པའི་ཕྱོགས་དང་མེད་པ་བཀག་ནས་ཡོད་པའི་ཕྱོགས་གང་ཡང་ཁས་མ་བླངས་པས་ཀླན་ཀ་ཐམས་ཅད་ལས་གྲོལ་བའི་ཕྱིར། དེས་ན་མཁས་པས་ཡོངས་སུ་བསྒྱུར་ལ་ཚིགས་སུ་བཅད་པ་འདིས་ཕྱི་ནང་གི་རྟོག་གེ་པ་རྣམས་ཀྱིས་བཏགས་པའི་ཕྱོགས་མ་ལུས་པ་བསལ་བར་ངེས་པར་བྱ་སྟེ། རྟོག་པའི་དྲྭ་བ་མ་ལུས་པ་བཀག་པས་དོན་དམ་པའི་ཡེ་ཤེས་གྲུབ་པར་མངོན་པར་འདོད་པའི་ཕྱིར། ཁྱོད་ལ་དེར་ཐལ་ལོ་ཞེ་ན། མ་ཡིན་ཏེ། ཁོ་བོས་ལོག་པར་སྒྲུབ་བོ་ཞེས་དཔེ་མེད་པའི་ཕྱིར། དེར་མ་ཟད་ཁོ་བོས་གནས་སྐབས་ཐམས་ཅད་དུ་དངོས་པོའི་གནས་ཚུལ་ཕྱིན་ལོག་དང་བྲལ་བར་རྟོགས་པར་བྱས་པའི་ཕྱིར། ཇི་སྐད་དུ། འཇིག་རྟེན་གཞན་རྟོགས་ཡོད་པ་ཉིད་དུ་རྟོགས་པའི་དུས་སུ་བདག །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། །བདག་གི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་གི་ཚེ་ནི་བདག་མེད་རྟོགས་པར་ཁས་ལེན་དེ་ཚེ་བཞིན། །ཞེས་དང༌། འདི་ནི་ཐམས་ཅད་མཁྱེན་པ་ཡོད་ཅེས་རྟོགས་པའི་དུས་སུ་བདག །ཅེས་སོགས་ཀྱང་རིགས་བསྒྲེས་ནས་བརྗོད་པར་བྱའོ། །འོ་ན་རྒྱུ་ལ་མཐའ་བཞིའི་སྐྱེ་བ་བཀག་ན་དེའི་འབྲས་བུ་ཡང་རྒྱུ་མེད་ལས་སྐྱེ་བར་འགྱུར་རོ་ཞེ་ན། ཁོ་བོ་ཅག་རྒྱུ་འབྲས་ཀྱི་རྣམ་གཞག་ལ་འཇུག་པ་ན་རྒྱུ་འབྲས་ཀྱི་སྐྱེ་སོགས་ལ་མཐའ་བཞི་གང་གི་སྒོ་ནས་སྐྱེ་ཞེས་མི་དཔྱོད་པར་(༢༥༥བ)


K800_Page_522
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་ངོའི་རྒྱུ་འབྲས་གྲགས་ཙམ་ཞིག་གི་རྗེས་སུ་ཞུགས་ནས་འདོད་པ་དང་མི་འདོད་པའི་ལེགས་ཉེས་ཀྱི་མངོན་མཐོ་ངེས་ལེགས་དང་དེའི་བཟློག་ཕྱོགས་རྣམས་ལ་བླང་དོར་བྱེད་པའི་ཕྱིར། དཔེར་ན། རྨི་ལམ་དུ་ལེགས་པར་སྤྱད་པ་བཞིན་ནོ། །དབུ་མ་པས་ཆོས་ཐམས་ཅད་ལ་རང་བཞིན་ཡོད་པ་འགོག་པ་ན་ཡང་ཐ་སྙད་དུ་བླང་དོར་འགོག་པར་མི་འགྱུར་ཏེ། རྒྱུ་མཚན་དེ་ཉིད་ཀྱིས་ཆོས་ཐམས་ཅད་གཏན་མེད་དུའང་མི་སྨྲ་བའི་ཕྱིར་དང༌། གཏན་མེད་མ་ཡིན་པའི་ཕྱིར། ཆོས་དེ་དག་ལ་ཡོད་མེད་ཀྱི་རང་བཞིན་འཚོལ་བ་ན་རང་བཞིན་ཅུང་ཟད་ཀྱང་མི་རྙེད་ལ། དེས་ན་སྐྱེས་འཕགས་ཀྱི་འཁྲུལ་མ་འཁྲུལ་སོ་སོའི་ཤེས་ངོ་ན་བདེན་གཉིས་དང་རྟེན་འབྱུང་གི་ཚུལ་ཏེ་དབུ་མའི་ལམ་བཟང་རྣམ་པར་གཞག་པ་ལ་རིགས་ཚུལ་དང་མཐུན་པར་འགལ་བར་བརྩད་དུ་མེད་པས། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག གཉིས་ཀ་ལས་ཀྱང་མ་ཡིན་རྒྱུ་མེད་པར་ནི་ག་ལ་ཡོད། །ཅེས་གང་དམ་བཅས་པ་དེ་རབ་ཏུ་སྒྲུབ་པ་ཡིན་ནོ། །གསུམ་པ་ནི། གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་དང༌། །རྒྱུ་ལ་མ་ལྟོས་ཡོད་པ་མིན་པས་དངོས་རྣམས་རང་བཞིན་བྲལ། །དེས་ན་དངོས་པོར་གྲུབ་པའི་སྐྱེ་བ་སྲིད་ན་མཐའ་བཞི་ལས་སྐྱེ་བར་རྟོག་པ་ལས་གཞན་མི་སྲིད་པའི་ཕྱིར་དབང་ཕྱུག་སོགས་ལས་སྐྱེ་བར་འདོད་ནའང་མཐའ་བཞི་གང་རུང་ལས་སྐྱེ་བ་མ་གཏོགས་མཐའ་ལྔ་པ་ལས་སྐྱེ་བ་མེད་དོ་ཞེས་དངོས་པོ་རྣམས་རང་བཞིན་བྲལ་ཏེ། གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་དང༌། རྒྱུ་ལ་མ་བལྟོས་པར་སྐྱེ་བ་ཡོད་པ་མིན་པས་དེའི་ཕྱིར་རོ། །གཉིས་པ་ལ། མཐོང་བ་དང་འགལ་བ་སྤང་བ་དང༌། རང་བཞིན་མེད་ན་ཐ་སྙད་དུ་ཡང་ཡོད་པར་འགལ་བའི་རྩོད་པ་སྤང་བ་གཉིས། (༢༥༦ན)


K800_Page_523
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། གཏི་མུག་གི་དབང་གིས་མི་མཁས་པས་མཐོང་བའི་ཚུལ་དང༌། མཁས་པ་ལ་མི་སྣང་བའི་ཚུལ་གཉིས། དང་པོ་ལ། དངོས་པོ་དང༌། དངོས་མེད་མཐོང་བའི་འགལ་སྤང་གཉིས། དང་པོ་ནི། གང་གིས་སྤྲིན་ཚོགས་དང་མཚུངས་གཏི་མུག་སྟུག་པོ་འཇིག་རྟེན་ལ། །ཡོད་པ་དེས་ན་ཡུལ་རྣམས་ལོག་པ་དག་ཏུ་སྣང་བར་འགྱུར། །འོ་ན་སྔོན་པོ་སོགས་ཀྱི་དངོས་པོ་མ་སྐྱེས་ཤིང་ཡུལ་དུ་མི་འགྱུར་བས་མ་བཟུང་ན་ཡང་ཡང་དུ་མདུན་ན་སྣང་བ་དེ་ཅི་ཞེ་ན། ཡུལ་རྣམས་མཐོང་བ་ནི་རང་བཞིན་ཇི་ལྟ་བ་མ་ཡིན་པར་མངོན་ཞེན་ཅན་རྣམས་ལ་ཕྱིན་ཅི་ལོག་པ་དག་ཏུ་སྣང་བར་འགྱུར་བ་ཡིན་ཏེ། གང་གིས་ནམ་མཁའི་རང་བཞིན་སྒྲིབ་བྱེད་ཀྱི་ཆར་སྤྲིན་གྱི་ཚོགས་དང་མཚུངས་པའི་གཏི་མུག་གི་མུན་པ་མཐུག་པོས་ནམ་མཁའི་སྔོན་པོ་རང་བཞིན་སྟོང་པ་ཉིད་མཐོང་བ་གཡོགས་ནས་གནས་པ་འཇིག་རྟེན་པ་ལ་ཡོད་པ་དེས་ནའི་ཕྱིར། གཉིས་པ་ལ། དཔེ་དང༌། དོན་གཉིས། དང་པོ་ནི། ཇི་ལྟར་རབ་རིབ་མཐུ་ཡིས་འགའ་ཞིག་སྐྲ་ཤད་ཟླ་གཉིས་དང༌། །རྨ་བྱའི་མདོངས་དང་སྦྲང་མ་ལ་སོགས་ལོག་པར་འཛིན་བྱེད་པ། །གཏི་མུག་གི་སྒྲིབ་དབང་གིས་དེ་ཉིད་མི་མཐོང་བར་འགྱུར་བ་ལ་རག་མོད། ཕྱིན་ཅི་ལོག་ཏུ་ཇི་ལྟར་མཐོང་ཞེ་ན། མ་རིག་པའི་དབང་གིས་དེ་མིན་ལ་དེ་ལྟར་སྣང་ངོ་ཞེས་དཔེའི་སྒོ་ནས་བསྟན་པ་ནི། ཇི་ལྟར་རབ་རིབ་མཐུ་ཡིས་རབ་རིབ་ཅན་འགའ་ཞིག་ལ་ཡོད་པ་མིན་པའི་སྐྲ་ཤད་དང་ཟླ་གཉིས་དང་རྨ་བྱའི་མདོངས་དང་སྦྲང་མ་ལ་སོགས་པ་རྣམས་མ་སྐྱེས་པའི་རང་བཞིན་ཡིན་དུ་ཟིན་ཀྱང་དངོས་པོ་ཉིད་དུ་ལོག་པར་འཛིན་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། དེ་བཞིན་དུ་ནི་གཏི་མུག་སྐྱོན་གྱི་དབང་གིས་མི་མཁས་པས། །འདུས་བྱས་ལྟ་ཞིག་སྣ་ཚོགས་བློ་གྲོས་ཀྱིས་ནི་རྟོགས་པར་འགྱུར།།དཔེ་དེ་བཞིན་དུ་ནི་འགྲོ་བ་རྣམས་ཀྱང་གཏི་མུག་གི་སྐྱོན་གྱི་དབང་གིས་རང་བཞིན་མ་མཐོང་སྟེ། མི་མཁས་པས་བསོད་ནམས་དང༌། བསོད་ནམས་མིན་པ་དང༌། མི་གཡོ་བའི་ལས་བསགས་ནས་འཁོར་བའི་སྣོད་བཅུད་ཀྱི་འདུས་བྱས་འདི་ལྟ་ཞིག་སྣ་(༢༥༦བ)


K800_Page_524
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ཡོད་པར་བློ་གྲོས་ཀྱིས་ནི་རྟོགས་པར་འགྱུར་ཏེ། མདོ་ལས། འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང༌། ཞེས་དང༌། མ་རིག་པ་དང་རྗེས་སུ་འབྲེལ་བའི་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བ་དང༌། བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱ་བ་དང༌། མི་གཡོ་བའི་མངོན་པར་འདུ་བྱ་བ་ཡང་འདུ་བྱེད་དོ། །ཞེས་དང༌། མ་རིག་པ་འགགས་པས་འདུ་བྱེད་འགག་གོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གཉིས་པ་ནི། གལ་ཏེ་གཏི་མུག་བརྟེན་ནས་ལས་འབྱུང་གཏི་མུག་མེད་པར་དེ། །མི་འབྱུང་ཞེས་བྱར་མི་མཁས་ཁོ་ནས་རྟོགས་པར་གོར་མ་ཆག །བློ་བཟང་ཉི་མས་མུན་པ་སྟུག་པོ་རྣམ་པར་བསལ་བ་ཡི། །མཁས་པ་དག་ནི་སྟོང་ཉིད་ཁོང་དུ་ཆུད་ཅིང་གྲོལ་བར་འགྱུར། །གལ་ཏེ་སྐྱེ་འགག་གི་ཚུལ་འདིས་ནི་གཏི་མུག་རང་བཞིན་མེད་པ་ལ་བརྟེན་ནས་ལས་རང་བཞིན་མེད་པ་འབྱུང་ལ། གཏི་མུག་གི་རྫས་མེད་པར་འདུ་བྱེད་ཀྱི་རྫས་དེ་མི་འབྱུང་ཞེས་བྱར་བྱིས་པ་མི་མཁས་པ་ཁོ་ནས་རྟོགས་པར་གོར་མ་ཆག་སྟེ། གཉིས་ཀ་གདོད་ནས་སྐྱེ་མེད་དུ་མ་རྟོགས་པར་མ་རིག་པའི་དབང་གིས་ལས་འབྱུང་བ་དང་དེ་མེད་ན་མི་འབྱུང་བར་ཞེན་པའི་ཕྱིར། དེ་ཁོ་ན་ཉིད་མཐོང་བའི་བློ་བཟང་ཡེ་ཤེས་ཀྱི་ཉི་མས་གཏི་མུག་གི་མུན་པ་སྟུག་པོ་རྣམ་པར་བསལ་བའི་མཁས་པ་དག་ནི་འཁོར་བ་ལས་གྲོལ་བར་འགྱུར་ཏེ། མ་རིག་པའི་རྐྱེན་ལས་འདུ་བྱེད་དོ་ཞེས་འབྱུང་བ་དག་རྟེན་འབྱུང་སྒྱུ་མ་ལྟར་རང་བཞིན་མེད་པའི་སྟོང་ཉིད་ཁོང་དུ་ཆུད་པས་མ་རིག་པ་སྤོང་ཞིང༌། འདུ་བྱེད་ཀྱང་ཉེ་བར་ལེན་པར་མི་འགྱུར་བའི་ཕྱིར། གཉིས་པ་ལ། རྩོད། ལན་གཉིས་ཏེ། དང་པོ་ནི། གལ་ཏེ་དངོས་རྣམས་དེ་ཉིད་དུ་མེད་ན། །ཐ་སྙད་དུ་ཡང་མོ་གཤམ་བུ་ཇི་བཞིན། །དེ་དག་མེད་པ་ཉིད་འགྱུར་དེ་ཡི་ཕྱིར། །དེ་དག་རང་བཞིན་གྱིས་ནི་ཡོད་པ་ཉིད། །གཟུགས་སོགས་དེ་དག་དོན་དམ་པར་རང་བཞིན་གྱིས་ནི་ཡོད་པ་ཉིད་དེ། གལ་ཏེ་གཟུགས་སོགས་དངོས་པོ་རྣམས་དེ་ཁོ་ན་ཉིད་དུ་སྟེ་དོན་དམ་པར་མེད་ན་ཐ་སྙད་དུ་ཡང་མོ་གཤམ་གྱི་བུ་ཇི་ལྟ་བ་བཞིན་དུ་ཀུན་རྫོབ་དེ་དག་ཀུན་རྫོབ་ཏུ་ཡང་མེད་པ་ཉིད་དུ་འགྱུར་བར་རིགས་ན། དེ་ཡང་མ་ཡིན་པར་(༢༥༧ན)


