Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  expand section
   
   
སེམས་བསྐྱེད་བརྒྱད་པ་མི་གཡོ་བ།
   
   
   
   
   
   


 
previousསེམས་བསྐྱེད་བརྒྱད་པ་མི་གཡོ་བ།next

སེམས་བསྐྱེད་བརྒྱད་པ་མི་གཡོ་བ།


K800_Page_723
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་ལ། སའི་ངོ་བོ་མདོར་བསྟན་པ་དང༌། ཡོན་ཏན་རྒྱས་པར་བཤད་པ་གཉིས། དང་པོ་ནི། ཡང་ཡང་སྔར་དགེ་ལས་ལྷག་ཐོབ་བྱའི་ཕྱིར། །གང་དུ་ཕྱིར་མི་ལྡོག་པ་ཉིད་འགྱུར་བ། །མི་གཡོ་དེ་ལ་བདག་ཉིད་ཆེ་དེ་འཇུག །ས་བརྒྱད་པའི་སེམས་དཔའ་དེ་ནི་སྔར་ས་བདུན་པ་མན་ཆད་ཀྱི་ཚོགས་གཉིས་ཀྱི་དགེ་བ་ལས་ལྷག་པ་སྟེ་ཆེས་ཕུལ་དུ་བྱུང་བ་ཐོབ་པ་ནི། ས་གང་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་སངས་རྒྱས་ཀྱི་ཡེ་ཤེས་ལས་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་བ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ་དེ་ལ་བདག་ཉིད་ཆེན་པོ་འཇུག་པར་འགྱུར་རོ། །དེ་ལ་ཡང་ནས་ཡང་དུ་སྔར་གྱི་དགེ་བ་ལས་ལྷག་པ་ཐོབ་པར་བྱ་བའི་ཕྱིར། རྒྱ་མཚོར་འགྲོ་བའི་གྲུ་ཆེན། རྒྱ་མཚོ་དང་མ་ཕྲད་ན་ཆེད་དུ་བསྐྱོད་ནས་འགྲོ་ལ། ཕྲད་མ་ཐག་རླུང་ཆེན་པོས་བསྐྱོད་ནས་ཆེད་དུ་བསྐྱོད་མི་དགོས་པར། དེ་རྒྱ་མཚོ་ཆེན་པོ་ལ་ཉིན་གཅིག་གིས་ཆོད་པ་དེ་ནི་སྔོན་ཆེད་དུ་བསྐྱོད་པས་ལོ་བརྒྱར་ཡང་དེ་སྲིད་དུ་འགྲོ་མི་ནུས་པ་བཞིན་ས་བརྒྱད་པ་ཕྱིན་ནས་ལྷུན་གྲུབ་ཡེ་ཤེས་ཀྱིས་ཡུད་ཙམ་གཅིག་གིས་སངས་རྒྱས་ཀྱི་སར་བགྲོད་པའི་དགེ་བ་དེ་ནི། སྔོན་མ་དག་པ་ས་བདུན་དུ་བསྐལ་པ་འབུམ་དུ་བསགས་པའི་དགེ་(༣༥༤བ)


