Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
སྟོང་ཉིད་བཅུ་དྲུག་གི་སྒོ་ནས་བཤད་པ།
   
   
   
   
   
   
   
   


 
previousསྟོང་ཉིད་བཅུ་དྲུག་གི་སྒོ་ནས་བཤད་པ།next

སྟོང་ཉིད་བཅུ་དྲུག་གི་སྒོ་ནས་བཤད་པ།


K800_Page_649
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། མཚམས་སྦྱོར་བ་དང༌། དོན་བཤད་པ་གཉིས། དང་པོ་ནི། དེ་ལྟར་སྟོན་པས་སླར་ཡང་འདི་ཉིད་ནི། །གདུལ་བྱ་རྣམས་ལ་ཕྱེ་སྟེ་རྣམ་མང་གསུངས། །དེ་ལྟར་སྟོན་པས་སླར་ཡང་བདག་མེད་གཉིས་པ་འདི་ཉིད་ནི་གདུལ་བྱ་རྣམས་ལ་ཕྱེ་སྟེ། བཞི་དང་བཅུ་དྲུག་སོགས་རྣམ་པ་མང་པོར་གསུངས་སོ། །གཉིས་པ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བ་གསུམ། དང་པོ་ནི། སྤྲོས་དང་བཅས་པར་སྟོང་པ་ཉིད། །བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། །སླར་ཡང་བཞིར་བཤད་དེ་དག་ནི། །ཐེག་ཆེན་དུ་ཡང་བཞེད་པ་ཡིན། །འདིར་སྟོང་ཉིད་ཉི་ཤུ་ལ་མདོ་ལེ་བརྒྱད་མར་ཉི་ཤུ་དཀྱུས་གཅིག་ལ་གསུངས་ཤིང༌། དེ་ལ་བརྟེན་ནས་འཕགས་སེང་གིས་ཉི་ཤུའི་གྲངས་ངེས་མཛད་ལ། བརྒྱད་སྟོང་པ་དང་རྒྱུད་སྡེ་རྣམས་ལས་སྟོང་ཉིད་བཅུ་དྲུག་ཏུ་(༣༡༨བ)


K800_Page_650
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང༌། དེ་ལ་བརྟེན་ནས་དབུས་མཐའ་དང༌། བརྒྱད་སྟོང་དོན་བསྡུ་སོགས་ལས་བཅུ་དྲུག་ཏུ་གྲངས་ངེས་མཛད་ཅིང༌། མདོ་ལེ་མང་ལས། ཐོག་མར་སྟོང་ཉིད་བཅུ་དྲུག་དང༌། ཡང་གུད་དུ་སྟོང་ཉིད་བཞི་གསུངས་ཤིང༌། དེའི་དོན་བཞི་པོ་བཅུ་དྲུག་ཏུ་འདུ་བར་དགོངས་ཏེ། འཕགས་པ་གྲོལ་སྡེ་དང༌། གནོད་འཇོམས་མཁན་པོ་སོགས་ཀྱིས་ཐ་མ་བཞི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་སྡུད་ཀྱང༌། འདིར་སློབ་དཔོན་གྱིས་དང་པོར་བཅུ་དྲུག་དང༌། ཡང་བཞི་བཤད་པའི་མདོའི་དོན་བཅུ་དྲུག་རྒྱས་པར་བཤད་པ་དང༌། བཞི་ནི་མདོར་བསྡུས་པར་དགོངས་ཏེ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། ། ཞེས་སྤྲོས་པ་དང་བཅས་པར་སྟོང་པ་ཉིད་བཅུ་དྲུག་ཏུ་བཤད་ནས། རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ༌། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ༌། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ༌། །གཞན་གྱི་དངོས་པོ་ནི་(༣༡༩ན)


K800_Page_651
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་དངོས་པོས་སྟོང་ངོ༌། །ཞེས་མདོར་བསྡུས་ཏེ་སླར་ཡང་སྟོང་ཉིད་བཞིར་བཤད་ཅིང༌། སྟོང་ཉིད་ཉི་ཤུ་པོ་དེ་དག་ནི་ཐེག་ཆེན་གྱི་ལམ་དུ་བཞེད་པ་ཡིན་ཏེ། ཤེས་སྒྲིབ་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་རྒྱས་པར་བསྟན་པ་ཡིན་པའི་ཕྱིར། རྒྱས་པར་ཕྱེ་ན་བཅུ་དྲུག བསྡུ་ན་བཞི། ཤིན་ཏུ་བསྡུ་ན་བདག་མེད་གཉིས་སུ་འདུ་ལ། དེ་ལྟར་དབྱེ་བ་ཡང་འཇིག་རྟེན་ཀུན་རྫོབ་ཏུ་ཡིན་གྱི། དཔྱད་ན་ནི་སྟོང་པ་ཉིད་དེ་དག་སྟོང་པ་ཉིད་མ་ཡིན་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། སྟོང་པ་ཉིད་ཀྱི་དབྱེ་བ་དེ་ལྟར་བསྟན་པས་གདུལ་བྱའི་སྐྱེ་བོའི་བསམ་པའི་དབང་གིས་གཟུགས་སོགས་ལྟར་ཀུན་ཏུ་བསྙད་པར་ཟད་དེ། བསྟན་བཅོས་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་དང༌། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང༌། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་སོ། །གཉིས་པ་ལ། སྤྲོས་པ་དང་བཅས་པས་བཅུ་དྲུག་ཏུ་བཤད་པ་དང༌། མདོར་བསྡུས་ཏེ་བཞིར་བཤད་པ་གཉིས། དང་པོ་ལ། ནང་དང༌། ཕྱི་དང༌། ཕྱི་ནང་དང༌། སྟོང་པ་ཉིད་དང༌། ཆེན་པོ་དང༌། དོན་དམ་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། མཐའ་ལས་འདས་པ་དང༌། ཐོག་མ་དང་ཐ་མ་མེད་པ་དང༌། དོར་བ་མེད་པ་དང༌། རང་བཞིན་དང༌། ཆོས་ཐམས་ཅད་དང༌། རང་གི་མཚན་ཉིད་དང༌། མི་དམིགས་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྒྱས་པར་བཤད་པ་དང་བཅུ་དྲུག་གི། དང་པོ་ནི། གང་ཕྱིར་དེ་ཡི་རང་བཞིན་དེ༌། །ཡིན་ཕྱིར་མིག་ནི་མིག་གིས་སྟོང༌། །དེ་བཞིན་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཀྱིས་བསྙད་པར་བྱ། །ཐེར་ཟུག་གནས་པ་མ་ཡིན་དང༌། །འཇིག་པ་མ་ཡིན་ཉིད་ཀྱི་ཕྱིར། །མིག་ལ་སོགས་པ་དྲུག་པོ་ཡི། །རང་བཞིན་མེད་ཉིད་གང་ཡིན་པ། །དེ་ནི་ནང་སྟོང་ཉིད་དུ་འདོད། །མདོ་ལས། (༣༡༩བ)


K800_Page_652
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་ནང་སྟོང་པ་ཉིད་དུ་འགྱུར་བ་ནང་གི་ཆོས་རྣམས་གང་དག་ཡིན་ཅེ་ན། ནང་གི་ཆོས་རྣམས་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དེ། དེ་ལ་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང༌། འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་མིག་ནི་མིག་གིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཞེས་སོགས་ཀྱི་དོན་གང་གི་ཕྱིར་མིག་དེའི་རང་བཞིན་སྟོང་པ་ཉིད་དེ་ཡིན་པའི་ཕྱིར། མིག་ནི་མིག་གི་རང་གི་ངོ་བོས་སྟོང་ལ། དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱང་སྟོང་ཉིད་དུ་བསྙད་པར་བྱའོ། །དེ་ལྟར་ན་མིག་ལ་སོགས་པ་སྐྱེ་མཆེད་དྲུག་པོ་ཡི་རང་གི་ངོ་བོ་གདོད་ནས་སྟོང་པའི་རང་བཞིན་མེད་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། ནང་སྟོང་པ་ཉིད་ཀྱི་རང་བཞིན་དུ་མ་དཔྱད་འཇིག་རྟེན་གྲགས་པར་བདེན་གཉིས་བལྟོས་ནས་འཇོག་སྐབས་དེར་འདོད་དགོས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་བཞིན་པར་སྨྲ་བའི་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་དག་མ་དཔྱད་པར་བདེན་གཉིས་ལ་རང་བཞིན་ཡོད་མེད་ཐ་སྙད་ཀྱི་གྲགས་པ་ཕྱིན་ཅི་མ་ལོག་པའི་རྗེས་སུ་འབྲངས་ནས་འཇོག་པ་ན་མིག་སོགས་དྲུག་གི་རང་ངོས་སྟོང་པའི་རང་བཞིན་མེད་པ་ལ་རང་བཞིན་དུ་འཇོག་པར་མཐོང་བའི་ཕྱིར། དེའི་དབང་དུ་བྱས་ན་ཐ་སྙད་དུ་དངོས་པོའམ་ཆོས་ཙམ་ལ་རང་བཞིན་ཡོད་ན་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་མི་ལྡོག་པ་ཞིག་དགོས་ལ། རང་བཞིན་དེ་ཆོས་ཅན་མིག་གི་རང་ངོས་སྟོང་པའི་སྟོང་ཉིད་དོན་དམ་བདེན་པའི་ཆ་ལ་ཐ་སྙད་དུ་རུང་གི །ཆོས་ཅན་མིག་རྒྱུ་རྐྱེན་ལས་སྐྱེས་ཤིང་གཞན་ལ་བལྟོས་ནས་མིག་གིས་བལྟ་བར་བྱ་བའི་གཞན་འགྱུར་ཅན་གྱི་ཀུན་རྫོབ་བདེན་པའི་ཆ་ལ་དེ་ཐ་སྙད་དུའང་མི་རུང་སྟེ། (༣༢༠ན)


K800_Page_653
[མ་དཔེ་གཟིགས་ན་འདིར་གནོན།]

ཐེར་ཟུག་ནི་ཨ་ཀཱུ་ཊ་སྠ་ཞེས། ཀཱུ་ཊ་ནི་རྒྱུ་རྐྱེན་གྱི་ཚོགས་པ་དང༌། སྠ་གནས་པ་དང༌། ཨས་བཀག་པ་ལ་འཇུག་པས་མིག་རང་ངོས་སྟོང་པ་ཉིད་ཀྱི་རང་བཞིན་དེ་ཐེར་ཟུག་ཏུ་སྟེ་ཚོགས་པར་གནས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། རྒྱུ་རྐྱེན་གྱིས་བཅོས་པ་མ་ཡིན་པ་དང༌། གཞན་ལ་མི་བལྟོས་པའི་ཕྱིར་དང༌། ནང་གི་མིག་སོགས་རང་བཞིན་གྱི་རྒྱུ་རྐྱེན་ལས་རང་བཞིན་གྱི་ནང་གི་འབྲས་བུ་མིག་སྐྱེ་བས་སྟོང་པ་ཉིད་ཀྱིས་རང་བཞིན་མེད་པ་དེ་ཅུང་ཟད་ཅིག་གནས་ནས་ལྡོག་པར་ཡང་འགྱུར་བ་འཇིག་པ་སྟེ་མི་རྟག་པ་མ་ཡིན་པ་ཉིད་ཀྱི་ཕྱིར། ཐེར་ཟུག་ཏུ་མི་གནས་པའི་མདོ་དོན་ལ། ཉི་ཁྲི་སྣང་བ་ལས། དེ་ལ་ཀཱུ་ཊ་ནི་ཚོགས་པ་སྟེ་དེ་ལ་ཡོད་དེ། ཡོད་པའི་རང་བཞིན་མི་དམིགས་པའི་ཕྱིར་ཨ་ཀཱུ་ཊ་སྠ་སྟེ་ཚོགས་པར་གནས་པ་མེད་པའོ། །དེ་ལྟ་བུར་གྱུར་པ་སྟེ་ཇི་ཞིག་འཇིག་པར་འགྱུར་ཏེ། དེས་ན་འཇིག་པ་མེད་པ་ཡིན་ཏེ་སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཆོས་ཉིད་ནི་དེའི་རང་བཞིན་ཡིན་ནོ། །ཞེས་འབྱུང་ལ། དེའི་དོན་ནི་ཐ་སྙད་དུ་སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་དང་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་འཐད་དེ། ཆོས་ཐམས་ཅད་ལ་ཆོས་ཐམས་ཅད་ཀྱིས་དེའི་རང་བཞིན་གསར་དུ་བྱས་པ་མ་ཡིན་ཅིང༌། མཐར་གཞན་དུ་མི་འགྱུར་ཞིང་གནས་ལུགས་དེ་ལ་དུས་ཐམས་ཅད་དུ་མི་འཁྲུལ་བའི་ཕྱིར། དེས་ན་ཇི་སྐད་དུ། རང་བཞིན་རྒྱུ་དང་རྐྱེན་དག་ལས། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་བལྟོས་པ་མེད་པ་ཡིན། །ཅེས་འབྱུང་ལ། (༣༢༠བ)


K800_Page_654
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་སློབ་དཔོན་གྱི་བསྟན་བཅོས་ལས། ཁྱད་ཆོས་བཅོས་མིན་བལྟོས་མིན་ལས་རང་བཞིན་ཁྱད་ཅན་ཞལ་གྱིས་བཞེས་སམ་ཞེ་ན། མིག་སོགས་ལ་དོན་དམ་པར་མ་ཟད་ཐ་སྙད་དུའང་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བས་མིག་རང་ངོ་བོས་མི་སྟོང་པའི་རང་བཞིན་རང་འཛིན་ཤེས་པ་བསྐྱེད་པའི་དངོས་པོར་རང་བདེན་པར་སྨྲ་བ་དེ་ངོར་རང་བཞིན་ཕྱིན་ཅི་ལོག་དེ་བཟློག་ཆེད་དུ་མིག་རང་གིས་སྟོང་པའི་སྟོང་ཉིད་དེའི་རང་བཞིན་ཕྱིན་ཅི་མ་ལོག་པ་ཡིན་པར་ཀུན་རྫོབ་རྟེན་འབྱུང་གི་འཇིག་རྟེན་ན་གྲགས་པ་འཇིག་རྟེན་ཉིད་ལ་གནས་ཤིང་ཐ་སྙད་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་ལ། དེ་ལྟར་མ་དཔྱད་པར་འཆིང་གྲོལ་སོགས་ཀྱི་ཐ་སྙད་བྱེད་པ་ན། དེའི་རྟེན་བདེན་གཉིས་ཀྱི་རང་བཞིན་འཇོག་པའི་ཚེ་གྲགས་པ་དེ་ཙམ་ཞིག་དང་མཐུན་པར་རྗེས་ཟློས་སུ་ཁྱད་པར་ཅན་གྱི་རང་བཞིན་སྨྲ་སྟེ། ཀུན་རྫོབ་ལ་བདེན་པ་རང་བཞིན་གྱིས་མེད་པ་ལ་དོན་དམ་བདེན་པར་བཏགས་ནས་རང་བཞིན་མེད་པ་ཉིད་བདེན་པ་གཉིས་ཀའི་རང་བཞིན་ཕྱིན་ཅི་མ་ལོག་པ་ཡིན་ཅིང༌། རང་བཞིན་གྱིས་གྲུབ་པའི་རང་བཞིན་ནི་བདེན་པ་གཉིས་ཀར་ཡང་རང་བཞིན་དུ་མི་རུང་ངོ༌། །ཞེས་བརྗོད་ལ། བརྗོད་པ་དེའང་དཔྱད་ན་མི་འགྲུབ་མོད་ཀྱི། དེ་ལྟར་མ་དཔྱད་པར་གཞན་རྟེན་འབྱུང་སྨྲ་བའི་འཇིག་རྟེན་གྱི་གྲགས་པ་འཐད་ལྡན་རང་བཞིན་མེད་པ་རང་བཞིན་དུ་འཇོག་པའི་དཔྱད་པས་རྟེན་འབྱུང་མི་སྨྲ་བའི་འཇིག་རྟེན་པ་དག་རང་བཞིན་ཡོད་པ་རང་བཞིན་དུ་འཇོག་པའི་འདོད་པ་མི་འཐད་པ་དཔྱད་ནས་ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བའི་འཇིག་རྟེན་དང་མི་འགལ་བར་སྨྲ་བའི་ཕྱིར། དེ་ལྟར་བཞག་པ་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་བདེན་གཉིས་དང་འཁོར་འདས་ཀྱི་འཇིག་རྟེན་ཐ་སྙད་(༣༢༡ན)


K800_Page_655
[མ་དཔེ་གཟིགས་ན་འདིར་གནོན།]

མ་དཔྱད་པའི་ངོར་རྒྱུན་ཆད་པར་འགྱུར་བ་མ་ཡིན་པས། དབུ་མ་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བརྗོད་པ་ན་དངོས་པོ་ཐམས་ཅད་ཡེ་མེད་དུ་སྨྲས་སོ་ཞེས་ཡ་ང་ཞིང་སྡང་བར་བྱ་དགོས་པ་མ་ཡིན་ནོ། །དེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་དབང་དུ་མཛད་དེ། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ་ཞེས་རྒྱས་པར་གསུངས་པས་ཆོས་ཉིད་ཅེས་བྱ་བ་ནི་ཡོད་དོ། །ཆོས་ཉིད་ནི་མིག་སོགས་འདི་དག་གི་རང་བཞིན་ནོ། །རང་བཞིན་དེ་ནི་བཅོས་མིན་དང༌། གཞན་བལྟོས་མིན་པ་མ་རིག་པ་དང་བྲལ་བའི་ཤེས་པས་རྟོགས་བྱའི་རང་གི་ངོ་བོ་དོན་དམ་པའི་བདེན་པའོ། །ཅི་སྟེ་ཡོད་དམ་ཞེ་ན། དཔྱད་པའམ་འཕགས་པའི་གཟིགས་ངོ་ནས་སམ། མ་དཔྱད་པར་ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བའི་འཇིག་རྟེན་སྨྲ་ངོར་འདྲི་བ་ཡིན། དང་པོ་ལྟར་ན་སྨྲ་བསམ་བརྗོད་པ་དང་བྲལ་བ་ལས་ལན་ཅི་ཞིག་འདེབས། གཉིས་པ་ལྟར་ན་མེད་དོ་ཞེས་སུ་ཞིག་གིས་སྨྲས་ཏེ་མ་སྨྲས་ལ། མེད་པར་སྨྲ་ན་བྱང་ཆུབ་སེམས་དཔའ་རྣམས་ཅིའི་དོན་དུ་ཕ་རོལ་ཏུ་ཕྱིན་པའི་ལམ་སྒོམ་པར་བྱེད་མི་རིགས་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་རང་བཞིན་སྟོང་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར། དེ་ལྟར་མིན་པར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད་ཡོད་པ་ཡིན་ཏེ། དེ་རྟོགས་ཆེད་སེམས་དཔའ་རྣམས་དཀའ་བ་བརྒྱ་ཕྲག་རྩོམ་པ་ཡིན་ནོ། །དེས་ན་འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་དོན་དམ་པ་ནི་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། འཇིག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། ཡི་གེ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་པ་དང༌། (༣༢༡བ)


K800_Page_656
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་གེ་རྣམས་ཀྱིས་རབ་ཏུ་བསྙད་དུ་མེད་ཅིང་སྤྲོས་པས་རྟོགས་པ་མ་ཡིན་པ་སྟེ། རིགས་ཀྱི་བུ་དོན་དམ་པ་ནི་བརྗོད་དུ་མེད་ཅིང་ཞི་བ་འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱའོ། །རིགས་ཀྱི་བུ་དོན་དམ་པར་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། གང་གི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་སྐྲ་དང་ཁ་སྤུ་དག་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང༌། རབ་ཏུ་བྱུང་ནས་ཀྱང་ཆོས་དེ་ཉིད་ཐོབ་པར་བྱ་བའི་ཕྱིར་སྐྲའམ་གོས་ལ་མེ་ཤོར་བ་ལྟར་བརྩོན་འགྲུས་རྩོམ་ཞིང་གནས་པ་རྣམ་པར་འཇིག་པ་མེད་པའོ། །རིགས་ཀྱི་བུ་གལ་ཏེ་དོན་དམ་ཡོད་པར་མ་གྱུར་ན་ནི་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་ཞིང༌། དེ་བཞིན་གཤེགས་པ་རྣམས་བྱུང་བ་དོན་མེད་པར་འགྱུར་རོ། ། གང་གི་ཕྱིར་དོན་དམ་པ་དེ་ཡོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དམ་པ་ལ་མཁས་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །ཡང་དངོས་པོའི་རང་བཞིན་ཅུང་ཟད་ཀྱང་མི་འདོད་ཅིང༌། བཅོས་མིན་དང༌། ལྟོས་མིན་གྱི་སྟོང་པ་ཉིད་ཀྱི་རང་བཞིན་འདོད་པ་དེ་ནི་འགལ་ལོ་སྙམ་ན། དེ་ལྟར་སྙམ་པ་དེས་དབུ་མའི་བསྟན་བཅོས་ཀྱི་དགོངས་པ་མ་རིག་པ་ཡིན་ཏེ། མིག་སོགས་ཀྱི་དངོས་པོ་བལྟོས་བྱུང་བྱིས་པས་བཟུང་བ་ལྟར་རང་བཞིན་ཡིན་ན། དེ་ཕྱིན་ཅི་ལོག་གི་ཤེས་པས་ཀྱང་རྟོགས་པས་ཚངས་སྤྱོད་དོན་མེད་པར་འགྱུར་ལ། དེ་རང་བཞིན་མིན་པའི་ཕྱིར་ན་ཚངས་སྤྱོད་དོན་ལྡན་དུ་འགྱུར་བའི་ཕྱིར། དེ་ཡང་ཟླ་གྲགས་བདག་གིས་མིག་སོགས་རང་གི་ངོ་བོས་སྟོང་པའི་རང་བཞིན་མེད་པ་ཉིད་རང་བཞིན་དུ་བརྗོད་པ་འདི་ནི་དབུ་མ་པ་རང་ལུགས་ཀྱིས་གྲུབ་པའི་རིགས་པས་(༣༢༢ན)


K800_Page_657
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་ནས་དེར་བཞག་པ་མ་ཡིན་ཀྱང༌། འཇིག་རྟེན་ཀུན་རྫོབ་བདེན་པ་རྟེན་འབྲེལ་དུ་སྨྲ་བ་གཞན་གྲགས་ཀྱིས་དཔྱད་པ་ལྟར་བཅོས་མིན་དང༌། གཞན་ལ་མི་བལྟོས་པའི་སྟོང་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་སྨྲ་སྟེ། བྱིས་པས་མཐོང་བའི་རང་བཞིན་ནི་རང་བཞིན་བཅོས་མའི་ཕྱིར་མ་བཅོས་པའི་རང་བཞིན་ལ་བལྟོས་ནས་རང་བཞིན་ཡང་དག་པར་མི་འགྲུབ་ཅིང༌། བཅོས་མིན་གྱི་རང་བཞིན་ནི་བྱིས་པའི་བལྟ་བྱ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པའི་རིགས་པས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་རྟེན་འབྲེལ་དང་མི་མཐུན་པར་སྨྲ་བའི་གཞན་ལུགས་ཤིག་འགོག་པར་བྱེད་ལ། འཇིག་རྟེན་ཀུན་རྫོབ་བདེན་པ་རྟེན་འབྲེལ་དུ་སྨྲ་བའི་གཞན་གྲགས་ཙམ་གྱིས་ཐ་སྙད་དུ་རང་བཞིན་མེད་པའི་སྟོང་པ་ཉིད་རང་བཞིན་དུ་གཞན་ངོར་དགོས་པའི་དབང་གིས་བརྗོད་པའི་ཚེ་ནའང་སླར་སྤྲོས་འཛིན་ལྷག་ལུས་དོགས་ན་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་རྟེན་འབྲེལ་དུ་སྨྲ་བའི་གཞན་གྲགས་ཀྱི་རིགས་པས་རང་བཞིན་དེ་ཉིད་ལ་དཔྱད་པ་ན་ནི་སྟོང་པ་ཉིད་ཀྱི་རང་བཞིན་དོན་དམ་པ་དེ་ཉིད་ཀྱང་དངོས་པོ་དང་དངོས་མེད་ཀྱི་རང་བཞིན་གང་ཡང་མ་ཡིན་ཏེ། དེ་རང་བཞིན་ཉིད་ཀྱིས་ཞི་བའི་ཕྱིར་བུད་ཤིང་སྲེག་བྱེད་ཀྱི་མེའང་བུད་ཤིང་སྲེག་པར་བྱེད་པ་དང༌། བུད་ཤིང་སྲེག་པའི་མེ་ཉིད་ཀྱང་བསྲེགས་པར་བྱས་ཏེ་མེ་དང་བུད་ཤིང་གཉིས་ཀར་ཐལ་བར་བརླག་པ་བཞིན་ནོ། །དེས་ན་སྟོང་ཉིད་རང་བཞིན་དུ་བརྗོད་པའི་རང་བཞིན་དེ་ནི་རང་གི་ངོ་བོས་ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཏེ། ཀུན་རྫོབ་ལ་བཅོས་མའི་རང་བཞིན་བདེན་པ་བདེན་པར་མ་གྲུབ་པའི་ཕྱིར་ན་དོན་དམ་ལ་བཅོས་མིན་གྱི་རང་བཞིན་བདེན་པ་དེ་ལས་ཀྱང་མི་འགྲུབ་པའི་ཕྱིར། དེ་ལྟར་ནའང་དང་པོར་བྱིས་(༣༢༢བ)


K800_Page_658
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇིག་རྟེན་ཀུན་རྫོབ་བདེན་པ་རྟེན་འབྲེལ་དང་ཐ་སྙད་མི་མཐུན་པར་སྨྲ་བའི་རྟོག་པས་བཏགས་པས་ཀུན་རྫོབ་བདེན་པའི་རང་བཞིན་ཀུན་རྫོབ་སྒྱུ་མ་ཙམ་ལས། ཕྱིན་ཅི་ལོག་ཏུ་བཏགས་པའི་བློ་མུན་ཆེས་སྟུག་པའི་གཟུང་བྱའི་རང་བཞིན་དེ་དེའི་རང་བཞིན་དུ་འཁྲུལ་པའི་དོགས་པ་སྤོང་ཆེད་དུ་རྣལ་འབྱོར་པ་འཇིག་རྟེན་ཀུན་རྫོབ་བདེན་པ་རྟེན་འབྲེལ་གྱི་ཐ་སྙད་དང་མཐུན་པར་སྨྲ་བའི་རྟོག་པས་ཀུན་རྫོབ་བདེན་པའི་རང་བཞིན་ནི་བདེན་གྲུབ་པར་མེད་དེ། གཟུགས་སོགས་ཀྱི་རང་བཞིན་རྒྱུ་རྐྱེན་གྱིས་བསྐྱེད་པའི་བདེན་མེད་ཀུན་རྫོབ་སྒྱུ་མ་ཙམ་ལས་རང་བཞིན་མ་དམིགས་པའི་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྲུབ་པའི་ཕྱིར་ཞེས་རྟོག་བཏགས་སྔ་མ་དེའི་ངོར་བརྗོད་ལ། དེ་ལྟར་རང་བཞིན་མེད་པ་རང་བཞིན་དུ་སྒྲོ་བཏགས་པའི་དོན་དམ་པའི་རང་བཞིན་དེའང་དབུ་མ་པ་རང་ལུགས་ཀྱི་རང་བཞིན་དུ་སྒྲུབ་པར་བྱེད་ཅིང༌། དེར་འགྲུབ་པའང་མ་ཡིན་ཏེ། ཡིན་ན་སྒྱུ་མ་རིགས་སྒྲུབ་ཀྱི་དབུ་མ་པར་འགྱུར་བ་དང༌། ཀུན་རྫོབ་སྒྱུ་མ་ལྟ་བུ་སྟོང་ཉིད་ཀྱི་རང་བཞིན་ཞིག་ཡོད་ན་སློབ་པ་དང་མི་སློབ་པའི་མཉམ་གཞག་ཡེ་ཤེས་ཀྱི་ཡུལ་དང་ཡུལ་ཅན་ན་ཡོད་དགོས་པ་ལས། དེ་ངོར་བདེན་གཉིས་ཀྱི་རང་བཞིན་ཅུང་ཟད་ཀྱང་གཟིགས་པ་མེད་པའི་ཕྱིར། དེ་ལྟར་ན་ཁྱོད་ཀྱིས་འགལ་བར་རེ་བ་དེའང་ཅི་ཞིག་ཏུ་འགལ། དེས་ན་གཞན་བྱིས་པས་རང་བཞིན་མིན་པ་རང་བཞིན་དུ་འཛིན་པ་དེ་རྣལ་འབྱོར་པའི་འཇིག་རྟེན་ཀུན་རྫོབ་གཞན་གྲགས་ཀྱིས་དེར་བལྟོས་ཀྱིས་བཟློག་ཕྱོགས་ཀྱི་རང་བཞིན་དེ་ངོར་བརྗོད་པ་ན། དེ་ལྟར་བརྗོད་པའི་རང་བཞིན་དེར་རང་བཞིན་དུ་མ་གྲུབ་ཀྱང་རང་བཞིན་དུ་སྒྲོ་བཏགས་ནས་གཞན་བྱིས་པས་བཏགས་པའི་རང་བཞིན་དེ་བཟློག་པའི་དགོས་པའི་ཆེད་དུ་ཀུན་རྫོབ་ཐ་སྙད་དུའང་རང་བཞིན་དེ་ལྟ་(༣༢༣ན)


K800_Page_659
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཞེས་སྒྲོ་བཏགས་ནས་དགོངས་པ་ཅན་དུ་བརྗོད་པ་ཡིན་ཏེ། གཞན་དུ་ན་བདེན་པ་གཉིས་ཀྱི་རང་བཞིན་ཅུང་ཟད་ཀྱང་མ་གྲུབ་པའི་ཕྱིར་ཏེ། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང༌། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་དང༌། ཡེ་ཤེས་སྙིང་པོས། ཡང་དག་ཉིད་དུ་གཉིས་མེད་དེ། །དེ་ཡི་ཕྱིར་ན་དེ་སྟོང་མིན། །མི་སྟོང་མ་ཡིན་ཡོད་མེད་མིན། །མི་སྐྱེ་མ་ཡིན་སྐྱེ་མིན་ཅེས། །དེ་ལ་སོགས་པ་བཅོམ་ལྡན་གསུངས། །ཞེས་འབྱུང་བས་དོན་དམ་པའི་བདེན་པ་སྟོང་པ་ཉིད་དུའང་མ་གྲུབ་ན་སྟོང་པ་ཉིད་ཀྱི་རང་བཞིན་ཀྱང་རྙེད་པ་མིན་ཏེ། བདེན་གཉིས་འགྲེལ་པར། དེ་བས་དེ་ལྟར་ཀུན་རྫོབ་ཀྱི་དངོས་པོའི་བདག་ཉིད་ལ་ཡང་རྟག་པ་དང་ཆད་པའི་ཆོས་ཉིད་ཐག་རིང་པོ་ཁོ་ནར་གནས་སོ། །དོན་དམ་པ་ལ་ལྟ་གནས་མི་ཐོད་པ་ཁོ་ན་སྟེ། མ་སྐྱེས་ངོ་བོ་ཉིད་ལ་ནི། །རྟག་དང་ཆད་ཉིད་ག་ལ་ཞིག །ཆོས་ཀྱི་བྱེ་བྲག་རྣམ་རྟོག་པ། །ངོ་བོ་ཉིད་ལ་རྟོག་པར་བྱེད། །ཇི་ལྟར་སུས་ཀྱང་ནམ་མཁའ་ལ། །ཡིག་སོགས་འགོད་པར་མི་ནུས་ལྟར། །དངོས་པོ་རྣམས་ནི་མ་སྐྱེས་ལ། །ཆོས་སུ་རྣམ་རྟོག་དེ་བཞིན་ནོ། །ཞེས་དང༌། བསྟན་བཅོས་ལས། ངོ་བོ་ཉིད་དང་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །ངོ་བོ་ཉིད་དང་གཞན་དངོས་དག །ཡོད་ན་དངོས་པོ་འགྲུབ་པར་འགྱུར། །གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་གྲུབ་པར་ག་ལ་འགྱུར། །ཞེས་འབྱུང་ལ། དགོངས་པ་ཅན་གྱི་དབང་ལས་དབུ་མ་པས་གདུལ་བྱའི་ལོག་རྟོག་གི་རིས་ལས་ལ་ལར་རང་བཞིན་ཡོད་དོ་ཞེས་དང༌། ལ་ལར་རང་བཞིན་མེད་དོ་ཞེས་དང༌། ལ་ལར་སྟོང་པ་ཉིད་ཡིན་ནོ་ཞེས་(༣༢༣བ)