K800_Page_525
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་ཏུ་ཡོད་པ་དེའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ལ། དཔེ་མ་ངེས་པར་བསྟན། དབུ་མ་པ་ལ་འདིའི་ཀླན་ཀ་མི་འཇུག རང་གི་སྡེ་པས་བརྒལ་བར་མི་རིགས་པ་གསུམ། དང་པོ་ལ། རབ་རིབ་ཅན་གྱིས་མ་ངེས་པ་དང༌། ཁྱོད་རང་ཉིད་ལ་མ་ངེས་པ་གཉིས། དང་པོ་ནི། གང་དག་རབ་རིབ་ཅན་སོགས་ཡུལ་འགྱུར་བ། །སྐྲ་ཤད་ལ་སོགས་དེ་དག་མ་སྐྱེས་པས། །རེ་ཞིག་དེ་དག་ཉིད་ལ་བརྩད་བྱ་སྟེ། །ཕྱི་ནས་མ་རིག་རབ་རིབ་རྗེས་འབྲེལ་ལའོ། །དེའི་ལན་དུ། གང་དག་རབ་རིབ་ཅན་ལ་སོགས་པའི་བློའི་ཡུལ་དུ་གྱུར་པ། སྐྲ་ཤད་ལ་སོགས་པ་དེ་དག་དང་མོ་གཤམ་གྱི་བུ་མ་སྐྱེས་པར་མཚུངས་པ་ལས། ཁྱོད་ཅག་གིས་ཡོད་པ་མིན་པའི་སྐྲ་ཤད་མཐོང་ལ། མོ་གཤམ་གྱི་བུ་མཐོང་བ་མ་ཡིན་པ་ཅི་ཞེས་རེ་ཞིག་རབ་རིབ་ཅན་དེ་དག་ཉིད་ལ་བརྩད་པར་བྱ་བར་འོས་ཏེ། ཕྱི་ནས་མ་སྐྱེས་པའི་གཟུགས་མཐོང་ལ་མོ་གཤམ་གྱི་བུ་མཐོང་བ་མིན་པ་ཅི་ཞེས་མ་རིག་པའི་རབ་རིབ་ཀྱིས་བློ་མིག་རྗེས་སུ་འབྲེལ་ཞིང་བསྒྲིབས་པ་རྣམས་ལ་བརྒལ་བརྟག་ཏུ་བྱ་དགོས་སོ། །ཁོ་བོ་ཅག་ལ་ནི་བརྒལ་ཞིང་བརྟག་པར་བྱ་བ་མ་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་ནི་རྣལ་འབྱོར་པ་རྣམས་ཀྱིས་དངོས་པོ་རྣམས་འདི་ལྟར་གཟིགས་ཤིང༌། གང་དག་རྣལ་འབྱོར་པའི་ཡེ་ཤེས་ཐོབ་པར་འདོད་པ་དེ་དག་གིས་ཀྱང་ཆོས་རྣམས་ཀྱི་རང་བཞིན་དེ་སྐད་བཤད་པ་དེ་ལྟ་བུ་ལ་ལྷག་པར་མོས་པར་བྱའོ་ཞེས་པའི་ལུང་ལ་བརྟེན་ནས་དངོས་པོ་རྣམས་རང་བཞིན་མེད་པར་འཆད་དུ་གཞུག་པ་ཡིན་གྱི། འཇིག་རྟེན་པ་རང་གི་ཤེས་པ་ཉིད་དབང་བཙན་པར་བྱས་ནས་གཟུགས་སོགས་ཡོད་པ་དང་མོ་གཤམ་གྱི་བུ་མེད་པར་མི་བསྒྲུབས་ཏེ། མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་བསྒྲིབས་པས་དེ་ལྟར་སྒྲུབ་མི་ནུས་པའི་ཕྱིར། དེས་ན་མ་སྐྱེས་པར་མཚུངས་ཀྱང་རབ་རིབ་ཅན་ལ་སྐྲ་ཤད་སོགས་སྣང་ལ། མོ་གཤམ་བུ་མི་སྣང་བ་ལྟར་ཐ་སྙད་དུའང་རང་(༢༥༧བ)


K800_Page_526
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པར་མཚུངས་ཀྱང་བྱིས་བློའི་ཡུལ་དུ་གཟུགས་སོགས་འགྱུར་བ་དང༌། མོ་གཤམ་གྱི་བུ་སོགས་མི་འགྱུར་བ་འགལ་བ་མེད་པར་ཤེས་པར་བྱ་ཞིང༌། རབ་རིབ་མེད་པ་ལ་སྐྲ་ཤད་མི་སྣང་བ་ལྟར་འཕགས་པས་དེ་ཉིད་གཟིགས་པ་ན་ཀུན་རྫོབ་པའི་ཆོས་འགར་ཡང་མ་གཟིགས་པས་གཟུགས་སོགས་གཟིགས་ལ། མོ་གཤམ་གྱི་བུ་ཅིས་མི་གཟིགས་པའི་བརྟག་པ་ག་ལ་འཇུག གཉིས་པ་ལ། རིགས་པ་དང༌། ལུང་གིས་མ་ངེས་པ་གཉིས། དང་པོ་ནི། གལ་ཏེ་རྨི་ལམ་དྲི་ཟའི་གྲོང་ཁྱེར་བཅས། །སྨིག་རྒྱུའི་ཆུ་དང་མིག་འཕྲུལ་གཟུགས་བརྙན་སོགས། །སྐྱེ་མེད་མཐོང་ན་ཡོད་ཉིད་མིན་མཚུངས་ཀྱང༌། །ཁྱོད་ལ་ཇི་ལྟར་དེར་འགྱུར་དེ་མི་རིགས། །རབ་རིབ་ཅན་ལ་བརྒལ་ཞིང་བརྟག་པ་ཕར་འདུག་ཅིག རེ་ཞིག་འདི་ཁྱོད་ཉིད་ལ་ཆེར་བརྒལ་ཞིང་བརྟག་པར་བྱ་བ་ཡིན་ཏེ། གལ་ཏེ་ཁྱོད་ཀྱིས་ཀྱང་རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་ར་བ་དང་བཅས་པ་དང༌། སྨིག་རྒྱུའི་ཆུ་དང་མིག་འཕྲུལ་དང་གཟུགས་བརྙན་དང་སོགས་པས་བྲག་ཆ་དང་སྦྲུལ་པ་རྣམས་རང་བཞིན་གྱིས་སྐྱེ་བ་མེད་བཞིན་མཐོང་ན། མོ་གཤམ་གྱི་བུ་དང་དོན་ལ་ཡོད་པ་ཉིད་མིན་པར་མཚུངས་ཀྱང་ཁྱོད་ལ་ཇི་ལྟར་རྨི་ལམ་སོགས་མཐོང་ལ། མོ་གཤམ་གྱི་བུ་མི་མཐོང་བ་དེར་འགྱུར་བ་ཅི་ཡིན་ཅེས་རང་ལ་བརྒལ་བརྟག་བྱས་ཏེ་ཕྱིས་ནས་ངེད་ལའང་བརྒལ་བརྟག་བྱས་པར་འགྱུར་རོ། །དེས་ན་གཟུགས་སོགས་རང་བཞིན་མེད་ན་མོ་གཤམ་གྱི་བུ་དང་ཡོད་མེད་མཚུངས་སོ་ཞེས་སྨྲ་བ་དེ་མི་རིགས་སོ། །གཉིས་པ་ནི། དེ་ཉིད་དུ་འདི་ཇི་ལྟར་སྐྱེ་མེད་ཀྱང༌། །མོ་གཤམ་བུ་ལྟར་གང་ཕྱིར་འཇིག་རྟེན་གྱི། །མཐོང་བའི་ཡུལ་དུ་མི་འགྱུར་མ་ཡིན་པ། །དེ་ཡི་ཕྱིར་ན་སྨྲ་འདི་མ་ངེས་པའོ། །ཁྱོད་ཀྱིས། གལ་ཏེ་དངོས་རྣམས་དེ་ཉིད་དུ་མེད་ན། ཐ་སྙད་དུ་ཡང་མོ་གཤམ་བུ་ཇི་བཞིན། །ཞེས་སྨྲ་བ་འདི་ཁྱབ་པ་མ་ངེས་པར་འགྱུར་ཏེ། གཟུགས་སོགས་འདི་དེ་ཁོ་ན་ཉིད་དུ་རྨི་ལམ་ལ་སོགས་པ་འདི་ཇི་ལྟ་བར་སྐྱེ་བ་མེད་ཀྱང་མོ་གཤམ་གྱི་བུ་ལྟར་གང་ཕྱིར་འཇིག་རྟེན་གྱིས་མཐོང་བའི་ཡུལ་དུ་མི་འགྱུར་བ་མ་ཡིན་པ་དེའི་(༢༥༨ན)


K800_Page_527
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ནའོ། །ངག་དོན་འཇིག་རྟེན་ན་སྒྱུ་མའི་དཔེ་བརྒྱད་དང་མོ་གཤམ་བུ་རང་བཞིན་མེད་པར་མཚུངས་ཀྱང་རྨི་ལམ་སོགས་སྒྱུ་མའི་དཔེ་བརྒྱད་སྣང་རུང་ལ་མོ་གཤམ་གྱི་བུ་སྣང་དུ་མི་རུང་བ་ལྟར་གཟུགས་དང༌། མོ་གཤམ་གྱི་བུ་རང་བཞིན་མེད་མཚུངས་ནི་སྣང་མི་སྣང་གི་ཁྱད་པར་མེད་པའི་ཁྱབ་པ་མ་ངེས་སོ། །གཉིས་པ་ལ། རིགས་པ་དང༌། ལུང་དང་མི་འགལ་བ་གཉིས། དང་པོ་ནི། མོ་གཤམ་བུ་ལ་རང་གི་བདག་ཉིད་ཀྱིས། །སྐྱེ་བ་དེ་ཉིད་དུ་མེད་འཇིག་རྟེན་དུའང༌། །ཡོད་མིན་དེ་བཞིན་དངོས་འདི་ཀུན་ངོ་བོ། །ཉིད་ཀྱིས་འཇིག་རྟེན་དེ་ཉིད་དུ་མ་སྐྱེས། །དེས་ན་དབུ་མ་པ་ལ་ཁྱོད་ཀྱིས་བརྒལ་བརྟག་བྱ་བའི་སྐབས་མེད་དེ། ཁོ་བོ་ཅག་གཟུགས་སོགས་ཀུན་རྫོབ་ཏུ་རང་བཞིན་གྱིས་སྐྱེ་བར་ཁས་བླངས་ནས་དོན་དམ་པར་སྐྱེ་བ་འགོག་པ་མ་ཡིན་ནོ་ཞེས་ཇི་ལྟར་མོ་གཤམ་གྱི་བུ་ལ་རང་གི་བདག་ཉིད་ཀྱིས་སྐྱེ་བ་དེ་ཁོ་ན་ཉིད་དུ་སྟེ། དོན་དམ་པར་མེད་ཅིང་འཇིག་རྟེན་ཐ་སྙད་དུའང་ཡོད་པ་མིན་པ་དེ་བཞིན་དུ་གཟུགས་སོགས་ཀྱི་དངོས་པོ་འདི་ཀུན་ངོ་བོ་ཉིད་ཀྱིས་འཇིག་རྟེན་ཀུན་རྫོབ་དང་དེ་ཉིད་དོན་དམ་དུ་མ་སྐྱེས་ཏེ། དཔྱད་ན་བདེན་པ་གཉིས་ཀར་སྤྲོས་པ་དང་བྲལ་བའི་ཕྱིར། ངོ་བོ་ཉིད་ཀྱིས་སྐྱེ་བ་ཞེས་བྱ་བ་འདི་བློ་ལ་མ་བལྟོས་པར་རང་གི་མཚན་ཉིད་ཀྱིས་སྐྱེ་བ་སྟེ། དེ་ནི་བདེན་པ་གཉིས་ཀར་མེད་དེ། འཁོར་འདས་འཆིང་གྲོལ་གྱི་རྒྱུ་འབྲས་འདི་ཐམས་ཅད་ལ་ངོ་བོ་ཉིད་དང་རང་བཞིན་ཡོད་ན་དེ་ལྟར་དེ་བཅོས་མིན་དང༌། གཞན་ལ་མི་བལྟོས་པ་དང༌། གཞན་དུ་མི་འགྱུར་བ་ཞིག་ཡིན་དགོས་ལ། བཅོས་མིན་སོགས་གསུམ་པོ་དེ་ཆོས་གང་གིའང་གནས་སྣང་ལ་དཔྱད་ན་མ་ཞུགས་པའི་ཕྱིར། ཆོས་ཐམས་ཅད་རྟོག་བཏགས་སུ་ཟད་ལ། རྟོག་བཏགས་སུ་ཟད་པས་ཆོས་ཐམས་ཅད་ཀྱི་བྱེད་པོ་བློ་རྟོག་པར་ནི་ནམ་དུ་ཡང་མི་འདོད་དེ། རྟོག་བཏགས་ཉིད་ཀྱིས་ཆོས་ཐམས་ཅད་གང་ཟག་དང་ཆོས་ཀྱི་བྱེད་པོ་(༢༥༨བ)


K800_Page_528
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་གི་ས་ནས་ངོ་བོས་སྟོང་པ་ཉིད་ཀྱིས་ཟབ་མོའི་དོན་འདི་ལྟ་བུ་ཐུགས་སུ་ཆུད་ནས་བསྙེངས་པ་ཐམས་ཅད་དང་བྲལ་བར་གཞན་ལ་སྟོན་པར་མཛད་པ་རྗེ་བཙུན་མཉན་པ་རས་ཆེན་གྱི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་རློབས་ཤིག རང་རྒྱུད་པ་དག་སྣང་མྱོང་མཐོང་གསུམ་མི་འགོག་གི། བཏགས་པ་འགོག་གོ་ཞེས་ཟེར་བ་ནི། དེ་དག་འཕགས་པའི་མཉམ་གཞག་ལ་སྣང་ན་མཉམ་གཞག་འཁྲུལ་བློར་འགྱུར་ཏེ། སྣང་མྱོང་གཞན་གྱུར་བསླུ་ཆོས་བཅོས་མ་ཡིན་པས་དམ་པའི་དོན་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། མི་སྣང་ན་དེ་རིགས་པས་དགག་ནུས་ཏེ། རིགས་པ་འཐད་ལྡན་དུ་གྲགས་པས་དེ་ལྟར་སྒྲུབ་པ་ན་གཞི་མེད་རྩ་བྲལ་གྱི་རྟོགས་པ་ཁྱད་ཅན་རྣལ་འབྱོར་པ་ལ་འཆར་བའི་ཕྱིར། རྗེ་བཙུན་འབྲུག་པ་རྒྱ་རས་པས། སེམས་གཞི་རྩ་བྲལ་བའི་དོན་རྟོགས་པས། །འཁོར་འདས་ངོ་བོ་གཅིག་ཏུ་འདྲེས། །དགག་སྒྲུབ་བྱ་རྒྱུ་མ་མཐོང་ངོ༌། །དེ་མི་བདག་གི་ལྟ་བའི་གདེང་ཚད་ཡིན། །ཞེས་སོ། །གཉིས་པ་ནི། དེ་ཕྱིར་འདི་ལྟར་སྟོན་པས་ཆོས་རྣམས་ཀུན། །གདོད་ནས་ཞི་ཞིང་སྐྱེ་བྲལ་རང་བཞིན་གྱིས། །ཡོངས་སུ་མྱ་ངན་འདས་པ་གསུངས་གྱུར་པ། །དེ་ཕྱིར་རྟག་ཏུ་སྐྱེ་བོ་ཡོད་མ་ཡིན། །ཆོས་ཐམས་ཅད་བདེན་པ་གཉིས་ཀར་རྟག་ཏུ་སྐྱེ་བ་ཡོད་པ་མ་ཡིན་ཏེ། བཤད་མ་ཐག་པ་དེའི་ཕྱིར། འདི་ལྟར་སྟོན་པ་སངས་རྒྱས་ཀྱིས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གདོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཅེས་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ཀུན་གདོད་ནས་ཞི་ཞིང་སྐྱེ་བ་དང་བྲལ་ལ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གསུངས་པར་གྱུར་པ་དེའི་ཕྱིར་རོ། དེའང་ཡེ་ཤེས་ཞི་བའི་ཡུལ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཞི་བའོ། །ཡེ་ཤེས་ཀྱི་ཡུལ་(༢༥༩ན)