K800_Page_724
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཀྱང་ས་ལམ་བགྲོད་པའི་སྟོབས་མི་སྙོམས་པར་མདོར་བཤད་ཅིང༌། དེས་ན་ལམ་ལ་འཇུག་པ་ན་རྩོལ་བ་ཡོད་མེད་ཀྱི་བྱེ་བྲག་གིས་ལམ་བགྲོད་པ་མྱུར་བུལ་ཡོན་ཏན་ཚུལ་ཤིན་ཏུ་ཁྱད་ཆེའོ། །གཉིས་པ་ལ། ཕར་ཕྱིན་དང་ཡོངས་འཛིན་གྱི་ཡོན་ཏན། སྲིད་གསུམ་བླ་མར་གྱུར་ཀྱང་སངས་རྒྱས་ཀྱི་ཡོན་ཏན་སྒྲུབ་ཚུལ། འཁོར་བ་འགགས་ཀྱང་དབང་བཅུས་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱེད་ཚུལ་དང་གསུམ། དང་པོ་ནི། འདི་ཡི་སྨོན་ལམ་ཤིན་ཏུ་དག་འགྱུར་ཞིང༌། །རྒྱལ་བ་རྣམས་ཀྱིས་འགོག་ལས་སློང་བར་མཛད། །སེམས་དཔའ་འདིས་སེམས་དང་པོ་བསྐྱེད་པའི་སྨོན་ལམ་གྲངས་མེད་བཅུ་བཏབ་པ་གང་དེ་སྐབས་འདིར་ཤིན་ཏུ་དག་པར་འགྱུར་བས་སྨོན་ལམ་གྱི་ཕར་ཕྱིན་གྱིས་ཆེས་ལྷག་ཅིང་ས་འདིར་རྒྱལ་སྲས་གཞོན་ནུའི་སར་བཞག་སྟེ། དགུ་པར་རྒྱལ་ཚབ་ཐོབ་ལ། བཅུ་པར་འཁོར་ལོས་སྒྱུར་བ་ལྟར་རྒྱལ་བ་རྣམས་ཀྱིས་དབང་བསྐུར་རོ། །ས་འདིར་ཉོན་མོངས་པ་དང་མཚན་འཛིན་མ་ལུས་པ་སྤངས་པས་ཆོས་དབྱིངས་ལ་འབད་མེད་དུ་འཇུག་པའི་ཕྱིར་འགོག་སྙོམས་ལས་མི་ལྡང་བ་ལ། དེར་དུས་མིན་པར་གཞན་དོན་རྒྱུན་ཆད་ནས་མྱང་འདས་ལ་འཇུག་པ་འགགས་པའི་ཆེད་དུ་རྒྱལ་བ་རྣམས་ཀྱིས་དེ་ལས་བསྐུལ་བ་ནི། ངེད་ཀྱི་ཡེ་ཤེས་སྟོབས་དང་སངས་རྒྱས་ཆོས་རྣམས་ཀྱི། །དེ་དག་ཁྱོད་ལ་མེད་ཀྱིས་དེ་ལ་བརྩོན་འགྲུས་རྩོམས། །ཞེས་སོགས་ཀྱིས་འགོག་པ་ལས་སློང་བར་མཛད་དེ། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་སྒྲུབ་ཏུ་འཇུག་པར་བྱེད་པའི་ཕྱིར། འདིའི་མྱང་འདས་དེ་མྱང་འདས་གང་ལ་འཇོག་སྙམས་ན། ཉི་སྣང་ལས། འོ་ན་དེའི་མྱ་ངན་ལས་འདས་པ་དེ་ནི་ཉན་ཐོས་ཀྱི་མྱང་འདས་ནི་མ་ཡིན་ཏེ། དེའི་ཡིད་ལ་བྱེད་པ་ནི་སེམས་བསྐྱེད་པ་ནས་བརྩམས་ཏེ་རིང་དུ་སྤོང་བའི་ཕྱིར། སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་(༣༥༥ན)