K800_Page_660
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ལ་ལར་སྟོང་པ་ཉིད་མ་ཡིན་ནོ་ཞེས་དང༌། ལ་ལར་དངོས་པོ་ཡོད་དོ་ཞེས་དང༌། ལ་ལར་དངོས་པོ་མེད་དོ་ཞེས་གང་བསྟན་ཀྱང༌། དབུ་མ་པ་རང་གི་བདེན་གཉིས་ལ་རང་བཞིན་ཡོད་མེད་སོགས་ཀྱི་སྤྲོས་པ་འགར་ཡང་མ་བཞག་པ་དང༌། དམ་མ་བཅས་པའི་ཚུལ་ནི་ནམ་ཡང་ཉམས་པར་མ་བྱས་ཤིང༌། ཕྱོགས་མ་བཟུང་བས་རང་ལུགས་ལ་ནང་འགལ་བ་མེད་པ་ནི། སློབ་དཔོན་འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་དང༌། །གཉིས་ཀ་མ་ཡིན་ཅེས་བསྟན་ཏེ། །ནད་ཀྱི་དབང་གིས་ཐམས་ཅད་ནི། །སྨན་དུ་འགྱུར་བ་མ་ཡིན་ནམ། །གཞན་ལ་རེ་ཞིག་ཕན་པ་བདེན། །མི་ཕན་ཕྱིར་ན་ཅིག་ཤོས་བརྫུན། །ཡོད་དང་མེད་དང་ཡོད་མེད་ཅེས། །ཕྱོགས་ནི་གང་ལའང་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང༌། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཅེས་འབྱུང་བ་ལྟར་རོ། །དེས་ན་ཐལ་འགྱུར་བས་རང་ལུགས་ཀྱིས་དཔྱད་ནས་ཐ་སྙད་དུ་ཡང་བདེན་པ་དང་རང་བཞིན་རང་ལུགས་སུ་འཇོག་པ་གཏན་མ་ཡིན་ཏེ། དེ་ལྟར་བརྗོད་པ་དེ་འཇིག་རྟེན་ན་ཐ་སྙད་གཞན་གྲགས་འཐད་ལྡན་མིན་པ་ལ་དེ་ལ་བལྟོས་བཞག་གི་ཐ་སྙད་གཞན་གྲགས་འཐད་ལྡན་གྱིས་དེ་འགོག་པའི་སླད་དུ་གཞན་གྱི་རྗེས་ཟློས་ཙམ་དགོས་པའི་དབང་གིས་དབུ་མ་པས་བརྗོད་པར་བྱས་པ་ལས། དབུ་མ་པ་ལ་ནི་སྟོང་པ་ཉིད་དང་རང་བཞིན་ནོ་ཞེས་བརྗོད་པ་ལ་ཞེ་འདོད་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། བདེན་གཉིས་ཀྱི་ཆོས་ལ་རང་བཞིན་དུ་གྱུར་པའི་བརྗོད་བྱ་རྗོད་བྱེད་ཀྱི་སྤྲོས་པ་འགར་ཡང་ཚད་མས་མི་འགྲུབ་པས་དེ་ལྟའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བས་གནས་ཚུལ་དུ་མི་ཤིགས་པའི་རང་བཞིན་བརྗོད་པར་མི་སྤྲོ་བའི་ཕྱིར། དབུ་མའི་ཟབ་དོན་འདི་ལྟ་བུ་ཐུགས་སུ་མ་(༣༢༤ན)


K800_Page_661
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ནས་དཔལ་ཤཱཀྱ་མཆོག་ལྡན་ལྟ་བུས་ཀྱང་འདི་ལྟར་འཆད་པར་སྣང་སྟེ། ཐལ་འགྱུར་བའི་རང་ལུགས་ལ་ཀུན་རྫོབ་བདེན་པའི་རང་བཞིན་གྱིས་རང་བཞིན་གྱི་གོ་མི་ཆོད་ཅིང༌། རང་བཞིན་ཡང་དག་པ་དེ་དོན་དམ་བདེན་པ་སྟོང་པ་ཉིད་ཀྱི་རང་བཞིན་བདེན་གྲུབ་པ་ཞིག་ཁས་ལེན་ཏེ། དེའང་བར་དུ་བདག་ཟློག་གི་སྐབས་སུ་དེ་ལྟར་ཁས་མ་བླངས་ན་བདག་བདེན་མེད་པའི་རང་བཞིན་སྟོང་པ་ཉིད་དོན་དམ་བདེན་པར་མི་རྟོགས་པའི་ཕྱིར། དེ་ལྟར་ནའང་ལྟ་གཞི་ཀུན་ཟློག་གི་སྐབས་སུ་དོན་དམ་བདེན་པའི་རང་བཞིན་དུ་གྲུབ་པར་ནི་མི་འདོད་དོ་ཞེས་སྨྲའོ། །མི་འཐད་དེ། ཐལ་འགྱུར་བས་དེ་ཁོ་ན་ཉིད་ལ་སྤྱོད་པ་ན། ཐ་སྙད་དུའང་རང་ལུགས་ཀྱིས་གྲུབ་པའི་རང་བཞིན་དང༌། བདེན་པ་དང༌། ངོ་བོ་དང༌། བདག་སོགས་དོན་དམ་བདེན་པའི་ངོར་གྲུབ་པར་སུས་འདོད་ཀྱང༌། དེ་ལྟ་བུ་རང་བཞིན་དང༌། བདེན་པ་ནི་བདེན་པ་གཉིས་ཀར་མ་གྲུབ་བོ་ཞེས་རྩལ་དུ་བཏོན་ནས་ཆོས་དང་གང་ཟག་ལ་བདག་བདེན་འགོག་པར་བཤད་པ་ལ། ཁྱེད་ལྟར་བདག་ཟློག་གི་སྐབས་སུ་ཆོས་ཅན་ཀུན་རྫོབ་པའི་ཆོས་ལ་བདེན་པ་དང་བདག་བཀག་ནས་ཆོས་ཉིད་དོན་དམ་བདེན་པ་ལ་བདག་བདེན་དུ་སྒྲུབ་པ་དེ་འདྲ་ཐལ་འགྱུར་ཞེས་བར་དུ་བདག་ཟློག་གི་སྐབས་སུ་འདོད་པའི་གནས་ཡོད་པ་མིན་པའི་ཕྱིར། དེ་ལྟར་འདོད་ན་ཐལ་འགྱུར་བ་སྐབས་དེར་སེམས་ཙམ་རྣམ་རྫུན་པའི་གྲུབ་མཐའ་སྒྲ་ཇི་བཞིན་པ་དེ་ཁས་ལེན་བྱེད་པར་འགྱུར་ལ། དེ་ཡང་འདོད་ན་རྣམ་རྫུན་སྨྲ་བའི་སེམས་ཙམ་པ་རང་སྟོང་སྨྲ་བའི་དབུ་མ་པར་ཁས་ལེན་དགོས་པར་འགྱུར་བ་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པས་བདེན་གཉིས་ཀྱི་ཟླས་ཕྱེ་བའི་དོན་དམ་བདེན་པ་དངོས་པོའི་(༣༢༤བ)


K800_Page_662
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ཀྱིས་བདེན་པར་གྲུབ་བོ་ཞེས་སྨྲ་བའི་ངོ་བོ་ཉིད་མེད་སྨྲ་དེ་ནི་འཕགས་པའི་ཡུལ་དང་གངས་ཅན་གྱི་ཁྲོད་དུ་སྔོན་མ་བྱུང་བས་ངོ་བོ་ཉིད་དང་རང་བཞིན་སྨྲ་བའི་རང་བཞིན་མེད་སྨྲ་བ་འདིའང་ཅི་ལྟ་བུ་ཞིག་ཡིན། ཡང་ཁྱེད་ཅག་བདག་ཟློག་གི་སྐབས་སུ་ཀུན་རྗོབ་ཀྱི་རང་བཞིན་བདེན་མེད་དེ་ཉིད་དོན་དམ་གྱི་རང་བཞིན་བདེན་གྲུབ་ཏུ་བསྒྲུབས་ན་ཐལ་འགྱུར་བས་བདེན་གྲུབ་བཀག་ནས་བདེན་མེད་མི་བསྒྲུབ་པ་ཁྱད་ཆོས་ཡིན་པར་སྨྲས་པ་ཡང་མ་དྲན་ནམ། དེས་ན་ཐལ་འགྱུར་བའི་རང་ལུགས་ལ་བདེན་གྲུབ་འདོད་མི་འདོད་ཀྱི་གནས་སྐབས་ཀྱི་དབྱེ་བ་མང་དུ་འབྱེད་དགོས་ཟེར་བ་དེ་ནི་བདེན་གཉིས་གནས་སྣང་ཞིབ་མོ་ཐ་སྙད་དུ་འབྱེད་ཆེད་མཁས་པའི་ཚུལ་ལས་བྱུང་བ་མ་ཡིན་ཏེ། དབུ་མའི་གསུང་རབ་ཟབ་མོར་རེས་བདེན་པ་གཉིས་ཀ་ལ་རང་བཞིན་མེད་པ་དང༌། རེས་དོན་དམ་བདེན་པ་ལ་རང་བཞིན་ཡོད་པར་བཤད་པ་ལྟར་སྣང་བའི་འགལ་བ་གཞི་གཅིག་ཏུ་འབབ་པར་མཐོང་ནས་དེའི་གཞི་གཞན་དུ་སྒྱུར་བར་བྱེད་པས་དེའི་འགལ་བ་སྤང་དུ་རེ་བའི་བླུན་པོའི་མུན་སྤྲུལ་ཏེ། བར་དུ་བདག་ཟློག་གི་སྐབས་སུ་དོན་དམ་བདེན་པ་ལ་རང་བཞིན་ཡོད་ན། ལྟ་གཞི་ཀུན་ཟློག་གི་སྐབས་སུའང་རང་བཞིན་མེད་པར་མི་འགྱུར་ཞིང༌། བར་དུ་བདག་ཟློག་གི་སྐབས་སུ་རང་བཞིན་མེད་ན་དེར་རང་བཞིན་དུ་བལྟ་བ་ལོག་ལྟ་ཡིན་པའི་ཕྱིར། དེར་དོན་དམ་བདེན་པའི་རང་བཞིན་བསྒྲུབས་ཀྱང་ཚད་མས་མི་འགྲུབ་པས་བར་དུ་བདག་ཟློག་གི་སྐབས་སུ་དོན་དམ་བདེན་གྲུབ་ཏུ་ཇི་ལྟར་འགྲུབ་བློ་ནང་དུ་གཞོལ་ལ་ལེགས་པར་སོམས་ཤིག དེས་ན་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་འདི་ལྟར་བཤད་པས་ནི། ཀུན་རྫོབ་བདེན་པའི་བདག་ཉིད་ཀྱི་གང་ཟག་དང་ཆོས་སོགས་ལ་ཐོག་མེད་ལྷན་(༣༢༥ན)


K800_Page_663
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཀྱི་མ་རིག་པས་ཕུང་པོ་ལ་བརྟེན་ནས་གང་ཟག་ལས་འབྲས་ཀྱི་རྟེན་བྱེད་པའི་རང་བཞིན་དང༌། ས་སོགས་འབྱུང་བ་ལ་བརྟེན་ནས་གཟུགས་སོགས་རང་འཛིན་ཤེས་པ་སྐྱེད་བྱེད་དུ་ཡོད་པར་འདོད་པའི་རང་བཞིན་ནི་གང་ཟག་དང་ཆོས་ཀྱི་རང་བཞིན་དང་བདག་ཉིད་དང༌། དེ་ཉིད་དུ་བདེན་པར་ཡོད་པར་རློམ་པའི་འཛིན་སྟངས་ཕྱིན་ཅི་ལོག་དེ་ཉིད་ཐོས་བསམ་གྱི་ཤེས་རབ་ཀྱི་རིགས་པ་ཡང་དག་གི་དགག་བྱ་དང༌། དེ་ལྟའི་དངོས་འཛིན་དེ་སྒོམ་བྱུང་རྣལ་འབྱོར་མངོན་སུམ་གྱི་ལམ་གྱི་དགག་བྱར་བྱེད་པས་རིགས་པ་དང་ལམ་གྱི་དགག་བྱ་ནི། ཀུན་རྫོབ་བདེན་པ་བདེན་པ་མེད་པ་ལ་རང་བཞིན་ནམ་བདེན་པའོ་ཞེས་ཕྱིན་ཅི་ལོག་ཏུ་ལྟ་ཡུལ་འདི་ཁོ་ནའོ་ཞེས་གཞུང་རྩ་འགྲེལ་འདིར་རྒྱས་ཤིང་གསལ་མ་གསལ་འདི་མཐོང་བཞིན། ཤར་ཙོང་ཁ་པ་ཆེན་པོ་སོགས་ད་དུང་རྟགས་ཀྱི་དགག་བྱ་གཞན་ནས་འཚོལ་བར་བྱེད་པ་འདི་ནི་རྐུན་མ་ཕ་རིའི་ནགས་ལ་ཡིབ་པ་མཐོང་བཞིན་ཚུ་རིའི་སྤང་ལ་རྫས་འཚོལ་བ་ལྟ་བུར་སུ་ཞིག་གིས་ངལ་བ་འབྲས་བུ་མེད་ཅིང༌། ཐར་པ་དོན་གཉེར་ལ་མི་མཁོ་བའི་སྡུག་བསྔལ་བའི་དཔྱད་པ་འདི་འདྲ་ལ་སྦྱར་བ་ཡིན། ཡང་ཤར་ཙོང་ཁ་པ་ཆེན་པོ་ནི། བདེན་གྲུབ་ཀྱི་འཛིན་སྟངས་ལ་བཅོས་མིན་བལྟོས་མིན་འགྱུར་མེད་ཀྱི་ཁྱད་པར་སྦྱོར་བ་དེ་ལྟར་ན་བདེན་ལྟ་རྒྱ་ཆུང་བར་འགྱུར་ཏེ། སེམས་ཙམ་སོགས་ཀྱིས་དངོས་པོ་རྒྱུ་རྐྱེན་ལས་སྐྱེ་བར་རྟོགས་པས་དེ་ངོར་དབུ་མ་པས་བདེན་མེད་བསྒྲུབ་མི་དགོས་པའི་སྐྱོན་ཡོད་ཟེར་བ་ནི་ཧ་མ་གོ་བར་ཟད་དེ། ཀྱེ་མ་སེམས་ཙམ་པ་སོགས་རྒྱུའི་དངོས་པོས་འབྲས་བུའི་དངོས་པོ་བསྐྱེད་པར་འདོད་ཀྱི། དེ་ལྟར་བསྐྱེད་པ་ནའང་རྒྱུ་འབྲས་གཉིས་ཀར་བཅོས་མིན་བལྟོས་མིན་མི་འགྱུར་བའི་རྒྱུ་འབྲས་ཀྱི་ངོ་བོ་རང་རྒྱུད་པར་བདེན་པར་(༣༢༥བ)


K800_Page_664
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ཡིན་ལ། རྒྱུ་རང་བདེན་པར་མ་གྲུབ་ན་འབྲས་བུ་ཡང་དག་པར་མི་བསྐྱེད་དོ་ཞེས་སྨྲ་བ་ལ་དེ་ངོར་སླར་དབུ་མ་པས་རྒྱུ་འབྲས་ཀྱི་དངོས་པོ་ཐམས་ཅད་བདེན་མེད་དུ་གཏན་ལ་དབབ་པའི་ཚུལ་ལ་ཁྱོད་བློ་ཁ་མ་ཕྱོགས་པར་སྣང་བའི་ཕྱིར་དང༌། ཁྱད་པར་དེ་ལྡན་གྱི་འཛིན་སྟངས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་སྣང་བས་འཁོར་བའི་སྡུག་བསྔལ་རྒྱ་ཆེ་ཆུང་འདི་ཙམ་དུ་སྤྱོད་པར་མཐོང་བས་བཤད་མ་ཐག་པའི་འཛིན་སྟངས་ཅན་གྱི་བདེན་འཛིན་འདི་རྒྱ་ཆུང་གི་དོགས་པའི་སེམས་ཁྲལ་ཀྱང་ཁུར་ག་ལ་དགོས། བོད་འབངས་ཤངས་པ་བཀའ་བརྒྱུད་ཕལ་གྱིས་གོས་ཆེན་པོར་བཀུར་བ་ཁ་ཅིག་དབུ་མའི་བསྟན་བཅོས་ལས། རང་བཞིན་དག་ནི་བཅོས་མིན་དང༌། །ཞེས་སོགས་ཀྱི་གཞུང་གི་དགོངས་པ་ནི་བདེན་པ་གཉིས་ཀར་ཡོད་ན་འདི་ལྟའི་རང་བཞིན་ཞིག་ཡོད་དགོས་པ་ལས། དེ་འདྲའི་རང་བཞིན་ཀུན་རྫོབ་བདེན་པ་ལ་མེད་ཅིང་དོན་དམ་བདེན་པ་ལའང་འདི་ལྟའི་རང་བཞིན་མེད་དེ། ཡོད་ན་བཅོས་མིན་བལྟོས་མིན་གྱི་རྟག་དངོས་སུ་འགྱུར་བ་དེ་ལྟ་ཡང་མི་སྲིད་པས་དབུ་མའི་རང་ལུགས་ཀྱི་རིགས་པ་དྲི་མ་མེད་པས་བདེན་གཉིས་ཀྱི་རང་བཞིན་བཀག་ནས་རང་ལུགས་ལ་དཔྱད་པར་མ་ཟད། མ་དཔྱད་པ་ནའང་བདེན་པ་གཉིས་ཀ་ལ་རང་བཞིན་ཡོད་པར་མི་བཞག་སྟེ། དེ་ལྟར་བཞག་པ་ཐམས་ཅད་འཁྲུལ་ཆོས་ཡིན་པའི་ཕྱིར་དང༌། ཤེས་བྱ་བདེན་གཅིག་མ་ཡིན་པའི་ཕྱིར་ཞེས་ཟེར་རོ། །དེ་སྐད་དུ་སྨྲ་བ་ནི་ཐ་ཆད་པ་ཡིན་ཏེ། སྟོན་པས་དབུ་མའི་གསུང་རབ་ལས་མ་དཔྱད་པར་བདེན་པ་གཉིས་ཀ་ཡོད་པར་གསུངས་ཤིང༌། དབུ་མ་པས་ཀྱང་དེའི་རྗེས་སུ་ཟློས་ཏེ་སྨྲ་ལ། སྟོན་པས་རང་ལུགས་ཀྱིས་དཔྱད་པ་མིན་ཀྱང་འཇིག་རྟེན་ཀུན་རྫོབ་བདེན་པ་རྟེན་ཀུན་རྫོབ་བདེན་པ་རྟེན་འབྲེལ་དང་མཐུན་འཇུག་ཏུ་སྨྲ་བ་ན་གཞན་གྲགས་ཀྱི་འཐད་ལྡན་གྱི་དཔྱད་པས་ཀུན་རྫོབ་བརྫུན་པའི་རང་བཞིན་ལ་རང་བཞིན་བདེན་པ་མི་འཐད་ཅིང༌། དོན་དམ་བདེན་པའི་རང་བཞིན་ལ་རང་(༣༢༦ན)


K800_Page_665
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བདེན་པ་འཐད་དེ། དེ་གཉིས་ཀྱི་རང་བཞིན་ལ་བདེན་རྫུན་གྱི་རང་བཞིན་གཉིས་ལས་བདེན་པ་ལ་བལྟོས་ནས་བརྫུན་པའི་རང་བཞིན་དེ་རང་བཞིན་དུ་མི་བདེན་པའི་ཕྱིར་ཞེས་གཞན་གྲགས་སུ་གསུངས་ལ། སྐབས་དེར་དབུ་མ་པའང་དེ་སྐད་དུ་བརྗོད་ཀྱི། དེ་ཁོ་ན་ཉིད་ལ་ཡང་དག་པར་རྩལ་བསྐྱེད་དེ་དཔྱད་ན་ནི། བདེན་གཉིས་ལ་རང་བཞིན་ཡོད་མེད་གང་དུའང་མ་གྲུབ་པས་དེ་རང་ལུགས་ཀྱི་རིགས་པས་གཞན་ཕྱོགས་སུ་སྐྱེལ་བ་དང༌། རང་ལུགས་སུ་འཐེན་པ་འགར་ཡང་བྱ་མ་ནུས་པ་ལས་དེ་ལྟར་བྱེད་ཐབས་མི་སྲིད་པའི་ཕྱིར་ཏེ། སྤྲོས་བྲལ་སྤྲོས་པར་སུས་ཀྱང་བསྒྱུར་མི་ནུས་པའི་ཕྱིར། དེས་ན་དབུ་མ་པའི་རང་ལུགས་ལ་བདེན་གཉིས་ཀྱི་རང་བཞིན་ཐ་སྙད་སྨྲ་བ་ནའང་མི་བརྗོད་ཅེས་ཁ་ལྟའི་འུད་གོག་གི་ལྟ་བ་མཐོ་མཐོ་དང་བཟང་བཟང་པོའི་ཁུར་འདི་མཐུན་གྱི་སྤྱོད་པའང་ལ་ལ་ཞིག་ཞིག་དང༌། ལ་ལ་གྲོལ་གྲོལ་དང༌། ལ་ལ་བཙུན་བཙུན་དུ་སྦྱར་ཏེ་དར་རྒྱས་སུ་སྣང་ལ། ཚུལ་འདི་ནི་དེང་སང་གངས་ཅན་གྱི་ཁྲོད་འདིར་ས་སྐྱ་བཀའ་བརྒྱུད་བོན་རྙིང་མ་གཅོད་ཞི་བྱེད་འཇིག་རྟེན་ཁྱིམ་པ་དང་བཅས་པ་ཐམས་ཅད་གུས་པ་ཟླ་མ་མཆིས་པས་སྤྱི་བོའི་གཙུག་ཏུ་ལེན་པར་བྱེད་པ་འདི་ནི་རྩོད་པ་མེད་དོ། །དེ་ལྟར་ན་སྟོང་པ་ཉིད་ཀྱི་རང་བཞིན་འདི་ནི་སློབ་དཔོན་གྱིས་མ་དཔྱད་པར་ཐ་སྙད་དུ་ཞལ་གྱིས་བཞེས་པར་མ་ཟད། གདུལ་བྱ་ཡང་འདི་ཁས་ལེན་པར་གཞུག་ནུས་པས་གཉིས་ཀར་གྲུབ་པར་འཇོག་དགོས་ཏེ། མེའི་ཚ་བ་སོགས་རང་བཞིན་དུ་མི་རུང་བའི་ཕྱིར་ཏེ། རྟེན་འབྲེལ་ཡིན་པས་བཅོས་མ་དང་བལྟོས་བཅས་ཡིན་པའི་ཕྱིར། མེའི་ཚ་བ་སོགས་རང་བཞིན་དུ་མི་རུང་བའི་ཕྱིར་ཏེ། རྟེན་འབྲེལ་(༣༢༦བ)


K800_Page_666
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་བཅོས་མ་དང་བལྟོས་བཅས་ཡིན་པའི་ཕྱིར། མེའི་ཚ་བ་ལ་བཅོས་མིན་བལྟོས་མིན་ཡོད་པ་མིན་ཏེ། ཚ་བ་ལ་སོགས་པར་བཅོས་པ་ཉིད་དུ་ཡོད་པའི་ཕྱིར། ཚ་བ་དེ་ལ་བཅོས་མིན་གྱི་རང་བཞིན་སྟོང་པ་ཉིད་མཆོག་ཏུ་འཛིན་པའི་དངོས་པོའང་ཡོད་པར་མི་དམིགས་པའི་ཕྱིར། དེ་ལྟར་ནའང་མངོན་པའི་མདོ་ལ་སོགས་པར་ཀུན་རྗོབ་ཏུ་མེའི་རང་བཞིན་ཚ་བའི་རྣམ་པ་དེ་ལྟ་བུའི་ཞེས་བྱིས་པའི་ཀུན་རྫོབ་བདེན་པ་དང་མཐུན་པར་ཡང་སྟོན་པས་བཀའ་སྩལ་པའི་ཕྱིར། དེས་ན་མེའི་ཀུན་རྫོབ་ཀྱི་རང་བཞིན་རྟེན་འབྲེལ་ཡིན་པས་རང་བཞིན་དུ་མི་རུང་ལ། དོན་དམ་གྱི་རང་བཞིན་རྟེན་འབྲེལ་མིན་པས་རང་བཞིན་དུ་འཐད་ཅེས་སྟོན་པ་མིན་གྱི། རྟེན་འབྲེལ་ལས་བདེན་པ་གཉིས་སུ་བཞག་པའི་ཀུན་རྫོབ་བདེན་པའི་རང་བཞིན་རྫུན་པའི་རྟེན་འབྲེལ་ལ་བལྟོས་ནས་དོན་དམ་བདེན་པའི་རང་བཞིན་བདེན་པའི་རྟེན་འབྲེལ་རང་བཞིན་དུ་འཐད་པའང་རྟེན་འབྲེལ་གྱི་འཐད་པས་དེར་འཇོག་པ་ཡིན་ནོ། །དེས་ན་མིག་སོགས་མིག་གིས་སྟོང་པར་སྨྲས་པས་སྟོང་ཉིད་ཡོངས་སུ་གསལ་བར་བརྗོད་ཀྱི། ནང་གི་བྱེད་པོ་དང་བྲལ་བའི་ཕྱིར་སྟོང་ཞེས་ཉན་ཐོས་སྡེ་པ་དང༌། གཟུང་འཛིན་གྱི་བདག་ཉིད་ཀྱིས་སྟོང་ཞེས་སེམས་ཙམ་པའི་སྟོང་ཉིད་ལྟ་བུ་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་སྟོང་པ་ཉིད་མ་ཡིན་ནོ། །དེས་ན་ཆོས་འདི་པ་དག་གི་སྟོང་པ་ཉིད་ཀྱི་ཚུལ་ལ་ཇི་ལྟར་བརྗོད་ཅེ་ན། གང་ཟག་ཡོད་སྨྲའི་སྡེ་པ་རྣམས་ནི་སྟོང་གཞི་གང་ཟག་དང་ཕུང་སོགས་ཆོས་ཀྱི་སྟེང་དུ་ཕྱི་རོལ་པས་བརྟགས་པའི་རྟག་གཅིག་རང་དབང་ཅན་གྱི་བདག་ལ་སོགས་པ་དང༌། ལས་འབྲས་དང༌། སྐྱེ་བ་སྔ་ཕྱི་མེད་པ་སོགས་རྟག་ཆད་ཀྱི་མཐས་སྟོང་པར་འདོད་ལ། (༣༢༧ན)


K800_Page_667
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་ཁས་མི་ལེན་པའི་བྱེ་སྨྲ་རྣམས་ནི་སྟོང་གཞི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་དུས་གསུམ་དང༌། འདུས་མ་བྱས་ཀྱི་སྟེང་དུ་ཕྱི་རོལ་པ་དང༌། གང་ཟག་ཡོད་པར་སྨྲ་བའི་སྡེ་པ་རྣམས་ཀྱིས་བཏགས་པའི་གང་ཟག་སོགས་རྟག་ཆད་ཀྱི་མཐའ་རྣམས་ཀྱིས་སྟོང་ཞིང༌། དེས་སྟོང་པའི་ཤེས་བྱ་གཞི་ལྔ་པོ་རང་བཞིན་གྱིས་ཡོད་པར་སྨྲའོ། །ཡང་མདོ་སྡེ་པ་རྣམས་ནི། སྟོང་གཞི་ད་ལྟར་གྱི་ཕུང་ཁམས་སྐྱེ་མཆེད་གཟུགས་དང༌། སེམས་དང༌། སེམས་ལས་བྱུང་བས་བསྡུས་པ་རྣམས་ཀྱི་སྟེང་དུ་ཕྱི་རོལ་པ་དང༌། གང་ཟག་སྨྲ་བའི་སྡེ་པས་བཏགས་པའི་བདག་དང་རྟག་ཆད་ཀྱི་མཐའ་རྣམས་དང༌། བྱེ་སྨྲས། བཏགས་པའི་འདས་མ་འོངས་རྫས་གྲུབ་སོགས་དང༌། ལྡན་མིན་འདུ་བྱེད་རྫས་གྲུབ་འདུས་མ་བྱས་སོགས་ཀྱི་ཀྱང་སྟོང་པར་འདོད། དེས་སྟོང་པའི་རྡུལ་ཕྲན་ཆ་མེད་དང༌། ཤེས་པ་སྐད་ཅིག་ཆ་མེད་བདེན་པར་སྨྲ་ལ། སེམས་ཙམ་རྣམ་བདེན་པ་ནི། སྟོང་གཞི་ད་ལྟར་གྱི་རིག་པ་སྐད་ཅིག་མ་ཡུལ་གྱི་རྣམ་པ་དང་བཅས་པའི་སྟེང་དུ་མུ་སྟེགས་དང༌། ཉན་ཐོས་ཀྱིས་བཏགས་པའི་གང་ཟག་དང་ཆོས་ཀྱི་བདག་མ་ལུས་པས་སྟོང་ཞིང༌། དེས་སྟོང་པའི་གཞན་དབང་དང་གཉིས་མེད་ཀྱི་རང་རིག་རང་གསལ་ཡོངས་གྲུབ་ཀྱིས་མི་སྟོང་པར་འདོད། རྣམ་རྫུན་པས། སྟོང་གཞི་གསལ་རིག་མྱོང་ཙམ་གྱི་ཆོས་ཅན་གཞན་དབང་གི་སྟེང་དུ་མུ་སྟེགས་དང༌། ཉན་ཐོས་ཀྱིས་བཏགས་པའི་བདག་མ་ལུས་པ་དང༌། རྣམ་བདེན་པས། བཏགས་པའི་རྣམ་པའི་དྲི་མ་མ་ལུས་པས་སྟོང་པར་འདོད་ལ། དེ་དག་གིས་དབེན་པའི་ཆོས་ཅན་རྣམ་རིག་ཙམ་གྱི་གཞན་དབང་རྫས་སུ་གྲུབ་ཅིང༌། ཆོས་ཉིད་གཉིས་(༣༢༧བ)