K800_Page_529
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཞི་བ་ནི་མ་སྐྱེས་པས་སོ། །མ་སྐྱེས་པ་ཅི་ཞེ་ན། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ། །ཆོས་འགའ་ཞིག་ལ་རང་བཞིན་དང་ངོ་བོ་ཡོད་ན་སྐྱེ་ཡང་དེ་ཡོད་པ་མིན་པས་ཅི་ཞིག་སྐྱེ། དུས་ཐམས་ཅད་དུ་སྐྱེ་བ་དང་བྲལ་བས་སྔར་མ་བྱུང་ལས་ཕྱིས་བྱུང་དང༌། ཕྱིས་བྱུང་ཡང་འགྱུར་བ་མ་ཡིན་གྱི། རང་བཞིན་ཉིད་ཀྱིས་འགྱུར་བ་ལ་སོགས་པ་ཡོངས་སུ་མྱ་ངན་ལས་འདས་པའོ། །གདོད་ནས་ཞེས་བྱ་བ་ནི་དེ་དག་རྣལ་འབྱོར་པའི་ཡེ་ཤེས་ཀྱི་ཡུལ་ཁོ་ནར་མ་སྐྱེས་པ་ནི་མ་ཡིན་གྱི། དེ་གོང་འཇིག་རྟེན་པའི་ཐ་སྙད་ཀྱི་གནས་སྐབས་ནས་ཆོས་དེ་དག་རང་གི་བདག་ཉིད་ཀྱིས་མ་སྐྱེས་པའོ་ཞེས་པའི་དོན་ནོ། །འདི་ལྟ་བུ་ལ་དགོངས་ནས་ཆོས་ཀྱི་རྒྱལ་པོ་རྒོད་ཚང་པས། སྐྱེ་བོའི་དུས་ཀྱི་ཤེས་པ་འདི། །ཆོས་ཀྱི་སྐུ་རུ་འདུག་པ་ལ། །བླ་མས་བསྟན་ཀྱང་མ་དགོས་པར། །རྟོགས་སུ་ཐོད་པར་གཤའ་བ་ལ། །ཞེས་འབྱུང་ངོ༌། །གདོད་ཀྱི་སྒྲ་ནི་དང་པོའི་སྒྲའི་རྣམ་གྲངས་ཏེ་འཇིག་རྟེན་གྱི་ཐ་སྙད་ཀྱི་གནས་སྐབས་ལ་བརྗོད་དོ། །བོ་དོང་ཕྱོགས་ལས་རྣམ་རྒྱལ་ནི། ཆོས་ཐམས་ཅད་གདོད་ནས་སྐྱེ་མེད་གཞི་རྩ་དང་བྲལ་བར་བརྗོད་པ་དེ་ལྟར་ན་ཆོས་ཐམས་ཅད་རྒྱུ་མེད་དུ་འགྱུར་ལ། དེ་ལྟར་ན་རྟེན་འབྲེལ་གྱི་སྐྱེ་འགག་གི་རྒྱུ་འབྲས་དང་འགལ་བར་འགྱུར་ཞིང༌། ཆོས་ཐམས་ཅད་རྟེན་འབྲེལ་དུ་སྐྱེ་ནི་སྐྱེ། སྐྱེ་བ་གདོད་ནས་གཞི་མེད་དུ་ཁས་བླངས་ན་རང་ཚིག་དང་ཡང་འགལ་ལོ་ཞེས་སྨྲ་བ་ནི་གཞུང་རྩ་འགྲེལ་འདིའི་སྐབས་ལ་སོགས་པར་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་ཆེས་འཇིགས་པ་དང་བྲལ་བའི་ཟབ་མོའི་དོན་བཤད་པ་དེ་ལ་ཁྱེད་ཅག་འཐིང་སླད་དུ་བྱེད་པར་ཟད་ཀྱང་འཐད་པ་མ་ཡིན་ཏེ། གདོད་(༢༥༩བ)


K800_Page_530
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྟོང་པའི་དབང་གིས་སྤྲོས་པ་གང་ལའང་ཡེ་ཤེས་ཀྱི་འཇུག་པ་ཐམས་ཅད་ཉེ་བར་ཞི་བའི་ཡུལ་དང་ཡུལ་ཅན་མཉམ་པ་ཉིད་ཀྱི་ངོ་ན་སྟོང་པ་དང་རྟེན་འབྲེལ་གྱི་ཆོས་དང་ཆོས་ཉིད་ཀྱི་འཐད་པ་དང་དབུ་མའི་ལྟ་སྒོམ་ལམ་འབྲས་ཐམས་ཅད་ཀྱང་ཉེ་བར་ཞི་བའི་ཕྱིར་སྐབས་དེར་ནི་རྟེན་འབྲེལ་གྱི་སྐྱེ་འགག་གང་གིས་མཐོང་ཞིང་མཐོང་བ་དེ་དང་འགལ་ཀྱང་བླ་ལ། ཁོ་བོ་ཅག་དབུ་མ་པས་གྲུབ་མཐའ་སྨྲ་བའི་འཇིག་རྟེན་ཉི་ཚེ་བ་དག་དང་མ་བསྟུན་པར་སོ་སྐྱེ་ནས་ས་བཅུ་རྒྱུན་མཐའི་རྗེས་ཐོབ་ཀྱི་འཇིག་རྟེན་གྱི་གྲགས་པའི་བར་དང་བསྟུན་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་ན་རྟེན་འབྲེལ་དང་བདེན་གཉིས་རྣམ་པར་འཇོག་གོ་ཞེས་གཞན་གྲགས་སུ་བརྗོད་པའི་ཚེ་བྱིས་པ་ལ་རྟེན་འབྲེལ་སྐྱེ་བ་ལྟར་སྣང་བ་དེའི་ཚེའང་རང་གི་ངོ་བོས་སྐྱེ་བ་མེད་ཀྱང་དེར་སྣང་བ་ནི་འཁྲུལ་པའི་སྐྱེ་འགག་ཡིན་ལ། དེ་ལྟའི་སྐྱེ་འགག་གི་སྐྱེ་བ་ནི་གང་དུའང་སྐྱེ་འགག་རང་བཞིན་པར་མ་སྐྱེས་པས་དཔྱད་པ་ན་སྐྱེས་པར་ཡང་མི་བརྗོད་ཅིང༌། རྟེན་འབྲེལ་སྐྱེ་བ་མེད་པ་ནི་འཕགས་པའི་མཉམ་གཞག་གི་ཡུལ་དུ་ཡིན་ལ། དེ་ལ་རྟེན་འབྲེལ་གྱི་སྐྱེ་འགག་གི་འཁྲུལ་ཚ་འགའ་ཡང་གདོད་ནས་སྐྱེ་བའི་གཞི་རྩ་དང་བྲལ་བར་གཟིགས་ནས་སྐྱེ་བ་ཞིག་སྐྱེ་མེད་དུ་སོང་ཞིང༌། དེར་སྨྲ་བའང་མིན་པས་རང་ཚིག་དང་འགལ་བའི་སྐབས་ག་ལ་ཡོད། ཁྱེད་ཅག་དབུ་མ་པས་རྒྱུ་མེད་ལས་དངོས་ཆོས་སྐྱེ་བ་བཀག་ནས་རྟེན་འབྲེལ་གྱི་སྐྱེ་བ་ཐ་སྙད་དུ་སྨྲའོ་ཞེས་པའང་རྟེན་འབྲེལ་ལ་ཚིག་གི་རྫུན་རིབ་ཀྱིས་རྒྱབ་གཡོར་ནས་དོན་ལ་ཐ་སྙད་པའི་སྐྱེ་འགག་གི་སྐྱེ་བའི་དངོས་པོ་ལ་དེ་ལྟར་ཞེན་པའི་དངོས་འཛིན་གྱི་འཁོན་ནད་གཏོང་དུ་མི་འདོད་པར་དབུ་མ་པའི་མཐོ་གྲལ་སྙེག་(༢༦༠ན)


K800_Page_531
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ཟོལ་དུ་གོར་མ་ཆག་ནའང༌། བདེན་པ་གཉིས་ཀར་དཔྱད་པ་ན་རྟེན་འབྲེལ་གྱི་སྐྱེ་འགག་གི་དངོས་པོ་ཡོད་པར་སུ་སྨྲ་བ་དེ་དག་དངོས་སྨྲ་བའོ་ཞེས་སློབ་དཔོན་ཟླ་བའི་ཞབས་ཀྱིས་བཞེད་པ་ཙམ་ལས་དཔྱད་ཚེ་མཐར་འཛིན་གྱི་སྐྱེ་སོགས་བཀག རྟེན་འབྲེལ་གྱི་སྐྱེ་སོགས་མ་བཀག་ཅེས་པ་ནི། དཔྱད་ཚེ་འདུས་བྱས་ཀྱི་སྒྲ་མི་རྟག་པར་སྒྲུབ། འདུས་མ་བྱས་ཀྱི་སྒྲ་དེར་མི་སྒྲུབ་བོ་ཞེས་སྨྲས་པ་ལྟར་སྙིང་པོ་ཅི་ཞིག་ཡོད། ཁོ་བོ་ཅག་མ་དཔྱད་པ་ན་རྟེན་འབྲེལ་ལ་འཇིག་རྟེན་པ་དག་སྐྱེ་འགག་བྱེད་པར་སྨྲ་ཞིང་རློམ་མོད། དེ་ལྟར་ནའང་དེ་དབུ་མ་པའི་ལུགས་ཀྱིས་བརྗོད་པར་མི་འགྲོ་བས། དྲག་ཤུལ་གྱིས་ཁེངས་པ་ཅན་དག་རབ་ཏུ་ཞི་བའི་བྱམས་པ་ཆེན་པོ་ལ་མཉམ་པར་ཞོག་ཅིག དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་ཆོས་རྣམས་སྐྱེ་མེད་དུ་བསྟན་ཏོ་ཞེས་ཡོན་ཏན་ཕུལ་དུ་བྱུང་བ་བརྗོད་པའི་སྒོ་ནས་བཅོམ་ལྡན་འདས་ལ་བྱང་སེམས་སྒྲིབ་སེལ་གྱིས་བསྟོད་དོ། །གསུམ་པ་ནི། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང༌། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཅི་བཞིན། །དེ་བཞིན་དངོས་པོ་ཐམས་ཅད་འབྱུང་བས་ན། །མོ་གཤམ་བུ་དང་མཚུངས་པར་ཐལ་མི་འགྱུར། །རང་གི་སྡེ་པ་བྱེ་སྨྲ་དང་མདོ་སྡེ་པས་དངོས་པོ་རྣམས་དོན་དམ་པར་མེད་ན་ཐ་སྙད་དུ་ཡང་མེད་པར་འགྱུར་རོ་ཞེས་བརྒལ་དུ་མེད་དེ། ཁྱེད་ལྟར་ན་བུམ་པ་དང་ནགས་ཚལ་སོགས་འདི་དག་ཀུན་རྗོབ་བཏགས་ཡོད་ཡིན་པའི་ཕྱིར་དོན་དམ་དེ་ཉིད་དུ་མེད་ཅིང་འཇིག་རྟེན་གྱི་རབ་ཏུ་གྲགས་པར་ཡོད་ཅེས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་ཛོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་རགས་པ་བཏགས་ཡོད་དུ་ཁས་བླངས་པ་ཇི་ལྟ་བ་བཞིན་དེ་བཞིན་དུ་གཟུགས་སོགས་དཔྱད་ན་མེད་ཀྱང་འཇིག་རྟེན་གྲགས་ངོར་མ་བརྟགས་ཉམས་དགར་དངོས་པོ་(༢༦༠བ)


K800_Page_532
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་སྣང་བར་འགྱུར་བས་ན་དེ་ཉིད་དུ་མེད་ན་ཐ་སྙད་དུ་ཡང་མོ་གཤམ་གྱི་བུ་དང་མཚུངས་པར་གཏན་མེད་དུ་ཐལ་བར་མི་འགྱུར་རོ། །དེ་ལ་མི་མཚུངས་ཏེ། བུམ་སོགས་གདགས་པའི་རྟེན་འབྱུང་བཞི་སོགས་རྫས་སུ་ཡོད་པས་རྒྱུ་དེས་བུམ་པར་བཏགས་པའི་བུམ་པ་འབྲས་བུར་ཀུན་རྫོབ་ཏུ་ཡོད་པར་འཐད་ཀྱང་དབུ་མ་པ་ལྟར་ཆོས་ཐམས་ཅད་བཏགས་ཙམ་གྱི་ཆ་ལས་དེའི་རྒྱུའི་རྫས་གཏན་མེད་པའི་ཕྱིར། དེ་ཐམས་ཅད་མོ་གཤམ་གྱི་བུ་ལྟར་ཐལ་བའི་ཉེས་པ་མི་ལྡོག་གོ་སྙམ་ན། མི་རིགས་ཏེ། གདགས་པའི་རྟེན་ས་ལ་སོགས་པ་རྫས་སུ་སྒྲུབ་བར་མི་ནུས་པའི་ཕྱིར། བཞི་བརྒྱ་པ་ལས། གཟུགས་ལ་སོགས་པ་མ་གཏོགས་པར། །ཇི་ལྟར་བུམ་པ་ཡོད་མིན་ལྟར། །དེ་བཞིན་རླུང་སོགས་མ་གཏོགས་པར། །གཟུགས་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་དང༌། རིན་ཆེན་ཕྲེང་བ་ལས། ས་ཆུ་མེ་དང་རླུང་རྣམས་ནི། །རེ་རེའང་ངོ་བོ་ཉིད་དུ་མེད། །གང་གསུམ་མེད་པར་རེ་རེ་མེད། །གཅིག་མེད་པར་ཡང་གསུམ་མེད་དེ། །གལ་ཏེ་གསུམ་མེད་རེ་རེ་མེད། །གཅིག་མེད་པར་ཡང་གསུམ་མེད་ན། །སོ་སོར་རང་ཡོད་མ་ཡིན་ཏེ། །ཇི་ལྟར་འདུས་པ་སྐྱེ་བར་འགྱུར། །ཞེས་ས་ཆུ་མེ་རླུང་སོགས་ཀྱི་རྡུལ་ཕྲན་ཡང་རྡུལ་ཕྲན་གཞན་ལ་མ་བལྟོས་པར་རེ་རེ་བ་ཟླ་མེད་ཀྱི་དེར་གྲུབ་ཏུ་ཡོད་པ་མ་ཡིན་ཏེ། རྐྱེན་མེད་པར་རྒྱུ་རང་གི་ངོ་བོས་འབྱུང་བ་མིན་པའི་ཕྱིར། གལ་ཏེ་གདགས་གཞི་རྫས་སུ་ཡོད་དུ་ཆུག དེ་ལྟར་ན་དོན་དམ་རྫས་སུ་ཡོད་པ་ལས། ཀུན་རྫོབ་རྫས་སུ་མེད་པ་སྐྱེ་མི་རིགས་ཏེ། དོན་དམ་པར་བདེན་གྲུབ་རྟག་པ་ལས་དེར་མ་གྲུབ་པའི་བདེན་མེད་མི་སྐྱེ་བའི་ཕྱིར། བཞི་བརྒྱ་པ་ལས། དངོས་པོ་རྟག་པ་ལས་(༢༦༡ན)


