Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
གང་ཟག་གི་བདག་མེད་བཤད་པ།
   
   
   
   
   
   
   
   
   


 
previousགང་ཟག་གི་བདག་མེད་བཤད་པ།next

གང་ཟག་གི་བདག་མེད་བཤད་པ།


K800_Page_556
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གི་བདག་མེད་དང་ཡུལ་སྟོང་ཉིད་རྒྱས་པར་བཤད་པའི་སྐབས།གཉིས་པ་ལ། གང་ཟག་གི་བདག་དགག་དགོས་པའི་རྒྱུ་མཚན། དེ་དགག་པའི་རིགས་པ་རྒྱས་པར་བཤད། བཀག་ནས་གང་ཟག་བརྟེན་ནས་བཏགས་པ་ཙམ་དུ་བསྟན་པ་གསུམ། དང་པོ་ནི། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཞིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ལུང་དང་རིགས་པས་ཆོས་ཀྱི་བདག་བཀག་ནས་ད་ནི་གང་ཟག་གི་བདག་འགོག་པ་ལ་ཐར་འདོད་ཀྱི་རྣལ་འབྱོར་པ་ཡིས་འཇིག་ལྟའི་འཛིན་སྟངས་ཀྱི་ཡུལ་གྱི་བདག་ནི་འགོག་པར་བྱེད་རིགས་ཏེ། འདོད་ཆགས་སོགས་ཉོན་མོངས་རྣམས་དང་སྐྱེ་རྒ་ན་འཆི་མྱ་ངན་སོགས་སྐྱོན་རྣམས་མ་ལུས་པ་དང་ང་ཡིར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་འཇིག་ཚོགས་ལ་ལྟ་བ་ལས་(༢༧༢བ)


K800_Page_557
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བར་བློ་ཡིས་མཐོང་བར་གྱུར་པས་དགག་རིགས་ཤིང༌། བདག་ནི་འཇིག་ལྟ་འདིའི་དམིགས་ཡུལ་དུ་རྟོགས་པར་བྱས་ནས་སོ། །ཁྱབ་སྟེ་བདག་ཏུ་འཛིན་པའི་ཡུལ་སུན་མ་ཕྱུང་བར་ཡུལ་ཅན་སུན་འབྱིན་མི་ནུས་པའི་ཕྱིར།མདོ་ལས། ཉོན་མོངས་པ་ཐམས་ཅད་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན། འཇིག་ཚོགས་ལ་ལྟ་བའི་ཀུན་ཏུ་འབྱུང་བ་ཅན་དག་གོ། །ཞེས་འཇིག་ལྟ་ལས་འདུ་བྱེད་སོགས་རྟེན་འབྲེལ་གྱི་ཡན་ལག་ཉོན་མོངས་པ་གསུམ་གྱིས་བསྡུས་པའི་སྲིད་པའི་འཁོར་ལོ་དར་དྲགས་ལ་ཡུན་རིང་དུ་འཁོར་བ་འབྱུང་བས་འཇིག་ལྟ་སྤོང་བྱེད་ཀྱི་དཔྱད་པ་འདི་ནི་ཐར་པ་སྒྲུབ་པའི་ཐབས་བླ་ན་མེད་པའོ། །ད་ནི་བདག་མེད་པ་གཉིས་ལས་བརྩམས་ཏེ་གླེང་ན། གང་ཟག་དང༌། ཆོས་ཀྱི་བདག་ནི་གང༌། དེ་དག་འགོག་པའི་རིགས་པ་ནི་ཅི། དེ་དག་ཚུལ་ཇི་ལྟར་མེད་ཅེ་ན། གང་ཟག་གི་བདག་ནི། བདག་དང་བདག་གིར་འཛིན་པའི་འཇིག་ཚོགས་ལ་ལྟ་བའི་ཞེན་ཡུལ་ལ་བདག་དང༌། སེམས་ཅན་དང༌། གང་ཟག་དང༌། སྐྱེས་བུ་དང༌། སྲོག་དང༌། ཤེད་བུ་དང༌། ཤེད་བདག་དང༌། ཚོར་བ་པོ་ལ་སོགས་པར་གྲགས་ཏེ། དེ་ལ་ཡང་འཇིག་ལྟ་ལྷན་སྐྱེས་ཀྱི་ཡུལ་དང༌། ཀུན་བརྟགས་ཀྱི་ཡུལ་གཉིས་ལས། དང་པོ་ནི། ལོག་པའི་བཤེས་གཉེན་དང་གྲུབ་མཐའ་ངན་པས་བརྟགས་པ་སོགས་ལ་མ་བལྟོས་པར་ཐོག་མེད་ནས་བདག་དང་བདག་གིར་འཛིན་པའི་བག་ཆགས་ཡོངས་སུ་གོམས་པས་ཕུང་པོ་ལ་དམིགས་ནས་ངའོ་བདག་གོ་འདི་ནི་ངའིའོ་བདག་གིའོ་སྙམ་དུ་ཡིད་ལ་བྱེད་པ་ཅན་ཐ་ན་བྱ་དང་རི་དྭགས་ཚུན་ཆོད་ལའང་འབྱུང་བ་གང་ཡིན་པ་ནི་འཇིག་ལྟ་ལྷན་སྐྱེས་ཞེས་བྱ་ལ། (༢༧༣ན)


K800_Page_558
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཡུལ་ནི་འཇིག་ལྟ་ལྷན་སྐྱེས་ཀྱི་ཡུལ་གྱི་བདག་སྟེ་གྲུབ་མཐས་བཏགས་པ་མ་ཡིན་ནོ། །འཇིག་ལྟ་ཀུན་བརྟགས་ཀྱི་ཡུལ་ལའང་གསུམ་སྟེ། ཆོས་འདི་པ་ལས་ཕྱི་རོལ་པ་རྣམས་ཀྱི་ཕུང་པོ་ལས་དོན་གཞན་དུ་རྟག་གཅིག་རང་དབང་ཅན་སོགས་སུ་སྒྲོ་བཏགས་པ་དང༌། མང་པོས་བཀུར་བ་ཁ་ཅིག་གིས་ཕུང་པོའམ་སེམས་ཉིད་བདག་ཏུ་བཏགས་པ་དང༌། གནས་མ་བུ་པ་དག་ཕུང་པོ་དང་དེ་ཉིད་དང་གཞན་དུ་མེད་པར་ལྟ་བ་དང༌། ཙོང་ཁ་པ་ཆེན་པོ་ནི་རྟགས་ཀྱི་དགག་བྱའི་བདག་དང་མ་འདྲེས་པའི་ཕུང་པོ་ལ་བཏགས་པའི་བདག་ཐ་སྙད་ཚད་གྲུབ་ཀྱི་བདག་འདོད་པ་རྣམས་སོ། །དེ་དག་འཛིན་པ་ལ་ནི་འཇིག་ལྟ་ཀུན་བརྟགས་ཞེས་བྱ་སྟེ། ཐོག་མེད་ཀྱི་བག་ཆགས་གོམས་པ་འབའ་ཞིག་ལས་རང་ཤུགས་ཀྱིས་བྱུང་བ་མ་ཡིན་གྱི། བཤེས་གཉེན་ངན་པ་དང་གྲུབ་མཐའ་ཕྱིན་ཅི་ལོག་ལ་ཐོས་བསམ་སྒོམ་པ་བྱས་པ་སོགས་ཀྱི་རྐྱེན་ལས་རྟོག་པས་གསར་དུ་སྒྲོ་བཏགས་པ་ཡིན་པའི་ཕྱིར། དེ་དག་གི་འཛིན་སྟངས་ཀྱི་ཡུལ་ནི་འཇིག་ལྟ་ཀུན་བརྟགས་ཀྱི་ཡུལ་གྱི་བདག་གོ། །ཆོས་ཀྱི་བདག་ནི། གང་ཟག་མ་ཡིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ལ་འཇིག་རྟེན་པ་དང་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་རང་རང་གི་ངོ་བོ་ཉིད་དང་ཁྱད་པར་རྟག་མི་རྟག་ལ་སོགས་པར་སྒྲོ་བཏགས་པ་སྟེ་ཕྱེ་ན། ཀུན་བརྟགས་དང༌། ལྷན་སྐྱེས་གཉིས་སོ། །དེ་དག་འགོག་བྱེད་ཀྱི་རིགས་པ་ནི་གཞུང་ནས་འཆད་པར་འགྱུར་བ་ལྟར་ཕྱི་རོལ་པ་དང༌། མང་པོས་བཀུར་བ་དང༌། གནས་མའི་བུ་པ་རྣམས་ཀྱི་བདག་འགོག་པར་བྱེད་པའི་རིགས་པ་རྣམས་ཡིན་ཅིང༌། ཆོས་ལ་བདག་འགོག་པའི་རིགས་པ་ནི་སྔར་བཤད་པ་ལྟར་རོ། །དེ་ལ་(༢༧༣བ)


K800_Page_559
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་ལྟ་ལྷན་སྐྱེས་ཀྱི་ཡུལ་དུ་གྱུར་པའི་བདག་ནི་མ་དཔྱད་ན་ཐ་སྙད་ཙམ་དུ་ཡོད་དེ། སེམས་ཅན་ཐམས་ཅད་ལ་ངའོ་ཞེས་དང་ང་ཡིའོ་ཞེས་མངོན་པར་ཞེན་པ་མཐོང་བའི་ཕྱིར། ཀུན་བརྟགས་ཀྱི་ཡུལ་ནི་གྲུབ་མཐའ་ལོག་པ་ལ་མངོན་པར་ཞེན་པ་དང༌། དེའི་བག་ཆགས་ཡོད་པའི་གང་ཟག་འབའ་ཞིག་གིས་བརྟགས་པ་ཙམ་དུ་ཟད་ཀྱི། དེ་ལྟ་བུའི་གྲུབ་མཐའི་ཐ་སྙད་སོགས་འཇིག་རྟེན་པ་རྣམས་ལ་མ་གྲགས་པའི་ཕྱིར་ཐམས་ཅད་ལ་མཐུན་པར་སྣང་བའི་ཐ་སྙད་དུ་ཡོད་པའང་མ་ཡིན་ལ་ཀུན་རྫོབ་ཀྱི་བདེན་པར་ཡོད་པ་ཡང་མ་ཡིན་ནོ། །འོན་ཏེ་འཇིག་རྟེན་པ་རྣམས་ཕུང་པོ་ལས་གཞན་དུ་བདག་ཏུ་མི་འཛིན་པའི་ཕྱིར་ཕྱི་རོལ་པ་དག་གིས་བཏགས་པའི་བདག་ཐ་སྙད་དུ་ཡང་མེད་པ་བདེན་མོད་ཀྱི། མང་པོས་བཀུར་བ་དག་གི་བདག་གི་གདགས་གཞི་ནི་ཐ་སྙད་དུ་ཡོད་དེ། སེམས་ཅན་རྣམས་ཕུང་པོ་ལ་དམིགས་ནས་བདག་ཏུ་འཛིན་པའི་ཕྱིར། འོ་ན་གནས་མ་བུ་པའི་བདག་ཀྱང་ཐ་སྙད་དུ་ཡོད་དེ། འཇིག་རྟེན་པ་རྣམས་བདག་ཕུང་པོ་ལས་དེ་ཉིད་དང་གཞན་དུ་རྟག་པ་དང་མི་རྟག་པ་ལ་སོགས་པར་མི་དཔྱོད་པའི་ཕྱིར་སྙམ་ན། མ་ཡིན་ཏེ། དེ་དག་ནི་རིགས་པས་དཔྱད་ནས་ངར་འཛིན་གྱི་རྟེན་ཕུང་པོར་ཁས་ལེན་ཅིང༌། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཁས་ལེན་པ་ཡིན་པས། དཔྱད་ན་ཐ་སྙད་དུ་ཡང་མི་སྲིད་པའི་ཕྱིར་དང་འཇིག་རྟེན་ལ་དེ་ལྟར་མ་གྲགས་པའི་ཕྱིར་རོ། །འཇིག་རྟེན་པ་རྣམས་ནི་རིག་པས་དཔྱད་ནས་དེ་ལྟར་ཁས་ལེན་པ་མ་ཡིན་པས། མ་དཔྱད་ན་ངར་འཛིན་གྱི་རྟེན་ཕུང་པོ་ཡིན་པ་ལ་འགལ་བ་མེད་ཅིང༌། དེ་ཉིད་དང་གཞན་སོགས་སུ་དཔྱོད་པ་མ་ཞུགས་པ་ཙམ་དུ་ཟད་ཀྱི། བརྗོད་དུ་མེད་པའི་རྒྱུ་མཚན་གྱིས་(༢༧༤ན)


K800_Page_560
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་འདོད་པའང་མ་ཡིན་པའི་ཕྱིར་རོ། ། རིགས་པས་དཔྱད་པའམ་འཕགས་པའི་མཉམ་གཞག་གི་ངོ་ན་ནི་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་ཡུལ་གྱི་བདག་ཐམས་ཅད་ཡོད་པ་མིན་ཏེ། འཆད་འགྱུར་གྱི་རིགས་པ་མཐའ་དག་གིས་གནོད་པའི་ཕྱིར་རོ། །དེ་ལྟར་ན་ལྷན་སྐྱེས་ཀྱི་ཡུལ་གྱི་བདག་ནི་ཕུང་པོ་ལ་བརྟེན་ནས་བཏགས་པའི་ལྷས་བྱིན་ལྟ་བུ་སྟེ། དཔེར་ན། ཚོགས་པ་ལ་བཏགས་པའི་བུམ་པ་ལྟ་བུའོ། །འདི་ཐ་སྙད་མ་དཔྱད་པར་ཀུན་རྫོབ་ཏུ་ཡོད་པ་མི་འགོག་ཀྱང་དཔྱད་ན་རང་བཞིན་གྱིས་ཡོད་པ་བདེན་པ་གཉིས་ཅར་དུ་འགོག་སྟེ། དེའི་ཡུལ་ཅན་གྱི་འཇིག་ལྟ་ལྷན་སྐྱེས་ལ་བརྟེན་ནས་ཉོན་མོངས་པ་དང་སྐྱོན་མ་ལུས་པ་འབྱུང་བའི་ཕྱིར་དང༌། འཕགས་པའི་མཉམ་གཞག་གིས་ཐ་སྙད་དུའང་མ་གཟིགས་པའི་ཕྱིར། ཀུན་བརྟགས་ཀྱི་བདག་ནི་བདེན་པ་གཉིས་ཀར་འགོག་སྟེ། འཕགས་པ་དང་འཇིག་རྟེན་པའི་ཐ་སྙད་གང་དང་ཡང་མི་མཐུན་པའི་ཕྱིར་དང༌། དེའི་ཡུལ་ཅན་གྱི་བདག་ལྟས་ལྷན་སྐྱེས་ཀྱི་བདག་ལྟ་ཡང་འཕེལ་ཞིང་རྒྱས་ལ་བརྟས་པར་འགྱུར་བའི་ཕྱིར་དང༌། དེ་ལ་མངོན་པར་ཞེན་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་མཐའ་གཉིས་སྤངས་པ་དབུ་མའི་ལམ་གྱིས་ངེས་པར་འབྱུང་བར་མི་འགྱུར་བའི་ཕྱིར་རོ། །འོན་ཏེ་འཁོར་བའི་རྩ་བ་ལྷན་སྐྱེས་ཀྱི་བདག་ཏུ་འཛིན་པ་ཡིན་པས་དེའི་ཡུལ་གྱི་བདག་འགོག་པའི་རིགས་པ་གཞུང་དུ་མི་བརྗོད་པར་ཀུན་བརྟགས་པའི་བདག་འགོག་པའི་རིགས་པ་འབའ་ཞིག་བརྗོད་པ་མི་རིགས་སོ་སྙམ་ན། མ་ཡིན་ཏེ། ལྷན་སྐྱེས་ཀྱི་ཡུལ་གྱི་བདག་དང་གང་ཟག་དང་སེམས་ཅན་ལ་སོགས་པ་ནི་མ་དཔྱད་པར་ཐ་སྙད་ཁས་ལེན་པའི་ཚེ་དགག་བྱ་མ་ཡིན་ཅིང་(༢༧༤བ)


K800_Page_561
[མ་དཔེ་གཟིགས་ན་འདིར་གནོན།]

དགག་མི་ནུས་ལ་བཀག་པ་ལ་དགོས་པའང་མེད་པའི་ཕྱིར་མི་འགོག་ལ། དཔྱད་ནས་འགོག་པའི་ཚེ་ནི་རིགས་པའི་དཔྱོད་ཚུལ་གསུམ་ལས་མི་འདའ་བས་ཀུན་བརྟགས་ཀྱི་བདག་གསུམ་འགོག་པའི་རིགས་པ་རྣམས་ལྷན་སྐྱེས་ཀྱི་བདག་འགོག་པའི་རིགས་པ་ཡང་ཡིན་ཅིང༌། འཇིག་ལྟའི་རིའི་རྩེ་མོ་ཉི་ཤུའི་ཡུལ་ཐམས་ཅད་བཀག་པའི་ཕྱིར། གཞུང་དུ་ལྷན་སྐྱེས་ཀྱི་བདག་མ་བཀག་པ་མ་ཡིན་ནོ། །ཆོས་ཀྱི་བདག་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་ངོ་བོ་ཉིད་དུ་ཞེན་པ་ཕལ་ཆེར་ཐ་སྙད་འཁྲུལ་ངོ་ཙམ་དུ་ཡོད་ཅིང༌། ཁྱད་པར་དུ་ཞེན་པ་རྣམས་ཀྱི་ཡང་འཇིག་རྟེན་ལ་གྲགས་པའམ་གྲགས་སུ་རུང་བ་དེ་བཞིན་གཤེགས་པའི་གསུང་རབ་ལས་ཐ་སྙད་ཙམ་དུ་གདུལ་བྱའི་ངོར་གསུངས་པ་ཕལ་ཆེ་བ་ཡང་ཐ་སྙད་འཁྲུལ་ངོར་ཡོད་ལ། འཇིག་རྟེན་ལ་མ་གྲགས་ཤིང་དེ་བཞིན་གཤེགས་པས་མ་གསུངས་པ་ཕྱི་ནང་གི་མུ་སྟེགས་རྣམས་ཀྱི་རྟོག་པས་བཏགས་པ། ཤེས་བྱ་ཚིག་གི་དོན་དྲུག་དང་དགུ་དང་རང་བཞིན་ཉེར་བཞི་ལ་སོགས་པ་རྣམས་དང༌། རྡུལ་ཕྲན་ཆ་མེད་དང༌། ཕྱིར་རོལ་གྱི་དོན་ལྐོག་ན་མོ་དང༌། གཉིས་མེད་ཀྱི་གཞན་དབང་བདེན་པ་དང༌། ཀུན་གཞིའི་རྣམ་ཤེས་དང༌། བདེ་གཤེགས་སྙིང་པོ་མཚན་དཔེས་སྤྲས་པའི་འདུས་མ་བྱས་པའི་རྟག་པ་དང༌། བཏགས་བཞག་གི་བདག་ཐ་སྙད་ཚད་གྲུབ་དང༌། བདེན་མེད་དོན་དམ་བདེན་པ་དེར་བདེན་དུ་གཞི་གྲུབ་སོགས་ནི་ཐ་སྙད་དུ་ཡང་མེད་དོ། །འོ་ན་ཀུན་གཞིའི་རྣམ་ཤེས་སོགས་སངས་རྒྱས་ཀྱིས་གསུངས་པ་མིན་ནམ་ཞེ་ན། དེ་ལྟར་སྟོན་པས་མ་དཔྱད་པར་གསུངས་པ་ན་ཐ་སྙད་དུའང་དྲང་ངེས་གཉིས་ཡོད་པ་ལས། དེ་ལྟའི་གསུང་ནི་ཐ་སྙད་(༢༧༥ན)


K800_Page_562
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་དྲང་དོན་དགོངས་པ་ཅན་གྱི་གསུང་ཡིན་པས་རང་སྡེ་དག་ཐ་སྙད་དུ་སྟོན་པས་དེ་ལྟར་གསུངས་སོ་ཞེས་ཞེན་ཀྱང༌། དེ་ལྟར་གསུངས་པ་ཐ་སྙད་དུ་ངེས་དོན་མིན་ལ། སྟོན་པས་དཔྱད་ནས་གསུངས་སོ་ཅོག་བདེན་པ་གཉིས་ཀར་ངེས་དོན་ཁོ་ན་ཉིད་ལས་དྲང་བའི་དོན་ཅན་མ་ཡིན་ནོ། །མདོར་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང༌། ཁྱད་པར་དུ་སྒྲོ་བཏགས་པ་ཐམས་ཅད་བདེན་པ་གཉིས་ཀར་རང་བཞིན་གྱིས་སྟོང་པ་ཉིད་ནི་དབུ་མའི་ཆོས་ཚུལ་འདི་དག་གི་སྲོག་གནད་ཕུལ་དུ་བྱུང་བའོ། །དེ་ལྟར་ལེགས་པར་བཤད་པ་དེ་དག་གིས་དོན་ཅི་ཞིག་གྲུབ་སྙམ་ན། ཤར་ཙོང་ཁ་པ་ཆེན་པོས། བྱེ་སྨྲ་མདོ་སེམས་དབུ་མ་རང་རྒྱུད་པ་དང་བཅས་པ་དག་གི་གསུང་རབ་ལས་གང་ཟག་བདག་འགོག་གི་རིགས་པ་རྒྱས་པར་འབྱུང་ཡང༌། ལུགས་དེ་དག་གིས་གང་ཟག་གི་བདག་འགོག་པར་མི་ནུས་ཏེ། ལུགས་དེ་དག་ལ་གང་ཟག་གི་བདག་ཅེས་ཐུན་མོང་མིན་པའི་རྟགས་ཀྱི་དགག་བྱའི་རྣམ་གཞག་དེ་མི་འབྱུང་ལ། བདག་དེ་ངོས་མ་ཟིན་པར་དེ་འགོག་མི་ནུས་པའི་ཕྱིར། འོ་ན་བདག་དེ་ལྟ་བུ་དེ་སྲིད་མཐའ་བཀག་པའི་ཚུལ་གྱིས་ངོས་བཟུང་ནས་གང་ཟག་གི་བདག་འགོག་པར་བྱེད་པ་ནི་ཐལ་འགྱུར་བའི་གཞུང་ཁོ་ན་ལས་འབྱུང་བས་ལུགས་དེ་ལ་མ་བརྟེན་པར་གང་ཟག་གི་བདག་ཏུ་ལྟ་བ་བཟློག་མི་ནུས་སོ། །ཞེས་དང༌། དེ་བཞིན་དུ་རྡུལ་ཕྲ་རབ་དང༌། ཕྱི་དོན་ལྐོག་ན་མོ་དང༌། ཕྱི་དོན་གཟུགས་སོགས་རྣམ་རིག་པའི་གཞུང་ལས་རྒྱ་ཆེར་དགག་པར་བྱེད་ཀྱང་ལུགས་དེས་ཆོས་ཅན་དེ་དག་གི་རང་བཞིན་དགག་པར་མི་ནུས་ཏེ། རྒྱུ་མཚན་བཤད་མ་ཐག་པ་དེ་ཉིད་ཀྱི་ཕྱིར། ཆོས་(༢༧༥བ)


K800_Page_563
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་དངོས་འཛིན་ཀྱང་ཐལ་འགྱུར་བའི་ལུགས་ལ་མ་བརྟེན་པར་དགག་མི་ནུས་ཤིང༌། འཇིག་ལྟ་དང་གང་ཟག་གི་བདག་འཛིན་ལའང་མུ་བཞི་ལ་སོགས་པར་ཡོད་དོ་ཞེས་སྨྲ་བ་དེ་དག་ཐལ་འགྱུར་བའི་བཞེད་པར་འགྲོ་བའི་གནས་ཡོད་པ་མ་ཡིན་ནོ། །ཞེས་ཆེས་གསལ་བར་བྱས་པ་ཡིན་ཏེ། རང་ཅག་ཚུར་མཐོང་གི་རྒྱུད་ཀྱི་ལྷན་སྐྱེས་ཀྱི་བདག་འཛིན་འདི་ཉིད་རྟགས་ཀྱི་དགག་བྱ་མིན་པར་ལས་འབྲས་ཀྱི་རྟེན་དུ་དཔྱད་པ་དང་མི་འགལ་བར་ཐ་སྙད་ཚད་གྲུབ་ཏུ་ཡོད་དོ་ཞེས་སྨྲ་བ་དེ་སློབ་དཔོན་ཆེན་པོ་འདིས་རྟགས་ཀྱི་དགག་བྱར་མཛད་ནས་བཀག་གོ་ཞེས་གོང་དུ་གསལ་བར་རྒྱ་ཆེར་བཤད་ཟིན་པའི་ཕྱིར་དང༌། ཐེག་པ་དང་གྲུབ་མཐའ་འོག་མར་བཅོམ་ལྡན་འདས་ཀྱི་ལུང་དང་ལུང་དོན་གྱི་རིགས་པས་གང་ཟག་དང་ཆོས་ཀྱི་བདག་མེད་བསྒྲུབས་པ་ན་དེའི་ལྡོག་ཕྱོགས་ཀྱི་བདག་བདེན་འགོག་མི་ནུས་ན་བཅོམ་ལྡན་འདས་ཀྱིས་གདུལ་བྱ་དང་འཚམས་པར་ཐེག་པ་དང་གྲུབ་མཐའ་འོག་མར་གང་ཟག་དང་ཆོས་ཀྱི་བདག་མེད་པ་བསྟན་པས་དེའི་ལྡོག་ཕྱོགས་ཀྱི་བདག་བདེན་བཟློག་པར་མཛད་པའང་དོན་དུ་མི་འགྱུར་བར་ཐལ། དེ་ལྟར་བསྟན་པ་དེས་གང་ཟག་དང་ཆོས་ཀྱི་བདག་བདེན་འགོག་པའི་བསྟན་པའི་བྱ་བ་མི་བྱེད་པའི་ཕྱིར། དེ་ལྟར་འདོད་ན། ཐེག་པ་དང་གྲུབ་མཐའ་འོག་མའི་ཆོས་ཚུལ་ཐམས་ཅད་གདུལ་བྱ་གང་ཟག་གི་བདག་སོགས་དངོས་པོར་བལྟ་བ་སྤོང་བྱེད་ཀྱི་བསྟན་པ་མ་ཡིན་པར་ཐལ། དེ་ལྟར་བསྟན་པའི་བསྟན་པ་དང་ཆོས་ཚུལ་དེ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཁོང་དུ་ཆུད་བྱེད་ཀྱི་བསྟན་པ་མ་ཡིན་པའི་ཕྱིར། འདོད་ན། གྲུབ་མཐའ་འོག་མ་གཉིས་ནས་བཟུང་དབུ་མ་རང་རྒྱུད་པ་མན་གྱིས་(༢༧༦ན)


K800_Page_564
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲལ་བའི་སངས་རྒྱས་ཀྱི་བསྟན་པ་དེ་སངས་རྒྱས་ཀྱི་བསྟན་པའི་བྱ་བ་དང་བྲལ་བར་འགྱུར་རོ། །གཞན་ཡང་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྣལ་འབྱོར་མངོན་སུམ་དུ་ཁས་ལེན་ཞིང༌། དེ་ཙམ་དངོས་སྨྲ་བའི་གཞུང་ལས་བཤད་པ་དེས་གང་ཟག་གི་བདག་འཛིན་ལྷན་སྐྱེས་དྲུངས་འབྱིན་པར་མི་ནུས་ཞེས་པའང་ནང་འགལ་ལོ། ། ཁོ་བོ་ཅག་ལྟར་ན། གཞི་གང་ལ་གང་ཟག་གི་བདག་ཏུ་ལྟ་བ་དང༌། དེ་ལྟར་བལྟ་བའི་བདག་དང༌། བདག་འཛིན་དེ་སྤོང་བྱེད་ཀྱི་རིགས་པ་ནི། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ནས་མདོ་སེམས་དབུ་མ་ཐལ་འགྱུར་བའི་བར་མི་མཐུན་པ་མ་ཡིན་ཏེ། འཇུག་འགྲེལ་གྱི་མཆན་རྙིང་པ་ཚབ་ལོ་ཙཱ་བས་བཏབ་པར། བདག་གོ་ཞེས་པ་བདུད་ཀྱི་སེམས། །ཞེས་སོགས་མདོའི་ལུང་དྲངས་ནས་གང་ཟག་གི་བདག་མེད་པའི་ཚུལ་དབྱིག་གཉེན་གྱིས་གང་བཤད་པ་དེ་ཉིད་དབུ་མ་ལ་འཇུག་པར་འཆད་དོ། །ཞེས་འབྱུང་བའི་ཕྱིར། གང་ཟག་གི་བདག་ལྟ་དང་འཇིག་ལྟ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས། ཉེར་ལེན་གྱི་ཕུང་པོ་ཙམ་ལ་སེམས་ཅན་དང་བདག་ཏུ་བཏགས་ནས་དེ་ཞེན་ཡུལ་དུ་བཞག་སྟེ། དེར་འཛིན་པ་ལ་འཇིག་ལྟ་དང་བདག་ལྟར་བྱས་ནས་དེ་བདག་གི་རྫས་སུ་ཡོད་ན་ཕུང་པོའི་རྫས་དང༌། ཕུང་པོ་ལས་གཞན་གྱི་རྫས་སུ་ཡོད་ཅེས་བརྟགས་ནས་འགོག་པར་བྱེད་པའི་རིགས་པ་སྨྲས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ངའོ་སྙམ་པའི་བློ་གང་དེ། །སེམས་ཅན་ལ་ལྟ་ལྷན་ཅིག་སྐྱེས། །ཞེས་དང༌། མངོན་པ་ཀུན་བཏུས་ལས། འཇིག་(༢༧༦བ)


K800_Page_565
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་བལྟ་བའི་བཟོད་པ་དང༌། འདོད་པ་དང༌། བློ་གྲོས་དང༌། རྟོག་པ་དང༌། ལྟ་བ་གང་ཡིན་པ་སྟེ། ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་དང༌། འཇུག་འགྲེལ་དུ། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ང་ཡིར་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པ་ཤེས་རབ་ཉོན་མོངས་ཅན་ནོ། །ཞེས་ཕུང་པོ་ལ་དམིགས་ནས་སེམས་ཅན་དང༌། བདག་དང༌། ང་དང་ང་ཡི་བར་རྟོག་པ་ལ་བདག་ལྟར་འཇོག་གོ། །དེས་ན་སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་འགྲེལ་དང༌། སློབ་དཔོན་ཟླ་གྲགས་ཀྱི་འཇུག་པ་རྩ་འགྲེལ་གཉིས་ཀར་ཐ་སྙད་དུའང་ཕུང་པོ་ཙམ་ལ་བརྟེན་ནས་བཏགས་པའི་བདག་རྫས་གྲུབ་བཀག་ནས་བཏགས་ཡོད་ཙམ་དུ་བཞེད་པ་ལ་ཁྱད་པར་མེད་ཅིང༌། དེ་ལྟའི་བདག་རྫས་གྲུབ་ཏུ་འཛིན་པ་ལྷན་སྐྱེས་དེ་ཉིད་རྟགས་ཀྱི་དགག་བྱར་བྱེད་པ་ལ་མི་མཐུན་པ་ཅུང་ཟད་ཙམ་ཡང་མེད་ལ། དེ་ལས་གཞན་དུ་ཡུལ་རང་ངོས་ནས་གྲུབ་པའི་བདག་དང་གང་ཟག་ཡུལ་དུ་བྱས་ནས། དེའི་ཡུལ་ཅན་གྱི་ང་དང་ང་ཡི་བར་ལྟ་བ་བདག་ལྟར་བཤད་པ་ག་ལ་ཡོད། དེ་ལྟར་ནའང་བྱེ་སྨྲས་བཏགས་ཡོད་ཀྱི་བདག་དེ་དཔྱད་ནས་ཡོད་པར་འཇོག་པ་དང༌། དེ་བཏགས་ཡོད་ཀྱི་དངོས་པོའི་རང་བཞིན་དུ་ཡོད་པར་འདོད་ལ། ཐལ་འགྱུར་བས་དེ་དཔྱད་ནས་ཡོད་པར་མི་འདོད་ཅིང༌། མ་དཔྱད་པའི་ཐ་སྙད་དུ་དེ་ལྟའི་བཏགས་ཡོད་ཀྱི་དངོས་པོའི་རང་བཞིན་དུ་ཡོད་པར་མི་བཞེད་དོ། །བྱེ་སྨྲས་གང་ཟག་གི་བདག་(༢༧༧ན)


K800_Page_566
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྟོང་པའི་གང་ཟག་གི་བདག་མེད་ནི་སྡུག་བསྔལ་བདེན་པའི་ཤེས་བྱའི་དངོས་པོའི་རྫས་སུ་ཁས་ལེན་ཅིང༌། ཐལ་འགྱུར་བས་ནི་དེ་ལྟའི་བདག་མེད་དང༌། སྟོང་ཉིད་ནི་ཤེས་བྱ་དང༌། ཤེས་བྱ་མ་ཡིན་པ་དང༌། དངོས་པོ་དང་དངོས་མེད་རྫས་བཏགས་སོགས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བར་བརྗོད་དོ། །མདོར་ན་ཐལ་འགྱུར་བས་མ་དཔྱད་བལྟོས་བཞག་གི་བདག་བདེན་པ་གཉིས་ཀར་རང་བཞིན་མེད་པའི་དོན་ཡང་དེ་ལྟའི་བདག་རང་རང་ངོ་བོས་སྟོང་པའི་དོན་དུ་འཆད་པ་ལས། དགེ་ལུགས་ལྟར་ཡུལ་གྱི་སྡོད་ལུགས་ཀྱི་རང་ངོས་ནས་གྲུབ་མ་གྲུབ་ལ་རང་བཞིན་གྱིས་སྟོང་མི་སྟོང་དུ་འཇོག་པའི་གནས་མེད་དེ། ཆོས་ཐམས་ཅད་ཡུལ་གྱི་རང་ངོས་ནས་ཚུར་ལ་ངོ་བོ་ཉིད་ཀྱིས་བྱུང་ཞིང་གྲུབ་པར་འདོད་པ་ནི་མུ་སྟེགས་ངོ་བོ་ཉིད་རྒྱུར་སྨྲ་བ་ཙམ་མ་གཏོགས་དེ་འདྲའི་བདེན་དངོས་སུ་འཛིན་པ་རང་གཞན་གྱི་སྡེ་པའི་གྲུབ་མཐས་ཀུན་བརྟགས་པ་དང༌། འཇིག་རྟེན་ལྷན་སྐྱེས་ཀྱི་བློ་གང་ལའང་ཡོད་པ་མ་ཡིན་པའི་ཕྱིར་ན། མུ་སྟེགས་ངོ་བོ་ཉིད་རྒྱུད་སྨྲ་བ་མ་གཏོགས་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་པའི་ཕྱིར་རོ། །མདོར་ན་ཤར་རྩོང་ཁ་པ་ཆེན་པོས་ཐལ་འགྱུར་བའི་ལུགས་སུ་གང་ཟག་གི་བདག་མེད་སྨྲ་བ་ན། ལྷན་སྐྱེས་ཀྱིས་བཟུང་བའི་བདག་ལས་འབྲས་ཀྱི་རྟེན་དུ་འགོག་བྱ་མིན་ཞེས་པ་ནི། དེ་འདྲའི་བདག་ཡོད་ན་བདག་མེད་རྟོགས་པའི་ཤེས་རབ་ཡུལ་གྱི་གནས་ཚུལ་ལ་མ་ཞུགས་པར་འགྱུར་བ་དང༌། བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་དོན་ལ་མ་འཁྲུལ་པར་འགྱུར་བ་དང༌། རང་ཡང་ཆོས་ཐམས་ཅད་བདག་(༢༧༧བ)


K800_Page_567
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་སྨྲ་བ་དང་ཡང་འགལ་བའི་ཕྱིར་རོ། །ཡང་སངས་རྒྱས་ཀྱིས་ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་པ་དེ་རྫུན་ཚིག་ཏུ་འགྱུར་ཏེ། རང་ཅག་ཚུར་མཐོང་གི་བླང་དོར་བྱེད་པར་རློམ་པའི་བདག་ལྟ་ལྷན་སྐྱེས་ཀྱི་ཡུལ་གྱི་བདག་དེ་མ་དཔྱད་པ་ནའང་འཛིན་སྟངས་དང་མཚུངས་པར་ལས་འབྲས་ཀྱི་རྟེན་དུ་ཡོད་ལ། དཔྱད་པ་ནའང་ཐེག་པ་གསུམ་གར་གྱི་ལུང་རིགས་ཀྱི་དགག་བྱའི་བདག་དེ་དེ་མ་ཡིན་ཅིང༌། དེ་མ་ཡིན་ན་སྤང་བྱ་མ་ཡིན་པར་འདོད་དགོས་པ་གང་ཞིག ཐེག་པ་གསུམ་གའི་གསུང་རབ་རྒྱ་མཚོ་ལས་བདག་དེ་ལས་གཞན་པའི་རྟགས་ཀྱི་དགག་བྱའི་རྣམ་གཞག་ཡི་གེ་ན་གཅིག་ཀྱང་སྔོན་མ་གསུངས་ཤིང༌། དེ་ལྟར་གསུངས་པ་སྐྱེས་བུ་དམ་པ་ཐམས་ཅད་ལ་མཐོང་ཐོས་ཙམ་ཡང་མི་འདུག་པའི་ཕྱིར་རོ། །རྟགས་ཁྱབ་ཚད་མས་གྲུབ། མི་འདོད་ཀ་མེད། དེ་ལྟར་ན་དེ་འདྲའི་བདག་སངས་རྒྱས་ཀྱི་རྒྱུད་ལའང་ཡོད་པ་ལ་སྤོང་བྱེད་གཞན་མེད་པས་སངས་རྒྱས་བདག་ལྟ་དང་འཇིག་ལྟ་ཅན་དུ་འགྱུར་ལ། དེའང་འདོད་དོ་ཞེ་ན། རྫོགས་པའི་སངས་རྒྱས་འཁོར་བ་ལས་མ་གྲོལ་བར་འགྱུར་ཏེ། འཇིག་ཚོགས་ལ་ལྟ་བ་ཅན་གྱི་ཕྱིར། འདི་ལྟར་སྨྲ་བའི་དབུ་མ་ཐལ་འགྱུར་བ་དེ་ལ་དབུ་མ་པ་ཡིན་པར་སུ་ཞིག་ཡིད་རྟོན་པར་བྱེད། དེ་ཡིད་ཆེས་ཀྱི་གནས་མ་ཡིན་ན་འཇིག་ལྟ་དང་གང་ཟག་གི་བདག་ལྟ་ལ་ཡིན་མིན་གྱི་མུ་བཞིའི་རྣམ་གཞག་ནི་སྔོན་བྱུང་བའི་ཐེག་པ་གསུམ་གྱི་བཀའ་བསྟན་བཅོས་ཀྱི་གསུང་རབ་རྒྱ་མཚོའི་བརྡ་ཁྱད་འཇོག་མཚམས་ཟད་མི་ཤེས་ཤིང་དཔག་དཀའ་བ་ལ། གཏན་མི་འབྱུང་བའི་ཕྱིར་རང་བཟོ་དེ་དག་ལ་ཡ་མཚན་དུ་སུ་ཞིག་འཛིན་ཏེ། འཛིན་ན་བཤོས་དང་པག་ལའང་ཡིན་མིན་གྱི་མུ་བཞི་བརྩི་(༢༧༨ན)


K800_Page_568
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའང་ཐལ་འགྱུར་བའི་ཐུན་མོང་མིན་པའི་ལུགས་སུ་འཇོག་རིགས་པར་འགྱུར་ཏེ། ནས་ཟན་གྱི་བཤོས་དེ་བཤོས་ཡིན་ཀྱང་གྲོ་ཟན་གྱི་པག་མ་ཡིན་པའི་མུ་ལ་སོགས་སུ་སྨྲ་དགོས་པའི་ཕྱིར། དེ་ལྟར་སྨྲས་པས་ཅི་སྟོ་སྙམ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དག་གི་གཞུང་ལུགས་ལ་འཆད་རྩོད་རྩོམ་པ་དང་ཐོས་བསམ་སྒོམ་པས་གཏན་ལ་འབེབས་པ་ན་ཐར་པའི་རྒྱུར་མི་འགྱུར་བའི་ཟེར་རྒྱུ་ཟད་པའི་ལོང་གཏམ་གྱིས་བྲེལ་བར་བྱེད་ན་བདུད་ཀྱི་ལས་སུ་མི་འགྱུར་རམ། ཁྱོད་ཀྱིས་འདོད་པའི་མུ་དེ་དག་གི་བརྡ་ཁྱད་གསར་འཇོག་གི་དོན་ཡང་ཤིན་ཏུ་འཕྱུགས་ཏེ། ང་ཡི་བ་མིག་རྣ་སོགས་རང་བཞིན་གྱིས་གྲུབ་པར་འཛིན་བློ་དེ་ཤེས་བྱ་ལ་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་ལ་བདེན་འཛིན་གྱི་བློ་ཡིན་ནམ། གང་ཟག་ལ་བདེན་འཛིན་གྱི་བློ་ཡིན། གཉིས་པ་ལྟར་ན་དེ་གང་ཟག་གི་བདག་འཛིན་དུ་འགྱུར་ལ་དེར་ཡང་ཁྱེད་མི་འདོད་དོ། །དང་པོ་ལྟར་ན་དེ་ཆོས་ཅན། ཆོས་ཀྱི་བདག་འཛིན་ཡིན་པར་ཐལ། དང་པོ་དེའི་ཕྱིར། ཁྱབ་པ་ཚད་མ། འདོད་ན། དེ་ཆོས་ཅན་འཇིག་ལྟ་མ་ཡིན་པར་ཐལ། འདོད་པ་དེའི་ཕྱིར་ཏེ། ཁྱབ་པ་ཁྱེད་རང་གིས་ཁས་བླངས། གསལ་བ་དངོས་འགལ། ཡང་དེ་འདྲའི་བློ་དེ་ཆོས་ལ་བདེན་འཛིན་མིན་ན། མིག་རྣ་སོགས་དེ་ལ་གཉིས་སུ་ཕྱེ་བའི་ཆོས་མ་ཡིན་པར་འགྱུར། དེ་འདྲའི་བློ་དེ་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གང་ཡང་མ་ཡིན་ན་དེ་བདག་འཛིན་ཕུང་གསུམ་པར་འགྱུར་རོ། ། གང་ཟག་གཞན་ལ་བདག་ཏུ་ལྟ་བ་འཇིག་ལྟ་མ་ཡིན་ན་གང་ཟག་ཏུ་ལྟ་བར་ཡང་མི་འགྱུར་ཏེ། གང་ཟག་གཞན་དེའི་འཇིག་(༢༧༨བ)