K800_Page_668
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་དེ་ཁོ་ན་ཉིད་ཡོངས་གྲུབ་ནི་རྣམ་རིག་ཙམ་དང༌། དེ་ཉིད་དང་གཞན་དུ་མེད་པར་དོན་ལ་ཡོད་པར་འདོད་པ་དང༌། ཙོང་ཁ་པ་ནི། ཐ་སྙད་ཚད་གྲུབ་ཀྱི་དངོས་པོའི་སྟེང་དུ་རྟགས་ཀྱི་དགག་བྱའི་དངོས་པོས་སྟོང་ལ། སྟོང་ཉིད་དེ་གཞི་དེར་གྲུབ་ཏུ་ཡོད་པར་འདོད་པའོ། །དེས་ན་དངོས་པོ་སྨྲ་བ་རྣམས་ཀྱི་སྟོང་ཉིད་ནི་བཏགས་པའི་ཆོས་དེ་དག་རང་རང་གི་ངོ་བོས་སྟོང་ཡང་སྟོང་གཞིའི་ཆོས་ཅན་ཐམས་ཅད་བདེན་པར་འདོད་ཅིང༌། དེའི་སྟོང་ཉིད་ཀྱང་ཆོས་ཅན་དང་ངོ་བོ་གཅིག་པའམ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཚུལ་དུ་ཡོད་པས་ཆོས་ཅན་དང་ཆོས་ཉིད་གཉིས་ཀར་རང་གི་ངོ་བོས་མི་སྟོང་ཞིང༌། དགག་བྱ་དོན་གཞན་གྱིས་སྟོང་པས་ཕྱི་རོལ་པའི་སྟོང་ཉིད་བཞིན་དུ་ཉི་ཚེ་བའི་རྣམ་གྲངས་པའི་སྟོང་ཉིད་ཡིན་གྱི། ཐར་པའི་ལམ་གྱི་རྟེན་དུ་རུང་བའི་སྟོང་ཉིད་ཡང་དག་པ་མ་ཡིན་ཏེ། ཆོས་ཅན་དང་ཆོས་ཉིད་བདེན་པར་ཡོད་ན་དེ་དག་ལ་བདེན་འཛིན་གྱི་བློ་སྤང་དུ་མི་རུང་ཞིང༌། དེ་མ་སྤངས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་སྤོང་མི་ནུས་པའི་ཕྱིར། དབུ་མ་རང་རྒྱུད་པ་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ན་སྟོང་གཞི་དང༌། སྟོང་ཆོས་དང༌། སྟོང་དང་མི་སྟོང་དང༌། ཆོས་ཅན་དང་ཆོས་ཉིད་ལ་སོགས་པ་ཐམས་ཅད་ཅུང་ཟད་ཙམ་ཡང་མི་རྙེད་པས་ཆོས་ཐམས་ཅད་སྤྲོས་པ་དང་མཚན་མ་ཐམས་ཅད་ཉེ་བར་ཞི་ཡང༌། ཐ་སྙད་དཔྱོད་བྱེད་ཀྱི་རིགས་པས་དགག་པར་མ་ནུས་པའི་ཡུལ་དང་སེམས་ཀྱི་སྣང་བ་སྒྱུ་མ་ལྟ་བུའི་བདག་ཉིད་འདི་ཐ་སྙད་དུ་སྟོང་གཞིར་བྱས་ནས་དོན་དམ་པར་ཕྱི་ནང་གི་དངོས་པོར་སྨྲ་བ་རྣམས་ཀྱིས་བཏགས་པའི་ཆོས་ཐམས་ཅད་ཀྱིས་སྟོང་པར་འདོད་དེ། འདིའང་(༣༢༨ན)


K800_Page_669
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོར་སྨྲ་བ་རྣམས་ཀྱི་སྟོང་ཉིད་ལ་བལྟོས་ཏེ། ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་ཞིང་ཡང་དག་པའི་ཐོས་བསམ་སྒོམ་གསུམ་གྱི་ངོར་རམ། ཐེག་ཆེན་འཕགས་པའི་མཉམ་གཞག་གི་ངོར་སྤྲོས་པ་དང་མཚན་མ་ཐམས་ཅད་ཉེ་བར་ཞི་བར་འདོད་པས་ཆེས་ཤིན་ཏུ་ཁྱད་པར་དུ་འཕགས་ཤིང༌། ཐར་པའི་ལམ་གྱི་རྟེན་དུ་རུང་ལ། སྒྲིབ་པའི་གཉེན་པོའང་བྱེད་མོད་ཀྱི། འོན་ཀྱང་འདི་ལའང་ཡུལ་སེམས་ཀྱི་སྣང་བ་ཐ་སྙད་དུ་ཐེག་ཆེན་འཕགས་པའི་མཉམ་གཞག་ལ་སྣང་ན་སྣང་བ་དེ་རིགས་པས་དཔྱད་བཟོད་པའམ། དོན་དམ་དུ་འགྱུར་བའམ། ཡང་ན་མཉམ་གཞག་འཁྲུལ་པར་ཡང་འགྱུར་ཞིང༌། མི་སྣང་ན་ཆོས་རྣམས་ཐ་སྙད་དུ་སྟོང་ཉིད་མ་ཡིན་པ་ལ་མཉམ་གཞག་གིས་སྟོང་ཉིད་དུ་བྱས་པའི་ཕྱིར་མཉམ་གཞག་ཐ་སྙད་དུ་ཆོས་རྣམས་ལ་སྐུར་འདེབས་སུ་འགྱུར་བའི་སྐྱོན་ཡོད་ཅིང༌། དེ་ལྟར་ན་སྟོང་པ་ཉིད་ངེས་དོན་གྱི་གསུང་རབ་རྣམས་དང༌། ཡང་དག་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དང༌། སངས་རྒྱས་ཀྱི་ཡེ་ཤེས་རྣམས་ཐ་སྙད་དུ་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། དེ་ནི་མི་རིགས་ཤིང་ཁས་བླངས་དང་ཡང་འགལ་ལོ། །དབུ་མ་ཐལ་འགྱུར་བ་ལྟར་ན། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ནི་ཆོས་རྣམས་དོན་ལ་མི་སྟོང་པ་ལ་བློས་སྟོང་པར་བསྒོམ་པ་ལྟ་བུ་རྣམ་རྟོག་གིས་བཟོས་པའི་སྟོང་ཉིད་ཀྱང་མ་ཡིན། ཐོ་བས་བུམ་པ་བཅོས་པ་ལྟར་མ་དཔྱད་ན་མི་སྟོང་པ་ལ་རིགས་པས་དཔྱད་ན་སྟོང་པར་སོང་བ་ཡང་མ་ཡིན། དེ་བཞིན་དུ་འཕགས་པའི་ཡེ་ཤེས་མ་སྐྱེས་པའི་ཚེ་ན་མི་སྟོང་ལ། སྐྱེས་ན་སྟོང་པར་སོང་བ་ལྟ་བུ་ཡང་མ་ཡིན། མར་མེ་ཤི་བ་ལྟ་བུའི་སྔར་ཡོད་པ་ཕྱིས་མེད་པར་འགྱུར་བ་ཡང་མ་ཡིན། (༣༢༨བ)


K800_Page_670
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ཆུས་སྟོང་པ་ལྟ་བུ་དགག་བྱ་དོན་གཞན་གྱིས་སྟོང་པ་ཡང་མ་ཡིན། རི་བོང་གི་རྭ་ལྟ་བུ་གཏན་ནས་མེད་པ་ཡང་མ་ཡིན་ཏེ། དེ་དག་ནི་རང་གི་ངོ་བོས་མི་སྟོང་ཞིང༌། བློས་དཔྱད་པའི་སྟོང་ཉིད་དང༌། ཆད་པའི་སྟོང་ཉིད་དང༌། ཉི་ཚེ་བའི་སྟོང་ཉིད་ཡིན་པས་ཐར་ལམ་གྱི་རྟེན་དང་སྒྲིབ་གཉིས་ཀྱི་གཉེན་པོར་མི་རུང་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་འདི་དག་ཐམས་ཅད་གདོད་མ་ནས་ཡོད་མེད་ལ་སོགས་པའི་མཐའ་བཞི་དང༌། སྐྱེ་འགག་ལ་སོགས་པའི་མཐའ་བརྒྱད་དང༌། རྟག་མི་རྟག་ལ་སོགས་པའི་མཐའ་བཅུ་བཞི་དང༌། སྟོང་མི་སྟོང་དང་བདེན་རྫུན་ལ་སོགས་སྤྲོས་པའི་མཐའ་གང་དུ་ཡང་མ་གྲུབ་པ་ལ་སྟོང་པ་ཉིད་དང༌། དེ་ཁོ་ན་ཉིད་དང༌། དེ་བཞིན་ཉིད་ལ་སོགས་པར་ཐ་སྙད་བཏགས་པ་ཙམ་དུ་ཟད་དོ། །དེ་ནི་ཐར་ལམ་གྱི་རྟེན་དང་སྒྲིབ་པའི་གཉེན་པོར་རུང་སྟེ། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་རྣམས་ནི་དངོས་པོ་ལ་མངོན་པར་ཞེན་པ་ལས་བྱུང་བ་ཡིན་ལ། རྣལ་འབྱོར་པས་ཆོས་ཐམས་ཅད་གདོད་མ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་པ་ན་དངོས་པོ་ལ་མངོན་པར་ཞེན་པ་མཐའ་དག་བཟློག་པའི་ཕྱིར། དེས་ན་ཐ་སྙད་དུ་ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་པའི་སྟོང་ཉིད་འདི་ནི་ཤེས་བྱ་ཐམས་ཅད་ཀྱི་རང་བབས་གནས་ལུགས་གང་ལ་མཉམ་པར་བཞག་པ་ན་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ། ཕྱིན་ཅི་ལོག་ཏུ་བལྟ་བའི་མུན་པ་འཇོམས་པའི་ཉི་མ། དངོས་འཛིན་གྱི་སྦྲུལ་གདུག་སེལ་བའི་སྨན་མཆོག སངས་རྒྱས་ཀྱི་བསྟན་པ་མ་ལུས་པའི་ཉིང་ཁུ། འཕགས་པའི་གང་ཟག་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། བདེ་བར་གཤེགས་པ་མཐའ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་(༣༢༩ན)


K800_Page_671
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱི་འཁོར་ལོ་ལྔ་མཐའ་དག་དབང་འབྱོར་བར་བྱེད་པའི་རྒྱུ་མཆོག་ཡིན་པས། ཐར་པ་དང་ཐམས་ཅད་མཁྱེན་པ་སྙིང་ནས་འདོད་པ་རྣམས་ཀྱིས་འབད་པ་ཆེན་པོས་འདི་ལ་ཐོས་བསམ་སྒོམ་པས་འཇུག་པར་བྱའོ། །ཟབ་མོའི་དོན་འདི་ལ་ཕྱིན་ཅི་ལོག་ཏུ་གནས་ནས་སྐུར་བ་འདེབས་པར་བྱེད་པ་ནི་ཇོ་ནང་དོལ་ཕུ་པ་ཆེན་པོ་སྟེ། ཟླ་གྲགས་འདོད་པའི་དབུ་མའི་ལུགས་འདི་ནི་ཐ་ཆད་པ་ཡིན་ཏེ། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །ཅེས་བཅོམ་ལྡན་འདས་ཀྱིས་མ་འོངས་ལུང་བསྟན་དུ་མཛད་ནས་བཀག་པའི་ཕྱིར་དང༌། ལུགས་འདི་རྩོད་དུས་ཀྱི་ཆོས་ཡིན་པའི་ཕྱིར་དང༌། ཁོ་བོ་འདོད་པའི་དབུ་མ་ནི་རྫོགས་ལྡན་ཆོས་མཆོག་ཆེན་པོ་རིགས་ལྡན་ཤམྦྷ་ལ་པའི་ལུགས་ཡིན་པའི་ཕྱིར། ལུགས་འདིས་ནི་རྟེན་འབྲེལ་དུ་རུང་བ་དང་མི་རུང་བའི་ཆོས་ལས་དོན་དམ་གཞན་མཆོག་རྟེན་འབྲེལ་དུ་མི་རུང་བས། དེ་ནི་ཀུན་རྫོབ་པའི་རང་སྟོང་གི་ཆོས་ཅན་གང་ལ་རྟེན་དུ་མེད་པ་ཡན་གར་བ་ཡིན་ལ། ཆོས་ཉིད་དོན་དམ་བདེན་པ་འདུས་མ་བྱས་པ་ལའང་བདེན་གཉིས་དང༌། ཆོས་ཅན་ཆོས་ཉིད་དང༌། འཁོར་འདས་དང༌། ཡོད་མེད་དང༌། བདེན་རྫུན་དང༌། སྟོང་མི་སྟོང་དང༌། སྐྱོན་ཡོན་གཉིས་ཀ་ཡོད་ལ། ཆོས་ཅན་ཀུན་རྫོབ་བདེན་པ་རྟེན་འབྲེལ་དུ་རུང་བ་ལའང་དེ་ལྟར་གཉིས་སུ་ཡོད་ཅིང༌། གཞན་སྟོང་གི་ཆོས་ནི་བློ་ལ་སྣང་བ་ལྟར་བདེན་ལ། རང་སྟོང་གི་ཆོས་ཐམས་ཅད་ནི་བློ་ལ་སྣང་བ་ལྟར་མི་བདེན་པས། ཀུན་རྫོབ་ཀྱི་ཆོས་ནི་འགལ་འདུ་སྐྱོན་ཅན་ཡིན་པས་བདེན་རྫུན་སོགས་སོ་སོར་འཇོག་པའི་རྣམ་གཞག་མི་འགལ་བར་ཁས་ལེན་དགོས་ཤིང༌། དོན་དམ་གྱི་ཆོས་ནི་འགལ་འདུ་སྐྱོན་མེད་ཡིན་པས་བདེན་རྫུན་(༣༢༩བ)


K800_Page_672
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་ཐམས་ཅད་དོན་དམ་དུ་ལ་དོར་བས་དབྱེ་བསལ་མེད་པར་མཉམ་ཉིད་རོ་གཅིག་པའོ། །དེས་ན་ཆོས་ཐམས་ཅད་མཉམ་ཉིད་དུ་གསུངས་པའང་རང་སྟོང་གཞན་སྟོང་གི་ཆོས་ཐམས་ཅད་མཉམ་ཉིད་དུ་གསུངས་པ་མིན་ཏེ། བདེན་གཉིས་སོ་སོ་ལ་ཡོད་པའི་ཆོས་ཅན་ཆོས་ཉིད་མཉམ་ཉིད་དུ་གསུངས་པ་ཡིན་ལ། དོན་དམ་བདེན་པ་རྟག་པས་ཆད་མཐའ་སེལ་ཅིང༌། ཀུན་རྫོབ་བདེན་པ་མི་རྟག་པས་རྟག་མཐའ་བསལ་ནས་རྟག་ཆད་སྤོང་བའི་ཚུལ་འདི་ལྟ་བུ་ནི་མཐའ་བྲལ་དབུ་མའི་ལྟ་བ་བྱ་རྒོད་ཀྱིས་གནམ་འཕངས་བཅད་ནས་བལྟས་པ་ལྟ་བུ་ཡིན་ལ། གཞན་གྱིས་དཔྱད་པ་ནི་ཕྱེ་ལེབ་ཀྱི་འགྲོས་ལྟ་བུའོ་ཞེས་སྨྲའོ། །ལུགས་དེ་ནི་དེ་བཞིན་གཤེགས་པའི་གསུང་རབ་དང་གྲུབ་མཐའ་སྨྲ་བ་བཞིའི་ལུང་རིགས་མཐའ་དག་དང་འགལ་བར་མ་ཟད། རང་གི་རྣམ་གཞག་ཐམས་ཅད་དང་ཡང་འགལ་ཏེ། ཆོས་ཅན་མེད་པའི་ཆོས་ཉིད་ཡོད་པ་དབུ་མ་པ་ལྟར་ཡང་མི་འཐད་དེ། ཆོས་ཅན་དང་ཆོས་ཉིད་གཉིས་ཀ་ཡོད་མེད་སོགས་སྤྲོས་བ་དང་བྲལ་བའི་ཕྱིར། དངོས་པོར་སྨྲ་བ་ལྟར་ནའང་མི་འཐད་དེ། གཉིས་ཀ་ཡོད་པའི་ཕྱིར། དེ་ཁྱོད་རང་གི་ལུགས་ལའང་མི་འཐད་དེ། དོན་དམ་པའི་ཆོས་ཅན་དང༌། ཆོས་ཉིད་དང༌། འཁོར་འདས་དང༌། སྐྱོན་ཡོན་སོགས་ཐམས་ཅད་ཡོད་ཅིང༌། ཀུན་རྫོབ་ཀྱི་དེ་ཐམས་ཅད་མེད་པའི་ཕྱིར། ཕུང་པོ་རྣམ་བཅད་ཀྱི་སྟོང་ཉིད་ཆུ་ཤིང་བཞིན་དུ་སྙིང་པོ་མེད་པའི་དགོངས་དོན་ཁྱོད་ཀྱིས་མ་གོ་བར་སྣང་བའི་ཕྱིར་ཏེ། ལུང་དེས་ཕུང་སོགས་ཀྱི་ཆོས་རིགས་པས་སྟོང་ཉིད་དུ་གཏན་ལ་འབེབས་པ་འགོག་པ་ཡིན་ན་སེམས་འགྲེལ་སྐོར་གསུམ་ལ་སོགས་པ་སྔགས་གཞུང་མཐའ་ཡས་པར་སྟོང་ཉིད་གཏན་ལ་འབེབས་བྱེད་ཀྱི་རིགས་པས་སྟོང་ཉིད་གཏན་ལ་དབབ་པ་ཐམས་(༣༣༠ན)


K800_Page_673
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྙིང་པོ་མེད་པར་འགྱུར་བའི་ཕྱིར་དང༌། ཡང་ན་རྒྱུད་སྡེ་དང་བྱང་ཆུབ་སེམས་དཔའི་འགྲེལ་པ་སྟེ་སྔགས་གཞུང་ཐམས་ཅད་ལས་སྟོང་ཉིད་ཀྱི་དོན་ལ་ཐོས་བསམ་ལས་བྱུང་བའི་ཤེས་རབ་ཐམས་ཅད་བཀག་པར་འགྱུར་བའི་ཕྱིར་འགྱུར་བར་འདོད་དོ་སྙམ་ན། རྡོ་རྗེ་ཐེག་པ་ལས་ནི་དེ་ལྟར་ཡང་མི་འདོད་དེ། ཕར་ཕྱིན་ཐེག་པར་གྲགས་པའི་ཤེས་བྱ་ཐུན་མོང་བའི་ཁར་ད་དུང་རྡོ་རྗེ་ཐེག་པར་གྲགས་པའི་ཤེས་བྱ་ཐུན་མོང་མིན་པ་མཐའ་ཀླས་པ་ལ་ཐོས་བསམ་གྱི་ཤེས་རབ་ཀྱིས་བདག་བདེན་སོགས་སྤྲོས་པ་ཐམས་ཅད་སྟོང་པར་གཏན་ལ་དབབ་ནས་གསང་ཆེན་གྱི་སྐུ་དང་ཡེ་ཤེས་བསྒྲུབ་པར་འདོད་པའི་ཕྱིར། ལུང་དེས་ནི་གཏན་ལ་དབབ་བྱའི་ཐུན་མོང་གི་སྟོང་པ་ཉིད་ལ་མདོ་སྔགས་ཟབ་ཁྱད་མེད་ཀྱང་མདོ་སྔགས་གང་གིའང་ཐོས་བསམ་གྱི་ཤེས་རབ་ཀྱིས་དཔྱད་པའི་སྟོང་ཉིད་དེ་སྟོང་པ་ཉིད་ཀྱི་སྤྱི་མཚན་ཙམ་གཞལ་བར་རློམ་པ་ལས། རྡོ་རྗེ་ཐེག་པའི་ལུགས་ཀྱི་ལུས་སེམས་བཅིངས་པའི་རྟེན་འབྲེལ་ལས་སྒོམ་བྱུང་གི་སྒོ་ནས་སྟོང་ཉིད་མངོན་སུམ་དུ་གཏན་ལ་དབབ་པ་ལྟ་བུའི་སྙིང་པོ་དང་མི་ལྡན་ནོ་ཞེས་གསུངས་པ་ལས་གཞན་ཕུང་སོགས་དཔྱད་སྒོམ་གྱི་སྟོང་པར་གཏན་ལ་དབབ་པའི་སྟོང་ཉིད་བསྒོམ་པ་ཐར་ལམ་དུ་འགོག་པར་བྱེད་པ་ག་ལ་ཡིན་ཏེ། དེ་ལྟར་ན་བདེ་བར་གཤེགས་པ་རང་ཉིད་ཀྱི་ལུང་གིས་རང་ཉིད་སུན་འབྱིན་པར་འགྱུར་རོ། །སློབ་དཔོན་ཆེན་པོ་ཟླ་གྲགས་རྩོད་དུས་ཀྱི་པནྚི་ཏ་ཡིན་ནོ་ཞེས་སྨྲས་པ་ཡང་ཁྱོད་རང་གི་ལུགས་ལ་ནང་འགལ་བ་ཡིན་ཏེ། ཁྱོད་རང་གི་ཡེ་གེར། དུས་བཞི་གཉིས་ཀྱི་རབ་དབྱེ་རབ་བཤད་བྱ། །དུས་བཞི་ཆེན་པོ་བསྐལ་དུས་བཟང་ངན་ཏེ། །དུས་བཞི་ཆུང་བ་བསྟན་པའི་བཟང་ངན་ཡིན། །དང་པོ་ལོ་ནི་ས་ཡ་ཕྲག་བཞི་དང༌། །སུམ་འབུམ་(༣༣༠བ)


K800_Page_674
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཁྲིའི་དེ་ཡི་བཅུ་ཆ་ནི། །རྐང་པ་ཞེས་གསུངས་རྐང་པ་གཅིག་དང་གཉིས། །གསུམ་དང་བཞི་ལ་རིམ་བཞིན་རྩོད་ལྡན་དང༌། །གཉིས་ལྡན་གསུམ་ལྡན་རྗོགས་ལྡན་ཅེས་གསུངས་སོ། །དུས་བཞི་ཆུང་བ་བསྟན་པའི་བཟང་ངན་ནི། །མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བར། །དེ་ཡི་བཞི་ཆ་དུས་བཞི་སོ་སོའི་ཚད། །སྐྱོན་མེད་ཡོན་ཏན་ཚང་བ་རྫོགས་ལྡན་ཆོས། །དེ་ནས་བཞི་ཆ་ཉམས་པ་སུམ་ལྡན་སྟོད། །ཕྱེད་ཉམས་གྱུར་ན་སུམ་ལྡན་སྨད་དུ་འགྱུར། །བཞི་གསུམ་ཉམས་པའི་ལྷག་མ་གཉིས་ལྡན་ཡིན། །བཞི་ཆ་གཅིག་ཀྱང་མེད་ན་རྩོད་ལྡན་ཏེ། །ལྷ་མིན་ཀླ་ཀློ་ནག་པོའི་ཆོས་སུ་གསུངས། །ཞེས་བརྗོད་པར་བྱས་སྣང་ལ། དེ་ལྟའི་དུས་བཞིའི་འཇོག་ལུགས་ལ་དཔྱད་དུ་ཡོད་མོད་ཀྱང་སྐབས་བབ་མིན་པས་དཔྱད་པ་བོར་ལ། དེ་ལྟར་ན་དུས་བཞི་ཆུང་ངུ་དེ་ལ་དུམ་བུ་བཞིར་བགོས་པ་ན་ལྔ་སྟོང་བཞི་བརྒྱ་རེ་འབྱུང་བས་སངས་རྒྱས་ཀྱི་བསྟན་པ་འདིའང་མདོ་ལུགས་ལྟར་ན་སྟོན་པ་གཤེགས་ནས་ལོ་ལྔ་སྟོང་ལས་མི་གནས་པར་བཤད་ཅིང༌། དེས་ན་ད་ལྟའི་དུས་འདིར་ཡང་དུས་འཁོར་གྱི་རྩིས་ལྟར་ན་སངས་རྒྱས་འདས་ནས་ལོ་ཉིས་སྟོང་ལྷག་ཙམ་ལས་མ་སོང་བར་འདུག་པ་ལ། རྩོད་དུས་ནི་སྟོན་པ་གཤེགས་ནས་ལོ་ཆིག་ཁྲི་དྲུག་སྟོང་ཉིས་བརྒྱ་འཆར་བ་ན་འབྱུང་བས། སློབ་དཔོན་ཟླ་གྲགས་ནི་མདོ་ལུགས་ལྟར་གྱི་སངས་རྒྱས་འདིའི་བསྟན་པ་ནུབ་པའི་རྗེས་རིང་མོར་ཡོང་དགོས་རྒྱུ་ལ། སྟོན་པ་གཤེགས་ནས་ལོ་བཞི་བརྒྱ་ན་མགོན་པོ་ཀླུ་སྒྲུབ་བྱོན་ཞིང༌། མགོན་པོ་ཀླུ་སྒྲུབ་ལ་དཔལ་ལྡན་ཟླ་བས་དངོས་ཀྱིས་བསྙེན་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གསུངས་པའི་ཕྱིར་ན་ཁྱེད་རང་འདོད་པའི་རྫོགས་ལྡན་གྱི་དུས་མ་རྫོགས་པར་ཟླ་གྲགས་(༣༣༡ན)


K800_Page_675
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཡུལ་དུ་བྱུང་བས་ཟླ་གྲགས་རྩོད་ལྡན་དུས་སུ་བྱུང་བའི་པཎྜི་ཏ་ཡིན་པར་ཁས་བླངས་པའང་རང་ཚིག་གིས་རང་གི་དམ་བཅའ་ལེགས་པར་བཀག་པ་ཡིན་ནོ། །ཡང་ཁྱེད་ཀྱི་གྲུབ་མཐའ་འདི་རིགས་ལྡན་ཤམྦྷ་ལ་པའི་རྫོགས་ལྡན་གྱི་ཆོས་ཡིན་ན་འདི་ལྟའི་གྲུབ་མཐའ་འདི་དུས་འཁོར་བསྒྱུར་བའི་བོད་ཀྱི་ལོ་པཎ་ཐམས་ཅད་ནས་བརྒྱུད་དེ། ཁྱེད་རང་གི་རྩ་བའི་བླ་མ་ཀུན་མཁྱེན་ཡོན་ཏན་རྒྱ་མཚོ་ཡན་དུ་ནི་མ་གྲགས་པས་ཁྱེད་རང་རིགས་ལྡན་ཀྱི་གན་དུ་ཕར་བྱོན་ནམ། རིགས་ལྡན་ཚུར་བྱོན་ནས་འཆད་པ་གང་རུང་ལས་འོས་མེད་པའམ། ཡང་ན་ཉིད་ཅག་རིགས་ལྡན་གྱི་སྤྲུལ་པར་ཡང་གོར་མ་ཆག་པས་རང་ཚིག་འགལ་བའི་རྫུན་ཚིག་འདི་ཐམས་ཅད་དྲང་བའི་དོན་ཅན་གྱི་ངག་ཡིན་ན་རུང་གི། གཞན་ངེས་དོན་དུ་སྨྲ་བ་ཡིན་ན། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཆོས་ཅན། གཞན་སྟོང་དུ་ཐལ། ལས་རྒྱུ་འབྲས་བསླུ་བ་མེད་པ་ཐ་སྙད་དུ་སོ་སྐྱེའི་བློ་ལ་སྣང་བ་ལྟར་བདེན་པའི་ཕྱིར། མ་གྲུབ་ན་སོ་སྐྱེས་ཐ་སྙད་དུའང་ལས་རྒྱུ་འབྲས་ལ་བླང་དོར་ཚུལ་བཞིན་བྱེད་མི་དགོས་པར་ཐལ། འདོད་པ་དེའི་ཕྱིར། མ་ཁྱབ་ན་སོ་སྐྱེས་ཐ་སྙད་དུའང་རི་བོང་གི་རྭའི་སྐས་ལ་ལྷུང་དོགས་ཚུལ་བཞིན་བྱེད་དགོས་པར་ཐལ། ཐ་སྙད་དུའང་ལས་རྒྱུ་འབྲས་དང༌། རི་རྭ་བློ་ལ་སྣང་བ་ལྟར་མི་བདེན་པར་མཚུངས་ཤིང༌། རྒྱུ་འབྲས་ལ་དེ་བྱེད་རིགས་ན་ཅིག་ཤོས་ལའང་དེ་རིགས་པར་བསྐལ་པའི་བར་དུ་མཚུངས་པའི་ཕྱིར། ཡང་དོན་དམ་ཆོས་ཅན། རང་སྟོང་དུ་ཐལ། དོན་དམ་བདེན་པ་འཇིག་རྟེན་པའི་བློ་ལ་སྣང་བ་གང་ཞིག སྣང་བ་ལྟར་མི་བདེན་པའི་ཕྱིར། རྟགས་དང་པོ་མ་གྲུབ་སྙམ་ན། ཁྱོད་ཀྱིས་སློབ་མ་འཇིག་རྟེན་(༣༣༡བ)


K800_Page_676
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་གཞན་སྟོང་འདུས་མ་བྱས་རྟག་པ་སོགས་ཀྱིས་ཁྱད་པར་དུ་བྱས་པའི་དོན་དམ་བདེན་པ་བློ་ཡུལ་དུ་བསྟན་མི་ནུས་པར་ཐལ། དེ་ལྟའི་ཁྱད་གཞི་དོན་དམ་དེ་འཇིག་རྟེན་པའི་བློ་ལ་གཏན་སྣང་དུ་མི་རུང་བའི་ཕྱིར། འདོད་ན། ཁྱེད་ཀྱིས་ཆོས་འདིའི་ཆེད་དུ་ངལ་བ་རྩོམ་པ་དེ་ཐམས་ཅད་བདག་ཉིད་ལ་ཡི་ཆད་འབའ་ཞིག་གི་རྒྱུ་ལས་ཅི་བྱར་ཡོད། ཡང་ཀུན་རྫོབ་ཀྱི་ཡུལ་ཅན་ཆོས་ཅན། མ་འཁྲུལ་པར་ཐལ། འཇིག་རྟེན་ཡུལ་ཅན་གྱི་ཤེས་པ་ལ་གཅིག་དང་དུ་མར་སྣང་བ་ལྟར་བདེན་པར་གནས་པའི་ཕྱིར། མ་གྲུབ་ན་འཇིག་རྟེན་པའི་ལས་རླུང་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་དོན་ལྔའི་རྒྱུ་བ་གཅིག་ཐ་དད་པར་བདེན་པར་མི་གནས་པར་ཐལ། མ་གྲུབ་པར་སྨྲས་པ་དེའི་ཕྱིར། འདོད་ན། མ་དག་པའི་རླུང་གི་རྒྱུ་བ་དུ་མ་འགོག་ཅིང་དག་པའི་རླུང་གི་རྒྱུ་བ་འབད་ནས་སྒྲུབ་པ་དོན་མེད་པར་ཐལ། དེ་དག་གི་རྒྱུ་བ་གཅིག་དང་དུ་མར་སྣང་བ་ཐམས་ཅད་ཡེ་མེད་པས་མི་བདེན་པའི་ཕྱིར། དོན་དམ་གྱི་ཡུལ་ཅན་ཆོས་ཅན། འཁྲུལ་པར་ཐལ། འཇིག་རྟེན་པས་དོན་དམ་ཡུལ་དུ་བྱས་པ་ལ་དོན་དམ་པའི་ཆོས་གཅིག་དང་དུ་མར་སྣང་བ་ལྟར་མི་བདེན་པའི་ཕྱིར། འཇིག་རྟེན་པས་དོན་དམ་ཡུལ་དུ་བྱས་པ་མི་སྲིད་དོ་སྙམ་ན། འོ་ན་ཁྱོད་རང་གི་འཇིག་རྟེན་པའི་སློབ་མ་མང་པོ་ལ་སྦྱོར་དྲུག་གི་ཁྲིད་བཏབ་ནས་དོན་དམ་བདེན་པ་ཡུལ་དུ་བྱས་པའི་ཡུལ་ཅན་གྱི་བློ་གྲོས་ཁྱད་པར་ཅན་གྱི་ཉམས་རྟོགས་སྐྱེས་པ་མང་པོ་ཡོད་པའི་མངོན་པའི་ང་རྒྱལ་དེ་ཐོངས་ཤིག བློ་འཁྲུལ་པ་ལ་སྣང་བ་ཐམས་ཅད་ཆོས་ཅན། བདེན་པར་འགྱུར་ཏེ། ཀུན་རྫོབ་ཐམས་ཅད་འགལ་འདུ་སྐྱོན་ཅན་ཡིན་པས་དེའི་དབང་དུ་(༣༣༢ན)