K800_Page_533
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ། །མི་རྟག་པར་ནི་ཇི་ལྟར་འགྱུར། །རྒྱུ་འབྲས་མཚན་ཉིད་མི་མཐུན་པ། །ནམ་ཡང་མཐོང་བ་མ་ཡིན་ནོ། །ཞེས་སོ། །དེས་ན་བཏགས་ཡོད་མེ་ལོང་དང་བཞིན་སོགས་ཀྱི་ཚོགས་པ་ལ་བརྟེན་ནས་གཟུགས་བརྙན་བཏགས་པ་ཙམ་དམིགས་པ་དང༌། བརྟགས་ཡོད་ཀ་བ་སོགས་ལ་བརྟེན་ནས་ཁྱིམ་དུ་བཏགས་པ་དང༌། དེ་བཞིན་ཤིང་གི་རྟེན་ལ་ནགས་ཚལ་བཏགས་པ་དང༌། རྨི་ལམ་དུ་མ་སྐྱེས་པའི་རང་བཞིན་ཅན་གྱི་ས་བོན་ལས་མ་སྐྱེས་པའི་རང་བཞིན་ཅན་གྱི་མྱུ་གུ་སྐྱེ་བར་དམིགས་པ་བཞིན་དངོས་པོ་བཏགས་ཡོད་ཐམས་ཅད་ཀྱི་བཏགས་པ་ཡང་བཏགས་པར་ཡོད་པའི་རྟེན་ཅན་དུ་རིགས་ཏེ། བསྟན་བཅོས་ལས། ཇི་ལྟར་སྟོན་པས་སྤྲུལ་པ་ནི། །རྫུ་འཕྲུལ་ཕུན་སུམ་ཚོགས་སྤྲུལ་ཞིང༌། །ཞེས་པ་ནས། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྨིག་སྒྱུ་རྨི་ལམ་འདྲ་བ་ཡིན། །ཞེས་པའི་བར་གསུངས་སོ། །གཉིས་པ་ལ། ཀུན་རྫོབ་ཀྱི་སྐྱེ་བ་རྟེན་འབྲེལ་དུ་བསྟན་པ་དངོས་དང༌། རྟེན་འབྲེལ་རྟོགས་པའི་ཕན་ཡོན་གཉིས། དང་པོ་ནི། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི། །རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས། །དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ། །དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །གལ་ཏེ་ཁྱོད་ཀྱིས་མཐའ་བཞི་ལས་སྐྱེ་བ་བཀག་ན། མ་རིག་པ་དང་འདུ་བྱེད་ལས་རྣམ་ཤེས་དང་ས་མྱུག་སོགས་ཀུན་རྫོབ་ཏུ་སྐྱེ་བ་ཇི་ལྟར་ངེས་ཞེ་ན། མ་དཔྱད་གྲགས་པར་འཇིག་རྟེན་གྱི་ཐ་སྙད་མི་བཅད་པ་དེའི་ཆེད་དུ་ས་བོན་སྣང་ཙམ་གྱི་རྒྱུ་རྐྱེན་འདི་ལ་བརྟེན་ནས་མྱུ་གུ་ལ་སོགས་པའི་འབྲས་བུ་འདི་དག་རབ་ཏུ་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་ན་ཇི་སྐད་བཤད་པའི་ཚུལ་གྱི་རྒྱུ་མེད་པ་དང་དབང་ཕྱུག་གི་རྒྱུ་ལ་སོགས་པ་དང༌། བདག་དང་གཞན་དང་གཉིས་ཀ་ལས་དངོས་པོ་རྣམས་བདེན་པ་གཉིས་ཀར་སྐྱེ་བར་འགྱུར་བ་མ་ཡིན་པ་དེའི་ཕྱིར་རོ། །དེའང་ཇི་སྐད་དུ་(༢༦༡བ)


K800_Page_534
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས། དེ་ལ་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང༌། འདི་སྐྱེས་པས་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། ཞེས་སོགས་གསུངས་སོ། །རིན་ཆེན་ཕྲེང་བ་ལས། འདི་ཡོད་པས་ནི་འདི་འབྱུང་དཔེར། །རིང་པོ་ཡོད་ན་ཐུང་ངུ་བཞིན། །འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་བྱུང་བས་འོད་བཞིན་ནོ། །ཞེས་དང༌། བསྟན་བཅོས་ལས། བྱེད་པོ་ལས་ལ་བརྟེན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པར། །གྲུབ་པའི་རྒྱུ་ནི་མ་མཐོང་ངོ༌། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མར་ཤེས་པར་བྱ། །ཞེས་རྐྱེན་འདི་པ་ཙམ་ཞིག་ཁོ་ནའོ་ཞེས་འཇིག་རྟེན་རྗེས་བརྗོད་དུ་སྨྲའོ། །དེས་ན་རྐྱེན་འདི་པ་ཙམ་ལ་བལྟོས་ནས་འབྱུང་བ་ནི་འཇིག་རྟེན་ཉི་ཚེ་བའི་གྲུབ་མཐའ་དངོས་པོར་ལྟ་བའི་སྐྱེ་འགག་གི་རྣམ་གཞག་ལ་གནོད་ཀྱང་འཇིག་རྟེན་ཀུན་རྫོབ་སྤྱི་མཐུན་གྱི་སྐྱེ་འགག་དང་མི་འགལ་བས་ཀུན་རྫོབ་ཀྱི་ཐ་སྙད་ཀྱང་ཀུན་རྫོབ་དང་མི་མཐུན་པ་མ་ཡིན་ཞིང༌། དོན་དམ་བདེན་པའི་ངང་ཚུལ་དང་ཡང་མཐུན་པར་འཇུག་པའི་འཇིག་རྟེན་མཐུན་འཇུག་འདི་ནི་ཇི་སྲིད་འཇིག་རྟེན་ཀུན་རྫོབ་ཀྱི་རྣམ་གཞག་བྱེད་པ་སྤྱི་ལ་གནས་ཤིང་གྲུབ་མོད་ཀྱང༌། རྟེན་འབྱུང་གི་ཀུན་རྫོབ་འདི་ལས་དམ་པའི་དོན་ལ་འཇུག་པའི་ཆེད་དང་ཐབས་གཞན་མེད་པས་རྟེན་འབྱུང་གི་ཀུན་རྫོབ་འདི་ལྟ་བུའི་ཐ་སྙད་ཀུན་རྫོབ་འཇིག་རྟེན་སྤྱི་དང་མཐུན་པར་སྒྲ་ཇི་བཞིན་པར་རྗེས་འཇུག་ཏུ་སྨྲ་བ་ནི་གཞན་གྱིས་དབུ་མར་འབོད་པར་སྐྱེས་བུ་དམ་པ་ཁོ་ན་ལ་ཡོད་ཀྱི། རྒྱང་འཕེན་ནས་རྣམ་རིག་(༢༦༢ན)


K800_Page_535
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་གཞན་ལ་མེད་ལ། གཞན་གྱི་འདོད་པའི་ཀུན་རྫོབ་བདེན་པ་ཕལ་ཆེ་བ་དོན་དམ་ལ་འཇུག་པའི་རྟེན་དུ་མི་རུང་བར་མ་ཟད། ཐ་སྙད་དུའང་བླང་དོར་གྱི་གཞིར་གཏན་མེད་པ་ཁོ་ནར་བཏགས་པ་ཉིད་མང་བས་མ་དཔྱད་པའི་དབང་དུ་ན་ཡང་ཐ་སྙད་པའི་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་ལ་སྒྲོ་སྐུར་སྣ་ཚོགས་ཤིག་བྱས་པ་ཡིན་ནོ། །དེ་ལྟར་ནའང་ཀུན་རྫོབ་ཀྱི་རྟེན་འབྲེལ་གྱི་འབྱུང་བ་འདི་དབུ་མ་པ་རང་ལུགས་ཀྱིས་བཞག་པ་ནི་མ་ཡིན་ནོ། །དབུ་མ་པས་ཀུན་རྫོབ་བདེན་པ་བྱིས་ངོར་རྟེན་འབྲེལ་གྱི་ཆོས་སུ་འཇོག་པའི་རྟེན་འབྲེལ་ཡང་དངོས་པོར་སྨྲ་བ་དག་གི་རྟེན་འབྲེལ་གྱི་ཆོས་སུ་སྨྲ་བ་དེ་དག་དང་མིང་མཐུན་ཀྱང་དོན་མཐུན་པ་མ་ཡིན་ཏེ། དེ་དག་གི་རྟེན་འབྲེལ་ནི་དངོས་པོའི་ཆོས་སུ་རང་ལུགས་ཀྱིས་གྲུབ་ཅིང་འཇོག་པ་དང༌། འདིར་ནི་རང་ལུགས་ཀྱིས་མ་གྲུབ་ཅིང་དངོས་པོ་དངོས་མེད་གང་དུ་གྲུབ་པའི་ཆོས་ཐ་སྙད་དུ་ཡང་མི་འགྲུབ་པས་ཐ་སྙད་དུ་རྟེན་འབྲེལ་གྱི་ཆོས་ཀྱི་རྣམ་གཞག་གྲགས་པ་ལྟར་མི་འཇིག་ཀ་མེད་འཇིག་རྟེན་གྱི་ངོར་བྱུང་བའི་ཕྱིར། རྟེན་ཅིང་འབྲེལ་འབྱུང་གི་ཀུན་རྫོབ་ཀྱི་ཆོས་རྣམ་པར་གཞག་པས་དོན་དམ་བདེན་པ་རྒྱུ་འབྲས་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ལ་བདེ་བླག་ཏུ་འཇུག་པའི་རྟེན་བྱེད་པ་ནི། བྱེད་པོ་དང་ལས་དང༌། བདག་དང་ཉེ་བར་ལེན་པ་དང༌། རྒྱུ་དང་འབྲས་བུ་དང༌། འགྲོ་བ་དང་འགྲོ་བ་པོ་དང༌། བལྟ་བྱ་དང་ལྟ་བྱེད་དང༌། བརྗོད་བྱ་དང་རྗོད་བྱེད་དང༌། ཡན་ལག་དང་ཡན་ལག་ཅན་དང༌། ཆ་ཤས་དང་ཆ་ཤས་ཅན་དང༌། ཡོན་ཏན་དང་ཡོན་ཏན་ཅན་དང༌། ཁྱད་གཞི་དང་ཁྱད་ཆོས་དང༌། མཚན་ཉིད་དང་མཚན་གཞི་དང༌། གཟུང་བ་དང་འཛིན་པ་དང༌། ཤེས་བྱ་དང་ཤེས་པ་དང༌། ཚད་མ་དང་གཞལ་བྱ་དང༌། བསྒྲུབ་བྱ་(༢༦༢བ)


K800_Page_536
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྲུབ་བྱེད་དང༌། སྤང་བྱ་དང་གཉེན་པོ་དང༌། ཟག་བཅས་དང་ཟག་མེད་དང༌། འཇིག་རྟེན་ལས་འདས་མ་འདས་དང༌། དངོས་པོ་དང་དངོས་མེད་དང༌། རྟག་མི་རྟག་དང༌། འདུས་བྱས་མ་བྱས་དང༌། རྣམ་ཤེས་དང་ཡེ་ཤེས་དང༌། བརྫུན་པ་དང་བདེན་པ་དང༌། ཆོས་ཅན་དང་ཆོས་ཉིད་དང༌། ཀུན་རྫོབ་དང་དོན་དམ་དང༌། འཁོར་བ་དང་མྱང་འདས་སོགས། མདོར་ན་གཉིས་ཆོས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཕན་ཚུན་གཅིག་ལ་བལྟོས་ནས་གཅིག་བཞག་པ་མ་གཏོགས་རང་གི་ངོ་བོས་བལྟོས་མེད་དུ་གྲུབ་པ་འགའ་ཡང་ཡོད་པས་ཡིན་པས་ཆད་པ་དང་རྟག་པའི་མཐའ་ལས་གྲོལ་བར་འགྱུར་རོ། །དེ་ལྟ་བུའི་རྟེན་འབྲེལ་རྒྱུ་རྐྱེན་དང་སྐྱེ་འགག་དང་གཅིག་ཐ་དད་ལ་སོགས་པ་འདི་ལྟར་འཐད་དོ་ཞེས་རང་ལུགས་ཀྱིས་རྣམ་པར་འཇོག་པ་ནི་སྟོན་པའི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པ་ཡིན་ཏེ། བསྟན་བཅོས་ལས། གང་དག་བདག་དང་དངོས་པོ་རྣམས། །དེ་བཅས་ཉིད་དང་ཐ་དད་པར། །སྟོན་པས་དེ་དག་བསྟན་དོན་ལ། །མཁས་སོ་སྙམ་དུ་མི་སེམས་སོ། །ཞེས་སོ། །དེ་དག་ལ་གཅིག་དང་ཐ་དད་སོགས་སུ་བལྟ་བ་ནི་བྱིས་པ་རྣམས་ཁོ་ནའི་ཡིན་གྱི། འཕགས་པ་རྣམས་ལ་མི་མངའ་སྟེ། རིགས་པ་དྲུག་ཅུ་པ་ལས། དེ་ཉིད་མ་མཐོང་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམ་སེམས་ཏེ། །དེ་ཉིད་མཐོང་བ་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམ་སེམས་མེད། །ཅེས་སོ། །དེ་ལ་རྐྱེན་འདི་པ་ཙམ་ཞེས་བྱ་བ་འདི་ཆོས་གང་འབྲས་བུ་གང་གི་རྒྱུར་འཇིག་རྟེན་ན་གྲགས་པ་དེ་ཉིད་དེའི་རྒྱུ་ཡིན་གྱི། མི་སྣང་བའི་དབང་ཕྱུག་དང་ཀུན་གཞི་ལ་སོགས་པ་གཞན་གྱིས་བཏགས་པའི་རྒྱུ་རྣམས་དང་བྲལ་བར་སྟོན་པ་ཡིན་ནོ། །དབུ་མ་པས་མ་(༢༦༣ན)


K800_Page_537
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་པ་ན་འཇིག་རྟེན་གཞན་ངོར་ཀུན་རྫོབ་བདེན་པ་འཇོག་པ་ན། དེའི་སྐྱེ་འགག་རྒྱུ་འབྲས་འཇིག་རྟེན་གྲགས་པའི་བལྟོས་བཞག་ཙམ་དུ་སྨྲ་བ་ཉིད་ཀྱིས་མཐའ་བཞིའི་སྐྱེ་བ་ལ་ཡོངས་སུ་གནོད་པར་འགྱུར་པ། དེ་ལ་གནོད་པས་གྲུབ་དོན་དངོས་པོར་སྨྲ་བའི་སྐྱེ་འགག་ཏུ་བལྟ་བ་ཡང་འགོག་ནུས་ཤིང༌། ཆོས་ཐམས་ཅད་སྐྱེ་མེད་དུ་སྒྲུབ་པའི་རིགས་པ་དང་འཐད་པར་ཡང་རྟེན་འབྲེལ་དང་བལྟོས་འབྱུང་གི་སྐྱེ་འགག་སོགས་བཀོད་པ་ཉིད་ལ་མཆོག་ཏུ་བསྔགས་པ་ཡིན་ཏེ། དེ་ལྟའི་རྟེན་འབྲེལ་ཡིན་ན་སྟོང་ཉིད་ཡིན་པར་འགྲུབ་པའི་ཁྱབ་པ་ཡང་འཇིག་རྟེན་གཞན་གྲགས་ཀྱི་ཀུན་རྫོབ་འཐད་ལྡན་ཁས་ལེན་པ་ཉིད་ལ་གནས་པ་ཡིན་གྱི། དབུ་མ་པ་རང་ལུགས་ལ་ནི་མ་ཡིན་ཏེ། དབུ་མ་པ་རང་གི་ལུགས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་འཇིག་རྟེན་ཀུན་རྫོབ་དཔྱད་པ་ན་འཐད་ལྡན་དུ་འཇོག་རྒྱུར་མི་རྙེད་པའི་ཕྱིར་རོ། །དེས་ན་གཞན་ལ་གྲགས་པའི་བལྟོས་འབྱུང་གི་སྐྱེ་འགག་གི་གཏན་ཚིགས་ཀྱིས་གཞན་གྱི་འདོད་པའི་མཐའ་བཞིའི་སྐྱེ་འགག་འགོག་པ་ནི་སྒྲས་ཟིན་ལ། སྐྱེ་བ་དང་འགག་པ་ཉིད་ཀྱིས་སྐྱེ་འགག་འགོག་པ་ལྟ་བུར་ཡོད་ཀྱང་དོན་འཆུག་པ་མ་ཡིན་ཏེ། རྐྱེན་ལས་སྐྱེས་པས་དེ་མ་སྐྱེས་པར་བརྗོད་པའི་སྐབས་ཡིན་པའི་ཕྱིར་ཏེ། ཚིག་ལ་མི་རྟོན་དོན་ལ་རྟོན་པ་ཉིད་ཀྱིས་སོ། །རྐྱེན་ལས་སྐྱེས་པ་མ་སྐྱེས་པ། །དེ་ཉིད་མཁྱེན་པའི་མཆོག་གིས་གསུངས། །ཞེས་སོ། །འོ་ན་རྟེན་འབྲེལ་གྱི་རྟགས་ཀྱིས་ཐ་སྙད་དུ་ཀུན་རྫོབ་ཀྱི་སྐྱེ་སོགས་དབུ་མ་པས་བསྒྲུབ་པར་བྱའམ་ཞེ་ན། མཐའ་བཞིའི་ཀུན་རྫོབ་ཀྱི་སྐྱེ་སོགས་ནི་རྟགས་དེས་བསྒྲུབས་ན་འགལ་རྟགས་སུ་འགྱུར་བས་མི་འགྲུབ་ལ། རྟེན་(༢༦༣བ)