K800_Page_569
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་མ་བལྟས་པར་གང་ཟག་གི་བདག་ཏུ་ལྟ་བ་མི་འབྱུང་བའི་ཕྱིར་ཏེ། ཡན་ལག་དང་ཆ་ཤས་ལ་མ་བལྟས་པར་ཡན་ལག་ཅན་དང་ཆ་ཤས་ཅན་ལ་ལྟ་བ་མི་སྲིད་པའི་ཕྱིར། དེས་ན་ཐལ་རང་གཉིས་ལ་བདག་མེད་གཉིས་ཀྱི་ལྟ་བ་ལ་བཟང་ངན་ཡོད་དེ། བདག་མེད་དེའི་རྟགས་ཀྱི་དགག་བྱའི་བདག་དེ་ཇི་ལྟ་བར་ངོས་ཟིན་མ་ཡིན་གྱི་ཁྱད་པར་ཡོད་པའི་ཕྱིར། ཞེས་པ་འདི་ནི་སྔོན་འཕགས་པའི་ཡུལ་དང་གངས་ཅན་གྱི་ལྗོངས་འདིར་བྱུང་བའི་དབུ་མའི་གཞུང་འགྲེལ་མན་ངག་ལྟ་ཁྲིད་ཟིན་བྲིས་སྟོང་ཐུན་དབུ་མའི་གྲུབ་ཐོབ་དག་གི་མགུར་མར་དེ་འདྲའི་རྣམ་གཞག་ཚིག་ཕྱེད་ཙམ་གྱི་གསལ་ཁ་ཡོད་པ་མེད་དོ་ཞེས་ཁོ་བོ་མནའ་ཆུ་མཐུང་བར་བྱེད་ལ། ཡང་ཁྱོད་མཐོང་ཐོས་ཆུང་བས་དེ་ལྟར་ཡོད་དོ་ཞེ་ན། ཁུངས་ཐུབ་ཀྱི་ལུང་རྣམ་པར་དག་པ་སྟོན་ཅིག དེར་མ་ཟད་ཁྱེད་ཆོས་དང་གང་ཟག་ཐམས་ཅད་ལ་སེམས་ཅན་གྱི་བློ་ཕལ་པ་ཐ་སྙད་འཛིན་པའི་ལྷན་སྐྱེས་ཀྱིས་གང་བཟུང་འདི་ཚུར་མཐོང་གི་ཚད་མས་གྲུབ་པ་ལྟར་གྱུར་པ་འདི་ཉིད་ཀྱིས་སྟོང་པའི་སྟོང་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དག་གི་དགོངས་དོན་མཆོག་དེ་ལ་ཁྱེད་ཆེས་སྐྲག་ནས་སེམས་ཅན་གྱི་རྒྱུད་ཀྱི་ལས་འབྲས་འཇོག་ན། དངོས་པོ་འདུས་བྱས་སྔ་ཕྱི་སྐད་ཅིག་ཐ་དད་པས་དངོས་པོ་བར་སྟོང་ལུས་ན་རྒྱུས་འབྲས་བུ་བསྐྱེད་པར་རྒྱུན་ཆད་དོགས་པའི་སེམས་ཁྲལ་ཆེན་པོ་བབས་ནས་དངོས་སྨྲ་བའི་ཕྱི་ནང་གི་སྡེ་པ་ཁ་ཅིག་ལྟར་སྤྱི་དང་བྱེ་བྲག་དང་ཐོབ་པ་དང་ཆུད་མི་ཟ་དང་ཀུན་གཞི་ཁས་ལེན་པ་ལྟར་དངོས་པོ་ལ་ཆེར་སྲེད་པ་གཏོང་བར་མ་ནུས་ནས་ལས་འབྲས་ཀྱི་རྟེན་དུ་ཞིག་པ་དངོས་པོ་བ་ཞིག་དང༌། ལས་འབྲས་ཀྱི་རྟེན་གྱི་བདག་གཉིས་ཁས་(༢༧༩ན)


K800_Page_570
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པས། ལས་འབྲས་ཀྱི་རྟེན་དེ་གཉིས་གཅིག་གམ་ཐ་དད། གཅིག་ན་དངོས་པོ་ཐམས་ཅད་ལས་འབྲས་ཀྱི་རྟེན་བྱེད་པའི་གང་ཟག་ཏུ་ཐལ། དངོས་པོའི་འཇིག་ཞིག་ཐམས་ཅད་དངོས་པོ་ཡིན་པར་ཁྱེད་རང་འདོད་ཅིང་ཞིག་དངོས་ལས་འབྲས་ཀྱི་རྟེན་གྱི་གང་ཟག་ཡིན་པར་རིགས་ན་འཇིག་དངོས་དེ་ཡིན་པ་ལའང་གནོད་བྱེད་མེད་ཅིང་སྒྲུབ་བྱེད་མཚུངས་པའི་ཕྱིར། རྟགས་དང་པོ་ཁས་བླངས། གཉིས་པ་ཚད་གྲུབ། འདོད་ན། དངོས་པོ་ཐམས་ཅད་གང་ཟག་ཏུ་འགྱུར་བས་སྔོན་མེད་ཀྱི་ལེགས་བཤད་དུ་འགྱུར་ལ། ཐ་དད་ན་སྐྱེས་བུ་གཅིག་གིས་སྲོག་གཅོད་ཀྱི་ལས་གཅིག་བགྱིས་པ་ན་སྐྱེས་བུ་དེའི་རྒྱུད་ལ་ལས་གཉིས་དང་དེའི་འབྲས་བུ་གཉིས་ཐོབ་པར་འགྱུར་ཏེ། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་དང་དེའི་རྟེན་གྱི་ཞིག་པ་དངོས་པོ་བའི་རྟེན་ཅན་གྱི་ལས་སོ་སོར་བསགས་ནས་འབྲས་བུའང་དེ་ལྟར་སོ་སོར་འབྱུང་བའི་ཕྱིར། ཡང་མ་གྲུབ་སྟེ། སྐྱེས་བུའི་ལས་སོག་པ་ན་དེ་གཉིས་བསྡོམས་ནས་ལས་གཅིག་ལས་མི་སོག་པའི་ཕྱིར་སྙམ་ན། འོ་ན་དེ་ལྟའི་ལས་དེ་ཆ་མེད་ཡིན་ནམ་ཆ་བཅས་ཡིན། དང་པོ་ལྟར་ན་རྟེན་གཉིས་ཀྱིས་བསྡོམས་ཏེ་བྱས་པའི་ལས་ཀྱི་ཆར་མི་འགྱུར་བར་ཐལ། ལས་དེ་ཆ་མེད་ཡིན་པའི་ཕྱིར། འདོད་ན། ལས་དེ་རྟེན་གཉིས་ཀྱི་ཆས་མ་བྱས་པར་མ་སོང་ངོ༌། །གཉིས་པ་ལྟར་ན་ལས་དེ་གཅིག་མ་ཡིན་པར་ཐལ། རྟེན་གཉིས་ཀྱིས་བྱས་པའི་ཆ་སོ་སོར་ཡོད་པའི་ཕྱིར། ཁྱད་པར་དབུ་མ་པས་རང་ལུགས་ཀྱི་ངེས་པར་ཁས་ལེན་དགོས་པའི་བདག་དང་རྟགས་ཀྱི་དགག་བྱའི་བདག་གཉིས་ཏེ་གསུམ་ཡོད་པ་ནི་རང་སྡེ་གནས་མ་བུ་པ་དང་མང་བཀུར་བ་ཁ་ཅིག་མ་གཏོགས་རང་(༢༧༩བ)


K800_Page_571
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྡེ་པ་གང་གིའང་གཞུང་ལས་དེ་ལྟར་འབྱུང་བ་མ་ཡིན་ཅིང༌། དེ་ལྟར་སྨྲ་བ་དེ་ནི་དཔལ་ལྡན་ཟླ་བས་གཞུང་འདིར་བཀག་པ་ཉིད་ཁྱེད་ཅག་གིས་སྒྲུབ་པ་ནི་དཔལ་ལྡན་ཟླ་བའི་གཞུང་ལེགས་པར་བཤད་པར་བྱས་པར་འགྱུར་རམ། ངེས་པར་ཁས་ལེན་རྒྱུའི་གང་ཟག་གི་བདག་སྨྲ་བའི་རང་སྡེ་འོག་མ་སྔར་བྱུང་ཡང༌། ཐེག་པ་ཆེན་པོ་པར་ཁས་འཆེ་བ་ལ་གང་ཟག་གི་བདག་ཁས་ལེན་པ་ནི་རྒྱ་བོད་འདིར་ཁྱེད་ལས་སྔོན་མ་བྱུང་བས་ཁྱེད་ཅག་རྗེས་འབྲངས་དང་བཅས་པ་དག་གཞི་གྲུབ་ན་བདག་མེད་མ་ཡིན་པ་བུད་ཅེས་སངས་རྒྱས་པ་སྤྱི་ལ་རླུང་ལྟར་གྲགས་པ་འདི་ལ་ཁྱབ་པ་ཡོད་པ་མ་ཡིན་ཏེ། ཁས་ལེན་རྒྱུའི་བདག་དེ་གཞི་གྲུབ་ཅིང་བདག་ཡིན་པའི་ཕྱིར་ཞེས་ཐལ་འགྱུར་བའི་ཐུན་མོང་མིན་པའི་གྲུབ་མཐར་འཇམ་དབྱངས་ཀྱིས་བཀའ་བསྩལ་ཏོ། །ཞེས་སླར་གླེགས་བམ་ཆེན་པོ་སྦྱར་བར་རིགས་ཏེ། གྲུབ་མཐའ་གུང་བསྒྲིག་དགོས་པའི་ཕྱིར། གཞི་གྲུབ་ན་བདག་མེད་མ་ཡིན་པ་འབུད་མི་ནུས་པའི་ལུགས་འཇོག་དགོས་པ་ཀྱེ་མ་ལ། འདིར་སྨྲས་པ། གང་དག་དུད་འགྲོར་བསྐལ་མང་བརྒལ་གྱུར་པ། །དེས་ཀྱང་ལས་འབྲས་རྟེན་བདག་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །དེས་ན་ཕུང་པོ་ལས་གཞན་བདག་འགའ་མེད། །ཅེས་པའང་བསམ་དགོས་པ་ཡིན་ནོ། །ཡང་ཡོད་པའི་བདག་དང་ཤེས་བྱ་ལ་མེད་པའི་བདག་གི་ཆོས་ཀྱང་ཁྱེད་ཁས་ལེན་རིགས་པར་ཐལ། དགག་རྒྱུའི་བདག་དང་ཁས་ལེན་རྒྱུའི་བདག་གཉིས་ཁས་ལེན་ཅིང༌། དང་པོ་དེ་ཤེས་བྱ་ལའང་མེད་པར་འདོད་པའི་ཕྱིར། རྟགས་ཁས་བླངས༌། ཁྱབ་པ་ཚད། འདོད་ན་ཤིན་ཏུ་ལེགས་ཏེ་ཁྱེད་རང་གི་གྲུབ་མཐའ་(༢༨༠ན)


K800_Page_572
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གུང་འགྲིགས་པ་དང་བཙན་པར་འགྱུར། ཡང་དགག་བྱའི་བདག་དེ་ཆོས་མ་ཡིན་ནོ་སྙམ་ན། འོ་ན་དགག་བྱའི་བདག་དེས་བདག་འཛིན་སྐྱེད་བྱེད་ཀྱི་མཚན་ཉིད་མི་འཛིན་པར་ཐལ། མཚན་ཉིད་འཛིན་པ་དང་མི་འཛིན་པ་ལས་ཆོས་ཡིན་མིན་དུ་འཇོག་པ་གང་ཞིག རྟགས་ཀྱི་དགག་བྱའི་བདག་དེ་ཆོས་སུ་མ་གྲུབ་པའི་ཕྱིར། འདོད་ན་རྟགས་ཀྱི་དགག་བྱའི་བདག་ཆོས་ཅན། རྟགས་ཀྱི་དགག་བྱ་མ་ཡིན་པར་ཐལ། དེ་བདག་འཛིན་བསྐྱེད་པའི་ཆོས་མ་ཡིན་པའི་ཕྱིར། ཡང་ཁྱེད་ཅག་རྟོག་པས་བཏགས་གཞག་གི་ལས་འབྲས་ཀྱི་རྟེན་བྱེད་པའི་དངོས་ཆོས་སྐྱེ་བོ་ཕལ་པ་བྱ་དང་རི་དྭགས་ཚུན་ཆོད་ཀྱི་ཚད་མས་གྲུབ་བཞིན་པ་དེ་བཏགས་བཞག་གི་ཡོད་པ་ཙམ་གྱིས་མ་ཚིམ་པར་དེ་ལྟར་བཏགས་པའི་བཏགས་དོན་འཚོལ་ན་གནས་ལུགས་ལ་དཔྱད་པར་སོང་བ་ཐལ་འགྱུར་བའི་ཐུན་མོང་མིན་པའི་དཔྱོད་པའོ་ཞེས་སྨྲ་བ་དེ་ལྟར་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་འཇིག་རྟེན་ཀུན་རྫོབ་བདེན་པ་འཇིག་རྟེན་སྤྱི་ལ་གྲགས་ཤིང༌། རྫོགས་པའི་སངས་རྒྱས་དང་སློབ་དཔོན་ཀླུ་ཞབས་ཀྱིས་ཐ་སྙད་དུ་བདེན་པ་གསལ་བར་མཛད་པའི་འཇིག་རྟེན་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་དེ་སངས་རྒྱས་བྱང་སེམས་རྣམས་ཀྱིས་ལུང་རིགས་དྲི་མ་མེད་པའི་སྒོ་ནས་སེམས་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་མཛད་མི་དགོས་པར་འགྱུར་ཏེ། རྟེན་ཅིང་འབྲེལ་འབྱུང་གི་ཀུན་རྫོབ་ཀྱི་དོན་ནི་བཏགས་བཞགས་བལྟོས་ནས་འབྱུང་བའི་ཆོས་ཡིན་ལ། དེ་ནི་སྐྱེ་བོ་ཕལ་པ་ཐམས་ཅད་ཀྱིས་ཀྱང་ལས་འབྲས་ཀྱི་རྟེན་བཏགས་བཞག་ཙམ་དུ་དེ་ངོར་དེའི་བྱ་བ་བྱེད་པར་ཤེས་ཤིང༌། དེ་ཙམ་གྱིས་བློ་ཚིམ་ནས་དེ་ལ་སྐྱེ་བོ་དག་(༢༨༠བ)


K800_Page_573
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མའི་དོན་ཆེད་དུ་མི་གཉེར་བས་བཏགས་དོན་འཚོལ་བར་མི་བྱེད་པའི་ཕྱིར། འདོད་ན་ཁྱེད་རང་གིས་རྟེན་འབྲེལ་དེ་ཀུན་མཁྱེན་མ་གཏོགས་ཕལ་པས་མི་རྟོགས་པའི་སྒོ་ནས་སྟོན་པ་ལ་བསྟོད་པ་ཞིག་ཀྱང་བྱས་པ་མ་ཡིན་ནམ།ཡང་ཆོས་ཐམས་ཅད་བཏགས་བཞག་ལས་གཞན་དུ་མེད་ན་རྟགས་ཀྱི་དགག་བྱ་བཏགས་ནས་བཞག་པ་ཡིན་ནམ་མིན། ཡིན་ན་ཀུན་རྫོབ་པའི་ཆོས་གཞན་ལྟར་ཐ་སྙད་དུ་ཡོད་པར་ཐལ། བཏགས་བཞག་གི་ཆོས་སུ་ཡོད་པའི་ཕྱིར། མ་ཡིན་ན་རྟགས་ཀྱི་དགག་བྱ་རྫས་དང་ཡུལ་རང་ངོས་ནས་གྲུབ་པ་དང་ཤེས་བྱ་ལ་ཡོད་པར་ཐལ། རྟགས་ཀྱི་དགག་བྱ་དེ་རྫས་བཏགས་གང་རུང་གི་ཆོས་ཡིན་པ་གང་ཞིག བཏགས་ཆོས་མིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན་རྟགས་ཀྱི་དགག་བྱ་དེ་བློའི་ཡུལ་དུ་བྱར་རུང་མིན་པར་ཐལ། དེ་རྫས་བཏགས་གང་རུང་གི་ཤེས་བྱར་ཡོད་པ་མིན་པའི་ཕྱིར། ཁྱབ་པ་མེད་ན་དེ་འདྲའི་རྟགས་ཀྱི་དགག་བྱ་དེ་ཆོས་ཅན། ཤེས་བྱར་ཡོད་པར་ཐལ། བློའི་ཡུལ་དུ་བྱར་རུང་ཡིན་པའི་ཕྱིར། མ་ཁྱབ་ན་བློའི་ཡུལ་དུ་བྱར་རུང་ཡིན་ན་ཤེས་བྱ་མ་ཡིན་པ་འབུད་མི་ནུས་པའི་གྲུབ་མཐའ་ཁྱད་འཕགས་འཆའ་དགོས་པར་འགྱུར་བས་གྲུབ་མཐའ་བཟང༌། གོང་དང་འདོད་ན། རྟགས་ཀྱི་དགག་བྱ་འཛིན་པའི་བདེན་འཛིན་ལྷན་སྐྱེས་སེམས་ཅན་ལ་གཏན་མི་སྐྱེ་བར་ཐལ། རྟགས་ཀྱི་དགག་བྱ་དེ་བློ་ཡུལ་དུ་བྱར་རུང་མ་ཡིན་པའི་ཕྱིར། འདོད་པ་ལས་འོས་མེད། དེ་ལྟར་ན་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་བས་ཁོ་བོ་ཅག་ནི་ལུགས་འདི་ལ་ཤིན་ཏུ་མོས་ཏེ་ད་ལྟ་ཉིད་དུ་འཁོར་བའི་འཁོར་ལོ་འདི་ཉིད་རྒྱུན་ཆད་པར་འགྱུར་བའི་ཕྱིར་རོ། །(༢༨༡ན)


K800_Page_574
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་རྟགས་ཀྱི་དགག་བྱའི་བདག་ནི་དེ་དང་དེར་མ་གྲུབ་བཞིན། དེ་དང་དེར་གྲུབ་འཛིན་གྱི་བློས་བཏགས་བཞག་མིན་ན། རང་ངོས་ནས་གྲུབ་པས་ནི་དེ་འདྲ་མ་བཞག་པས་དེ་འདྲའི་རྟགས་ཀྱི་དགག་བྱ་དེ་བློ་ངོར་ཡེ་མེད་དགོས་པ་ལས་དེ་འདྲའང་མ་ཡིན་པས། ཁྱེད་ཅག་རྟགས་ཀྱི་དགག་བྱ་རྟོག་པས་བཞག་པ་མིན་པར་མོས་པ་ནི་མོས་པ་ཙམ་དུ་ཟད་པ་ལས་དོན་ལ་མི་གནས་ཏེ། ཐག་ཁྲ་སྦྲུལ་འཛིན་གྱི་རྟོག་ངོ་ན་སྦྲུལ་དུ་མེད་བཞིན་སྦྲུལ་དུ་རྟོག་པས་བཞག་པ་ཙམ་ཞིག་འབྱུང་གི། དེ་ལྟར་རྟོག་པས་ཐག་ཁྲ་སྦྲུལ་དུ་མ་བཞག་ན་ཐག་ཁྲ་ལ་སྦྲུལ་འཛིན་གྱི་ཤེས་པ་སྐྱེས་བུའི་རྒྱུད་ལ་མི་འཆར་བར་མྱོང་བ་མངོན་སུམ་གྱིས་འཇིག་རྟེན་ཐམས་ཅད་ལ་གྲུབ་པས་རིགས་པའི་དགག་བྱ་དང་བསྒྲུབ་བྱ་ཐམས་ཅད་དབུ་མའི་ལུགས་འདིར་བཏགས་ཡོད་ཡིན་ལ། ཡང་ཁྱེད་ལྟར་ན་རྟགས་ཀྱི་བསྒྲུབ་བྱའང་ཤེས་བྱར་གཏན་མེད་དུ་འགྱུར་ཏེ། དགག་བྱ་གཏན་མེད་ན་བསྒྲུབ་བྱའང་གཏན་མེད་པར་མཚུངས་པའི་ཕྱིར་ཏེ། དགག་སྒྲུབ་ཐམས་ཅད་བལྟོས་བཞག་གི་བཏགས་པ་ཙམ་ལས་གཞན་དུ་མ་གྲུབ་པའི་ཕྱིར། འདོད་ན། སྟོང་ཉིད་དོན་དམ་བདེན་པ་ཤེས་བྱར་མེད་པ་ཡང་ཁས་ལེན་དགོས་ལ། དེ་ཡང་ཁྱེད་ཀྱིས་མི་འདོད་པའི་ཕྱིར། དེས་ན་རྟགས་སམ་རིགས་པ་ཡང་དག་གི་དགག་བྱའང་བློ་ཕྱིན་ཅི་ལོག་གི་རྟོག་པས་བཞག་པ་མིན་པ་འདི་ནི་ཁྱེད་རང་གྲུབ་མཐའ་བཅའ་ཉེས་ཀྱི་ཁས་བླངས་ནོར་བ་ཡིན་ལ། ཤེས་བྱ་སྤྱི་མཐུན་ལ་གྲགས་པ་ནི་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཕྱོགས་རྟགས་ཀྱི་དགག་བྱ་སྒྲ་རྟག་པ་ཡང་བློ་ཕྱིན་ལོག་(༢༨༡བ)


K800_Page_575
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཏགས་བཞག་གི་ཆོས་ཡིན་ཀྱང༌། ཕྱིན་ཅི་མ་ལོག་པའི་ཡུལ་དུ་ཡོད་པ་མིན་པར་འདོད་པ་ཉིད་མ་དཔྱད་ཐ་སྙད་པའི་བརྗོད་པ་ལ་འཇིག་རྟེན་གྱིས་གནོད་ཅུང་ཟད་མེད་ཀྱང་མེད་དོ། །དེས་ན་རྟགས་ཀྱི་དགག་བྱ་བཏགས་བཞག་ཡིན་པར་ཁྱེད་མི་འདོད་ཀྱང༌། ཤེས་བྱ་སྤྱི་ལ་གནས་པས་དེ་དབང་བཙན་པར་བྱས་ནས་བརྗོད་ན་ཁྱེད་ལ་འདིར་འགྱུར་ཏེ། ཐ་སྙད་ཚད་གྲུབ་ཀྱི་དངོས་པོ་ཡང་བརྟགས་བཞག་གི་ཡོད་པ་ཙམ་ལ་བཏགས་དོན་བཙལ་ནས་སྟོང་ཉིད་སྒྲུབ་པར་བྱེད་པ་དེ་བཞིན་དུ་རྟགས་ཀྱི་དགག་བྱའི་ཆོས་ཀྱང་རྟོག་པས་བཏགས་བཞག་ཙམ་ཡིན་པས། དེ་ལ་ཡང་བཏགས་དོན་བཙལ་ནས་སྟོང་ཉིད་བསྒྲུབ་དགོས་པར་འགྱུར་བས། དེ་ལྟར་ན་ནི་རྟགས་ཀྱི་དགག་བྱ་རྟགས་ཀྱི་དགག་བྱ་མ་ཡིན་པས། སླར་དེ་ལ་བཏགས་དོན་བཙལ་བཏགས་ཀྱི་དགག་བྱར་བྱས་ནས་སྟོང་ཉིད་བསྒྲུབ་དགོས་པར་འགྱུར་ལ། དེ་ལྟར་ན་རྟགས་ཀྱི་དགག་བྱ་ཐུག་པ་མེད་པས་དེ་ཁེགས་པའི་དུས་མི་སྲིད་པར་འགྱུར་བས་དབུ་མའི་རྟོགས་པ་ཁྱད་པར་ཅན་བསྐྱེད་བྱར་མེད་པར་ཡང་འགྱུར་རོ། ། རྟགས་ཀྱི་དགག་བྱ་བཏགས་བཞག་མིན་ན་བཙལ་བས་རྙེད་མི་སྲིད་པ་དང་ཡང་འགལ་བར་འགྱུར་རོ། །ད་ནི་སྙིང་པོ་མེད་པའི་སྦུན་ཚིག་དེ་དག་ལ་དགག་སྒྲུབ་ཀྱི་སྤྲོས་པ་ཆོག་སྟེ། དཀྱུས་དོན་བཤད་པར་བྱ་ན། གཉིས་པ་ལ། རྣམ་པ་ལྔས་དཔྱད་དེ་བདག་དགག་པ་དང༌། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་དགག་པ་དང༌། བཀག་པས་མཇུག་བསྡུ་བ་གསུམ། དང་པོ་ལ། ཕུང་པོ་ལས་དོན་གཞན་པའི་བདག་དགག ཕུང་པོ་དང་ངོ་བོ་གཅིག་པའི་བདག་དགག ཕུང་པོ་དང་རྟེན་བརྟེན་པའི་བདག་དགག ཕུང་(༢༨༢ན)


K800_Page_576
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་ལྡན་པའི་བདག་དགག བཀག་པའི་དོན་བསྡུས་ཏེ་འཇིག་ལྟ་ཉི་ཤུའི་གཉེན་པོར་འགྱུར་ཚུལ་དང་ལྔ། དང་པོ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ་ནི། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །དེའི་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །འཇིག་ལྟའི་ཡུལ་གྱི་བདག་དེ་གྲངས་ཅན་པས་ཀུན་ཏུ་བཏགས་པ་ནི། རྩ་བའི་རང་བཞིན་རྣམ་འགྱུར་མ་ཡིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང༌། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་སྨྲ་སྟེ། རང་བཞིན་ནི་པྲ་ཀྲི་ཏ་ཞེས་རབ་ཏུ་བྱེད་པའི་དོན་ཅན་ཏེ་དེས་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པར་འདོད་པའི་དུས་སུ་སྒྲ་ལ་སོགས་པ་སྐྱེས་བུས་ལོངས་སྤྱད་བྱ་རྣམས་འབྱིན་པར་བྱེད་པའི་ཕྱིར་རང་བཞིན་ཡིན་ལ། ཇི་ལྟར་འབྱིན་པ་ནི། རང་བཞིན་ལས་ཆེན་པོའམ་བློ་འབྱུང་ལ། དེ་ལས་ང་རྒྱལ་ལོ། །དེ་ལས་བཅུ་དྲུག་པོའི་ཚོགས་སོ། ། བཅུ་དྲུག་པོའི་སྒྲ་སོགས་དེ་ཙམ་ལྔ་ལས་འབྱུང་བ་ལྔ་འབྱུང་ངོ༌། །རྩ་བའི་རང་བཞིན་ནི་རྒྱུ་ཁོ་ན་ཡིན་གྱི། ཆེན་པོ་སོགས་ལྟར་རྣམ་འགྱུར་མ་ཡིན་ནོ། །ཆེན་པོ། ང་རྒྱལ། དེ་ཙམ་ལྔ་དང་བདུན་ནི་རྒྱུ་འབྲས་གཉིས་ཀ་ཡིན་ཏེ། རང་གི་རྣམ་འགྱུར་ལ་བལྟོས་ནས་རང་བཞིན་ཡིན་ལ། རྩ་བའི་རང་བཞིན་ལ་བལྟོས་ནས་རྣམ་འགྱུར་ཡིན་ནོ། །དབང་པོ་བཅུ། ཡིད། འབྱུང་བ་ལྔ་དང་བཅུ་དྲུག་ནི་རྣམ་འགྱུར་ཁོ་ན་ཡིན་ཏེ། རྒྱུ་ལས་བྱུང་ཞིང་འབྲས་བུ་མི་བསྐྱེད་པའི་ཕྱིར། སྐྱེས་བུ་ནི་རང་བཞིན་རྣམ་འགྱུར་གཉིས་ཀ་མིན་ཏེ། རྒྱུ་ལས་མ་བྱུང་ཞིང་འབྲས་བུ་མི་བསྐྱེད་པའི་ཕྱིར། རིག་པ་འདིས་རྣམ་འགྱུར་གྱི་ཚོགས་ཐམས་ཅད་སྐྱེས་པས་འདོད་པ་སྐྱེས་པའི་སྐྱེས་(༢༨༢བ)


K800_Page_577
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཟ་བ་པོར་ཇི་ལྟར་འགྱུར་བ་ནི། རྣ་བ་ལ་སོགས་པའི་དབང་པོ་ཡིད་ཀྱིས་བྱིན་གྱིས་བརླབས་པ་དག་གི་ཡོངས་སུ་བཟུང་བའི་ཡུལ་སྒྲ་སོགས་ལ་བློས་ཞེན་པར་བྱེད་ལ། ཞེན་པར་བྱས་པའི་དོན་ལ་སྐྱེས་བུས་སེམས་པར་བྱེད་དོ། །དེས་ན་སྐྱེས་བུའམ་བདག་དེ་ཉིད་ཀྱིས་ཡུལ་དེ་དག་ཉེ་བར་ལོངས་སྤྱོད་པས་ཟ་བ་པོ་ཞེས་བྱ་སྟེ། སྐྱེས་བུ་དེ་ནི་ཡུལ་ལ་ཉེ་བར་ལོངས་སྤྱོད་པའི་སེམས་པ་ཡོད་པའི་རང་གི་ངོ་བོ་ཡིན་པའི་ཕྱིར། དེའི་ཚེ་ན་འཁོར་བ་ཞེས་བརྗོད་དོ། །དེ་ལྟར་བདག་གི་འདོད་པས་ཡུལ་སྤྱོད་ཟིན་ནས་གང་གི་ཚེ་སྐྱེས་བུ་ཡུལ་ལ་ཆགས་པ་དང་བྲལ་བར་གྱུར་པའི་ཚེ་རིམ་གྱིས་བསམ་གཏན་བསྒོམས་པས་ལྷའི་མིག་ཐོབ་ནས་དེས་རང་བཞིན་ལ་བལྟས་པ་ན་གཞན་གྱི་བུད་མེད་ལྟར་རང་བཞིན་ངོ་ཚ་བར་གྱུར་པས་བདག་གི་ཆེད་དུ་རྣམ་འགྱུར་རྣམས་འགྲོ་བར་མི་བྱེད་དེ། རྣམ་འགྱུར་གྱི་སྐྱེ་རིམ་ལུགས་ལས་བཟློག་ནས་གཙོ་བོར་མི་གསལ་བར་ཞ་བར་འགྱུར་ཏེ། སྐྱེས་བུ་ཟླ་མེད་ཉག་གཅིག་པར་གྱུར་ཏེ་གྲོལ་བར་འགྱུར་རོ། །དེའི་ཚེ་རྣམ་འགྱུར་ཞ་བ་ལྟར་བདག་ཞ་བ་མ་ཡིན་པས་རྟག་པའི་དངོས་པོའོ། །རང་བཞིན་དང་རྣམ་འགྱུར་བྱེད་པོ་ཡིན་པ་ལྟར་བདག་ནི་བྱེད་པོ་མིན་པའི་བདག་ཉིད་ཡིན་ཏེ། དེ་ནི་བྱ་བ་ལ་སྙོམས་ལས་ཅན་ཡིན་པའི་ཕྱིར། དེ་ཡོན་ཏན་མེད་པ་ཉིད་དེ། རྡུལ་མུན་སྙིང་སྟོབས་ཀྱི་རང་བཞིན་མེད་པའི་ཕྱིར། བྱ་བ་མེད་པ་ཉིད་ཡིན་ཏེ། ཁྱབ་པའི་ཕྱིར་དེ་ནི་སྐྱེས་བུའི་ཁྱད་པར་དག་གོ། །དེ་ལ་རང་བཞིན་ནི་བྱེད་པོ་ཡིན་ལ། རྣམ་འགྱུར་རྣམས་ལ་བྱེད་པོ་ཡིན་མིན་གཉིས་ལས་བྱེད་པོ་ཡིན་མིན་གང་ཞེ་ན། དེ་ལ་རྡུལ་མུན་སྙིང་སྟོབས་ནི་ཡོན་ཏན་གསུམ་(༢༨༣ན)


K800_Page_578
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །རྡུལ་ནི་བློ་ཡུལ་ལ་གཡོ་བ་དང་འཇུག་པའི་བདག་ཉིད་ཅན་ནོ། །མུན་པ་ནི་ལུས་ལ་སོགས་པ་ལྕི་བ་དང་མི་ཤེས་པའི་བདག་ཉིད་ཅན་ནོ། །སྙིང་སྟོབས་ནི་ལུས་ལ་སོགས་པ་ཡང་བ་དང་རབ་ཏུ་དང་ཞིང་གསལ་བའི་བདག་ཉིད་ཅན་ནོ། །བདེ་བ་དང་སྡུག་བསྔལ་བ་དང་བཏང་སྙོམས་ནི་རྣམ་གྲངས་སོ། །ཡོན་ཏན་གསུམ་པོ་ཆ་མཉམ་པའི་གནས་སྐབས་ནི་གཙོ་བོ་སྟེ། འདིར་ཡོན་ཏན་དག་གཙོ་བོར་གྱུར་ཅིང་རྣམ་འགྱུར་རྣམས་རབ་ཏུ་ཞི་བར་འགྱུར་བའི་ཕྱིར། དེ་དག་ནི་རྣམ་པར་མི་འགྱུར་བའི་སྐབས་ཀྱི་རང་བཞིན་ནོ། །རང་བཞིན་འདི་ནི་བུམ་པའོ། །འདི་ནི་སྣམ་བུའོ་ཞེས་ཡུལ་ངེས་པ་ནི་ཆེན་པོའོ། །དེ་ལས་བདག་སྐལ་བ་དང་ལྡན་པར་བལྟ་བར་བྱ་བ་ཡིན་ནོ་ཞེས་སོགས་ཀྱི་རྣམ་པ་ཅན་ནི་ང་རྒྱལ་ལོ། །དེ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། སྡུག་བསྔལ་གྱི་ཆ་ལྡན་རྣམ་པར་འགྱུར་བ་དང༌། བདེ་བའི་ཆ་ལྡན་སྙིང་སྟོབས་ཅན་དང༌། བཏང་སྙོམས་ཀྱི་ཆ་ལྡན་མུན་པ་ཅན་ནོ། །ང་རྒྱལ་དང་པོ་ལས་གཟུགས་སོགས་དེ་ཙམ་ལྔའོ། །དེ་ཙམ་ལྔ་ལས་ས་སོགས་འབྱུང་བ་ལྔའོ། །ང་རྒྱལ་གཉིས་པ་ལས་དབང་ལྔ་དང་དབང་པོ་ལྔ་དང་གཉིས་ཀའི་བདག་ཉིད་ཅན་གྱི་ཡིད་དང་བཅུ་གཅིག་གོ། །ང་རྒྱལ་གསུམ་པས་ནི་ང་རྒྱལ་གཉིས་ཀའི་འཇུག་པར་བྱེད་པའོ། །ཞེས་མུ་སྟེགས་གྲངས་ཅན་རྣམས་ཀྱིས་བརྟགས་ཤིང༌། བདག་དེའི་དབྱེ་བ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ནི་ཐ་དད་དུ་གྱུར་ཏེ། བྱེ་བྲག་པ་ནི་བློ་དང་བདེ་བ་དང་སྡུག་བསྔལ་བ་དང་འདོད་པ་དང་སྡང་བ་དང་འབད་པ་དང་ཆོས་དང་ཆོས་མ་ཡིན་པ་(༢༨༣བ)


K800_Page_579
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདུས་བྱས་པའི་ཤུགས་ཏེ། རིམ་བཞིན་ཡུལ་འཛིན་འདོད་པའི་ཡུལ་ཉམས་སུ་མྱོང་བ་དེ་ལས་བཟློག་པ། འདོད་པའི་དངོས་པོ་ལ་རེ་འཆའ་བ། མི་འདོད་པའི་ཡུལ་ལ་རྒྱབ་ཕྱོགས་པ། མངོན་མཐོ་དང་ངེས་ལེགས་དང༌། དེ་ལས་བཟློག་པ་ཤེས་པ་ལས་སྐྱེ་ཞིང་ཤེས་པའི་རྒྱུར་གྱུར་པའི་བདག་གི་ཡོན་ཏན་གྱི་བྱ་བ་དགུ་བྱེད་ལ། ཡོན་ཏན་དགུ་པོ་དེ་བདག་ལ་འདུ་ཞིན་ཡོད་པ་དེ་སྲིད་དུ་དགེ་མི་དགེའི་ལས་བསྒྲུབ་པའི་ཕྱིར་འཁོར་བ་ཞེས་བྱ་ལ། གང་གི་ཚེ་སྐྱེས་བུའི་དབང་སོགས་བདག་གི་བ་རྣམས་སྡུག་བསྔལ་དུ་རྟོགས་ཏེ་བློ་ལ་སོགས་པའི་ཡོན་ཏན་རྣམས་རྩ་བ་དང་བཅས་པ་གཅོད་པའི་ཚེ། བདག་དེ་ཉིད་ཡོན་ཏན་རྣམས་དང་མི་ལྡན་པའི་ཡན་གར་བར་གནས་པར་འགྱུར་ཏེ། དེའི་ཕྱིར་ཐར་པ་ཞེས་བྱའོ། །བདག་དེ་ཡང་རྟག་པ་དང༌། བྱེད་པོ་དང༌། ཟ་པོ་དང༌། ཡོན་ཏན་དང་བཅས་པ་དང༌། སེམས་མེད་པའི་རང་བཞིན་ཅན་དང༌། ཁྱབ་པའི་ཕྱིར་བྱ་བ་མེད་པར་སྨྲའོ། །ཁ་ཅིག་བསྐུམས་པ་དང་བརྐྱང་བའི་བྱ་བ་དང་བཅས་པར་སྨྲའོ། ། རིག་བྱེད་སྨྲ་བ་དག་ནི་བུམ་པ་ལ་སོགས་པའི་སྣོད་ཐ་དད་པའི་ནང་གི་ནམ་མཁའ་ལྟར་བདག་གཅིག་ཉིད་ལུས་ཐ་དད་པས་སྣ་ཚོགས་པ་ཉིད་དོ། །དེ་ལ་གྲངས་ཅན་དང༌། རིག་བྱེད་མཐའ་པ་དང༌། གསང་བ་པ་དང༌། གཅེར་བུ་པ་དང༌། དཔྱོད་པ་པ་དང༌། རྒྱལ་དཔོགས་པ་ལ་སོགས་པ་ནི་བདག་ཤེས་རིག་ཏུ་འདོད་ལ། བྱེ་བྲག་པ་དང༌། རིག་པ་ཅན་སོགས་བེམ་པོར་འདོད་ཅིང༌། རྒྱང་འཕེན་པས་ལུས་སྲོག་ངོ་བོ་གཅིག་ཏུ་འདོད་དོ། །ཡང་གྲངས་ཅན་པ་དང༌། བྱེ་བྲག་པ་དང༌། རིག་པ་ཅན་པ་སོགས་(༢༨༤ན)


K800_Page_580
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྟག་པར་འདོད་ཅིང༌། གཅེར་བུ་པ་དང༌། དཔྱོད་པ་པ་དང༌། རྒྱལ་དཔོགས་པ་སོགས་རང་བཞིན་རྟག་ལ་གནས་སྐབས་མི་རྟག་པ་དང༌། རྒྱང་འཕེན་སྐྱེས་ནས་མ་ཤིའི་བར་རྟག་པ་དང༌། དེ་ནས་ཆད་པར་འདོད་དོ། །གཉིས་པ་ལ། བདག་གི་ངོ་བོ་དགག ཁྱད་པར་དགག ཕུང་པོ་ལས་གཞན་དུ་མི་འཐད། ངར་འཛིན་གྱི་རྟེན་མ་ཡིན་པར་བསྟན་པ་དང་བཞི། དང་པོ་ནི། མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། །དེ་ལྟར་གྱུར་པའི་བདག་ནི་ཡོད་མིན་ཞིང༌། །འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། །རྟག་པ་དང་ཟ་པོ་ལ་སོགས་པ་ད་ལྟར་གྱུར་པའི་བདག་ནི་ཡོད་པ་མ་ཡིན་ཅིང་ཞེས་མ་ཡིན་ཏེ། སྐྱེ་བ་དང་བྲལ་བའི་ཕྱིར། དེ་ལྟའི་བདག་འདི་ནི་འཇིག་རྟེན་གྱི་ངར་འཛིན་ལྷན་སྐྱེས་ཀྱི་རྟེན་དུའང་མི་རིགས་ཏེ། དེའི་འཛིན་སྟངས་དང་མི་མཐུན་པའི་ཕྱིར། འདི་ནི་དོན་དམ་པར་མེད་པར་མ་ཟད་ཀུན་རྫོབ་ཏུའང་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་དུ་ཡོད་པར་མི་འདོད་དེ། དེ་ལྟར་མ་དམིགས་པའི་ཕྱིར། མོ་གཤམ་བུ་ལྟ་བུའོ། །ཞེས་གོང་མ་ལའང་དཔེར་སྦྱར་རོ། །གཉིས་པ་ནི། གང་ཕྱིར་བསྟན་བཅོས་བསྟན་བཅོས་ལས་དེའི་ཁྱད། །མུ་སྟེགས་རྣམས་ཀྱིས་གང་བསྟན་དེ་ཀུན་ལ། །རང་གྲགས་མ་སྐྱེས་གཏན་ཚིགས་ཀྱིས་གནོད་པ། །དེ་ཕྱིར་དེ་ཁྱད་ཀུན་ཀྱང་ཡོད་མ་ཡིན། །བདག་དེའི་ཁྱད་པར་ཀུན་ཀྱང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་མུ་སྟེགས་རྣམས་ཀྱིས་རང་རང་གི་བསྟན་བཅོས་དང་བསྟན་བཅོས་ལས་བདག་དེའི་ཁྱད་པར་ཟ་པོ་རྟག་དངོས་སོགས་གང་བསྟན་པ་དེ་ཀུན་རང་ཉིད་ལ་གྲགས་པའི་རྗེས་དཔག་མ་སྐྱེས་པའི་གཏན་ཚིགས་ཀྱིས་གནོད་པ་དེའི་ཕྱིར་རོ། །ངག་དོན་བདག་རྟག་པ་མིན་ཏེ། མ་སྐྱེས་པའི་ཕྱིར། མོ་གཤམ་བུ་བཞིན། ཞེས་པའི་རྟགས་དཔེས་བདག་གི་ཁྱད་པར་ཐམས་ཅད་ལ་གནོད་པར་བྱེད་དོ། །གསུམ་པ་ནི། དེ་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ། །ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །རྒྱུ་མཚན་དེའི་ཕྱིར་ཕུང་པོ་ལས་གཞན་དུ་བདག་མེད་དེ། ཕུང་པོ་ལས་ཐ་དད་པར་ཡོད་ན་སོ་སོར་བཟུང་དུ་རུང་བར་འགྱུར་བ་ལས་(༢༨༤བ)