K800_Page_677
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡོད་མེད་སོགས་འགལ་བས་སོ་སོར་བདེན་པའི་ཕྱིར། བློ་མ་འཁྲུལ་པ་ལ་སྣང་བ་ཐམས་ཅད་ཆོས་ཅན། བརྫུན་པར་འགྱུར་ཏེ། དོན་དམ་ཐམས་ཅད་འགལ་འདུ་སྐྱོན་མེད་ཡིན་པས་དེའི་དབང་དུ་ན་ཡོད་མེད་སོགས་འགལ་ཡང༌། སོ་སོར་མི་བདེན་པར་ཡོད་པ་དེའང་མེད་པ་ཡིན་ལ། མེད་པ་དེའང་ཡོད་པ་ལ་སོགས་ཡིན་པའི་ཕྱིར། བདེན་པ་གཉིས་སོགས་ལ་སྐྱོན་ཡོན་གྱིས་སྟོང་མི་སྟོང་གི་ཁྱད་པར་ཡང་མི་འཐད་པར་ཐལ། དོན་དམ་གཞན་སྟོང་གི་བདེན་གཉིས་དེ་སྐྱོན་གྱིས་སྟོང་ཞིང་ཡོན་ཏན་གྱིས་མི་སྟོང་པའི་ཕྱིར། བདེན་གཉིས་ལ་རང་སྟོང་དང་གཞན་སྟོང་གི་ཁྱད་པར་ཡང་མི་འཐད་པར་ཐལ། གཉིས་ཀའི་གནས་ལུགས་གཞན་སྟོང་ཡིན་ཅིང༌། གཞན་སྟོང་ལ་རང་གཞན་གྱི་བསལ་བཞག་གི་ཁྱད་པར་མེད་པའི་ཕྱིར། སེམས་ཅན་དང་སངས་རྒྱས་ལ་སྟོབས་སོགས་ཡོན་ཏན་ཡོད་མེད་ཀྱི་ཁྱད་པར་ཡང་མི་འཐད་པར་ཐལ། དོན་དམ་འདུས་མ་བྱས་ཀྱི་སྟོབས་སོགས་ཀྱི་ཡོན་ཏན་ཐམས་ཅད་སེམས་ཅན་ལའང་ཡོད་ཅིང༌། ཀུན་རྫོབ་འདུས་བྱས་ཀྱི་སྟོབས་སོགས་དོན་དམ་བདེན་པའི་སངས་རྒྱས་ལ་ཡང་མེད་པའི་ཕྱིར། འཁོར་འདས་མཉམ་ཉིད་མིན་པ་ཡང་མི་འཐད་པར་ཐལ། ཀུན་རྫོབ་ཀྱི་འཁོར་འདས་གཉིས་ཀ་མི་འཐད་ཅིང་དོན་དམ་པའི་འཁོར་འདས་གཉིས་ཀ་དབྱེར་མེད་གཅིག་ཡིན་པའི་ཕྱིར། ཆོས་ཐམས་ཅད་མཉམ་ཉིད་མིན་པར་མི་འཐད་པར་ཐལ། དོན་དམ་པར་ཆོས་ཐམས་ཅད་ལ་འགལ་འདུ་སྐྱོན་མེད་ཡིན་པས་ཨ་མཉམ་ཆ་མཉམ་གང་བྱས་ཀྱང་ཆོག་པའི་ཕྱིར། ཁྱབ་པ་ཡོད་དེ། ཀུན་རྫོབ་དང་དོན་དམ་གཉིས་དོན་དམ་དབང་བཙན་ཏེ་གནས་ཚུལ་དུ་ཞུགས་པའི་རྟག་དངོས་ཡིན་ལ། (༣༣༢བ)


K800_Page_678
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་དབང་མི་བཙན་པས་གནས་ཚུལ་དུ་མེད་པའི་ཀུན་བརྟགས་ཡིན་པའི་ཕྱིར། ཁྱེད་ཀྱི་ལུགས་ལྟར་ན་ཤེས་བྱའི་ཕྱེད་ཀྱིས་རྟགས་ཆད་ཀྱི་མཐའ་རེ་རེ་བཟུང་བར་ཐལ། དོན་དམ་བདེན་པས་རྟག་མཐའ་བཟུང་ནས་ཆད་མཐའ་སེལ་ཅིང༌། ཀུན་རྫོབ་བདེན་པས་ཆད་མཐའ་བཟུང་ནས་རྟག་མཐའ་སེལ་བར་བྱེད་པའི་ཕྱིར། འདོད་པ་ལས་འོས་མེད། དེ་ལྟར་ན་བདེན་པ་གཉིས་ཀྱིས་རྟེན་འབྲེལ་དུ་དོན་བྱེད་མི་ནུས་པར་ཐལ། རྟག་པ་དང་ཆད་པ་ལ་བྱ་བྱེད་མི་སྲིད་པའི་ཕྱིར། ཡང་ཇོ་ནང་པ་ན་རེ། ཤེར་ཕྱིན་ལྔ་བརྒྱ་པར། གང་ཡང་བཅོམ་ལྡན་འདས་ཀྱིས་གཟུགས་རང་བཞིན་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་དགོངས་པ་ཅན་མ་ཡིན་པར་སྒྲ་ཇི་བཞིན་པའོ། །ཞེས་གང་སྨྲ་བ་དེ་དག་ནི་ཕྱི་རོལ་པ་སོ་སོ་སྐྱེ་བོའོ། །ཕྱོགས་ལ་བརྟེན་པའོ་ཞེས་ང་སྨྲའོ། །དེ་བཞིན་དུ་ཚོར་བ་དང་ཞེས་སོགས་འབྱུང་བས་འཁོར་ལོ་བར་པར་ཆོས་ཐམས་ཅད་རང་སྟོང་དུ་གསུངས་པ་སྒྲ་ཇི་བཞིན་པ་མིན་པར་འཁོར་ལོ་བར་པ་ཉིད་ནས་ཀྱང་བཤད་དོ་ཞེས་སྨྲའོ། །ལུང་དེ་དག་གི་དོན་ནི་སྔོན་ཉིད་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་རྒྱ་ཆེར་བཤད་ཟིན་པས། མ་དག་པས་དག་པ་སུན་འབྱིན་པར་བྱེད་པའི་སྐབས་འཕྲོགས་པར་བྱས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ལུང་དེ་དག་གིས་གཟུགས་རྟག་པ་བཀག་ནས་མི་རྟག་པར་མི་སྒྲུབ་པ་དང༌། མི་སྟོང་པ་བཀག་ནས་སྟོང་པ་ཉིད་མི་བསྒྲུབ་པ་དང༌། དེས་ན་སྟོང་ཉིད་དང་སྐྱེ་མེད་སོགས་ཀྱང་སྒྲ་ཇི་བཞིན་པ་དེ་དེའི་ངོ་བོ་ཉིད་དུ་བཟུང་ན་མུ་སྟེགས་པའི་ཕྱོགས་སུ་འགྱུར་བས་སྟོང་ཉིད་སྐྱེ་མེད་སོགས་ཀྱང་རང་རང་ངོ་བོས་སྟོང་པ་ཉིད་སྒྲ་(༣༣༣ན)


K800_Page_679
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་པའི་ངེས་དོན་དུ་ཤེས་པར་བྱ་རིགས་པའི་ཕྱིར། ཇི་སྐད་དུ། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་ལེགས་པར་བཤད་ཟིན་ཏོ། །ཡང་ཇོ་ནང་པ་ཆེན་པོ་དང་དེའི་རྗེས་སུ་འབྲང་བ་དག་ན་རེ། བདེན་གཉིས་ཐ་དད་ཡིན་ཏེ། ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་པའི་ཕྱིར་ཏེ། ཀུན་རྫོབ་བདེན་པ་དོན་ལ་མེད་ཅིང་དོན་དམ་བདེན་པ་དོན་ལ་ཡོད་པས། དེ་གཉིས་ཡོད་མེད་གཅིག་ཏུ་མི་རུང་བས་ཀུན་རྫོབ་བདེན་པ་མེད་པ་ལས་དོན་དམ་བདེན་པ་གཞན་དུ་ཐ་དད་པར་ཡོད་པར་གྲུབ་བོ།།ཡང་བདེན་གཉིས་གཅིག་ཡིན་ཏེ། ངོ་བོ་ཐ་དད་བཀག་པའི་གཅིག་པ་ཡིན་པའི་ཕྱིར་ཏེ། ཀུན་རྫོབ་བདེན་པ་དོན་དམ་བདེན་པ་ལས་ངོ་བོ་ཐ་དད་པར་ཡོད་པ་མིན་ཅིང༌། དེས་ན་དོན་དམ་བདེན་པ་ལས་ཟུར་དུ་ཀུན་རྫོབ་མེད་པས་བདེན་གཉིས་གཅིག་ལས་དེའི་ཟླ་བོ་གཉིས་སུ་མ་གྲུབ་ཅིང༌། བདེན་གཉིས་གཏན་མེད་ཀྱང་མིན་ནོ་ཞེས་ཟེར་རོ། །དེ་ལྟར་ན། བདེན་གཉིས་ཆོས་ཅན། ངོ་བོ་གཅིག་མ་ཡིན་པར་ཐལ། ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་པའི་ཕྱིར། ཡང་ངོ་བོ་ཐ་དད་མ་ཡིན་པར་ཐལ། ངོ་བོ་ཐ་དད་བཀག་པའི་གཅིག་པ་ཡིན་པའི་ཕྱིར་ཞེས་རང་ཚིག་འགལ་བར་མ་ཟད། དེ་ལྟར་ན་ཐ་སྙད་དུའང་ཀུན་རྫོབ་བདེན་པ་གཏན་མེད་པའི་རྒྱུ་མཚན་གྱིས་ཐ་སྙད་རྣམ་གཞག་བྱེད་པ་ན། བདེན་གཉིས་གཅིག་དང་ཐ་དད་མིན་པའི་ལན་བཏབ་པར་སོང་བས་བདེན་གཉིས་གཏན་མེད་མིན་ཅེས་པའི་རང་ཚིག་ཀྱང་སྙིང་པོ་མེད་པར་སོང་སྟེ། དེ་ལྟར་ན་ནི་ཐ་སྙད་དུ་བདེན་གཉིས་ལ་གཅིག་ཐ་དད་གང་ཡིན་ཞེས་འདྲི་ཞིང་ལན་འདེབས་མི་རིགས་པར་ཐལ་བའི་ཕྱིར་ཏེ། ཀུན་རྫོབ་བདེན་པ་ཀུན་རྫོབ་ཀྱི་རྣམ་(༣༣༣བ)


K800_Page_680
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་བྱེད་པ་ནའང་གཏན་མེད་ན་དེ་ཐ་སྙད་དུའང་དོན་དམ་བདེན་པ་དང་གཅིག་ཐ་དད་དུ་དོགས་པ་རྟོག་ལྡན་ལ་སྐྱེ་མི་སྲིད་པའི་ཕྱིར། རི་བོང་གི་རྭ་དང་དོན་དམ་བདེན་པ་གཅིག་ཐ་དད་མི་དཔྱོད་པ་བཞིན་ནོ། །དེས་ན་བདེན་གཉིས་གཅིག་དང་ཐ་དད་མིན་པར་སྒྲུབ་བྱེད་འདིས་ནི་བདེན་གཉིས་ལ་ལོག་རྟོག་གི་སྒྲོ་སྐུར་ཆེན་པོ་ཞིག་བཏབ་པའི་ལས་སོག་པ་ལས་གཞན་དུ་མ་མཐོང་སྟེ། དོན་དམ་བདེན་པ་རྟག་གྲུབ་དང་ཀུན་རྫོབ་བདེན་པ་འགར་ཡང་མི་དམིགས་པར་བརྗོད་པའི་ཕྱིར། ཁོ་བོ་ཅག་གི་བརྗོད་པ་ལྟར་ན་མ་དཔྱད་ན་བདེན་གཉིས་གཅིག་པ་དང་ཐ་དད་པ་གང་ཡང་མི་དཔྱོད་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བླང་དོར་ལ་འཇུག་པའི་ཚེ། ཆོས་ཅན་ཀུན་རྫོབ་བདེན་པ་ལ་ཆོས་ཉིད་དོན་དམ་བདེན་པས་དོར་བར་མ་གྱུར་པ་དེ་ཉིད་ལ་བླང་དོར་དུ་འཇུག་པ་སྟེ། དཔྱད་པ་ན་དེ་གཉིས་ལ་གཅིག་པ་དང་ཐ་དད་པ་གཉིས་ཀ་བཀག་ནས་དེ་གཉིས་གཅིག་ཐ་དད་གང་དུའང་མི་ལྟ་བ་ལ་ལྟ་སྒོམ་དུ་བྱེད་པ་ལས། ཁྱེད་ལྟར་གཅིག་བཀག་ནས་ཅིག་ཤོས་ཀྱི་མཐར་བལྟ་བ་སོགས་ལྟ་སྒོམ་གྱི་སྙིགས་མ་ལ་ཡིད་དགའ་བདེའི་ཚོར་བས་གདུང་བར་བྱེད་པ་ག་ལ་ཡིན། ཡང་གངས་ཅན་གྱི་ལྗོངས་འདིར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ལུང་ལ་བརྟེན་ནས་ཟླ་བ་གྲགས་པའི་ལུགས་མཆོག་སྔོན་མེད་དུ་དབྱེ་བ་ཤར་ཙོང་ཁ་པ་ཆེན་པོ་ན་རེ། སྟོང་གཞི་གང་ཟག་དང་ཆོས་ལ་སྟོང་བྱ་བདག་དང་བདེན་གྲུབ་མེད་པར་རྟོགས་པ་ལ། དང་པོར་དེའི་ཟློག་ཕྱོགས་ཀྱི་རྟགས་ཀྱི་དགག་བྱ་ངོས་ཟིན་དགོས། རྟགས་ཀྱི་དགག་བྱ་ནི་ཤེས་བྱ་ལ་མེད་ཀྱང་དེ་བཀག་པའི་སྟོང་ཉིད་ཤེས་བྱ་ལ་ཡོད་པས་དོན་དམ་བདེན་པ་ཀུན་རྫོབ་བདེན་པར་ཡོད་ཅིང༌། དོན་དམ་བདེན་(༣༣༤ན)


K800_Page_681
[མ་དཔེ་གཟིགས་ན་འདིར་གནོན།]

པ་དོན་དམ་བདེན་པ་ཡིན་པར་མེད་པས་ཡོད་ས་དང་ཡིན་ས་མ་མཁྲུལ་བར་བྱ་དགོས་ཤིང༌། སྟོང་གཞི་གང་ཟག་དང་ཕུང་སོགས་ཐ་སྙད་ཚད་མས་དངོས་སུ་དོན་བྱེད་པ་བསླུ་མེད་ཅན་དུ་གཞལ་བ་ན་དེའི་ཆོས་ཉིད་བདག་བདེན་མེད་པའི་སྟོང་ཉིད་དང་བདག་མེད་ཀྱང་རིགས་ཤེས་ཚད་མས་ཤུགས་ལ་གཞི་གྲུབ་པར་རྟོགས་པར་བྱེད་དོ། །ཞེས་ཟེར་རོ། །ལུགས་དེ་ནི་ཚིག་གི་ཟོལ་གྱིས་ཇི་ཙམ་སྨྲས་ཀྱང་ཞེན་དོན་བདེན་གཉིས་ཀྱི་ཆོས་ཅན་དང་ཆོས་ཉིད་ཡན་གར་དང་ཡ་བྲལ་ཁོ་ན་ལ་མངོན་པར་དགའ་བའི་རྟོག་བརྟགས་ཀྱི་སྙིང་བཅུད་མ་ལུས་པ་དཀྲུགས་པ་ལས་ཤེས་བྱ་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐུན་པར་སྨྲ་བའི་ལུགས་ལས་ཕྱིན་ཅི་ལོག་ཁོ་ནར་སྨྲས་པར་ཟད་དེ། དེ་ལྟར་ན་ཤེས་བྱ་ལ་མེད་པའི་རྟགས་ཀྱི་དགག་བྱ་བདེན་གྲུབ་དེ་ཤེས་བྱར་རྟགས་ཀྱི་དགག་བྱར་བྱེད་དམ་མི་བྱེད། དང་པོ་ལྟར་ན་ཤེས་བྱ་ཆོས་ཅན། ཤེས་བྱ་ན་རྟགས་ཀྱི་དགག་བྱ་བདེན་གྲུབ་ཡོད་པར་ཐལ། ཤེས་བྱ་ལ་མེད་པའི་རྟགས་ཀྱི་དགག་བྱ་ཤེས་བྱར་རྟགས་ཀྱིས་འགོག་པར་བྱེད་པའི་ཕྱིར། ཁྱབ་སྟེ། ཤེས་བྱར་བདེན་གྲུབ་འགོག་ན་ཤེས་བྱ་ལ་ཡོད་མེད་གཉིས་ཀྱི་བདེན་གྲུབ་ལས་གང་ཡང་རུང་བ་འགོག་ཚེ་ཤེས་བྱ་ལ་མེད་པའི་བདེན་གྲུབ་འགོག་ན་ཡོད་པའི་བདེན་གྲུབ་སྒྲུབ་པ་ལས་འོས་མེད་པའི་ཕྱིར་ཏེ། ཁྱེད་ཅག་དབུ་མའི་རིགས་ཚུལ་གྱི་དུས་ཐམས་ཅད་དུ་དགག་པ་གཉིས་ཀྱིས་རྣལ་མར་གོ་བ་འབའ་ཞིག་རིགས་པའི་སྲོག་ཟུངས་སུ་སྨྲ་བའི་ཕྱིར་དང༌། བློ་ཡུལ་དུ་རྟགས་ཀྱི་དགག་བྱ་དེ་ཤེས་བྱར་སོང་ནས་བློ་ཤེས་རབ་ཀྱིས་བཀག་པ་དེ་ལས་ཤེས་བྱ་ལ་ཡོད་པར་འཇོག་བྱེད་འཇིག་རྟེན་ན་(༣༣༤བ)


K800_Page_682
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མི་སྲིད་པའི་ཕྱིར། ཡང་ཁྱེད་ཅག་ཤེས་བྱར་མེད་པའི་བདེན་གྲུབ་ཤེས་བྱར་ཡོད་ན་ཞེས་རྟག་མཐའ་བཟུང་ནས་ཤེས་བྱར་མེད་པའི་བདེན་གྲུབ་བཀག་པས་ཤེས་བྱར་ཡོད་པའི་བདེན་གྲུབ་ཏུ་མི་འགྱུར་རོ་ཞེ་ན། འོ་ན་དེ་འདྲའི་བདེན་གྲུབ་དེ་ཤེས་བྱ་ལ་རྟག་མཐའ་བཟུང་ནས་ཡོད་མི་སྲིད་པ་ལྟར། དེར་བལྟོས་ཀྱི་བདེན་མེད་དེའང་རྟག་མཐའ་བཟུང་བ་ཙམ་ལས་ཤེས་བྱར་ཡོད་མི་སྲིད་པར་ཐལ། དེ་ལྟའི་བདེན་མེད་གཅིག་ཡོད་ན་དེ་ལྟའི་བདེན་གྲུབ་གཅིག་རྟག་མཐའ་བཟུང་བའི་ཚུལ་དུ་ངེས་པར་ཡོད་པ་ངོས་ཟིན་དགོས་སོ་ཞེས་ཁྱེད་རང་གིས་སྨྲས་ནས་དེ་མེད་པ་ལ་བལྟོས་ནས་བདེན་མེད་དུ་ཁྱོད་རང་འཇོག་པ་གང་ཞིག དེ་ལྟའི་བདེན་གྲུབ་དེ་ཤེས་བྱར་རྟག་མཐའ་བཟུང་བ་ཙམ་ལས་ཤེས་བྱ་ན་མེད་པའི་ཕྱིར། རྟགས་དང་པོ་མ་ཁྱབ་བོ་ཞེ་ན། ཁྱབ་པར་ཐལ། བདག་བདེན་དུ་མེད་པ་དེ་དགག་བྱ་བདེན་གྲུབ་ཤེས་བྱ་ལ་མེད་ཅིང༌། ཡོད་སྲིད་ན་འབྱུང་གི། མི་སྲིད་པར་མི་འབྱུང་བ་དེ་གཉིས་བལྟོས་གྲུབ་ཡིན་པས་གཅིག་གཏན་མེད་ན་དེར་བལྟོས་ཀྱི་ཅིག་ཤོས་ཀྱང་གཏན་མི་འབྱུང་བའི་ཕྱིར། ཡང་རྟགས་ཀྱི་དགག་བྱ་ཤེས་བྱ་ལ་མེད་ཤེས་བྱར་ཡོད་ཅེས་སྨྲ་ན་ནི་སྒྲའི་རྣམ་དབྱེ་བརྒྱད་ལ་སོགས་པའི་འཇུག་པ་ལ་བློ་ཁ་ཅུང་ཟད་ཕྱོགས་པ་ཙམ་གྱིས་ཀྱང་ཞེ་ཁྲེལ་བའི་གདུང་དབྱངས་དེ་གླུར་མ་ལེན་ཅིག གཉིས་པ་ལྟར་ན། རྟགས་ཀྱི་དགག་བྱ་ཤེས་བྱ་ལ་མེད་དོ་ཞེས་ཤེས་བྱར་རང་ཉིད་ཀྱིས་སྒྲུབ་པར་བྱེད་པ་ལ་མངོན་སུམ་དུ་མ་སྙོན་ཅིག ཡང་ཤེས་བྱ་ན་མེད་པའི་རྟགས་ཀྱི་དགག་བྱ་བདེན་གྲུབ་ཤེས་བྱ་ལ་བཀག་པའི་ཚེ་ཆོས་ཅན། ཤེས་བྱ་ན་ཡོད་པའི་རྟགས་ཀྱི་དགག་བྱ་བདེན་མེད་ཡོད་པར་ཁས་ལེན་རིགས་པར་ཐལ། ཁྱེད་ཅག་(༣༣༥ན)


K800_Page_683
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མའི་རིགས་ཚུལ་ལ་གནས་སྐབས་ཀུན་ཏུ་རང་ལུགས་ཀྱི་དགག་པ་གཉིས་རྣལ་མར་ཁས་ལེན་པའི་ཕྱིར། འདོད་ན། ཤེས་བྱར་ཡོད་པའི་རྟགས་ཀྱི་དགག་བྱ་བདེན་མེད་ཆོས་ཅན། དགག་གཞི་ཕུང་སོགས་ལས་གཞན་མ་ཡིན་པར་ཐལ། དེ་ཤེས་བྱ་བདེན་མེད་ཡིན་པའི་ཕྱིར། འདོད་ན། དེ་རྟགས་ཀྱི་དགག་བྱ་མིན་པར་ཐལ། འདོད་པ་དེའི་ཕྱིར། ཡང་ཐ་སྙད་དུ་དགག་བྱ་མེད་ན་དེ་བཀག་པའི་སྟོང་ཉིད་ཐ་སྙད་དུ་ཡོད་པར་སྨྲ་བ་ནི། ཤེས་བྱ་རྟེན་འབྲེལ་ལ་སྐུར་པ་བཏབ་པ་ཡིན་ཏེ། འཇིག་རྟེན་ན་རྒྱུ་བུད་ཤིང་ཡེ་མེད་པ་ཞིག་མེས་བསྲེག་ནས་འབྲས་བུ་ཐལ་བའི་ཕུང་པོ་ལས་རི་བོ་མཆོག་རབ་འབྱུང་ཞེས་བརྗོད་པ་ལྟར་སོང་བའི་ཕྱིར། དེས་ན་དཔལ་མགོན་ཀླུ་སྒྲུབ་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་དགོངས་དོན་འགྲེལ་བ་ན་མ་དཔྱད་པ་ན་དགག་བྱ་འགོག་བྱེད་བཀག་པ་གསུམ་ག་བལྟོས་ནས་འཇོག་པ་དང༌། དཔྱད་ན་དེ་གསུམ་ཆར་གྱི་སྤྲོས་མཐའ་དང་བྲལ་བར་དགོངས་པ་སྐོང་བར་མཛད་པ་ལས་ཁྱེད་ཅག་དཔྱད་པའི་སྐབས་སུ་རང་ལུགས་ལ་དགག་བྱ་ཤེས་བྱ་ན་མ་གྲུབ་པ་དང༌། འགོག་བྱེད་བཀག་པ་གྲུབ་པར་ཁས་ལེན་པར་བྱེད་པ་དེ་ལྟར་ན་འགོག་བྱེད་དགག་པ་རྣམས་དོན་དམ་བདེན་པ་དཔྱད་བཟོད་དུ་གྲུབ་པར་ཡང་དོན་ལ་ཁས་བླངས་པར་སོང་བས་བསགས་པ་ཅན་དག་ཚུལ་འདིར་ལེགས་པར་སོམས་ཤིག དོན་དམ་བདེན་པ་དོན་དམ་བདེན་པར་ཡོད་པ་མ་ཡིན་ཅེས་སྨྲས་པ་འདི་ཡང་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་ལྟར་ཁྱེད་སྨྲ་ན་ཁྱེད་ལ་འགལ་བ་ཆེན་པོར་འགྱུར་ཏེ། འདི་(༣༣༥བ)


K800_Page_684
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དོན་དམ་བདེན་པ་ཀུན་རྫོབ་པར་མི་བདེན་པར་ཐལ། དོན་དམ་བདེན་པ་དོན་དམ་པར་མི་བདེན་པའི་ཕྱིར། ཁྱབ་པ་མེད་སྙམ་ན་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་རྗེས་བརྗོད་དུ་སྨྲ་བའི་ཀླུ་སྒྲུབ་དང་ཟླ་གྲགས་ཀྱིས་བརྗོད་པ་ལྟར་ན་ཁྱབ་པ་ཡོད་དེ། དོན་དམ་པར་མི་བདེན་ན་ཀུན་རྫོབ་ཏུ་ཡང་མི་བདེན་དགོས་ཤིང༌། ཀུན་རྫོབ་ཏུ་བདེན་ན་དོན་དམ་པར་ཡང་བདེན་དགོས་སོ་ཞེས་ཐ་སྙད་གཞན་གྲགས་ཀྱི་རིགས་ཚུལ་འདི་དབུ་མ་རང་རྒྱུད་པའི་ལུགས་ལས་ཁྱད་པར་འཕགས་ཆོས་བླ་ན་མེད་པ་ཡིན་པའི་ཕྱིར། ཡང་རྟགས་ཀྱི་དགག་བྱ་ཤེས་བྱ་ལ་མེད་པས་སྟོང་པའི་སྟོང་ཉིད་ཆོས་ཅན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཤེས་བྱའི་ཆོས་ཅན་ལ་རྗེས་སུ་ཞུགས་པའི་ཆོས་ཉིད་སྟོང་པ་ཉིད་གཟུགས་སོགས་ཀྱི་རང་བཞིན་དང་དབྱེར་མེད་པ་དེ་མ་ཡིན་པར་ཐལ། དེ་ཤེས་བྱ་ལ་མེད་པའི་དངོས་པོ་བདེན་གྲུབ་པས་སྟོང་པའི་སྟོང་ཉིད་ཡིན་པ་གང་ཞིག དེ་ཤེས་བྱ་རང་རང་ལ་ཡོད་པའི་དངོས་པོ་བདག་བདེན་དུ་གྲུབ་པས་སྟོང་པའི་སྟོང་ཉིད་དུ་མ་སོང་བའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན་དགག་བྱའི་བདག་ཤེས་བྱ་ལ་གྲུབ་པར་ཐལ། ཤེས་བྱ་རང་རང་ལ་ཡོད་པའི་དངོས་པོ་བདག་བདེན་དུ་གྲུབ་པས་སྟོང་པའི་སྟོང་ཉིད་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། ཡང་ཁྱེད་ཅག་ཁྱབ་པ་མེད་དེ། ཤེས་བྱ་དངོས་པོ་རང་རང་ལ་བདག་བདེན་ཡོད་པ་དེ་རྟགས་ཀྱི་དགག་བྱའི་བདག་ཤེས་བྱ་རང་རང་ལ་ཡོད་པ་དེ་མ་ཡིན་པའི་ཕྱིར་ཏེ། དེ་འདྲའི་ཤེས་བྱ་བདེན་གྲུབ་པར་གྱུར་པའི་དངོས་པོ་ཡོད་མི་སྲིད་པའི་ཕྱིར་སྙམ་ན། ཀྱེ་མ་ལ། ཁོ་བོ་ཅག་ཤེས་བྱ་རྫས་བཏགས་སུ་བདེན་པར་གྲུབ་པའི་དངོས་པོ་བདེན་གྲུབ་དཔྱད་ན་ཤེས་བྱ་དང་ཤེས་བྱ་མ་ཡིན་པ་འགར་ཡང་མི་འགྲུབ་(༣༣༦ན)


K800_Page_685
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱང༌། མ་དཔྱད་པ་ན་འཇིག་རྟེན་ལྷན་སྐྱེས་ཀྱི་བློས་བཏགས་བཞག་གི་ཤེས་བྱ་དངོས་པོར་རང་རང་སོ་སོ་དེ་ཉིད་ལ་དེ་དང་དེར་བདག་བདེན་དུ་གཟུང་བ་དང་འཛིན་པར་བྱེད་ལ། དེའང་དེ་ལ་ཁྱེད་ཅག་ནི་དེ་ཐ་སྙད་པའི་ཚད་མས་གྲུབ་ཅིང༌། རིགས་ཤེས་ཚད་མས་མི་གནོད་པས་རྟགས་ཀྱི་དགག་བྱ་མིན་པར་འདོད་པའི་ཕྱིར། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་སྟོང་གཞིའི་ཆོས་ཅན་ཐམས་ཅད་སྟོང་ཉིད་མ་ཡིན་པར་ལྷག་མར་ལུས་པས་མི་སྟོང་པར་ཁས་ལེན་ན་ཁོ་བོས་ཅི་བྱར་ཡོད། དེ་ལྟར་གྱི་ཚེ་ནའང་ཁྱེད་ལ་འདིར་འགྱུར་ཏེ། ཇི་ལྟར་འཇིག་རྟེན་ལ་ཐ་སྙད་ཚད་གྲུབ་ཏུ་ཁྱེད་ཅག་སྨྲ་བའི་གཟུང་འཛིན་གྱི་བདག་ཉིད་ཀྱི་ཀུན་རྫོབ་བདེན་པ་དེ་ཉིད་ཆོས་ཅན། བདག་བདེན་གྱིས་དབེན་པའི་སྟོང་ཉིད་དུ་ཁྱེད་ཅག་ཁས་ལེན་རིགས་པར་འགྱུར་ཏེ། དེ་ཉིད་ཁོ་ཁོ་རང་གིས་མི་སྟོང་ཡང་དེ་ཉིད་སྟོང་ཉིད་དུ་སྨྲས་པའི་ཕྱིར། འདོད་ན་གཟུང་འཛིན་གྱི་བདག་ཉིད་ཀྱི་ཀུན་རྫོབ་བདེན་པ་རང་རང་གིས་མི་སྟོང་པའི་ཆོས་དེ་ག་བདག་མེད་དང༌། བདེན་མེད་དང༌། སྟོང་ཉིད་ཡིན་པར་འགྱུར་ཏེ། འདོད་པའི་ཕྱིར། དེ་ལྟར་ན་ནི་གནས་ལུགས་སུ་ཆོས་ཐམས་ཅད་ལ་བདག་བདེན་ཁེགས་པའི་བདག་བདེན་གྱིས་དབེན་པའི་སྟོང་པ་ཉིད་མི་འགྲུབ་པར་འགྱུར་ཏེ། དེ་ལྟའི་བདག་བདེན་ཉིད་བདག་མེད་དང་བདེན་མེད་ཡིན་པའི་ཕྱིར། དེ་ལྟར་འདོད་ན་དེང་སང་སྒོམ་ཆེན་པར་འབོད་པ་ཁ་ཅིག་ལྟར་བདག་དེ་ག་བདག་མེད་དང༌། བདེན་གྲུབ་དེ་ག་བདེན་མེད་ཡིན་ཞེས་སྨྲ་བའི་ཕྱོགས་ལ་གནས་པར་འགྱུར་རོ། །དེས་ན་ཁྱེད་འདོད་པའི་སྟོང་ཉིད་དེ་གཟུགས་སོགས་ཀྱི་ཆོས་ཅན་ཐམས་ཅད་དང་དབྱེར་མེད་པའི་ཆོས་ཉིད་མ་ཡིན་པར་ཐལ་ཅེས་ཐལ་འགྱུར་དུ་འཕངས་པ་དེ་ཁྱེད་(༣༣༦བ)