K800_Page_538
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་གྱི་ཀུན་རྫོབ་པའི་སྐྱེ་སོགས་ནི་རྟགས་དེས་སྒྲུབ་པར་མི་ནུས་ཏེ། རྟགས་ཆོས་ཐ་མི་དད་པའི་ཕྱིར་དང༌། འདི་ལྟའི་རྟེན་འབྲེལ་གྱིས་ཀུན་རྫོབ་པའི་སྐྱེ་འགག་དང་རྒྱུ་འབྲས་འཇོག་པ་ནི་མ་དཔྱད་པའི་དུས་སུ་འཇོག་ལ། དཔྱད་ནས་རྟེན་འབྲེལ་གྱི་རྟགས་ཀྱིས་རྟེན་འབྲེལ་གྱི་སྐྱེ་སོགས་སྒྲུབ་པར་བྱེད་ན་ནི་གླང་ཆེན་གྱི་ཁྲུས་དང་འདྲ་བར་འགྱུར་ཏེ། དཔྱད་ནས་མཐའ་བཞིའི་སྐྱེ་བ་བཀག་ཤུལ་དུ་རྟེན་འབྲེལ་གྱི་སྐྱེ་སོགས་བསྒྲུབས་ན་སྔར་རིགས་ཚུལ་དུ་མས་བདེན་པ་གཉིས་ཀར་སྐྱེ་སོགས་བཀག་ནས་སྨྲ་བསམ་བརྗོད་བྲལ་གྱི་དབུ་མར་གནས་པ་ལས་ཉམས་པར་བྱས་ཏེ། སླར་དངོས་སྨྲ་བའི་ནང་དུ་ཞུགས་པར་འགྱུར་བའི་ཕྱིར་ཏེ། གདོད་ཀུན་རྫོབ་པའི་སྐྱེ་བ་འབད་ནས་འཐད་ལྡན་དུ་སྒྲུབ་པར་བྱེད་པའི་ཕྱིར། དོན་ལ་སྐྱེ་འགག་ལ་མཚན་མ་དང་དངོས་པོར་བལྟ་བའི་འཛིན་སྟངས་ཅན་གྱི་བློ་ཞིག་གིས་སྒྲོ་འདོགས་ན་དེ་སྒྲོ་འདོགས་བྱེད་མཐའ་བཞིའི་སྐྱེ་འགག་གིས་བྱས་པ་དང༌། རྟེན་འབྲེལ་གྱི་སྐྱེ་འགག་གིས་བྱས་པ་ལ་ཁྱད་པར་མེད་དེ། འཆིང་ན་གསེར་ཐག་དང་ལྕགས་ཐག་འཆིང་བྱེད་དུ་ཁྱད་པར་མེད་པ་བཞིན་ནོ། །དེར་མ་ཟད་དཔྱད་ནས་རྟེན་འབྲེལ་གྱི་སྐྱེ་འགག་འབད་པས་བསྒྲུབས་ན་སྐྱེ་འགག་དེ་དོན་དམ་བདེན་པ་དང༌། ཀུན་རྫོབ་བདེན་པའི་སྐྱེ་འགག་གང་གི་དབང་དུ་བྱས་པ་ཡིན། དང་པོ་ལྟར་ན་མི་འཐད་དེ། དོན་དམ་བདེན་པར་སྐྱེ་འགག་དང་བྲལ་བ་ལ་དེ་ལྟར་སུ་ཞིག་གིས་སྒྲུབ་ནུས། གཉིས་པ་ལྟར་ཡང་མི་འཐད་དེ། དབུ་མ་པས་ཀུན་རྫོབ་བདེན་པའི་སྐྱེ་འགག་མ་དཔྱད་པའི་འཇིག་རྟེན་གྱི་རྗེས་བརྗོད་དུ་ལད་མོར་འདོན་པ་ལས་དཔྱད་ནས་འཇོག་ན་ཀུན་རྫོབ་བདེན་པའི་སྐྱེ་སོགས་(༢༦༤ན)


K800_Page_539
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱི་དགག་བྱ་མིན་པར་བསྒྲུབ་བྱར་འགྱུར་ལ། དེ་ལྟར་ན་དབུ་མ་པས་དཔྱད་ན་ཀུན་རྫོབ་བདེན་པའི་སྐྱེ་སོགས་ཀྱི་རང་རང་གི་ངོ་བོ་དང་རང་བཞིན་འགོག་པར་བྱེད་པའི་དོན་མེད་པར་ཡང་འགྱུར་ཞིང༌། དཔྱད་ནས་སྐྱེ་འགག་འཇོག་ན་སྐྱེ་འགག་དཔྱད་བཟོད་པར་འགྱུར་ལ། དེ་ལྟའི་རྟེན་འབྲེལ་གྱི་སྐྱེ་འགག་དཔྱད་བཟོད་ཅན་འདོད་ན་ཡང་དེ་ལྟ་བུ་བདེན་པ་གཉིས་མིན་གྱི་བདེན་པ་ཕུང་གསུམ་པར་ཁས་ལེན་ན་མ་གཏོགས་དེ་འདྲའི་དཔྱད་བཟོད་ཀྱིས་གྲུབ་པའི་ཆོས་བདེན་པ་གཉིས་ཀར་མི་སྲིད་ནས་སུ་ཞིག་གིས་དེ་ལྟར་སྒྲུབ་ནུས་ལེགས་པར་བསམ་དགོས་པའི་ཕྱིར་རོ། །ངག་དོན་དབུ་མ་པས་རྟེན་འབྲེལ་གྱི་རྒྱུ་འབྲས་ཀྱི་སྐྱེ་འགག་མ་དཔྱད་པར་འཇོག་པ་ན་སྣང་ཙམ་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལ་སྒྲོ་སྐུར་མ་བཏབ་པས་ཐ་སྙད་ཀྱི་བླང་དོར་བྱེད་པ་ན་ཀུན་རྫོབ་བདེན་པའི་ཚུལ་ལས་མ་ཉམས་པ་ཡིན་ཏེ། ཇི་ལྟར་གྲགས་པའི་དོན་ལ་འཕྲི་བསྣན་མེད་པར་བརྗོད་པའི་ཕྱིར། དེ་ལྟར་ནའང་དཔྱད་ནས་རྟེན་འབྲེལ་གྱི་སྐྱེ་འགག་སོགས་འཇོག་ན་བདེན་པ་གཉིས་ཀ་ལ་སྒྲོ་སྐུར་བཏབ་པས་དམ་པའི་དོན་ལ་འཇུག་པ་ན་བདེན་པ་གཉིས་ཀའི་ཚུལ་ལས་ཉམས་པ་ཡིན་ཏེ། དཔྱད་ངོར་རྟེན་ཅིང་འབྲེལ་འབྱུང་གི་ཀུན་རྫོབ་ཀྱི་དངོས་ཆོས་མི་འགྲུབ་བཞིན་འགྲུབ་པར་སྒྲོ་བཏགས་ཤིང༌། དེ་གྲུབ་པར་རློམ་པས་སྐྱེ་འགག་དང་བྲལ་བའི་དོན་དམ་པ་འགོག་པར་འགྱུར་བས་དོན་དམ་པའི་བདེན་པ་ལ་སྐུར་པ་བཏབ་པར་ཡང་འགྱུར་བའི་ཕྱིར། དེས་ན་གངས་ཅན་པ་ཁ་ཅིག་དབུ་མ་པས་རྟེན་འབྲེལ་གྱི་སྐྱེ་འགག་རང་ལུགས་ཀྱི་འཐད་པས་འཇོག་པ་ནི་ཐུན་མོང་མིན་པའི་ཁྱད་ཆོས་ཏེ། བདེན་མེད་སྒྱུ་མ་ལྟ་བུའི་སྐྱེ་(༢༦༤བ)


K800_Page_540
[མ་དཔེ་གཟིགས་ན་འདིར་གནོན།]

འགག་ཉིད་ལེགས་པར་གྲུབ་པས་ཆད་མཐའ་སེལ་ཆེད་དུ་བསྔགས་པའི་ཕྱིར་ཞེས་ཟེར་བ་དེ་ལ་ནི་དབུ་མའི་དྲི་ཙམ་མི་བྲོ་བར་ཟད་དེ། བདེན་མེད་སྒྱུ་མ་ལྟ་བུའི་སྐྱེ་འགག་ཉིད་དོ་ཞེས་མཐའ་བྲལ་སྨྲ་བའི་སྟོན་པ་དག་གི་ལུང་ལས་འབྱུང་བ་དེ་ནི་དཔྱད་པ་དང་འཕགས་པའི་གཟིགས་ངོར་རྟེན་འབྲེལ་གྱི་སྐྱེ་འགག་སྒྱུ་མའི་སྐྱེ་འགག་ལྟར་སྐྱེ་འགག་དང་བྲལ་བར་སྒྲུབ་བྱེད་ཀྱི་ལུང་ཡིན་གྱི། དེར་སྐྱེ་འགག་ཡང་དག་པར་ཡོད་པའི་སྒྲུབ་བྱེད་ཀྱི་ལུང་དུ་རྨི་ལམ་དུའང་རྨི་བ་སྲིད་པ་མིན་པའི་ཕྱིར། དེས་ན་འདི་ལྟར་སྨྲ་བར་བྱེད་པ་དེ་དག་ནི་ཀྱེ་མ་ལ། དེས་ན་མ་དཔྱད་པར་རྐྱེན་འདི་པ་ཙམ་གྱིས་འཇོག་ལུགས་ནི་མཐའ་བཞི་སྐྱེ་བར་འདོད་པའི་དངོས་འཛིན་དང་འགལ་བས་དབུ་མ་པའི་བདེན་གཉིས་འཇོག་ཚུལ་དངོས་སྨྲ་བའི་བདེན་གཉིས་འཇོག་ཚུལ་ལས་ཆེས་ཁྱད་པར་འཕགས་པ་ཡིན་ཏེ། སངས་རྒྱས་དང་སེམས་ཅན་ལ་སོགས་གང་ཟག་ཐམས་ཅད་ཀྱི་ཤེས་བྱ་འཇིག་རྟེན་ལ་གྲགས་པ་དང་མི་འགལ་བར་བརྗོད་པའི་ཕྱིར་ཞེས་བྱ་བ་འདི་ཙམ་ཞིག་ཏུ་ཟད་དེ། ཁོ་བོའི་ཕ་རས་པ་ཆེན་པོའི་མགུར་ལས། བལྟོས་བཞག་གི་བདེན་གཉིས་རྣམ་གཞག་ཀྱང༌། །ཁོ་བོ་འཇིག་རྟེན་གཞན་གྲགས་ངོར་ཙམ་འདོན། །ད་འཇིག་རྟེན་སྤྲོས་དང་བྲལ་ཙ་ན། །བལྟོས་ཆོས་ཀྱི་བདེན་རྫུན་ལ་སོགས་ཀྱིས། །སྐྱེ་འགག་གི་མཚན་མ་ཐམས་ཅད་ལ། །ཡོད་མེད་ཡིན་མིན་གྱི་དགག་སྒྲུབ་ཀུན། །དམིགས་མེད་དུ་ཞི་བའི་གནས་སྐབས་དེར། །རང་ལུགས་ཀྱི་ལྟ་སྒོམ་ཇི་ལྟར་ཡོད། །རང་ལུགས་ཀྱི་གྲུབ་མཐའ་ཞིག་ཙ་ན། །གཞན་ལུགས་ཀྱང་འགོག་དོན་མི་མདུག་པས། །དབུ་མར་ཡང་མིང་འདོགས་ཀྱང་(༢༦༥ན)


K800_Page_541
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱེད་ཅིག །ཅེས་བཀའ་སྩལ་པ་ཉིད་ལ་འཁོར་ཐབས་མེད་པའི་བཀའ་དྲིན་དྲན་ཏེ་དངོས་པོ་ཐམས་ཅད་ཀྱིས་ཕྱག་བགྱིས་སོ། །དེས་ན་རྐྱེན་འདི་པ་ཙམ་གྱི་རྟེན་འབྲེལ་གྱིས་རྒྱུ་མེད་དུ་ལྟ་བ་ཐམས་ཅད་སེལ་བར་བྱེད་དེ། རྒྱུ་མེད་ནི་གང་ལའང་བལྟོས་མེད་ཡིན་ལ། རྟེན་འབྲེལ་ནི་བལྟོས་པའི་དོན་ཅན་ཡིན་པའི་ཕྱིར། དབང་ཕྱུག་ལ་སོགས་རྒྱུ་རྟག་པ་དང་གཅིག་པུ་དང་མི་མཐུན་པ་དང་ཁ་ཡར་བ་ལས་བྱུང་བ་ན་རྟེན་འབྲེལ་དང་འགལ་ཏེ། རྒྱུ་གཅིག་པུ་ལས་བྱུང་ན་རྐྱེན་གཞན་དང་གཞན་ལ་བལྟོས་མི་རིགས་པའི་ཕྱིར་དང༌། རྒྱུ་རྟག་པ་ལའང་བྱ་བྱེད་དང་བྲལ་བས་བལྟོས་པར་མི་རིགས་ཤིང༌། རྒྱུ་མི་མཐུན་པ་ལས་འབྱུང་ན་ཡང་རང་གི་རྒྱུ་རྐྱེན་ལ་བལྟོས་པར་མི་རིགས་ལ། རྒྱུ་ཁ་ཡར་བ་ལས་འབྱུང་ནའང་ཚོགས་པ་ལ་བལྟོས་པར་མི་རིགས་པའི་ཕྱིར་དང༌། བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་རྣམས་ཀྱང་རྟེན་འབྲེལ་དང་འགལ་ཏེ། རང་ཉིད་རང་ལ་མི་བལྟོས་པའི་ཕྱིར་དང༌། རང་ལ་བྱ་བྱེད་འགལ་བའི་ཕྱིར་དང༌། རང་མ་གྲུབ་ན་བལྟོས་ས་ལྟོས་ཆོས་གཉིས་ཀར་མི་རུང་ཞིང༌། གྲུབ་ན་བལྟོས་མི་དགོས་པའི་ཕྱིར། གཞན་ལའང་མ་གྲུབ་ན་བལྟོས་ས་ལྟོས་ཆོས་གཉིས་ཀར་མི་རུང་ཞིང་གཞན་དུ་མི་འཐད་ལ། གྲུབ་ན་བལྟོས་མི་དགོས་ཤིང་བལྟོས་ན་ཧ་ཅང་ཐལ་བའི་ཕྱིར། གཉིས་ཀ་ལས་སྐྱེ་བའང་སྐྱོན་གཉིས་ཀས་རེག་པའི་ཕྱིར་བལྟོས་པར་འགལ་ལོ། །དེས་ན་སཱ་ལུ་ལྗང་པའི་མདོ་ལས། ས་བོན་གྱི་རྒྱུ་ལས་བྱུང་བ་དེ་ཡང་སྐྱེ་བ་ན་བདག་གིས་མ་བྱས། གཞན་གྱིས་མ་བྱས། གཉིས་ཀས་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། ཕྲ་རབ་ལས་མ་བྱུང༌། རང་བཞིན་(༢༦༥བ)