K800_Page_581
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ལས་མ་གཏོགས་པར་རྟག་སོགས་ཀྱིས་ཁྱད་པར་དུ་བྱས་པའི་བདག་དེ་འཛིན་པ་མ་གྲུབ་པའི་ཕྱིར་རོ། །བཞི་པ་ལ། བསྟན། བཤད་གཉིས། དང་པོ་ནི། འཇིག་རྟེན་ངར་འཛིན་བློ་ཡི་རྟེན་དུ་ཡང༌། །མི་འདོད་དེ་རིག་མིན་པའང་བདག་ལྟའི་ཕྱིར། །ཕུང་པོ་ལས་ཐ་དད་པའི་བདག་མེད་པར་མ་ཟད་རྟག་སོགས་ཀྱིས་ཁྱད་པར་དུ་བྱས་པའི་བདག་དེ་ནི་འཇིག་རྟེན་པ་དག་གི་ངར་འཛིན་གྱི་བློ་འཇིག་ལྟ་ལྷན་སྐྱེས་ཀྱི་རྟེན་ནམ་ཡུལ་དུ་ཡང་མི་འདོད་དེ། རྟག་སོགས་ཀྱི་བདག་དེ་ལྟ་བུ་རིག་པ་མིན་པའི་བྱིས་པའང་མངོན་ཞེན་གྱི་དབང་གིས་བདག་དང་བདག་གི་བར་བལྟ་བའི་ཕྱིར། གཉིས་པ་ནི། གང་དག་དུད་འགྲོ་བསྐལ་མང་བརྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །དེས་ན་ཕུང་པོ་ལས་གཞན་བདག་འགའ་མེད། །གལ་ཏེ་ད་ལྟ་བདག་རྟག་སོགས་ཀྱི་ཁྱད་པར་དུ་བྱས་པར་མ་ཤེས་ཀྱང་སྔར་གོམས་ཀྱི་དབང་གིས་བདག་དེའི་ཡུལ་ཅན་གྱི་ངར་འཛིན་ཡོད་དོ་སྙམ་ན་མ་ཡིན་ནོ་ཞེས་སྟོན་པ་ནི། ཕུང་པོ་ལས་ཐ་དད་གཞན་གྱུར་གྱི་བདག་འགའ་ཡང་མེད་དེ། སེམས་ཅན་གང་དག་དུད་འགྲོར་བསྐལ་མང་དུ་རྒྱུད་མར་སྐྱེས་ཤིང་ད་དུང་ཡང་རིང་པོར་དེ་ལས་མི་ལྡོག་པར་བརྐྱལ་བར་གྱུར་པ་དེ་དག་གིས་ཀྱང་སྟེ། དམྱལ་སོགས་ཀྱི་སེམས་ཅན་ཐམས་ཅད་ཀྱིས་མུ་སྟེགས་བྱེད་ཀྱི་འདོད་པའི་མ་སྐྱེས་རྟག་པའི་བདག་འདི་དང༌། ཤར་ཙོང་ཁ་པ་ཆེན་པོ་བཞེད་པའི་ལས་འབྲས་ཀྱི་རྟེན་གྱི་བདག་ཐ་སྙད་ཚད་གྲུབ་ཀྱི་བཏགས་ཡོད་དང༌། བཏགས་པ་ཙམ་གྱིས་མ་ཚིམ་པར་བཏགས་དོན་བཙལ་ནས་མ་རྙེད་རྒྱུའི་རྟགས་ཀྱི་དགག་བྱའི་བདག་སོགས་ཞེན་ཡུལ་དུ་མ་མཐོང་ལ། ཕུང་པོ་ལ་ངར་འཛིན་པ་ནི་དེ་དག་ལ་ཡང་འཇུག་པར་མཐོང་སྟེ། དེས་ན་ཤེས་རབ་ཅན་དག་གིས་ངར་འཛིན་གྱི་རྟེན་དུ་བདག་དེ་ལྟ་བུ་འཇོག་སྲིད་པ་མིན་པའི་ཕྱིར། ངར་འཛིན་གྱི་རྟེན་གྱི་བདག་བཏགས་(༢༨༥ན)


K800_Page_582
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གི་ཆོས་ཡིན་པ་དང༌། དེ་ཐ་སྙད་པའི་མངོན་སུམ་ཚད་མའི་ཡུལ་དུ་འཇོག་པ་འདི་ལྟ་བུ་ནི་འཇིག་རྟེན་དང་བསྟན་བཅོས་གང་དུ་ཡང་མ་གྲགས་པའི་རྟོག་བཏགས་སོ། །གཉིས་པ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ་ལ། འདོད་ཚུལ་དང༌། དབྱེ་བ་གཉིས། དང་པོ་ནི། ཕུང་པོ་ལས་གཞན་བདག་གྲུབ་མེད་པའི་ཕྱིར། །བདག་ལྟའི་དམིགས་པ་ཕུང་པོ་ཁོ་ནའོ། །མང་པོས་བཀུར་བ་སོགས་རང་སྡེ་ན་རེ། བདག་ལྟའི་དམིགས་པ་ཕུང་པོ་ཁོ་ན་ཡིན་ཏེ། ཇི་སྐད་བཤད་པའི་རིགས་པས་ཕུང་པོ་ལས་གཞན་པའི་བདག་གྲུབ་པ་མེད་པའི་ཕྱིར། དེས་ན་བདག་ནི་ཕུང་པོ་ཙམ་ཁོ་ནའོ། །ཞེས་ཟེར་རོ། །གཉིས་པ་ནི། ཁ་ཅིག་བདག་ལྟའི་རྟེན་དུ་ཕུང་པོ་ནི། །ལྔ་ཆར་ཡང་འདོད་ཁ་ཅིག་སེམས་གཅིག་འདོད། །དེ་ལ་ཁ་ཅིག་བདག་ལྟའི་རྟེན་དུ་སྟེ་དམིགས་ཡུལ་བདག་ཏུ་ཕུང་པོ་ནི་ལྔ་ཅར་ཡང་འདོད། ཁ་ཅིག་སེམས་གཅིག་པོ་བདག་ཏུ་འདོད་དོ། །གཉིས་པ་ལ། དགག་པ་དངོས་དང༌། བདག་ལྟ་མི་སྤོང་བར་ཐལ་བས་མཇུག་བསྡུ་བ་གཉིས། དང་པོ་ལ། གནོད་བྱེད་བརྗོད། སྒྲུབ་བྱེད་དགག གང་ཟག་བརྟེན་ནས་གདགས་པ་གསུམ།དང་པོ་ལ། རིགས་པས་གནོད། ལུང་གིས་གནོད། རྣལ་འབྱོར་པའི་མཐོང་བས་གནོད་པ་གསུམ། (དང་པོ་ལ། བདག་མང་པོ་སོགས་སུ་ཐལ་བ། ཆད་པ་སོགས་སུ་ཐལ་བ། མཇུག་བསྡུ་བ་གསུམ་གྱི།(2དང་པོ་ནི། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་བར་འགྱུར། །བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །དེ་ལྟར་ན་རྒྱུད་གཅིག་ལ་བདག་དང་གང་ཟག་སོགས་དེ་དག་ཀྱང་མང་པོར་འགྱུར་ཏེ། གལ་ཏེ་ཕུང་པོ་རྣམས་བདག་ཡིན་ན་དེའི་ཕྱིར། ཁྱབ་སྟེ། གཟུགས་ཚོར་སོགས་དེ་དག་ཆེས་མང་བས་སོ། །སེམས་བདག་ཡིན་པར་འདོད་པ་དེ་ཉིད་ཀྱི་ཕྱིར་མིག་སོགས་དྲུག་དང་དེ་དག་གི་སྐད་ཅིག་དུ་མས་བདག་ཀྱང་དེ་སྙེད་དུ་འགྱུར་རོ། །འདོད་དོ་ཞེ་ན། ལུང་ལས། འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་གཅིག་སྐྱེའོ། །ཞེས་པ་དང་འགལ་ལོ། །བདག་ནི་རྫས་སུ་འགྱུར་ཞིང་ཞེས་བདག་རྫས་སུ་ཐལ། (༢༨༥བ)


K800_Page_583
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སོགས་དུས་གསུམ་གྱི་རྫས་སྤུངས་པ་ལ་ཕུང་པོར་བརྗོད་ཅིང་དེ་ཉིད་བདག་ཏུ་ཁས་ལེན་པའི་ཕྱིར། འདོད་དོ་ཞེ་ན། ལུང་ལས། དགེ་སློང་དག་ཕུང་པོ་འདི་དག་ནི་མིང་ཙམ། ཐ་སྙད་ཙམ། བཏགས་པ་ཙམ་སྟེ། འདི་ལྟ་སྟེ། འདས་པའི་དུས་དང་མ་འོངས་པའི་དུས་དང་ནམ་མཁའ་དང་མྱ་ངན་ལས་འདས་པ་དང་གང་ཟག་གོ། །ཞེས་དང༌། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྗོབ་སེམས་ཅན་ཅེས་བྱའོ། །ཞེས་པ་དང་འགལ་ལོ། །ཡང་བདག་ལྟ་འཛིན་སྟངས་ཕྱིན་ཅི་ལོག་ཏུ་མི་འགྱུར་བར་ཐལ། བདག་དེར་བལྟ་བའི་ཡུལ་རྫས་ཡོད་ལ་འཇུག་པའི་ཡུལ་ཅན་ཡིན་པའི་ཕྱིར། སྔོ་སེར་ལ་སོགས་པའི་ཤེས་པ་ལྟར་རོ། །འདོད་ན། བདེན་པ་མཐོང་བ་ན་འཇིག་ལྟ་ཀུན་འབྱུང་ཐོབ་པའི་ཐག་པ་བཅད་པའི་ཚུལ་གྱིས་མཐོང་སྤང་སྤོང་བར་མ་བྱས་པར་ཐལ། སྔོ་སེར་སོགས་ལ་དམིགས་པའི་ཤེས་པ་ལྟར་བདག་དེ་ལ་དམིགས་པའི་འདོད་ཆགས་སྤངས་པ་ཁོ་ནས་སྤོང་བར་འགྱུར་བའི་ཕྱིར། འདོད་ན། དེ་ལྟར་ན་བདེན་པ་མཐོང་བ་དོན་མེད་པར་ཡང་འགྱུར་ཏེ། ཁམས་གོང་མས་སྒོམ་སྤང་གི་ཉོན་མོངས་སྤངས་ཀྱང་བདག་ལྟ་མ་སྤངས་པ་བཞིན་འདིར་ཡང་འགྱུར་བའི་ཕྱིར། དེ་ལྟར་ན་བདེན་པ་མཐོང་བ་ཡང་ཚིག་གིས་སྟོངས་པར་འགྱུར་རོ། །ཡང་ན། ལྷ་ཡང་སྒོམ་སྤང་དུ་ཐལ། ཁྱོད་སྤོང་བྱེད་མཐོང་ལམ་མི་དགོས་པར་སྒོམ་ལམ་གྱིས་ཀྱང་ཆོག་པའི་ཕྱིར། གཉིས་པ་ལ། དངོས་དང༌། ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ་ནི། མྱ་ངན་འདས་ཚེ་ངེས་པར་བདག་ཆད་འགྱུར། །མྱ་ངན་འདས་སྔོན་སྐད་ཅིག་དག་ལ་ནི། །སྐྱེ་འཇིག་བྱེད་པོ་མེད་པས་དེ་འབྲས་མེད། །གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་འགྱུར། །ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདས་ཚེ་ངེས་པར་བདག་ཆད་(༢༨༦ན)


K800_Page_584
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཏེ། བདག་ཕུང་པོའི་རང་བཞིན་ཡིན་ན་དེའི་ཚེ་ཕུང་པོ་ལྔ་ནི་རྒྱུན་ཆད་པའི་ཕྱིར། འདོད་ན། མཐར་ལྟ་འཛིན་པར་འགྱུར་ཏེ། འཇིག་ལྟས་བདག་ཏུ་བཟུང་བ་དེ་ཉིད་ལ་རྟག་ཆད་ཀྱི་མཐར་འཛིན་པའི་ཕྱིར། དེ་ལྟར་ལྟ་བས་བདག་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་སྨྲ་བ་དང་ཡང་འགལ་བ་ཉིད་དོ། །མྱ་ངན་ལས་འདས་པར་ཞུགས་པའི་སྔོན་རོལ་གྱི་སྐད་ཅིག་དག་ལ་ནི་ཕུང་པོ་རྣམས་སྐད་ཅིག་རེ་རེ་ལ་སྐྱེ་འཇིག་བྱེད་པ་བཞིན་བདག་ཀྱང་སྐྱེ་འཇིག་ཅན་དུ་འགྱུར་ཏེ། བདག་ཕུང་པོའི་རང་བཞིན་ཡིན་པའི་ཕྱིར། ཡང་སྟོན་པས། དེའི་ཚེ་དེའི་དུས་ན་ང་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར། ཅེས་གསུང་བར་མི་འགྱུར་ཏེ། དེའི་ཚེ་བདག་ཀྱང་ལུས་ལྟར་ཞིག་ནས་ལུས་གཞན་སྐྱེ་བར་ཁས་བླངས་པའི་ཕྱིར། བསྟན་བཅོས་ལས་ཀྱང༌། ཉེ་བར་ལེན་པ་བདག་མ་ཡིན། །དེ་དག་འབྱུང་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་སོ། །མ་འོངས་པའི་སྐྱེ་བའི་དུས་ན་སྔོན་གྱི་ལས་བྱེད་པོའི་བདག་ཞིག་ནས་ཕྱིས་རྟེན་བདག་མེད་པས་བརྟེན་པ་ལས་དང༌། དེའི་འབྲས་བུ་ཡང་མེད་པར་འགྱུར་ཏེ། ཕུང་པོ་ལྟར་བདག་ཀྱང་སྐྱེས་ནས་འཇིག་ཅིང་འགག་པའི་ཕྱིར། ཐལ་བ་འདི་ནི་སྒྲུབ་བྱེད་འཕེན་པ་མ་ཡིན་ཏེ། ལས་དང་འབྲས་བུ་འཇོག་ན་རང་ལུགས་ལ་དེའི་རྟེན་གྱི་བདག་ཡོད་པར་སྒྲུབ་པ་མ་ཡིན་པའི་ཕྱིར་ཏེ། གཞན་གྱི་གྲགས་པ་ལྟར་ཐ་སྙད་དུ་བདག་ལྟ་དྲུངས་ཕྱུང་ན་འཁོར་བར་མི་སྐྱེ་བ་བཞིན་རྟེན་བདག་ཆད་ན་བརྟེན་པ་ལས་འབྲས་ཀྱང་ཡན་གར་གནས་མི་ནུས་སོ་ཞེས་འཕེན་པའོ། །ཤར་ཙོང་ཁ་པ་ཆེན་པོས་(༢༨༦བ)


K800_Page_585
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་ཞིག་པ་དངོས་པོ་ཡིན་པར་བཞེད་པ་དེ་ལྟར་ན། བདག་ཆད་པ་བདག་ཡིན་པར་ཐལ་འགྱུར་བའི་ཐུན་མོང་མིན་པའི་ཁྱད་ཆོས་ཀྱི་གྲུབ་མཐར་འཇོག་པར་འོས་ཏེ། དེ་གཉིས་རིགས་པའི་གནད་གཅིག་ཏུ་འབབ་ཅིང་སྔོན་མེད་ཀྱི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ལུང་དུའང་འགྱུར་རོ། །ཡང་གཞན་གྱིས་བསགས་པའི་ལས་འབྲས་ལ་གཞན་གྱིས་ཟ་བར་འགྱུར་ཏེ། སྐད་ཅིག་སྔ་མར་ལས་བྱས་པའི་འབྲས་བུ་སྐད་ཅིག་ཕྱི་མར་ལོངས་སྤྱོད་ན། བདག་སྔ་ཕྱི་ཐ་དད་པས་གཞན་གྱིས་བསགས་པ་གཞན་གྱིས་ལོངས་སྤྱོད་པའི་ཕྱིར། འདོད་ན། བྱས་པ་ཆུད་ཟོས་པ་དང་མ་བྱས་པའི་འབྲས་བུ་དང་ཕྲད་པར་འགྱུར་རོ། །ངག་དོན་རྒྱུ་འབྲས་གཞན་དུ་འདོད་པ་ལ་སྐྱོན་འདིར་འགྱུར་གྱི་དབུ་མ་པ་ལ་ནི་མི་འགྱུར་ཏེ། ལས་འབྲས་དང་གང་ཟག་སྔ་ཕྱི་སོགས་དེ་ཉིད་དང་གཞན་གང་དུའང་མི་སྨྲ་བའི་ཕྱིར། གཉིས་པ་ནི། དེ་ཉིད་དུ་རྒྱུད་ཡོད་ན་སྐྱོན་མེད་ན། །སྔར་རྣམ་དཔྱད་ཚེ་རྒྱུད་ལ་ཉེས་བཤད་ཟིན། །སྐྱོན་དེ་མི་འཇུག་སྟེ། སྐད་ཅིག་སྔ་ཕྱིའི་བདག་གཞན་ཡིན་ཀྱང་རྒྱུད་གཅིག་པའི་ཕྱིར་སྙམ་ན། དེ་ཁོ་ན་ཉིད་དུ་རྒྱུད་ཡོད་པར་གྱུར་ན། དེའི་སྐྱོན་མེད་ན་ཡང་སྔར། བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། །ཞེས་སོགས་སུ་རྒྱུད་ལ་རྣམ་པར་དཔྱད་ཚེ་སྐད་ཅིག་སྔ་ཕྱི་རྣམས་རྒྱུད་གཅིག་ཡིན་པ་ལ་ཉེས་པ་བཤད་ཟིན་ཏོ། །གསུམ་པ་ནི། དེ་ཕྱིར་ཕུང་པོ་དང་སེམས་བདག་མི་རིགས། །རིགས་པས་གནོད་པ་དེའི་ཕྱིར་ཕུང་པོ་རྣམས་དང་སེམས་བདག་ཡིན་པར་མི་རིགས་སོ།།གཉིས་པ་ནི། འཇིག་རྟེན་མཐའ་ལྡན་ལ་སོགས་མེད་ཕྱིར་རོ། །སངས་རྒྱས་པའི་སྡེ་པ་དག་འདོན་པའི་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ནི། འཇིག་རྟེན་མཐའ་དང་ལྡན་མི་ལྡན་སོགས་བཞི་དང༌། འཇིག་རྟེན་རྟག་མི་རྟག་སོགས་བཞི་དང༌། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་མེད་སོགས་(༢༨༧ན)


K800_Page_586
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང༌། ལུས་སྲོག་གཅིག་ཐ་དད་པ་ལ་བརྟེན་པ་གཉིས་དང་བཅུ་བཞི་པོ་འདི་ནི་མཐའ་གཅིག་ཏུ་སྨྲ་མི་ནུས་པས་བཅོམ་ལྡན་འདས་ཀྱིས་ལུང་མ་བསྟན་པར་རྣམ་པར་བཞག་གོ། །དེ་ལ་གལ་ཏེ་འཇིག་རྟེན་ནམ་བདག་གི་སྒྲ་ཕུང་པོ་ལ་འཇོག་ཅིང༌། དེ་དག་བདག་དང་སེམས་ཅན་དང་འཇིག་རྟེན་ཡིན་ན། ཕུང་པོ་རྣམས་སྐྱེ་བ་དང་འཇིག་པ་ཉིད་ཀྱིས་འཇིག་རྟེན་མི་རྟག་པར་ལུང་སྟོན་པར་ཡང་འགྱུར་ལ། མྱང་འདས་ཀྱི་འོག་ཏུ་ཕུང་པོ་རྣམས་རྒྱུན་ཆད་པས་འཇིག་རྟེན་མཐའ་ལྡན་དུའང་ལུང་བསྟན་པ་དང༌། དེ་བཞིན་གཤེགས་པ་གྲོངས་ཕན་མི་འབྱུང་བར་ལུང་བསྟན་རིགས་པར་འགྱུར་བ་ལས་དེ་ལྟར་མིན་པར་འཇིག་རྟེན་མཐའ་ལྡན་ལ་སོགས་པ་མེད་པ་སྟེ་མ་ཡིན་པར་ཡང་ཁྱེད་འདོད་པའི་ཕྱིར་ཕུང་པོ་རྣམས་དང་སེམས་བདག་ཏུ་སྨྲ་བར་མི་རིགས་སོ། །གསུམ་པ་ལ། བདག་མེད་མཐོང་བ་ལ་ཕུང་པོ་མི་སྣང་བར་འགྱུར་བ་དང༌། བདག་མེད་མཐོང་ཡང་ཉོན་མོངས་མི་སྤོང་བར་ཐལ་བ་གཉིས། དང་པོ་ལ། དངོས་དང༌། ཀླན་ཀ་སྤང་བ་གཉིས། དང་པོ་ནི། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ལ། །དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར། །ཁྱོད་ཀྱི་ལྟར་ན་རྣལ་འབྱོར་པས་བདེན་པ་མཐོང་བའི་དུས་སུ་ཆོས་ཐམས་ཅད་བདག་མེད་པའོ་ཞེས་སྡུག་བསྔལ་གྱི་བདེན་པ་བདག་མེད་པའི་རྣམ་པར་མཐོང་བ་ལ་དེ་ཚེ་ངེས་པར་གཟུགས་སོགས་ཀྱི་དངོས་པོ་རྣམས་མེད་པ་སྟེ་ཆད་པར་འགྱུར་ཏེ། ཕུང་ལྔ་བདག་ཡིན་པ་དང་བདག་མེད་པར་ཡང་རྟོགས་པའི་ཕྱིར་རོ། །གཉིས་པ་ནི། རྟག་བདག་སྤངས་ན་དེ་ཚེ་དེ་ཡི་ཕྱིར། །ཁྱོད་ཀྱི་སེམས་སམ་ཕུང་པོ་བདག་མི་འགྱུར། །ཅི་སྟེ་ལས་འབྲས་ཀྱི་འབྲེལ་པ་སྟོན་པའི་དུས་སུ་བདག་གི་སྒྲ་ཕུང་པོ་རྣམས་ཁོ་ན་ལ་འཇུག་ལ། བདག་མེད་མཐོང་ཚེ་གཞན་གྱིས་བཏགས་པའི་ནང་གི་བྱེད་པོའི་སྐྱེས་བུ་ཉིད་ལ་འཇུག་པས། བདག་མེད་མཐོང་བ་ན་(༢༨༧བ)


K800_Page_587
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་བྱེད་པོའི་སྐྱེས་བུ་དང་བྲལ་བའི་འདུ་བྱེད་པ་ཅན་གྱི་ཕུང་པོ་ལྔ་པོ་ཙམ་མཐོང་བས་གཟུགས་སོགས་དངོས་མེད་དུ་ག་ལ་འགྱུར་ཞེ་ན། བདག་གི་སྒྲས་བདག་རྟག་པ་ཉིད་བཟུང་ནས་བདག་མེད་མཐོང་བས་བདག་སྤོང་བར་འདོད་ན་དེའི་ཁས་ལེན་དེ་ཉིད་ཀྱི་ཕྱིར་ཁྱོད་ཀྱི་སེམས་སམ་ཕུང་པོ་རྣམས་བདག་ཡིན་པར་མི་འགྱུར་རོ། །གཞན་ཡང་བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས་མེད་པར་གཟིགས་པའི་བདག་དེ་རྟག་པའི་བདག་ཡིན་ན་ཕུང་པོ་དང་སེམས་བདག་ཏུ་མི་རིགས་ཏེ། ཡེ་ཤེས་ཀྱི་ཡུལ་ཡིན་ཅིང་མ་བཀག་པའི་ཕྱིར། བདག་མེད་རྟོགས་ཚེ་ཕུང་པོ་བདག་མིན་ན་དེ་མ་རྟོགས་པའི་དུས་ནའང་ཕུང་པོ་བདག་ཡིན་པ་ག་ལ་རུང༌། གཉིས་པ་ནི། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང༌། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །ཁྱོད་ཀྱི་ལུགས་ཀྱི་རྣལ་འབྱོར་པ་བདག་མེད་མཐོང་བ་ཡིས་གཟུགས་སོགས་ཕུང་པོའི་དེ་ཉིད་རྟོགས་པར་མི་འགྱུར་ཏེ། ཕུང་པོ་ལས་གཞན་པའི་བདག་མེད་པར་རྟོགས་པའི་ཕྱིར། རྣལ་འབྱོར་པ་དེ་ལ་འདོད་ཆགས་སོགས་ཉོན་མོངས་པ་རྣམས་ཀྱང་སྐྱེ་བར་འགྱུར་ཏེ། ཕུང་པོ་དེ་ཡི་རང་གི་ངོ་བོ་གང་ཟག་གི་བདག་མེད་པར་རྟོགས་པ་མེད་པའི་ཕྱིར། ཆགས་སོགས་དང་བདག་ལྟ་སོགས་ནི་གཟུགས་སོགས་ཡུལ་ལ་དམིགས་ནས་འཇུག་པའི་ཕྱིར། དཔེར་ན། ཟེའུ་འབྲུ་ལ་ཁུ་བྱུག་དང་སྦྲང་རྩི་ཡོད་ཙམ་གྱིས་མངར་པོ་མི་རྟོགས་ཀྱང་ཁུ་བྱུག་གིས་སྦྲང་རྩི་མྱོང་ན་མངར་བ་རྟོགས་ཤིང་དེ་ལ་སྲེད་པའང་མི་ལྡོག་པ་བཞིན། བཏགས་པའི་བདག་མེད་པར་མཐོང་ཙམ་གྱིས་བདག་མེད་མི་རྟོགས་ཤིང་ཕུང་སོགས་ལ་བདག་ཏུ་ཕྱིན་ཅི་ལོག་ཏུ་བལྟ་ཞིང་ཆགས་སོགས་ཀྱང་ལྡོག་པར་མི་འགྱུར་རོ། །གཉིས་པ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་དག་དགག་པ་(༢༨༨ན)


K800_Page_588
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ་ནི། གང་ཕྱིར་སྟོན་པས་ཕུང་པོ་བདག་གོ་ཞེས། །གསུངས་པ་དེ་ཕྱིར་ཕུང་པོ་བདག་འདོད་ན། །ཁོ་བོ་ཅག་ལུང་ཚད་མར་བྱེད་པས་རྟོག་གེའི་ཚད་མས་གནོད་པ་མིན་པ་གང་གི་ཕྱིར་སྟོན་པས་དགེ་སློང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་བལྟའོ་ཞེས་ཕུང་པོ་རྣམས་ཁོ་ན་བདག་གོ་ཞེས་གསུངས་པ་དེའི་ཕྱིར་ཕུང་པོ་བདག་ཏུ་འདོད་ཅེ་ན། གཉིས་པ་ལ། ལུང་གི་དགོངས་པ་ཕུང་པོ་བདག་མ་ཡིན། ཕུང་པོ་བདག་ཡིན་ཀྱང་ཚོགས་པ་བདག་ཏུ་མི་རུང༌། ལེན་པ་པོ་ཉེར་ལེན་དུ་མི་རིགས་པ་དང་གསུམ། དང་པོ་ལ། བསྟན། བཤད་གཉིས། དང་པོ་ནི། དེ་ནི་ཕུང་ལས་གཞན་བདག་འགོག་པ་སྟེ། །གཟུགས་བདག་མིན་སོགས་མདོ་གཞན་གསུངས་ཕྱིར་རོ། །མདོ་འདིས་ནི་ཕུང་པོ་བདག་ཡིན་པར་མ་བསྟན་ཏེ། དེ་ལྟར་བསྟན་པ་དེ་ནི་ཕུང་པོ་ལས་ཐ་དད་པའི་གཞན་ཕྱི་ནང་གི་སྡེ་པས་བཏགས་པའི་བདག་དགག་པ་སྟེ། ཕུང་པོ་ཁོ་ན་ལ་བདག་ཏུ་ལྟའོ་ཞེས་པས་ཕུང་པོ་ལས་གཞན་དུ་དེ་དག་གིས་བདག་མ་མཐོང་ངོ་ཞེས་བསྟན་པའི་ཕྱིར། ཀུན་རྫོབ་བདེན་པ་ལ་བལྟོས་ནས་བཏགས་པའི་བདག་དགག་ཅིང༌། མ་དཔྱད་ཀུན་རྫོབ་བདེན་པ་ཕྱིན་ཅི་མ་ལོག་པར་ཡང་བདག་ལྟའི་དམིགས་པ་ནི་ཕུང་པོ་ཡིན་ཅིང༌། དེས་ན་བཅོམ་ལྡན་འདས་ཀྱིས་ཀྱང་བདག་ལྟ་ལ་འཇིག་ཚོགས་ལ་ལྟ་བ་ཞེས་གསུངས་སོ། །འདི་ཕུང་པོ་ལས་གཞན་པའི་བདག་འགོག་པར་འདིས་ཤེས་ཏེ། མདོ་གཞན་ལས་གཟུགས་བདག་མ་ཡིན་ཅེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། གང་ཕྱིར་གཟུགས་ཚོར་བདག་མིན་འདུ་ཤེས་ཀྱང༌། །མ་ཡིན་འདུ་བྱེད་རྣམས་མིན་རྣམ་ཤེས་ཀྱང༌། །མིན་པར་མདོ་གཞན་ལས་གསུངས་དེ་ཡི་ཕྱིར། །མདོར་བསྟན་ཕུང་པོ་བདག་ཅེས་བཞེད་མ་ཡིན། །སྔར་གྱི་མདོ་ལས་བསྟན་པའི་དོན་ཕུང་པོ་ལས་གཞན་པའི་བདག་དགག་པའི་ཆེད་ཡིན་གྱི། ཕུང་པོ་བདག་ཡིན་ཅེས་བཞེད་པ་མ་ཡིན་ཏེ། གང་གི་ཕྱིར་ཉན་ཐོས་ཀྱིས་ཁས་(༢༨༨བ)


K800_Page_589
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པའི་མདོ་གཞན་ལས་གཟུགས་ཚོར་བདག་མ་ཡིན་ཅིང༌། འདུ་ཤེས་ཀྱང་བདག་མ་ཡིན་ལ། འདུ་བྱེད་རྣམས་ཀྱང་བདག་མ་ཡིན། རྣམ་ཤེས་ཀྱང་བདག་མིན་པར་གསུངས་པ་དེའི་ཕྱིར་རོ། །འདིའི་དོན་མདོ་སྔ་མས་ནི་མ་དཔྱད་ཀུན་རྫོབ་ཏུ་ཕུང་པོ་ལ་བརྟེན་ནས་གདགས་པའི་བདག་འཇིག་ལྟའི་འཛིན་སྟངས་ཀྱི་ཡུལ་དུ་བསྟན་ནས་ཕུང་པོ་ལས་ཐ་དད་པའི་བདག་བཀག་པ་ཡིན་ལ། མདོ་ཕྱི་མས་ནི་དཔྱད་དེ་དེ་ཁོ་ནར་སེམས་པ་ན་གཟུགས་སོགས་ཀྱང་བདག་ཡིན་པ་བཀག་ནས་བརྟེན་ནས་གདགས་པའི་བདག་དེ་འཇིག་ལྟའི་ཡུལ་ཕུང་པོས་ཉེར་ལེན་གྱི་རྒྱུ་བྱས་པ་ལས་སྐྱེས་པའང་མིན་པས་ཕུང་པོ་བདག་གི་ཉེ་བར་ལེན་པའི་རྒྱུར་མེད་ན་དེའི་འབྲས་བུའི་བདག་ཉེ་བར་བླང་བྱར་ཡང་མེད་པས་བདག་ནི་གཟུགས་སོགས་ལ་ཆགས་པ་དང་བྲལ་བར་ཡང་འགྱུར་རོ་ཞེས་དགོངས་པའོ། །གཞུང་འདིའི་དོན་ལས་ཕྱིན་ཅི་ལོག་ཏུ་རྟ་ནག་གོ་ཆེན་པས་སྨྲ་བར་བྱེད་དེ། དེའི་འཇུག་འགྲེལ་དུ། དེས་ན་ཁྱོད་ཉིད་ལ་གནད་ཀྱི་གདམས་པ་སྦྱིན་པར་བྱ་སྟེ། རང་སྡེ་མང་པོས་བཀུར་བས་བདག་ཕུང་པོ་ཉིད་དུ་འདོད་པ་དང༌། བརྗོད་དུ་མེད་པའི་བདག་ཏུ་འདོད་པ་གཉིས་ནི་རྫས་ཡོད་དུ་འདོད་པའི་ལུགས་ཡིན་ལ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ནས་རང་རྒྱུད་པའི་བར་གྱི་ཕུང་པོ་བདག་གི་གདགས་གཞི་དང༌། བདག་བཏགས་ཡོད་དུ་འདོད་ཅིང༌། ཐལ་འགྱུར་བས་ཕུང་པོ་བདག་ཏུ་གདགས་པའི་རྒྱུ་ཡིན་གྱི། བདག་གི་གདགས་གཞི་དང༌། མཚན་གཞི་གང་དུའང་མི་འདོད་པའི་ཁྱད་པར་གསུམ་ཡོད་དོ་ཞེས་བྲིས་ནས་ལུགས་དེ་ལྟར་འཇོག་པ་དེ་ཐལ་འགྱུར་བའི་གཞུང་འཆད་པ་ན་དཔལ་ལྡན་ས་སྐྱ་པའི་བསྟན་(༢༨༩ན)


K800_Page_590
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བྱ་བ་བྱས་པ་ཡིན་ནོ་ཞེས་ང་རྒྱལ་བའི་ང་རོ་དང་བཅས་ཏེ་སྨྲ་མོད། ལུགས་གསུམ་ལས་ལུགས་དང་པོ་གནས་མའི་བུ་པས་བདག་ཕུང་གཅིག་ཏུའང་བརྗོད་མི་ནུས་པར་འདོད་པས། བདག་མཐའ་གཅིག་ཏུའང་རྫས་སུ་མི་འདོད་ལ། མང་བཀུར་བས་ནི་དེར་འདོད་མི་འདོད་གྲུབ་མཐའ་ལ་ཅི་ཡིན་ཀྱང་དེ་སྐད་སྨྲས་པས་དེར་སོང་ཞིང༌། ལུགས་གཉིས་པ་འཐད་དུ་ཆུག་ཀྱང༌། ལུགས་གསུམ་པས་དེ་ལྟར་སྨྲའོ་ཞེས་པ་ནི་དཔལ་ལྡན་ས་སྐྱ་པའི་བསྟན་པ་ལ་ཧོར་རྒྱལ་པོའི་ཁྲིམས་ཞིག་པ་ལས་གནོད་ཚབས་ཆེ་སྟེ། མཐའ་བྲལ་དབུ་མའི་དགོངས་དོན་སློབ་དཔོན་ཀླུ་སྒྲུབ་དང་ཟླ་གྲགས་ཀྱི་བཞེད་པ་སྐྱོང་བའི་སྐབས་སུ་ལུགས་དེ་དག་དགག་པར་བྱས་པའི་ཕྱིར་ཏེ། ལུགས་དེར་ནི་གཟུགས་སོགས་ཕུང་པོ་བདག་གི་མཚན་གཞི་སྟེ་ངོ་བོར་འཇོག་པ་དང༌། ཕུང་པོ་དེའི་ཉེར་ལེན་གྱི་རྒྱུ་དང༌། བདག་དེ་ཉེར་ལེན་གྱི་འབྲས་བུར་འཇོག་པར་འདོད་པ་ལ་རིགས་པ་མཐའ་ཡས་པས་དགག་པར་བྱས་པའི་ཕྱིར་མ་གྲུབ་བོ་སྙམ་ན། གཞན་དབུ་མའི་གསུང་རབ་ལ་བལྟ་བའི་དད་བརྩོན་ཤེས་རབ་ཆེར་མི་ལྕོགས་ནའང༌། གང་ཕྱིར་གཟུགས་ཚོར་བདག་མིན་ཅེས་སོགས་ཀྱི་ཤློ་ཀ་དེའི་གཞུང་འགྲེལ་ཚར་གཅིག་ཞིབ་པར་ལྟོས་ལ། འདིའི་ཐད་ཀྱི་འཇུག་འགྲེལ་ལས། ཇི་སྐད་དུ། གང་ལ་གཟུགས་ལ་སོགས་པ་རྣམས་བདག་བཀག་པ་དེ་ལས་ནི་བརྟེན་ནས་གདགས་པའི་བདག་འཇིག་ཚོགས་ལ་བལྟ་བའི་ཡུལ་ཕུང་པོའི་ཉེ་བར་ལེན་པ་ཅན་བཀག་གོ་ཞེས་བྱ་བར་རིགས་པར་བྱ་སྟེ། དེ་ཁོ་ན་སེམས་པའི་སྐབས་སུ་བབ་པའི་ཕྱིར། གང་གི་ཕྱིར་ཉེ་བར་ལེན་པོ་མ་དམིགས་ན་དེའི་ཉེ་བར་ལེན་(༢༨༩བ)


K800_Page_591
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ཡོད་པ་མ་ཡིན་ནོ་ཞེས་གཟུགས་ལ་སོགས་པ་དག་ལ་ཡང་འདོད་ཆགས་དང་བྲལ་བར་འཐད་པ་ཉིད་དོ། །ཞེས་འབྱུང་བ་འདིའི་དོན་འཇུག་པ་རྩ་འགྲེལ་གྱི་ཚིག་དོན་གོ་བ་ཞིག་ལ་ཅིས་ཀྱང་བསླབ་པར་གྱིས་ཤིག་དང༌། ཐལ་འགྱུར་བའི་ཐུན་མོང་མིན་པའི་ལུགས་ལ་བདག་གི་རྒྱུར་ཕུང་པོ་ཡིན་ནོ་ཞེས་སྨྲ་བ་འདི་འདོར་བར་འགྱུར་བ་ཉིད་དུ་རེའོ། །ཁྱེད་ཅག་བདག་གི་རྒྱུར་ཕུང་པོ་ཡིན་པ་ཐལ་འགྱུར་བའི་ལུགས་སུ་འཆད་ན་འཇུག་འགྲེལ་གྱི་ལུང་དེ་ལ་དབུས་གཙང་ཁམས་གསུམ་མངའ་རིས་དང་བཅས་པ་ན་ཡོད་པའི་རྟ་ནག་པ་ཐམས་ཅད་རྟ་ཞོན་བེར་གྱོན་རོལ་ཆ་ཐོགས་ཏེ་འབྲུ་ཞིག་གཉེར་བར་གྱིས་དང་ཨེ་མ་ཧོ། །ཞེས་བརྗོད་དོ། །གཉིས་པ་ལ། ཚོགས་པ་བདག་ཡིན་པ་དགག ཞར་ལ་དབྱིབས་བདག་ཡིན་པ་དགག་པ་གཉིས། དང་པོ་ལ། ཚོགས་པ་རྫས་སུ་མ་གྲུབ། དེའི་ཕྱིར་མགོན་སོགས་སུ་མི་རུང༌། དེའི་ཉེས་སྤོང་གི་ལན་དགག་པ་གསུམ། དང་པོ་ནི། ཕུང་པོ་བདག་ཅེས་བརྗོད་ཚེ་ཕུང་རྣམས་ཀྱི། །ཚོགས་པ་ཡིན་གྱི་ཕུང་པོའི་ངོ་བོ་མིན། །དཔེར་ན་ཤིང་རྣམས་ནི་ནགས་ཚལ་ལོ་ཞེས་བརྗོད་པ་ན་ཤིང་གི་ཚོགས་པ་ནགས་ཚལ་ཡིན་གྱི། ཤིང་གི་ངོ་བོ་ནི་མ་ཡིན་ཏེ། ཡིན་ན་ཤིང་རེ་རེ་ལ་ཡང་ནགས་སུ་འགྱུར་བའི་ཕྱིར། དཔེ་དེ་བཞིན་དུ་ཕུང་པོ་རྣམས་བདག་ཡིན་ནོ་ཞེས་བརྗོད་པའི་ཚེ་ཕུང་པོ་རྣམས་ཀྱི་ཚོགས་པ་བདག་ཏུ་བརྗོད་པ་ཡིན་གྱི། ཕུང་པོའི་ངོ་བོ་བདག་ཡིན་པར་བརྗོད་པ་མ་ཡིན་ཏེ། ཡིན་ན་ཕུང་པོ་རེ་རེ་བ་ཡང་བདག་ཏུ་འགྱུར་བའི་ཕྱིར། གཉིས་པ་ནི། མགོན་མིན་འདུལ་བའམ་དཔང་པོ་ཉིད་ཀྱང་མིན། །དེ་མེད་ཕྱིར་དེ་ཚོགས་པ་མ་ཡིན་ནོ། །ཚོགས་པ་ནི་མགོན་སོགས་སུ་མི་རིགས་ཏེ། རྫས་སུ་མ་གྲུབ་པས་ཅི་ཡང་མ་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་ཏེ། །བདག་ཉིད་བདག་གི་དགྲ་ཡང་ཡིན། །(༢༩༠ན)


K800_Page_592
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་དང་ངན་པ་བྱས་པ་ལ། །བདག་ཉིད་བདག་གི་དཔང་པོ་ཡིན། །ཅེས་བདག་ནི་མགོན་ཉིད་དང་དཔང་པོ་ཉིད་དུ་གསུངས་ལ། བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པ་མཐོ་རིས་ཐོབ་པར་འགྱུར། །ཞེས་བདག་འདུལ་བར་གསུངས་ན་ཚོགས་པ་ཙམ་པོ་རྫས་སུ་མེད་པ་ནི་མགོན་མིན་ཅིང༌། འདུལ་བའམ་དཔང་པོ་ཉིད་ཀྱང་མིན་ཏེ། ཚོགས་པ་དེ་མེད་པའི་ཕྱིར་དེས་ན་ཚོགས་པ་བདག་མ་ཡིན་ནོ། །གསུམ་པ་ལ། དཔེ། དོན་གཉིས། དང་པོ་ནི། དེ་ཚེ་དེ་ཡི་ཡན་ལག་ཚོགས་གནས་རྣམས། །ཤིང་རྟ་ཉིད་འགྱུར་ཤིང་རྟ་དང་བདག་མཚུངས། །ཚོགས་པ་ཚོགས་པ་ཅན་ལས་ཐ་མི་དད་པས་མགོན་སོགས་ཚོགས་པ་ཅན་ལ་འགྲུབ་བོ་སྙམ་ན་མ་ཡིན་ཏེ། ཆོས་སོ་སོ་བ་རྣམས་ལ་གཅིག་དང་བདག་མི་འཐད་པ་སྔར་བཤད་ཟིན་ཏོ། །ཕུང་པོ་བདག་ཏུ་སྨྲ་བ་དག་གི་ཚོགས་པ་ཅན་སོ་སོ་བ་རྣམས་བདག་ཡིན་ན། ཡན་ལག་གི་ཚོགས་ལ་ཤིང་རྟ་ཞེས་བརྗོད་པ་དེའི་ཚེ། གཟེར་བུ་སོགས་ཤིང་རྟ་དེའི་ཡན་ལག་ཚོགས་པར་གནས་པ་སོ་སོ་བ་རྣམས་ཤིང་རྟ་ཉིད་དུ་འགྱུར་ན་དེ་ཡང་མི་རིགས་ཏེ། ཡན་ལག་ཤིང་རྟ་ཡིན་པ་འོག་ནས་འགོག་པའི་ཕྱིར། དེས་ན་ཤིང་རྟ་དང་བདག་མཚུངས་པས་ཕུང་པོའི་ཚོགས་པ་ཅན་གྱི་སོ་སོ་བ་བདག་ཏུ་ག་ལ་འགྱུར། དེས་ན་མདོ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་སོ། །གཉིས་པ་ནི། མདོ་ལས་ཕུང་པོ་བརྟེན་ནས་ཡིན་གསུངས་པ། །དེ་ཕྱིར་ཕུང་པོ་འདུས་ཙམ་བདག་མ་ཡིན། །ཕུང་པོ་འདུས་ཙམ་ནི་བདག་མ་ཡིན་ཏེ། མདོ་ལས་ཕུང་པོ་རྣམས་ལ་བརྟེན་ནས་བདག་དང་ང་དང་སེམས་ཅན་དང་གང་(༢༩༠བ)