K800_Page_686
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ཟལ་ཆག་མང་པོས་མི་འདོད་པ་ལྟར་བྱེད་ཀྱང་སྙིང་ཐག་པ་ནས་ཞེ་འདོད་ནི་འདི་ཁོ་ནར་སྣང་སྟེ། རྟགས་ཀྱི་དགག་བྱའི་བདེན་པ་ལེགས་པར་ཁེགས་པའི་རྗེས་སུ་ཡང་གང་ཟག་དང་ཕུང་སོགས་དངོས་པོ་རང་ཉིད་དོན་བྱེད་པར་བདེན་པ་དེ་ཉིད་ཀྱི་བདེན་པ་བ་དང༌། དངོས་པོ་དང༌། དེར་བལྟ་བ་དང༌། འཛིན་པ་མཚན་འཛིན་ཡིན་པར་མི་འདོད་ནས་དེ་འགོག་པར་མི་བྱེད་པའི་ཕྱིར། དེ་ལས་ཅིར་འགྱུར་ན་ཁྱོད་ཀྱི་སྟོང་ཉིད་ཡ་མཚན་ཅན་དེ་རྟོགས་པ་ན་དངོས་སྨྲ་བའི་སྟོང་ཉིད་ཀྱི་རྣམ་གཞག་ལས་དབུ་མ་པའི་སྟོང་ཉིད་དུ་འགྱུར་རེ་ཀན་དུ་བས་ཏེ། གང་ཟག་དང་ཕུང་སོགས་ཀྱི་དངོས་པོ་དོན་བྱེད་ནུས་སུ་བདེན་པ་འདི་རང་རང་ངོ་བོས་སྟོང་པའི་སྟོང་ཉིད་དུ་ཁས་ལེན་མ་ནུས་ཤིང༌། དེ་ལས་གཞན་པའི་དངོས་བདེན་ཤེས་བྱ་ལ་མེད་པ་ཞིག་བརྟག་པ་མཐའ་བཟུང་གིས་ཡོད་པར་བྱས་ནས། དེས་སྟོང་པའི་སྟོང་ཉིད་ནི་སྟོང་ཉིད་ཀྱི་བདུད་རྩི་བླ་ན་མེད་པའོ་ཞེས་ཁྱེད་རང་འདོད་པའི་ཕྱིར། ཐལ་བ་འཕངས་པ་འདི་ཁྱེད་རང་གིས་མ་གྲུབ་དོགས་ནས་སྙིང་ལ་ལྕགས་གཟེར་བཏབ་པ་ལྟ་བུའི་ཟུགས་རྔུ་ལངས་པའི་བསྒྲུབ་བྱ་ཡང་དག་པ་དེ་ཡིན་ཏེ། བདེན་གཉིས་ངོ་བོ་གཅིག་པས་མ་ཁྱབ་པས་བདེན་གཉིས་གཅིག་མ་ཡིན་ཅེས་ཞེན་དོན་ལ་ཀུན་རྫོབ་ཀྱི་གཟུགས་སོགས་ཀྱི་དངོས་ཆོས་ལས་དོན་དམ་སྟོང་ཉིད་ཐ་དད་པར་ཞེ་པས་སྒྲུབ་པར་བྱེད་པའི་ཕྱིར། དེ་ལྟར་ན་ཚིག་དོན་གཉིས་ཀ་ལ་སྐྱོན་ཡོད་དེ། དང་པོ་ནི། ཐ་སྙད་དུ་གཅིག་དང་ཐ་དད་ཀྱི་བར་དུ་གཉིས་མིན་གྱི་ཕུང་གསུམ་ཡོད་པར་ཐལ། བདེན་གཉིས་ངོ་བོ་གཅིག་པ་དེ་བདེན་གཉིས་གཅིག་པའི་དོན་ཡང་མ་ཡིན་ཞིང༌། བདེན་གཉིས་ཐ་དད་པའི་དོན་ཡང་མ་ཡིན་པའི་ཕྱིར། རྟགས་ཁས་བླངས། (༣༣༧ན)


K800_Page_687
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པ་གཞན་གྲགས་ལ་ཚད། འདོད་ན། བདེན་གཉིས་གཅིག་ཐ་དད་མིན་པའི་ཕུང་གསུམ་པའི་ངོ་བོ་གཅིག་པ་དེ་ཆོས་ཅན། གཅིག་དུ་བྲལ་གྱི་རྟགས་ཀྱིས་ཁྱོད་རང་བཞིན་མེད་པར་གཏན་ལ་འབེབས་མི་ནུས་པར་ཐལ། དེ་ལྟར་བསྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར་དང༌། ཡང་ཐ་སྙད་དུ་གཅིག་ཐ་དད་ཀྱི་བར་དུ་གཉིས་ཡིན་གྱི་ཕུང་གསུམ་ཡོད་པར་ཐལ། བདེན་གཉིས་ངོ་བོ་གཅིག་པའི་གཅིག་དང་ལྡོག་པ་ཐ་དད་ཡིན་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་གཞན་གྲགས་ཀྱིས་གྲུབ། འདོད་ན། གཅིག་ཐ་དད་མི་འགལ་བར་ཐལ། འདོད་པ་དེའི་ཕྱིར། ཡང་བདེན་གཉིས་གཅིག་པར་ཐལ། ངོ་བོ་གཅིག་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། ངོ་བོ་ཐ་དད་ལ་ཐ་དད་ཀྱིས་ཁྱབ་པའི་ཕྱིར། ཡང་བདེན་གཉིས་ངོ་བོ་གཅིག་མི་སྲིད་པར་ཐལ། བདེན་གཉིས་གཅིག་པ་མི་སྲིད་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། ཁྱབ་བྱེད་གཅིག་ཁེགས་ན་ཁྱབ་བྱ་ངོ་བོ་གཅིག་ཁེགས་དགོས་པའི་ཕྱིར། གཉིས་པ་ནི། གཟུགས་སོགས་ཀྱི་ངོ་བོ་སྟོང་ཉིད་དུ་རྟགས་པ་ཞིག་གཏན་མི་སྲིད་པར་འགྱུར་ཏེ། གཟུགས་སོགས་ཀྱི་ངོ་བོ་དེ་ཉིད་ལས་དེའི་སྟོང་ཉིད་གཞན་དུ་ཐ་དད་པར་འདོད་ལ། དེ་ལྟར་ན་ཆོས་ཅན་ལ་མ་བརྟེན་པར་ཆོས་ཉིད་རྟོགས་པར་ཡང་མི་འགྱུར་བའི་ཕྱིར། འདོད་ན། གཟུགས་ཀྱི་དེ་ཉིད་སྟོང་ཉིད་ལ་དམིགས་ནས་གཟུགས་མཚར་སྡུག་གི་ངོ་བོར་གྲུབ་པ་ལ་ཆགས་སོགས་ཀྱི་རྟོག་པའང་བཟློག་མི་ནུས་པར་འགྱུར་རོ། །ཡང་གཟུགས་སོགས་རང་རང་ངོ་བོས་མི་སྟོང་པར་རྟགས་ཀྱི་དགག་བྱ་གཞན་གྱིས་སྟོང་པས་གཟུགས་སོགས་རང་གི་ངོ་བོས་(༣༣༧བ)


K800_Page_688
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་གོ་ཆོད་ན་འདིར་འགྱུར་ཏེ། གཟུགས་རི་བོང་གི་རྭས་སྟོང་པའི་སྟོང་ཉིད་དེ་གཟུགས་རང་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་དུ་ཐལ། གཟུགས་གཟུགས་ཀྱིས་མི་སྟོང་ཡང་གཟུགས་དགག་བྱ་བདེན་གྲུབ་ཀྱིས་སྟོང་པའི་སྟོང་ཉིད་དེ་གཟུགས་རང་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་ཡིན་པ་གང་ཞིག རི་བོང་གི་རྭ་དང་རྟགས་ཀྱི་དགག་བྱ་གཉིས་ཀ་ཤེས་བྱ་ལ་མེད་མཉམ་ཡིན་པའི་ཕྱིར། འདོད་ན། རི་བོང་གི་རྭ་དེ་གཟུགས་ཀྱི་ངོ་བོ་དང་རི་བོང་རྭའི་སྟོང་ཉིད་དེ་གཟུགས་ཀྱི་ཆོས་ཉིད་དུ་ཐལ། འདོད་པ་དེའི་ཕྱིར། དེའང་འདོད་ན། དེང་ཕན་ཆད་འདི་སྐོར་ལ་ངེད་ཀྱིས་ཁྱེད་ལ་ཅང་མི་སྨྲའོ། །ཡང་གཟུགས་སོགས་དངོས་པོར་ཡོད་པ་ལས་གཞན་རྟགས་ཀྱི་དགག་བྱའི་དངོས་པོར་ཡོད་མི་སྲིད་པས་སྟོང་པའི་སྟོང་ཉིད་གཟུགས་སོགས་དངོས་པོར་ཡོད་པའི་སྟེང་དུ་ཡོད་པར་འདོད་ན། དེ་ལྟའི་སྟོང་ཉིད་དངོས་མེད་དེ་ཡང་ན་དངོས་པོའི་ངོ་བོ་དང་བདག་ཉིད་གཅིག་པར་འགྱུར་བའམ། ཡང་ན་གཟུགས་སོགས་དངོས་པོར་ཡོད་པ་དེ་ཡང་གཞན་དེ་དང་མཚུངས་པར་དངོས་མེད་རང་རང་ངོ་བོ་སྟོང་པའི་སྟོང་ཉིད་དུ་འགྱུར་ལ། དེ་ཡང་ཁྱེད་མི་འདོད་པའི་ཕྱིར། ལྷས་བྱིན་ཤི་བས་མཆོད་སྦྱིན་མ་ཤི་བའི་སྟེང་དུ་མི་འགྲུབ་པ་ལྟར་རང་ལས་གཞན་པའི་ཆོས་གཞན་གྱིས་སྟོང་པས་ཆོས་རང་དེ་སྟོང་པ་ཉིད་དུ་ཇི་ལྟར་འགྱུར། འགྱུར་ན་སྟོན་པས་སྟོང་ཉིད་ཉི་ཤུ་ལས་གཞན་སྟོང་ཁོ་ན་བཤད་པ་མ་གཏོགས་རང་སྟོང་བཤད་མི་དགོས་པར་འགྱུར་ཏེ། གཞན་སྟོང་ཉིད་རང་སྟོང་གི་དོན་ཅན་ཡིན་པའི་ཕྱིར། འོ་ན་གཟུགས་སོགས་ལ་གཟུགས་སོགས་ཀྱི་སྟོང་ཉིད་ཁྱོད་རང་ཡང་ཡོད་པར་འདོད་དམ་མེད་པར་འདོད་ཅེ་ན། དབུ་མ་པས་མ་དཔྱད་(༣༣༨ན)


K800_Page_689
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟེན་འབྲེལ་དང་མཐུན་པར་སྨྲ་བ་ལ་མི་དགའ་བ་དང་ལྷན་ཅིག་གཏམ་དུ་བྱ་ན་ནི། དེ་སྐྲག་པ་སྤོང་བའི་ཆེད་དུ་དགོས་པའི་དབང་གིས་དྲང་དོན་དུ་ཡོད་མེད་ཅིར་ཡང་བརྗོད་ཅིང༌། རྟེན་འབྲེལ་དང་མཐུན་པར་སྨྲ་བ་ལ་དགའ་བ་དང་ལྷན་ཅིག་གཏམ་དུ་བྱ་ན་ནི་ཡོད་མེད་གང་ཡང་སྤྲོས་པ་དང་བྲལ་ལོ་ཞེས་བརྗོད་ལ། དབུ་མ་པས་དཔྱད་པའི་ཚེ་ན་ནི་འགར་ཡང་མི་འགྲུབ་པའི་ཕྱིར་གང་དུའང་མི་བསམ་མི་བརྗོད་དེ། སྨིག་རྒྱུ་ལ་ཆུར་སྣང་བའི་ཚེ་ཆུ་དེ་དང་དེས་སྟོང་པའི་སྟོང་ཉིད་གཉིས་ལས་དེའི་སྟོང་ཉིད་དེ་ཆུ་དེ་ལ་ཡོད་པ་དང་མེད་པའི་ཐ་སྙད་དོན་མཐུན་གང་ཡང་བརྗོད་མི་ཤེས་པ་བཞིན་ནོ། །ཡང་ཁྱེད་དངོས་མེད་དུ་གྱུར་པའི་སྟོང་ཉིད་དེ་གཟུགས་སོགས་དངོས་པོ་གཞན་ལ་ཡོད་ན་འགལ་བར་ཡོད་དམ་འབྲེལ་བར་ཡོད། འགལ་བར་ཡོད་པས་ཡོད་གོ་མ་ཆོད་ལ། འབྲེལ་བར་ཡོད་ན་ནི་བདག་གཅིག་དང་དེ་བྱུང་འབྲེལ་གང་རུང་དུ་ཡོད་དགོས་པ་ལས། དངོས་མེད་ལ་བདག་གཅིག་དང་དེ་བྱུང་འབྲེལ་གང་ཡང་མི་རུང་བའི་ཕྱིར། ཡང་གཟུགས་སོགས་དངོས་པོ་རྟེན་དང༌། ཁྱེད་འདོད་པའི་དངོས་མེད་སྟོང་ཉིད་བརྟེན་པར་ཡོད་དོ་ཞེ་ན། འོ་ན་ནམ་མཁའ་དང་མོ་གཤམ་གྱི་བུ་སོགས་ཀྱང་གཟུགས་ལ་བརྟེན་པར་འགྱུར་ལ། དེ་ལྟར་ན་གཟུགས་སོགས་བུམ་པའི་རྟེན་ད་ལྟ་བ་ལ་འདས་མ་འོངས་ཀྱི་སྙེ་མ་དང་ནམ་མཁའི་མེ་ཏོག་ཀྱང་བརྟེན་པར་འཛུགས་པར་གྱིས་ཤིག གཞན་ཡང་ཁྱེད་ལྟར་ན་སེམས་ཙམ་པས་གཞན་དབང་གི་དངོས་པོ་ལས་གཞན་དུ་གྱུར་པའི་ཀུན་བརྟགས་གཞན་དབང་གི་སྟེང་དུ་མ་གྲུབ་པའི་སྟོང་པ་ཉིད་འཇོག་པའང་མ་ནོར་བར་འགྱུར་ཏེ། རྒྱུ་རྐྱེན་གྱི་གཞན་དབང་གིས་འདུས་བྱས་པའི་(༣༣༨བ)


K800_Page_690
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ལྔ་རང་ངོས་མི་སྟོང་ཡང༌། དེ་ལས་གཞན་པའི་རྟགས་ཀྱི་དགག་བྱས་ཕུང་ལྔའི་སྟེང་དུ་སྟོང་པའི་སྟོང་ཉིད་ཀྱིས་སྟོང་ཉིད་ཀྱི་གོ་བླ་ན་མེད་པར་ཆོད་པའི་ཕྱིར། ཁྱེད་ཅག་སེམས་ཙམ་པའི་སྟོང་ཉིད་ཀྱི་ཚུལ་ལ་ཁྲེལ་ཆེན་པོ་འདེབས་ཀྱང༌། རང་ལུགས་ཀྱི་སྟོང་ཉིད་ནི་དེས་བཞག་པ་ལྟར་འཇོག་པས་གཞན་ལ་ཇི་ཙམ་ཁྲེལ་བྱ་བ་དེ་རང་ཉིད་ལ་རང་གིས་བྱོས་ཤིག དེས་ན་ཀུན་རྫོབ་པའི་བུམ་པ་ལ་སོགས་པའི་ཆོས་དང་ལྷས་བྱིན་ལ་སོགས་པའི་གང་ཟག་གི་ངོ་བོ་འདི་ཉིད་སྟོང་པར་མི་འདོད་ཅིང༌། འདི་ལས་གཞན་པའི་ཆོས་ཤིག་གིས་སྟོང་པའི་སྟོང་ཉིད་རང་འདོད་ཀྱི་རྟོག་པས་གསར་དུ་བརྟགས་ནས་བུམ་པ་དང་ལྷས་བྱིན་སོགས་ལ་བདེན་པས་སྟོང་པའི་སྟོང་པ་ཉིད་དམིགས་པ་ཐ་དད་པ་དང༌། ཡང་ཁ་ཅིག་ཀུན་རྫོབ་བུམ་སོགས་དང་ལྷས་བྱིན་སོགས་གཏན་མེད་ཅིང༌། འདི་ལས་གཞན་དོན་དམ་བདེན་པ་རྟག་པར་གྲུབ་པ་དང༌། ཀུན་རྫོབ་དང་དོན་དམ་ངོ་བོ་གཅིག་ཀྱང་ལྡོག་པ་ཐ་དད་པས་བདེན་གཉིས་སངས་རྒྱས་ཀྱི་མཁྱེན་གཉིས་ཀྱི་ཡུལ་དུའང་སོ་སོར་ཡོད་ལ། སློབ་ལམ་དུའང་ཐ་སྙད་ཚད་མ་དང་རིགས་ཤེས་ཚད་མའི་ཡུལ་སོ་སོར་ཡོད་དོ་ཞེས་སྨྲ་བ་དེ་དག་གི་ལྟ་སྒོམ་སྤྱོད་པ་ཐམས་ཅད་ཐར་ལམ་གྱི་རྟེན་དང་སྒྲིབ་པའི་གཉེན་པོར་མི་རུང་སྟེ། ཆོས་ཅན་གང་དང་ཡང་མ་འབྲེལ་བའི་ཆོས་ཉིད་དངོས་མེད་མེད་དགག་གམ་རྟག་དངོས་སོགས་ཡན་གར་བ་ལ་ལྟ་སྒོམ་བྱས་པས་ཆོས་ཅན་ཀུན་རྫོབ་ལ་བདེན་ཞེན་གྱི་སྒྲིབ་གཉིས་སྤང་བར་མི་ནུས་པའི་ཕྱིར་ཏེ། ཐ་སྙད་ཀྱི་བློའི་སྤང་གཉེན་དག་ལ་ནི་དམིགས་པ་གཅིག་ལ་རྣམ་པ་འགལ་དགོས་པ་ཡིན་ན་ཀུན་རྫོབ་རང་རང་གི་ངོ་བོ་མི་སྟོང་པར་དེ་ལས་(༣༣༩ན)


K800_Page_691
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་རྟགས་ཀྱི་དགག་བྱས་སྟོང་པའི་སྟོང་ཉིད་དོན་དམ་བདེན་པར་འཛིན་པ་དང༌། ཕུང་སོགས་ལས་གཞན་དོན་དམ་བདེར་གཤེགས་སྙིང་པོ་རྟག་པ་འདུས་མ་བྱས་སུ་བདེན་པར་བལྟ་བ་དང༌། ཕུང་སོགས་ཡེ་མེད་དམ་ཕུང་སོགས་ཐ་སྙད་ཚད་གྲུབ་ལ་བདེན་འཛིན་གྱི་ཉོན་མོངས་དང་རྣམ་རྟོག་ནི་དམིགས་པ་གཅིག་པ་མ་ཡིན་ཏེ། བདེན་གཉིས་སོ་སོ་ལ་དམིགས་པའི་ཕྱིར་དང༌། རྣམ་པ་འགལ་བ་མ་ཡིན་ཏེ། གཉིས་ཀ་བདེན་པར་ཞེན་པའི་རྣམ་པ་ཅན་དུ་མཚུངས་པའི་ཕྱིར། དེས་ན་བདེན་གཉིས་ངོ་བོའམ་ལྡོག་པ་ཐ་དད་དུ་དམིགས་ཤིང༌། རྣམ་པ་བདེན་གྲུབ་ཏུ་བདེན་པར་ཞེན་པའམ་བདེན་མེད་དུ་བདེན་པར་ཞེན་པ་དེ་དག་ནི་བདག་འཛིན་གཉིས་དང་སྒྲིབ་གཉིས་ཀྱི་གཉེན་པོར་མི་འགྱུར་བར་མ་ཟད། བདག་འཛིན་གཉིས་དང་སྒྲིབ་གཉིས་འཕེལ་བྱེད་དུ་འགྱུར་ཏེ། ཀུན་རྫོབ་ཐ་སྙད་ཚད་གྲུབ་རང་རང་ངོ་བོས་མི་སྟོང་ཞིང༌། དེ་ལས་གཞན་སྟོང་པ་ཉིད་ཅིག་བདེན་པའམ་བདེན་མེད་དུ་བདེན་པར་ཞེན་ཅིང་འཛིན་པས་སླར་དངོས་འཛིན་དང་དེ་ལ་བརྟེན་པའི་ཆགས་སོགས་མངོན་གྱུར་ས་བོན་དང་བཅས་པ་གསོས་བཏབ་ཅིང་འཕེལ་བར་བྱེད་པའི་ཕྱིར། གྲངས་ཅན་དང་བྱེ་བྲག་པ་དག་གིས་ཐར་ལམ་གྱི་ཆེད་དུ་ངལ་བ་བགྱིས་པ་ཁོ་ན་ལྟར་འགྱུར་རོ། །དེས་ན་དེ་ལྟའི་སྟོང་ཉིད་ནི་ཕྱི་རོལ་པའི་སྟོང་ཉིད་བཞིན་ཉི་ཚེ་བའམ་རྣམ་གྲངས་ཀྱི་སྟོང་ཉིད་ཡིན་པར་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དེ། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་སྟོང་པ་ཉིད་ཐ་ཤལ་ཡིན་ཏེ། དེ་ནི་ཁྱོད་ཀྱིས་སྤང་བར་བྱའོ། །ཞེས་དང༌། ཏིང་རྒྱལ་(༣༣༩བ)


K800_Page_692
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྒྱལ་བའི་སྲས་པོ་དངོས་པོ་རྣམ་པར་འཇིག །སྲིད་པ་ཐམས་ཅད་ཡོང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་ཀྱི། །མཁས་པས་བྱིས་པ་དག་དང་རྩོད་མི་བྱེད། །ཅེས་དང༌། མྱང་འདས་ལས། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་བཞིན་དམིགས་སུ་མེད་པའི་ཕྱིར། ཞེས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དངོས་པོ་ལྔ་དང་ལྡན་པའི་ཕྱིར་ཆོས་ཀྱི་རང་བཞིན་ཐོག་མ་ནས་སྟོང་པ་ཞི་བ་མཐོང་ངོ༌། །རིགས་ཀྱི་བུ་གལ་ཏེ་དགེ་སྦྱོང་ངམ་བྲམ་ཟེ་གང་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་མ་ཡིན་པར་མཐོང་ན་དེ་ནི་དགེ་སྦྱོང་མ་ཡིན། བྲམ་ཟེ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཐོབ། ཡོངས་སུ་མྱ་ངན་ལས་མི་འདའ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་མི་མཐོང་སྟེ། བདུད་ཀྱི་འཁོར་ཡིན་པར་རིགས་པར་བྱའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་སྟེ། བྱང་ཆུབ་སེམས་དཔའ་སྟོང་པ་བསྒོམས་པས་ཆོས་ཐམས་ཅད་སྟོང་པར་མཐོང་ངོ༌། །ཞེས་འབྱུང་བས། འཁོར་ལོ་ཐ་མ་ངེས་དོན་སྒྲ་ཇི་བཞིན་པར་འདོད་ཅིང༌། དོན་དམ་བདེན་པ་རང་རང་ངོ་བོས་མི་སྟོང་པར་འདོད་པ་དག་གིས་ཀྱང་ལུང་འདི་ལ་ཆེར་སོམས་ལ། ཞར་ལ་དོན་དམ་བདེན་མེད་ཀྱིས་མི་སྟོང་པར་ངོ་བོ་གཞི་གྲུབ་ཏུ་འདོད་པ་དག་གིས་ཀྱང་ལེགས་པར་བསམ་མནོ་ཐོངས་ཤིག ཁྱད་པར་འཁོར་ལོ་བར་པ་ངེས་དོན་སྒྲ་ཇི་བཞིན་པར་འདོད་པ་ལྟར་ནའང༌། ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་གཟུགས་རྟག་གོ་ཞེས་བྱ་(༣༤༠ན)


K800_Page_693
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། མི་རྟག་གོ་ཞེས་བྱ་བ་མི་དམིགས་ཏེ། དེ་ལ་གཟུགས་ཉིད་ཀྱང་མ་དམིགས་ན་རྟག་པའམ་མི་རྟག་པར་ལྟ་ག་ལ་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་འདྲ་སྟེ། དེ་སྐད་དུ་ཉེ་བར་སྟོན་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་མ་ཉེ་བར་སྟོན་པ་མ་ཡིན་ནོ། །ཞེས་གཟུགས་སོགས་ཐ་སྙད་ཚད་གྲུབ་རང་རང་གི་ངོ་བོས་མི་སྟོང་པ་རྟགས་ཀྱི་དགག་བྱ་མིན་པའང་མ་འོངས་ལུང་བསྟན་གྱི་སྒོ་ནས་རྒྱ་ཆེར་བཀག་འདུག་ཅིང༌། དེ་དང་མཐུན་པར་ཡབ་སྲས་མཇལ་བ་ལས། བཅོམ་ལྡན་འདས་མ་རིག་པ་ནི་མ་རིག་པ་ཉིད་ཀྱིས་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མ་རིག་པ་ནི་ངོ་བོ་ཉིད་དང་བྲལ་བ་ལགས་སོ། ། ཆོས་གང་ལའང་ངོ་བོ་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་སོ། །གང་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་བོ། །གང་ཡོངས་སུ་མ་གྲུབ་པ་དེ་ནི་སྐྱེ་བར་མི་འགྱུར། འགག་པར་མི་འགྱུར། གང་མ་སྐྱེས་མ་འགག་པ་དེ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་མ་ལགས། ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ། །གང་དུས་གསུམ་དུ་ཡང་མི་འཐད་པ་དེ་ནི་མིང་མ་མཆིས་པ། མཚན་ཉིད་མ་མཆིས་པ། མཚན་མ་མ་མཆིས་བ། གདགས་སུ་མ་མཆིས་པ་སྟེ། སེམས་ཅན་རྣམས་གཟུད་ཆེད་མིང་ཙམ་བརྡ་ཙམ་ཐ་སྙད་ཙམ་ཀུན་རྫོབ་བརྗོད་པ་ཙམ་གདགས་པ་ཙམ་ནི་མ་གཏོགས་སོ། །མ་རིག་པ་ནི་དོན་དམ་པར་མ་དམིགས་སོ། །ཆོས་གང་དོན་དམ་པར་མ་དམིགས་པ་ནི་གདགས་པར་བགྱི་བ་མ་ལགས། ཐ་སྙད་དུའང་གདགས་པར་བགྱི་བ་མ་ལགས། བརྗོད་པར་བགྱི་བ་མ་ལགས་ཏེ། བཅོམ་ལྡན་འདས་མིང་ཙམ་གང་ལགས་པ་དེའང་ཡང་(༣༤༠བ)


K800_Page_694
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་མ་ལགས་སོ། །ཞེས་རྒྱས་པར་འབྱུང་བས་ཐ་སྙད་རྟེན་འབྲེལ་གཞན་གྲགས་སུ་དཔྱད་པ་ན་མ་རིག་པ་དང་གཟུགས་སོགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ཤེས་བྱའི་ཆོས་ཐམས་ཅད་བདེན་པ་གཉིས་ཀར་སྟོང་པའི་སྟོང་པར་བཞག་བྱའམ་དགག་བྱའི་ཆོས་དེ་ཆོས་ཅན་དང་ཆོས་ཉིད་རབ་འབྱམས་འདི་ལྟ་བར་གསུང་རབ་རྒྱ་མཚོ་ཟད་མི་ཤེས་པ་ལས་འབྱུང་ཡང༌། ཤར་རྩོང་ཁ་པ་ཆེན་པོས་ངེས་དོན་དབུ་མའི་དགོངས་པ་འགྲེལ་བ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྟོང་ཉིད་དུ་གསུངས་པའི་སྟོང་བྱའམ་དགག་བྱའི་ཆོས་དེ་ཐ་སྙད་པར་ཤེས་བྱའི་ཁྲོད་དུ་ཡེ་མ་རྙེད་པར་ཟད་ནས་ཤེས་བྱ་མ་ཡིན་པའི་ཆོས་ཀྱི་ཁྲོད་ནས་བཙལ་ཏེ་ཨེ་རྙེད་བལྟས་ནས་རྙེད་སྲིད་ན་དེ་སྟོང་ཉིད་དུ་གཏན་ལ་དབབ་པར་མཛད་པས་འཁོར་འདས་ཀྱི་ཆོས་འདི་རྙེད་ཅིག་བདག་བདེན་མེད་པའི་སྟོང་ཉིད་དུ་མ་གྱུར་ནས། ཆོས་འདི་དག་བདག་བདེན་དུ་གྲུབ་པའི་སྲོག་མགོ་ཐོན་ཅི་ཐུབ་ཀྱི་ཐུགས་བསྐྱེད་བཟང་པོ་སྣང་ནའང༌། བཅོམ་ལྡན་འདས་ཐམས་ཅད་གཟིགས་པ་དེས་བདེན་པར་སྨྲ་བ་ལས་རྫུན་ཚིག་འཆད་པ་མི་སྲིད་པས་ཆོས་དང་གང་ཟག་བདེན་མེད་དང་བདག་མེད་སྟོང་ཉིད་དུ་གཏན་ལ་རྒྱ་ཆེར་དབབ་པ་དེ་ཉིད་ལ་བསླུ་བ་གཏན་མེད་པས་ཁྱེད་ཀྱིས་མཛོ་ཁལ་གླང་ལ་ཅི་ཙམ་སྦྱར་ཡང་གླང་གིས་ཐེག་པར་འགྱུར་རམ་ཞེས་འཇིག་རྟེན་ལྷ་དང་བཅས་པ་དག་གིས་རྟོགས་ཤིག འདིར་སྨྲས་པ། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་དང༌། །སྐྱེ་འཕགས་སངས་རྒྱས་སེམས་ཅན་གང་ཟག་བཅས། །ཆོས་དང་གང་ཟག་ཤེས་བྱར་མཆིས་པ་ཡི། །དངོས་འདི་བདག་བདེན་མེད་པར་རྟོགས་གྱུར་པ། །སྐྱེས་བུ་དེ་ནི་འཁོར་འདས་གར་བཞུགས་(༣༤༡ན)