K800_Page_542
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་བྱུང༌། ངོ་བོ་ཉིད་ལས་མ་བྱུང༌། རྒྱུ་མེད་པ་ལས་མ་སྐྱེས། ཞེས་སོགས་གསུངས་སོ། །གཉིས་པ་ལ། ལྟ་བ་ངན་པ་ཐམས་ཅད་ཀྱི་གཉེན་པོ་བྱེད་པ་དང༌། དེའི་རྒྱུ་མཚན་གཉིས། དང་པོ་ནི། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །དེ་ལྟར་རྐྱེན་འདི་པ་ཙམ་གྱི་རྟེན་འབྱུང་བཤད་པས་རྒྱུ་མེད་ལས་སྐྱེ་བ་སོགས་ཀྱི་རྟོག་པ་བཟློག་པར་མ་ཟད། རྐྱེན་འདི་པ་ཙམ་གྱི་རྟེན་འབྱུང་རིགས་པ་འདི་ཡིས་ནི་མཐར་འཛིན་གྱི་ལྟ་བ་ངན་པའི་དྲ་བ་མཐའ་དག་གཅོད་པར་བྱེད་པ་ཡིན་ཏེ། གང་ཕྱིར་དངོས་པོ་རྣམས་འདི་ལ་བརྟེན་ནས་འདི་རབ་ཏུ་འབྱུང་ཞེས་པས་མ་དཔྱད་པར་སྐྱེ་འགག་རྒྱུ་འབྲས་གྲགས་པ་ལྟར་གྱི་སྣང་མྱོང་ཙམ་འགྲུབ་ཀྱི། དེ་ལས་གཞན་དུ་རྟག་ཆད་དངོས་པོ་དངོས་མེད་སོགས་གཉིས་འཛིན་གྱི་རྟོག་པ་འདི་དག་ཐམས་ཅད་དོན་དམ་དུ་མ་ཟད་ཐ་སྙད་དུའང་བརྟག་པར་མི་ནུས་པ་དེའི་ཕྱིར་རོ། །དེས་ན་དངོས་པོ་འགལ་ཡང་རང་བཞིན་གྱིས་ཁས་མ་བླངས་ཏེ། རྐྱེན་འདི་པ་ཙམ་གྱི་རྟེན་འབྱུང་རྣམ་པར་བཞག་པའི་ཕྱིར། རིགས་པ་དྲུག་ཅུ་པ་ལས། དེ་དང་དེ་བརྟེན་གང་འབྱུང་བ། །རང་གི་ངོ་བོར་དེ་མ་སྐྱེས། །རང་གི་ངོ་བོ་མ་སྐྱེས་གང༌། །དེ་ནི་སྐྱེ་ཞེས་ཇི་སྐད་བྱ། །ཞེས་དང༌། བསྟན་བཅོས་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བྱས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་དང༌། མདོ་སྡེ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཅེས་གསུངས་སོ། །དེས་ན་རང་བཞིན་མེད་པར་སྨྲ་བ་ཉིད་ཀྱིས་དེའི་རྒྱུད་ལ་ལྟ་ངན་རྣམས་འབྱུང་བར་མི་(༢༦༦ན)


K800_Page_543
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཀུན་རྫོབ་སྐྱེ་འཕགས་ཐམས་ཅད་ཀྱི་ཤེས་བྱ་འཇིག་རྟེན་ལ་བསྙོན་མེད་དུ་གྲགས་ཤིང༌། མ་བརྟགས་གཅིག་པུར་ཉམས་དགའི་སྣང་བ་ཙམ་འདི་ལ་བདེན་གཉིས་ཕྱིན་ཅི་མ་ལོག་པར་རྟོགས་ཏེ་རྒྱ་ཡོངས་སུ་མ་ཆད་པའི་འཇིག་རྟེན་ལས་འདས་པའི་མཁྱེན་པ་ཅན་དག་གིས་དཔྱད་པ་དང་མ་དཔྱད་པའི་དབང་ལས་བདེན་གཉིས་ཀྱི་རྣམ་གཞག་འཇིག་རྟེན་དགྲོལ་བའི་ཆེད་དུ་ངེས་དོན་དབུ་མའི་གསུང་རབ་ལས་ལེགས་པར་བཤད་པ་ལས་གཞན་དུ་དངོས་པོར་ལྟ་བ་ཅན་དག་གིས་གྲུབ་པར་ནི་འདི་ལྟ་བུ་བསྟན་པ་མ་ཡིན་པས། རྟེན་འབྱུང་འདི་ལྟ་ངན་ཐམས་ཅད་ཀྱི་གཉེན་པོ་དང་སྟོང་ཉིད་སྤྲོས་བྲལ་གཏན་ལ་དབབ་པར་བྱེད་པའི་རིགས་པ་དམ་པ་དང༌། གསུང་རབས་ཐམས་ཅད་ཀྱི་བརྗོད་བྱའི་དེ་ཁོ་ན་ཉིད་དང༌། བདེན་གཉིས་ཟུང་འཇུག་གི་དབུ་མའི་ལམ་དང༌། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་བགྲོད་པའི་ས་དང་ལམ་ཉིད་དུ་བས་པས། ཀུན་མཁྱེན་གྱིས་ཀྱང་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ཞེས་སོགས་དཀོན་མཆོག་གསུམ་དང་བདེན་པ་བཞི་སོགས་མཐོང་བར་གསུངས་ཤིང༌། སློབ་དཔོན་གྱིས་ཀྱང་དབུ་མ་གཏམ་ཚོགས་དང༌། རིགས་ཚོགས་དང༌། བསྟོད་ཚོགས་ཐམས་ཅད་དུ་རྟེན་འབྲེལ་འབའ་ཞིག་གསུངས་པའི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་ཅིང༌། རྟེན་འབྲེལ་གྱི་ཆོས་ཚུལ་གྱི་སྒོ་ནས་རྗོད་བྱེད་གསུང་རབས་དང་བརྗོད་བྱ་ཤེས་བྱ་གཏན་ལ་ཕབ་པ་ཡིན་ནོ། །གཉིས་པ་ནི། རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །དངོས་པོ་ཇི་ལྟར་མེད་པར་ཡོངས་དཔྱད་ཟིན། །དངོས་པོ་མེད་པར་འདི་རྣམས་མི་འབྱུང་དཔེར། །བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །བདག་གཞན་རྟག་ཆད་ལ་སོགས་རྟོག་པ་རྣམས་ཆོས་ཀུན་ལ་དངོས་པོ་ཡོད་ན་སྐྱེ་བར་འགྱུར་བ་(༢༦༦བ)


K800_Page_544
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བཤད་པའི་རིགས་པས་དངོས་པོ་རྣམས་རང་བཞིན་ཇི་ལྟར་མེད་པར་ཡོངས་སུ་དཔྱད་ཟིན་པས་འཕགས་པས་མ་གཟིགས་པའི་ཚུལ་གྱིས་གཟིགས་པས་དངོས་པོ་ཕྲ་རབ་ཙམ་ཡང་མེད་པར་མཐོང་བ་རྣམས་ལ་ནི་གཟུགས་སོགས་ཀྱི་དངོས་པོར་རྟོག་པ་འདི་རྣམས་མི་འབྱུང་སྟེ། དཔེར་ན། བུད་ཤིང་མེད་པར་མེ་ཡོད་པ་མིན་པ་དེ་བཞིན་ནོ། །གསུམ་པ་ལ། རྣམ་དཔྱོད་ཀྱི་འབྲས་བུ་དངོས་དང༌། རྣམ་དཔྱོད་མཛད་པ་ཐུགས་རྗེའི་རྒྱུ་ལས་བྱུང་བར་བསྟན་པ་གཉིས། དང་པོ་ནི། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུང༌། །དེས་ན་རང་བཞིན་སྟོང་པ་ཉིད་ཁོང་དུ་མ་ཆུད་པའི་སོ་སོ་སྐྱེ་བོ་རྣམས་ནི་རང་གི་རྣམ་པར་རྟོག་པས་བཅིངས་ཤིང༌། དེ་ཉིད་ཐུགས་སུ་བྱོན་པའི་ཕགས་པ་སྤྲོས་པ་གང་ལའང་མི་རྟོག་རྣལ་འབྱོར་པ་ནི་གྲོལ་བར་འགྱུར་བས་མཐར་འཛིན་གྱི་རྟོག་པ་རྣམས་མ་ལུས་པར་ལོག་པར་གྱུར་པ་གང་ཡིན་དེ། སློབ་དཔོན་གྱིས་བསྟན་བཅོས་ལས་རྣམ་པར་དཔྱད་པའི་འབྲས་བུར་མཁས་རྣམས་གསུངས་སོ། །དེས་ན། ཇི་སྐད་དུ། དངོས་པོ་རང་བཞིན་གྱིས་ཡོད་ན། །སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། །རྟོག་པས་མཐོང་བས་འཆིང་བ་སྟེ། །དེ་ཉིད་འདིར་ནི་འགོག་པ་ཡིན། །ཅེས་སོ། །དེ་ལྟར་བསྟན་པས་ཅི་ཞིག་བསལ་བར་བྱས་སྙམ་ན། བཅོམ་ལྡན་འདས་དང་ས་ཆེན་པོར་ཞུགས་པའི་དེ་སྲས་སློབ་མར་བཅས་པ་མཐའ་དག་གི་དབུ་མའི་གསུང་རབ་རབ་འབྱམས་ལས་གསུངས་པའི་རིགས་ཚུལ་དེ་ཐམས་ཅད་ནི་ཐོག་མེད་ནས་ཕྱིན་ཅི་ལོག་ཏུ་རྟོག་པའི་རྟོག་པ་ཁོ་ན་བཟློག་པའི་ཆེད་དུ་གསུངས་པས་རྟོག་པ་ཞིག་བཟློག་ནས་རྟོག་པ་ཁྱད་པར་བ་གཞན་ཞིག་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། དཔེར་ན། དངོས་པོ་མི་སྟོང་བའི་ཡོད་པར་རྟོག་པ་བཟློག་ནས་དངོས་པོ་(༢༦༧ན)


K800_Page_545
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྟོང་ཉིད་མེད་པ་ཞིག་གི་རྟོག་པ་བསྐྱེད་པ་མ་ཡིན་པའི་ཕྱིར་ཏེ། དེ་ལྟར་རྟོག་ན་དེ་ཉིད་ཀྱང་ཡུལ་གྱི་གནས་ལུགས་ལ་མ་ཞུགས་པའི་འཆིང་བ་ཡིན་པའི་ཕྱིར། སློབ་དཔོན་གྱིས། འདིར་ནི་ཡོད་ཉིད་འགོག་པ་སྟེ། །མེད་ཉིད་ཡོངས་སུ་འཛིན་པ་མིན། །ནག་པོ་མིན་ཅེས་སྨྲས་པ་ན། །དཀར་པོ་ཡིན་ཅེས་མ་བརྗོད་བཞིན། །ཅེས་གསུངས་པ་ལྟར་རོ། །སྟོང་པ་ཉིད་ཀྱི་ཚུལ་འདི་ལ་ལོག་པར་ལྟ་བའི་བློ་ཅན་ཁ་ཅིག་ཡོད་མེད་གང་དུའང་མི་འདོད་པ་དེ་ཅང་མེད་པའི་ཆད་ལྟ་ཧད་པོར་འགྱུར་རོ་ཞེས་ཟེར་རོ། །ཡོད་མེད་གཉིས་ཀ་མི་འདོད་པའི་ཕྱིར་ཆད་ལྟ་ཧད་པོར་ཐལ་ན་ཡོད་མེད་གཉིས་ཀ་མི་འདོད་པའི་ཕྱིར། རྟག་པ་ཡོད་ལྟ་འགྱུར་མེད་གཡུང་དྲུང་ཅན་དུའང་ཅིས་མི་ཐལ། ཡོད་པ་སུན་ཕྱུང་བས་མེད་པར་བལྟ་བ་ཡིན་ནོ་སྙམ་ན། འོ་ན་མེད་པ་སུན་ཕྱུང་བས་ཡོད་པར་ལྟ་བ་ཅིའི་ཕྱིར་མ་ཡིན་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། དེས་ན་སློབ་དཔོན་གྱིས། ཡང་དག་ཇི་བཞིན་ཡོངས་ཤེས་པས། །མེད་དང་ཡོད་པར་མི་འདོད་པ། །དེ་ཕྱིར་མེད་པ་པར་འགྱུར་ན། །ཅི་ཕྱིར་ཡོད་པ་པར་མི་འགྱུར། །གལ་ཏེ་ཡོད་པ་སུན་ཕྱུང་བས། །དོན་གྱིས་འདི་ནི་མེད་རབ་བསླན། །དེ་བཞིན་མེད་པ་སུན་ཕྱུང་བས། །ཡོད་པར་ཅི་ཡི་ཕྱིར་མི་བསླན། །ཅེས་གསུངས་པ་ལྟར་རོ། །དེས་ན། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་གཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་སོགས་ཀྱི་དོན་ལ། ཤར་ཙོང་ཁ་པ་ཆེན་པོ་ན་རེ། ཆོས་ཐམས་ཅད་ཐ་སྙད་ཚད་གྲུབ་ལ་བསམས་ནས་ཀུན་རྫོབ་ཏུ་མེད་པ་མ་ཡིན། རང་བཞིན་གྱིས་ཡོད་པ་མ་ཡིན་པ་དང༌། ཐ་སྙད་དུ་ཡོད་(༢༦༧བ)


K800_Page_546
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡོད་གོ་ཆོད་ཅིང༌། དོན་དམ་པར་མེད་པས་མེད་གོ་མི་ཆོད་པས་དེ་གཞི་གྲུབ་པའི་ཆོས་སུ་ཡོད་ཅིང༌། དེ་ཉིད་འཕགས་པའི་གཟིགས་ངོ་ན་ཡང་གཉིས་སྣང་ནུབ་པའི་ཚུལ་གྱིས་ཡོད་པའོ། །ཞེས་སྨྲ་བ་དང༌། ཇོ་ནང་པ་ཆེན་པོ་ན་རེ། དོན་དམ་ཐམས་ཅད་མེད་པ་མ་ཡིན། ཀུན་རྫོབ་ཐམས་ཅད་ཡོད་པ་མ་ཡིན། །ཞེས་སྨྲ་བར་བྱེད་དོ། །དེ་ལྟར་འཆད་པ་དེ་དག་གིས་ནི་གཞུང་དེ་ཕྱིན་ཅི་ལོག་ཏུ་བཀྲལ་ནས་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་དབུ་མའི་གསུང་རབ་ཀྱི་བདུད་རྩིས་རྒྱ་མཚོ་ལ་མཐར་ལྟའི་དུག་ཆུ་ཆེན་པོ་བཞིས་བསླད་པར་བྱས་པ་ཡིན་ཏེ། དེ་དག་གི་ལྟར་ན། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་ཁོ་ནར་སོང་བའི་ཕྱིར། དེ་ལྟར་ན་བདེན་པ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་བྲལ་མ་ཡིན་པར་འགྱུར་ཏེ། བདེན་པ་གཉིས་ཀར་རང་རང་གི་སར་ཡོད་མེད་དམ་རྟག་ཆད་ཀྱི་མཐའ་བཙན་པོ་ཉིད་དུ་དངོས་པོར་ལྟ་བའི་སྲོག་མཁར་གཞིག་ཏུ་དཀའ་བ་ཉིད་བཅས་འདུག་པའི་ཕྱིར། དབུ་མ་པའི་བསྟན་པ་རིན་པོ་ཆེ་རྨད་དུ་བྱུང་བ་བསྲུང་བར་འདོད་པའི་བསགས་སྦྱང་གི་མཐུ་རྩལ་ཅན་གང་དག་ལུགས་འདི་བཏང་སྙོམས་སུ་འཇོག་རིགས་སམ། ལུགས་དེ་དག་གི་ལྟར་ན་འཁོར་བ་དང་མྱང་འདས་ཀྱི་ཐ་སྙད་མཐའ་དག་གྲུབ་པར་མི་འགྱུར་ཏེ། རང་བཞིན་གྱིས་ཡོད་ན་བསྒྱུར་དུ་མི་རུང་ཞིང༌། མེད་པ་བྱ་བྱེད་དང་བྲལ་བའི་ཕྱིར་བདེན་གཉིས་ལ་ཡོད་འཛིན་དང་མེད་འཛིན་གྱི་རྣམ་པར་རྟོག་པ་སྤང་དུ་མི་རུང་བའི་ཕྱིར་དང༌། བདེན་པ་གཉིས་པོ་ཆོས་ཅན་དང་ཆོས་ཉིད་དུའང་མི་རུང་སྟེ། ཡོད་པའང་མེད་(༢༦༨ན)