K800_Page_725
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན་ཏེ། སྒོམ་པས་སྤང་བར་བྱ་བ་མ་སྤངས་པའི་ཕྱིར། དེས་ན་གང་ཞིག་ཡིན་ཅེ་ན། སྤྱིར་མྱང་འདས་ལ་རྩེ་མོ་ཐོབ་ནས་དགེ་རྩ་ཆད་པ་ལས་མྱ་ངན་ལས་འདས་པ་དང༌། བཟོད་པ་ཐོབ་ནས་ངན་འགྲོའི་མྱ་ངན་ལས་འདས་པ་དང༌། བསམ་གཏན་ཐོབ་ནས་དེའི་ཡན་ལག་གི་མྱ་ངན་ལས་འདས་པ་དང༌། རྒྱུན་དུ་ཞུགས་པ་ན་སྲིད་པ་བརྒྱད་པ་མྱ་ངན་ལས་འདས་པ་དང༌། ཕྱིར་འོང་ལ་འདོད་པའི་སྲིད་པ་གཉིས་ལས་མྱ་ངན་ལས་འདས་པ་དང༌། ཕྱིར་མི་འོང་ལ་འདོད་ཁམས་ཀྱི་མྱ་ངན་ལས་འདས་པ་དང༌། དགྲ་བཅོམ་རྣམས་ལ་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་དང༌། དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་དང་རྣམ་པ་བརྒྱད་ཡོད་པ་ལས། ཕྱི་མ་སྟེ་རེ་ཞིག་གཞན་དོན་རྒྱུན་ཆད་པ་ལ་དགོངས་ནས་མྱང་འདས་སུ་བཞག་གོ། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ནི། ཆགས་པ་མེད་པའི་བློ་ནི་སྐྱོན་རྣམས་དག་དང་ལྷན་ཅིག་མི་གནས་ཕྱིར། །ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་འགྱུར་ཞིང༌། །ཉོན་མོངས་ཟད་ཅིང་ས་གསུམ་བླ་མར་གྱུར་ཀྱང་སངས་རྒྱས་རྣམས་ཀྱི་ནི། །འབྱོར་པ་མཁའ་ལྟར་མཐའ་བྲལ་མ་ལུས་འཐོབ་པར་ནུས་མ་ཡིན། །ས་བརྒྱད་པ་ལ་ཁམས་གསུམ་འཁོར་བར་སྐྱེ་བའི་རྒྱུར་གྱུར་གྱི་དྲི་མ་དེ་དག་རྩ་བ་དང་བཅས་པ་ཉེར་ཞིར་འགྱུར་ཞིང་སྟེ། སྣང་མུན་ལྷན་ཅིག་མི་གནས་པ་ལྟར་མི་རྟོག་ཡེ་ཤེས་ཀྱི་ཉི་མ་ཤར་བས་གང་ལའང་ཆགས་པ་མེད་པའི་བློ་ནི་མུན་པ་ལྟ་བུའི་སྐྱོན་ཉོན་མོངས་རྣམས་དང་ལྷན་ཅིག་མི་གནས་པའི་ཕྱིར། ཉོན་མོངས་མ་ལུས་ཟད་ཅིང་ཁམས་གསུམ་ལ་ཆགས་པ་དང་བྲལ་བས་དེ་དག་གི་བླ་མར་གྱུར་ཀྱང་སྐབས་དེར་སངས་རྒྱས་རྣམས་ཀྱི་ནི་ཡོན་ཏན་གྱི་འབྱོར་པ་མཁའ་ལྟར་མཐའ་བྲལ་མ་ལུས་ཐོབ་པར་ནུས་པ་མ་ཡིན་པས་དེ་ཐོབ་ཆེད་བསྒྲིམ་པར་བྱ་དགོས་སོ། །གསུམ་པ་ནི། འཁོར་བ་འགགས་ཀྱང་དབང་རྣམས་བཅུ་པོ་ཐོབ་པར་འགྱུར་ཞིང་དེ་དག་གིས།།སྲིད་པའི་འགྲོ་བར་རང་གི་བདག་ཉིད་སྣ་ཚོགས་སྟོན་པར་བྱེད་པར་འགྱུར།།ས་འདིར་ཉོན་མོངས་མ་ལུས་པ་སྤངས་ནས་སངས་རྒྱས་ཀྱི་ཆོས་ཇི་ལྟར་རྫོགས་པར་བྱེད་ཅེ་ན། འདིར་ཟག་པ་དང་བཅས་མ་བཅས་ཀྱི་དགེ་མི་དགེའི་ལས་(༣༥༥བ)