K800_Page_593
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་ཡིན་ཅེས་བཏགས་པར་གསུངས་པ་དེའི་ཕྱིར། གཉིས་པ་ནི། དབྱིབས་ཤེ་ན་དེ་གཟུགས་ཅན་ལ་ཡོད་ཕྱིར། །ཁྱོད་ལ་དེ་དག་ཉིད་བདག་ཅེས་འགྱུར་གྱི། །སེམས་སོགས་ཚོགས་ནི་བདག་ཉིད་འགྱུར་མིན་ཏེ། །གང་ཕྱིར་དེ་དག་ལ་དབྱིབས་ཡོད་མ་ཡིན། །ཡང་འཕང་ལོ་སོགས་ཚོགས་ཙམ་ཤིང་རྟ་མིན་གྱི། འཕང་ལོ་སོགས་དབྱིབས་ཀྱི་ཁྱད་པར་དང་ལྡན་པ་ན་ཤིང་རྟའི་མིང་རྙེད་པ་དེ་བཞིན་དུ་གཟུགས་སོགས་ཚོགས་ཙམ་བདག་མིན་ཀྱང༌། གཟུགས་སོགས་བཀོད་པའི་དབྱིབས་ཙམ་བདག་ཡིན་ཅེ་ན། མ་ཡིན་པར་ཐལ། དབྱིབས་དེ་ནི་གཟུགས་ཅན་ལ་ཡོད་པའི་ཕྱིར་དང༌། གཟུགས་ཅན་དེ་དག་ཉིད་ལ་བདག་ཅེས་ཁྱོད་ཀྱིས་འདོད་པར་འགྱུར་ལ། དེ་ལྟར་ན་སེམས་ལ་སོགས་པ་མིང་བཞི་ཚོགས་པའི་ངོ་བོ་ནི་བདག་ཉིད་མིན་པར་འགྱུར་ཏེ། གང་ཕྱིར་དེ་དག་ལ་དབྱིབས་ཡོད་པ་མིན་པའི་ཕྱིར་རོ། །གསུམ་པ་ལ། དངོས་དང༌། བྱེད་པོ་མེད་པའི་ལས་དགག་པ་གཉིས། དང་པོ་ནི། ལེན་པོ་རང་ཉེར་ལེན་གཅིག་རིགས་དངོས་མིན། །དེ་ལྟ་ན་ལས་བྱེད་པོ་གཅིག་ཉིད་འགྱུར། །ཉེ་བར་ལེན་པོ་བདག་རང་དང༌། ཉེ་བར་ལེན་པ་བླང་བྱའི་ཕུང་པོ་རྣམས་ཀྱི་དངོས་པོ་གཅིག་ཏུ་མི་རིགས་ཏེ། རིགས་པ་དེ་ལྟར་ན་ལས་དང་བྱེད་པོ་གཅིག་ཉིད་དུ་འགྱུར་བས་འབྱུང་བ་རྒྱུར་བྱས་ཀྱི་གཟུགས་དང་བུམ་པ་དང་རྫ་མཁན་ཀྱང་གཅིག་པར་འགྱུར་བའི་ཕྱིར། བསྟན་བཅོས་ལས། གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་སོ། །གཉིས་པ་ནི། བྱེད་པོ་མེད་ལས་ཡོད་སྙམ་བློ་ཡིན་ན། །མ་ཡིན་གང་ཕྱིར་བྱེད་པོ་མེད་ལས་མེད། །ཉེ་བར་ལེན་པར་བྱེད་པོ་ནི་འགའ་ཡང་མེད་ལ། ཉེ་བར་བླང་བྱའི་ལས་གཟུགས་སོགས་ཉེར་ལེན་འདུས་ཙམ་ཡོད་སྙམ་བློས་སེམས་པ་ཡིན་ན་དེ་ལྟར་མ་ཡིན་ཏེ། གང་ཕྱིར་བྱེད་པོ་རྒྱུ་མེད་ན་ལས་ཀྱང་མེད་པར་འགྱུར་བའི་ཕྱིར་རོ། །བསྟན་བཅོས་ལས། དེ་ལྟར་ལེན་ལས་གཞན་མ་ཡིན། །དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུའང་དེ་མ་ངེས། །ཞེས་སོ། །དེས་ན་གང་དུ་བྱེད་པ་(༢༩༡ན)


K800_Page_594
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི་མ་དམིགས་ཀྱི། ལས་ཀྱང་ཡོད་ལ་རྣམ་པར་སྨིན་པ་ཡང་ཡོད་དོ་ཞེས་གསུངས་པ་དེ་ནི་བྱེད་པ་པོ་བདེན་པ་བཀག་པར་ཤེས་པར་བྱའོ། ། གཞན་གྲགས་ཙམ་གྱི་ངོར་བརྟེན་ནས་བཏགས་པ་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པའི་བྱེད་པ་པོ་ནི་བཀག་པ་མ་ཡིན་ཏེ། ཇི་སྐད་དུ། མ་རིག་པ་དང་རྗེས་སུ་འབྲེལ་བའི་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །ཞེས་རྒྱ་ཆེར་གསུངས་སོ། །གསུམ་པ་ནི། གང་ཕྱིར་ཐུབ་པས་བདག་དེ་ས་ཆུ་མེ། །རླུང་དང་རྣམ་ཤེས་ནམ་མཁའ་ཞེས་བྱ་བ། །ཁམས་དྲུག་དང་ནི་མིག་སོགས་རེག་པ་ཡི། །རྟེན་དྲུག་དག་ལ་བརྟེན་ལས་ཉེར་བསྟན་ཞིང༌། །སེམས་དང་སེམས་བྱུང་ཆོས་རྣམས་ཉེར་བཟུང་ནས། །དེས་གསུངས་དེ་ཕྱིར་དེ་ནི་དེ་རྣམས་དང༌། །དེ་ཉིད་མ་ཡིན་ཚོགས་ཙམ་ཉིད་མིན་ཏེ། །དེ་ཕྱིར་ངར་འཛིན་བློ་དེ་རྣམས་ལ་མིན། །གང་ཕྱིར་ཐུབ་པས་མདོ་སྡེ་ལས། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་དེ་ནི་ཁམས་དྲུག་དང༌། རེག་པའི་སྐྱེ་མཆེད་དྲུག་དང༌། ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་དོ། །ཞེས་བདག་དེ་ས་ཆུ་མེ་རླུང་དང་རྣམ་ཤེས་ནམ་མཁའ་ཞེས་བྱ་བ་ཁམས་དྲུག་དང་ནི་མིག་སོགས་ནས་ཡིད་ཀྱི་བར་འདུས་ཏེ་རེག་པའི་རྟེན་དྲུག་དག་ལ་བརྟེན་ནས་ཉེ་བར་བསྟན་ཏེ། གཟུགས་སོགས་ཡུལ་དྲུག་ལ་ཡིད་བདེ་བའི་ཉེ་རྒྱུ་དྲུག ཡིད་མི་བདེ་བའི་ཉེ་རྒྱུ་དྲུག་དང༌། བཏང་སྙོམས་ཀྱི་ཉེ་རྒྱུ་དྲུག་སྟེ་བཅོ་བརྒྱད་ལ་བརྟེན་པའི་སེམས་དང་སེམས་བྱུང་གི་ཆོས་རྣམས་ཉེ་བར་བཟུང་ནས་བདག་ཏུ་བཏགས་སོ་ཞེས་ངེས་པར་གསུངས་པ་དེའི་ཕྱིར། བདག་དེ་ནི་ཆོས་དེ་རྣམས་དང་གཞན་མིན་པའི་དེ་ཉིད་མ་ཡིན་ལ། དེ་དག་ཚོགས་ཙམ་ཉིད་ཀྱང་མ་ཡིན་ཏེ། ཆོས་དེ་དག་བདག་ཏུ་མི་རུང་བ་དེའི་ཕྱིར་ཆོས་དེ་རྣམས་ལ་ངར་འཛིན་པའི་བློ་དེ་རིགས་པ་མིན་ནོ། །དེས་ན་ཕུང་པོ་དང་དེ་ལས་གཞན་དུ་ངར་འཛིན་གྱི་ཡུལ་མ་དམིགས་པས་རྣལ་འབྱོར་པས་བདག་དང་བདག་གི་ཡོད་པ་མིན་པར་ཤེས་ནས་ཕུང་པོ་ལྔའི་རྒྱུད་བཅད་ནས་ལེན་པ་མེད་པར་མྱང་འདས་སུ་འགྱུར་བས་བདག་མེད་པར་(༢༩༡བ)


K800_Page_595
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་པ་འདི་ཆེས་མཛེས་སོ། །གཉིས་པ་ལ། འབྲེལ་མེད་སྤང་གཉེན་དུ་མི་རིགས་པ་དང༌། དེ་དཔེའི་སྒོ་ནས་བསལ་བ་གཉིས། དང་པོ་ནི། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང༌། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །བདག་ཕུང་གཅིག་ཏུ་འཛིན་ཅིང་ཕྱིས་མཐོང་ལམ་ཐོབ་པ་ན་ཡུལ་ཅན་སྤངས་ཤིང་ཡུལ་མ་སྤངས་པར་འདོད་ལ། ཡུལ་མ་ཡིན་པ་མུ་སྟེགས་པའི་བདག་སྤངས་པར་སྨྲ་བའི་མང་བཀུར་བ་གང་གི་ཕྱོགས་དེ་ལྟར་ན་ཇི་སྲིད་དུ་ཕུང་པོ་རྒྱུན་མ་ཆད་པ་དེ་སྲིད་དུ་ངར་འཛིན་འཇུག་སྟེ། བདག་འཛིན་གྱི་གཞི་བདག་བཟློག་པར་མ་བྱས་པའི་ཕྱིར་ཏེ། ཕུང་པོ་དེ་ཉིད་བདག་ཡིན་པའི་ཕྱིར་ཞེས་བཤད་པ་ནི། རྣལ་འབྱོར་པས་བདག་མེད་རྟོགས་ཚེ་ཕུང་པོ་ལས་དོན་གཞན་པའི་རྟག་པའི་བདག་མེད་ཤེས་པས་ཕུང་པོའི་ཡུལ་ཅན་གྱི་བདག་ཏུ་ལྟ་བའི་ས་བོན་དཔྱིས་ཀྱང་འབྱིན་ཅེས་སྨྲ་བ་ཤིན་ཏུ་མཚར་ཏེ། ཕན་ཚུན་འབྲེལ་བ་མེད་པའི་ཕྱིར་ཏེ། ཁྱོད་ཀྱིས་ཕུང་པོ་ལས་དོན་གཞན་དུ་བཏགས་པའི་རྟག་པའི་བདག་སྤོང་ཞིང་མེད་པར་འཇིག་རྟེན་གང་གིས་རློམ་ཡང་ཕུང་པོ་ལས་དོན་གཞན་རྟག་པའི་བདག་འདི་ནི་འཇིག་རྟེན་པ་རྣམས་ཀྱི་ངར་འཛིན་གྱི་རྟེན་དུའང་མི་འདོད་པས་འཇིག་རྟེན་པས་ངར་འཛིན་གྱི་རྟེན་དུ་གྱུར་པའི་ཕུང་པོ་ལ་བདག་ལྟ་ཟློག་པར་མི་ནུས་པ་དེའི་ཕྱིར་རོ། །འདིའི་དོན་ནི་ཕུང་པོ་ལ་སེམས་ཅན་ཐམས་ཅད་ཀྱི་ངར་འཛིན་ལྷན་སྐྱེས་ཀྱིས་བདག་ཏུ་བལྟ་བ་ལ་གྲུབ་མཐའ་མཁན་གྱིས་ལྷན་སྐྱེས་ཀྱི་བདག་ལྟའི་ཡུལ་དེ་ལ་འདུས་བྱས་མ་བྱས་རྟག་མི་རྟག་སོགས་ཀྱི་སྒྲོ་བཏགས་པའི་བདག་སྨྲ་བ་ན། ངར་འཛིན་ལྷན་སྐྱེས་དང་ཀུན་བཏགས་ཀྱི་ཡུལ་གྱི་བདག་དེ་དངོས་པོར་ཡོད་ན་འདུས་བྱས་མ་བྱས་རྟག་མི་རྟག་གི་དངོས་པོ་གང་དུ་ཡོད་ཅེས་ཀུན་བཏགས་ཀྱི་བདག་བཀག་པ་ན་ལྷན་སྐྱེས་ཀྱི་(༢༩༢ན)


K800_Page_596
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དེ་ཡང་ཁེགས་པར་འགྱུར་བ་མ་ཡིན་ཏེ། ལྷན་སྐྱེས་ཀྱི་བདག་དེའང་དངོས་པོར་ཡོད་ན་རྟག་མི་རྟག་གི་དང༌། བྱས་མ་བྱས་ཀྱི་དངོས་པོར་ཡོད་དགོས་པ་ལས་ཀུན་བཏགས་ཀྱི་བདག་དེ་ལྟར་དཔྱད་པས་མི་འགྲུབ་པ་ན་ལྷན་སྐྱེས་ཀྱི་བདག་ལྟའི་ཡུལ་གྱི་བདག་དེའང་དངོས་པོའི་ངོ་བོར་མི་འགྲུབ་པར་མཚུངས་པའི་ཕྱིར་ཏེ། མྱུག་སོགས་ལ་མཐའ་བཞིའི་སྐྱེ་བ་ཀུན་བརྟགས་ཁེགས་པ་ན་དེ་ལ་ལྷན་སྐྱེས་ཀྱི་སྐྱེ་བ་ཁེགས་པ་བཞིན་ཡིན་ཀྱང༌། འདིར་མང་བཀུར་བ་ཁས་ལེན་འཕྱུགས་ནས་ཕུང་པོ་ལས་གཞན་པའི་བདག་ལྷན་སྐྱེས་ཀྱི་བདག་ཏུ་དོན་གྱིས་ཁས་ལེན་དགོས་བྱུང་བ་ལ། དེ་ལྟར་ན་ཁྱོད་ཀྱི་ལུགས་ལ་སེམས་ཅན་སྤྱི་ལ་གྲགས་པའི་ལྷན་སྐྱེས་ཀྱི་བདག་དང་བདག་ལྟ་བ་སྤང་དུ་ཡོད་པ་མིན་ནོ་ཞེས་སྐྱོན་བརྗོད་པ་ཡིན་ནོ། །དེ་ཡང་མང་བཀུར་བས་གང་ཟག་གི་བདག་རྟག་གཅིག་རང་དབང་ཅན་ཕུང་པོ་ལས་གཞན་དུ་འདོད་པ་དང༌། བདག་དང་སེམས་ཅན་མི་རྟག་པ་ཕུང་པོར་འདོད་པ་གཉིས་ལས་སྔ་མའི་བདག་བཀག་པས་ཕྱི་མའི་བདག་ཁེགས་པར་འདོད་པ་ལ་ཁྲེལ་བདས་པ་ཡིན་ལ། དེས་དངོས་སུ་བདག་སྔ་མ་ཁེགས་པས་ཕྱི་མའི་བདག་ཁེགས་ཞེས་སྨྲས་པ་མེད་ཀྱང༌། ཁྱོད་གྲུབ་མཐའ་ནོར་བས་བདག་ལྟ་ཁེགས་མ་ཁེགས་ཀྱི་འཇོག་མཚམས་ཅི་ལ་བྱེད་ཀྱང་འཇིག་རྟེན་ཀུན་རྫོབ་བདེན་པ་སྤྱི་མཐུན་གྲགས་གྲུབ་སྨྲ་ངོར། ཕུང་པོ་ལ་བདག་དང་བདག་ལྟ་ཁེགས་མ་ཁེགས་ལས་བདག་མེད་རྟོགས་མ་རྟོགས་སུ་འཇོག་གི། ཕུང་པོ་ལས་གཞན་པའི་དངོས་པོ་ལ་བདག་དང་དེ་ལ་ང་དང་ང་ཡི་བ་ཁེགས་མ་ཁེགས་ལས་གང་ཟག་གི་བདག་མེད་རྟོགས་མ་རྟོགས་སུ་མི་འཇོག་པར་རིགས་པས་དེ་ཉིད་(༢༩༢བ)


K800_Page_597
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འཐད་པར་བཞག་པ་ཡིན་ནོ། །གཞུང་འདིའི་དོན་ལ་ཤར་ཙོང་ཁ་པ་ཆེན་པོ་དང་རྟ་ཟི་རྣམས་རྩོད་པར་བྱེད་པའི་སྒྲོས་ཡི་གེར་བཀོད་འདུག་པ་དེ་དག་ནི་གཞུང་དོན་འདིའི་ཕྱོགས་ཙམ་དུའང་མ་ཕྱིན་པར་སྣང་བས་དེ་དག་གི་དགག་སྒྲུབ་ཀྱང་བཏང་སྙོམས་སུ་བྱའོ། །གཉིས་པ་ནི། རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །དཔེར་ན་འགའ་ཞིག་གིས་རང་ཁྱིམ་གྱི་རྩིག་ཕུག་ན་སྦྲུལ་གནས་པ་མཐོང་བཞིན་དུ་འདི་ན་གླང་པོ་ཆེ་མེད་ཅེས་སྦྲུལ་གྱི་འཇིགས་པའི་དོགས་པ་བསལ་ཏེ་སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི་ཀྱེ་མ་གཞན་གྱི་གནམ་པོར་ཏེ་དཔྱོད་ལྡན་དག་གི་བཞད་གད་ཀྱི་གནས་སུ་འགྱུར་བ་ཉིད་དོ་སྟེ། དེ་ལྟར་སྦྲུལ་མེད་དོ་ཞེས་བག་ཕེབས་པར་གནས་པའི་སྐྱེས་བུ་དེ་ལ་སྦྲུལ་གྱིས་ཟིན་ནས་མ་རུང་བར་བྱེད་པ་བཞིན་རྟག་བདག་ལྡོག་ཀྱང་ཕུང་པོའི་ཡུལ་ཅན་གྱི་བདག་ལྟ་མི་ལྡོག་པས་འཁོར་བ་ཉིད་དུ་ལས་ཉོན་གྱིས་འཁོར་བར་འགྱུར་རོ། །འདིར་ཤར་ཙོང་ཁ་པའི་རྟགས་ཀྱི་དགག་བྱ་ལ་འདོན་པ་བསྒྱུར་ཏེ་སྨྲ་ན། བདག་མེད་རྟོགས་ཚེ་བདེན་གྲུབ་བདག་སྤོང་ཞིང༌། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པས། །དེ་ཕྱིར་བདག་མེད་ལྟ་བས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཅེས་སྨྲ་བ་ཤིན་ཏུ་མཚར། །རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིག་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །ཞེས་སྤྱར་རོ། །གསུམ་པ་ནི། ཕུང་པོར་བདག་ཡོད་མ་ཡིན་བདག་ལ་ཡང༌། །ཕུང་པོ་དེ་རྣམས་ཡོད་མིན་གང་ཕྱིར་འདིར། །གཞན་ཉིད་ཡོད་ན་རྟོག་པ་འདིར་འགྱུར་ན། །གཞན་ཉིད་དེ་མེད་དེ་ཕྱིར་འདི་རྟོག་པའོ། །རྟེན་ཕུང་པོར་བདག་བརྟེན་པར་ཡོད་པ་མ་ཡིན་ཅིང༌། རྟེན་བདག་ལ་ཡང་ཕུང་པོ་དེ་རྣམས་བརྟེན་པར་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་འདིར་མཁར་གཞོང་དང་ཞོ་ལྟར་གཞན་ཉིད་ཡོད་ན་རྟེན་བརྟེན་པའི་དངོས་པོར་རྟོག་པ་འདིར་འགྱུར་(༢༩༣ན)


K800_Page_598
[མ་དཔེ་གཟིགས་ན་འདིར་གནོན།]

ན། བདག་དང་ཕུང་པོ་གཞན་ཉིད་དུ་མེད་པས། དེའི་ཕྱིར་དེ་དག་ལ་རྟེན་བརྟེན་པ་འདི་རྟོག་པས་བཏགས་པའོ།།བཞི་པ་ནི། བདག་ནི་གཟུགས་ལྡན་མི་འདོད་གང་ཕྱིར་བདག །ཡོད་མིན་དེ་ཕྱིར་ལྡན་དོན་སྦྱོར་བ་མེད། །གཞན་ན་གནག་ལྡན་གཞན་མིན་གཟུགས་ལྡན་ན། །བདག་ནི་གཟུགས་ལས་དེ་ཉིད་གཞན་ཉིད་མེད། །བདག་ནི་གཟུགས་སོགས་ཕུང་པོ་རྣམས་དང་ལྡན་པར་མི་འདོད་དེ། གང་གི་ཕྱིར་བདག་ཡོད་པ་མིན་ཞིང་དེའི་ཕྱིར། བདག་ཕུང་ལྡན་པའི་དོན་སྦྱོར་བ་མེད་དེ། ལྡན་པའི་དོན་ཡང་གཞན་ཡིན་ན་ལྷས་བྱིན་གནག་དང་ལྡན་ནོ་ཞེས་བྱ་བ་ལྟ་བུའམ། གཞན་མིན་པ་ལྷས་བྱིན་གཟུགས་དང་ལྡན་ཅེས་པ་ལྟར་ན་ཡང་བདག་ནི་གཟུགས་སོགས་ཕུང་པོ་ལས་དེ་ཉིད་དང་གཞན་ཉིད་མེད་པར་སྔར་བཤད་ཟིན་པའི་ཕྱིར། ལྔ་པ་ལ། འཇིག་ལྟའི་དམིགས་རྣམ་ལ་ལོག་པར་འཇུག་ཚུལ་གྱི་གྲངས་བསྟན། དེ་ཡེ་ཤེས་ཀྱི་རྡོ་རྗེས་འཇོམས་ཚུལ་ལུང་དང་སྦྱར་བ་གཉིས། དང་པོ་ནི། གཟུགས་བདག་མ་ཡིན་བདག་ནི་གཟུགས་ལྡན་མིན། །གཟུགས་ལ་བདག་མེད་བདག་ལའང་གཟུགས་ཡོད་མིན། །དེ་ལྟར་རྣམ་བཞིར་ཕུང་ཀུན་ཤེས་བྱ་སྟེ། །དེ་དག་བདག་ཏུ་ལྟ་བ་ཉི་ཤུར་འདོད། །གཟུགས་ནི་བདག་མ་ཡིན་ཏེ། བདག་དང་མཚན་ཉིད་མི་མཐུན་ཅིང་བྱ་བྱེད་གཅིག་ཏུ་ཐལ་བའི་ཕྱིར། སྐྱེས་བུ་ལ་དོ་ཤལ་ལྟར་བདག་ནི་གཟུགས་དང་ལྡན་པ་ཡང་མིན་ཏེ། དེ་དག་དེ་ཉིད་དང་གཞན་དུ་མེད་པའི་ཕྱིར། ནགས་ན་སེང་གེ་ལྟར་རྟེན་གཟུགས་ལ་བདག་བརྟེན་པར་རྗེས་སུ་ཞུགས་ཏེ་གནས་པ་ཡང་མེད་ཅིང༌། རི་གངས་ཅན་ལ་ཤིང་ཚོགས་ལྟར་རྟེན་བདག་ལ་ཡང་གཟུགས་སོགས་དབང་བསྒྱུར་བྱར་ཡོད་པ་མིན་ཏེ། དེ་དག་ལ་གཞན་ཉིད་མེད་པའི་ཕྱིར། ཚུལ་དེ་ལྟར་རྣམ་བཞིའི་སྒོ་ནས་མིང་གཞིའི་ཕུང་པོ་ཀུན་ཀྱང་བདག་མེད་པར་ཤེས་པར་བྱ་སྟེ། ཕུང་ལྔ་བདག་གིས་དབེན་པ་ལ་འཇིག་ལྟས་དེ་ལས་བཟློག་ནས་འཛིན་སྟངས་ཀྱི་རྣམ་པ་བཞི་བཞིས་བཟུང་བ་དེ་དག་ནི་བདག་ཏུ་ལྟ་བའམ་འཇིག་ལྟ་ཉི་ཤུར་འདོད་དོ། །འོ་ན་བསྟན་བཅོས་ལས། ཕུང་མིན་ཕུང་པོ་ལས་གཞན་མིན། །(༢༩༣བ)


K800_Page_599
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཕུང་པོ་ལས་གཞན་པ་བདག་ལྟའི་འཛིན་སྟངས་ཞིག་སྟེ་འཇིག་ལྟ་ཉེར་ལྔར་འགྱུར་རོ་སྙམ་ན། བསྟན་བཅོས་ལས་དེ་ལྟར་འབྱུང་བ་ནི་མུ་སྟེགས་པ་ཁ་ཅིག་བདག་ཕུང་པོ་ལས་གཞན་དུ་ལྟ་བས་དེ་འགོག་ཆེད་དུ་རྣམ་དཔྱད་ལྔ་པ་གསུངས་ཀྱང༌། མདོ་སྡེ་ལས་འཇིག་ལྟས་ཕུང་པོ་མ་བཟུང་བར་བདག་ཏུ་ཞེན་མི་ནུས་པས་ཕུང་པོ་ལྔ་ལ་འཇིག་ལྟས་འཛིན་སྟངས་བཞི་བཞི་འཇུག་པས་ལྔ་པའི་འཇུག་པ་ནི་མེད་དོ། །སྐབས་འདིར་རྟ་ནག་གོ་ཆེན་པས། དབུ་མ་ཐལ་འགྱུར་བས་ནི་ཕུང་པོ་དམིགས་ཡུལ་དུ་སོང་བ་ལ་བརྟེན་ནས་གཞི་མེད་ལ་བདག་ཏུ་ལྟ་བས་འཇིག་ཚོགས་ལ་བརྟེན་ནས་ལྟ་བ་ལ་འཇིག་ལྟ་ཞེས་བར་གྱི་ཚིག་མི་མངོན་པར་བྱས་པར་བཞེད་ཅེས་སྨྲའོ། །དེ་ལྟར་ན་ཐལ་འགྱུར་བས་ལྗོན་པ་སོ་སོ་བ་དུ་མ་ཕྱོགས་གཅིག་ཏུ་འཁྲིགས་པ་ལ་ནགས་ཚལ་དུ་བལྟ་བ་ན་གཞི་མེད་པར་ནགས་ཚལ་དུ་བལྟ་བར་ཁས་ལེན་པར་མཚུངས་ལ། དེ་ལྟར་ནས་ཕྱོགས་དག་པ་བར་ཡང་ནགས་ཚལ་དུ་བློས་འཛིན་པར་ཡང་འགྱུར་ཞིང༌། ཡུལ་ལ་ཡུལ་ཅན་གྱིས་འཛིན་པའམ་ལྟ་བ་ན་གཞི་མེད་པ་ལ་ཡུལ་ཅན་གྱི་ལྟ་བ་དང་འཛིན་པར་འགལ་བས་རང་ཚིག་འགལ་བར་རང་གིས་སྨྲས་པ་གྲུལ་མ་ཐུབ་པར་ཆུད་གསན་པ་འདི་ལྟ་བུ་ལའང་འཁྲུལ་པ་དང་བྲལ་བའི་ལེགས་བཤད་དུ་བཟུང་ནས་མོས་པ་བྱེད་པ་ནི་འཕྲོག་ཏུ་མེད་པའི་ཤེས་རབ་ཅན་དུ་གོར་མ་ཆག་གོ། །སྤྱིར་དབུ་མ་པས་བརྟེན་ནས་བཏགས་པའི་ཀུན་རྫོབ་བདེན་པའི་ཆོས་ལ་མ་དཔྱད་ཐ་སྙད་དུའང་རྒྱུ་མེད་དང་གཞི་མེད་ལ་བལྟོས་པའི་དངོས་པོའང་མི་འཇོག་པས་བདག་ནི་མ་དཔྱད་པའི་བློ་ལྷན་སྐྱེས་ཀྱི་ངོ་ན་བཏགས་པའི་དངོས་པོར་ཡང་ཡོད་ལ། ཁྱེད་ལྟར་ན་དེ་ངོར་བཏགས་ཡོད་ཀྱི་དངོས་པོར་(༢༩༤ན)


K800_Page_600
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་སྟེ། དེ་ངོར་གཞི་མེད་པའམ་རྒྱུ་མེད་པར་དངོས་པོ་བརྟེན་པ་དང་བལྟོས་པར་མི་རུང་བའི་ཕྱིར། དེས་ན་ཁྱེད་ཅག་འཇིག་ལྟའི་ལྟ་ཡུལ་དངོས་གཞི་མེད་ཡིན་ཀྱང༌། འཇིག་ཚོགས་ལ་བརྟེན་ནས་གཞི་མེད་ལ་ལྟ་དགོས་པས་འཇིག་ལྟ་ཞེས་བཏགས་སོ་སྙམ་དུ་ཞེན་པར་སྣང་མོད། འཇིག་ལྟའི་ལྟ་ཡུལ་དངོས་གཞི་མེད་ལ་ལྟ་བ་ན་འཇིག་ཚོགས་ལ་བརྟེན་ནས་ལྟ་བའི་ཚེ་དེའི་དངོས་ཡུལ་གཞི་མེད་ལ་བལྟས་སམ་མ་བལྟས། བལྟས་ན་འཇིག་ཚོགས་དམིགས་ཡུལ་དུ་སོང་བ་ལ་བརྟེན་ནས་བལྟ་མ་དགོས་པར་ཡུལ་གཞི་མེད་རང་ལ་བལྟས་པར་གྲུབ་པས་འཇིག་ལྟ་མིང་བསྒྱུར་ནས་བདག་ལྟ་ལ་གཞི་མེད་ལ་ལྟ་བ་ཞེས་འདོན་རིགས་ལ། མ་བལྟས་ན་འཇིག་ལྟས་འཇིག་ཚོགས་ལ་ལྟ་བ་མ་གཏོགས་དེའི་དངོས་ཡུལ་གཞི་མེད་ལ་མ་བལྟས་པས་འཇིག་ལྟ་ལ་བརྟེན་ནས་གཞི་མེད་ལ་བལྟ་བར་ཡང་མི་ནུས་ཏེ། གཞི་མེད་དེ་ཡུལ་དུ་མ་སོང་ན་དེ་ལ་སུ་ཞིག་གིས་ལྟ་བར་བྱེད་པའི་ཕྱིར་དང༌། དེས་འཇིག་ཚོགས་ཕུང་ལྔ་ཡུལ་ཅན་དུ་བྱས་ནས་གཞི་མེད་ཀྱི་གང་ཟག་ཡུལ་དུ་བྱས་ཤིང༌། དེ་ལྟར་བྱས་པ་ལ་འཇིག་ལྟས་ཀྱང་བལྟས་པར་བྱས་པ་མ་ཡིན་པའི་ཕྱིར། མདོར་ན་ཁྱོད་ཅག་གི་འཁྲུལ་གཏམ་འདི་ནི། འདི་ལྟར་ཐ་སྙད་མ་དཔྱད་པ་ན་བདག་གི་རྫས་ཀྱི་གཞིར་ཕུང་པོ་མ་གྲུབ་ཀྱང་བཏགས་པའི་བདག་གདགས་པའི་གཞིར་ཕུང་པོ་འཛིན་པ་ནི་རྟེན་མཐུན་པར་གནས་ཏེ། བྱ་དང་རི་དྭགས་ཚུན་རང་རྒྱུད་ཀྱི་ཕུང་པོ་ཙམ་ལ་ཐོག་མེད་ནས་གོམས་པས་ང་དང་ང་ཡི་བར་བཟུང་ནས་ང་འགྲོའོ། །ང་བཀྲེས་སོ། །ངའི་ལག་པ་ཞའོ་ཞེས་རྟོག་པར་བྱེད་དོ་ཞེས་པ་མ་གོ་བ་ཁོ་ན་ལས་བྱུང་བར་སྣང་བས། ཁོ་བོའི་ལེགས་བཤད་འདི་གསེར་གྱི་བྱང་བུ་(༢༩༤བ)


K800_Page_601
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཻ་ཌཱུརྱ་ཞུན་མས་བྲིས་ཏེ་མགུལ་དུ་ཐོགས་ལ་ཡང་ཡང་བལྟ་བར་གྱིས་ཤིག གཞན་དུ་ཟླ་བ་གྲགས་པས་ཐ་སྙད་དུ་འཇིག་ལྟ་འཇིག་ལྟར་མི་འགྱུར་བར་བཞེད་པའོ་ཞེས་བསྒྲུབས་པ་ནི་མངོན་མཐོ་ངེས་ལེགས་གང་ལའང་ཉེ་བར་མི་མཁོ་བས་ངལ་བ་འབྲས་བུ་མེད་པའི་ལས་ཤོལ་ཅིག གཉིས་པ་ནི། ལྟ་རི་བདག་མེད་རྟོགས་པའི་རྡོ་རྗེ་ཡིས། །བཅོམ་བདག་གང་དང་ལྷན་ཅིག་འཇིག་འགྱུར་པ། །འཇིག་ཚོགས་ལྟ་རི་ལྷུན་སྟུག་ལ་གནས་པ། །རྩེ་མོ་མཐོ་བར་གྱུར་པ་འདི་དག་གོ། །མདོ་ལས། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཞེས་འཇིག་ལྟའི་རི་ནི་བདག་མེད་རྟོགས་པའི་ཡེ་ཤེས་རྡོ་རྗེ་ཡིས་བཅོམ་པ་ན་དམིགས་ཡུལ་བདག་གང་དང་ལྷན་ཅིག་འཇིག་པར་འགྱུར་བ་ཡུལ་ཅན་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉོན་མོངས་ཀྱི་བྲག་རྡོ་འཁོར་བ་ཐོག་མེད་ནས་འཕེལ་བས་དཔངས་ཁམས་གསུམ་དུ་མཐོ་བ་ལྷུན་སྟུག་ལ་གནས་པ་མ་རིག་པའི་གསེར་གྱི་ས་གཞི་ལས་ཐོན་པ་རྩེ་མོ་མཐོ་བར་གྱུར་པ་ཉི་ཤུ་འདི་དག་གོ། །ཉི་ཤུ་པོ་འདི་དག་ཀུན་བརྟགས་སུ་འདོད་པ་ནི་མཐོང་སྤང་ཡིན་པས་འཁྲུལ་གཞི་བྱས་པ་ཡིན་གྱི། ཀུན་བརྟགས་ནི་མ་ཡིན་ཏེ། ཀུན་བརྟགས་ནི་གྲུབ་མཐའ་སོགས་ལ་བརྟེན་ནས་འཕྲལ་དུ་བརྟགས་པས་སེམས་ཅན་ཐམས་ཅད་ལ་མེད་ཅིང༌། འདི་དག་ནི་སེམས་ཅན་ཐམས་ཅད་ལ་ཐོག་མེད་ནས་གོམས་པས་བྱུང་བའི་ཕུང་པོ་ལ་བདག་དང་བདག་གིར་ལྟ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །གཉིས་པ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ་ནི། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག །ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད། །རྣམ་ཤེས་དྲུག་གི་ཤེས་བྱར་དེ་འདོད་ཅིང༌། །དེ་ནི་ངར་འཛིན་གཞིར་ཡང་འདོད་པ་ཡིན། །གནས་མ་བུ་ན་རེ། གང་ཟག་ནི་ཕུང་པོ་ལས་གཞན་དུ་མི་འཐད་དེ། ཕུང་པོ་ལས་མ་གཏོགས་པར་གང་ཟག་འཇིག་རྟེན་པས་མ་གྲུབ་པའི་ཕྱིར། ཕུང་པོའི་རང་བཞིན་ཀྱང་མ་ཡིན་ཏེ། སྐྱེ་འཇིག་ཏུ་ཐལ་བའི་ཕྱིར། དེས་ན་བདག་ནི་ཕུང་པོ་ལས་དེ་ཉིད་དང་གཞན་(༢༩༥ན)


K800_Page_602
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་བརྗོད་དུ་མེད་དོ། །དེ་ལྟར་རྟག་མི་རྟག་ལ་སོགས་པར་ཡང་བརྗོད་དུ་མེད་དེ། རྟག་ཆད་དུ་འགྱུར་བའི་ཕྱིར། དེ་ལྟའི་གང་ཟག་རྫས་སུ་ཡོད་པར་འདོད་དེ། དེ་ལ་བྱེད་པོ་དང་ཟ་པོ་ཉིད་དུ་བརྗོད་པའི་ཕྱིར་དང༌། འཁོར་འདས་བཅིང་1ཐར་དང་འབྲེལ་པ་ཅན་ཡིན་པའི་ཕྱིར། གང་ཟག་དེ་རང་གི་ངོ་བོས་ཤེས་བྱ་མིན་གྱི། གཟུགས་སོགས་སྐྱེ་མཆེད་དྲུག་བློའི་ཡུལ་དུ་བྱས་པའི་སྒོ་ནས་དེ་ཤེས་པར་བྱེད་པས་རྣམ་ཤེས་དྲུག་གི་ཤེས་བྱར་གང་ཟག་དེ་འདོད་ཅིང༌། དེ་ནི་འཇིག་རྟེན་གྱི་ངར་འཛིན་གྱི་གཞིའམ་ཡུལ་དུ་ཡང་འདོད་པ་ཡིན་ནོ།།གཉིས་པ་ལ། བདག་རྫས་གྲུབ་དགག བཏགས་ཡོད་དུ་བསྟན། དངོས་པོའི་ཆོས་མེད་པས་མ་གྲུབ་པར་བསྟན་པ་གསུམ། དང་པོ་ནི། གང་ཕྱིར་གཟུགས་ལས་སེམས་བརྗོད་མེད་མི་རྟོགས། །དངོས་ཡོད་བརྗོད་མེད་རྟོགས་པ་མ་ཡིན་ཉིད། །གལ་ཏེ་བདག་འགའ་དངོས་པོར་གྲུབ་གྱུར་ན། །སེམས་ལྟར་གྲུབ་དངོས་བརྗོད་དུ་མེད་མི་འགྱུར། །རྫས་སུ་གྲུབ་ན་བརྗོད་དུ་མེད་པར་མི་རིགས་ཏེ། གང་གི་ཕྱིར་གཟུགས་ལས་སེམས་དེ་ཉིད་དང་གཞན་དུ་བརྗོད་མེད་དུ་མི་རྟོགས་པ་ལྟར་གང་དངོས་པོར་ཡོད་པ་ནི། དེ་ཉིད་དང་གཞན་པར་བརྗོད་མེད་དུ་རྟོགས་པ་མ་ཡིན་པ་ཉིད་དེ། རྫས་སུ་གྲུབ་ན་དེ་གཉིས་གང་རུང་ལས་འདའ་བ་མིན་པའི་ཕྱིར། གལ་ཏེ་བདག་འགའ་རྫས་ཀྱི་དངོས་པོར་གྲུབ་པར་འགྱུར་ན་སེམས་དང་གཟུགས་ལྟར་གྲུབ་པའི་དངོས་པོ་ཅན་གྱིས་ཁྱབ་པས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་མི་འགྱུར་རོ། །གཉིས་པ་ནི། གང་ཕྱིར་ཁྱོད་བུམ་དངོས་པོར་མ་གྲུབ་པའི། །ངོ་བོ་གཟུགས་སོགས་ལས་བརྗོད་མེད་འགྱུར་པས། །བདག་གང་ཕུང་པོ་ལས་བརྗོད་མེད་འགྱུར་ཏེ། །རང་གིས་ཡོད་པར་གྲུབ་པར་རྟོགས་མི་བྱ། །དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ན་བཏགས་ཡོད་ཡིན་ཏེ། གང་གི་ཕྱིར་ཁྱོད་བུམ་པ་དངོས་པོར་མ་གྲུབ་པའི་བཏགས་ཡོད་ཙམ་ཡིན་ལ། རྒྱུ་མཚན་དེས་བུམ་པའི་ངོ་བོ་གཟུགས་སོགས་ལས་དེ་ཉིད་དང་གཞན་པར་བརྗོད་དུ་མེད་པར་འགྱུར་བས་དེ་བཞིན་དུ་བདག་གང་ཕུང་པོ་ལས་དེ་ཉིད་དང་གཞན་པར་བརྗོད་མེད་དུ་(༢༩༥བ)


K800_Page_603
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། བདག་རང་གི་ངོ་བོ་ཉིད་ཀྱིས་རྫས་སུ་ཡོད་པར་འགྲུབ་པར་མི་བྱ་བར་བཏགས་ཡོད་དུ་རྟོགས་པའི་ཕྱིར། གསུམ་པ་ནི། ཁྱོད་ཀྱི་རྣམ་ཤེས་རང་བདག་ལས་གཞན་ནི། །མི་འདོད་གཟུགས་སོགས་ལས་གཞན་དངོས་འདོད་ཅིང༌། །དངོས་ལ་རྣམ་པ་དེ་གཉིས་མཐོང་འགྱུར་བ། །དེ་ཕྱིར་བདག་མེད་དངོས་ཆོས་དང་བྲལ་ཕྱིར། །ཁྱོད་ཀྱི་བདག་རྫས་ཡོད་རྣམ་ཤེས་རང་གི་བདག་ཉིད་ལས་གཞན་ནི་མིན་པར་འདོད་ལ། གཟུགས་སོགས་ལས་གཞན་གྱི་དངོས་པོར་འདོད་པ་ལྟར་བདག་ནི་རང་ལས་གཞན་མིན་ཅིང༌། གཞན་ལས་ཐ་དད་པར་འགྱུར་བའང་མ་ཡིན་ནོ། །དེས་ན་བདག་ནི་རྫས་སུ་མེད་དེ། དངོས་པོའི་ཆོས་དང་བྲལ་བའི་ཕྱིར་ཏེ། རྫས་ཡོད་ཀྱི་དངོས་པོ་ལ་དེ་དང་གཞན་རྣམ་པ་དེ་གཉིས་སུ་མཐོང་བར་འགྱུར་བ་དེའི་ཕྱིར་བུམ་སོགས་བཞིན་ནོ། །རྣམ་ཤེས་དྲུག་གི་ཤེས་བྱར་ཡང་མི་འཐད་དེ། མིག་ཤེས་ཀྱིས་གཟུགས་ལ་བརྟེན་ནས་གང་ཟག་དམིགས་པས་མིག་གི་ཤེས་བྱར་འགྱུར་ཞིང༌། གཟུགས་དང་གཟུགས་མིན་པར་བརྗོད་པར་མི་བྱ་བ་ཡིན་ན་འོ་མ་དང་ཆུ་སོགས་ལྟར་བཏགས་ཡོད་དུ་འགྱུར་ཞིང༌། མིག་ཤེས་ཀྱི་ཡུལ་ཡིན་པས་སྒྲ་ལས་གཞན་དུའང་འགྱུར་ལ། དེ་གཞན་ལའང་མཚུངས་ཤིང་དབང་པོ་ལྔའི་སྤྱོད་ཡུལ་ཐ་དད་དུ་གསུངས་པ་དང་ཡང་འགལ་ཏེ། གང་ཟག་དབང་ཤེས་ལྔ་ཅར་གྱི་ཤེས་བྱ་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་མངོན་པར་ཤེས་པར་བྱ་བ་དང༌། ཡོངས་སུ་ཤེས་པར་བྱ་བའི་ཆོས་ཐམས་ཅད་ཁམས་བཅོ་བརྒྱད་དང༌། རེག་པ་དྲུག་དང༌། རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བར་འདུས་པར་གསུངས་པ་དང་འགལ་ལོ། །གང་ཟག་སྐྱེ་མཆེད་བཅུ་གཉིས་གང་ཡང་མིན་ན་མེད་པར་འགྱུར་ཞིང༌། སྐྱེ་མཆེད་ཡིན་ན་བརྗོད་བྱ་མ་ཡིན་པ་དང་འགལ་བར་ཡང་འགྱུར་རོ། །གསུམ་པ་ནི། དེ་ཕྱིར་ངར་འཛིན་རྟེན་ནི་དངོས་པོ་མིན། །ཕུང་ལས་གཞན་མིན་ཕུང་པོའི་ངོ་བོ་མིན། །ཕུང་པོ་རྟེན་མིན་འདི་ནི་དེ་ལྡན་མིན། །དཔྱད་པ་ན་གང་ཟག་རྫས་ཡོད་མི་རིགས་པ་དེའི་ཕྱིར་ངར་འཛིན་གྱི་རྟེན་ནམ་ཡུལ་ནི་གཞིགས་ན་(༢༩༦ན)