K800_Page_547
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཅན་དང་ཆོས་ཉིད་གང་དུའང་མི་རུང་ལ། མེད་པའང་ཡོད་པའི་ཆོས་ཅན་དང་ཆོས་ཉིད་གང་དུའང་མི་རུང་བའི་ཕྱིར། དེས་ན་ཐར་པ་དོན་གཉེར་རྣམས་ཀྱིས་ཡོད་མེད་དུ་ཞེན་པ་གཉིས་ཀ་སྤང་དགོས་ཏེ། དེ་དག་མ་སྤངས་པར་ཐར་པ་མི་ཐོབ་པའི་ཕྱིར། དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་རྒྱལ་བའི་ཡུམ་དང༌། ཏིང་ངེ་འཛིན་རྒྱལ་པོ་དང༌། དཀོན་བརྩེགས་དང༌། ལང་གཤེགས་དང༌། ཀཱ་ཏྱཱ་ཡ་ན་ལ་གདམས་པ་སོགས་ཐེག་པ་ཆེ་ཆུང་གི་གསུང་རབ་ཐམས་ཅད་དུ་ཡོད་མེད་དུ་ལྟ་བ་གཉིས་ཀ་སྤང་བར་གསུངས་ཤིང༌། སློབ་དཔོན་གྱིས་ཀྱང་བསྟན་བཅོས་ཐམས་ཅད་ལས་དེ་གཉིས་ཀ་སྤང་བར་གསུངས་ཏེ། རྩ་བ་ལས། བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེས་ནི་བལྟ་བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང༌། །ཞེས་དང༌། རིན་ཆེན་ཕྲེང་བ་ལས། གནས་མེད་ཆོས་འདིས་སྐྲག་གྱུར་པའི། །སྐྱེ་བོ་གནས་ལ་མངོན་དགའ་ཞིང༌། །ཡོད་དང་མེད་པར་ཞེན་པ་ལས། །མི་མཁས་རྣམས་ནི་ཕུང་བར་འགྱུར། །ཞེས་དང༌། མེད་པ་པ་ནི་ངན་འགྲོར་འགྲོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཞེས་དང༌། རིགས་པ་དྲུག་ཅུ་པ་ལས། ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་མིན། །དངོས་དང་དངོས་མེད་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཅེས་དང༌། བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། ཡོད་ཅེས་པ་ནི་རྟག་པར་བལྟ། །མེད་ཅེས་པ་ནི་ཆད་པར་བལྟ། །དེས་ན་མཐའ་གཉིས་བྲལ་བ་ཡི། །ཆོས་དེ་ཁྱོད་ཀྱིས་བསྟན་པར་མཛད། །དེས་ན་(༢༦༨བ)


K800_Page_548
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་མུ་བཞི་དང༌། །བྲལ་བ་ཉིད་ཀྱིས་བཀའ་བསྩལ་ལགས། །རྣམ་ཤེས་བྱ་བའང་མ་ལགས་ན། །ཚིག་གི་སྤྱོད་ཡུལ་ག་ལ་ལགས། །ཞེས་སོགས་རྒྱ་ཆེར་འབྱུང་བའི་ལུང་རིགས་ལ་བརྟེན་ནས་མོས་པ་ཡིད་བྱེད་ཀྱིས་ཡོད་མེད་དུ་བལྟ་བ་བཀག་ནས་སོ་སོར་རྟོག་པའི་ཤེས་རབ་སྐྱེད་བྱེད་ཆོས་ཐམས་ཅད་རང་བཞིན་མེད་པར་ཁོང་དུ་ཆུད་པའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཞི་གནས་ལ་བརྟེན་ནས་ལྷག་མཐོང་གི་ལྟ་སྒོམ་རྣམ་པར་དག་པ་གོང་འཕེལ་དུ་བསྐྱེད་པར་བྱས་ནས་བསགས་སྤྱང་མཐར་ཕྱིན་པ་ན་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་བ་ནི། མདོར༑ སྐྱེ་བ་པོ་ཡི་ལྷག་མཐོང་དང༌། །ཞི་གནས་གོམས་པར་བྱས་ནས་ནི། །གནས་ངན་ལེན་གྱི་འཆིང་བ་དང༌། །མཚན་མའི་འཆིང་ལས་རྣམ་གྲོལ་འགྱུར། །ཞེས་སོ། །དེས་ན་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་བྱེད་ཀྱི་རྒྱུའི་མཆོག་ཆོས་ཐམས་ཅད་རང་བཞིན་མེད་པར་མངོན་དུ་བྱར་མེད་པའི་ཚུལ་གྱིས་མངོན་དུ་བྱེད་པའི་སོ་སོར་རྟོག་པའི་ཤེས་རབ་ཐོས་བསམ་སྒོམ་པའི་སྒོ་ནས་ལེགས་པར་སྐྱེད་བྱེད་ཆོས་ཐམས་ཅད་ལ་རང་བཞིན་དུ་ལྟ་བ་སོགས་ཀྱི་སྒྲིབ་གཉིས་ཀྱི་འཁྲུལ་པ་ཐམས་ཅད་གཞོམ་པར་བྱ་དགོས་སོ་ཞེས་བསྟན་བཅོས་འདིར་བསྟན་གྱི་དགོངས་པ་མཐར་ཐུག་པའོ། །གཉིས་པ་ལ། དངོས་དང༌། ཀླན་ཀ་སྤང་བ་དང༌། ཆགས་སྡང་སྤངས་ཏེ་རྣམ་པར་དཔྱོད་རིགས་པ་གསུམ། དང་པོ་ནི། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །སློབ་དཔོན་གྱི་དབུ་མའི་བསྟན་བཅོས་ལས། རིགས་པའི་ཚོགས་དུ་མས་རྣམ་པར་དཔྱད་པ་རྒྱ་ཆེར་མཛད་པ་ནི་རྩོད་པ་ལ་ཆགས་པ་གཞན་སྨྲ་དབབ་འདོད་པའི་ཕྱིར་མ་མཛད་དོ། །འོ་ན་ཅི་ཞེ་ན། དེ་ལས་རྒྱ་ཆེར་དཔྱད་པ་ནི་དེ་ཁོ་ན་ཉིད་བསྟན་པས་འགྲོ་བ་ཀུན་གྱིས་ཆོས་ཉིད་(༢༦༩ན)


K800_Page_549
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་ཆུད་དེ་ཐར་པ་ཐོབ་ན་ཅི་མ་རུང་ཞེས་སྐྱེ་བོ་རྣམ་གྲོལ་ཐོབ་པའི་ཕྱིར་ནི་བསྟན་པ་ཡིན་ནོ། །གཉིས་པ་ནི། གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཁྱོད་ཀྱིས་རྒོལ་བས་བརྟགས་པ་ཐམས་ཅད་བཀག་སྟེ་རྩོད་པའི་ཕྱིར་ན་རྟོག་པ་བཟློག་ཙམ་ཁོ་ན་འབྲས་བུར་བཞག་པ་མ་སོང་ངོ་སྙམ་ན་མིན་ཏེ། དཔྱད་པ་རྩོད་ཕྱིར་མིན་ཀྱང་གལ་ཏེ་དཔྱད་པའི་སྒོ་ནས་དེ་ཉིད་རྣམ་པར་བཤད་པ་ན། གཞན་གཞུང་འཐད་པ་དང་བྲལ་བས་སྐྱོང་བར་མ་ནུས་ཏེ་རྡོ་རྗེས་བྲག་རི་འཇིག་པར་འགྱུར་བ་ལྟར་ན་ཁོ་བོ་ཅག་ལ་ཉེས་པ་མེད་དེ། བརྒྱ་པ་ལས། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པ་མཛད་ཕྱིར་གསུངས་མ་ཡིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་སྲེག །ཅེས་སོ། །གསུམ་པ་ནི། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། །དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམ་བསལ་ཏེ། །རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར། །རང་གཞན་གྱི་ཕྱོགས་ལ་ཆགས་སྡང་དྲག་པོས་རྩོད་ཕྱིར་ཆོས་བསྟན་ན་རྟོག་པ་བཟློག་མི་སྲིད་པས་རང་གི་ལྟ་ལ་ཆགས་པ་དང༌། དེ་བཞིན་དུ་གཞན་གྱི་ལྟ་ལ་འཁྲུག་པ་གང་ཡིན་པ་དེ་ནི་དངོས་པོར་རྟོག་པ་ཉིད་ཡིན་པའི་ཕྱིར་རྟོག་པ་དེ་མ་ལོག་པར་ཐར་པ་ཐོབ་པ་མ་ཡིན་ནོ། །ཆོས་འདི་རྩོད་ཆེད་དུ་མིན་པ་དེའི་ཕྱིར་རང་གཞན་ལ་འདོད་ཆགས་ཁོང་ཁྲོ་རྣམས་བསལ་ཏེ་དེ་ཉིད་རྟོགས་འདོད་ཀྱིས་གནས་ལུགས་ལ་རྣམ་པར་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར་རོ། །དྲུག་ཅུ་པ་ལས། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་མེད་དོ། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་དང༌། བརྒྱ་པ་ལས། རང་གི་ཕྱོགས་ལ་ཆགས་ཡོད་ཅིང༌། །གཞན་ཕྱོགས་ལ་ཁྱོད་མི་དགའ་ན། །མྱ་ངན་འདས་པར་མི་འགྲོ་སྟེ། །གཉིས་སྤྱོད་ཞི་བར་ཡོང་མི་འགྱུར། །ཞེས་དང༌། མདོ་སྡེ་ལས། གང་ཞིག་ཆོས་འདི་ཐོས་ནས་ཆགས་བྱེད་ཅིང༌། །ཆོས་མ་ཡིན་(༢༦༩བ)


K800_Page_550
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོས་ནས་ཁོང་ཁྲོ་བྱེད། །ང་རྒྱལ་དང་ནི་རྒྱགས་པས་བཅོམ་པ་དེ། །ང་རྒྱལ་དབང་གིས་སྡུག་བསྔལ་རྗེས་སུ་མྱོང༌། །ཞེས་མངོན་པར་ཞེན་པའི་ཕྱོགས་བཏང་སྟེ་ཤེས་བྱ་བདེན་པ་གཉིས་ཀྱི་རྣམ་གཞག་འཇིག་རྟེན་སྤྱི་མཐུན་ལ་གྲགས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་བཀྲལ་བ་དེ་ཐར་འདོད་ཀྱིས་བསྟེན་ན། རྟེན་འབྲེལ་ཙམ་དུ་རྣམ་གྲོལ་གྱི་རྒྱུར་འགྱུར་བས་དེ་ལ་བསླབ་པར་བྱ་དགོས་ཤིང་དཔྱད་པ་དང་འཕགས་པའི་གཟིགས་ངོ་ལ་རྟེན་འབྲེལ་ཙམ་དང༌། དེ་ལ་བརྟེན་ནས་རྣམ་གྲོལ་གྱི་ཐར་པ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ལས་གཞན་དུ་བརྗོད་དུ་མེད་པས་འཐོབ་བྱ་ཐོབ་བྱེད་ཐོབ་པ་དེ་ཐམས་ཅད་ནི་གྲུབ་པ་མ་ཡིན་ལ། དེའི་ཚེ་དེ་དག་མེད་ཅེས་ཀྱང་མི་བརྗོད་ཅིང༌། ཡོད་མེད་གཉིས་ཡིན་དང༌། གཉིས་མིན་གཉིས་ཀར་ཡང་མི་བརྗོད་པས་གང་དུ་ཡང་མི་རྟོག་མི་འཛིན་མི་རྩོལ་བར་བྱར་མེད་རང་བབ་ཆེན་པོ་མ་བཅོས་ལྷུག་པ་འདི་ཉིད་ལ་མཉམ་པར་འཇོག་ཅིང༌། དེའི་ཚེ་ཚོགས་དྲུག་ཡུལ་བཅས་ཀྱི་ཕྱི་ནང་གི་སྣང་བ་གང་ཤར་བའི་ཆོས་ཅན་དེ་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་དང་དྲན་པས་དེའི་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་ཚུལ་ཁོང་དུ་ཆུད་པར་བྱས་ཏེ། རྡོ་ཚན་ལ་ཁ་བ་བབ་པ་ལྟར་སྣང་སྟོང་གྲག་སྟོང་རིག་སྟོང་ལ་ཅེར་ལྟ་ཅེར་གྲོལ་དུ་འགྱུར་བ་སྟེ། དབུ་མའི་ལྟ་སྒོམ་གྱི་མན་ངག་ཟབ་པ་དང་རྒྱ་ཆེ་བའི་ཁྲིད་སྲོལ་བར་མ་ཆད་པ་དཔལ་ལྡན་དྭགས་པོ་བཀའ་བརྒྱུད་ཀྱི་སྲོག་སྙིང་ཀརྨ་བཀའ་བརྒྱུད་ཀྱི་སྙན་བརྒྱུད་མར་མེ་གཅིག་ལ་གཅིག་བལྟམས་པ་ལྟ་བུ་འདི་ནི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མཉན་པ་གྲུབ་ཐོབ་ཁོ་ནའི་བཀའ་དྲིན་ལས་ཉེ་བར་ཐོབ་པ་ཡིན་ནོ། །ཁོ་བོས་ལེགས་པར་བཤད་པའི་དབུ་མའི་ལྟ་སྒོམ་གྱི་ཚུལ་འདི་(༢༧༠ན)


