Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  expand section
   
   
   
   
སེམས་བསྐྱེད་བཅུ་པ་ཆོས་ཀྱི་སྤྲིན།
   
   
   
   


 
previousསེམས་བསྐྱེད་བཅུ་པ་ཆོས་ཀྱི་སྤྲིན།next

སེམས་བསྐྱེད་བཅུ་པ་ཆོས་ཀྱི་སྤྲིན།


K800_Page_729
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ་ནི། བཅུ་པའི་ས་ལ་དེ་ཡིས་ཀུན་ནས་སངས་རྒྱས་རྣམས་ལས་དབང་བསྐུར་བ། །དམ་པ་འཐོབ་ཅིང་ཡེ་ཤེས་ལྷག་པར་མཆོག་ཏུ་བྱུང་བར་གྱུར་པའང་ཡིན། །ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟར་དེ་བཞིན་འགྲོ་རྣམས་ཀྱི། །དགེ་བའི་ལོ་ཏོག་ཆེད་དུ་རྒྱལ་སྲས་ལས་ཀྱང་ལྷུན་གྲུབ་ཆོས་ཆར་འབབ། །སེམས་དཔའ་བཅུ་པའི་ས་ཆོས་ཀྱི་སྤྲིན་ལ་གནས་པའི་སེམས་དཔའ་དེ་ཡིས་ཕྱོགས་བཅུ་ཀུན་ནས་སངས་རྒྱས་རྣམས་ལས་འོད་ཟེར་ཆེན་པོའི་(༣༥༦བ)


K800_Page_730
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ་དམ་པ་ཐོབ་ཅིང་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་འགྱུར་རོ། །མདོ་ལས། དེ་ལ་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་ཇི་སྙེད་པའི་ཏིང་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་མངོན་དུ་གྱུར་ཏེ། དེ་མངོན་དུ་གྱུར་མ་ཐག་ཏུ་སྟོང་གསུམ་ཕྲག་བཅུའམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་རིན་པོ་ཆེའི་པདྨ་རིན་པོ་ཆེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་སྤྲས་པ་ཞེས་བྱ་བ་ནས་རྒྱས་པར་སྟོང་གསུམ་འབུམ་ཕྲག་བཅུར་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་པདྨའི་འཁོར་དང་ལྡན་པ་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱང་དེ་དང་འཚམས་ཤིང་དེའི་རྐྱེན་དུ་བབ་པར་གནས་སོ། ། དེ་ཏིང་ངེ་འཛིན་དེ་ཐོབ་མ་ཐག་པདྨ་དེ་ལ་འདུག་པར་ཀུན་ཏུ་སྣང་ངོ༌། །དེ་དེ་ལ་འདུག་པ་དང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་ཀུན་ནས་གདན་འཛོམ་པ་རྣམས་ཀྱི་མཛོད་སྤུ་ནས་འོད་ཟེར་དག་བྱུང་ནས་བྱང་ཆུབ་སེམས་དཔའ་དེ་ལ་དབང་བསྐུར་བར་མཛད་དོ། །ཞེས་པའི་བར་དུ་གསུངས་པ་ལྟ་བུའོ། །དེ་ཚེ་ས་འདིར་ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པར་མཆོག་ཏུ་བྱུང་བར་འགྱུར་བའང་ཡིན་ལ། ཆར་སྤྲིན་རྣམས་ལས་ཆུ་ཆར་ཚད་མེད་འབབ་པ་ཇི་ལྟར་དེ་བཞིན་འགྲོ་བ་རྣམས་ཀྱི་དགེ་བའི་ལོ་ཏོག་སྤེལ་བའི་ཆེད་དུ་རྒྱལ་སྲས་དེ་ལས་ཀྱང་ལྷུན་གྱིས་གྲུབ་པར་དམ་ཆོས་ཆར་འབབ་པར་འགྱུར་བས་ས་དེ་ནི་ཆོས་ཀྱི་སྤྲིན་ཞེས་བརྗོད་དོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་བཅུ་པའོ། །དབུ་མ་ལ་འཇུག་པ་ལས་ཆོས་ཀྱི་སྤྲིན་ཞེས་བྱ་བའི་སེམས་བསྐྱེད་པ་བཅུ་པའི་བཤད་པའོ།། །།


previousསེམས་བསྐྱེད་བཅུ་པ་ཆོས་ཀྱི་སྤྲིན།next