K800_Page_604
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་གཞན་དུ་མེད་པའི་དངོས་པོ་རྫས་ཡོད་མིན་ཏེ། དེ་ཕུང་པོ་ལས་གཞན་ཡང་མིན་ལ། ཕུང་པོའི་ངོ་བོ་ཡང་མིན་ཞིང་ཕུང་པོ་རྣམས་རྟེན་ས་ཡང་མིན་ལ། བདག་འདི་ནི་ཕུང་པོ་དེ་ལ་ལྡན་པ་ཡང་མིན་ནོ། །གསུམ་པ་ལ། མདོར་བསྟན། དཔེ་དོན་གྱི་སྒོ་ནས་རྒྱས་པར་བཤད། དེས་རིགས་ཅན་གཞན་ཐམས་ཅད་ཀྱང་བཏགས་པ་ཙམ་དུ་བསྟན་པ་གསུམ། དང་པོ་ནི། འདི་ནི་ཕུང་པོ་རྣམས་བརྟེན་འགྲུབ་པར་འགྱུར། །རིགས་པ་དུ་མས་གང་ཟག་འགོག་ན། ཅི་གང་ཟག་དེ་གཏན་མེད་པ་ཞིག་གམ་ཞེ་ན། ཇི་ལྟར་འདི་ལ་བརྟེན་ནས་འདི་འབྱུང་ཞེས་པ་ཙམ་ཀུན་རྫོབ་བདེན་པའི་རྣམ་གཞག་མ་ཆད་པའི་ཆེད་དུ་བརྗོད་ན་རྒྱུ་མེད་སོགས་ལས་སྐྱེ་བ་མིན་པ་བཞིན་བདག་ལ་དཔྱད་སྐབས་སུའང་ཇི་སྐད་བཤད་པའི་སྐྱོན་བཅས་ཀྱི་གང་ཟག་རྫས་ཡོད་བསལ་ནས་བདག་འདི་ནི་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པ་དེ་ཙམ་གྱིས་འགྲུབ་པར་འགྱུར་ཏེ། ཐ་སྙད་གནས་པར་བྱ་བའི་ཆེད་དུ་བདག་གི་ཐ་སྙད་ནི་དེ་ཙམ་ལ་འཇིག་རྟེན་པ་དག་བྱེད་པར་མཐོང་བའི་ཕྱིར། གཉིས་པ་ལ། མཚོན་བྱེད་ཀྱི་དཔེ་དང༌། དཔེས་མཚོན་པའི་དོན་གཉིས། དང་པོ་ལ། བསྟན། བཤད་གཉིས། དང་པོ་ནི། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང༌། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །ཤིང་རྟ་རང་གི་ཡན་ལག་གཟེར་བུ་སོགས་ལས་གཞན་དུ་འདོད་པ་མ་ཡིན་ཏེ། དེ་དག་ལས་ལོགས་སུ་མ་མཐོང་བའི་ཕྱིར། གཞན་མིན་པའང་མ་ཡིན་ཏེ། དེ་ལྟར་ན་བྱ་བྱེད་གཅིག་ཏུ་འགྱུར་ཞིང༌། ཡན་ལག་རེ་རེ་བ་ལ་ཤིང་རྟ་ཡོད་པར་ཐལ་བའི་ཕྱིར། ཡན་ལག་དེ་དག་དང་ལྡན་པ་ཡང་མིན་ཞིང་སྟེ། དེ་ཉིད་དང་གཞན་དུ་མེད་པས་ལྡན་པའི་དོན་མེད་པའི་ཕྱིར། ཡན་ལག་ལ་ཤིང་རྟ་བརྟེན་པའང་མིན་ལ། ཡན་ལག་དག་ཤིང་རྟ་དེར་བརྟེན་པ་ཡང་མིན་ཏེ། གཞན་(༢༩༦བ)


K800_Page_605
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེད་པའི་ཕྱིར། ཡན་ལག་འདུས་པ་ཙམ་མིན་ཏེ། སྐྱོན་སྔར་བཤད་ཟིན་པའི་ཕྱིར། དབྱིབས་ཀྱང་ཤིང་རྟ་མིན་ཏེ། འཆད་འགྱུར་གྱི་རིགས་པས་གནོད་པའི་ཕྱིར། དེ་ལྟར་རྣམ་པ་བདུན་གྱིས་དཔྱད་ན་ཤིང་རྟ་མི་རྙེད་པ་ཇི་ལྟ་བ་བཞིན་ནོ། །གཉིས་པ་ལ། ཡན་ལག་དགག ཡན་ལག་མེད་པའི་ཡན་ལག་ཅན་དགག་པ་གཉིས། དང་པོ་ལ། ཕྱོགས་ཕྱི་མ་གཉིས་ཐུན་མོང་དུ་དགག དབྱིབས་བྱེ་བྲག་ཏུ་དགག་པ་གཉིས། དང་པོ་ལ། ཚོགས་ཙམ་དགག དབྱིབས་ཐུན་མོང་དུ་དགག་པ་གཉིས། དང་པོ་ནི། གལ་ཏེ་ཚོགས་ཙམ་ཤིང་རྟར་འགྱུར་ན་ནི། །སིལ་བུར་གནས་ལ་ཤིང་རྟ་ཉིད་ཡོད་འགྱུར། །གལ་ཏེ་ཡན་ལག་ཚོགས་ཙམ་ཤིང་རྟ་ཡིན་པར་འགྱུར་ན་ནི་གཟེར་བུ་སོགས་ཡན་ལག་སིལ་བུར་གནས་པ་ལ་ཤིང་རྟ་ཉིད་ཡོད་པར་འགྱུར་ཏེ། ཚོགས་པ་ནི་ཚོགས་པ་ཅན་ལས་གཞན་མ་ཡིན་པའི་ཕྱིར། གཉིས་པ་ནི། གང་ཕྱིར་ཡན་ལག་ཅན་མེད་ཡན་ལག་དག །མེད་པས་དབྱིབས་ཙམ་ཤིང་རྟར་རིགས་པའང་མིན། །གང་ཕྱིར་ཡན་ལག་ཅན་མེད་ན་ཡན་ལག་མེད་པས་ཏེ། དེ་དག་བལྟོས་ནས་བཞག་པའི་ཕྱིར། ཡན་ལག་ཅན་མེད་ན་ཡན་ལག་མེད་པའི་ཕྱིར། ཡན་ལག་ཚོགས་པའི་དབྱིབས་ཙམ་ཤིང་རྟར་རིགས་པའང་མ་ཡིན་ནོ། །འང་གི་སྒྲས་ཚོགས་པ་ཙམ་པོའང་ཤིང་རྟར་མི་རིགས་སོ། །གཉིས་པ་ལ། དབྱིབས་རྫས་སུ་ཡོད་པ་དགག བཏགས་ཡོད་ཡིན་ན་ཀུན་ལའང་མཚུངས། རང་ལ་ཐ་སྙད་དང་འགལ་བ་སྤང་བ་གསུམ། དང་པོ་ལ། ཡན་ལག་དང༌། ཚོགས་པའི་དབྱིབས་དགག་པ་གཉིས། དང་པོ་ལ། སྔར་གྱི་དབྱིབས་ཀྱི་ཁྱད་པར་མ་བཏང་བ་དང༌། བཏང་བའི་དབྱིབས་ཡིན་པ་དགག་པ་གཉིས། དང་པོ་ནི། ཁྱོད་དབྱིབས་ཡན་ལག་རེ་རེ་སྔར་ཡོད་གྱུར། །ཇི་བཞིན་ཤིང་རྟར་གཏོགས་ལའང་དེ་བཞིན་ན། །བྱེ་བ་གྱུར་པ་དེ་དག་ལ་ཇི་ལྟར། །ད་ལྟར་ཡང་ནི་ཤིང་རྟ་ཡོད་མ་ཡིན། །གལ་ཏེ་ཁྱོད་ཤིང་རྟའི་ཡན་ལག་རེ་རེ་བ་འཕང་ལོ་ལ་སོགས་ཀྱི་དབྱིབས་ཤིང་རྟ་མ་བཅས་པའི་སྔར་ཡོད་པར་གྱུར་པ་ཇི་ལྟ་བ་བཞིན་ད་ལྟ་ཤིང་རྟར་རྟོགས་པ་ལའང་དབྱིབས་ཀྱི་ཁྱད་པར་དེ་བཞིན་(༢༩༧ན)


K800_Page_606
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། ཡན་ལག་དེ་དག་སོ་སོར་བྱེ་བར་གྱུར་པ་ལ་ཤིང་རྟ་མེད་པ་ཇི་ལྟ་བར་ད་ལྟ་ཤིང་རྟར་བཅས་པའི་སྐབས་སུ་ཡང་ཤིང་རྟ་ཡོད་པ་མིན་ཏེ། ཤིང་རྟ་བཅས་མ་བཅས་ཀྱི་སྐབས་ཀྱི་འཕང་ལོ་སོགས་ཀྱི་དབྱིབས་ལ་ཁྱད་པར་མེད་པའི་ཕྱིར། གཉིས་པ་ནི། ད་ལྟ་གལ་ཏེ་ཤིང་རྟ་ཉིད་དུས་འདིར། །འཕང་ལོ་སོགས་ལ་དབྱིབས་ཐ་དད་ཡོད་ན། །འདི་གཟུང་འགྱུར་ན་དེ་ཡང་ཡོད་མིན་ཏེ། །དེ་ཕྱིར་དབྱིབས་ཙམ་ཤིང་རྟར་ཡོད་མ་ཡིན། །དབྱིབས་ཙམ་ཤིང་རྟར་ཡོད་པ་མིན་ཏེ། ད་ལྟ་གལ་ཏེ་ཤིང་རྟ་བཅས་ཏེ་ཡོད་པ་ཉིད་ཀྱི་དུས་འདིར་འཕང་ལོ་དང་སྲོག་ཤིང་ལ་སོགས་པ་སོ་སོར་ལྷམ་པ་རིང་བ་སོགས་སྔར་ཤིང་རྟ་མ་བཅས་པའི་སྐབས་ལས་དབྱིབས་ཐ་དད་པ་གཞན་ཞིག་ཤིང་རྟ་ཉིད་ཀྱི་དུས་སུ་ཡོད་ན་ནི་དབྱིབས་འདི་བཟུང་དུ་འགྱུར་ན་དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་དེའི་ཕྱིར་རོ། །གཉིས་པ་ནི། གང་ཕྱིར་ཁྱོད་ཀྱི་ཚོགས་པ་ཅང་མེད་པས། །དབྱིབས་དེ་ཡན་ལག་ཚོགས་ཀྱི་མ་ཡིན་ན། །གང་ཞིག་ཅི་ཡང་མ་ཡིན་དེ་བརྟེན་ནས། །འདིར་ནི་དབྱིབས་སུ་ལྟ་ཞིག་ཇི་ལྟར་འགྱུར། །འཕང་ལོ་སོགས་ཡན་ལག་ཚོགས་པ་རྣམས་ཀྱི་དབྱིབས་ཀྱི་ཁྱད་པར་ཤིང་རྟ་ཡིན་པར་ཞེན་ན་དེ་ཡང་མི་འགྲུབ་བོ་ཞེས་གང་ཞིག་ཅུང་ཟད་ཙམ་གྱི་ཅི་ཡང་ཡོད་པ་མ་ཡིན་པའི་ཚོགས་པ་དེ་ལ་བརྟེན་ནས་འདིར་ནི་དབྱིབས་སུ་གདགས་པར་ལྟ་ཞིག་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། བཏགས་པ་ནི་རྫས་ཀྱི་རྟེན་ཅན་ཁོ་ནར་ཁས་བླངས་པ་ལས་རྫས་སུ་མ་གྲུབ་པའི་ཕྱིར། གྲུབ་བོ་སྙམ་ན་མ་གྲུབ་སྟེ། གང་ཕྱིར་ཁྱོད་ཀྱི་ཚོགས་པ་ཞེས་བྱ་བའི་རྫས་ཅང་གྲུབ་པ་མེད་པས་དབྱིབས་དེ་ཡན་ལག་ཚོགས་ཙམ་གྱི་རྟེན་ཅན་མ་ཡིན་ན་སྟེ། དེའི་ཕྱིར། གཉིས་པ་ལ། དངོས་དང༌། བུམ་སོགས་དང༌། གཟུགས་སོགས་ཀྱི་དབྱིབས་མི་རིགས་པ་གསུམ། དང་པོ་ནི། ཁྱོད་ཀྱི་འདི་ནི་ཇི་ལྟར་འདོད་དེ་ལྟར། །མི་བདེན་པ་ཡི་རྒྱུ་ལ་བརྟེན་བྱས་ནས། །འབྲས་བུའི་རྣམ་པ་མི་བདེན་རང་བཞིན་ཅན། །ཐམས་ཅད་ཀྱང་ནི་སྐྱེ་བར་ཤེས་པར་གྱིས། །ཅི་སྟེ་ཚོགས་ཙམ་གྱི་དབྱིབས་མི་བདེན་དུ་ཟིན་ཀྱང་ཚོགས་པ་ལ་བརྟེན་ནས་མི་བདེན་པའི་དབྱིབས་སུ་འགྱུར་རོ། །ཞེས་འདོད་ན་ཁྱོད་ཀྱིས་འདི་ནི་ཇི་ལྟར་འདོད་པ་དེ་ལྟར་མ་རིག་པ་དང་ས་བོན་སོགས་མི་བདེན་པའི་རྒྱུ་ལ་(༢༩༧བ)


K800_Page_607
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པར་བྱས་ནས་འདུ་བྱེད་དང་མྱུ་གུ་སོགས་འབྲས་བུའི་རྣམ་པ་མི་བདེན་པའི་རང་བཞིན་ཅན་ཐམས་ཅད་ཀྱང་ནི་སྐྱེ་བར་ཤེས་པར་གྱིས་ཤིག རི་དྭགས་ཀྱི་མིག་ཡོར་ལ་བཟའ་འདོད་ཀྱིས་སྲེད་པར་མི་རིགས་ཏེ། འབད་རྩོལ་བརྒྱ་ཕྲག་གིས་ཀྱང་ཤ་ཟ་བར་མི་ནུས་པ་བཞིན། དངོས་པོ་ལ་མངོན་པར་ཞེན་པས་ཅི་བྱ། གཉིས་པ་ནི། འདིས་ནི་གཟུགས་སོགས་དེ་ལྟར་གནས་རྣམས་ལ། །བུམ་བློ་ཞེས་བྱའང་རིགས་པ་མ་ཡིན་ཉིད། །ཤིང་རྟའི་དཔེ་འདི་ནི་གཟུགས་སོགས་རྡུལ་རྫས་བརྒྱད་བཀོད་པ་དེ་ལྟར་གནས་པ་རྣམས་ལ་བུམ་པ་ཞེས་པའི་རྫས་སོགས་ཀྱི་དངོས་པོར་གྲུབ་པའི་བློ་ཞེས་བྱ་བ་འབྱུང་བའང་རིགས་པ་མ་ཡིན་པ་ཉིད་དེ། དེ་དག་ལ་ཤིང་རྟའི་རྣམ་དཔྱད་མཚུངས་པའི་ཕྱིར། གསུམ་པ་ནི། སྐྱེ་བ་མེད་པས་གཟུགས་སོགས་ཀྱང་ཡོད་མིན། །དེ་ཡི་ཕྱིར་ཡང་དེ་དག་དབྱིབས་མི་རིགས། །རྫས་ཀྱི་ཉེར་ལེན་ཅན་དུ་འདོད་པའི་བུམ་སོགས་མི་རིགས་པས་བུམ་སོགས་དེ་དག་གཟུགས་དབྱིབས་ཀྱི་ཁྱད་པར་ཅན་དུ་ཡང་མི་རིགས་ཏེ། གཟུགས་སོགས་ཀྱང་སྐྱེ་བ་མེད་པས་རང་བཞིན་གྱིས་ཡོད་པ་མིན་པར་བཤད་ཟིན་པས་བུམ་སོགས་གདགས་རྒྱུར་ཡང་མི་འཐད་པ་དེའི་ཕྱིར་ཡང་ངོ༌། །གསུམ་པ་ལ། བདེན་གཉིས་སུ་མ་རྙེད་ཀྱང་མ་དཔྱད་པར་བརྟེན་ནས་འདོགས་པ་དང༌། དེའི་ཐ་སྙད་ཐམས་ཅད་ཀྱང་མ་དཔྱད་པར་གྲགས་པས་འདོད། དེས་དེ་ཁོ་ན་ཉིད་ཀྱི་གཏིང་དཔོགས་པར་འགྱུར་བ་དང་གསུམ། དང་པོ་ནི། དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །འོ་ན་དཔྱད་པ་བདུན་གྱིས་བཙལ་ན་ཤིང་རྟ་མེད་པས་འཇིག་རྟེན་ན་ཤིང་རྟའི་ཐ་སྙད་འདོགས་པ་རྒྱུན་ཆད་པར་འགྱུར་ན་ཤིང་རྟ་འོན་ཅིག་ཉོས་ཤིག་སོགས་མཐོང་བས་ཤིང་རྟ་ཡོད་དོ་ཞེ་ན། ཤིང་རྟའི་ཐ་སྙད་འཇིག་རྟེན་ན་ཆད་པ་འདི་ནི་ཁྱོད་ལ་འགྱུར་ཏེ། རྣམ་པ་བདུན་གྱིས་དཔྱད་ན་ཤིང་རྟ་མི་རྙེད་ཅིང༌། ཁྱོད་ཀྱིས་དཔྱད་ནས་ཤིང་རྟ་འཇོག་པ་ལས་གཞན་མི་སྨྲ་བའི་ཕྱིར་(༢༩༨ན)


K800_Page_608
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྟ་འོན་ཅིག་སོགས་ཁྱོད་ལ་ཇི་ལྟར་འགྲུབ། ཁོ་བོ་ལ་ཉེས་པ་མེད་དེ། ཤིང་རྟ་དེ་ནི་དམ་པའི་དོན་དང་ཀུན་རྫོབ་ཏུ་དཔྱད་ན་རིགས་པ་རྣམ་བདུན་གྱིས་འགྲུབ་འགྱུར་མ་ཡིན་མོད་ཀྱི། དེ་ལྟའི་རྣམ་དཔྱད་མེད་པར་འཇིག་རྟེན་གྲགས་པ་ཉིད་ལས་ཤིང་རྟ་འདིར་འཕང་ལོ་སོགས་རང་གི་ཡན་ལག་ལ་བརྟེན་ནས་འདོགས་པ་ཡིན་ནོ། །དེས་ན་རྟེན་འབྱུང་རྐྱེན་འདི་པ་ཙམ་ཁོ་བོས་ཁས་ལེན་པས་མ་དཔྱད་པར་ཐ་སྙད་རྒྱུན་མི་འཆད་ལ། ཁྱོད་ཀྱང་ཐ་སྙད་བརྗོད་ན་དེ་ལྟར་བརྗོད་པར་འོས་སོ། །གཉིས་པ་ལ། དངོས་དང༌། ཡན་ལག་སོགས་མེད་པ་མི་འཐད་པ་གཉིས། དང་པོ་ནི། དེ་ཉིད་ཡན་ལག་ཅན་དེ་ཆ་ཤས་ཅན། །ཤིང་རྟ་དེ་ཉིད་བྱེད་པོ་ཞེས་འགྲོར་བསྙད། །སྐྱེ་བོ་རྣམས་ལ་ལེན་པོ་ཉིད་དུ་འགྲུབ། །ཁོ་བོ་ཅག་གྲགས་པའི་ཆ་ནས་ཤིང་རྟའི་ཐ་སྙད་འདོགས་པ་ཆེས་གསལ་བར་མ་ཟད་རྣམ་དཔྱད་མེད་པར་འདིའི་མིང་ཡང་ཐ་སྙད་ལ་འཇུག་པ་ན་གྲགས་པ་ལྟར་བརྗོད་དགོས་ཏེ། ཤིང་རྟ་དེ་ཉིད་འཕང་ལོ་སོགས་རང་གི་ཡན་ལག་ལ་བལྟོས་ནས་ཡན་ལག་ཅན་ཡང་ཡིན་ལ། ཤིང་རྟ་དེ་འཕང་ལོ་སོགས་ཆ་ཤས་ལ་བལྟོས་ནས་ཆ་ཤས་ཅན་དང༌། ཤིང་རྟ་དེ་ཉིད་གཟེར་བུ་སོགས་བླང་བྱ་ལ་བལྟོས་ནས་བྱེད་པོ་ཉིད་དོ་ཞེས་འགྲོ་བ་འདི་དག་བསྙད་ཅིང༌། རང་གི་ཉེར་ལེན་ལ་བལྟོས་ནས་སྐྱེ་བོ་རྣམས་ལ་གྲགས་པའི་ཡན་ལག་གི་ལེན་པོ་ཉིད་དུ་གྲུབ་བོ། །གཉིས་པ་ནི། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག །རང་སྡེ་ཁ་ཅིག་ཡན་ལག་ཚོགས་པ་ཙམ་ཞིག་ཡོད་ཀྱི། ཡན་ལག་ཅན་རྣམ་པ་ཐམས་ཅད་དུ་མེད་པ་དང༌། ཆ་ཤས་དང་ལས་དང་ཉེ་བར་བླང་བྱ་འབའ་ཞིག་ཡོད་ཀྱི། ཆ་ཅན་དང་བྱེད་པོ་དང་ལེན་པོ་སོགས་མེད་དོ་ཞེས་འཇིག་རྟེན་ཀུན་རྫོབ་གྲགས་པ་ལས་ཕྱིན་ཅི་ལོག་ཏུ་སྨྲ་བ་དེ་དག་གི་ལྟར་ན་གཏན་ཚིགས་དེ་ཉིད་ཀྱིས་ལན་ལག་སོགས་ཀྱང་མེད་པར་(༢༩༨བ)


K800_Page_609
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། ཡན་ལག་དང་ཡན་ལག་ཅན་སོགས་ཕན་ཚུན་བལྟོས་ནས་བཞག་པའི་ཕྱིར། དེས་ན་ཁྱོད་ལ་བཟློག་སྟེ་སྨྲ་ན་ཆད་པའི་ཉེས་པ་ནི་ཁྱོད་རང་གིས་ཁས་བླངས་པས་ཡན་ལག་དང་ཡན་ལག་ཅན་སོགས་འཇིག་རྟེན་ན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག ཁོ་བོ་ཅག་དེ་དག་ཐ་སྙད་དུ་ནི་བལྟོས་ནས་བཞག་པས་གཉིས་ཀའང་ཡོད་ལ། དཔྱད་ན་གཉིས་ཀའང་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར། །ཡོད་ཅེས་རྣལ་འབྱོར་པས་འདིའི་ཡོད་མི་རྙེད། །དེས་དེ་ཉིད་ལའང་བདེ་བླག་འཇུག་འགྱུར་པས། །འདིར་དེའི་གྲུབ་པ་དེ་བཞིན་འདོད་པར་བྱ། །དེས་ན་དངོས་པོ་རྣམས་དཔྱད་ན་ཡོད་པ་མ་ཡིན་ཀྱང་མ་དཔྱད་ན་ཡོད་པས་དཔྱད་པ་ན་དེ་ཉིད་ཀྱི་གཏིང་དཔོག་པར་འགྱུར་བས་ཤིང་རྟ་རང་བཞིན་གྱིས་གྲུབ་པར་ཡོད་ན་དཔྱད་པའི་ཚེ། རྣམ་པ་བདུན་ལས་གང་ཡང་རུང་བ་ཞིག་གི་ངོ་བོར་རྙེད་པར་འགྱུར་ན་རྣམ་པ་བདུན་གྱིས་བཙལ་བ་ན་མེད་པའི་ཤིང་རྟ་གང་དེ་ཇི་ལྟ་བུར་ཡོད་ཅེས་རྣལ་འབྱོར་པས་དཔྱོད་ཚེ་ཤིང་རྟ་འདིའི་ཡོད་པ་མི་རྙེད་དེ། ཤིང་རྟ་ནི་མ་རིག་པའི་ལིང་ཏོག་གིས་ཉམས་པར་བྱས་པ་ཁོ་ནས་བཏགས་པར་ཟད་ཀྱི། རང་གི་ངོ་བོས་སྟོང་པར་རྟོགས་པ་དེས་དེ་ཉིད་ཀྱི་དོན་ལ་ཡང་བདེ་བླག་ཏུ་འཇུག་པར་འགྱུར་བས་སོ། །འང་གི་སྒྲས་ནི་ཀུན་རྫོབ་ལས་ཀྱང་མི་ཉམས་སོ། །མ་དཔྱད་པ་འདིར་ནི་ཀུན་རྫོབ་ཤིང་རྟ་དེའི་གྲུབ་པ་ནི་གྲགས་པའི་གྲུབ་པའི་སྒོ་ནས་དེ་བཞིན་འདོད་པར་བྱ་སྟེ། དེ་ལྟར་འདོད་པ་ལ་སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པའི་ཕྱིར། གཉིས་པ་ལ། དོན་དངོས་དང༌། དེ་དཔེས་གསལ་བར་བྱས་པ་གཉིས། དང་པོ་ནི། ཤིང་རྟ་ཡོད་ཉིད་ཡིན་ན་དེ་ཡི་ཚེ། །ཡན་ལག་ཅན་མེད་དེའི་ཡན་ལག་ཀྱང་མེད། །རྣལ་འབྱོར་པས་ཤིང་རྟ་མ་དམིགས་ལ་རག་མོད། དེའི་ཡན་ལག་ཚོགས་པ་ཙམ་ཞིག་ནི་ཡོད་དོ་ཞེ་ན། ཅི་སྣམ་བུ་ཚིག་ནས་ཐལ་བ་ལ་སྣལ་མ་ཚོལ་བ་ཁྱོད་ནི་བཞད་གད་དུ་བྱ་བ་ཞིག་སྟེ། ཤིང་རྟ་ཉིད་ཡོད་པ་མིན་ན་དེའི་ཚེ་དེའི་ཡན་(༢༩༩ན)


K800_Page_610
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཀྱང་མེད་དེ། དེ་ལ་བལྟོས་པའི་ཡན་ལག་ཅན་མེད་པའི་ཕྱིར། གལ་ཏེ་ཤིང་རྟ་ཞིག་པ་ན་ཡང་འཕང་ལོ་སོགས་དམིགས་པའི་ཕྱིར། ཡན་ལག་ཅན་མེད་ཀྱང་ཡན་ལག་ཡོད་དོ་སྙམ་ན། ཡན་ལག་ཅན་མེད་པར་ཡན་ལག་ཡོད་པར་གྱུར་པ་མིན་ཏེ། སྔར་ཡན་ལག་ཅན་ཤིང་རྟ་མཐོང་བའི་རྟོགས་པ་ཁོ་ནས་འཕང་ལོ་སོགས་སིལ་བུར་མཐོང་བ་ན་འདི་དག་ནི་ཤིང་རྟའི་ཡན་ལག་གོ་ཞེས་རྟོགས་ཀྱི། གཞན་དུ་དེ་དང་འབྲེལ་བ་མི་ཤེས་པ་ལ་དེའི་ཡན་ལག་གོ་ཞེས་རྟོགས་པ་མེད་པའི་ཕྱིར། གཉིས་པ་ནི། ཤིང་རྟ་ཚིག་ན་ཡན་ལག་མེད་དཔེ་བཞིན། །བློ་མེས་ཡན་ལག་ཅན་བསྲེགས་ཡན་ལག་གོ། །དཔེར་ན་ཤིང་རྟ་མེས་ཚིག་ན་དེའི་ཡན་ལག་ཀྱང་ཚིག་ནས་མེད་པའི་དཔེ་བཞིན་རྣམ་དཔྱོད་ཀྱི་གཙུབ་ཤིང་གཙུབས་པ་ལས་བྱུང་བའི་བློ་གྲོས་ཀྱི་མེས་ཡན་ལག་ཅན་ཤིང་རྟ་མ་ལུས་པར་བསྲེགས་པ་ན་ཡན་ལག་ཀྱང་ཚིག་པར་འགྱུར་རོ། །གཉིས་པ་ལ། བདག་བརྟེན་ནས་བཏགས་པར་བསྟན། དེའི་ཕན་ཡོན་ལྟ་བ་ཐམས་ཅད་བཟློག་པར་འགྱུར་བ། བདག་དང་བདག་གི་བ་མེད་པར་རྟོགས་པས་གྲོལ་བ་གསུམ། དང་པོ་ལ། ཐ་སྙད་དུ་ཕུང་སོགས་ལ་བརྟེན་ནས་བཏགས་ཚུལ། ལས་དང་བྱེད་པོའི་ཐ་སྙད་འཆད་ཚུལ་གཉིས། དང་པོ་ནི། དེ་བཞིན་འཇིག་རྟེན་གྲགས་པས་ཕུང་པོ་དང༌། །ཁམས་དང་དེ་བཞིན་སྐྱེ་མཆེད་དྲུག་བརྟེན་ནས། །བདག་ཀྱང་ཉེ་བར་ལེན་པ་ཉིད་དུ་འདོད། །ཇི་ལྟར་འཕང་ལོ་ལ་སོགས་ལ་བརྟེན་ནས་ཤིང་རྟར་འདོགས་ཤིང་འཕང་ལོ་སོགས་ཉེ་བར་ལེན་པ་ཡིན་ལ། ཤིང་རྟ་ཉེ་བར་ལེན་པོ་ཡིན་པ་དེ་བཞིན་དུ་འཇིག་རྟེན་གྲགས་ངོར་ཀུན་རྫོབ་ཐ་སྙད་མི་གཅོད་པར་རྣམ་པར་གཞག་པས་དེའི་ཆེད་དུ་ཕུང་པོ་ལྔ་དང༌། ནང་གི་ཁམས་དྲུག་དང༌། དེ་བཞིན་གཟུགས་སོགས་སྐྱེ་མཆེད་དྲུག་ལ་བརྟེན་ནས་བདག་ཏུ་ཉེ་བར་འདོགས་པའི་ཕྱིར། ཕུང་པོ་སོགས་དེ་དག་བདག་གི་ཉེར་ལེན་ཡིན་ལ། བདག་ཀྱང་(༢༩༩བ)


K800_Page_611
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་ཉེ་བར་ལེན་པ་པོ་ཉིད་དུ་འདོད་དོ། །གཉིས་པ་ནི། ཉེར་ལེན་ལས་ཡིན་འདི་ནི་བྱེད་པོའང་ཡིན། །ཇི་ལྟར་ཉེ་བར་ལེན་པ་དང་ཉེ་བར་ལེན་པོའི་རྣམ་གཞག་ཤིང་རྟ་ལྟར་འཇིག་རྟེན་གྱི་གྲགས་བརྗོད་དུ་བདག་གི་ལས་དང་བྱེད་པོ་ལའང་དེ་ལྟར་བརྗོད་དེ། ཉེར་ལེན་ཕུང་སོགས་ནི་ལས་ཡིན་ཅིང༌། བདག་འདི་ནི་དེ་དག་གི་བྱེད་པོའང་ཡིན་པར་མ་དཔྱད་པར་བཞག་སྟེ། བདག་གིས་བསོད་ནམས་ཡིན་མིན་དང༌། མི་གཡོ་བའི་ལས་བསགས་པས་ཁམས་གསུམ་པའི་ཕུང་པོ་ལེན་པར་ཐ་སྙད་བྱེད་པའི་ཕྱིར། ད་ནི་གང་ཟག་རྫས་ཡོད་དུ་འདོད་པའི་སྡེ་པ་རྣམས་མ་གཏོགས་སེམས་ཅན་དང་གང་ཟག་བཏགས་ཡོད་དུ་འདོད་པའི་གདགས་གཞི་དང༌། དགོས་པ་དང༌། དངོས་ལ་གནོད་བྱེད་བཤད་ན། གདགས་གཞི་ལ། ཐུན་མོང་བའི་ཐེག་པ་ཆེ་ཆུང་གི་གསུང་རབ་སྤྱི་ལས་ཇི་ལྟར་འབྱུང་བ་དང༌། ཐུན་མོང་མིན་པ་གསང་ཆེན་རྡོ་རྗེ་ཐེག་པའི་གསུང་རབ་ལས་ཇི་ལྟར་འབྱུང་བ་གཉིས་ལས། དང་པོ་ནི། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པའི་ལུགས་ལ་ཕུང་པོ་ལྔ་ཅི་རིགས་པའི་རྒྱུན་ལ་འདོགས་ཏེ། དོན་དམ་པའི་ཚིགས་བཅད་ལས། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །མཚན་ཉིད་འཛིན་ལ་ཆོས་ཞེས་བྱ། །འདི་ན་གང་ཡང་འཁོར་བ་མེད། །སུ་ཡང་མྱ་ངན་འདས་པ་མེད། །ཅེས་གསུངས་པ་ལྟར་རོ། །རྣལ་འབྱོར་སྤྱོད་པ་བ་རྣམས་ནི། ཕུང་པོ་ལྔ་ཁ་ཡར་བ་ཡིན་ན་གཟུགས་ལ་སོགས་པ་གང་ཟག་ཏུ་ཐལ་ཅིང༌། ཚོགས་པ་ཡིན་ན་གཟུགས་མེད་ཁམས་དང་སེམས་མེད་པའི་གནས་སྐབས་ལྔ་སོགས་སུ་གང་ཟག་གི་གདགས་གཞི་མེད་པར་ཐལ་བས་ཀུན་གཞིའི་རྣམ་ཤེས་ཀྱི་རྒྱུན་ལ་གདགས་ཏེ། རྒྱུད་གསུམ་རྣམ་པར་ངེས་པར། ཁ་ཡར་བ་དང་ཚོགས་པ་ཞེས། །བརྟགས་ན་ཕུང་པོ་ལྔ་ཡི་(༣༠༠ན)


K800_Page_612
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན། །གང་ཟག་མ་ཡིན་དེ་ཡི་ཕྱིར། །ས་བོན་ཀུན་གཞིའི་རྣམ་ཤེས་ཀྱི། །རྒྱུན་ནི་གང་ཟག་ཡིན་པར་འདོད། །ཅེས་པ་ལྟར་རོ། །དེ་ལའང་ཁ་ཅིག་སངས་རྒྱས་གང་ཟག་མ་ཡིན་པར་ཐལ་བའི་སྐྱོན་ཡོད་ཟེར་བ་ནི་མི་འཐད་དེ། དེ་དག་གི་ལུགས་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀུན་གཞིའི་རྒྱུན་ཡིན་པའི་ཕྱིར། ཡང་སེམས་ཙམ་པ་ཁ་ཅིག་གཞན་དབང་ཀུན་བརྟགས་ཀྱིས་སྟོང་པའི་ཆོས་དབྱིངས་ཡོངས་གྲུབ་ཉིད་ལ་བརྟེན་ནས་དེ་ལ་བདག་ཏུ་གདགས་པའང་ཡོད་དེ། དབུས་མཐའ་ལས། ཆོས་ཀྱི་དབྱིངས་ལ་རྣམ་གསུམ་སྟེ། །མ་དག་མ་དག་དག་པ་དང༌། །རྣམ་པར་དག་པ་ཅི་རིགས་སྦྱར། །འདི་ལས་ཇི་ལྟར་འོས་འོས་སུ། །གང་ཟག་རྣམ་པར་གཞག་པར་འདོད། །ཅེས་དང༌། ཆོས་དང་ཆོས་ཉིད་རྣམ་འབྱེད་ལས། ཉེས་དམིགས་ལ་འཇུག་པ་ནི་གནས་ཡོངས་སུ་གྱུར་པ་མེད་པའི་ཉེས་དམིགས་བཞི་སྟེ། ཉོན་མོངས་པ་མི་འཇུག་པའི་རྟེན་མེད་པའི་ཉེས་པ་དང༌། ལམ་འཇུག་པའི་རྟེན་མེད་པའི་ཉེས་པ་དང༌། མྱ་ངན་ལས་འདས་པའི་གང་ཟག་གདགས་པའི་གཞི་མེད་པའི་ཉེས་པ་དང༌། བྱང་ཆུབ་གསུམ་གྱི་ཁྱད་པར་གདགས་པའི་གཞི་མེད་པའི་ཉེས་པའོ། །གནས་ཡོངས་སུ་གྱུར་པ་ཡོད་ན་དེ་ལས་བཟློག་པ་ཕན་ཡོན་རྣམ་པ་བཞི་ཉིད་ཡིན་པར་རིག་པར་བྱའོ། །ཞེས་གནས་འགྱུར་གྱི་ཟག་མེད་ཀྱི་དབྱིངས་ལ་མྱ་ངན་ལས་འདས་པའི་གང་ཟག་གདགས་པར་གསུངས་པའི་ཕྱིར། ཞེས་ཟེར་རོ། །ཡང་ཆོས་དབྱིངས་སྤྲོས་བྲལ་སྟོང་པ་ཉིད་ལ་བདག་དང་སྒྲུབ་པའི་རྟེན་དུ་བརྗོད་པའང༌། མངོན་པར་རྟོགས་པའི་རྒྱན་ལས། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་(༣༠༠བ)


K800_Page_613
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ཞེས་འབྱུང་ལ། འདིའི་ཆོས་དབྱིངས་ནི་སེམས་ཙམ་པའི་སློབ་དཔོན་དག་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ལ་འཆད་ལ། དབུ་མ་པ་དག་གིས་ནི་རང་བཞིན་རྣམ་དག་གི་སྟོང་ཉིད་འཁོར་འདས་ཐམས་ཅད་ཐ་སྙད་དུ་འབྱུང་དུ་རུང་བའི་རྟེན་འབྲེལ་ལས་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པ་སྤྲོས་བྲལ་ཉིད་ལ་འཆད་དོ། །གཉིས་པ་ཐུན་མོང་མ་ཡིན་པའི་གསང་ཆེན་རྡོ་རྗེ་ཐེག་པར་ནི། བདེ་གཤེགས་སྙིང་པོ་ལྷན་ཅིག་སྐྱེས་པ་དྲི་མེད་ཀྱི་སྐུ་དང་ཡེ་ཤེས་གཞི་ལམ་འབྲས་གསུམ་དུ་རྒྱུན་ཆགས་པར་འབྱུང་བ་དེ་ཉིད་ལ་གདགས་གཞིར་བྱས་ནས་བདག་གི་ཐ་སྙད་གདགས་ཏེ། མ་དཔྱད་གྲགས་ངོར་རྡོ་རྗེ་ཐེག་པའི་ལམ་གྱི་བྱ་བ་ལ་འཇུག་པ་ན་དེ་ལྟར་བཏགས་ཙམ་ལ་འཁོར་འདས་ཐམས་ཅད་ཀྱི་རྒྱུད་དང་རྟེན་དང་སྒྲུབ་པ་པོར་བཞག་པའི་ཕྱིར། བསྐྱེད་རྫོགས་ཀྱི་ང་རྒྱལ་ཀྱང་འདི་ལ་འཇོག་པ་ཡིན་ཏེ། བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་འཇུག་པ་ན་མ་དག་འཁྲུལ་པའི་ཆོས་ཐམས་ཅད་འཇིག་རྟེན་ཐ་སྙད་དུའང་མེད་པས་སྟོང་པར་སྦྱངས་ཏེ། ཐ་སྙད་ཙམ་དུའང་སྟོང་ཉིད་རྟེན་འབྱུང་དུ་འཐད་པ་ལས་གཞན་པའི་འཁྲུལ་པས་རྣམ་པར་དག་པ་དྲི་མ་མེད་པའི་བདེ་གཤེགས་སྙིང་པོ་ཡེ་ཤེས་རྡོ་རྗེ་དེ་ཉིད་ལ་བདག་དང་ངའོ་ཞེས་ང་རྒྱལ་འཇོག་པའི་ཕྱིར། ཇི་སྐད་དུ། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། །ཞེས་དང༌། ང་ལས་གནས་གསུམ་པོ་ཡང་བྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །རྟག་ཏུ་རང་བཞིན་བདེ་བ་ཅན། །ཅེས་དང་(༣༠༡ན)


K800_Page_614
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །ཅེས་དང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་སེམས་ཅན་ཐམས་ཅད་ལ་ཡོད་པའི་བདེ་གཤེགས་སྙིང་པོ་ལ་སངས་རྒྱས་འཕགས་པའི་མིང་སྟེ་གང་ཟག་གི་ཆ་ནས་བཞག་ལ། དོན་འདི་ལ་དགོངས་ནས་དུས་ཀྱི་འཁོར་ལོར་སེམས་ཅན་ཆེན་པོ་ཞེས་པའི་རྣམ་གཞག་ཀྱང་མཛད་ཅིང༌། གང་ཟག་འདི་ལས་བརྩམས་ནས་ཁྱབ་བདག་དང་པོའི་མགོན་པོ་རྡོ་རྗེ་འཆང་ལ་སོགས་རྒྱུ་དུས་ཀྱི་ཧེ་རུ་ཀ་དང༌། རྡོ་རྗེ་སེམས་དཔའ་དང༌། དང་པོའི་སངས་རྒྱས་ལ་སོགས་པའི་དྲི་བཅས་དེ་བཞིན་ཉིད་གཞི་ལམ་གྱི་དུས་ཀྱི་སེམས་ཅན་དང༌། འཕགས་པའི་རྣལ་འབྱོར་པ་ཡང་རྒྱ་ཆེན་ཆོས་ཀྱི་སྤྱན་དང་ལྡན་པ་དག་གིས་ལེགས་པར་འཇོག་མཁྱེན་པ་ལ་ཆོས་མཐུན་གྱི་རྩོད་པས་བརྫི་བ་མེད་པར་གྲུབ་པའི་ཕྱིར། དོན་འདི་མདོའི་ངེས་དོན་སྟོན་པའི་དབུ་མའི་གཞུང་ལུགས་བླ་ན་མེད་པ་རྣམས་སུ་སྦས་དོན་གྱི་ཚུལ་དུ་ཤུགས་ལ་བསྟན་པ་ཡིན་ཏེ། འཕགས་པ་བྱམས་པ་དང་ཀླུ་སྒྲུབ་དག་གི་ཞལ་སྔ་ནས། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་དང༌། ཉོན་མོངས་དྲ་བས་གཡོགས་པ་ན། །སེམས་ཅན་ཞེས་ནི་བརྗོད་པར་བྱ། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་མཐའ་ཡས་པ་ནས་འབྱུང་བའི་དོན་རྒྱས་པར་ཁོ་བོས་བྱས་པའི་དགོངས་གཅིག་ལ་སོགས་པར་བསྟན་པས་དེར་ཤེས་པར་བྱོས་ཤིག འདིར་བོ་དོང་ཕྱོགས་ལས་རྣམ་(༣༠༡བ)