K800_Page_695
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། །ངོ་མཚར་ཆེ་ཞིང་དད་པས་གསོལ་བ་འདེབས། །ཐ་སྙད་འཁྲུལ་ངོར་ཤེས་བྱར་གཏན་མེད་པའི། །ཆོས་ཤིག་བཙལ་ནས་སྟོང་པར་ལྟ་སྒོམ་ཞིང༌། །འཁྲུལ་དང་བསླུ་རྫུན་ཆོས་འདི་ཡང་དག་ཏུ། །བདེན་དང་བསླུ་མེད་ལྟ་སྒོམ་བྱེད་པ་ནས། །ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་འབའ་ཞིག་ཆེད། །རང་རང་རིས་མཐུན་ཕྱོགས་བཅུར་རྒྱས་པ་ལ། །མངོན་པའི་ང་རྒྱལ་བརྩོན་པའི་འབད་པ་ཅན། །ཀུན་ཀྱང་ཐར་པའི་གནས་སྐབས་འཚོལ་བ་ལེགས། །དེ་ལྟར་མིན་ན་མ་རིག་པ་འདི་ཉིད༌། །རྣམ་མཁྱེན་ཡིན་པར་ངོ་སྤྲོད་བྱེད་པ་ནས། །སྡིག་ཅན་རྒྱལ་པོས་སྤྱི་བོར་བཀུར་བ་ན། །བདག་གིས་འདོད་པའི་འབྲས་བུ་གྲུབ་སྨྲ་ཞེས། །དེང་སང་གྲུབ་ཐོབ་བཟང་བཙུན་ཁས་འཆེ་བའི། །ལྟ་སྒོམ་སྤྱོད་ཚུལ་དེ་ཡང་ཐར་ལམ་དུ། །ངེས་པར་འགྱུར་ཏེ་རྒྱུ་མཚན་མཚུངས་ཕྱིར་རོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ནི། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་གཟུགས་ནི་གཟུགས་ཀྱིས་སྟོང༌། །སྒྲ་དང་དྲི་རོ་རེག་བྱ་དང༌། །ཆོས་རྣམས་ཉིད་ཀྱང་དེ་བཞིན་ནོ། །གཟུགས་སོགས་རང་བཞིན་མེད་པ་ཉིད། །ཕྱི་རོལ་སྟོང་པ་ཉིད་དུ་འདོད། །གཟུགས་སོགས་ཕྱིའི་ཆོས་རྣམས་རང་རང་ངོ་བོས་སྟོང་སྟེ། གང་གི་ཕྱིར་གཟུགས་དེའི་རང་བཞིན་སྟོང་པ་ཉིད་དེ་ཡིན་པའི་ཕྱིར་གཟུགས་ནི་གཟུགས་ཀྱི་རང་རང་གི་ངོ་བོས་སྟོང་ལ། དེ་བཞིན་དུ་སྒྲ་དང་དྲི་རོ་རེག་བྱ་དང་ཆོས་རྣམས་ཉིད་ཀྱང་རང་རང་ངོ་བོས་སྟོང་པ་དེ་བཞིན་ནོ། །དེས་ན་གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་གི་རང་བཞིན་མེད་ཉིད་ནི་ཕྱི་རོལ་སྟོང་པ་ཉིད་དུ་འདོད་དོ། །རི་བོ་དགེ་ལྡན་པ་ལྟར་ན། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་ཤེས་བྱར་མེད་པ་ཡི། །གཟུགས་ནི་གཟུགས་ཀྱིས་སྟོང་དེ་བཞིན། །སྒྲ་དང་དྲི་རོ་རེག་བྱ་དང༌། །ཆོས་རྣམས་ཉིད་ཀྱང་དེ་ལྟར་རོ། །ཤེས་བྱར་མེད་པའི་གཟུགས་སོགས་ནི། །ཕྱི་རོལ་སྟོང་པ་ཉིད་དུ་(༣༤༡བ)


K800_Page_696
[མ་དཔེ་གཟིགས་ན་འདིར་གནོན།]

འདོད། །ཅེས་གསུང་བ་ལ་སོགས་པར་འདོན་དགོས་པ་ནི་འཇམ་དབྱངས་ཀྱི་གསང་ཚིག་བླ་ན་མེད་པའོ། །གསུམ་པ་ནི། གཉིས་ཆར་རང་བཞིན་མེད་ཉིད་ནི། །ཕྱི་ནང་སྟོང་པ་ཉིད་ཡིན་ནོ། །ཕྱི་ནང་གི་སྐྱེད་བྱེད་གཉིས་ཅར་རང་རང་ངོ་བོས་སྟོང་པའི་རང་བཞིན་མེད་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཡིན་ནོ། །ཕྱི་ནང་ནི་དབུས་མཐའ་སོགས་ལས་ཁོག་པ་དང༌། འཕགས་སེང་དབང་རྟེན་ལ་འདོད་ཀྱང་འདིར་བཤད་པ་ནི་མདོའི་དགོངས་པའོ། །བཞི་པ་ནི། ཆོས་རྣམས་རང་བཞིན་མེད་པ་ཉིད། །མཁས་པས་སྟོང་པ་ཉིད་ཅེས་བསྙད། །སྟོང་ཉིད་དེ་ཡང་སྟོང་ཉིད་ཀྱི། །ངོ་བོས་སྟོང་པར་འདོད་པ་ཡིན། །སྟོང་ཉིད་ཅེས་བྱའི་སྟོང་ཉིད་གང༌། །སྟོང་ཉིད་སྟོང་ཉིད་དུ་འདོད་དེ། །སྟོང་ཉིད་དངོས་པོའི་བློ་ཅན་གྱི། །འཛིན་པ་བཟློག་ཕྱིར་གསུངས་པ་ཡིན། །སྟོང་ཉིད་འདི་ནི་དབུས་མཐའ་དང༌། རྒྱུད་སྡེ་དང༌། འཕགས་སེང་སོགས་ཀྱིས་ཆོས་ཐམས་ཅད་ལ་བཤད་ཀྱང༌། འདི་སློབ་དཔོན་གྱིས་མདོ་ཇི་ལྟ་བར་འདུས་བྱས་མ་བྱས་སོགས་ཀྱི་ཆོས་རྣམས་རང་རང་ངོ་བོས་སྟོང་པའི་རང་བཞིན་མེད་པ་ཉིད་ལ་མཁས་པས་སྟོང་པ་ཉིད་ཅེས་བསྙད་དེ། སེམས་འགྲེལ་ལས། ཆོས་རྣམས་ཐམས་ཅད་སྐྱེ་མེད་པ། །སྟོང་ཉིད་ཡིན་པར་རབ་ཏུ་བཤད། །ཅེས་སོ། །སྟོང་ཉིད་དེ་ཡང་སྟོང་ཉིད་ཀྱི་རང་གི་ངོ་བོས་སྟོང་པར་འདོད་པ་ཡིན་ཏེ། ཆོས་ཅན་ནམ་དགག་གཞི་མི་སྟོང་པའི་ཆོས་ཅུང་ཟད་ཅིག་ཡོད་ན་དེའི་སྟེང་དུ་དགག་བྱ་བཀག་པའི་སྟོང་ཉིད་ཇོ་ནང་པ་དང་དགེ་ལྡན་པ་བཞེད་པ་ལྟར་ཡོད་པར་འགྱུར་ནའང༌། འདིར་མི་སྟོང་བའི་ཆོས་ཅུང་ཟད་ཙམ་ཡང་མེད་པས་སྟོང་ཉིད་ཀྱི་ཡོད་ཙམ་དང་གཞི་གྲུབ་ཙམ་དུའང་ག་ལ་འཐད། སྟོང་ཉིད་ཅེས་བྱའི་སྟོང་ཉིད་གང་དེ་ནི་སྟོང་ཉིད་སྟོང་ཉིད་དུ་འདོད་དེ། འདི་ལས་གཞན་དུ་ཁ་ཅིག་སྟོང་ཉིད་ལ་དངོས་པོ་བདེན་པ་བའམ་བདེན་པར་མེད་པའི་དོན་བྱེད་པ་ཅན་གྱི་དངོས་པོ་དང་དངོས་མེད་དུ་གཞི་གྲུབ་པར་རྟོག་པའི་བློ་ཅན་གྱི་འཛིན་པ་བཟློག་ཆེད་དུ་གསུངས་པ་ཡིན་ཏེ། འཇིག་རྟེན་འདས་བསྟོད་ལས། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །(༣༤༢ན)


K800_Page_697
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལའང་དེ་ལ་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱིས་སྨོད་པར་མཛད། །ཅེས་དང༌། འོད་སྲུང་གིས་ཞུས་པ་ལས། འོད་སྲུང་གང་དག་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་རྟོག་པ་དེ་དག་ནི་ངས་གསུང་རབ་འདི་ལས་རབ་ཏུ་ཉམས། ཞེས་བཤད་དོ། །འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་དུ་གནས་པ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུང་གང་དག་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན། མི་ནད་པ་ཞིག་ཡོད་པ་ལ་སྨན་བཏང་ནས་སྨན་དེས་དེའི་ནད་ཐམས་ཅད་བསྐྱོད་དེ། སྨན་ལྟོ་ན་གནས་པ་དེ་ཉིད་མི་འབྱུང་ན་འོད་སྲུང་དེ་ཇི་སྙམ་དུ་སེམས། མི་དེ་ནད་ལས་ཐར་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་ཏེ། གང་སྨན་དེས་ནད་ཐམས་ཅད་ལས་བསྐྱོད་ནས་སྨན་ལྟོར་མཆིས་པ་ཉིད་མ་བྱུང་ན། མི་དེའི་བྲོ་ནད་ཤིན་ཏུ་ཚབས་ཆེར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་དུ་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཁོ་ན་ཡིན་ན། འོད་སྲུང་གང་སྟོང་པ་ཉིད་ཁོ་ན་ལ་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །ཞེས་དང༌། རྒྱན་སྟུག་པོ་བཀོད་པ་ལས། རི་རབ་རི་བོ་ཙམ་གྱུར་པའི། །བདག་ཏུ་ལྟ་བས་མི་གནོད་ཀྱི། །སྟོང་ཉིད་ལྟ་བས་གནོད་པ་ནི། །ང་རྒྱལ་མི་བདེན་བརྟགས་པས་སོ། །རྣལ་འབྱོར་སྤྱོད་པ་སྟོང་པ་ཉིད། །གནས་མིན་པ་ལ་སྦྱོར་མི་བྱ། །གལ་ཏེ་གནས་མིན་སྦྱར་གྱུར་ན། །བདུད་རྩི་དུག་ཏུ་འཐུང་བ་ཡིན། །ལྟ་(༣༤༢བ)


K800_Page_698
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཇི་སྙེད་གང་ཡང་རུང༌། །ལུས་ཅན་རྣམས་ལ་ཡོད་པ་ཡི། །ལྟ་བའི་རྣམ་པ་སྤང་བའི་ཕྱིར། །སྟོང་པ་ཉིད་ཀྱི་ཚུལ་བསྟན་ཏེ། །སྟོང་པ་ཉིད་ཀྱི་ལྟ་ཐོས་ཀྱང༌། །ལ་ལའི་ལྟ་བ་མ་ཞིག་ན། །གསོར་མི་རུང་བའི་ལྟ་ཅན་ནོ། །སྨན་པས་བཏང་བའི་ནད་པ་བཞིན། །ཅེས་ཇོ་ནང་པ་ཆེན་པོ་མཉམ་གཞག་ལ་ཟློའི་སྐབས་སུ་གཞན་སྟོང་ལ་བདེན་པར་མི་ལྟ་ཡང༌། རྗེས་ཐོབ་ཤན་འབྱེད་ཀྱི་སྐབས་སུ་བདེན་པར་འཛིན་པ་དང༌། རི་བོ་དགེ་ལྡན་པ་དག་མཉམ་རྗེས་གཉིས་ཀར་རྟེན་འབྲེལ་བཏགས་བཞག་ལས་གཞན་རྟགས་ཀྱི་དགག་བྱས་གཟུགས་སྟོང་པའི་སྟོང་ཉིད་གཞན་སྟོང་བདེན་མེད་འཛིན་སྟངས་ཤུགས་དྲག་ཅན་དུ་བྱེད་པ་དེ་ནི་སྨན་པས་བོར་བའི་ནད་པ་བཞིན་དུ་སྒྲིབ་གཉིས་ཀྱི་ནད་མ་ལུས་པར་སེལ་བར་མཛད་པའི་སྨན་པ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་དམ་ཆོས་ཀྱི་བདུད་རྩིས་གསོར་མི་རུང་བའི་ལྟ་བ་ཅན་དུ་བཤད་པའི་ཕྱིར་རོ། །ལྔ་པ་ལ། རྟེན་ཆོས་ཅན་དང༌། སྟོང་ཚུལ་དང་དགོས་པ་བཤད་པ་གཉིས། དང་པོ་ནི། སེམས་ཅན་སྣོད་ཀྱིས་འཇིག་རྟེན་ནི། །མ་ལུས་ཁྱབ་བྱེད་ཉིད་ཕྱིར་དང༌། །ཚད་མེད་དཔེ་ཡིས་མུ་མཐའ་ནི། །མེད་ཕྱིར་ཕྱོགས་རྣམས་ཆེན་པོ་ཉིད། །ཕྱོགས་བཅུ་རྣམས་ཆེན་པོ་དེ་ཉིད་དོ་སྟེ། ཕྱོགས་ལས་ལོགས་སུ་སྣོད་བཅུད་ཀྱི་འཇིག་རྟེན་མེད་པས་སེམས་ཅན་ཏེ་འགྲོ་བ་དང་སྣོད་ཀྱི་འཇིག་རྟེན་ནི་མ་ལུས་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་དང༌། ཕྱོགས་བཅུ་པོ་རེར་ཡང་བྱམས་སོགས་བསྒོམ་ན་ཕྱོགས་ཡོངས་སུ་བཅད་ནས་བསྒོམས་པས་ཚད་མེད་པའི་དཔེ་ཡིས་གནས་པས་མུ་མཐའ་ནི་མེད་པའི་ཕྱིར་རོ། །གཉིས་པ་ནི། འདི་དག་བཅུ་ཆར་ཕྱོགས་རྣམས་ཀྱིས། །སྟོང་པ་ཉིད་ནི་གང་ཡིན་དེ། །ཆེན་པོ་སྟོང་པ་ཉིད་ཡིན་དེ། །ཆེན་པོར་འཛིན་པ་བཟློག་ཕྱིར་གསུངས། །ཕྱོགས་འདི་དག་བཅུ་ཆར་ཕྱོགས་རྣམས་ཀྱི་རང་གི་ངོ་བོས་སྟོང་པ་ཉིད་ནི་གང་ཡིན་པ་དེ་ཆེན་པོ་དེ་སྟོང་པ་ཉིད་ཡིན་པར་ཏེ་བྱེ་བྲག་པ་སོགས་ཕྱོགས་རྣམས་ཚད་མེད་པར་ཐམས་ཅད་ལ་ཁྱབ་པའི་རྫས་སོ་སྙམ་དུ་ཆེན་པོར་འཛིན་པ་དག་གི་འཛིན་པ་ཟློག་པའི་ཆེད་དུ་(༣༤༣ན)


K800_Page_699
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཕྱིར། དྲུག་པ་ནི། དེ་ནི་དགོས་པ་མཆོག་ཡིན་པས། །དོན་དམ་མྱ་ངན་འདས་པ་ཡིན། །དེ་ནི་དེ་ཡིས་སྟོང་ཉིད་གང༌། །དེ་ནི་དོན་དམ་སྟོང་ཉིད་དེ། །མྱ་འདས་དངོས་པོའི་བློ་ཅན་གྱི། །འཛིན་པ་བཟློག་པར་བྱ་བའི་ཕྱིར། །དོན་དམ་མཁྱེན་པས་དོན་དམ་པ། །སྟོང་པ་ཉིད་ནི་བསྟན་པར་མཛད། །མྱང་འདས་དེ་ནི་དོན་དམ་མྱ་ངན་ལས་འདས་པ་ཡིན་ཏེ། པ་ར་མ་ཨཱརྠ་ཞེས་པར་མ་ནི་དམ་པའམ་མཆོག་ལ་འཇུག་གི། ཨཱརྠ་ནི་དོན་ཏེ་འབྲས་བུ་དང་དགོས་པ་དང་ཡུལ་སོགས་ལ་འཇུག་པས། མྱང་འདས་དེ་སྐྱེས་བུའི་དགོས་པ་ཐམས་ཅད་ཀྱི་མཆོག་ཡིན་པས་དེ་ཉིད་ཀྱི་ཕྱིར། མྱང་འདས་དེ་ནི་དེས་སྟོང་པ་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་སྟོང་པ་ཉིད་དེ། དངོས་པོ་དང༌། དངོས་མེད་དང༌། གཉིས་ཀ་ཡིན་མིན་གྱི་མུ་བཞི་དང་བྲལ་བའི་ཕྱིར། དོན་དམ་མཁྱེན་པ་སངས་རྒྱས་ཀྱིས་དོན་དམ་པ་སྟོང་པ་ཉིད་ནི་བསྟན་པར་མཛད་དེ། བྱེ་སྨྲས། སོ་སོར་བརྟགས་པས་འགོག་པ་གང༌། །བྲལ་བའོ་སོ་སོ་སོ་སོ་ཡིན། །ཅེས་ལྡན་རྫས་ཇི་སྙེད་ཀྱི་བྲལ་རྫས་དེ་སྙེད་དུ་གྲུབ་པར་འདོད་པ་དང༌། རྣལ་འབྱོར་སྤྱོད་པ་མྱང་འདས་འགོག་བདེན་བདེན་གྲུབ་པའི་དངོས་པོར་མངོན་པར་ཞེན་པའི་བློ་ཅན་རྣམས་ཀྱི་ལྟ་བ་ངན་པའི་འཛིན་པ་བཟློག་པར་བྱ་བའི་ཕྱིར། བདུན་པ་ནི། རྐྱེན་ལས་བྱུང་ཕྱིར་ཁམས་གསུམ་པོ། །འདུས་བྱས་ཡིན་པར་ངེས་པར་བསྙད། །དེ་ནི་དེ་ཡིས་སྟོང་ཉིད་གང༌། །དེ་ནི་འདུས་བྱས་སྟོང་ཉིད་གསུངས། །ཁམས་གསུམ་པོ་རྣམས་འདུས་བྱས་ཡིན་པར་ངེས་པར་མདོ་ལས་བསྙད་དེ། རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་ཁམས་གསུམ་པོ་དེ་ནི་དེའི་རང་གི་ངོ་བོས་སྟོང་ཉིད་གང་དེ་ནི་འདུས་བྱས་སྟོང་ཉིད་དུ་གསུངས་སོ། །བརྒྱད་པ་ནི། གང་ལ་སྐྱེ་གནས་མི་རྟག་ཉིད། །དེ་དག་མེད་པ་འདུས་མ་བྱས། །དེ་ནི་དེ་ཡིས་སྟོང་ཉིད་གང༌། །དེ་ནི་འདུས་མ་བྱས་སྟོང་ཉིད། །གང་ལ་ཐོག་མར་སྐྱེ་བ་དང༌། བར་དུ་གནས་པ་དང༌། ཐ་མར་མི་རྟག་པ་ཉིད་དེ་འདུས་བྱས་ཀྱི་མཚན་ཉིད་གསུམ་པོ་དེ་དག་མེད་པ་ནི་འདུས་མ་བྱས་ཡིན་ལ། དེ་ནི་འདུས་མ་བྱས་དེ་ཡིས་སྟོང་ཉིད་གང་དེ་ནི་འདུས་མ་བྱས་སྟོང་ཉིད་དོ། །འདི་ནི་ནམ་མཁའ་སོགས་འདུས་མ་བྱས་ལ་རྟག་འཛིན་བཟློག་པའོ། །དགུ་པ་ནི། གང་ལ་མཐའ་ནི་ཡོད་མིན་པ། །དེ་ནི་མཐའ་ལས་འདས་པར་བརྗོད། །དེ་དེ་ཁོ་ནས་སྟོང་པ་ཉིད། །མཐའ་ལས་འདས་པ་སྟོང་ཉིད་བསྙད། །གང་ལ་རྟག་ཆད་ཀྱི་མཐའ་ནི་ཡོད་པ་མིན་པ་མཐའ་གཉིས་དང་བྲལ་(༣༤༣བ)


K800_Page_700
[མ་དཔེ་གཟིགས་ན་འདིར་གནོན།]

བ་དབུ་མའི་ལམ་དེ་ནི་མཐའ་ལས་འདས་པར་བརྗོད་དོ། །མཐའ་ལས་འདས་པ་དེ་མཐའ་ལས་འདས་པ་དེ་ཁོ་ནས་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དུ་བསྙད་དོ། ། ཁ་ཅིག་མཐའ་ལས་འདས་པའི་དབུ་མའི་ལམ་རྟག་དངོས་སུ་འདོད་པའང་གཞུང་འདི་ཉིད་ཀྱིས་བཀག་གོ། །བཅུ་པ་ནི། ཐོག་མ་དང་པོ་ཐ་མ་མཐའ། །དེ་དག་མེད་པས་འཁོར་བ་ནི། །ཐོག་མ་ཐ་མ་མེད་པར་བརྗོད། །འགྲོ་འོང་བྲལ་ཕྱིར་རྨི་ལམ་ལྟའི། །སྲིད་འདི་དེ་ཡིས་དབེན་ཉིད་གང༌། །དེ་ནི་ཐོག་མ་དང་ཐ་མ། །མེད་པ་སྟོང་པ་ཉིད་དོ་ཞེས། །བསྟན་བཅོས་ལས་ནི་ངེས་པར་བསྙད། །འཁོར་བ་ནི་ཐོག་མ་ཐ་མ་མེད་པར་བརྗོད་དེ། ཐོག་མ་དང་པོ་དང་ཐ་མ་ནི་མཐའ་སྟེ་དེ་དག་མེད་པས་སོ། །ཐོག་མཐའ་དབུས་གསུམ་མེད་པའི་དོན་ཡང་ཀུན་རྗོབ་འཁྲུལ་ངོར་ཐོག་མཐའ་མེད་པའི་དོན་ལ་མི་བཟུང་གི། འཁོར་བ་རང་བཞིན་མེད་པ་སྐྱེ་འཇིག་གནས་པ་དང་བྲལ་བ་ལ་འཇོག་གོ། །རྨི་ལམ་ལྟ་བུའི་སྲིད་པ་འདི་དེའི་ངོ་བོས་དབེན་པ་ཉིད་གང་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ་ཞེས་འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པའི་ཤེར་ཕྱིན་གྱི་བསྟན་བཅོས་ལས་ནི་ངེས་པར་བསྙད་དོ། །ཐོག་མཐའ་དབུས་གསུམ་བྲལ་བ་ལ་སྔ་མ་ནས་འདིར་འོང་བ་དང་འདི་ནས་གཞན་དུ་འགྲོ་བ་དང་བྲལ་བའི་ཕྱིར་རོ། །བཅུ་གཅིག་པ་ནི། དོར་བ་ཅེས་བྱ་འཐོར་བ་དང༌། །འབོར་བ་ལ་ནི་ངེས་པར་བརྗོད། །དོར་མེད་གཏོང་བ་མེད་པ་སྟེ། །འགའ་ཡང་དོར་མེད་གང་ཡིན་པའོ། །དོར་བ་མེད་པ་དེ་ཉིད་ཀྱིས། །དེ་ཉིད་སྟོང་པ་ཉིད་གང་ཡིན། །དེ་དེའི་ཕྱིར་ན་དོར་མེད་པ། །སྟོང་པ་ཉིད་ཅེས་བྱ་བར་བརྗོད། །དོར་བ་ཞེས་བྱ་བ་ནིའཐོར་བ་དང་འབོར་བ་ལ་ནི་ངེས་པར་བརྗོད་ཅིང༌། དོར་མེད་ནི་ཐ་སྙད་དུ་གཏོང་བམེད་པ་སྟེ་དོར་བྱ་མིན་ཅིང་འགར་ཡང་འབོར་བ་མེད་པ་བླང་བྱ་ཚོགས་གཉིས་ཀྱི་དགེ་བ་གང་ཡིན་པའོ། །དོར་བ་མེད་པ་དེ་ཉིད་ཀྱིས་དོར་བ་མེད་པ་དེ་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྒྱུ་མཚན་དེའི་ཕྱིར་ན་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བར་བརྗོད་དོ། །བཅུ་གཉིས་པ་ནི། འདུས་བྱས་ལ་སོགས་ངོ་བོ་ཉིད། །གང་ཕྱིར་སློབ་མ་རང་སངས་རྒྱས། །རྒྱལ་སྲས་དེ་བཞིན་གཤེགས་རྣམས་ཀྱིས། །མ་མཛད་དེའི་ཕྱིར་འདུས་བྱས་ལ། །སོགས་པ་རྣམས་ཀྱི་ངོ་བོ་ཉིད། །རང་བཞིན་ཉིད་དུ་བསྙད་པ་སྟེ། །དེ་ཉིད་ཀྱིས་དེ་སྟོང་ཉིད་གང༌། །དེ་ནི་རང་བཞིན་སྟོང་པ་ཉིད། །འདུས་བྱས་མ་བྱས་ལ་སོགས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་དེ་ནི་གང་ཕྱིར་སློབ་དང༌། རང་སངས་རྒྱས་དང༌། རྒྱལ་སྲས་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་ཤེས་མཐོང་གིས་མ་མཛད་དེ། དེ་དག་བྱོན་རུང་མ་བྱོན་རུང་(༣༤༤ན)


K800_Page_701
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ཀྱི་རང་བཞིན་གདོད་ནས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར། མ་མཛད་པ་དེའི་ཕྱིར་འདུས་བྱས་ལ་སོགས་པ་རྣམས་ཀྱི་ངོ་བོ་སྟོང་པ་ཉིད་དེ་ནི་རང་བཞིན་ཉིད་དུ་བསྙད་པ་སྟེ། རང་བཞིན་མེད་པ་ལ་རང་བཞིན་དུ་མིང་བཏགས་པའོ། །འོ་ན་དབུ་མའི་གསུང་རབ་ཀྱི་བརྡ་འདིར་མེའི་རང་བཞིན་ཚ་བ་སོགས་ལའང་རང་བཞིན་དུ་བརྗོད་རིགས་པར་འགྱུར་ཏེ། དེ་འཕགས་སོགས་ཀྱིས་མ་བྱས་པའི་ཕྱིར་སྙམ་ན། མ་དཔྱད་པ་དེར་བརྗོད་པ་མི་འགོག་མོད། འོན་ཏེ་ཚ་སོགས་འཕགས་པས་མ་བྱས་ཀྱང་གཞན་གྲགས་ཀྱི་རིགས་པས་རང་བཞིན་ཡིན་པར་མི་རིགས་ཏེ། རང་བཞིན་ནི་བཅོས་མིན་བལྟོས་མིན་ཡིན་དགོས་པས་ཚ་སོགས་ནི་མ་རིག་པ་སོགས་ཀྱིས་བྱས་པའི་ཕྱིར། སྟོང་པ་ཉིད་ནི་འཕགས་པས་བྱས་སམ་སྙམ་པར་དོགས་གཞི་ཡོད་དེ། དེས་བྱིས་པའི་དུས་མ་རྟོགས་ལ་འཕགས་པས་མངོན་སུམ་དུ་གཟིགས་པའི་ཕྱིར་ཞེས་པ་ལ། དེ་འཕགས་པས་མ་མཛད་པས་མ་བྱས་པ་དང་བཅོས་མིན་དང་གཞན་ལ་མི་བལྟོས་པའི་རང་བཞིན་ནོ་ཞེས་བཅོས་མའི་རང་བཞིན་མིན་པའི་རང་བཞིན་ནོ་ཞེས་པ་དེ་ཙམ་ཞིག་བསྙད་ཀྱི། དེ་ལྟར་བསྙད་པ་ནི་དེ་ལྟའི་རང་བཞིན་དེ་མ་བཅོས་པའི་རང་བཞིན་དུ་གྲུབ་པ་དང༌། མ་བཅོས་པའི་ངོ་བོ་དང་བདག་ཉིད་ཅན་དུ་བསྟན་པ་མ་ཡིན་པས་དེ་ལྟའི་རང་བཞིན་དེ་ཉིད་ཀྱིས་རང་བཞིན་དེ་སྟོང་ཉིད་གང་ཡིན་པ་དེ་ནི་རང་བཞིན་སྟོང་པ་ཉིད་དོ། །ཇོ་ནང་པས། ཆོས་ཐམས་ཅད་ཀྱི་རང་བཞིན་དོན་དམ་བདེན་པ་རྟག་བརྟན་རང་བཞིན་ངོ་བོ་རང་གིས་མི་སྟོང་པར་འདོད་པ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་རང་བཞིན་(༣༤༤བ)


K800_Page_702
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྟོང་པ་ཉིད་ཀྱི་ཚུལ་འདིས་ལེགས་པར་བཀག་པ་ཡིན་ལ། དེ་བཞིན་དུ་ཙོང་ཁ་པ་ཆེན་པོས་ཀྱང༌། གཟུགས་སོགས་ཀྱི་ཆོས་རང་ངོས་སྟོང་པའི་རང་བཞིན་སྟོང་པ་ཉིད་ལེགས་པར་བཀག་ནས། ཤེས་བྱར་ཡེ་མེད་པའི་ཆོས་སྲིད་ན་དེ་བཀག་པའི་རང་བཞིན་མེད་པའི་སྟོང་པ་ཉིད་དེ་དེ་ཉིད་ཀྱིས་སྟོང་སྟེ། དེའང་རྟགས་ཀྱི་དགག་བྱ་ཤེས་བྱར་མེད་པས་སྟོང་པར་འདོད་པས་ཀྱང་ཡུམ་ལ་སོགས་པར་སྟོང་ཉིད་གཟུགས་སོགས་ཀྱི་རང་བཞིན་དང་ངོ་བོ་ཡིན་པར་རྟེན་འབྲེལ་གཞན་གྲགས་སུ་གསུངས་པ་དང༌། རང་བཞིན་སྟོང་ཉིད་སྟོང་ཉིད་དུ་གསུངས་པ་གཉིས་ཀ་བཀག་པར་བྱས་པ་ཡིན་ཏེ། གཟུགས་སོགས་རང་རང་ངོ་བོས་མི་སྟོང་ན་ཆོས་ཐམས་ཅད་ཀྱང་རང་བཞིན་སྟོང་ཉིད་དུ་མ་སོང་བར་རང་བཞིན་དང་བཅས་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། དེ་ལྟའི་སྟོང་ཉིད་དེ་གཟུགས་སོགས་ཀྱི་རང་བཞིན་སྟོང་ཉིད་སྟོང་ཉིད་དུའང་མི་འགྱུར་བའི་ཕྱིར། དེ་ལྟ་ན་རང་བཞིན་དང་བཅས་པར་གྱུར་ཀྱང་སྐྱོན་མེད་དེ། དོན་དམ་པའི་རང་བཞིན་ཡིན་པའི་ཕྱིར་སྙམ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་མི་སྟོང་པ་དངོས་པོར་ལྟ་བའི་གཉེན་པོར་སྟོང་པ་ཉིད་བསྟན་པ་ཡིན་ན་སྟོང་པ་ཉིད་རང་རང་གི་ངོ་བོས་མི་སྟོང་པར་གཞི་གྲུབ་པའི་རང་བཞིན་དུ་ཡོད་ཅིང༌། དེར་བལྟ་ན་ནི་དེ་ལས་དངོས་པོར་ལྟ་བ་ཆེ་བ་ཅི་ཞིག་ཡོད་དེ། མེ་གསོད་པ་ལ་ཆུ་དགོས་ན་ཆུ་ཉིད་མེར་འབར་ན་ཆུ་གསོད་ཐབས་(༣༤༥ན)