K800_Page_551
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེ་བཙུན་འཇམ་པའི་དཔལ་གྱིས་ཤར་ཙོང་ཁ་པ་ལ་གདམས་པ་ལས་བདེན་པ་གཉིས་ལས་རེ་རེའི་སྟེང་དུ་ཡོད་མེད་སོགས་ཀྱི་མཐའ་བཞི་ཀ་བཀག་ནས་སྐྱེ་མེད་1སྒྲུབ་པ་འདི་འདྲ་ནི་ལོག་ལྟ་ཆེན་པོ་སྟེ། ཡོད་པ་བཀག་ནས་མེད་པ་ཡིན་བྱས་པའི་རྗེས་ཐོགས་སུ་མེད་པ་བཀག་ནས་ཡོད་པར་སྒྲུབ་པ་དང༌། གཉིས་ཡིན་བཀག་ནས་གཉིས་མིན་སྒྲུབ་རྗེས་གཉིས་མིན་བཀག་ནས་གཉིས་ཡིན་སྒྲུབ་པ་ནི་དགག་པ་གཉིས་ཀྱིས་རྣལ་མར་གོ་བས་རང་ཚིག་དང་འགལ་ཞིང༌། ཚིག་དོན་དེ་ཐམས་ཅད་ཀྱིས་སྟོང་པ་ཉིད་ཀྱི་དོན་གཏན་ཁོང་དུ་མི་ཆུད་པས་བོད་སྔ་རབས་པའི་དབུ་མ་ཡོད་མིན་མེད་མིན་གྱི་ལུགས་འདི་ནི་རྒྱ་ནག་ཧྭ་ཤང་གི་ལྟ་སྒོམ་ལྟར་འཁྲུལ་པ་འབའ་ཞིག་གོ་ཞེས་གདམས་པ་དང་རྗེས་བསྟན་རྒྱ་ཆེར་མཛད་ལ། ལྕང་ར་དགེ་ལེགས་པས་ཀྱང༌། ཁོ་བོའི་རྗེ་ཐམས་ཅད་མཁྱེན་པའི་དབུ་མའི་ལྟ་སྒོམ་འདི་ནི་མར་པ་འབྲོག་མི་སྔགས་གསར་རྙིང་རྫོགས་ཆེན་གཅོད་ཡུལ་ཞི་བྱེད་པ་སྔོན་གངས་ཅན་གྱི་ཁྲོད་འདིར་བྱོན་ནོ་ཅོག་གི་ཐུགས་ལ་མ་ཤར་ཞིང༌། སྔོན་བྱོན་གྱི་ལུགས་ཀྱི་དབུ་མའི་ལྟ་སྒོམ་དེ་ནི་རྟག་ཆད་ཀྱི་མཐའ་ཆེན་པོར་ལྷུང་ངོ་ཞེས་རྒྱ་ཆེར་གཞུང་འཛུགས་པར་བྱེད་མོད། བདེན་སྙམ་མི་བགྱིད་དེ། སྔ་རབས་ཀྱི་དབུ་མའི་ལྟ་སྒོམ་ལ་འཆད་རྩོད་རྩོམ་པ་དང་ཐོས་བསམ་སྒོམ་གསུམ་མཛད་ནས་མཁས་བཙུན་བཟང་གསུམ་དུ་གྱུར་པའི་རྗེ་བཙུན་སྒམ་པོ་པ་དང༌། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་དང༌། ས་སྐྱ་པའི་རྗེ་བཙུན་གོང་མ་རྣམ་གསུམ་དང༌། ཕ་གཅིག་དམ་པ་རྒྱ་གར་དང༌། ཞང་གཡུ་བྲག་པ་དང༌། བུ་སྟོན་རིན་པོ་ཆེ་དང༌། རྗེ་བཙུན་རེད་མདའ་བ་ལ་སོགས་པ་དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་(༢༧༠བ)


K800_Page_552
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་དག་གི་རྣམ་པར་འཕྲུལ་པར་ཡང་གྲགས་ལ། གལ་ཏེ་སྤྲུལ་པ་ཡས་བྱོན་དུ་མ་གྱུར་ཀྱང་མདོ་སྔགས་ཀྱི་གཞུང་ལམ་ཆེན་པོ་ནས་གཤེགས་ཏེ་གྲུབ་པའི་ས་ཆེན་པོ་བརྙེས་པའི་གང་ཟག་དེ་ཐམས་ཅད་ཀྱི་ལྟ་སྒོམ་ལ་སྐྱོན་ཡོད་པ་ལྟ་ག་ལ་ཞིག རིང་ལུགས་དེ་ལ་འཁྲུལ་པའི་དྲི་མ་ཅུང་ཟད་ཀྱང་མེད་དོ། །དེས་ན་དེ་དག་གི་རྗེས་སུ་འབྲང་བ་ཐམས་ཅད་ཡིད་ཕམ་པར་བྱ་མི་དགོས་ཏེ། ཚུལ་འདི་ཤར་ཙོང་ཁ་པ་ཆེན་པོས་འཁྲུལ་བཅས་ཀྱི་ལྟ་བ་ཡིན་ཅེས་སྨྲ་བ་འདི་རྗེ་བཙུན་ནཱ་རོ་པའི་རྣམ་འཕྲུལ་དཔལ་ལྡན་འབྲུག་པ་རྒྱ་རས་པས་མ་འོངས་པ་འབྱུང་བ་ཐུགས་ཀྱིས་མཁྱེན་ནས་རྡོ་རྗེའི་གླུ་འདི་ལྟར་བླངས་པའི་ཕྱིར་ཏེ། རང་ལ་གནས་པའི་ཡེ་ཤེས་དེ། །བླ་མའི་དྲིན་གྱིས་རྟོགས་ལགས་པས། །སངས་རྒྱས་སྟོང་རྩ་བྱོན་གྱུར་ཀྱང༌། །ཐེ་ཚོམ་ཟ་རྒྱུ་མི་གདའོ། །ཞེས་གསུངས་པས། སྔོན་བྱོན་དབུ་མའི་ལྟ་སྒོམ་འདི་ལ་འཇམ་དབྱངས་ལས་གཞན་པའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ནས། ནོར་རོ། །འཁྲུལ་ལོ། །ཕུང་ངོ༌། །ཉེས་སོ། །བསྟན་པ་བཤིག་གོ། །ཞེས་དབྱངས་གཅིག་མགྲིན་གཅིག་ཏུ་གསུངས་ཀྱང་ཡིད་གཏོད་པར་མི་བྱ་སྟེ། ཞིང་འདིའི་ངེས་དོན་དུ་དབུ་མའི་ལྟ་སྒོམ་གྱི་བསྟན་པ་འཛིན་པ་ལ་ཞིང་འདིའི་སྟོན་པས་ལུང་བསྟན་བརྙེས་པའི་འཕགས་པ་ཀླུ་སྒྲུབ་སློབ་མར་བཅས་པའི་གཞུང་ལུགས་ན་ཁྱེད་འདོད་པའི་དབུ་མའི་ལྟ་སྒོམ་དེ་ལྟ་བུ་ཡི་གེ་ན་གཅིག་ཀྱང་མི་སྣང་བའི་ཕྱིར། མ་གྲུབ་སྙམ་ན་གྲུབ་སྟེ། ཁྱེད་རང་གིས་ཀྱང་དབུ་མའི་ཡིག་ཆ་རྣམས་ལ་ཇི་ལྟ་བར་མི་གསལ་བར་འཇམ་དབྱངས་ཀྱིས་མིག་ཕྱེད་པར་བླ་མ་དབུ་མ་པ་བརྒྱུད་ནས་བསྟན་པ་ཡིན་ཅེས་འཆད་ཀྱིན་འདུག་ལ། (༢༧༡ན)


K800_Page_553
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཀླུ་སྒྲུབ་རྗེས་འབྲང་བའི་ཐལ་རང་གི་གཞུང་ལུགས་སུ་ཁྱེད་ཀྱི་འདོད་པའི་ཀུན་རྫོབ་ཚད་གྲུབ་དང༌། འཁྲུལ་ཤེས་དང༌། ཚད་མའི་གཞི་མཐུན་དང༌། དངོས་པོ་དོན་བྱེད་ནུས་པ་འདི་ཐམས་ཅད་འདི་ལྟར་རང་སར་བདེན་པས་དེ་དེར་འཛིན་པ་ནི་དངོས་འཛིན་དང་བདེན་འཛིན་མ་ཡིན་ལ། བདེན་མེད་དུ་གཏན་ལ་དབབ་བྱའི་བདེན་པ་དེ་ཤེས་བྱ་ན་མི་སྲིད་ཅིང༌། བདེན་མེད་རྟོགས་པ་ལ་བདེན་གྲུབ་དེ་ངོས་མ་ཟིན་པར་དེ་མི་རྟོགས་ཤིང༌། དེ་ལྟའི་རྟགས་ཀྱི་དགག་བྱ་ནི་འཇམ་དབྱངས་ཀྱི་སྙན་བརྒྱུད་མེད་པར་སུས་ཀྱང་ངོས་མ་ཟིན་པས་དེང་སང་གི་དབུ་མ་པ་རྣམས་ཀྱིས་སྟོང་ཉིད་མ་རྟོགས་པ་ནི་རྟགས་ཀྱི་དགག་བྱའི་བདག་བདེན་དང་ཐ་སྙད་པའི་དངོས་པོའི་བདག་བདེན་འདྲེས་པ་དེས་ལན་ཅིང༌། དངོས་པོ་བདག་བདེན་བཀག་ན་ཆད་ལྟར་འགྱུར་རོ། །ཞེས་དང༌། ངར་འཛིན་ལྷན་སྐྱེས་ཀྱིས་བཟུང་བའི་སེམས་ཅན་སྤྱི་ལ་ཡོད་པའི་ང་དང་བདག་ཙམ་ཐེག་པ་གསུམ་གར་དགག་བྱའི་གང་ཟག་གི་བདག་མ་ཡིན་པ་དང༌། ཐ་སྙད་དུའང་ཞིག་པ་འདུས་མ་བྱས་ཉིད་དངོས་པོའི་རྒྱུ་འབྲས་དང་ངོ་བོར་སྨྲ་བ་དང༌། འགྲོ་བ་དྲུག་གི་འཁྲུལ་སྣང་མི་མཐུན་པ་བདེན་པར་མ་གྲུབ་པ་ཐམས་ཅད་མ་འཁྲུལ་བའི་བདེན་པ་དོན་བྱེད་པ་ཚད་གྲུབ་ཏུ་སྒྲུབ་པར་བྱེད་པ་དང༌། ཡོད་མེད་སྐྱེ་འགག་བདེན་གཉིས་ཀྱི་ཆོས་ཐམས་ཅད་ཀྱི་སྟེང་ནས་མི་བྱེད་པར་བདེན་གཉིས་ཕྲལ་བའི་སྟེང་ནས་བྱེད་པ་དང༌། བདག་སྐྱེ་སོགས་འགོག་པ་ན་ཆོས་ཅན་མྱུ་གུ་ལྟ་བུའི་སྟེང་དུ་མི་འགོག་པར་དེ་ལ་སྣང་ཞེན་གཉིས་ཀར་ཡོད་པ་མིན་པའི་མྱུ་གུ་རང་བདེན་པ་གསར་རྩོམ་བྱས་ནས་དེ་ལ་བདག་སྐྱེ་སོགས་འགོག་པར་བྱེད་པ་ཡིན་ཅེས་པ་འདི་འདྲ་འགར་ཡང་མ་མཐོང་(༢༧༡བ)


K800_Page_554
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། ཁྱེད་རང་གི་གྲུབ་མཐའ་འདི་ལྟར་འཆའ་བ་ལ་འཕགས་པ་ཀླུ་སྒྲུབ་རྗེས་འབྲང་གི་ལུང་ཡི་གེ་ན་གཅིག་ཀྱང་འདྲེན་རྒྱུ་མ་རྙེད་འདུག་ཅིང༌། གང་དྲངས་པ་དེ་ཐམས་ཅད་ཀྱང་རྒྱ་བོད་ཀྱི་འགྲེལ་པ་ཐམས་ཅད་དང་མི་མཐུན་པར་ཀྱོག་བཤད་ཀྱི་འབྲུ་འབའ་ཞིག་བསྣན་པར་སྣང་བའི་ཕྱིར། རྩ་བར་མ་ཁྱབ་བོ་སྙམ་ན་ཁྱབ་སྟེ། གཞན་དུ་འཇམ་པའི་དབྱངས་ཉིད་སངས་རྒྱས་ནས་བྱང་སེམས་ས་བཅུ་པའི་ཚུལ་བཟུང་བ་ཡིན་ཀྱང་བསྟན་པ་འདིའི་བསྟན་གཙོ་སྟོན་པ་ཤཱཀ་ཐུབ་ཡིན་ལ། བྱམས་འཇམ་སོགས་དེའི་འཁོར་ཡིན་པས་སྐབས་འདིར་སྟོན་པ་ཉིད་ལ་དཔང་དུ་བྱའོ། །ཁྱད་པར་བོད་སྔར་བྱོན་གྱི་དབུ་མ་པ་དག་གིས་ནི་ཡོད་པ་བཀག་ནས་མེད་པ་མ་བསྒྲུབས་པ་དང༌། གཉིས་ཡིན་བཀག་ནས་གཉིས་མིན་གཏན་མ་བསྒྲུབས་ཤིང༌། དེ་དག་གིས་གཞན་གྱིས་ལོག་པར་བརྟགས་པ་གང་དག་རྟེན་འབྲེལ་ཀུན་རྫོབ་པ་འཇིག་རྟེན་གཞན་གྲགས་ཀྱིས་ཁས་བླངས་ཙམ་ལ་བརྟེན་ནས་སུན་འབྱིན་པ་ལས་རང་ལུགས་ཀྱི་དགག་སྒྲུབ་མ་བྱས་ཏེ། སྤྱོད་འཇུག་ལས། ཇི་ལྟར་གྲགས་པ་ལ་བརྟེན་ནས། །རྣམ་པར་དཔྱད་པས་ཐམས་ཅད་དཔྱོད། །ཅེས་འབྱུང་བ་ཁོ་ན་ལྟར་གསུངས་པ་ཡིན་ནོ། །ཡང་བོད་སྔ་རབས་པའི་དབུ་མ་པས་མི་འདོད་པ་ཞིག་ཁྱེད་ཀྱིས་འདོད་དགོས་སོ་ཞེས་སྨྲ་ན་ནི། ཇི་སྐད་དུ། ནན་གྱིས་ཁྱོད་འདིར་འདོད་བྱེད་པ། །གསལ་བར་དབང་ཕྱུག་སྤྱོད་པ་ཡིན། །ཅེས་པ་ལྟར་འགྱུར་བ་ཉིད་དོ། །འདིར་སྨྲས་པ། འཇིག་རྟེན་ངོར་བྱས་བདེན་གཉིས་འཇོག་ན་ཡང༌། །བདེན་པ་གཉིས་ཀར་གྲགས་གྲུབ་མེད་པ་དང༌། །ཡོད་ཀྱང་དེ་ལྟའི་བདེན་གཉིས་བལྟོས་བཞག་གི། །མ་དཔྱད་ཙམ་ངོར་ཐ་སྙད་བྱེད་(༢༧༢ན)


K800_Page_555
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལས། །དཔྱད་ཚེ་བལྟོས་ལས་འཇིག་རྟེན་འབྱུང་བ་དང༌། །དེ་ཉིད་ཀྱིས་ན་སྟོང་པར་འཇོག་པ་ཡི། །སྟོང་དང་རྟེན་འབྱུང་དེ་ཡང་འགྲུབ་མིན་པས། །ཆོས་ཀུན་སྨྲ་བསམ་བརྗོད་བྱར་ག་ལ་བཏུབ། །དཔྱོད་བྱེད་སོ་སོར་རྟོག་པའི་ཤེས་རབ་ཀྱིས། །ཆོས་རྣམས་སྟོང་པ་ཉིད་དུ་དཔྱད་པ་ཡི། །དཔྱོད་བྱེད་དཔྱད་བྱ་ཉིད་ཀྱང་རང་བཞིན་གྱི། །ངོ་བོར་དམིགས་པ་ཡོངས་སུ་ཞི་བ་ན། །ཤིང་གཉིས་དྲུད་ལས་མེ་ཉིད་བྱུང་བ་ན། །བསྲེག་པ་ཉིད་ཀྱིས་མེ་དང་ཤིང་གཉིས་ཀར། །འགར་ཡང་གནས་པའི་གོ་སྐབས་ཡོད་མིན་ལྟར། །བདེན་པར་མེད་འདི་ཁོང་དུ་ཆུད་བྱས་ཏེ། །དཔྱད་བྱ་རྣམ་པར་དཔྱད་པར་བྱས་པ་ན། །རྣམ་དཔྱོད་དེ་ལ་ཡང་ནི་རྟེན་ཡོད་མིན། །རྟེན་མེད་ཕྱིར་ན་རྣམ་དཔྱོད་མི་སྐྱེ་སྟེ། །སྐྱེ་མེད་དེ་ཡང་མྱ་ངན་འདས་པར་བརྗོད། །དེ་ཚེ་ཐ་སྙད་ཚད་མས་གྲུབ་པ་ཡི། །ཀུན་རྫོབ་བདེན་པ་ཆད་མཐའ་སེལ་བའི་ཕྱིར། །བདེན་སྟོང་ཉིད་ལས་བསྙོན་མེད་དོན་བྱེད་པ། །ཤུལ་དུ་ལུས་པར་འགྱུར་རམ་འགྲོ་ཀུན་སོམས། །ཞེས་སོ། །


previousསེམས་ཙམ་པའི་ལུགས་དགག་པ།next