K800_Page_615
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གྱིས། གསང་སྔགས་ནས་བཤད་པའི་བདེར་གཤེགས་སྙིང་པོ་འདི་ལ་དྭངས་མ་མི་ཤིགས་པ་ཁྱད་པར་གསུམ་ལྡན་གྱི་ཐིག་ལེའི་ཐ་སྙད་བྱས་ནས་འདི་ཉིད་མ་དཔྱད་པར་མ་ཟད་དཔྱད་པ་ན་ཡང་བདག་ཡིན་ཅིང༌། ཤིན་ཏུ་རྣམ་པར་དཔྱད་པ་ན་མཐའ་བྲལ་གྱི་སློབ་དཔོན་ཆེན་པོ་ཟླ་གྲགས་ཀྱི་བཞེད་པས་བདག་བདེན་དུའང་མ་གྲུབ་བོ། །ཞེས་སྨྲའོ། །སྙིང་པོ་འདི་ལ་དྭངས་མའི་ཐ་སྙད་སོགས་འགལ་བ་མེད་ཀྱང་དཔྱད་པ་ན་དེ་བདག་ཡིན་པ་དང༌། དེར་ཡོད་པ་ལ་སོགས་པར་བཞག་པ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་བྱེད་ཀྱི་དམ་པའི་ཆོས་ཀྱི་གནད་ཆེན་པོ་བཅོས་པ་ཡིན་ཏེ། དྭངས་མ་བདེར་གཤེགས་སྙིང་པོ་དེ་རང་ལྡོག་ཆོས་ཡིན་ཅིང༌། དེ་འཁོར་འདས་ཀྱི་བྱེད་པོ་གང་ཟག་ཡིན་པར་ཡང་འདོད་ལ། དེ་ནི་དཔྱད་ནས་བདག་བདེན་དུ་འཇོག་པའི་ཕྱིར། དཔྱད་བཟོད་དུ་ཐལ་བས་གང་ཟག་དང་ཆོས་ཀྱི་བདག་ཚིག་གི་ཟོལ་གྱིས་དགག་པ་ལྟར་བྱས་ནས་ཞེ་འདོད་ལ་སྒྲུབ་པར་བྱེད་པའི་ཕྱིར་ཆེས་ཐ་ཆད་དུ་སྨྲས་ལ། ཤིན་ཏུ་དཔྱད་པ་ན་བདག་བདེན་དུ་མ་གྲུབ་པ་ཟླ་གྲགས་ཀྱི་བཞེད་པའི་དབུ་མའི་ལུགས་ལྟར་རོ་ཞེས་པའང་མཚོན་ཆས་གནད་བཅད་ཟིན་པའི་འོག་ཏུ་སྲོག་གསོ་བའི་བདུད་རྩི་བྱིན་པ་ལྟར་དེ་ལ་སུ་ཞིག་ཡིད་རྟོན། ཁོ་བོ་ཅག་རྒྱུ་ལྷན་ཅིག་སྐྱེས་པའི་བདེར་གཤེགས་སྙིང་པོ་ལ་གང་ཟག་ཏུ་མ་དཔྱད་པར་འཇོག་པ་ནའང་བདེན་པ་གཉིས་ཀར་སྙིང་པོ་དེ་གང་ཟག་དང་བདག་ཏུ་མ་གྲུབ་པར་འདོད་ལ། ཁྱོད་ཅག་ནི་སྙིང་པོ་དེ་ཀུན་རྫོབ་ཏུ་བདག་ཏུ་གྲུབ་པར་སྨྲས་པས་བདག་ཏུ་ལྟ་བ་ཅན་ཉིད་དུ་འགྱུར་རོ། །རྡོ་རྗེ་ཐེག་པའི་སྐྱེ་འཕགས་དག་གིས་མ་དཔྱད་འཇིག་རྟེན་ཀུན་རྫོབ་བདེན་པ་ལ་(༣༠༢ན)


K800_Page_616
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ན་སྙིང་པོ་ལ་གང་ཟག་དང་བདག་གི་ཐ་སྙད་སྦྱར་བ་དེ་ཡང་རྡོ་རྗེ་ཐེག་པའི་ཤེས་བྱ་རྒྱུ་ལམ་འབྲས་བུའི་འཇིག་རྟེན་འདུས་བྱས་ཀུན་རྫོབ་ཀྱི་བདེན་པ་ཐུན་མོང་མིན་པ་ཁོང་དུ་མ་ཆུད་པ་དག་གིས་ནི་ཐ་སྙད་དེ་ལྟར་བྱེད་པ་མིན་པས། སྙིང་པོ་ལ་བདག་གི་སྒྲ་བཏགས་པ་འདི་ནི་སྐྱེ་བོ་ཕལ་པ་གྲུབ་མཐས་བློ་མ་བསྒྱུར་བ་དང༌། ཕྱི་རོལ་པ་དང༌། ནང་པ་སངས་རྒྱས་པའི་ཕར་ཕྱིན་ཐེག་པ་ཕྱིན་ཆད་ཀྱི་འཇིག་རྟེན་ལ་གནས་པའི་འཇིག་རྟེན་ཀུན་རྫོབ་བདེན་པ་སྨྲ་བ་དག་གི་སྤྱོད་ཡུལ་མིན་ནོ། །དེའི་ཚེ་བདག་ལྟའི་འཛིན་སྟངས་གཅིག་གི་ཡུལ་དུ་ཕུང་པོ་ལ་བརྟེན་ནས་བདག་ཏུ་ལྟ་བ་དང༌། བདེར་གཤེགས་སྙིང་པོ་ལ་བརྟེན་ནས་བདག་ཏུ་ལྟ་བ་གཉིས་བྱུང་ཡང་ལྟ་པོའི་རྒྱུད་གང་ཟག་གཉིས་སུ་མི་འགྱུར་ཏེ། འཇིག་ལྟའི་ཡུལ་དུ་ཕུང་པོ་ལྔ་ཆར་ལ་བརྟེན་ནས་བདག་ཏུ་བལྟས་ཀྱང་དེ་རྒྱུད་ཀྱི་གང་ཟག་ལྔར་མི་འགྱུར་བ་ལྟར་ཤེས་པར་བྱ་དགོས་པའི་ཕྱིར་རོ། །ཐལ་འགྱུར་བའི་གཞུང་འཆད་པ་འདིར་ཕུང་ཁམས་སྐྱེ་མཆེད་ལ་བརྟེན་ནས་བཏགས་པར་གསུངས་པའི་དོན་ནི་ཐ་སྙད་དུ་ངར་འཛིན་གྱི་ཡུལ་དེ་དག་ལས་གཞན་དུ་མི་འཐད་ཅིང༌། ཀུན་རྫོབ་ཀྱི་བདེན་པ་མ་དཔྱད་པར་བཞག་པའི་ཕྱིར་ཡིན་ཏེ། འཇིག་རྟེན་པའི་བདག་ཏུ་འཛིན་པ་རྣམས་ནི་ཕུང་པོ་ལ་དམིགས་པ་ཡིན་པའི་ཕྱིར། གཞན་ཆོས་ཉིད་ལ་བརྟེན་ནས་བཏགས་པར་བཤད་པ་ནི། གང་ཟག་ལ་སོགས་པའི་ཆོས་ཐམས་ཅད་སྤྲོས་པ་དང་མཚན་མ་ཐམས་ཅད་ཉེ་བར་ཞི་བ་ཡིན་པ་ལ། དེ་ལྟར་མ་རྟོགས་པ་དང་རྟོགས་པའི་དབང་གིས་སངས་རྒྱས་དང་སེམས་ཅན་དུ་བཞག་པའི་ཕྱིར་ཡིན་ནོ། །དགོས་པ་ནི། གང་ཟག་རྫས་སུ་མེད་ཀྱང་ཐ་(༣༠༢བ)


K800_Page_617
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་གདགས་པར་སླ་བའི་ཕྱིར་དང༌། འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་དང༌། མི་སྐྲག་པར་བྱ་བའི་ཕྱིར་དང༌། རང་གཞན་སྐྱོན་ཡོན་དང་ལྡན་པ་བརྗོད་པའི་ཕྱིར་ཡིན་པར་སློབ་དཔོན་རྒྱལ་བའི་སྲས་ཀྱིས་བཤད་ཅིང༌། མདོ་སྡེ་རྒྱན་ལས། ཀུན་ནས་ཉོན་མོངས་རྣམ་བྱང་བའི། །གནས་སྐབས་སྤྱོད་པའི་བྱེ་བྲག་ལས། །འཇུག་དང་རྒྱུན་གྱི་བྱེ་བྲག་ཀྱང༌། །གང་ཟག་གིས་ནི་ཉེ་བར་བསྟན། །ཅེས་གསུངས་སོ། །སྙིང་པོ་ལ་བདག་གི་ང་རྒྱལ་འཇོག་ཅིང་དེའི་སྒྲས་བསྟན་པ་ནི། མ་དཔྱད་པ་ན་སྙིང་པོ་དེ་གསང་ཆེན་རྡོ་རྗེ་ཐེག་པ་པའི་ཐར་པའི་ཆེད་དུ་ལས་སུ་བྱས་པ་ན་གཞི་ལམ་འབྲས་གསུམ་གར་རྒྱུན་མ་ཆད་པར་དེའི་ཆེད་ཀྱི་བྱ་བ་བྱེད་པའི་ཕྱིར་དེ་ལ་བདག་གི་སྒྲ་སྦྱར་བའོ།།དངོས་ལ་གནོད་བྱེད། གདགས་གཞི་དེ་དག་བདེན་པ་གཉིས་ཀར་ཇི་ལྟར་བཏགས་པའི་བདག་མ་ཡིན་ཅིང༌། དེས་ན་རིགས་པས་དཔྱད་ན་གང་ཟག་མི་འགྲུབ་པའི་ཕྱིར་དང༌། ཁྱད་པར་སྙིང་པོ་ཉིད་བདག་ཡིན་ན། ཇི་སྐད་དུ། བདག་མེད་སེང་གེའི་སྒྲ་དང་ལྡན། །ཅེས་དང༌། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་དང༌། རྣམ་པར་དག་པ་བདག་མེད་ཆོས། །ཞེས་སོགས་སྔགས་གཞུང་རབ་འབྱམས་ལས་ཤེས་བྱ་ན་བདག་ཡོད་པར་མ་གསུངས་ཤིང༌། ཡོད་རྒྱུའི་བདག་དང་མེད་རྒྱུའི་བདག་གཉིས་སུ་སངས་རྒྱས་པར་ཁས་ལེན་པ་ལ་སྨྲ་བ་ནི་རྒྱ་གར་ན་མང་བཀུར་བ་དང༌། གནས་མའི་བུ་པ་དང༌། བོད་ན་ཇོ་ནང་པ་དང༌། རི་བོ་དགེ་ལྡན་པ་དང༌། བོ་དོང་པ་རྣམས་ཟེར་ཡང་བདེ་བར་གཤེགས་པའི་བཞེད་པ་མིན་པས། དེ་ལྟར་སངས་རྒྱས་ཀྱི་བསྟན་པར་སྨྲ་བ་དེ་འཁྲུལ་བཅས་ཀྱི་བསྟན་པའོ་ཞེས་སྔོན་ཉིད་ནས་སློབ་དཔོན་ཆེན་པོ་དབྱིག་(༣༠༣ན)


K800_Page_618
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གྱིས་མཛོད་ཀྱི་གནས་དགུ་པར་བཤད་པ་དང༌། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་འཇུག་པ་རྩ་འགྲེལ་འདིར་རྒྱས་པར་བཀག་གདའ་བས་ཐར་འདོད་རྣམས་ལེགས་པར་སོམས་ལ་མིག་མེད་གཡང་ས་ཆེན་པོ་ལ་གོམ་པ་འདོར་བའི་རྗེས་སུ་མིག་ལྡན་དག་བག་གཟོབས་ཤིག གངས་ཅན་གྱི་ཁྲོད་འདིར་བདག་ཐ་སྙད་དུ་ཡང་མེད་ཅིང༌། གང་ཟག་དང༌། སེམས་ཅན་དང༌། སྐྱེས་བུ་སོགས་རྫས་ཡོད་དུ་སྨྲ་བ་དང༌། བདག་རྫས་སུ་མ་གྲུབ་ནའང་ལས་འབྲས་ཀྱི་རྟེན་དུ་རིགས་ཤེས་ཚད་མས་གནོད་པ་མེད་ཅིང༌། ཐ་སྙད་ཚད་མས་གྲུབ་པར་འདོད་པ་དང༌། ཕུང་པོ་ལས་དོན་གཞན་པའི་བདག་རྟག་པར་ཡོད་པ་དང༌། གང་ཟག་དང་སེམས་ཅན་སོགས་མེད་པར་འདོད་པ་ནི་བྱེ་སྨྲ་ནས་དབུ་མའི་བར་གྲུབ་མཐའ་ཐམས་ཅད་དང་འགལ་ཞིང༌། སྟོན་པའི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པ་དག་གི་གྲུབ་མཐའ་ལ་གནས་པར་སོང་བ་ཡིན་ཏེ། བདག་ཐ་སྙད་དུ་ཡང་མེད་ན་བརྟེན་ནས་གདགས་པར་མི་རུང་ཞིང་ལུང་དང་འཇིག་རྟེན་གཉིས་ཀ་དང་འགལ་ལ། གང་ཟག་རྫས་ཡོད་བྱེ་སྨྲས་ཀྱང་མི་འདོད་ན་གྲུབ་མཐའ་གོང་མ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། མཛོད་འགྲེལ་ལས། འོན་ཏེ་བཏགས་པར་ཡོད་དོ་ཞེ་ན་ནི། ཁོ་བོ་ཅག་ཀྱང་དེ་སྐད་ཅེས་སྨྲའོ། ། ཞེས་དང༌། དེ་ལྟ་བས་ན་གང་ཟག་ནི་བཏགས་པར་ཡོད་པ་ཡིན་ཏེ། ཕུང་པོ་དང་རྒྱུན་ལ་སོགས་པ་བཞིན་ནོ། །ཞེས་དང༌། དེ་ལྟ་བས་ན་ཁ་ཅིག་ནི་གང་ཟག་ཏུ་འཛིན། ཁ་ཅིག་ནི་ཐམས་ཅད་མེད་པ་ཉིད་དུ་འཛིན་པ་གང་ཡིན་པ་དེ་ནི་བསྟན་པ་འདི་ལ་སྐྱོན་བྱུང་བ་ཡིན་ནོ། །ཞེས་སོ། །ཚུར་མཐོང་གི་ཐ་སྙད་ཚད་(༣༠༣བ)


K800_Page_619
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཀྱི་བཏགས་བཞག་གི་བདག་ལས་འབྲས་ཀྱི་རྟེན་དུ་རྙེད་པས་རིགས་ཤེས་ཚད་མས་གནོད་མེད་དུ་གྲུབ་ན་དེ་འདྲའི་བདག་དེ་དཔྱད་བཟོད་དུ་འགྱུར་ཏེ། རིགས་ཤེས་ཚད་མས་གནོད་ཡུལ་མིན་ཅིང་ཐ་སྙད་ཚད་མས་དཔྱད་པ་ན་གྲུབ་པའི་ཕྱིར། འདོད་ན་དཔྱད་བཟོད་ཀྱི་ལས་འབྲས་ཀྱི་རྟེན་གྱི་བདག་ཡོད་ན་དཔྱད་པའི་ཚེ་གང་ཟག་གི་བདག་འགོག་པར་ཡང་མི་རིགས་པའི་ཕྱིར་དང༌། ལྷན་སྐྱེས་གྱི་ཡུལ་གྱི་བདག་མ་དཔྱད་པར་ཡོད་པ་དེ་ཐ་སྙད་ཚད་མས་གྲུབ་པར་མི་རིགས་ཏེ། ཐ་སྙད་པའི་ཚད་མ་ནི་འཇིག་རྟེན་ཡང་དག་ཀུན་རྫོབ་བདེན་པ་འཛིན་པའི་བློ་ཡིན་པ་གང་ཞིག བློ་དེས་ཚད་མར་གཟུང་བ་དང་འཛིན་པ་བདེན་པར་སྣང་ཞིང༌། དེར་ཞེན་པ་འཇིག་རྟེན་པ་དག་གིས་ཚད་མར་སྨྲ་ཡང་ཚད་མ་མ་ཡིན་པའི་ཕྱིར་ཏེ། འཁྲུལ་ཤེས་ཡིན་པའི་ཕྱིར། གྲུབ་སྟེ། ཐལ་འགྱུར་བའི་ལུགས་འདིར་ཀུན་རྫོབ་འཛིན་པའི་ཤེས་པ་ཐམས་ཅད་མ་རིག་པའི་དབང་གིས་བསླད་པ་ལས་བྱུང་བར་བཞེད་པའི་ཕྱིར། ཁྱད་པར་ཇོ་ནང་པས་དོན་དམ་བདེན་པའི་བདག་རྟག་པར་ཡོད་པ་དང༌། ཀུན་རྫོབ་བདེན་པའི་བདག་ཏུ་བཏགས་པ་ནི་རི་བོང་གི་རྭ་ལྟར་གཏན་མེད་དོ་ཞེས་རྩལ་འདོན་དུ་སྨྲ་བ་ནི་ཀུན་རྫོབ་གྲགས་པའི་བདག་མ་དཔྱད་ཐ་སྙད་ཙམ་དུ་བཀག་ཅིང༌། དོན་དམ་བདེན་པར་དེ་འདྲའི་ཆོས་གཏན་མེད་དཔྱད་ནས་བསྒྲུབས་པས་བདེན་པ་གཉིས་ཀ་ལ་སྒྲོ་སྐུར་མུ་མེད་པ་བཏབ་ནས་རྟག་ཆད་ཀྱི་མཐའ་ཆེན་པོའི་གཡང་ས་ལ་འཛེམ་པ་མེད་པར་བག་ཡངས་སུ་དལ་བར་རྒྱུ་བར་མཛད་པ་ནི་སྔོན་ཆད་ཆོས་འདི་པ་ལ་གཏན་མ་གྲགས་ཤིང༌། ཟི་ལུང་ཤཱཀྱ་པས་གཉིས་མེད་ཀྱི་ཤེས་པ་བདག་ཡིན་པ་དང༌། སངས་རྒྱས་ཀྱི་(༣༠༤ན)


K800_Page_620
[མ་དཔེ་གཟིགས་ན་འདིར་གནོན།]

སར་ཡེ་ཤེས་དམ་པའི་བདག་ཡིན་པར་འདོད་པ་ནི་སེམས་ཙམ་པས་གཞན་དབང་ལ་བདག་ཏུ་འདོད་པས་དེའི་ལུགས་སུ་མོས་ནས་དེ་སྐད་སྨྲ་བར་སྣང་ནའང༌། སེམས་ཙམ་པས་གང་ཟག་གི་གདགས་གཞི་གཞན་དབང་ལ་བྱེད་པ་ནའང༌། དེ་ལྟར་བཏགས་པའི་གང་ཟག་དེ་གདགས་གཞི་གཞན་དབང་ཡིན་པར་མི་སྨྲ་བ་ཁོང་དུ་མ་ཆུབ་པའི་འཁྲུལ་གཏམ་དུ་ཟད་དོ། །ལུགས་འདིའི་ཕྱོགས་འཛིན་ཁ་ཅིག་སླར་ཡང་འཛེམ་པ་མེད་པར་འདི་སྐད་དུ། བདག་ཡིན་པ་ལ་བདག་ཏུ་བལྟས་པས་དོན་ལ་ཤེས་པའི་འཛིན་སྟངས་མ་འཁྲུལ་བས་སྒྲིབ་སོགས་སྤང་བྱར་མི་འགྱུར་ལ། བདག་མ་ཡིན་པ་ལ་བདག་ཏུ་བལྟས་པས་དོན་དང་ཤེས་པའི་འཛིན་སྟངས་མི་མཐུན་པས་སྒྲིབ་སོགས་སྤང་བྱར་འགྱུར་བས་ཀུན་རྫོབ་གཟུང་འཛིན་གྱི་ཀུན་བརྟགས་པའི་ཕུང་ལྔ་བདག་མིན་པས་དེ་ལ་བདག་ཏུ་བཟུང་བ་འཁོར་བའི་རྩ་བ་ཡིན་ཀྱང༌། དོན་དམ་གཉིས་མེད་ཀྱི་ཡེ་ཤེས་བདག་ཡིན་པས་དེ་ལ་བདག་ཏུ་བལྟ་བ་ནི་བྱང་གྲོལ་ཐོབ་བྱེད་ཀྱི་རྒྱུ་བླ་ན་མེད་པ་ཡིན་ལ། ཐར་པ་ཐོབ་པ་ནའང་བདག་དེ་ཉིད་ཀྱི་གོ་འཕང་དུ་གྲུབ་པ་ཡིན་ཏེ། ཇི་སྐད་དུ། སྟོང་པ་ཉིད་ནི་རྣམ་དག་ན། །བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་འགྱུར། །ཞེས་དང༌། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་འབྱུང་བའི་ཕྱིར་ཞེས་ཟེར་རོ། །དེ་ལྟར་སྨྲ་བ་དེ་ནི་བདེ་བར་གཤེགས་པའི་བཀའ་ལས་ཕྱིན་ཅི་ལོག་ཏུ་སྨྲས་པ་ཡིན་ཏེ། ལུང་དེ་དག་གི་དོན་བདག་མེད་དང་སྟོང་པ་ཉིད་ཀྱི་ཚུལ་སངས་རྒྱས་ཀྱིས་མངོན་དུ་མཛད་པ་ལ་བདག་མངོན་དུ་(༣༠༤བ)


K800_Page_621
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དོ་ཞེས་སྒྲ་སྦྱར་བ་དང༌། སྤྲོས་པ་དང་བྲལ་བ་ཁོང་དུ་དམ་པ་དག་གིས་ཆུད་པ་ན་སྤྲོས་དང་བྲལ་བ་ལ་བདག་གི་མིང་བཏགས་ནས་དེ་ལྟར་བརྗོད་པར་མཛད་པ་ལ་གོ་བ་ཅུང་ཟད་ཀྱང་མ་ཆགས་པར་སྣང་བའི་ཕྱིར་དང༌། དོན་དམ་པའི་བདག་ཡོད་ན་འཁོར་བ་ལས་གཏན་མི་ཐར་བའམ་འབད་མེད་དུ་གྲོལ་བ་གང་རུང་དུ་འགྱུར་ཏེ། དོན་དམ་པར་བདག་ཡོད་པ་དེས་སྐྱེས་བུ་ལ་ལ་འཁོར་བ་དང༌། ལ་ལ་མྱང་འདས་སོགས་ལ་འདོད་དགུར་བཅིང་གྲོལ་སྣ་ཚོགས་ཀྱི་བྱ་བ་བྱེད་པར་འགྱུར་བའི་ཕྱིར་ཏེ། དོན་དམ་པར་གྲུབ་པའི་བདག་ནི་ཀུན་རྫོབ་པའི་བདག་ལྟར་མ་ཡིན་པའི་དོན་ཤེས་མཐུན་པའི་དབང་ཕྱུག་དང་ལྡན་པར་ཡང་ཁྱེད་འདོད་པའི་ཕྱིར། དོན་དམ་པར་བདག་ཡོད་ན་བདེན་པ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ལ་བདག་མེད་པར་བཅོམ་ལྡན་འདས་ཀྱི་བཀའི་ཕྱག་རྒྱ་དང་འགལ་བར་སྨྲས་པའི་ཕྱིར་དང༌། དོན་དམ་པར་གཉིས་མེད་ཀྱི་ཡེ་ཤེས་བདག་ཡིན་ན་དེ་ལ་གང་ཟག་གིས་སླར་བདག་ཏུ་བལྟས་ཀྱང་ཐར་པའི་རྒྱུར་མི་འགྱུར་ཏེ། ཀུན་རྫོབ་ཀྱི་བདག་ལྟ་ཅན་གྱི་གང་ཟག་གིས་དེར་མི་ལྟ་ལ། དོན་དམ་གྱི་བདག་ལྟ་ཅན་གྱི་གང་ཟག་གིས་ནི་དེ་ལྟར་མ་བལྟས་ཀྱང་ཐར་པ་ཉིད་དུ་གྲུབ་པའི་དོན་དམ་པའི་བདག་ཡིན་པའི་ཕྱིར། ཀུན་རྫོབ་པའི་བདག་ལྟ་ཅན་གྱི་གང་ཟག་ནི་ཁྱེད་ཐ་སྙད་དུའང་མེད་པས་དེས་དེ་ལ་བལྟས་ཀྱང་ཐ་སྙད་ཙམ་དུའང་ཐར་པ་ཐོབ་པར་མི་འགྱུར་བའི་ཕྱིར་དང༌། ཁྱེད་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་སློབ་པ་དང་མི་སློབ་པའི་ས་དང་ལམ་དུའང་འདོད་པས་ལམ་དང་གང་ཟག་གཞི་མཐུན་དུའང་སྨྲ་དགོས་པར་འགྱུར་ལ། དེ་ལྟར་ན་བགྲོད་བྱ་ཉིད་སྒྲོད་པོར་ཁས་ལེན་དགོས་པ་དང༌། དོན་དམ་པར་གཉིས་མེད་ཀྱི་(༣༠༥ན)


K800_Page_622
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཉིད་གདོད་ནས་སངས་རྒྱས་ཀྱི་བདག་ཏུ་གྲུབ་ན་སླར་དེ་སངས་རྒྱས་ཀྱིས་གསར་དུ་སངས་རྒྱས་ཀྱི་བདག་ཏུ་ཐོབ་པར་སྨྲ་བ་ནི་འཇིག་རྟེན་ན་འདི་ལྟར་སྨྲ་བ་བདག་ཉིད་ཁོ་ན་ལས་བླུན་པ་གཞན་མེད་དོ་ཞེས་དམོད་ཆེན་པོ་བོར་བའི་མཚན་རྟགས་ཉི་མ་དང་ཟླ་བ་ལྟར་བཞག་པའོ། །མདོར་ན་གཞུང་ལུགས་འདི་འཆད་པ་ན་མ་དཔྱད་འཁྲུལ་པའི་ངོར་གང་ཟག་སེམས་ཅན་སོགས་ཡོད་པ་ལྟར་བདག་ཀྱང་ཡོད་ལ། དཔྱད་ན་བདག་ཡོད་པ་མིན་པ་ལྟར་གང་ཟག་སོགས་ཀྱང་ཡོད་པ་མ་ཡིན་ཅིང༌། དེར་མ་ཟད་ཐ་སྙད་ཙམ་དུ་བུམ་པ་དང་སྣམ་བུ་ནགས་ཚལ་སོགས་ཡོད་པ་ལྟར་བདག་ཀྱང་ཡོད་ལ། དཔྱད་ན་བདག་ཡོད་པ་མིན་པ་ལྟར་ཆོས་ཐམས་ཅད་ཡོད་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བར་ཤེས་པར་གྱིས་ཤིག གཉིས་པ་ནི། དངོས་ཡོད་མིན་ཕྱིར་འདི་ནི་བརྟེན་མིན་ཞིང༌། །མི་བརྟེན་ཉིད་མིན་འདི་ནི་སྐྱེ་འཇིག་མིན། །འདི་ལ་རྟག་པ་ཉིད་ལ་སོགས་པ་ཡང༌། །ཡོད་མིན་དེ་ཉིད་དང་ནི་གཞན་ཉིད་མིན། །བརྟེན་ནས་བཏགས་པ་ལ་བརྟེན་པའི་ཆོས་ལ་བརྟེན་མི་བརྟེན་སོགས་རྟོག་པའི་རྟེན་མ་ཡིན་པ་རྟག་མི་རྟག་གི་རྟོག་པ་སོགས་ཀྱང་བཟློག་སླ་བས། བདག་ཅེས་བརྟེན་ནས་བཏགས་པ་འདི་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་པས་དངོས་པོར་ཡོད་པ་མིན་པའི་ཕྱིར་དང༌། སྔོན་འདས་པའི་སྐྱེ་བར་བྱུང་བའི་བརྟེན་པ་མ་ཡིན་ཞིང་སྟེ། བསྟན་བཅོས་ལས། འདས་པའི་དུས་ན་བྱུང་གྱུར་ཅེས། །བྱ་བ་དེ་ནི་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །དེ་ཉིད་བདག་ཏུ་འགྱུར་སྙམ་ན། །ཉེ་བར་ལེན་པ་ཐ་དད་འགྱུར། །ཉེ་བར་ལེན་ལས་མ་གཏོགས་པར། །ཁྱོད་ཀྱི་བདག་ནི་གང་ཞིག་ཡིན། །ཅེས་སོ། །སྔོན་མ་བྱུང་བ་ལས་བྱུང་བའི་མི་བརྟེན་པ་ཉིད་ཀྱང་མིན་ཏེ། བསྟན་བཅོས་ལས། མ་བྱུང་བ་ལས་བྱུང་མིན་ཏེ། །(༣༠༥བ)


K800_Page_623
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་སྐྱོན་དུ་ཐལ་བར་འགྱུར། །བདག་ནི་བྱས་པར་གྱུར་པའམ། །འབྱུང་བ་རྒྱུ་མེད་ཅན་དུ་འགྱུར། །ཞེས་སོ། །བདག་འདི་ནི་སྐྱེ་བ་དང་འཇིག་པ་ཡང་མིན་ཏེ། ཉེ་བར་ལེན་པ་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་སོ། །འདི་ལ་རྟག་པ་ཉིད་དང་མི་རྟག་པ་ལ་སོགས་པ་བཞི་ཡང་ཡོད་པ་མིན་ཏེ། རྟག་དང་མི་རྟག་ལ་སོགས་པ། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་པ། །ཞི་བ་འདི་ལ་ག་ལ་ཡོད། །གང་གིས་དེ་བཞིན་གཤེགས་ཡོད་ཅེས། །འཛིན་པ་སྟུག་པོས་བཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །རང་བཞིན་གྱིས་ནི་སྟོང་དེ་ལ། །སངས་རྒྱས་མྱ་ངན་འདས་ནས་ནི། །ཡོད་དོ་ཞེའམ་མེད་དོ་ཞེས། །བསམ་པ་འཐད་པར་མི་འགྱུར་རོ། །ཞེས་སོ། །བདག་དེ་ཕུང་པོ་ལས་དེ་ཉིད་དང་ནི་གཞན་ཉིད་མིན་ཏེ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོ། །ངག་དོན་བརྟན་མི་བརྟན་སོགས་ཁྱད་ཆོས་འདི་དག་ཁྱད་གཞི་དངོས་པོར་ཡོད་ན་འབྱུང་ལ། དེ་མེད་པར་མི་འབྱུང་བས་བདག་དངོས་པོར་མེད་པ་ཉིད་ཀྱིས་ཏེ། མདོ་ལས། མི་ཟད་པ་ཡི་ཆོས་བཞི་ནི། །འཇིག་རྟེན་མགོན་གྱིས་བསྟན་པ་དེ། །སེམས་ཅན་ནམ་མཁའ་བྱང་ཆུབ་སེམས། །དེ་བཞིན་སངས་རྒྱས་ཆོས་རྣམས་སོ། །གལ་ཏེ་དེ་དག་རྫས་ཡོད་ན། །དེ་དག་ཡོངས་སུ་ཟད་འགྱུར་གྲང༌། །མེད་པས་དེ་དག་མི་ཟད་དེ། །དེ་ཕྱིར་དེ་དག་ཟད་མེད་གསུངས། །ཞེས་(༣༠༦ན)


K800_Page_624
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གསུམ་པ་ལ། བདག་དང་བདག་གི་བ་མ་རིག་པ་ཙམ་གྱི་དབང་གིས་མ་དཔྱད་པར་བཏགས། དེ་གཉིས་མེད་པར་རྟོགས་པས་གྲོལ་བའི་ཚུལ་གཉིས། དང་པོ་ནི། གང་ཕྱིར་རྟག་ཏུ་འགྲོ་རྣམས་ངར་འཛིན་བློ། །རབ་ཏུ་འབྱུང་ཞིང་དེ་ཡི་གང་ཡིན་དེར། །ང་ཡིར་འཛིན་བློ་འབྱུང་བའི་བདག་དེ་ནི། །མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །རྣམ་པ་བདུན་གྱིས་བཙལ་ན་མི་རྙེད་ཀྱང་བདག་མེད་མ་རིག་པའི་དབང་གིས་འཇིག་ལྟས་འཁོར་བར་འགྱུར་བའི་བདག་དེ་གང་ཞེ་ན། ཕྱི་རོལ་པ་དག་ཕུང་པོ་ལས་གཞན་དུ་ཞེན་ལ། རང་སྡེ་དག་ཕུང་པོ་དེ་ཉིད་དམ། དེ་ཉིད་དང་གཞན་དུ་བརྗོད་མེད་དུ་འཛིན་ཅིང༌། བཅོམ་ལྡན་འདས་ཀྱིས་ཇི་ལྟ་བར་བསྟན་པ་ཤེས་པ་དག་གི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་ལས་རང་བཞིན་མེད་དོ་ཞེས་པ་དེ་ཙམ་ཞིག་ལ་བདག་གི་ཐ་སྙད་བྱེད་དེ། གང་གི་ཕྱིར་ན་བདག་དེ་ལྟ་བུ་དུས་རྟག་ཏུ་མི་དང་དུད་འགྲོ་ལ་སོགས་པའི་འགྲོ་བ་མ་རིག་པ་དང་ལྡན་པ་རྣམས་ལ་ངར་འཛིན་གྱི་བློ་རབ་ཏུ་འབྱུང་བ་དེའི་ཞེན་ཡུལ་ནི་བདག་ཡིན་ཅིང༌། བདག་དེའི་དབང་བསྒྱུར་བྱའམ་གདགས་པའི་རྟེན་མིག་ལ་སོགས་པ་ནང་དང༌། ལོངས་སྤྱད་བྱ་གཟུགས་སོགས་ཕྱི་རོལ་གང་ཡིན་དེར་ང་ཡིར་འཛིན་པའི་བློ་འབྱུང་བའི་བདག་དེ་ནི་མ་བརྟགས་གྲགས་པར་གཏི་མུག་གི་དབང་ལས་ཡིན་ནོ་སྟེ་རང་གི་ངོ་བོས་གྲུབ་པ་མ་ཡིན་ནོ། །གཉིས་པ་ནི། གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་པ། །དེ་ཕྱིར་བདག་གི་བདག་མེད་པར་ཡོད་མིན། །དེ་ཕྱིར་བདག་དང་བདག་གི་སྟོང་ལྟ་ཞིང༌། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །བདག་མེད་ཀྱང་དེར་ཐ་སྙད་འདོགས་པ་དེའི་ཕྱིར་རྣལ་འབྱོར་པས་མ་དམིགས་པས་མིག་སོགས་ཉེར་ལེན་རྣམས་མི་འབྱུང་ལ། རྣལ་འབྱོར་པས་དངོས་པོ་འགའ་ཡང་དམིགས་པ་མེད་པས་འཁོར་བ་ལས་གྲོལ་བར་འགྱུར་ཏེ། བསྟན་བཅོས་ལས། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང༌། །དེ་ཟད་པས་ནི་སྐྱེ་བ་ཟད། །ཅེས་དང༌། (༣༠༦བ)


K800_Page_625
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཕྲེང་བར། ངར་འཛིན་ལས་བྱུང་ཕུང་པོ་རྣམས། །ངར་འཛིན་དེ་ནི་དོན་དུ་རྫུན། །གང་གི་ས་བོན་རྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག །ཕུང་པོ་དེ་ལྟར་མི་བདེན་པར། །མཐོང་ནས་ངར་འཛིན་སྤོང་བར་འགྱུར། །ངར་འཛིན་པ་དག་སྤངས་ནས་ནི། །ཕྱིས་ནི་ཕུང་པོ་འབྱུང་མི་འགྱུར། །ཞེས་པ་ལྟར་རོ། །བདག་མེད་ན་བདག་གི་བ་ཡང་མེད་དམ་ཞེ་ན། གང་གི་ཕྱིར་རྫ་མཁན་མེད་པར་བུམ་པ་མི་སྲིད་པ་བཞིན་བྱེད་པོ་མེད་པར་ལས་མེད་དེ། བྱེད་པོའི་བྱ་བ་འཇུག་ཡུལ་ཉིད་ལ་ལས་སུ་བཏགས་པའི་ཕྱིར། དེའི་ཕྱིར་བདག་གི་བ་ནི་ཡོད་པ་མ་ཡིན་ཏེ། བྱེད་པོའི་བདག་མེད་པར་གྱུར་པའི་ཕྱིར། དེའི་ཕྱིར་ཕུང་པོ་བདག་དང་བདག་གི་བས་སྟོང་པར་བལྟ་ཞིང༌། འཁོར་བ་མ་གཟིགས་པ་ན་རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར་ཏེ། གཟུགས་སོགས་མ་དམིགས་པ་ན་དེ་ལ་ཆགས་སོགས་ཀྱི་རྟོག་པ་མི་འབྱུང་བས་ཉན་རང་དག་ལེན་པ་མེད་པར་མྱ་ངན་ལས་འདའ་ལ། བྱང་སེམས་ནི་བདག་མེད་རྟོགས་ཀྱང་སྙིང་རྗེའི་དབང་གིས་སྲིད་པའི་རྒྱུན་འཛིན་པར་བྱེད་པའོ། །གསུམ་པ་ལ། དངོས་པོ་ཐམས་ཅད་བརྟན་ནས་བཏགས་པར་བསྟན། རྒྱུ་འབྲས་ལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། དངོས་པོ་རྣམས་དཔྱད་ན་མི་རྙེད་ཀྱང་གྲགས་པ་ཙམ་གྱིས་བཞག ཐ་སྙད་ཐམས་ཅད་བདེན་པ་གཉིས་དང་མི་འགལ་བ་གཉིས། དང་པོ་ནི། བུམ་པ་སྣམ་བུ་རེ་ལྡེ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང༌། །ཁང་ཁྱིམ་ཤིང་རྟ་ཕྲན་དང་མགྲོན་གནས་ལ་སོགས་དངོས་རྣམས་གང་དག་དང༌།དེ་བཞིན་གང་དག་སྒོ་ནས་སྐྱེ་འདིས་བསྙད་པ་དེ་རྣམས་རྟོགས་བྱ་སྟེ། །གང་ཕྱིར་ཐུབ་དབང་དེ་ནི་འཇིག་རྟེན་ལྷན་ཅིག་རྩོད་མི་མཛད་ཕྱིར་རོ། །བདག་དང་དེའི་ཉེར་ལེན་ཤིང་རྟ་དང་མཚུངས་པ་ལྟར་དངོས་པོ་ཐམས་ཅད་དེ་དང་འདྲ་བར་བསྒྲེ་བ་ནི། བུམ་པ་སྣམ་བུ་རེ་ལྡེ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང་ཁང་ཁྱིམ་ཤིང་རྟ་ཕྲན་དང་མགྲོན་གནས་ལ་སོགས་དངོས་པོ་རྣམས་ཇི་སྙེད་པ་གང་དག་དེ་དག་(༣༠༧ན)


K800_Page_626
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཤིང་རྟ་བཞིན་དུ་རྣམ་པ་བདུན་གྱིས་དཔྱད་ན་ཡོད་པ་མ་ཡིན་ཅིང༌། དེ་ལས་གཞན་དུ་རང་གི་ཡན་ལག་ཚོགས་ལ་བརྟེན་ནས་གྲགས་པར་ཡོད་དོ་ཞེས་འཇོག་པ་དེ་བཞིན་དུ་དངོས་པོ་གང་དག་རྒྱུ་མཚན་འདི་ཙམ་གྱི་སྒོ་ནས་སྐྱེ་བོ་སྟེ་འགྲོ་བ་འདིས་བསྙད་དེ་ཐ་སྙད་བྱས་པ་དེ་རྣམས་མ་བརྟགས་གྲགས་པས་བཞག་པར་རྟོགས་པར་བྱ་སྟེ། གང་གི་ཕྱིར་ཞེ་ན། ཐུབ་དབང་དེ་ནི་འཇིག་རྟེན་དང་ལྷན་ཅིག་རྩོད་པ་མི་མཛད་པར་གསུངས་པའི་ཕྱིར་ཏེ། འཇིག་རྟེན་ནི་ང་དང་ལྷན་ཅིག་རྩོད། ང་ནི་འཇིག་རྟེན་དང་ལྷན་ཅིག་མི་རྩོད་ཅེས་འཇིག་རྟེན་གྱི་གྲགས་པ་ཐ་སྙད་དུ་མི་འགོག་པར་འཆད་དོ། །གཉིས་པ་ནི། ཡན་ལག་ཡོན་ཏན་འདོད་ཆགས་མཚན་ཉིད་དང་ནི་བུད་ཤིང་ལ་སོགས་དང༌།།ཡོན་ཏན་ཅན་ཡན་ལག་ཅན་ཆགས་དང་མཚན་གཞི་མེ་ལ་སོགས་དོན་དག །དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་བདུན་ཡོད་པ་མ་ཡིན་ཞིང༌། །དེ་ལས་གཞན་དུ་གྱུར་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། །འཇིག་རྟེན་ན་དངོས་པོ་གང་གིས་ཐ་སྙད་ཇི་ལྟར་འདོགས་ཞེ་ན། ཡན་ལག་ཡོན་ཏན་འདོད་ཆགས་མཚན་ཉིད་དང་ནི་བུད་ཤིང་ལ་སོགས་དང་ཞེས་པ་ལ་རིམ་པ་བཞིན་དུ་ཡན་ལག་ཅན་དང་ཡོན་ཏན་ཅན་དང་ཆགས་པ་དང་མཚན་གཞི་དང་མེ་ལ་སོགས་པའི་དོན་དེ་དག་སྔ་ཕྱི་སྦྱར་ནས་དེ་རྣམས་ཤིང་རྟ་ལྟར་རྣམ་པ་བདུན་གྱིས་རྣམ་དཔྱད་བྱས་པས་ཏེ་བཙལ་ན་ཡོད་པ་མ་ཡིན་ཅིང༌། དཔྱད་པ་དེ་ལས་གཞན་དུ་གྱུར་པར་མ་དཔྱད་འཇིག་རྟེན་གྲགས་པའི་སྒོ་ནས་ཆོས་དེ་དག་ཡོད་པ་ཡིན་ཏེ། ཇི་ལྟར་བུམ་པ་ཡན་ལག་ཅན་ཡིན་ལ། གྱོ་མོ་ལ་སོགས་པ་དག་དེའི་ཡན་ལག་ཡིན་ཅིང༌། བུམ་པ་ཡོན་ཏན་ཅན་ཡིན་ལ། མེ་རིས་སྔོ་བསངས་ལ་སོགས་པ་དེའི་ཡོན་ཏན་ཡིན་པ་དང༌། བུམ་པ་མཚན་གཞི་ཡིན་ལ། ལྟོ་བ་ལྡིར་བ་དང་མཆུ་འཕྱང་བ་དང་མགྲིན་པ་རིང་བ་སོགས་མཚན་ཉིད་ཡིན་པ་བཞིན་སྣམ་བུ་ལ་སོགས་ལའང་སྦྱར་རོ། །འདོད་ཆགས་ནི་ལྷག་པར་ཞེན་པ་སེམས་(༣༠༧བ)