K800_Page_703
[མ་དཔེ་གཟིགས་ན་འདིར་གནོན།]

འགར་ཡང་མི་རྙེད་པ་ལྟ་བུའོ། །རང་བཞིན་མྱང་འདས་ཏེ། མྱ་ངན་འདས་པ་བདེན་གཅིག་པུ་ཞེས་པ་འདི་ཀུན་རྫོབ་བདེན་པ་རང་བཞིན་གྱིས་ཏེ་གདོད་ནས་བདེན་པར་མེད་པར་བདེན་ཅེས་ཀུན་རྫོབ་ལ་བདེན་པ་ཡེ་མི་འགྲུབ་ཅེས་པའི་དོན་ཡིན་གྱི། རང་བཞིན་མྱང་འདས་དེ་ཉིད་དེ་དང་དེར་བདེན་པའི་དགོངས་པ་ཐལ་འགྱུར་སྨྲ་བའི་ལུགས་མཆོག་འཆད་པའི་སྐབས་འདིར་གཏན་མིན་ཀྱང༌། བོད་ལ་ལ་ལུང་དེས་བདེན་པ་གཉིས་ལས་ཀུན་རྫོབ་བདེན་པ་ནི་ཐ་སྙད་དུའང་བདེན་པར་མེད་ལ། དོན་དམ་བདེན་པ་ནི་ཐ་སྙད་དུའང་བདེན་པར་གྱུར་པར་བརྗོད་ཅིང༌། ཁྱད་པར་ཟི་ལུང་པ་ཆེན་པོས་ཐལ་འགྱུར་བའི་ལུགས་ལའང་དོན་དམ་པའི་རང་བཞིན་བདེན་གྲུབ་ཏུ་འདོད་པའི་སྐབས་ཁས་ལེན་པ་འདི་ནི་ཐལ་འགྱུར་བ་ལ་སྐུར་འདེབས་བླ་ན་མེད་པར་འགྱུར་ཏེ། དེས་དེ་ལྟར་བཞེད་ན་རང་བཞིན་སྟོང་པ་ཉིད་གསུངས་པའི་སྐབས་འདིར་དེ་དེས་སྟོང་པ་དང་མི་སྟོང་པའི་ལུགས་གཉིས་མ་ཕྱེད་པར་རང་བཞིན་དེ་ཉིད་ཀྱིས་སྟོང་པ་ཉིད་ཁོ་ནར་བཤད་སྣང་བའི་ཕྱིར། བཅུ་གསུམ་པ་ནི། ཁམས་བཅོ་བརྒྱད་དང་རེ་དྲུག་དང༌། །དེ་ལས་བྱུང་བའི་ཚོར་དྲུག་དང༌། །གཟུགས་ཅན་གཟུགས་ཅན་མིན་དེ་བཞིན། །འདུས་བྱས་འདུས་མ་བྱས་ཆོས་རྣམས། །ཆོས་དེ་དག་ནི་ཐམས་ཅད་ཀྱི། །དེ་དག་གིས་དབེན་སྟོང་ཉིད་གང༌། །མིག་སོགས་ནང་གི་ཁམས་དང་གཟུགས་སོགས་ཕྱིའི་ཁམས་དང་མིག་གི་རྣམ་ཤེས་སོགས་ཁམས་དང་མིག་གི་རྣམ་ཤེས་སོགས་ཁམས་བཅོ་བརྒྱད་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་རེག་པ་དྲུག་དང༌། རེག་པ་དེ་དག་ལས་བྱུང་བའི་ཚོར་བ་དྲུག་དང༌། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དང་དེ་བཞིན་འདུས་བྱས་འདུས་མ་བྱས་ཀྱི་ཆོས་རྣམས་ནི་ཆོས་ཐམས་ཅད་ཅེས་བསྙད་དོ། །ཆོས་དེ་དག་རྣམས་ནི་ཐམས་ཅད་ཀྱི་རང་རང་གི་ངོ་བོ་དེ་དག་གིས་དབེན་ཞིང་སྟོང་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དོ། །ཁམས་བཅོ་བརྒྱད་དུ་རེག་དྲུག་ཚོར་དྲུག་འདུས་(༣༤༥བ)


K800_Page_704
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རེག་དྲུག་དང་ཚོར་དྲུག་ལོགས་སུ་སྨོས་པ་ནི་དེ་དག་འདོད་ཆགས་ཀྱི་དངོས་རྒྱུ་ཡིན་པས་གཙོ་བོར་བསྟན་པའི་ཕྱིར། བཅོ་བརྒྱད་དུ་གཟུགས་དང་གཟུགས་ཅན་མིན་པ་དང་འདུས་བྱས་མ་བྱས་འདུས་ཀྱང་དེ་དག་ལོགས་སུ་སྨོས་པ་ནི་ཕྱེ་ན་བཅོ་བརྒྱད་ཡིན་ཀྱང་བསྡུ་ན་དེ་དག་ཏུ་འདུ་བའི་ཕྱིར། བཅུ་བཞི་པ་ལ། ངོ་བོས་མདོར་བསྟན། ཆོས་ཅན་གྱིས་རྒྱས་པར་བཤད། རྟེན་བསྡུ་ཞིང་སྟོང་ཚུལ་གྱིས་དོན་བསྡུ་བ་གསུམ། དང་པོ་ནི། གཟུགས་རུང་ལ་སོགས་དངོས་མེད་གང༌། །དེ་ནི་རང་མཚན་སྟོང་པ་ཉིད། །གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པ་རྣམ་མཁྱེན་གྱི་མཚན་ཉིད་རྣམ་པ་ཐམས་ཅད་མངོན་སུམ་བྱེད་པའི་བར་དེ་དག་དངོས་པོ་མེད་པ་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །གཉིས་པ་ལ། ཀུན་ནས་ཉོན་མོངས་དང༌། རྣམ་བྱང་གི་རང་གི་མཚན་ཉིད་བཤད་པ་གཉིས། དང་པོ་ལ། ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་དང༌། རྟེན་འབྲེལ་གྱི་རང་མཚན་གསུམ། དང་པོ་ནི། གཟུགས་ནི་གཟུགས་རུང་མཚན་ཉིད་ཅན། །ཚོར་བ་མྱོང་བའི་བདག་ཉིད་ཅན། །འདུ་ཤེས་མཚན་མར་འཛིན་པ་སྟེ། །འདུ་བྱེད་མངོན་པར་འདུ་བྱེད་པའོ། །ཡུལ་ལ་སོ་སོར་རྣམ་རིག་པ། །རྣམ་ཤེས་རང་གི་མཚན་ཉིད་དོ། །ཕུང་པོ་སྡུག་བསྔལ་རང་མཚན་ཉིད། །ཁམས་ཀྱི་བདག་ཉིད་སྦྲུལ་གདུག་འདོད། །གཟུགས་ནི། གཟུགས་ཅན་ནང་ཕན་ཚུན་ཕྲད་པ་ན་འགྱུར་བ་བསྐྱེད་དུ་རུང་བའི་ཕྱིར་གཟུགས་སུ་རུང་བའི་མཚན་ཉིད་ཅན་ནོ། །ཚོར་བ་ནི་དགེ་སྡིག་གི་རྣམ་སྨིན་སིམ་གདུང་སོགས་མྱོང་བའི་མཚན་ཉིད་ཅན་ནོ། །འདུ་ཤེས་ནི་ཆོས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་མཚན་མར་འཛིན་པ་སྟེ། འདུ་བྱེད་ནི་སེམས་ཡུལ་ལ་མངོན་པར་འདུ་བྱེད་ཅིང་གཡོ་བར་བྱེད་པའོ། །གཟུགས་སོགས་ཡུལ་རྣམས་ལ་སོ་སོར་རྣམ་པར་རིག་པ་ནི་རྣམ་ཤེས་རང་གི་མཚན་ཉིད་དོ། །ཉེར་ལེན་གྱི་ཕུང་པོ་རྣམས་ནི་སྡུག་བསྔལ་གསུམ་གང་རུང་གི་རང་གི་མཚན་ཉིད་དོ། །ཁམས་རྣམས་ཀྱི་བདག་ཉིད་འཛིན་པར་ཆོས་མཐུན་པའི་སྒོ་ནས་སྦྲུལ་གདུག་པའི་མཚན་ཉིད་ཅན་དུ་འདོད་དོ། །གཉིས་པ་ནི། སྐྱེ་མཆེད་རྣམས་ནི་སངས་རྒྱས་ཀྱིས། །སྐྱེ་བའི་སྒོར་གྱུར་ཉིད་དུ་གསུངས། །སྐྱེ་མཆེད་བཅུ་གཉིས་པོ་(༣༤༦ན)


K800_Page_705
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་སངས་རྒྱས་ཀྱིས་སྡུག་བསྔལ་འབྱུང་ཞིང་སྐྱེ་བའི་སྒོར་གྱུར་པ་ཉིད་དུ་གསུངས་སོ། །གསུམ་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་འདུ་འཕྲོད་མཚན་ཉིད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་གང་དེ་ནི་འདུ་འཕྲོད་ཀྱི་མཚན་ཉིད་དོ་སྟེ། རྒྱུ་རྐྱེན་འདུས་ཤིང་ཚོགས་པ་ལས་བྱུང་བའི་ཕྱིར། གཉིས་པ་ལ། ལམ་དང༌། འབྲས་བུའི་རང་གི་མཚན་ཉིད་གཉིས། དང་པོ་ལ། ཕར་ཕྱིན་དང༌། བསམ་གཏན་སོགས་དང༌། བྱང་ཕྱོགས་དང༌། རྣམ་ཐར་སྒོ་གསུམ་དང༌། རྣམ་ཐར་བརྒྱད་ཀྱི་མཚན་ཉིད་བཤད་པ་བཞིའི། དང་པོ་ནི། གཏོང་བ་སྦྱིན་པའི་ཕ་རོལ་ཕྱིན། །ཚུལ་ཁྲིམས་གདུང་མེད་མཚན་ཉིད་བཟོད། །ཁྲོ་མེད་མཚན་ཉིད་བརྩོན་འགྲུས་ཀྱི། །ཁ་ན་མ་ཐོ་མེད་ཉིད་དོ། །བསམ་གཏན་སྡུད་པའི་མཚན་ཉིད་ཅན། །ཤེས་རབ་ཆགས་མེད་མཚན་ཉིད་དེ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །མཚན་ཉིད་འདི་དག་ཡིན་པར་བརྗོད། །བསམ་གཏན་རྣམས་དང་ཚད་མེད་དང༌། །དེ་བཞིན་གཞན་གང་གཟུགས་མེད་པ། །དེ་དག་ཡང་དག་མཁྱེན་པ་ཡིས། །མི་འཁྲུགས་མཚན་ཉིད་ཅན་དུ་གསུངས། །སྦྱིན་པ་ནི་རང་གི་ལུས་ལོངས་སྤྱོད་སོགས་གཏོང་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ནི་གནོད་འཚེ་སྤོང་ཞིང་ཕན་འདོགས་པས་ཉོན་མོངས་པས་གདུང་མེད་ཀྱི་མཚན་ཉིད་ཅན་ནོ། །བཟོད་པ་ནི་གནོད་བྱེད་ལ་ཁྲོ་མེད་ཀྱི་མཚན་ཉིད་ཅན་ནོ། །བརྩོན་འགྲུས་ནི་དགེ་བ་ཡོངས་སུ་འཛིན་པའི་མཚན་ཉིད་ཅན་ཡིན་པས་ཁ་ན་མ་ཐོ་བ་ཉིད་དོ། ། བསམ་གཏན་ནི་དགེ་བའི་ཆོས་ཐམས་ཅད་སྡུད་པའི་མཚན་ཉིད་ཅན་ནོ། །ཤེས་རབ་ནི་འགའ་ལ་ཡང་ཆགས་པ་མེད་པའི་མཚན་ཉིད་ཅན་ཏེ་མྱ་ངན་ལས་འདས་པར་བགྲོད་པའི་ཕྱིར། དེས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་རང་གི་མཚན་ཉིད་འདི་དག་ཡིན་པར་བརྗོད་དོ། །བསམ་གཏན་བཞི་པོ་རྣམས་དང༌། ཚད་མེད་པ་བཞི་དང༌། དེ་བཞིན་དུ་གཞན་གང་གཟུགས་མེད་པ་བཞི་པོ་དེ་དག་ནི་ཡང་དག་མཁྱེན་པས་སངས་རྒྱས་ཀྱིས་མི་འཁྲུགས་པ་ཁྲོ་བ་མེད་པའི་མཚན་ཉིད་ཅན་གསུངས་ཏེ། དེ་དག་ནི་འདོད་པ་ལ་འདོད་ཆགས་དང་བྲལ་ཏེ་ཁོང་ཁྲོ་སྤངས་པས་ཐོབ་པའི་ཕྱིར། གཉིས་པ་ནི། བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །ངེས་པར་འབྱུང་བྱེད་རང་མཚན་ཉིད། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ནི་སུམ་ཅུ་རྩ་བདུན་པོ་རྣམས་འཁོར་བ་ལས་འདའ་བའི་རྒྱུ་ཡིན་པས་ཐར་པར་(༣༤༦བ)


K800_Page_706
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱུང་བར་བྱེད་ནུས་ཀྱི་རང་གི་མཚན་ཉིད་ཅན་ནོ།།གསུམ་པ་ནི། སྟོང་པ་ཉིད་ཀྱི་མཚན་ཉིད་ནི། །དམིགས་པ་མེད་པས་རྣམ་དབེན་ཉིད། །མཚན་མ་མེད་པ་ཞི་ཉིད་དེ། །གསུམ་པའི་མཚན་ཉིད་སྡུག་བསྔལ་དང༌། གཏི་མུག་མེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་དངོས་པོ་དམིགས་པ་མེད་པས་རྣམ་པར་རྟོག་པའི་དྲི་མས་ཉེ་བར་སྔགས་པའི་ཕྱིར་རྣམ་པར་དབེན་པའི་མཚན་ཉིད་ཅན་ནོ། ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་མཚན་ཉིད་ནི་མཚན་མ་མ་དམིགས་པའི་སྒོ་ནས་ཞི་བའི་མཚན་ཉིད་དོ། །རྣམ་ཐར་སྒོ་གསུམ་པ་སྨོན་པ་མེད་པའི་མཚན་ཉིད་ནི་སྡུག་བསྔལ་དང་གཏི་མུག་མེད་པའི་མཚན་ཉིད་ཅན་ཏེ། འདུ་བྱེད་སྡུག་བསྔལ་གྱི་བདག་ཉིད་ཅན་རྣམས་ལ་ཡང་དག་པར་རྗེས་སུ་ལྟ་ཞིང་ཤེས་རབ་ཀྱིས་འདུ་བྱེད་ཀྱི་རང་བཞིན་ལ་ལྟ་བ་ན་སྨོན་པར་མི་བྱེད་པའི་ཕྱིར་རོ། །དེ་ལ་བདག་མེད་པ་རྣམ་པ་གཉིས་ནི་སྟོང་པ་ཉིད་ཀྱི་རྣམ་པའོ། །གཟུགས་སོགས་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་ཕྱིར་མྱ་ངན་ལས་འདས་པ་ནི་མཚན་མ་མེད་པའི་རྣམ་པའོ། །སྡུག་ཀུན་གཉིས་ཀྱིས་བསྡུས་པའི་ཟག་པ་དང་བཅས་པའི་ཆོས་རྣམས་ནི་སྨོན་པ་མེད་པའི་རྣམ་པའོ། །དམིགས་ཡུལ་གསུམ་པོ་དེ་ལ་འཇིག་རྟེན་པའི་ཏིང་ངེ་འཛིན་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་ཅེས་བརྗོད་ལ། དེ་དག་ལ་དམིགས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བདག་མེད་པ་གཉིས་ཀྱི་རྣམ་པ་ཅན་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པར་བརྗོད་དོ། །བཞི་པ་ནི། རྣམ་ཐར་རྣམས་ཀྱི། །མཚན་ཉིད་རྣམ་པར་གྲོལ་བྱེད་པའོ། །རྣམ་ཐར་བརྒྱད་པོ་རྣམས་ཀྱི་མཚན་ཉིད་ནི། སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བྱེད་ཀྱི་ཕྱིར་རྣམ་པར་གྲོལ་བར་བྱེད་པའི་མཚན་ཉིད་ཅན་ནོ། །བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ནི་རྣམ་ཐར་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་བསམ་གཏན་བཞི་པའི་(༣༤༧ན)


K800_Page_707
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཅན་ནི་གསུམ་པའོ། །གཟུགས་མེད་ཀྱི་རྣམ་པར་ཐར་པ་བཞི་དང༌། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་རོ། །དང་པོ་ནི། སྤྲུལ་པའི་སྒྲིབ་པ་ལས་གྲོལ་བར་བྱ་བའི་ཕྱིར་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རྣལ་འབྱོར་པ་བདག་ལ་གཟུགས་ཅན་གྱི་འདུ་ཤེས་ཉེ་བར་བཞག་སྟེ། ཕྱི་རོལ་གྱི་གཟུགས་རྣམས་ལ་སྡུག་མི་སྡུག་དང་ཆེ་ཆུང་སྣ་ཚོགས་པར་མོས་པར་བྱེད་པའི་ཞི་གནས་དང་ལྷག་མཐོང་ངོ༌། །གཉིས་པ་ནི། གཞན་སྔར་དང་འདྲ་ཞིང་རྣལ་འབྱོར་པ་རང་ཉིད་ལ་གཟུགས་ཅན་གྱི་འདུ་ཤེས་ཉེ་བར་བཤིག་པ་ནི་ཁྱད་པར་རོ། །གསུམ་པ་ནི། གཟུགས་སྡུག་མི་སྡུག་སྤྲུལ་པ་ལ་འདོད་པ་དང་མི་འདོད་པའི་སྒྲིབ་པ་ལས་གྲོལ་བའི་ཕྱིར་བསམ་གཏན་བཞི་པ་ལ་བརྟེན་ནས་རྣལ་འབྱོར་པ་རང་ལ་གཟུགས་ཀྱི་འདུ་ཤེས་བཤིགས་ནས་གཟུགས་སྡུག་མི་སྡུག་བར་མ་གསུམ་ལ་དམིགས་ཏེ། དེ་དག་ཕན་ཚུན་བལྟོས་པའི་འདུ་ཤེས་དང༌། རྗེས་སུ་འབྲེལ་བའི་འདུ་ཤེས་དང༌། མཐར་སྡུག་པར་རོ་གཅིག་ཏུ་མོས་པར་བྱས་ཏེ་སྒོམ་པའི་ཞི་གནས་དང་ལྷག་མཐོང་ངོ༌། །གཟུགས་མེད་ཀྱི་རྣམ་ཐར་བཞི་ནི་དགོས་ཆེད་རང་རང་གི་སྙོམས་འཇུག་ལ་རོ་མྱོང་གི་སྒྲིབ་པ་ལས་གྲོལ་བའི་ཕྱིར་རོ། །དེ་ལ་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནི་སྦྱོར་བའི་དུས་སུ་ནམ་མཁའ་མཐའ་ཡས་སོ་སྙམ་དུ་མོས་པར་བྱེད་ཅིང༌། དངོས་གཞིའི་དུས་སུ་དེ་ཉིད་ལ་གསལ་སྣང་ཡོངས་སུ་རྫོགས་པའི་ཞི་གནས་དང་ལྷག་མཐོང་རང་གི་སྙོམས་འཇུག་ལ་རོ་མྱོང་གི་སྒྲིབ་པ་ལས་གྲོལ་བར་བྱེད་པའོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་དང༌། ཅི་ཡང་མེད་པ་དང༌། འདུ་ཤེས་མེད་མིན་གྱི་རྣམ་ཐར་(༣༤༧བ)


K800_Page_708
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །བརྒྱད་པ་ནི། འདུ་ཤེས་དང་ཚོར་བ་འགོག་པའི་སྒྲིབ་པ་ལས་གྲོལ་བའི་ཕྱིར་དུ་སྲིད་རྩེའི་སེམས་ལ་བརྟེན་ནས་ཚོར་འདུ་རགས་པ་མ་ལུས་པ་འགོག་པའོ། །གཉིས་པ་ལ། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། བྱམས་པ་ཆེན་པོ་སོགས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང༌། རྣམ་མཁྱེན་གྱི་རང་གི་མཚན་ཉིད་དྲུག་གི། དང་པོ་ནི། སྟོབས་རྣམས་ཤིན་ཏུ་རྣམ་པར་ནི། །གཏན་ལ་འབེབས་པའི་རང་བཞིན་གསུངས། །འཆད་འགྱུར་གྱི་སྟོབས་བཅུ་པོ་རྣམས་ནི་ཤིན་ཏུ་རྣམ་པར་ནི་གཏན་ལ་འབེབས་པའི་རང་བཞིན་ཅན་དུ་གསུངས་ཏེ། ཤིན་ཏུ་གཏན་ལ་འབེབས་པ་ཉིད་ཀྱིས་ཐོགས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། སྐྱོབ་པའི་མི་འཇིགས་པ་རྣམས་ནི། །ཤིན་ཏུ་བརྟན་པའི་ངོ་བོ་ཡིན། །སྐྱོབ་པའི་མི་འཇིགས་པ་རྣམས་ནི་ངས་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་བོ་ཞེས་དམ་བཅས་པ་ལ། ཆོས་འདི་བྱང་མ་ཆུབ་བོ་ཞེས་རྒོལ་བ་མེད་པར་རང་དོན་རྟོགས་པའི་ཆོས་ལ་མི་འཇིགས་པ་དང༌། ངས་ཟག་པ་ཐམས་ཅད་ཟད་དོ་ཞེས་དམ་བཅས་པ་ན་ཟག་པའི་རྣམ་པ་འདི་མ་ཟད་དོ་ཞེས་རྒོལ་བ་པོ་མེད་པར་རང་དོན་སྤངས་པའི་ཆོས་ལ་མི་འཇིགས་པ་དང༌། ངས་ཉན་ཐོས་རྣམས་ལ་བར་ཆད་ཀྱི་ཆོས་སུ་གསུངས་པ་དེ་དག་བསྟེན་ཀྱང་བར་ཆད་དུ་མི་འགྱུར་རོ་ཞེས་རྒོལ་བ་པོ་མེད་པར་གཞན་དོན་བར་ཆད་ཀྱི་ཆོས་སྟོན་པ་ལ་མི་འཇིགས་པ་དང༌། ངས་སྡུག་བསྔལ་ལས་ངེས་པར་འབྱིན་པའི་ལམ་དུ་བསྟན་པ་དེ་དག་བསྟེན་ཀྱང་སྡུག་བསྔལ་ལས་ངེས་པར་འབྱུང་བར་མི་འགྱུར་རོ་ཞེས་རྒོལ་བ་མེད་པས་གཞན་དོན་ངེས་པར་འབྱིན་པའི་ལམ་སྟོན་པའི་མི་འཇིགས་པ་རྣམས་ནི་ཤིན་ཏུ་བརྟན་པའི་ངོ་བོ་ཡིན་ཏེ་སུས་ཀྱང་གཞན་དུ་བསྒྱུར་བར་བྱ་མི་ནུས་པའི་ཕྱིར། གསུམ་པ་ནི། སོ་སོར་ཡང་དག་རིག་རྣམས་ནི། །སྤོབས་སོགས་ཚད་མེད་མཚན་ཉིད་ཅན། །འཆད་(༣༤༨ན)


K800_Page_709
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི་སོ་སོ་ཡང་དག་རིག་པ་བཞི་པོ་རྣམས་ནི་སྤོབས་པ་ལ་སོགས་གང་ལ་ཡང་ཚད་མེད་པའམ་མེད་པའི་མཚན་ཉིད་ཅན་ཏེ། ཡུལ་བཞི་པོ་རྣམས་ལ་ཆགས་ཐོགས་མེད་པའི་ཕྱིར། བཞི་པ་ནི། འགྲོ་ལ་ཕན་པ་ཉེར་སྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱའོ། །སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །ཐུགས་རྗེ་ཆེན་པོའོ་དགའ་བ་ནི། །རབ་དགའི་མཚན་ཉིད་བཏང་སྙོམས་ནི། །མ་འདྲེས་མཚན་ཉིད་ཅན་ཞེས་བྱ། །འགྲོ་བ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་ཉེ་བར་བསྒྲུབ་པའི་མཚན་ཉིད་ཅན་ནི་སངས་རྒྱས་ཀྱི་བྱམས་པ་ཆེན་པོ་ཞེས་བྱའོ། །སེམས་ཅན་སྡུག་བསྔལ་ཅན་རྣམས་ཡོངས་སུ་སྐྱོབ་པ་ནི་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོའོ། །སངས་རྒྱས་ཀྱི་དགའ་བ་ཆེན་པོ་ནི་སེམས་ཅན་ཀུན་དུས་ཐམས་ཅད་པར་བདེ་བ་དང་མི་འབྲལ་བར་རབ་དགའི་མཚན་ཉིད་ཅན་ནོ། །བཏང་སྙོམས་ཆེན་པོ་ནི་རྗེས་ཆགས་དང་ཁོང་ཁྲོ་སོགས་དང་བྲལ་བའི་ཕྱིར་མ་འདྲེས་པའི་མཚན་ཉིད་ཅན་དུ་ཤེས་པར་བྱའོ། །ལྔ་པ་ནི། སངས་རྒྱས་ཆོས་ནི་མ་འདྲེས་པ། །བཅུ་དང་བརྒྱད་དུ་གང་འདོད་དག །གང་ཕྱིར་སྟོན་དེས་མི་འཕྲོགས་པ། །དེ་ཕྱིར་མི་འཕྲོགས་རང་མཚན་ཉིད། །སངས་རྒྱས་ཀྱི་ཆོས་རྣམས་ནི་མ་འདྲེས་པ་བཅུ་དང་བརྒྱད་དུ་གང་འདོད་པ་དག་བཅོ་བརྒྱད་དེ། སྤྱོད་པས་བསྡུས་པ་དྲུག་ནི་སྐུལ་ལ་འཁྲུལ་པ་མི་མངའ། གསུང་ལ་ཅ་ཅོ་མི་མངའ། སེམས་ཅན་གྱི་དོན་ལ་བསྙེལ་བ་མི་མངའ། ཐུགས་མཉམ་པར་མ་བཞག་པ་མི་མངའ། འཁོར་འདས་བླང་དོར་ཐ་དད་པའི་འདུ་ཤེས་མི་མངའ་བའོ། །སོ་སོར་མ་བརྟགས་པར་གདུལ་བྱ་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བའོ། །རྟོགས་པས་བསྡུས་པ་དྲུག་ནི། འདུན་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བའོ། །ཕྲིན་ལས་ཀྱིས་བསྡུས་པ་གསུམ་ནི། སྒོ་གསུམ་གྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །ཡེ་ཤེས་ཀྱིས་བསྡུས་པ་གསུམ་ནི། དུས་གསུམ་གྱི་ཤེས་བྱ་ལ་མ་ཆགས་(༣༤༨བ)


K800_Page_710
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པའོ། །དེ་དག་ནི་གང་གི་ཕྱིར་སྟོན་པ་སངས་རྒྱས་འཁྲུལ་པ་ལ་སོགས་པ་མི་མངའ་བས་གླགས་མེད་པ་དེ་ཉིད་ཀྱིས་མ་འཕྲོགས་ཤིང་ཐུབ་པར་མི་ནུས་པ་དེའི་ཕྱིར་མི་འཕྲོགས་པའི་རང་གི་མཚན་ཉིད་ཅན་ནོ། །དྲུག་པ་ནི། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་ཀྱིས། །མངོན་སུམ་ཞེས་བྱར་མི་འདོད་དོ། །རྣམ་པ་ཀུན་མཁྱེན་ཉིད་ཀྱི་ཡེ་ཤེས་ནི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་མངོན་སུམ་དུ་གྱུར་པའི་མཚན་ཉིད་ཅན་དུ་འདོད་དོ། །གཞན་ཉན་རང་གི་མཁྱེན་པ་ནི་ཤེས་བྱ་ཉི་ཚེ་བ་ཤེས་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ཞེས་བྱར་མི་འདོད་དོ། །གསུམ་པ་ནི། གང་ཞིག་འདུས་བྱས་མཚན་ཉིད་དང༌། །འདུས་མ་བྱས་པའི་མཚན་ཉིད་གང༌། །དེ་དེ་ཁོ་ནས་སྟོང་པ་ཉིད། །དེ་ནི་རང་མཚན་སྟོང་པ་ཉིད། །གང་ཞིག་འདུས་བྱས་ཀྱི་མཚན་ཉིད་དང་འདུས་མ་བྱས་ཀྱི་མཚན་ཉིད་གང་ཡིན་པ་དེ་རང་རང་གི་ངོ་བོ་དེ་ཁོ་ནས་སྟོང་པ་ཉིད་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །བཅོ་ལྔ་པ་ནི། ད་ལྟ་བ་འདི་མི་གནས་ཤིང༌། །འདས་དང་མ་འོངས་ཡོད་མ་ཡིན། །གང་དུ་དེ་དག་མི་དམིགས་པ། །དེ་ལ་མི་དམིགས་པ་ཞེས་བརྗོད། །མི་དམིགས་པ་དེ་རང་ངོ་བོ། །དེ་ཡིས་དབེན་པ་ཉིད་གང་དེ། །ཐེར་ཟུག་གནས་མིན་འཇིག་མིན་པས། །མི་དམིགས་ཞེས་བྱའི་སྟོང་ཉིད་དོ། །ད་ལྟར་བ་འདི་སྐད་ཅིག་མ་ཡིན་ཅིང༌། སྐད་ཅིག་མའང་ཐོག་མཐའ་དབུས་གསུམ་གྱིས་དཔྱད་ན་སྐད་ཅིག་ཏུ་ཡང་མི་གནས་ཤིང༌། འདས་པ་ཞིག་པ་དང༌། མ་འོངས་པ་མ་སྐྱེས་པའི་ཕྱིར་ཡོད་པ་མ་ཡིན་པས་དུས་གསུམ་གང་ལ་དུས་གསུམ་དེ་དག་མི་དམིགས་པ་དེ་ལ་མི་དམིགས་པ་ཞེས་བརྗོད་ལ། མི་དམིགས་པ་དེ་རང་གི་ངོ་བོ་དེ་ཡིས་དབེན་པ་ཉིད་གང་ཡིན་པ་དེ་ནི་ཐེར་ཟུག་གནས་པ་མིན་པ་དང་འཇིག་པ་མིན་པས་མི་དམིགས་ཞེས་བྱའི་སྟོང་ཉིད་དོ། །བཅུ་དྲུག་པ་ནི། རྐྱེན་ལས་བྱུང་ཕྱིར་དངོས་རྣམས་ལ། །འདུས་པ་པ་ཡི་ངོ་བོ་མེད། །འདུས་པ་པ་ནི་དེ་ཉིད་ཀྱིས། །སྟོང་ཉིད་དངོས་མེད་སྟོང་ཉིད་དོ། །རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་དངོས་པོ་རྣམས་ལ་འདུས་པ་ལས་བྱུང་བའི་ཚོགས་པའི་ངོ་བོ་མེད་ལ། འདུས་པ་ལས་བྱུང་བ་དེ་ནི་ཉིད་ཀྱི་རང་ངོས་སྟོང་པ་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ཉིད་དོ། །དབུས་མཐའ་སོགས་ལས་དང་པོ་དྲུག་ཆོས་ཅན་གྱི་སྒོ་ནས་དང༌། དེ་འོག་བརྒྱད་དགོས་(༣༤༩ན)