K800_Page_726
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་འགགས་ཀྱང༌། དབང་རྣམ་པ་བཅུ་པོ་ཐོབ་པར་གྱུར་ཅིང་དེ་དག་གི་དབང་གིས་སྲིད་པའི་འགྲོ་བར་གཞན་དོན་དུ་ཡིད་ཀྱི་རང་བཞིན་འདོད་དགུར་བསྒྱུར་བ་ལ་མངའ་བརྙེས་པས་གཞན་ལ་རག་མ་ལུས་པར་འཁོར་བར་སེམས་དཔའ་རང་གི་བདག་ཉིད་དེ་འགྲོ་བ་རིགས་དྲུག་གི་འཁོར་བའི་ལུས་དང་དག་པའི་འཇིག་རྟེན་ན་ཡོད་པའི་མྱང་འདས་ཀྱི་ལུས་སྣ་ཚོགས་པ་སྤྲུལ་པའམ་མ་སྤྲུལ་པ་རང་རྒྱུད་པར་ཡང་སྟོན་པར་བྱེད་པར་འགྱུར་བས་བསགས་སྦྱངས་མཐར་ཕྱིན་པར་བྱེད་དོ། །འདིར་ཡིད་ཀྱི་ལུས་ནི་བོད་གང་དག་བེམ་པོའི་ལུས་མིན་པར་ཤེས་པའི་ལུས་ཕྲ་ཞིང་ཡིད་དུ་འོང་བ་ཞིག་ཡིན་པར་སློབ་དཔོན་ཟླ་གྲགས་བཞེད་དོ་ཞེས་ཟེར་བ་ནི་སློབ་དཔོན་འདིས་རྣམ་རིག་པའི་ལུགས་ཐ་སྙད་མ་དཔྱད་པའི་སྐབས་སུ་ཡང་མི་འཐད་པར་བཀག་ན། གཞུང་འདིའི་ཐད་དུ་ལུས་དང་དབང་པོ་ཤེས་པར་འདོད་པ་རྣམ་རིག་པའི་རྗེས་སུ་འབྲངས་ཏེ་འཆད་པར་བྱེད་དོ་སྙམ་པ་དེ་ལ་མིག་དང་སྙིང་དུ་གྱུར་པ་ཡོད་དམ། དབང་བཅུ་ནི། བསྐལ་པ་བརྗོད་མེད་ཀྱི་བརྗོད་མེད་དུ་ཚེ་བྱིན་གྱིས་རློབ་པས་ཚེ་ལ་དབང་བ་དང༌། ཏིང་འཛིན་གྱི་སྒོ་དཔག་མེད་ལ་འཇུག་པས་སེམས་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་བཀོད་དུ་མས་བརྒྱན་པར་བྱིན་གྱིས་བརླབས་ཏེ་ཀུན་ཏུ་སྟོན་པས་ཡོ་བྱད་ལ་དབང་བ་དང༌། སེམས་དཔའ་རང་གི་ལས་གང་བསགས་པའི་བྱིན་རླབས་ཀྱིས་གདུལ་བྱ་དང་འཚམས་པར་དུས་ཇི་ལྟ་བ་བཞིན་དུ་ལས་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་རྣམས་སུ་གདུལ་བྱ་དང་འཚམས་པར་སྐྱེ་བ་ཀུན་ཏུ་སྟོན་པས་སྐྱེ་བ་ལ་དབང་བ་དང༌། སངས་རྒྱས་ཀྱི་ཞིང་དང་དུས་གང་དུ་ཅི་དགའ་བར་བདག་ཉིད་སངས་རྒྱས་པར་ཀུན་ཏུ་(༣༥༦ན)


K800_Page_727
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པས་སྨོན་ལམ་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་རབ་ཏུ་གང་བར་ཀུན་ཏུ་སྟོན་པས་མོས་པ་ལ་དབང་བ་དང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཀུན་ཏུ་སྟོན་པས་རྫུ་འཕྲུལ་ལ་དབང་བ་དང༌། དེ་བཞིན་གཤེགས་པའི་སྟོབས་སོགས་སངས་རྒྱས་ཀྱི་ཆོས་ཀུན་ཏུ་སྟོན་པས་ཡེ་ཤེས་ལ་དབང་བ་དང༌། མཐའ་དབུས་མེད་པའི་ཆོས་ཀྱི་སྒོ་སྣང་བས་ཆོས་ལ་དབང་བ་རྣམས་སོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་བརྒྱད་པའོ། །དབུ་མ་ལ་འཇུག་པ་ལས། མི་གཡོ་བ་ཞེས་བྱ་བའི་སེམས་བསྐྱེད་པ་བརྒྱད་པའི་བཤད་པའོ།། །།


previousསེམས་བསྐྱེད་བརྒྱད་པ་མི་གཡོ་བ།next