K800_Page_627
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའོ། །ཆགས་པ་ནི་འདོད་ཆགས་ཀྱི་རྟེན་སེམས་སམ་གང་ཟག་གོ། །མེ་ནི་སྲེག་པར་བྱེད་པའོ། །བུད་ཤིང་ནི་བསྲེག་པར་བྱ་བའོ། །དེ་ལ་ཡན་ལག་རྒྱུར་བྱས་ནས་ཡན་ལག་ཅན་དུ་འདོགས་ལ། ཡན་ལག་ཅན་ལ་བལྟོས་ནས་ཡན་ལག་ཏུ་འདོགས་པས་ཤིང་རྟའི་དཔེ་དང་མཚུངས་ཏེ། བུད་ཤིང་ལ་བལྟོས་ཏེ་མེ་ཡིན་ལ། མེ་ལ་བལྟོས་ནས་བུད་ཤིང་ཡིན་པའི་བར་དུའོ། །དེ་བཞིན་དུ་ཡུལ་དང་ཡུལ་ཅན། ཆོས་ཅན་དང་ཆོས་ཉིད་སོགས་བརྟེན་ནས་བཏགས་པའི་ཆོས་ཐམས་ཅད་འཇིག་རྟེན་ཐ་སྙད་ཙམ་ཡིན་གྱི། རིགས་པའི་དཔྱད་པ་མི་བཟོད་པས་བདེན་གཉིས་མི་འགལ་བར་ཤེས་པར་བྱའོ། །གཉིས་པ་ལ། རྒྱུ་འབྲས་ཕན་ཚུན་བལྟོས་ཙམ་དུ་བསྟན། རྒྱུ་འབྲས་རྫས་སུ་གྲུབ་པ་དགག་པ་གཉིས། དང་པོ་ལ། དངོས་དང༌། མིན་ན་མི་འཐད་པ་གཉིས། དང་པོ་ནི། གལ་ཏེ་རྒྱུ་ཡིས་བསྐྱེད་པར་བྱ་སྐྱེད་དེ་ལྟ་ན་དེ་རྒྱུ་ཡིན་ཞིང༌། །གལ་ཏེ་འབྲས་བུ་མི་སྐྱེད་ན་ནི་དེ་མེད་རྒྱུ་མེད་ཅན་དུ་འགྱུར། །འབྲས་བུ་ཡང་ནི་རྒྱུ་ཡོད་གྱུར་ན་སྐྱེ་བར་འགྱུར་བ་དེ་ཡི་ཕྱིར། །ཡན་ལག་སོགས་བལྟོས་བཞག་གིས་གྲུབ་པ་དེ་བཞིན་དུ་རྒྱུ་འབྲས་ཀྱང་བལྟོས་བཞག་གིས་གྲུབ་པ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་རྒྱུ་ཡིས་བསྐྱེད་པར་བྱ་བ་འབྲས་བུ་བསྐྱེད་པ་དེ་ལྟར་ན་དེ་རྒྱུ་ཡིན་ཅིང༌། གལ་ཏེ་རྒྱུ་དེས་འབྲས་བུ་མི་བསྐྱེད་ན་ནི་འབྲས་བུ་དེ་མེད་པས་རྒྱུའི་ཐ་སྙད་རྒྱུ་མེད་ཅན་དུ་འགྱུར་ཏེ། རྒྱུ་དེ་རྒྱུར་འཇོག་པའི་རྒྱུ་མཚན་མེད་པར་རྒྱུ་ཡིན་ན་ཐམས་ཅད་རྒྱུ་ཉིད་དུ་ཐལ་བའི་ཕྱིར། དེས་ན་རྒྱུ་ཡིན་མིན་ནི་འབྲས་བུ་སྐྱེད་བྱེད་ཡིན་མིན་གྱི་རྗེས་སུ་འགྲོ་ལྡོག་ལས་འཇོག་གོ། །འབྲས་བུ་ཡང་ནི་རྒྱུ་ཡོད་པར་གྱུར་ན་སྐྱེ་བར་འགྱུར་ཞིང༌། མེད་ན་མི་སྐྱེ་བ་དེའི་ཕྱིར་རྒྱུ་འབྲས་བལྟོས་བཞག་ལས་རང་བཞིན་གྱིས་ཡོད་པ་ནི་མིན་ནོ། །གཉིས་པ་ནི། གང་ལས་གང་ཞིག་འགྱུར་བ་གང་ཞིག་ལས་སྔར་གང་ཞིག་འགྱུར་བ་སྨྲོས།།ཁྱོད་རང་གི་ངོ་བོས་གྲུབ་པར་སེམས་ན་རྒྱུའམ་འབྲས་བུ་ཕྱིས་འབྱུང་རྒྱུའམ་འབྲས་བུ་སྔར་གྲུབ་པ་གང་ལས་(༣༠༨ན)


K800_Page_628
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་འགྲུབ་པར་འགྱུར་བ་བརྟེན་པ་གང་ཞིག་ལས་སྔར་བརྟེན་པ་གང་ཞིག་འགྲུབ་པར་འགྱུར་བ་དེ་སྨྲོས་ཤིག སྨྲ་མི་ནུས་པས་རྒྱུ་འབྲས་སུ་གདགས་པ་ཡང་ཤིང་རྟ་ལྟར་རྒྱུར་བྱས་ནས་འབྱུང་གི། རང་གི་ངོ་བོས་ནི་མ་ཡིན་ནོ། །གཉིས་པ་ལ། དངོས་དང༌། མཚུངས་པ་སྤང་བ་གཉིས། དང་པོ་ལ། ཕྲད་མ་ཕྲད་བརྟགས་ནས་དགག འཇོག་བྱེད་མེད་པའི་རྒྱུ་མི་འཐད། དབུ་མ་པ་ལྟར་ན་མི་འགལ་བ་གསུམ། དང་པོ་ནི། གལ་ཏེ་ཁྱོད་ཀྱི་རྒྱུ་ཡིས་ཕྲད་ནས་འབྲས་སྐྱེད་བྱེད་ན་དེ་ཡི་ཚེ། །དེ་དག་ནུས་པ་གཅིག་པས་སྐྱེད་བྱེད་འབྲས་བུ་ཐ་དད་མེད་འགྱུར་ཞིང༌། །སོ་སོར་ན་ནི་རྒྱུ་འདི་རྒྱུ་མིན་རྣམས་དང་ཁྱད་པར་མེད་འགྱུར་ལ། །གཉིས་པོ་འདི་དག་སྤངས་ནས་རྟོག་པ་གཞན་ཡང་ཡོད་པར་འགྱུར་མ་ཡིན། ། གཞན་ཡང་གལ་ཏེ་འབྲས་བུ་རང་བཞིན་གྱིས་བསྐྱེད་ན་ཕྲད་ནས་སམ་མ་ཕྲད་པར་བསྐྱེད། དང་པོ་ལྟར་ཁྱོད་ཀྱི་རྒྱུ་ཡིས་ཕྲད་ནས་འབྲས་བུ་སྐྱེད་པར་བྱེད་ན་དེའི་ཚེ་ཆུ་ཀླུང་དང་རྒྱ་མཚོ་ཕྲད་པ་ལྟར་རྒྱུ་འབྲས་དེ་དག་ནུས་པ་གཅིག་ཏུ་གྱུར་པས་འདི་སྐྱེད་བྱེད་རྒྱུ་དང་དེ་བསྐྱེད་བྱ་འབྲས་བུའོ་ཞེས་ཐ་དད་མེད་པར་འགྱུར་ཞིང༌། དེ་ལྟར་ན་འབྲས་བུ་རྒྱུས་བསྐྱེད་པར་མི་འགྱུར་རོ། །མ་ཕྲད་པར་རྒྱུ་འབྲས་སོ་སོར་ཡོད་པ་ལས་བསྐྱེད་ན་ནི་སཱ་ལུའི་རྒྱུས་མ་ཕྲད་པའི་ནས་ཀྱི་འབྲས་བུ་གཞན་མི་བསྐྱེད་པ་ལྟར་འབྲས་བུ་མི་བསྐྱེད་པའམ། ཡང་ན་འབྲས་བུ་ཡིན་མིན་ཀུན་རྒྱུ་ཡིན་མིན་ཀུན་གྱིས་བསྐྱེད་པར་འགྱུར་ཏེ། མ་ཕྲད་པར་མཚུངས་པའི་ཕྱིར། དེས་ན་རྒྱུ་འདི་རྒྱུ་མིན་རྣམས་དང་ཁྱད་པར་མེད་པར་འགྱུར་ན་དེ་ཡང་ཁྱེད་མི་འདོད་ལ། རང་བཞིན་གྱིས་གྲུབ་པའི་རྒྱུ་འབྲས་ཡོད་ན་བསྐྱེད་བྱ་སྐྱེད་བྱེད་ཕྲད་མ་ཕྲད་གཉིས་པོ་འདི་དག་སྤངས་ནས་རྟོག་པ་གཞན་ཡང་གསུམ་པ་ཡོད་པར་འགྱུར་བ་མ་ཡིན་པས་རང་བཞིན་གྱིས་གྲུབ་པའི་རྒྱུས་འབྲས་བུ་མི་བསྐྱེད་པ་ཁོ་ནའོ། །གཉིས་པ་ནི། ཅི་སྟེ་ཁྱོད་ཀྱི་རྒྱུ་ཡིས་འབྲས་བུ་སྐྱེད་པར་མི་བྱེད་དེ་ཕྱིར་འབྲས། །ཞེས་བྱ་ཡོད་མིན་འབྲས་བྲལ་རྒྱུ་ནི་རྒྱུ་མེད་ཅན་འགྱུར་ཡོད་པའང་མིན། །དེས་ན་ཅི་སྟེ་ཁྱོད་ཀྱི་རྒྱུ་ཡིས་འབྲས་བུ་བསྐྱེད་པར་མི་བྱེད་ན་དེའི་ཕྱིར་འབྲས་བུ་ཞེས་བྱ་ཡོད་པ་མིན་(༣༠༨བ)


K800_Page_629
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འབྲས་བུ་དང་བྲལ་བའི་རྒྱུ་ནི་རྒྱུའི་ཐ་སྙད་འཇུག་པའི་རྒྱུ་མེད་ཅན་དུ་འགྱུར་ཏེ། རྒྱུའི་ཐ་སྙད་འཇུག་པ་ནི་འབྲས་བུ་ལ་བལྟོས་པའི་ཕྱིར། རྒྱུ་རྒྱུར་འཇོག་པ་ལའང་རྒྱུ་མེད་པར་ཡོད་པའང་མ་ཡིན་པའི་ཕྱིར་རྒྱུ་འབྲས་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། གང་ཕྱིར་འདི་དག་གཉིས་ཆར་ཡང་ནི་སྒྱུ་མ་དང་འདྲ་དེ་ཡི་ཕྱིར། །བདག་ལ་སྐྱོན་དུ་མི་འགྱུར་འཇིག་རྟེན་པ་ཡི་དངོས་པོ་རྣམས་ཀྱང་ཡོད། །ཁྱོད་ཀྱི་ལུགས་ལ་རྒྱུས་འབྲས་བུ་ཇི་ལྟར་བསྐྱེད་ཅེ་ན། རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་སྨྲ་བ་ལ་དཔྱད་པ་འདི་འཇུག་གི། གང་གི་ཕྱིར་ཁོ་བོ་ཅག་ལྟར་ན་དངོས་པོ་ཐམས་ཅད་ལོག་པར་ཀུན་བརྟགས་པས་བསྐྱེད་པ་ཉིད་ཀྱིས་རྒྱུ་འབྲས་འདི་དག་གཉིས་ཅར་ཡང་ནི་སྒྱུ་མ་དང་འདྲ་བར་སྐྱེ་བ་མེད་ཀྱང༌། རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལྟར་རྟོག་པའི་ཡུལ་གྱི་དངོས་ཆོས་འདི་ལ་དཔྱད་དུ་མེད་དེ། དེའི་ཕྱིར་དབུ་མ་པ་བདག་ལ་རྒྱུ་འབྲས་ཕྲད་མ་ཕྲད་སོགས་བརྟགས་པའི་སྐྱོན་དུ་མི་འགྱུར་ཞིང༌། འཇིག་རྟེན་པའི་དངོས་པོ་མ་དཔྱད་སྣང་བ་རྣམས་ཀྱང་གཞན་ངོར་ཡོད་པར་སྨྲ་བ་ལ་གནོད་པ་མེད་དོ། །གཉིས་པ་ལ། ཕྱོགས་སྔ་མ་དང༌། ལན་གཉིས། དང་པོ་ལ། མཚུངས་པ་འགོད་པ། དེས་ན་སུན་འབྱིན་དུ་མི་འགྱུར་བ། སྐྱོན་གཞན་ཡང་བསྟན་པ་གསུམ། དང་པོ་ནི། སུན་འབྱིན་འདིས་སུན་དབྱུང་བྱ་ཕྲད་ནས་འབྱིན་ནམ་མ་ཕྲད་པར། །ཡིན་ཞེས་ཉེས་པ་འདིར་ནི་ཁྱོད་ལའང་འགྱུར་བ་མ་ཡིན་ནམ། །རྒྱུ་འབྲས་ཕྲད་པ་དང་མ་ཕྲད་པ་གང་ལས་སྐྱེ་ཞེས་སྨྲས་པ་དེ་ཁྱོད་ལའང་མཚུངས་སོ་ཞེས་རྒྱུ་འབྲས་ངོ་བོ་ཉིད་ཀྱིས་གྲུབ་པ་འགོག་པའི་སུན་འབྱིན་འདིས་སུན་དབྱུང་བྱ་དང་ཕྲད་ནས་སུན་འབྱིན་ནམ་མ་ཕྲད་པར་འབྱིན། ཕྲད་ནས་ཡིན་ན་དེ་དག་ནུས་པ་གཅིག་པས་ཐ་དད་མེད་པར་འགྱུར། མ་ཕྲད་པས་ཡིན་ན་སུན་འབྱིན་མི་ནུས་པའམ་ཡང་ན་ཐམས་ཅད་སུན་འབྱིན་པར་འགྱུར་ཞེས་སྔར་བཤད་པའི་ཉེས་པ་འདིར་ནི་ཁྱོད་ལའང་འགྱུར་བ་མ་ཡིན་ནམ། རྟོག་པ་གཉིས་པོ་སྤངས་ནས་(༣༠༩ན)


K800_Page_630
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་གསུམ་པའང་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། གང་ཚེ་དེ་སྐད་སྨྲ་ཞིང་རང་ཕྱོགས་ཁོ་ན་རྣམ་འཇོམས་པ། །དེ་ཚེ་ཁྱོད་ཀྱིས་སུན་དབྱུང་སུན་ནི་འབྱིན་པར་ནུས་མ་ཡིན། །གང་གི་ཚེ་རྒྱུ་འབྲས་ཕྲད་པ་དང་མ་ཕྲད་པར་བསྐྱེད་ཅེས་དེ་སྐད་སྨྲ་ཞིང་རྩོད་པ་དེ་ལ་བརྟགས་པ་འདི་མཚུངས་པས་རང་གི་སུན་དབྱུང་བྱ་འབྱིན་བྱེད་ཀྱི་ཕྱོགས་ཁོ་ན་རྣམ་པར་འཇོམས་པ་དེའི་ཚེ་དབུ་མ་པ་ཁྱོད་ཀྱིས་སུན་འབྱིན་གྱིས་སུན་དབྱུང་བྱ་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པ་སུན་འབྱིན་པར་ནུས་པ་མ་ཡིན་ཏེ། ཁྱོད་ཀྱི་སུན་འབྱིན་ཉིད་སུན་ཕྱུང་བའི་ཤུགས་ཀྱིས་ན་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་འགྱུར་རོ། །གསུམ་པ་ནི། གང་ཕྱིར་རང་གི་ཚིག་ལའང་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱིས། །རིགས་པ་མེད་པར་དངོས་མཐའ་དག་ལ་སྐུར་འདེབས་དེ་ཡི་ཕྱིར། །ཁྱོད་ནི་སྐྱེ་བོ་དམ་པས་བཞེད་མི་འགྱུར་ཞིང་གང་གི་ཕྱིར། །ཁྱོད་ལ་རང་ཕྱོགས་མེད་པས་སུན་ཅི་ཕྱིན་དུ་རྒོལ་བའང་ཡིན། །ཡང་སྐྱོན་འདི་ལྟར་ཡོད་དེ། གང་གི་ཕྱིར་དབུ་མ་པ་ཁྱོད་རང་གི་སུན་འབྱིན་གྱི་ཚིག་ལའང་ཕྲད་མ་ཕྲད་ཀྱི་ཐལ་བ་མཚུངས་པའི་ལྟག་ཆོད་སུན་འབྱིན་ལྟར་སྣང་གིས་རིགས་པ་མེད་པར་དངོས་པོ་གནས་པའི་རྒྱུ་འབྲས་ལ་ཕྲད་མ་ཕྲད་བརྟགས་པའི་སྒོ་ནས་དངོས་པོ་མཐའ་དག་ལ་སྐུར་པ་འདེབས་པར་བྱེད་པ་ཡིན་ཏེ། མ་ཕྲད་པར་མཚུངས་པས་མ་ཕྲད་པ་ཐམས་ཅད་བསྐྱེད་པར་འགྱུར་ཞེས་པ་འདི་རིགས་པ་འཐད་ལྡན་མིན་པའི་ཕྱིར་ཏེ། མ་ཕྲད་པར་མཚུངས་ཀྱང་མ་ཕྲད་པར་ཁབ་ལེན་གྱིས་རུང་ཡུལ་ན་གནས་པའི་ལྕགས་འདྲེན་པ་དང༌། མ་ཕྲད་པར་མིག་གིས་རུང་ཡུལ་ན་གནས་པའི་གཟུགས་བཟུང་བས་མ་ཕྲད་པ་ཐམས་ཅད་ཀྱིས་འབྲས་བུ་མི་བསྐྱེད་པ་མིན་པ་ལྟར་རྒྱུས་ཀྱང་མ་ཕྲད་པར་འབྲས་བུ་བསྐྱེད་དུ་ཟིན་ཀྱང༌། མ་ཕྲད་པ་ཐམས་ཅད་མི་བསྐྱེད་ཀྱི། འབྲས་བུ་རུང་བ་ཁོ་ན་སྐྱེད་པར་བྱེད་པའི་ཕྱིར་དང༌། དེའི་ཕྱིར་ཁྱོད་ནི་སྐྱེ་བོ་དམ་པས་བཞེད་པར་མི་འགྱུར་བ་ཁས་ལེན་པར་བྱེད་ཅིང༌། དེར་མ་ཟད་ཁྱོད་ནི་སུན་ཅི་ཕྱིན་དུ་རྒོལ་བའང་ཡིན་ཏེ། གང་ཕྱིར་ཁྱོད་ལའང་ཕྱོགས་གཏན་མེད་ཅིང༌། གཞན་ཕྱོགས་(༣༠༩བ)


K800_Page_631
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བར་བྱེད་པས་དེའི་ཕྱིར་སུན་ཅི་ཕྱིན་དུ་རྒོལ་བ་པ་བཞད་གད་ཀྱི་ཆེད་ཙམ་ལས་ངལ་བ་འབྲས་བུ་མེད་པའི་རྒོལ་བར་ཟད་དོ། །གཉིས་པ་ལ། ཐལ་བ་མཚུངས་པའི་རྒྱུ་མཚན་བསྟན། རང་བཞིན་མེད་ཀྱང་སུན་འབྱིན་གྱིས་སུན་འབྱིན་ནུས་པར་དཔེས་སྒྲུབ། གཞན་གྱི་འདོད་པ་མ་རྟོགས་པར་དགག་པ་བྱེད་པ་མི་རིགས། ལམ་བཟང་བཏང་ནས་ལམ་ངན་གྱི་འཇིག་རྟེན་ལ་གནོད་པར་མི་རིགས། སུན་འབྱིན་གྱི་ལམ་གཞན་ཡང་རྒྱ་ཆེར་རྟོགས་པར་བྱ་བ་དང་ལྔ། དང་པོ་ནི། སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་སུན་ནི་འབྱིན་བྱེད་དམ། །འོན་ཏེ་ཕྲད་ནས་ཡིན་ཞེས་སྨྲས་ཟིན་ཉེས་པ་འདིར་གང་ལ། །ངེས་པར་ཕྱོགས་ཡོད་དེ་ལ་འགྱུར་གྱི་བདག་ལ་ཕྱོགས་འདི་ནི། །ཡོད་པ་མིན་པས་ཐལ་བར་འགྱུར་བ་འདི་ནི་སྲིད་མ་ཡིན། །སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་པར་སུན་འབྱིན་བྱེད་དམ། འོན་ཏེ་ཕྲད་ནས་ཡིན་ཅེས་རང་ཚིག་ལའང་ཐལ་བ་མཚུངས་པའི་ལྟག་ཆོད་ཡིན་པར་སྨྲས་ཟིན་པའི་ཉེས་པ་འདིར་གང་ལ་སུན་འབྱིན་དབྱུང་རང་བཞིན་གྱིས་གྲུབ་པར་སྨྲ་བའི་ངེས་པར་ཕྱོགས་ཡོད་དེ་ལ་འགྱུར་གྱི། དབུ་མ་པ་བདག་ལ་སུན་འབྱིན་དབྱུང་གདོད་ནས་གྲུབ་པའི་ཕྱོགས་འདི་ནི་ཡོད་པ་མིན་པས་རང་ཚིག་ལ་ཐལ་བར་འགྱུར་བ་མཚུངས་པ་འདི་ནི་སྲིད་པ་མ་ཡིན་ཏེ། སུན་འབྱིན་དབྱུང་ཕྲད་མ་ཕྲད་གང་ལས་ཀྱང་སུན་ཕྱུང་བར་སྨྲ་བསམ་མི་བྱེད་པའི་ཕྱིར། མདོ་ལས། ཚེ་དང་ལྡན་པ་རབ་འབྱོར་ཅི་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་ཐོབ་པར་འགྱུར་རམ། འོན་ཏེ་མ་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་ཐོབ་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་ཐོབ་པར་མི་འདོད་ལ། མ་སྐྱེས་པས་ཀྱང་མ་སྐྱེས་པའི་ཐོབ་པ་ཐོབ་པར་མི་འདོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དམ། རབ་འབྱོར་གྱིས་སྨྲས་པ། (༣༡༠ན)


K800_Page_632
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པ་ཡང་ཡོད། མངོན་པར་རྟོགས་པ་ཡང་ཡོད་མོད་ཀྱི། གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པ་དང་མངོན་པར་རྟོགས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་ལ། རྒྱུན་དུ་ཞུགས་པ་དང་ལན་གཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི། དོན་དམ་པར་ནི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དོ། །ཞེས་རྒྱ་ཆེར་གསུངས་པས། སྐྱེས་མ་སྐྱེས་ཀྱི་ཆོས་ཐོབ་པ་དང་མ་ཐོབ་པ་བདེན་པ་གཉིས་ཀར་བཀག་ནས། མ་དཔྱད་པར་དངོས་པོར་སྣང་བ་མ་བརྟགས་ཉམས་དགའ་ཙམ་དུ་སྣང་ཞིང༌། རིགས་ཤེས་ཚད་མ་དང༌། འཕགས་པའི་མཁྱེན་པ་ཚད་མས་མི་འགྲུབ་པའི་སླུ་ཆོས་རྫུན་སྣང་ཙམ་འདི་ལ་འཇིག་རྟེན་གྱི་ཐ་སྙད་དུ་ཐོབ་པར་བརྗོད་པ་ཙམ་དང་རྗེས་སུ་མཐུན་པར་སུན་འབྱིན་དབྱུང་ཕྲད་མ་ཕྲད་གང་ལས་ཀྱང་སུན་ཕྱུང་བ་མ་གྲུབ་ཀྱང་མ་དཔྱད་པར་འཇིག་རྟེན་ཐ་སྙད་དུ་སུན་འབྱིན་གྱིས་སུན་དབྱུང་བྱ་སུན་ཕྱུང་བར་བལྟོས་ནས་འཇོག་པར་བྱེད་དེ། སྤྲུལ་པས་སྤྲུལ་པ་སུན་འབྱིན་པ་དང༌། སྒྱུ་མས་སྒྱུ་མ་སུན་འབྱིན་པ་དང༌། རྨི་ལམ་དུ་རིགས་པས་མི་རིགས་པར་སྨྲ་བ་སུན་འབྱིན་པ་དང༌། སྣང་བས་མུན་པ་སུན་འབྱིན་པ་ལྟར་ཤེས་དགོས་ལ། དེ་ལྟ་བུའི་དབུ་མའི་ངང་ཚུལ་ཟབ་མོ་ཁོང་དུ་མ་ཆུད་པ་ཁ་ཅིག་འདོད་པ་ལྟར་ལས་དང་ཉོན་མོངས་པའི་དབང་གིས་བྱུང་བའི་འཁྲུལ་རྫུན་གྱི་བསླུ་ཆོས་མིག་བསླད་པའི་ཟླ་གཉིས་ལྟ་བུའི་མིག་ཤེས་ཀྱི་ཡུལ་གྱི་གཟུགས་དང༌། བུམ་སོགས་ཐ་སྙད་པའི་ཚད་མས་གྲུབ་པས་གྲུབ་པ་ལྟར་བདེན་ལ། དེ་བདེན་(༣༡༠བ)


K800_Page_633
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཛིན་པ་བདེན་འཛིན་མིན་གྱི། ཡང་དག་པ་དབུ་མར་ལྟ་བ་ཡིན་ལ། བདེན་འཛིན་ནི་དེ་མ་ཡིན་པའི་བདེན་གྲུབ་པ་ཤེས་བྱ་ན་མེད་པ་རྭ་ཟང་ངེ་བ་ཞིག་ཡོད་ན་དེར་འཛིན་པ་བདེན་འཛིན་ཡིན་ནོ་ཞེས་ཟེར། འོ་ན་གྲུབ་མཐའ་ལ་མ་ཞུགས་པའི་འཇིག་རྟེན་པ་རང་ག་བས་དབུ་མའི་ལྟ་བ་རྟོགས་པར་འགྱུར་བ་དང༌། དེ་དག་ལ་བདེན་འཛིན་ལྷན་སྐྱེས་སྐྱེ་མི་སྲིད་པར་འགྱུར་ཏེ། འཇིག་རྟེན་རང་ག་བས་བུམ་སོགས་དགག་བྱ་ཤེས་བྱ་ན་མེད་པའི་ཡུལ་རང་ངོས་ནས་སྡོད་ལུགས་ཀྱིས་གྲུབ་པར་མི་བལྟ་བའི་ཕྱིར་ཏེ། དེ་དག་གིས་བློ་ལ་སྣང་བ་འདི་ཀ་བདེན་ནོ། །ཡོད་དོ་སྙམ་པ་ཙམ་དུ་ཞེན་པའི་ཕྱིར་རོ། །འདིར་སྨྲས་པ། རྟགས་ཀྱི་དགག་བྱ་བདག་བདེན་ཤེས་བྱ་ལ། །མེད་ན་དེ་ཕྱིར་བདག་བདེན་དེར་སྣང་ཞིང༌། །དེར་འཛིན་དང་བཅས་ཀུན་རྫོབ་བདེན་མིན་འགྱུར། །དེ་ལྟའི་ཕྱིར་ན་རྟགས་ཀྱི་དགག་བྱ་ཡི། །བདག་བདེན་འཇིག་རྟེན་ལས་ཀྱང་ཡོད་མི་འགྱུར། །དེ་འདོད་ན་ནི་འཇིག་རྟེན་ཐམས་ཅད་ཀྱིས། །འབད་མེད་དབུ་མའི་ལྟ་བ་རྟོགས་འགྱུར་ཏེ། །འཇིག་རྟེན་པས་ཀྱང་རྟགས་ཀྱི་དགག་བྱ་ནི། །ལོག་པའི་ཀུན་རྫོབ་ཙམ་ལས་ཡང་དག་པའི། །ཀུན་རྫོབ་བདེན་པར་ནམ་ཡང་རྟོག་མེད་ཕྱིར། །ལོག་པའི་ཀུན་རྫོབ་འཇིག་རྟེན་ཉིད་ལ་ཡང༌། །མེད་ཅེས་རིགས་པས་དགག་པར་མ་བྱས་ཀྱང༌། །འཇིག་རྟེན་ལྷན་སྐྱེས་བློ་ཡིས་ལོག་པ་ཡི། །ཀུན་རྫོབ་ཀུན་རྫོབ་བདེན་པར་ག་ལ་བལྟ། །རིགས་པའི་དགག་བྱ་བདག་བདེན་ཀུན་རྫོབ་བདེན། །བདེན་གྲུབ་ཉིད་ལ་བྱེད་ན་དེ་ཕྱིར་དེ། །རིགས་པ་དང་ནི་ལམ་གྱི་དགག་བྱའི་ཡུལ། །གཉིས་ཀའང་གཞི་གཅིག་ཉིད་ལས་གཞན་དུ་མིན། །རིགས་པས་ཀུན་(༣༡༡ན)


K800_Page_634
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་བདེན་པ་བདེན་གྲུབ་པ། །དགག་བྱ་མིན་ན་དེ་ཕྱིར་ལམ་གྱི་ཡང༌། །དགག་བྱར་འགྱུར་མིན་རིགས་ཤེས་ཚད་མ་ཡིས། །ཀུན་རྫོབ་བདེན་པ་དགག་བྱ་མ་ཡིན་པར། །དེ་དེར་བསྒྲུབ་བྱ་ཉིད་དུ་རིགས་པའི་ཕྱིར། །སྒོམ་པ་ལས་བྱུང་ལམ་གྱི་བདེན་པ་ཡིས། །ཀུན་རྫོབ་བདེན་པ་བསྒྲུབ་བྱ་ཉིད་དུའང་འགྱུར། །འདོད་ན་འཕགས་ལ་ཀུན་རྫོབ་ཙམ་པོ་ལས། །ཀུན་རྫོབ་བདེན་པ་འགར་ཡང་མ་དམིགས་པས། །ཀུན་རྫོབ་བདེན་འཛིན་སྐྱེ་བ་མི་སྲིད་ཅེས། །སྨྲ་དང་འགལ་བ་ཉིད་དུ་མ་གྱུར་ཏམ། །ཀུན་རྫོབ་བདེན་པ་དེར་གྲུབ་དེར་འཛིན་པ། །རྟགས་ཀྱི་དགག་བྱ་ཡིན་ན་ཤེས་བྱར་འགྱུར། །མིན་ན་ཀུན་རྫོབ་བདེན་པ་ལས་གཞན་དུ། །བདེན་དང་དེར་འཛིན་རྟགས་ཀྱི་དགག་བྱ་དེ། །དོན་དམ་བདེན་པ་ཉིད་ལས་གཞན་འོས་མེད། །དེ་ཚེ་རྟགས་ཀྱི་དགག་བྱ་དེ་འགོག་པའི། །རིགས་པ་འཇིག་རྟེན་འདིར་ནི་ཉེར་མཁོ་བ། །མེད་འགྱུར་འཇིག་རྟེན་འདི་ཡི་དམ་པའི་དོན། །མཐོང་མེད་ཉིད་ན་དེ་ལ་བདག་བདག་མེད། །བདེན་དང་བདེན་མེད་སོགས་སུ་འཁྲུལ་པ་ཡི། །སྒྲོ་འདོགས་བྱེད་པ་སྲིད་པ་མིན་ཕྱིར་ཏེ། །ཁྱད་གཞི་འཛིན་མེད་ཁྱད་ཆོས་ག་ལ་འཚོལ། །ཤེས་བྱ་ལ་ནི་ཐ་སྙད་མ་དཔྱད་ངོར། །བདག་དང་བདེན་ཙམ་ཡུལ་དུ་ཡོད་པར་ནི། །གཟུང་མེད་དེ་འཛིན་སྐྱེ་བ་མ་མཐོང་ཕྱིར། །དཔེར་ན་སྒྲ་ནི་རྟག་པར་ཞེན་པ་དེས། །འཛིན་སྟངས་དེ་ཡིས་ཞེན་པའི་ཡུལ་ཉིད་དུ། །སྒྲ་ནི་རྟག་པར་ཡོད་པར་ཤེས་བྱ་ལ། །ཤེས་བྱེད་བློས་ཀྱང་ཤེས་བྱ་དེར་མཐུན་པར། །ལོག་པར་རྟོག་པར་བྱེད་པ་མཐོང་མིན་ནམ། །སྒྲ་ནི་རྟག་པར་བདེན་པ་གཉིས་ཀར་མེད། །དེ་བཞིན་དངོས་པོའི་ཀུན་རྫོབ་ཆོས་འདི་ལ། །བདག་དང་བདེན་པ་བདེན་པ་གཉིས་(༣༡༡བ)


K800_Page_635
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཡང༌། །མ་གྲུབ་དེ་ལྟ་ན་ཡང་འཁྲུལ་ཤེས་ངོར། །ཤེས་བྱ་ཀུན་རྫོབ་པ་ཡི་བདག་ཉིད་དང༌། །ཀུན་རྫོབ་བདེན་པ་དེར་འཛིན་བཅས་དེ་དག །བལྟོས་བཞག་ཙམ་གྱི་ཤེས་བྱ་ཤེས་བྱེད་ནི། །མཚུངས་པར་མ་དཔྱད་ངོར་ཡོད་དཔྱད་པ་ན། །ཤེས་བྱ་ཤེས་བྱེད་གཉིས་ཀར་ཡོད་མ་ཡིན། །གངས་ཅན་འདི་ན་རྟག་དང་མི་རྟག་དང༌། །བདག་དང་བདག་མེད་འཛིན་སྟངས་ཕུང་གསུམ་པ། །མེད་ཅིང་རྟག་དང་མི་རྟག་བདག་བདག་མེད། །མི་འཛིན་འཛིན་སྟངས་ཕུང་གསུམ་བློ་ཡོད་ལོ། །གཞི་གཅིག་རྟག་དང་མི་རྟག་བདག་བདག་མེད། །གཉིས་ཀར་འཛིན་བློའི་འཛིན་སྟངས་ཅན་བློ་དེ། །འཇིག་རྟེན་དག་ན་ཡོད་དམ་མེད་ཅེས་འདྲི། །མེད་ན་ལུང་མ་བསྟན་གྱི་ལྟ་བ་ནི། །བཅུ་བཞི་བྱུང་བ་ཁྱོད་ཀྱིས་འགོག་ནུས་སམ། །ཡོད་ན་རྟག་མི་རྟག་བདག་བདག་མེད་ཀྱིས། །འཛིན་སྟངས་ཕུང་གསུམ་མེད་པར་འདོད་དང་འགལ། །དེ་གཉིས་གང་ཡང་མིན་པའི་ཕུང་གསུམ་གྱི། །འཛིན་སྟངས་ཅན་གྱི་བློ་ཞིག་ཡོད་ན་དེ། །དེ་གཉིས་འཛིན་པའི་ཕུང་གསུམ་མེད་བློ་ཡི། །བར་དུ་འཛིན་སྟངས་འགལ་བའི་ཕུང་གསུམ་བློ། །གཏན་ནས་ཡོད་པར་རིགས་པ་མ་ཡིན་ཏེ། །རང་བཞིན་མེད་པ་ཉིད་ནི་ལོག་ན་དེ། །རང་བཞིན་ཉིད་འགྱུར་བར་དུ་ཕུང་གསུམ་པ། །གཏན་མེད་སྨྲ་བའི་བར་དུའང་འཛིན་སྟངས་ནི། །ཕུང་གསུམ་པ་ཞིག་བཞག་པར་རིགས་འགྱུར་ཕྱིར། །དེ་ཡང་ཁྱོད་ཀྱིས་འདོད་པ་མ་ཡིན་ནོ། །རྟགས་ཀྱི་དགག་བྱ་བདག་བདེན་མ་དཔྱད་ངོར། །ཤེས་བྱར་ཡོང་ཡེ་མེད་ན་བདག་བདེན་པ། །འཁྲུལ་པའི་དམིགས་པ་འདིས་ནི་སྐྱེ་བོ་ཀུན། །འཁྲུལ་པར་བྱས་པའི་རྨོངས་པ་འདིར་ལྟོས་ལ། །འཁྲུལ་པའི་སྐྱེ་བོ་འདི་དག་ཐ་སྙད་དུའང༌། །མེད་(༣༡༢ན)


K800_Page_636
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཁས་ལེན་འགྱུར་ན་ངས་ཅི་བྱ། །འཁྲུལ་ཚེ་འཁྲུལ་ཡུལ་བློ་ངོ་དེ་ན་མེད་པར་འཁྲུལ་ན་ནི། །འགྲོ་འདི་ཐམས་ཅད་འཁྲུལ་པའི་དམིགས་པར་རི་བོང་རྭ་ཡང་འགྱུར། །དགག་བྱའི་བདག་བདེན་འཁྲུལ་ནས་མ་དཔྱད་ངོར་ནི་ཡོད་པའི་ཚེ། །བདག་བདེན་འཁྲུལ་པ་མེད་པ་བདེན་པ་གཉིས་ཀར་ཡོད་མ་ཡིན། །དབུ་མའི་གྲུབ་མཐའ་རང་ལུགས་ཅི་འཇོག་འདི་འཇོག་ཚང་བརླག་ནས། །ཅི་ཟེར་འདི་ཟེར་མེད་པ་ཟེར་རྒྱུས་ཕོངས་པ་འདི་སྙིང་རྗེ། །ཞེས་སྨྲས་སོ།།གཉིས་པ་ནི། ཇི་ལྟར་ཁྱོད་ཀྱིས་ཉི་མའི་དཀྱིལ་འཁོར་ལ་ཡོད་ཁྱད་པར་རྣམས། །གཟུགས་བརྙན་ལ་ཡང་གཟས་བཟུང་ལ་སོག་རྣམས་ཚེ་མཐོང་འགྱུར་ལ། །ཉི་མ་དང་ནི་གཟུགས་བརྙན་རྣམ་པར་ཕྲད་དང་མ་ཕྲད་པར། །མི་རིགས་མོད་ཀྱི་བརྟེན་ནས་ཐ་སྙད་ཙམ་ཞིག་འབྱུང་འགྱུར་ཞིང༌། །མི་བདེན་བཞིན་དུའང་རང་གི་བྱད་བཞིན་མཛེས་པར་བསྒྲུབ་བྱའི་ཕྱིར། །དེ་ནི་ཡོད་པ་ཇི་ལྟར་དེ་བཞིན་འདིར་ཡང་ཤེས་རབ་གདོད། །སྦྱང་བར་བྱ་ལ་ནུས་པ་མཐོང་བར་འགྱུར་བའི་གཏན་ཚིགས་ནི། །འཐད་པ་དང་བྲལ་ལས་ཀྱང་བསྒྲུབ་བྱ་རྟོགས་ཞེས་ཤེས་པར་བྱ། །ཇི་ལྟར་ཁྱོད་ཀྱིས་ཉི་མའི་དཀྱིལ་འཁོར་ལ་ཡོད་པའི་གཟས་བཟུང་བའི་ཁྱད་པར་རྣམས་ཆུ་དྭངས་པར་ཤར་བའི་ཉི་མའི་གཟུགས་བརྙན་ལ་ཡང་གཟས་བཟུང་བ་ལ་སོགས་པ་རྣམས་དེའི་ཚེ་མཐོང་བར་འགྱུར་ལ། དེའི་ཚེ་ཉི་མ་དང་ནི་གཟུགས་བརྙན་བརྟེན་པའི་ཆུ་རྣམ་པར་ཕྲད་ནས་གཟུགས་བརྙན་འཆར་ན་ནམ་མཁར་ཉི་མ་མེད་པར་འགྱུར་བ་དང༌། མ་ཕྲད་པར་འབྲེལ་མེད་དུ་འཆར་ན་དེ་གཉིས་པར་རྫས་གཞན་གྱིས་ཆེད་པར་ཡང་འཆར་བས་དཔྱད་ན་གཟུགས་བརྙན་བྱ་བ་ཅུང་ཟད་ཀྱང་མི་རིགས་མོད་ཀྱི། མ་དཔྱད་ན་ཆུ་དྭངས་པ་དང་ཉི་མའི་རྐྱེན་ལ་བརྟེན་ནས་གཟུགས་བརྙན་དུ་དམིགས་པ་ཐ་སྙད་ཙམ་ཞིག་འབྱུང་བར་འགྱུར་ཞིང༌། ཉི་མའི་གཟུགས་བརྙན་ལ་ཉི་མའི་རང་བཞིན་མེད་ཀྱང་ཉི་མ་གཟས་ཇི་ཙམ་དུ་ཟ་བར་རྟོགས་པ་ངེས་བྱེད་དུ་འགྱུར་བ་བཞིན་ནོ། །དེས་ན་སུན་འབྱིན་དབྱུང་ཕྲད་མ་ཕྲད་ཀྱི་རང་བཞིན་གང་དུ་ཡང་མ་གྲུབ་བཞིན་སུན་འབྱིན་གྱིས་དབྱུང་བྱ་ཕྱུང་བར་འཇིག་རྟེན་དུ་ཐ་སྙད་འབྱུང་བའི་དཔེ་བཤད་མ་ཐག་པ་ཉིད་དང༌། སླར་ཡང་མེ་ལོང་ནང་དུ་ཤར་བའི་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་ཉིད་དུ་(༣༡༢བ)


K800_Page_637
[མ་དཔེ་གཟིགས་ན་འདིར་གནོན།]