K800_Page_711
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་ཀྱི་སྒོ་ནས་དང༌། ཐ་མ་གཉིས་སྒྲོ་སྐུར་སྤང་བའི་དངོས་པོ་མེད་པས་གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་བསལ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་སྐུར་འདེབས་སྤང་བའི་ཕྱིར་དུ་མཚན་ཉིད་ཀྱི་སྒོ་ནས་བསྟན་པར་བཞེད་དེ། གཞན་དབང་དང་ཡོངས་གྲུབ་ལ་མངོན་པར་ཞེན་པའི་གདུལ་བྱ་དག་དྲང་བའི་ཕྱིར་ཡིན་པས་དབུ་མ་པའི་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པ་འདི་ཁོ་ན་ཟབ་ཅིང་ཁྱད་པར་དུ་འཕགས་སོ། །སྟོང་ཉིད་བཅུ་དྲུག་གི་ཚུལ་ལ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང༌། སམྦུ་ཊའི་རྒྱུད་ཕྱི་མ་དང༌། དབུས་མཐའ་རྩ་འགྲེལ་འགྲེལ་བཤད་དང་བཅས་པ་དང༌། བརྒྱད་སྟོང་དོན་བསྡུ་རྩ་འགྲེལ་རྣམས་ཕལ་ཆེར་སྟོན་ཚུལ་མཐུན་པར་སྣང་ནའང་ངེས་པའི་དོན་དུ་འདི་ནས་བཤད་པ་ཁོ་ན་ཉིད་གནས་པ་ཡིན་ནོ། །གཉིས་པ་ལ། དངོས་པོ་དང༌། དངོས་པོ་མེད་པ་དང༌། རང་གི་ངོ་བོ་དང༌། གཞན་གྱི་ངོ་བོ་སྟོང་པ་ཉིད་དང་བཞིའི། དང་པོ་ནི། དངོས་པོའི་སྒྲས་ནི་མདོར་བསྡུས་ན། །ཕུང་པོ་ལྔ་རྣམས་བརྗོད་པ་ཡིན། །དེ་རྣམས་དེ་ཡིས་སྟོང་ཉིད་གང༌། །དེ་དངོས་སྟོང་པ་ཉིད་དུ་བཤད། །དངོས་པོ་ཞེས་བྱ་བའི་སྒྲ་ནི་མདོར་བསྡུ་ན་ཕུང་པོ་ལྔ་པོ་རྣམས་ལ་བརྗོད་པ་ཡིན་གྱི། དེ་རྣམས་དེའི་སྟོང་ཉིད་གང་ཡིན་པ་དེ་ནི་དངོས་པོ་སྟོང་པ་ཉིད་དུ་བཤད་དོ། །གཉིས་པ་ནི། མདོར་བསྡུས་ན་ནི་དངོས་མེད་པ། །འདུས་མ་བྱས་ཆོས་རྣམས་ལ་བརྗོད། །དེ་ཉིད་དངོས་མེད་དེས་སྟོང་ཉིད། །དངོས་པོ་མེད་པ་སྟོང་ཉིད་དོ། །དངོས་པོ་མེད་པར་བརྗོད་པ་ནི་མདོར་བསྡུ་ན་ནི་ནམ་མཁའ་དང་མྱ་ངན་ལས་འདས་པ་སོགས་འདུས་མ་བྱས་ཀྱི་ཆོས་རྣམས་ལ་བརྗོད་ལ། དངོས་མེད་དེ་ཉིད་དང་དངོས་མེད་དེ་ཉིད་ཀྱིས་སྟོང་ཉིད་ནི་དངོས་པོ་མེད་པ་སྟོང་པ་ཉིད་བཅས་བརྗོད་དོ། །གསུམ་པ་ནི། རང་བཞིན་ངོ་བོ་ཉིད་མེད་ནི། །རང་བཞིན་ཞེས་བྱའི་སྟོང་ཉིད་དེ། །འདི་ལྟར་རང་བཞིན་མ་བྱས་པས། །རང་བཞིན་ཞེས་ནི་བྱ་བར་བསྙད། །ཆོས་རྣམས་ཀྱི་རང་བཞིན་ཆོས་ཉིད་རང་གི་ངོ་བོ་ཉིད་མེད་པ་ནི་རང་བཞིན་ཅེས་བྱ་བའི་སྟོང་པ་ཉིད་དེ་འདི་ལྟར་ཆོས་རྣམས་ཀྱི་རང་བཞིན་ཉན་ཐོས་སོགས་ཀྱི་ཤེས་མཐོང་གིས་མ་(༣༤༩བ)


K800_Page_712
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་ན་རང་བཞིན་ཅེས་ནི་བྱ་བར་བསྙད་ལ། འགྲེལ་པར། རང་བཞིན་ནི་རང་བཞིན་གྱིས་སྟོང་སྟེ། འདི་ནི་རང་བཞིན་སྟོང་པ་ཉིད་དོ། །ཞེས་འབྱུང་བས། རི་བོ་དགེ་ལྡན་པ་དག་སྒྲུབ་ཆོས་དོར་བའི་མེད་དགག་གཞི་མ་གྲུབ་པར་རང་རང་སྟོང་པར་ཁས་ལེན་ན་སྟོང་ཉིད་མ་ཡིན་དགག་ཏུ་འགྱུར་རོ་ཞེས་པའི་སྐྱོན་སྨྲ་བ་ནི་དཔལ་ལྡན་ཟླ་བ་ལ་ངན་སྨྲས་སུ་བྱེད་པར་ཟད་དོ། །བཞི་པ་ནི། སངས་རྒྱས་རྣམས་ནི་འབྱུང་བ་འམ། །མ་བྱུང་ཡང་རུང་དངོས་སུ་ན། །དངོས་པོ་ཀུན་གྱི་སྟོང་པ་ཉིད། །གཞན་གྱི་དངོས་པོར་རབ་ཏུ་བསྒྲགས། །ཡང་དག་མཐའ་དང་དེ་བཞིན་ཉིད། །དེ་གཞན་དངོས་པོའི་སྟོང་ཉིད་དོ། །མདོ་ལས། གཞན་གྱི་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་ཆོས་རྣམས་ཀྱི་ཆོས་ཉིད་གནས་པ་ཉིད་དང༌། ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་ངེས་པ་ཉིད་དང༌། དེ་བཞིན་ཉིད་དང༌། གཞན་མ་ཡིན་པའི་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་གང་ཡིན་པ་འདི་ནི་གནས་པ་ཉིད་དེ། གཞན་གྱིས་མ་བྱས་སོ། །ཞེས་སོགས་ཀྱི་དོན་ནི། སངས་རྒྱས་རྣམས་ནི་འབྱུང་བའམ་མ་བྱུང་ཡང་རུང་སྟེ་དངོས་སུ་ན་དངོས་པོ་ཀུན་གྱི་གནས་ལུགས་དང་དེ་ཁོ་ན་ཉིད་སྟོང་པ་ཉིད་ནི་ཐ་སྙད་དུ་ཅིའི་ངོ་བོར་ཡང་མ་གྲུབ་པར་རྟག་ཏུ་ཡོད་པས་མཆོག་ཏུ་བྱུང་བའི་དེ་ཁོ་ན་ཉིད་ཡིན་པས་སམ། ཡེ་ཤེས་ཕུལ་དུ་བྱུང་བས་རྟོག་བྱ་ཡིན་པའི་ཕྱིར་གཞན་གྱི་དངོས་པོར་རབ་ཏུ་བསྒྲགས་ཞེས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ལ་རང་སྒྲ་དང༌། གཞན་སྒྲས་ཐ་སྙད་དུ་སྒྲ་རྟོག་གིས་བརྗོད་ཚུལ་གཉིས་བྱུང་བ་ལ་གཉིས་ཀ་ལྟར་ཡང་དེ་ལྟའི་རང་གཞན་གྱི་སྟོང་ཉིད་དེ་དངོས་པོ་དངོས་མེད་བདག་གཞན་བྱས་མ་བྱས་སོགས་ཀྱི་ཆོས་གང་གི་ཡང་རང་གི་ངོ་བོར་མ་གྲུབ་པའི་རང་རང་ངོ་བོས་སྟོང་ཉིད་དུ་གཏན་ལ་དབབ་པའི་ཆེད་དུ་དང་པོར་རང་བཞིན་མེད་པའི་སྟོང་ཉིད་ཀྱི་རང་བཞིན་འཕགས་པ་སོགས་ཀྱིས་མ་བྱས་པའི་(༣༥༠ན)


K800_Page_713
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་དེའང་དེ་ཉིད་ཀྱི་རང་གི་ངོ་བོས་སྟོང་ཉིད་དུ་བསྟན་ནས། སླར་རང་བཞིན་མེད་པའི་སྟོང་ཉིད་འཕགས་སོགས་ཀྱིས་མ་བྱས་པའི་སྟོང་ཉིད་གཞན་གྱི་ངོ་བོའམ་མཆོག་ཏུ་གྱུར་པའི་ངོ་བོའོ། །ཞེས་འཇིག་རྟེན་རྟེན་འབྲེལ་གཞན་གྲགས་སུ་སྨྲ་བའི་ལུགས་འགའ་ཞིག་དང་མཐུན་པར་བྱས་ནས་དེ་ལྟའི་གཞན་སྟོང་དེ་ཡང་དེ་ཉིད་ཀྱི་རང་གི་ངོ་བོ་སྟོང་ཉིད་དུ་གཏན་ལ་དབབ་པར་མཛད་པ་ཡིན་ནོ། །ཡང་ན། འཁོར་བ་ལས་འདས་པའི་ཕྱིར་ཕ་རོལ་ན་ཡོད་པ་ནི་གཞན་གྱི་དངོས་པོ་སྟེ་ཡང་དག་མཐའ་དང༌། རྣམ་པར་འགྱུར་བ་མེད་པས་དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་དེ་ནི་གཞན་གྱི་དངོས་པོའི་སྟོང་ཉིད་དོ། །བོད་ཁ་ཅིག་ཆོས་ཐམས་ཅད་རང་རང་གི་ངོ་བོས་དབེན་པ་རང་སྟོང་དང་གཞན་གྱི་ཆོས་དབེན་པ་གཞན་སྟོང་གི་དོན་དུ་འདོད་པ་ནི་མི་འཐད་དེ། སྟོང་ཉིད་ཀྱི་མདོ་དོན་ལ་དེ་ལྟར་མེད་ཅིང༌། མདོ་དོན་འདི་དག་གི་དགོངས་པ་དབུ་སེམས་གཉིས་སུ་འགྲེལ་པར་སྟོན་པས་ལུང་བསྟན་ཐོབ་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་སློབ་དཔོན་གཉིས་ཀྱིས་བསྟན་བཅོས་ཚད་ལྡན་འགར་ཡང་དེ་འདྲ་མ་གསུངས་པའི་ཕྱིར། ཡང་ཇོ་ནང་པ་ནི། ཀུན་རྫོབ་བདེན་པར་རང་རང་ངོ་བོས་སྟོང་པས་རང་སྟོང་དང༌། དོན་དམ་བདེན་པར་རང་རང་ངོ་བོས་མི་སྟོང་པའི་གཞན་མཆོག་གི་ཤེས་པ་བདེར་གཤེགས་སྙིང་པོ་རྟག་དངོས་དེ་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོང་པ་གཞན་སྟོང་དུ་བཤད་ནས། གཞན་སྟོང་སྨྲ་བའི་དབུ་མ་པ་ནི་དབུ་མ་པ་ཆེན་པོ་དང༌། རང་སྟོང་སྨྲ་བའི་དབུ་མ་པ་ནི་དབུ་མའི་བསྟན་པ་དུག་ཅན་དུ་བྱེད་པའོ། །ཞེས་ཟེར་རོ། །འདི་ལྟར་འཆད་པ་ནི་རྒྱལ་བའི་ཡུམ་དོན་ལ་སྐུར་པ་བཏབ་པ་ཡིན་ཏེ། དོན་དམ་(༣༥༠བ)


K800_Page_714
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་གྲུབ་ཀྱི་ཆོས་རང་ངོས་མི་སྟོང་པར་ཁས་ལེན་ན་ཆོས་ཐམས་ཅད་སྟོན་པས་ངེས་པའི་དོན་སྟོང་ཉིད་དུ་གཏན་ལ་དབབ་པ་དང་འགལ་བའི་ཕྱིར་དང༌། ཁྱད་པར་དུ་དབུ་མ་པ་དང་འཕགས་སེང་གི་དགོངས་འགྲེལ་ཐམས་ཅད་དང་འགལ་ཏེ། མདོ་ལས། ཐེར་ཟུག་ཏུ་གནས་པ་དང༌། འཇིག་པ་མེད་པའི་ཕྱིར་དེ་དེས་སྟོང་ངོ༌། །ཞེས་ཁྱེད་འདོད་པའི་གཞན་སྟོང་དེ་གསལ་པོར་དམིགས་ཕུག་ཏུ་བཀག་སྣང་བའི་ཕྱིར་དང༌། འཕགས་པ་གྲོལ་སྡེ་དང་ཤཱནྟི་པ་སོགས་ཀྱིས་བྱེད་པ་པོ་གཞན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་གཞན་གྱི་དངོས་པོ་སྟོང་པ་ཉིད་དེ། ཞེས་སོགས་དང༌། གཞན་གྱི་མ་བྱས་པའི་ངོ་བོ་ཉིད་ཡིན་པས་གཞན་གྱི་ངོ་བོ་སྟེ་ཞེས་སོགས་ནི་རང་བཞིན་ནམ་ངོ་བོའི་སྟོང་པ་ཉིད་ཀྱི་སྟོང་ཉིད་གཞན་སྟོང་གི་སྟོང་བྱའི་གཞིར་བཟུང་བ་ལས་བདེར་གཤེགས་སྙིང་པོ་རྟག་དངོས་གཞན་མཆོག་སྟོང་གཞིར་བྱསནས་དེ་ལ་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོང་པ་གཞན་སྟོང་གི་དོན་དུ་འཆད་པ་གཏན་མི་སྣང་བའི་ཕྱིར། ཁྱེད་རང་དབུ་མ་པ་ལ་རང་སྟོང་གཞན་སྟོང་གི་ལུགས་གཉིས་ཡོད་ཟེར་བ་དེ་ཚུན་ཆད་མ་གཏོགས་རྒྱ་བོད་གཉིས་ན་གྲུབ་མཐའ་སྨྲ་བདག་གི་དབུ་མ་ལ་དེ་ལྟའི་ལུགས་གཉིས་ཡོད་དོ་ཞེས་སྨྲ་བའི་གང་ཟག་གཅིག་ཀྱང་མ་བྱུང་ཞིང༌། དབུ་མར་སྨྲ་ན་དོན་དམ་པའི་ཆོས་བདེན་གྲུབ་དང༌། ཀུན་རྫོབ་བདེན་མེད་རང་སྟོང་གིས་སྟོང་པར་སྨྲ་བ་མི་སྲིད་པའི་ཕྱིར་ཏེ། དེ་ལྟར་སྨྲ་ན་དངོས་སྨྲ་བར་འགྱུར་ལ། དངོས་སྨྲ་བ་དང་སྤྲོས་བྲལ་དབུ་མར་སྨྲ་བ་གཉིས་འགལ་བ་ལ་མི་འཁྲུལ་བའི་ཚད་མ་མེད་པའི་ཕྱིར། ཆོས་གཞན་དེ་རང་སྟོང་གིས་སྟོང་པས་ཆོས་གཞན་མཆོག་རང་སྟོང་པར་མི་འགྱུར་བས་དེ་འདྲའི་(༣༥༡ན)


K800_Page_715
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཚིག་སྙིང་པོ་མེད་པའི་འཁྲུལ་བཅས་དེ་མཁས་པ་དབུ་མ་པའི་སྐྱེས་བུ་ལ་མི་འབྱུང་བའི་ཕྱིར། ཡང་ཟི་ལུང་པས། སེམས་ཙམ་རྣམ་རྫུན་པ་དེ་དབུ་མ་གཞན་སྟོང་པའོ་ཞེས་སྨྲའོ། ། རྣམ་རྫུན་པ་གྲུབ་མཐའ་སྨྲ་བ་བཞིའི་ཟླས་ཕྱེ་བའི་དབུ་མ་པ་ཡིན་པར་སྨྲ་བ་ནི་ཟི་ལུང་པ་ཉིད་མ་གཏོགས་རྒྱ་བོད་དུ་སྔར་མ་བྱུང་ལ། རྣམ་རྫུན་པས་ཀྱང་རང་ལུགས་སུ་རང་སྟོང་ཁས་མི་ལེན་ཅིང༌། གཞན་སྟོང་ཁོ་ན་ཁས་ལེན་ནོ་སྙམ་པ་དེའང་མ་ཡིན་ཏེ། རྣམ་རྫུན་པའང་ཡུམ་དོན་འགྲེལ་བ་ན་རང་ལུགས་ཀྱི་རང་སྟོང་དང༌། གཞན་སྟོང་གཉིས་ཀ་ཡང་སྟོང་ཉིད་མཚན་ཉིད་པར་འདོད་པའི་ཕྱིར་དང༌། ཡང་ཟི་ལུང་པ་ལྟར་རང་སྟོང་གི་སྟོང་ཉིད་སྟོང་ཉིད་ཕལ་པ་ཡིན་པས་སྟོང་ཉིད་གོ་ཆོད་པོ་མིན་པ་དང༌། སྟོང་ཉིད་གཙོ་བོ་དེ་གཉིས་མེད་ཀྱི་ཡེ་ཤེས་ཡིན་པས་སྟོང་ཉིད་གོ་ཆོད་པོ་ནི་དེ་ཡིན་ནོ་ཞེས་འདོད་པ་ལྟར་ཡང་མི་འཐད་དེ། ཀུན་རྫོབ་རང་སྟོང་སྟོང་ཉིད་གོ་ཆོད་མིན་པར་ཕལ་པ་ཡིན་ན། གཟུང་འཛིན་ཀུན་བརྟགས་རང་གི་སྟོང་པ་ཉིད་གཞན་དབང་གི་སྟེང་དུ་ཡོད་པའི་ཡོངས་གྲུབ་དེའང་སྟོང་ཉིད་གོ་ཆོད་པོ་མ་ཡིན་པར་འགྱུར་བའི་ཕྱིར། དེར་ཡང་ཁྱེད་འདོད་པར་མི་ནུས་པའི་ཕྱིར། དེས་ན་དབུ་མའི་དབྱེ་བར་རང་སྟོང་ཁས་ལེན་གྱི་དབུ་མ་པ་དང་གཞན་སྟོང་ཁས་ལེན་གྱི་དབུ་མ་པ་གཉིས་ཡོད་པ་དང༌། དེ་གཉིས་ལས་ཁ་ཅིག་རང་སྟོང་སྨྲ་བའི་དབུ་མའི་ལྟ་བ་མཐོ་བ་དང༌། ཁ་ཅིག་གཞན་སྟོང་སྨྲ་བའི་དབུ་མའི་ལྟ་བ་མཐོའོ་ཞེས་ཕན་ཚུན་སྐད་གསང་བསྟོད་དེ་སྨྲ་བ་དེ་དག་ནི་དབུ་སེམས་ལ་སོགས་པའི་ཕྱི་ནང་གི་གྲུབ་པའི་མཐའ་ཅུང་ཟད་ཙམ་ལའང་བདག་ཉིད་བློ་ཁ་མ་ཕྱོགས་བཞིན་དབུ་སེམས་སོགས་(༣༥༡བ)


K800_Page_716
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གྲུབ་མཐའ་ལ་རྣམ་གཞག་བྱེད་པ་ཡིན་ནོ་ཞེས་སྨྲ་བའི་རྟགས་ཡང་དག་གི་རྒྱལ་མཚན་ནུབ་མེད་དུ་བསྒྲེང་བ་ཡིན་ནོ། །གསུམ་པ་ནི། ཤེས་རབ་ཕ་རོལ་ཕྱིན་ཚུལ་ལས། །དེ་དག་དེ་སྐད་རབ་ཏུ་བསྒྲགས། །ཤེས་རབ་ཕ་རོལ་ཕྱིན་ཚུལ་མདོ་རྒྱལ་བའི་ཡུམ་ལས་རབ་ཏུ་སྤྲོས་ནས་བཅུ་དྲུག་དང༌། བཞི་པོ་དེ་དག་བཤད་མ་ཐག་པ་དེ་སྐད་དུ་རབ་ཏུ་བསྒྲགས་སོ། །གསུམ་པ་ལ། བདེན་གཉིས་རྟོགས་པའི་ཤེས་རབ་ཀྱིས་འགོག་པ་ལ་འཇུག སྙིང་རྗེས་སེམས་ཅན་མི་འདོར་བའི་ཚུལ། ས་གོང་མར་འཕགས་པ་གཞན་ཟིལ་གྱིས་གནོན། བདེན་གཉིས་རྟོགས་པས་དོན་གཉིས་མཐར་ཐུག་པར་འགྱུར་ཚུལ་དང་བཞི། དང་པོ་ནི། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པ། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །ཤེར་ཕྱིན་ལ་ལྷག་པར་གནས་པའི་སེམས་དཔའི་ཐུན་མོང་མིན་པའི་ཡོན་ཏན་ཕུལ་བྱུང་བརྗོད་ནས་ཤེས་རབ་ཀྱི་སྐབས་རྗོགས་པར་བསྟན་པ་ནི། གོང་དུ་བཤད་པའི་ཚུལ་དེ་ལྟར་དཔྱད་པ་ལས་བྱུང་བའི་བློ་གྲོས་ཀྱི་ཟེར་གྱིས་དེ་ཉིད་མཐོང་བའི་གེགས་ཀྱི་མུན་པ་བཅོམ་ནས་དེ་ཉིད་ཀྱི་སྣང་བ་གསལ་བར་བྱས་པའི་སེམས་དཔའ་ནི་རང་གི་ལག་ན་གནས་པའི་སྐྱུ་རུུ་ར་ཕྱི་ནང་སྒྲིབ་མེད་དུ་མཐོང་བ་ནི་དེ་བཞིན་དུ་སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་བ་མེད་པར་རྟོགས་ཏེ། དོན་དམ་པར་འགོག་སྙོམས་ལ་འཇུག་པ་མེད་ཀྱང་འཇིག་རྟེན་ཐ་སྙད་བདེན་པ་ལ་འཇུག་པའི་ཚེ་དེའི་སྟོབས་ཀྱིས་སྤྲོས་བྲལ་འགོག་པ་ལ་སྙོམས་པར་འཇུག་པར་འགྲོའོ། །སེམས་དང་སེམས་ལས་བྱུང་བའི་འགོག་སྙོམས་ལ་འཇུག་པ་ན། སེམས་སེམས་བྱུང་གི་སྒྲོ་འདོགས་བཅད་ནས་སྙོམས་འཇུག་དེ་ལ་མཉམ་པར་བཞག་གམ་སྒྲོ་འདོགས་མ་བཅད་པར་མཉམ་པར་བཞག དང་པོ་ལྟར་ན། སྒོམ་བྱུང་གི་ཤེས་རབ་ཚད་མ་དེས་རྣམ་བཅད་ལ་སེམས་སེམས་བྱུང་(༣༥༢ན)


K800_Page_717
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒྲོ་འདོགས་བཅད་ནས། ཡོངས་གཅོད་ལ་ཡུལ་སེམས་སེམས་བྱུང་སྐྱེ་བ་མེད་པར་བློ་དེ་ལ་མངོན་སུམ་དུ་སྣང་ནས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པར་འགྱུར་བས་ཆོས་ཉིད་སྟོང་པ་ཉིད་འགོག་པའི་མཉམ་གཞག་ལའང་ཡུལ་དང་བློ་གཉིས་ཅར་ཡོད་པར་སོང་ཞིང༌། དེ་ལྟར་ན་འགོག་སྙོམས་ལ་འཇུག་པའང་མིང་ཙམ་དུ་འགྱུར་ལ། གཉིས་པ་ལྟར་ན། སྒོམ་བྱུང་གི་ཤེས་རབ་ཚད་མས་སྒྲོ་འདོགས་མ་བཅད་ན་ནི་དེ་ཁོ་ན་ཉིད་འགོག་པ་ལ་སྙོམས་པར་འཇུག་པའི་མཉམ་གཞག་ཀྱང་མ་འཁྲུལ་བར་མི་འགྱུར་རོ་ཞེས་དོགས་ན་སྒོམ་བྱུང་གི་ཤེས་རབ་ཀྱི་ཚད་མས་འགོག་སྙོམས་དང་མི་མཐུན་པའི་སྒྲོ་འདོགས་རྣམ་པར་བཅད་ནས་འཇུག་ལ། དེ་ལྟར་བཅད་པའི་ཚེ་ཡོངས་གཅོད་ལ་སེམས་སེམས་བྱུང་སྐྱེ་མེད་ལ་སོགས་པ་ཅིར་ཡང་མ་གྲུབ་པ་ཞིག་བློ་དེ་ལ་མངོན་སུམ་དུ་སྣང་བར་ནི་མི་བྱེད་དེ། དེ་ལྟར་སྒོམ་བྱུང་གི་ཤེས་རབ་ཚད་མས་སེམས་སེམས་བྱུང་གི་སྤྲོས་པའི་མཐའ་ཐམས་ཅད་རྣམ་པར་བཅད་ནས་དེའི་ཡོངས་གཅོད་སེམས་དང་སེམས་བྱུང་སྐྱེ་མེད་ཀྱི་ཚུལ་ལ་ཡོད་མེད་ཡིན་མིན་སྣང་མི་སྣང་གང་དུའང་མཉམ་པར་མ་བཞག་པའི་ཚུལ་གྱིས་མཉམ་པར་བཞག་པའི་ཕྱིར། དེ་ལྟར་མཉམ་པར་མ་བཞག་པའི་ཚུལ་གྱིས་དེ་ཁོ་ན་ཉིད་འགོག་པ་ལ་མཉམ་པར་བཞག་པའི་སྙོམས་འཇུག་ཏུ་སོང་བ་དེའི་ཚེ་འགོག་སྙོམས་ལ་ཡུལ་གྱི་སྣང་བ་དང་ཡུལ་ཅན་གྱི་བློ་གཅིག་དང་ཐ་དད་པར་ཡོད་པར་ཡང་འགྱུར་བ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །གཉིས་པ་ནི། རྟག་ཏུ་འགོག་པར་གཏོགས་པའི་བསམ་གཏན་ཡིན་མོད་ཀྱི། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེ་འང་སྐྱེད་པར་བྱེད། །འགོག་པ་མངོན་དུ་བྱས་ཏེ་གཞན་དོན་ཡལ་བར་འདོར་རམ་ཞེ་ན། མ་ཡིན་ཏེ། དེས་ནི་རྟག་ཏུ་འགོག་པ་ལ་(༣༥༢བ)


K800_Page_718
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་འཇུག་གི་ནུས་པ་ཐོབ་པས་དངོས་གཞིའི་དུས་ན་མྱ་ངན་ལས་འདས་པར་གཏོགས་པའི་བསམ་པ་དང་ལྡན་པ་ཡིན་མོད་ཀྱི། སྦྱོར་བ་དང་རྗེས་ཀྱི་དུས་ན་འཁོར་བར་གཏོགས་པའི་བརྩེ་བའི་བསམ་པ་ཅན་ཡིན་པས་འགྲོ་བ་མགོན་མེད་ལ་སྙིང་རྗེ་ཆེན་པོ་ཡང་སྐྱེད་པར་བྱེད་དོ། །གསུམ་པ་ནི། དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །སེམས་དཔའ་ས་དྲུག་པ་དེའི་གོང་རོལ་བདུན་པ་ལ་སོགས་པར་བདེར་གཤེགས་གསུང་སྐྱེས་ཉན་ཐོས་དང༌། སངས་རྒྱས་འབྲིང་བཅས་ནི་རང་རྒྱལ་ཏེ་མ་ལུས་པ་རྣམས་བློ་ཤེས་རབ་ཀྱི་སྟོབས་ཀྱིས་ཕམ་པར་བྱེད་པའང་ཡིན་ནོ། །བཞི་པ་ནི། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡིས། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །སེམས་དཔའ་དེ་ཀུན་རྫོབ་ཀྱི་སྦྱིན་སོགས་སྔར་ལས་ཆེས་ལྷག་པར་འབར་བ་དང༌། དེ་ཁོ་ན་ཉིད་དོན་དམ་བདེན་པ་རྟོགས་པའི་གཤོག་ཡངས་རང་དོན་གྱི་དྲི་མ་མེད་པས་དཀར་པོ་རྒྱས་པར་གྱུར་པའི་ངང་པའི་རྒྱལ་པོ་སེམས་དཔའ་ས་དྲུག་པ་བ་དེ་ནི་རང་གི་གདུལ་བྱ་སྐྱེ་བོའི་ངང་པ་ཡོན་ཏན་ཅན་དུ་མ་ཡིས་མདུན་དུ་བདར་ནས་ཚོགས་གཉིས་ཀྱི་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས་རྒྱལ་བའི་ཡོན་ཏན་ཟད་མི་ཤེས་ཤིང་གཏིང་མི་དཔོགས་པའི་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ་བར་བྱེད་དོ། །འདིར་སྨྲས་པ། དཔྱོད་དང་དངོས་པོ་ཀུན་གྱི་དེ་ཉིད་ལ། །ཅི་ཡང་མཐོང་དང་རྟོགས་བྱར་མ་རྙེད་ཅིང༌། །བློ་ཡང་དེ་ལྟར་ཤེས་དང་རིག་པ་ཡི། །ངོ་བོ་ཉིད་ཀྱིས་རྣམ་པར་དབེན་པ་ན། །མཉམ་པར་བཞག་པས་ཤེར་ཕྱིན་རྫོགས་པར་འགྱུར། །གལ་ཏེ་མཉམ་གཞག་དེ་ལས་ལྡང་བའི་རྗེས། །བལྟོས་བཞག་རྒྱུ་རྐྱེན་ཙམ་ཞིག་དེ་འཛིན་གྱི། །ཤེས་པ་དེ་ལ་སྣང་བར་གྱུར་ན་ཡང༌། །རྟོག་དང་རྟོག་མེད་ཤེས་པས་སྣང་བ་དེའི། །ཡོད་མེད་འཁོར་འདས་ལ་སོགས་དོན་བྱེད་པར། །དེ་དེར་གྲུབ་པའི་གཟུང་འཛིན་(༣༥༣ན)


K800_Page_719
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ་ཀྱང༌། །གཟུང་འཛིན་གྱིས་སྤྲོས་འཁྲུལ་པའི་འགྲོ་བ་ལ། །སྣང་ཙམ་ཆོས་འདི་འཁོར་འདས་སྤྲོས་ཚོགས་ཀྱི། །ཇི་ལྟར་གཟུང་འཛིན་ཆ་ཀུན་བདེན་མིན་པའི། །རྒྱུ་མཚན་ལེགས་པར་བསྟན་ནས་སྣང་ཙམ་ཡང༌། །བལྟོས་ནས་བཞག་ཕྱིར་རང་ངོས་སྟོང་པ་ལས། །སྣང་ཙམ་འགགས་མི་རུང་བར་རྣམ་ཀུན་ཏུ། །ཡོད་པར་འདོད་པ་འདི་ཡང་སྤྲོས་ཆོས་ཀྱི། །ལྷག་མ་ཅུང་ཟད་ཙམ་ལ་ཞེན་གྱུར་པས། །དབུ་མའི་ཚུལ་མཆོག་ཡོངས་སུ་ག་ལ་རྫོགས། །ཞེས་སྨྲས་སོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་དྲུག་པའོ། །དབུ་མ་ལ་འཇུག་པ་ལས། མངོན་དུ་གྱུར་པ་ཞེས་བྱ་བའི་སེམས་བསྐྱེད་པ་དྲུག་པའི་རྣམ་པར་བཤད་པའོ།། །།


previousསྟོང་ཉིད་བཅུ་དྲུག་གི་སྒོ་ནས་བཤད་པ།next