མི་བདེན་བཞིན་དུའང་དེ་ལ་བརྟེན་ནས་རང་གི་བྱད་བཞིན་མཛེས་པར་བསྒྲུབ་པར་བྱ་བའི་ཕྱིར་དུ་གཟུགས་བརྙན་དེ་ནི་བྱད་བཞིན་མཛེས་པར་བྱ་བའི་རྟེན་དུ་མ་དཔྱད་པར་ཡོད་པ་ཅི་ལྟར་དེ་བཞིན་དུ་གཞན་འཇིག་རྟེན་ལ་གྲགས་པ་འཇིག་རྟེན་གྱིས་ཁས་བླངས་པའི་རིགས་པས་དེ་ཉིད་ཀྱི་འདོད་པ་དགག་པའི་སྐབས་འདིར་ཡང་རྒོལ་བ་གང་གིས་ཤེས་རབ་ཀྱི་གདོད་མི་ཤེས་པའི་དྲི་མ་སྦྱང་བར་བྱ་བ་ལ་རང་བཞིན་གྱིས་སྟོང་པའི་སུན་འབྱིན་གྱིས་གཞན་ངོར་སུན་དབྱུང་བྱ་སུན་འབྱིན་པ་དང་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མཐོང་བར་གྱུར་པའི་ཕྱིར། གཞན་གྲགས་ཀྱི་གཏན་ཚིགས་ནི་རང་བཞིན་གྱིས་གྲུབ་པའི་རྟགས་ཚུལ་གྱི་འཐད་པ་དང་བྲལ་བ་ལས་ཀྱང་བསྒྲུབ་བྱ་རྟོགས་པར་བྱེད་དོ་ཞེས་ཤེས་པར་བྱའོ། །འདིར་ཤར་ཙོང་ཁ་པས། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་མཐུན་དཔེར་མེ་ལོང་གི་གཟུགས་བརྙན་བཀོད་པ་ནི་དངོས་པོ་དེ་དེར་དོན་བྱེད་པར་གཞི་གྲུབ་པས་སྟོང་པ་མིན་གྱི། རྟགས་ཀྱི་དགག་བྱས་སྟོང་པའི་དཔེ་ཡིན་པས་མེ་ལོང་གི་གཟུགས་བརྙན་གཟུགས་བརྙན་གྱི་དངོས་པོར་གཞི་གྲུབ་ཀྱང་བྱད་བཞིན་དུ་མ་གྲུབ་པ་དཔེར་ཕེན་པ་ཡིན། ཞེས་ཟེར་བ་ནི་ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་གྲུབ་ཐོབ་རྣམས་ཀྱིས་བཀག་པ་ཡིན་ཏེ། སློབ་དཔོན་བྷ་བ་བྷ་ཏྲའི་རྡོ་རྗེ་མཁའ་འགྲོའི་འགྲེལ་པར། གཟུགས་བརྙན་ལ་སོགས་པ་ཡང་དངོས་པོ་ཉིད་དུ་རུང་བ་མིན་ཏེ། འདི་ལྟར་བཞིན་ཉིད་མེ་ལོང་གི་ནང་དུ་ཞུགས་པའམ། གཟུགས་བརྙན་ཞིག་དེར་བྱུང་བའམ། མེ་ལོང་ལ་མིག་གི་འོད་འདྲེད་ནས་གཞན་ཉིད་མཐོང་བའམ། རྣམ་པར་ཤེས་པ་ཉིད་ཡིན་ནོ། །ཞེས་བྱ་བར་འགྱུར་གྲང་ན། དེ་ལ་རེ་ཞིག་གཟུགས་གཞན་ཞིག་དེར་འབྱུང་བ་ནི་མིན་ཏེ། ལུས་གཞན་(༣༡༣ན)


K800_Page_638
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐོགས་པ་དང་བཅས་པའི་ཕྱིར་ཏེ། ཡུལ་གཅིག་པ་མི་རིགས་པའི་ཕྱིར་རོ། །མེ་ལོང་ལ་འདྲེད་པའི་འོད་ཀྱིས་བཞིན་མཐོང་བའང་མ་ཡིན་ཏེ། འདི་ལྟར་བཞིན་ཁ་ཤར་དུ་བལྟས་བཞིན་གཟུགས་བརྙན་ནུབ་ཏུ་བལྟས་པར་སྣང་བ་དང༌། བཞིན་ཆེན་པོ་གཟུགས་བརྙན་ཆུང་ངུར་སྣང་བ་དང༌། ཆུ་འགྲམ་ལ་སོགས་པའི་ལྗོན་ཤིང་གྱེན་དུ་བལྟས་པ་རྩེ་མོ་མཐུར་དུ་བལྟས་པར་སྣང་བ་ལ་སོགས་པ་རྣམ་པ་མི་མཐུན་པར་སྣང་བའི་ཕྱིར་རོ། །རང་གི་བཞིན་ཉིད་དུ་ཞུགས་པ་ཡང་མ་ཡིན་ཏེ། གོང་དུ་ཐལ་བའི་སྐྱོན་ཐམས་ཅད་ཡོད་པའི་ཕྱིར་དང༌། གཟུགས་བརྙན་མ་ཡིན་པར་འགྱུར་རོ། །ཤེས་པ་ཉིད་ཀྱང་མ་ཡིན་ཏེ། ལུས་ཅན་མ་ཡིན་པ་ཡུལ་ན་མི་གནས་པའི་ཕྱིར་རོ། །འདིའི་སྤྲོས་པ་དང་བཅས་པའི་སྦྱོར་བ་ནི་དབུ་མའི་བསྟན་བཅོས་སུ་བལྟ་བར་བྱའོ། །ཞེས་སོགས་རྒྱས་པར་འབྱུང་བའི་ཕྱིར་རོ། །དེས་ན་ཁོ་བོ་ཅག་སུན་འབྱིན་དབྱུང་རང་བཞིན་གྱིས་གྲུབ་པ་གཉིས་ཁས་མ་བླངས་པས་རང་ཚིག་ལ་འགལ་བ་མེད་ཅིང༌། སུན་འབྱིན་དབྱུང་བཏགས་བཞག་ཙམ་དུ་མ་དཔྱད་པར་འཇོག་པ་ལས་སུན་འབྱིན་དབྱུང་རྫས་གྲུབ་པ་གཉིས་ཕྲད་མ་ཕྲད་པ་གང་གི་སྒོ་ནས་སུན་ཕྱུང་ཞེས་དབུ་མ་པ་ལ་ལན་ལྡོན་པར་རློམ་པས་ནི་དབུ་མ་པ་ལ་གླགས་མི་རྙེད་དེ། འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང༌། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཅེས་དང༌། བསྟན་བཅོས་ལས། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་(༣༡༣བ)


K800_Page_639
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་འགྱུར། །ཞེས་པའི་ཚིགས་བཅད་དང་པོས་ནི་དབུ་མ་པ་ལ་སྐྱོན་མེད་པ་ཉིད་དུ་བསྟན། གཉིས་པས་ཚུར་ལན་འདེབས་མི་ནུས་ཤིང་གཞན་གྱི་ལོག་རྟོག་ཐམས་ཅད་སེལ་ནུས་ལ། དབུ་མ་པ་ལ་ཕྱོགས་དང་དམ་བཅའ་ཁས་ལེན་དང་བྲལ་བ་ནི་སྔར་ཡང་རྒྱས་པར་བཤད་ཟིན་ཏོ།།བསལ་བྱ་སྟེ་སུན་དབྱུང་བྱ། སུན་འབྱིན་པའི་གོ་བྱེད་དེ་བསལ་བྱེད། སུན་འབྱིན་དབྱུང་ཕྲད་མ་ཕྲད་དཔྱད་ན་རང་བཞིན་མེད་ཀྱང་མ་དཔྱད་པར་སུན་འབྱིན་གྱི་བྱ་བ་འཐད་པ་འདི་ནི་སྐྱེད་བྱེད་ཀྱི་རྒྱུས་འབྲས་བུ་བསྐྱེད་པ་ན་ཕྲད་མ་ཕྲད་དཔྱད་ན་རང་བཞིན་མེད་ཀྱང་མ་དཔྱད་པར་སྐྱེད་བྱེད་ཀྱི་རྒྱུ་ཡང་འཐད་པར་རྣམ་པར་བཤད་དོ། །དངོས་སྨྲ་བའི་ལྟག་ཆོད་མི་མཚུངས་པའི་རྩོད་ལན་དེ་ལ་སློབ་དཔོན་ཆེན་པོ་ལེགས་ལྡན་བྱེད་ན་རེ། དབུ་མའི་བསྟན་བཅོས་འདིར་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཕྲད་མ་ཕྲད་དཔྱད་ནས་རང་བཞིན་འགོག་པ་སྐབས་སུ་བབ་པ་ཡིན་གྱི། གསལ་བྱེད་ཀྱི་རྒྱུ་སུན་འབྱིན་ནི་ལོག་རྟོག་བཟློག་པ་ཙམ་དུ་ཟད་པ་ལས་དངོས་སུ་རྒྱུ་ཡིས་འབྲས་བུ་བསྐྱེད་པ་ལྟར་བྱར་མེད་པས་ཕྲད་མ་ཕྲད་ཀྱི་དཔྱད་པ་མཚུངས་པར་འཇུག་པ་ནི་མ་ཡིན་པས། དངོས་སྨྲ་བའི་བརྒལ་བ་ཕྲད་མ་ཕྲད་ཀྱི་དཔྱད་པ་གསལ་བྱེད་ཀྱི་རྒྱུ་ལ་མཚུངས་པར་བརྗོད་པ་ལས་སྐྱེད་བྱེད་ཀྱི་རྒྱུ་ལ་དཔྱད་པ་དེ་འཇུག་པ་ཉིད་ཀྱིས་དེ་ལ་མཚུངས་པ་བྱས་པ་མ་ཡིན་པས། ཁོ་བོ་ཅག་ལེགས་ལྡན་བྱེད་ལ་ནི་ལྟག་ཆོད་ཀྱི་མཚུངས་པ་འཇུག་སྐབས་མེད་དོ་ཞེས་སྨྲ་བ་དེ་ནི་དངོས་སྨྲ་བའི་བརྒལ་ལན་དུ་མི་འགྱུར་ཏེ། ད་དུང་གླགས་དང་བཅས་པའི་ཚིག་བརྗོད་པའི་ཕྱིར་ཏེ། ཕ་རོལ་པོ་དངོས་སྨྲ་བ་མི་བཟོད་པས་འདི་སྐད་དུ་བརྗོད་པར་བྱེད་དུ་འོངས་ཏེ། སྐྱེད་པར་བྱེད་པའི་རྒྱུ་(༣༡༤ན)


K800_Page_640
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ལ་རང་བཞིན་ཡོད་པར་རྟོག་ནས་དཔྱད་རིགས་པ་ལྟར་གསལ་བྱེད་ཀྱི་རྒྱུ་འབྲས་ལའང་རང་བཞིན་ཡོད་པར་རྟོག་ནས་དཔྱད་རིགས་པར་མཚུངས་པ་དེ་ཉིད་འཇུག་པའི་གླགས་ཡོད་པའི་ཕྱིར་ཏེ། སུན་འབྱིན་དབྱུང་རང་བདེན་པ་ཞིག་རང་ལུགས་ལ་ཁས་བླངས་ནས་ལན་དེ་ལྟར་བརྗོད་ན་ད་དུང་ལྟག་ཆོད་ཀྱི་མཚུངས་པ་སྤང་མི་ནུས་པའི་ཕྱིར་ཁྱེད་ཀྱི་ལན་དུ་བྱ་བའི་རྩོད་སྤོང་དེ་མི་རིགས་པ་ཉིད་དོ། །ཐལ་འགྱུར་བ་ཁོ་བོ་ཅག་ནི། སུན་འབྱིན་དབྱུང་དཔྱད་ན་རང་བཞིན་མེད་ཀྱང༌། མ་དཔྱད་ངོ་ནས་བཞག་པས་ལྟག་ཆོད་ཀྱི་གནོད་པར་འགྱུར་བ་ནམ་མཁའ་མ་ཞིག་གི་བར་དུ་མེད་དོ།།གཞན་ཡང་ལེགས་ལྡན་འདིས་བསྟན་བཅོས་སུ་དམ་བཅས་པ་ནི་གཞན་གྱི་ལོག་རྟོག་བཟློག་ཆེད་ཡིན་པས་དེའི་གཏན་ཚིགས་ཀྱང་འཇིག་རྟེན་རང་ཉིད་ཀྱིས་ཁས་བླངས་པའི་གཞན་གྲགས་བཀོད་པ་ཡིན་པའི་གནད་མ་རྟོགས་པར་དམ་བཅའི་དོན་བསྒྲུབ་པའི་ཕྱིར། རང་གི་ལུགས་ཀྱི་གཏན་ཚིགས་འགོད་པར་བྱེད་པ་དེའི་གཏན་ཚིགས་དང་ཁྱབ་པ་ལ་ལྟག་ཆོད་འགོག་པར་བྱེད་པའི་ལེགས་ལྡན་གྱི་ལུགས་འདི་ནི་གཞན་དངོས་སྨྲ་བས་སུན་དབྱུང་བྱ་ཁོ་ན་ཡིན་ཏེ། ཐ་སྙད་དུ་རང་ལུགས་ཀྱིས་བཞག་པའི་རྟགས་དང་མཐུན་དཔེ་སོགས་ཚད་གྲུབ་ཁས་བླངས་པ་ཉིད་ཀྱིས་ཆོས་ཐམས་ཅད་བདེན་པ་ལ་སོགས་སྤྲོས་བྲལ་དུ་བསྒྲུབ་པ་ལ་ཆེས་གནོད་པའི་ཕྱིར་ཏེ། ཐ་སྙད་པར་ཡང་རང་ལུགས་སུ་བསྒྲུབ་བྱ་སྒྲུབ་བྱེད་གང་བཞག་པ་དེ་ཉིད་ཀྱི་སྤྲོས་པ་ཉེ་བར་མ་ཞི་བའི་ཕྱིར། དེས་ན་ཁོ་བོ་ཅག་ཟླ་བ་གྲགས་པས་ཐ་སྙད་དུ་ཡང་གཏན་ཚིགས་ལ་སོགས་པ་ལ་རང་ལུགས་ཚད་མས་གྲུབ་པ་མི་སྲིད་ཀྱང༌། (༣༡༤བ)


K800_Page_641
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ངོར་སྤྲོས་མཐའ་འགོག་ཆེད་དུ་མ་དཔྱད་པར་འཇིག་རྟེན་གཞན་གྲགས་ཀྱི་གཅིག་དུ་བྲལ་གྱི་ཚད་མས་བདེན་པའི་སྐྱེ་བ་འགོག་པའི་ལན་བཏབ་པ་འདི་ཁོ་ན་མཛེས་ཏེ། འདི་ལ་ནི་རྒོལ་བ་གཞན་སུས་བརྒལ་ཀྱང་གནོད་པ་མེད་དེ། རང་ལུགས་བཞག་པ་དང་འགར་ཡང་འགལ་བ་མེད་པའི་ཕྱིར། གནམ་ལྕགས་ཇི་ལྟར་རྣོ་ངར་དང་ལྡན་ཡང་ནམ་འཁའི་རང་བཞིན་གཞོམ་པར་མི་ནུས་པ་བཞིན་ནོ། །དེས་ན་དབུ་མ་ཐལ་རང་གི་ཁྱད་པར་ནི་ཐ་སྙད་དུ་དབུ་མའི་ཆོས་ཚུལ་སོགས་རྒྱལ་བའི་གསུངས་རབ་ལ་འཆད་རྩོད་རྩོམ་པས་གཞན་གྱི་ལོག་རྟོག་བཟློག་པ་ན་དེ་བཟློག་ཆེད་ཀྱི་ལུང་དང་རིགས་པ་ལ་ཐ་སྙད་དུ་ཡང་ཚད་མ་སོགས་ཀྱི་རང་བཞིན་ཡོད་ནས་དེའི་ལོག་ཕྱོགས་བཟློག་པར་འགྱུར་བའི་རང་བཞིན་ཡོད་པ་མིན་ཀྱང་འཇིག་རྟེན་གཞན་གྱི་ཚད་མའི་གྲགས་བརྗོད་ཀྱི་རྗེས་ཟློས་ལས། དོན་དམ་པར་མ་ཟད་ཡང་དག་པར་འཇིག་རྟེན་ཀུན་རྫོབ་པར་ཡང་མི་འགྲུབ་པའི་ཆོས་འགོག་པར་བྱེད་དོ་ཞེས་པ་ནི་ཐལ་འགྱུར་བ་དང༌། དེ་ལས་བཟློག་སྟེ་དོན་དམ་པར་ལོག་རྟོག་བཟློག་པའི་གཏན་ཚིགས་སོགས་ལ་དོན་དམ་པར་ཚད་མར་གྲུབ་པའི་རང་བཞིན་མེད་ཀྱང༌། ཐ་སྙད་དུ་ལོག་རྟོག་བཟློག་པ་ན་ཐ་སྙད་དུ་གཏན་ཚིགས་སོགས་ཚད་མས་གྲུབ་པར་ཁས་མ་བླངས་ན་དངོས་པོར་སྨྲ་བའི་ལོག་རྟོག་བཟློག་མི་ནུས་སོ་ཞེས་པ་ནི་རང་རྒྱུད་པའི་ལུགས་ཏེ། ཐལ་རང་གི་དབུ་མའི་གྲུབ་མཐའང་འདི་ཁོ་ནས་འབྱེད་ཅིང༌། གཞན་དུ་མ་དཔྱད་པ་ན་ཐ་སྙད་འཇོག་ཚུལ་མི་གཅིག་པའི་བཞེད་པ་སོ་སོར་སྣང་བ་དེ་དག་གིས་ནི་ཐལ་རང་གི་གྲུབ་མཐའ་གཉིས་སུ་འཇོག་བྱེད་མ་ཡིན་པས། འདི་ཙམ་ལས་གཞན་དུ་ཐལ་རང་གི་དབུ་མའི་(༣༡༥ན)


K800_Page_642
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ལ་ཟབ་ཁྱད་ཡོད་པས། དེས་ལུགས་གཉིས་ཀྱི་ཁྱད་པར་བྱེད་དོ་ཞེས་རྗེ་བཙུན་བྱམས་པས་རིལ་བ་ཁུར། འཕགས་པ་འཇམ་དཔལ་སེང་གེ་ལ་ཞོན། ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་དཔུང་ཚོགས་ཆེན་པོ་ཁྲིད་ནས་བྱོན་ཏེ་ཇི་ཙམ་དུ་གསུངས་ཀྱང་ཁོ་བོས་ནི་དྲང་དོན་ལས་བདེན་སྙམ་དུ་མི་བགྱིད་དེ། འཇིག་རྟེན་ཀུན་རྫོབ་པར་སྔོན་བྱོན་པའི་ཐལ་རང་གི་དབུ་མ་སྨྲའོ་ཅོག་གི་ལུགས་ཀྱི་གྲགས་པ་དང་འགལ་བའི་ཕྱིར། སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ཅན་གྱི་གསུང་གིས། ཁྱོད་ཀྱིས་ཕ་མ་བསད་བྱ་ཞིང༌། །ཞེས་འཆད་པ་ལྟར་གོར་མ་ཆག་གོ། །གསུམ་པ་ནི། གལ་ཏེ་རང་གི་བསྒྲུབ་བྱ་གོ་བྱེད་གཏན་ཚིགས་དངོས་གྲུབ་དང༌། །དངོས་སུ་གོ་བྱ་ཉིད་འགྱུར་བསྒྲུབ་བྱའི་ངོ་བོའང་ཡོད་འགྱུར་ན། །ཕྲད་པ་ལ་སོགས་རིགས་པ་ཉེ་བར་སྦྱོར་བར་འགྱུར་ཞིག་ན། །དེ་ཡང་ཡོད་པ་མིན་པས་ཁྱེད་ཀྱི་ཡི་ཆད་འབའ་ཞིག་ཡིན། །གཞན་ཡང་གལ་ཏེ་དབུ་མ་པ་ལ་རང་ལུགས་ཀྱི་བསྒྲུབ་བྱ་གོ་བྱེད་ཀྱི་གཏན་ཚིགས་དངོས་པོར་གྲུབ་པ་དང༌། གཏན་ཚིགས་ཀྱིས་དངོས་སུ་གོ་བྱ་ཉིད་དུ་འགྱུར་བའི་ནུས་ཡུལ་གྱི་བསྒྲུབ་བྱའི་ངོ་བོ་ཉིད་ཀྱི་གྲུབ་པའང་ཡོད་པར་འགྱུར་ན། བསྒྲུབ་བྱ་སྒྲུབ་བྱེད་ཕྲད་པ་དང་མ་ཕྲད་པ་ལ་སོགས་ཀྱི་རིགས་པ་ཉེ་བར་སྦྱོར་ཞིང་སྦྱར་བ་དེས་སུན་འབྱིན་པར་འགྱུར་བ་ཞིག་ན། ཁོ་བོ་ཅག་ལ་ངོ་བོ་ཉིད་ཀྱིས་གྲུབ་པའི་རྟགས་སོགས་དེ་ཡང་ཡོད་པ་མིན་པས་ཁྱོད་ཀྱི་རང་གི་ལུགས་མི་རིགས་པས་ཕྱེ་མར་བྱས་པ་དེ་ཉིད་ཀྱིས་གཞན་གྱི་རིགས་པར་བརྗོད་པ་ལ་མི་རིགས་སོ་ཞེས་འགོད་པ་ནི་ཁོ་བོ་ཅག་ལ་སྐྱོན་བརྗོད་རྒྱུ་ཟད་དེ་ཡི་ཆད་འབའ་ཞིག་གིས་སྨྲ་བ་ཡིན་ཏེ། དཔེར་ན། རབ་རིབ་ཅན་གྱི་སྐྲ་ཤད་ཀྱིས་རབ་རིབ་ཅན་མིན་པ་ལ་མ་གནོད་པ་བཞིན་རང་བཞིན་མེད་པ་ལ་མ་དཔྱད་པར་རྒྱུ་འབྲས་འཇོག་པ་ན་རང་བཞིན་དང་བཅས་པའི་རྒྱུ་འབྲས་ལ་བརྗོད་པའི་སྐྱོན་བཀོད་པས་ག་ལ་གནོད། དེས་ན་དངོས་སྨྲ་བས་དབུ་མ་པ་ལ་བརྒལ་བརྟག་ནི་རང་གི་རྟོག་པའི་རྒྱབ་ཀྱིས་བཀའ་(༣༡༥བ)


K800_Page_643
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྗོད་པར་ཟད་དེ། རང་འདོད་པའི་བཟློག་དོན་དབུ་མ་པས་ཀྱང་ངེས་པར་ཁས་ལེན་ནོ་སྙམ་ནས་དགག་སྒྲུབ་བྱེད་ཅིང༌། རང་འདོད་པ་ལྟར་དབུ་མ་པས་ཀྱང་རང་ཕྱོགས་གཞན་ཕྱོགས་བསྒྲུབ་བྱ་སྒྲུབ་བྱེད་སུན་འབྱིན་དབྱུང་སོགས་འདོད་པར་བསམས་ནས་རྩོད་པ་ཡིན་པས། དངོས་སྨྲ་བས་དབུ་མ་པ་ལ་དགག་པར་བྱེད་པ་དེ་ཐམས་ཅད་ཕྱོགས་སྔའི་དོན་གཏན་མ་གོ་བར་རང་གི་རྣམ་རྟོག་རྒོལ་བར་བསླངས་ནས་དགག་པར་བྱེད་པར་ཟད་པའི་ཕྱིར། ཁོ་བོའི་ཕ་གཅིག་སངས་རྒྱས་མཉན་པ་གྲུབ་ཐོབ་ཀྱི་མགུར་དུ། ཁྱོད་བདག་བདེན་དུ་སྒྲུབ་པར་བྱེད་པ་ཡི། །ལུང་རིགས་ཁས་ལེན་གྱི་སྐྱེས་བུ་ཀུན། །བདག་བདེན་མེད་དུ་རེ་བ་ལ་ཆེར་སྐྲག་ནས། །དོན་མེད་ཀྱི་དགག་སྒྲུབ་ཅི་ཡང་བྱེད། །བདག་བདེན་དང་བདག་བདེན་མེད་པ་ཡི། །ཕྱོགས་གཉིས་ལ་ཡོངས་སུ་འཛིན་མེད་ཚེ། །དགག་སྒྲུབ་ཀྱི་རྩོད་པ་ཕྱིར་ལ་ལོག །ལུང་རིགས་དུང་ཕྱུར་གྱིས་གནོད་པ་མེད། །ཕོ་སྟོན་བཟང་གི་གྲྭ་སར་མ་ཕྱིན་ཀྱང༌། །ཕྱོགས་ལས་རྣམ་རྒྱལ་གྱི་སེང་གེའི་སྒྲ། །ཐང་ན་བུན་ཐུལ་བའི་མཐིལ་ནས་བསྒྲགས། །ཞེས་དང༌། དཔལ་མཁའ་སྤྱོད་དབང་པོས། གཞུང་ལུགས་ཀྱི་ལྟ་བ་ཅི་བཟང་ཡང༌། །གནས་ལུགས་ཀྱི་དོན་ལས་ཕྱིན་ཅི་ལོག །ཅེས་འབྱུང་བ་ལྟར་འདིར་འགྱུར་ཏེ། ཚད་གྲུབ་ཀྱི་རིགས་པ་ཅི་བཟང་ཡང༌། །གནས་ལུགས་དང་རྒྱབ་འགལ་ནག་པོར་སྤྲོད། །ཅེས་པའི་དོན་ཡིན་ནོ། །རྒྱུ་མཚན་དེས་ན་མིག་དང་ཁབ་ལེན་སོགས་མ་ཕྲད་པར་བྱ་བ་བྱེད་པའི་དཔེ་ལ་ཡང་དཔྱད་པ་ན་ཐལ་བ་མཚུངས་པས་མི་འགྲུབ་སྟེ། བསྟན་བཅོས་ལས། མར་མེས་ཕྲད་པ་མེད་པར་ཡང༌། །གལ་ཏེ་མུན་པ་སེལ་བྱེད་ན། །(༣༡༦ན)


K800_Page_644
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཀུན་ལ་གནས་པའི་མུན། །འདི་ན་གནས་པ་དེས་བསལ་འགྱུར། །ཞེས་དང༌། རྩོད་ཟློག་ལས། ཡང་ན་མེ་དང་མ་ཕྲད་ཀྱང༌། །མུན་པ་སེལ་བར་བྱེད་ན་ནི། །འདི་ན་ཡོད་པ་གང་ཡིན་པས། །འཇིག་རྟེན་ཁམས་ཀུན་མུན་སེལ་འགྱུར། །ཞེས་སོ། །བཞི་པ་ནི། དངོས་རྣམས་མཐའ་དག་དངོས་པོ་མེད་པར་རྟོགས་སུ་གཞུག་པར་ནི། །ནུས་པར་ཆེས་སླ་ཇི་ལྟ་དེ་ལྟར་རང་བཞིན་གཞན་དག་ལ། །ཁོང་དུ་ཆུད་པར་བདེ་བླག་ཏུ་ནི་ནུས་པ་མ་ཡིན་ནོ། །རྟོག་གེ་ངན་པའི་དྲ་བས་འཇིག་རྟེན་ཅི་སྟེ་འདིར་བཅོལ་བྱེད། །སྒྱུ་མ་དང་རྨི་ལམ་གཟུགས་བརྙན་སོགས་འཇིག་རྟེན་རང་ལ་གྲུབ་པའི་དཔེས་འཁོར་འདས་ཀྱི་དངོས་པོ་རྣམས་མཐའ་དག་དངོས་པོ་མེད་པར་རྟོགས་སུ་གཞུག་པར་ནི་ནུས་པར་ཆེས་སླ་བ་ཇི་ལྟ་བ་དེ་ལྟར་དངོས་པོ་རྣམས་རང་བཞིན་ཡོད་པར་གཞན་དག་ལ་ཁོང་དུ་ཆུད་པར་བདེ་བླག་ཏུ་ནི་འཛིན་པར་ནུས་པའི་ཐབས་ཡོད་པ་མ་ཡིན་ནོ་སྟེ། དེ་ལྟར་སྒྲུབ་པ་ལ་གཉིས་ཀ་ལ་གྲགས་པའི་དཔེ་མེད་པའི་ཕྱིར། དེས་ན་ཁྱོད་ནི་འཇིག་རྟེན་གྱི་གྲགས་པ་ལ་གནོད་པའི་ཆེད་དུ་སུ་ཞིག་གིས་རྦད་པ་ཡིན་ཀྱང་ཁྱོད་རང་ལྷན་སྐྱེས་ཀྱི་ཉོན་མོངས་པ་དར་སྲིན་ལྟར་རྟོག་པའི་སྦུབས་ཀྱིས་གཏུམས་པའི་ཁར་ཀུན་ཏུ་བཏགས་པའི་རྟོག་གེ་ངན་པའི་དྲ་བའི་རྒྱ་ལ་ཚུད་པས་འཇིག་རྟེན་འདི་སྔར་དངོས་པོ་ལ་ལོག་པར་རྟོག་པ་ལས་ད་དུང་ཡང་ཅི་སྟེ་འདིར་བདེན་འཛིན་གྱིས་བཅོལ་བར་བྱེད་དེ་མ་བཅོལ་ཀྱང་ཐོག་མེད་ནས་སྤྲོས་འཛིན་གྱིས་བཅོལ་ཏེ། བཅོལ་ནས་སྨྱོ་བས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་རྦ་ཀློང་དྲག་པོར་འཁོར་འདུག་པ་རེ་སྙིང་རྗེ་བའི་ཕྱིར། དེས་ན་ཁོ་བོ་དབུ་མའི་རིགས་པ་ནི་ལྟག་ཆོད་ཡིན་ནོ་ཞེས་པའི་རྩོད་པ་དེ་མི་རིགས་པས་དོར་བར་གྱིས་ཤིག དེས་ན་འཁོར་འདས་ཀྱི་དངོས་པོ་ཐམས་ཅད་ལ་དོན་བྱེད་པ་དེ་ལྟར་གྲུབ་པར་འཛིན་པའི་ཡུལ་ཅན་མངོན་རྗེས་ཀྱི་ཚད་མ་མེད་དེ། དེའི་གཞལ་བྱའི་ཡུལ་རང་དང་སྤྱིའི་མཚན་ཉིད་མ་(༣༡༦བ)


K800_Page_645
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་ཕྱིར། གཟུགས་བརྙན་བཞིན་ནོ། །འོ་ན་མངོན་སུམ་ཚད་མ་ནི་མ་དཔྱད་ན་འཇིག་རྟེན་སྤྱི་ལ་དོན་མཐུན་དུ་གྲགས་པ་ནི་གཅིག་ཁོ་ན་སྟེ། དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། གྲུབ་པར་ཐལ། ཚད་མ་དེ་ནི་ཡུལ་དང་ཡུལ་ཅན་འགར་ཡང་རང་རིག་པ་དང་གཞན་རིག་པ་ཐམས་ཅད་དང་བྲལ་བའི་ཕྱིར། འགྲེལ་བཤད་དུ། དེའང་ལུང་གི་རྗེས་སུ་འབྲངས་ནས་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །ཞེས་བརྗོད་པར་བྱ་ཞིང༌། དངོས་པོ་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེས་བཀོད་པ་ནི་སློབ་དཔོན་ཟླ་ཞབས་ཀྱི་དགོངས་པ་མིན་ཏེ། རིགས་པས་ཆོས་ཐམས་ཅད་ཐ་སྙད་དུ་བསྒྲུབ་ནུས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་བསྒྲུབ་ནུས་ལ། དེ་མི་ནུས་ན་ཐ་སྙད་དུ་ཡང་ཆོས་ཐམས་ཅད་ལ་སྤྲོས་པ་འགོག་མི་ནུས་པའམ། ཡང་ན་ཐ་སྙད་དུའང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དངོས་མ་ཡིན་པར་འདོད་དགོས་པའི་ཕྱིར། ལྔ་པ་ནི། སུན་འབྱིན་ལྷག་མ་གོང་དུ་བསྟན་པ་ཡང་ནི་ཤེས་བྱས་ནས། །ཕྲད་པ་ལ་སོགས་ཕྱོགས་ཀྱི་ལན་གྱི་ཆེད་དུ་འདིར་གཏང་བྱ། །སུན་ཅི་ཕྱིན་དུ་རྒོལ་བ་པ་ཡང་ཇི་ལྟར་ཡོད་མིན་པ། །དེ་སྐད་སྔར་བཤད་ལྷག་མ་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱ། །དེས་ན་དངོས་པོ་རང་བཞིན་གྱིས་གྲུབ་པར་འདོད་པ་ལ་ཆོས་ཀྱི་བདག་མེད་སྟོན་པ་རྟེན་འབྱུང་རྣམ་པར་བཞག་པ་དང༌། གང་ཟག་གིས་བདག་མེད་སྟོན་པ་བརྟེན་ནས་གདགས་པ་རྣམ་པར་བཞག་པ་དང༌། མཐའ་བཞིའི་སྐྱེ་བ་བཀག་པ་དང༌། རྣམ་བདུན་གྱིས་དཔྱད་པ་སོགས་སུན་འབྱིན་ལྷག་མ་གོང་དུ་བསྟན་པ་ཡང་ནི་ཤེས་བྱས་ནས་ཏེ་དྲན་པར་བྱས་ནས་ཅི་རྒྱུ་འབྲས་ཕྲད་ནས་སྐྱེད་པར་བྱེད་དམ། མ་ཕྲད་པར་སྐྱེད་པར་བྱེད་ཅེས་པ་ལ་སོགས་པའི་ཕྱོགས་ཀྱི་ལན་གྱི་ཆེད་དུ་སུན་འབྱིན་དབྱུང་སོགས་མཐའ་བཞིར་མི་སྐྱེ་ཞིང༌། རིགས་པ་རྣམ་བདུན་གྱིས་མི་རྙེད་པས་ཕྲད་མ་ཕྲད་བརྟགས་ནས་སུན་མི་འབྱིན་ཀྱང༌། མ་དཔྱད་པར་གཞན་གྱི་ལོག་རྟོག་སེལ་བྱེད་དུ་(༣༡༧ན)


K800_Page_646
[མ་དཔེ་གཟིགས་ན་འདིར་གནོན།]

སུན་འབྱིན་ནོ་ཞེས་འདིར་ཡང་སུན་འབྱིན་པའང་ཕྱེ་སྟེ་བརྗོད་པར་བྱའོ། །མཐའ་བཞི་དང་རྣམ་པ་བདུན་དང་ཕྲད་མ་ཕྲད་སོགས་བརྟགས་ན་སྐྱེ་བ་དང་རྙེད་པ་དང་སུན་འབྱིན་པ་མི་འགྲུབ་ཀྱང༌། མ་དཔྱད་པའི་ཐ་སྙད་དུ་སྐྱེ་རྙེད་སུན་འབྱིན་པ་མི་འགལ་ལོ། །སུན་ཅི་ཕྱིན་དུ་རྒོལ་བ་པ་ཡང་ཇི་ལྟར་ཡོད་པ་མ་ཡིན་པ་སྟེ། གཞན་གྱི་རྟོག་པ་དོན་ལ་མི་གནས་པར་བཟློག་པ་ཙམ་ལས་རང་ཕྱོགས་བཞག་ནས་གཞན་ཕྱོགས་སེལ་བར་བྱེད་པ་མ་ཡིན་ཏེ། བསལ་བྱའི་དངོས་པོ་ཅུང་ཟད་ཀྱང་མ་དམིགས་པའི་ཕྱིར། མུ་སྟེགས་རྐང་མིག་པས་དངོས་པོ་ལ་མཚན་ཉིད་བྱས་པ་འདི་ཁྱབ་བྱེད་དུ་མཚན་ཉིད་ཡང་དག་པར་འགྱུར་བས་དེ་ལ་ནི་སུས་ཀྱང་རང་གི་ཕྱོགས་མ་བཞག་ཀྱང་འགྲུབ་ཅིང༌། ཁྱབ་བྱེད་བྱས་པ་དེ་ཁྱབ་བྱེད་མ་བྱས་པ་གཞན་གྱི་ཕྱོགས་ནི་ངེས་པར་བཟློག་པ་སྟེ་བསལ་བར་བྱས་པ་གཞན་ལ་རག་མ་ལས་པའོ་ཞེས་རྫས་ཀྱི་དངོས་པོ་ཁས་བླངས་ནས་སུན་ཅི་ཕྱིན་དུ་རྒོལ་བ་མི་འཐད་དེ། དེ་ལྟར་ན་གཞན་ཕྱོགས་བཟློག་པའི་ཟློག་ཕྱོགས་ཀྱང་རང་ལུགས་ལ་མེད་ཅེས་བརྗོད་པ་ལས་དོན་གྱིས་ཡོད་པར་སོང་བའི་ཕྱིར། དབུ་མ་པ་ཁོ་བོ་ཅག་ནི་གཞན་ཕྱོགས་སུན་ཅི་ཕྱིན་དུ་རྒོལ་བ་ཡང་མིན་ཏེ། རང་ཕྱོགས་ཀྱི་ཆོས་བཞག་རྒྱུ་ཡོད་བཞིན་མ་བཞག་པ་དང༌། གཞན་ཕྱོགས་ཀྱི་ཆོས་དགག་བྱ་ཡོད་བཞིན་དགག་པའང་མ་ཡིན་པའི་ཕྱིར། དེ་ལྟ་བུ་དེ་སྐད་སོགས་སྔར་བཤད་ཀྱི་སུན་འབྱིན་ལྷག་མ་རྣམས་ནི། བདག་ལ་ཕྱོགས་འདི་ནི་ཡོད་པ་མ་ཡིན་པས་ཐལ་བར་འགྱུར་བ་འདི་ནི་སྲིད་པ་མ་ཡིན་ཞེས་སོགས་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱའོ། །དེས་ན། དེ་ཉིད་དེ་ལས་བྱུང་མིན་ཞེས་པ་ནས། རྣམ་(༣༡༧བ)


K800_Page_647
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར། །ཞེས་པའི་བར་གྱིས་ཆོས་ཀྱི་བདག་མེད་གསལ་བར་བྱས་པ་ཡིན་ལ། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ཞེས་པ་ནས་འདི་ཡན་གྱིས་གང་ཟག་གི་བདག་མེད་གསལ་བར་བྱས་སོ། །འདིར་སྨྲས་པ། བདག་གིས་འཁྲུལ་མེད་ཡོངས་སུ་འཛིན་པ་ལ། །བླ་མེད་བྱང་ཆུབ་འདོད་པ་དོན་གཉེར་གྱིས། །སྙིང་ནས་གསོལ་བ་བཏབ་པའི་བཀའ་དྲིན་ལས། །བྱང་ཆུབ་སེམས་གཉིས་བསྐྱེད་པའི་ཐབས་ཤེས་ལ། །རྨོངས་པ་མེད་པའི་ཤེས་རབ་ཅི་ཡང་སྐྱེ། །ཤེས་རབ་འདི་ཡང་བླ་མེད་བླ་མ་ལ། །འབུལ་ལོ་བརྩེ་བས་བཞེས་ཤིག་དགེ་བ་འདིས། །འགྲོ་ཀུན་མཐའ་བྲལ་དོན་འདི་རྟོགས་གྱུར་ན། །ཅི་མ་རུང་ཞེས་བསྔོ་བའི་རྒྱ་ཡིས་བཏབ། །བྱང་ཆུབ་ལམ་འདིར་ཞུགས་དང་ངའི་རྗེས་འབྲང༌། །ཞེས་སོ། །གཉིས་པ་ནི། བདག་མེད་འདི་ནི་འགྲོ་བ་རྣམས་དགྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བ་རྣམ་གཉིས་གསུངས། །དེས་ན་བདག་མེད་པ་སྟོན་ཅིང་སྟོང་པ་ཉིད་ཀྱི་དབྱེ་བ་བརྗོད་ན། བདག་མེད་འདི་ནི་མདོར་བསྡུ་ན་བཅོམ་ལྡན་འདས་ཀྱིས་ཆོས་དང་གང་ཟག་གི་བདག་མེད་པའི་དབྱེ་བས་རྣམ་པ་གཉིས་སུ་གསུངས་ཏེ། གདུལ་བྱའི་འགྲོ་བ་རྣམས་ཉོན་མོངས་པ་དང་ཤེས་སྒྲིབ་ལས་རྣམ་པར་དགྲོལ་བར་བྱ་བའི་ཆེད་ཀྱི་ཕྱིར་རོ། །དེ་ལ་གང་ཟག་གི་བདག་མེད་པ་ནི་ཉན་རང་གྲོལ་བའི་ཆེད་དུ་བསྟན་ལ། བྱང་སེམས་རྣམས་ཀུན་མཁྱེན་ཐོབ་པའི་ཆེད་དུ་གཉིས་ཀ་བསྟན་ཏོ། །ཉན་རང་ཡང་ཆོས་ཀྱི་བདག་མེད་རྟོགས་པ་མ་ཡིན་ནམ་ཞེ་ན། ཉན་རང་རྣམས་ཀྱིས་ཀྱང་རྟེན་འབྱུང་རྐྱེན་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟར་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་ཡོངས་རྫོགས་བསྒོམ་པ་མེད་དེ། ཤེས་བྱ་ཤེས་པ་དང་སེམས་ཅན་གྱི་དོན་ལྷུར་མི་ལེན་པའི་ཕྱིར། དེ་དག་གིས་དུས་ཐུང་ངུར་(༣༡༨ན)


K800_Page_648
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྒྱུད་ཀྱི་ཕུང་ཁམས་སྐྱེ་མཆེད་སོགས་ཆོས་བདག་མེད་པར་བསྒོམ་པས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ཙམ་ཞིག་སྤངས་ཤིང༌། གང་ཟག་གི་བདག་མེད་མ་ལུས་པར་བསྒོམ་པ་ནི་ཡོད་ལ། བྱང་སེམས་རྣམས་ཀྱིས་བསྐལ་པ་གྲངས་མེད་དུ་མར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཆོས་མཐའ་ཡས་པ་དང་རོ་གཅིག་པར་འབྲེལ་བའི་སངས་རྒྱས་ཐོབ་བྱེད་ཀྱི་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་ཆོས་བདག་མེད་པ་ཆོས་ཅན་དེ་སྙེད་ཀྱི་གྲངས་དང་མཉམ་པར་ཡེ་ཤེས་ཀྱི་ཚོགས་སོག་པར་བྱེད་པས་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཟབ་པ་དང་རྒྱ་ཆེ་བ་ཐོབ་ལ། ཉན་རང་གིས་ནི་ཆོས་ཀྱི་བདག་མེད་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་བྱེད་ཀྱི་བྱང་ཕྱོགས་ཀྱི་ཆོས་རྒྱས་པ་དང་ཟུང་དུ་མི་འཇུག་པར་བྱང་ཆུབ་ཀྱི་སེམས་གཉིས་ཡ་བྲལ་བར་བསྒོམ་པས་རྣམ་པར་གྲོལ་བའི་དབྱིངས་ལ་རྗེས་སུ་ཞུགས་པ་ལས་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པ་རབ་ཀྱི་མཐར་ཕྱིན་ཀྱང་ཆོས་སྐུའི་ཡོན་ཏན་སྣ་གཅིག་ཀྱང་མི་འབྱུང་ངོ༌། །


previousགང་ཟག་གི་བདག་མེད་བཤད་པ།next