Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  expand section
   
   
   
   
   
སའི་ཡོན་ཏན་བཤད་པ།
   
   
   


 
previousསའི་ཡོན་ཏན་བཤད་པ།next

སའི་ཡོན་ཏན་བཤད་པ།


K800_Page_731
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། ས་དང་པོ་དང༌། གཉིས་པ་དང༌། (༣༥༧ན)


K800_Page_732
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་སོགས་དང༌། བརྒྱད་པ་དང༌། དགུ་པ་དང༌། བཅུ་པའི་ཡོན་ཏན་བཤད་པ་དྲུག་གི། དང་པོ་ནི། དེ་ཚེ་འདིས་ནི་སངས་རྒྱས་བརྒྱ་མཐོང་ཞིང༌། །དེ་དག་བྱིན་གྱིས་བརླབས་ཀྱང་འདི་ཡིས་རྟོགས། །དེ་ཉིད་ཚེ་ན་བསྐལ་པ་བརྒྱར་གནས་ཤིང༌། །སྔོན་དང་ཕྱི་མའི་མཐར་ཡང་ཡང་དག་འཇུག །བློ་ལྡན་ཏིང་འཛིན་བརྒྱ་ཕྲག་སྙོམས་པར་འཇུག་ཅིང་གཏོང་བྱེད་དེ། །འཇིག་རྟེན་ཁམས་བརྒྱ་འདི་ཡིས་ཀུན་ནས་གཡོ་ཞིང་སྣང་བར་ནུས། །དེ་བཞིན་རྫུ་འཕྲུལ་གྱིས་དེས་སེམས་ཅན་བརྒྱ་ཕྲག་སྨིན་བྱེད་ཅིང༌། །བརྒྱ་ཕྲག་གྲངས་དང་རྗེས་འབྲེལ་ཞིང་དག་ཏུ་ཡང་འགྲོ་བར་འགྱུར། །དེས་ནི་ཆོས་ཀྱི་སྒོ་རྣམས་ཡང་དག་འབྱེད་བྱེད་ཐུབ་དབང་སྲས། །རང་གི་ལུས་ལ་ལུས་རྣམས་ཀུན་ནས་སྟོན་པར་བྱེད་པའང་ཡིན། །རང་གི་འཁོར་དང་བཅས་པས་མཛེས་འབྱོར་ལུས་ནི་རེ་རེ་ཞིང༌། །རྒྱལ་བའི་སྲས་པོ་བརྒྱ་ཕྲག་དག་དང་རྗེས་སུ་འབྲེལ་བའང་སྟོན། །ས་དང་པོ་ཐོབ་པ་དེའི་ཚེ་རྒྱལ་སྲས་འདིས་ནི་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་སངས་རྒྱས་བརྒྱ་མཐོང་ཞིང༌། སངས་རྒྱས་དེ་དག་གིས་བྱིན་གྱིས་བརླབས་ཀྱང་འདི་ཡིས་རྟོགས་པ་དང༌། དེ་ཉིད་ཚེ་ན་བསྐལ་པ་བརྒྱར་གནས་ཤིང༌། བསྐལ་པ་དེ་སྙེད་ཀྱི་སྔོན་དང་ཕྱི་མའི་བསྐལ་པ་བརྒྱའི་མཐར་ཡང་ཡེ་ཤེས་ཀྱིས་གཟིགས་པ་ཡང་དག་པར་འཇུག་པ་དང༌། བློ་ལྡན་སེམས་དཔའ་སྐད་ཅིག་དེར་ཏིང་ངེ་འཛིན་བརྒྱ་ཕྲག་ལ་སྙོམས་པར་འཇུག་ཅིང་གཏོང་བ་སྟེ་ལྡང་བར་ཡང་བྱེད་དོ། །འཇིག་རྟེན་གྱི་ཁམས་བརྒྱ་སེམས་དཔའ་འདི་ཡིས་ཀུན་ནས་གཡོ་ཞིང་བརྒྱ་སྣང་བར་ཡང་ནུས་ལ། དེ་བཞིན་རྫུ་འཕྲུལ་གྱིས་སེམས་ཅན་བརྒྱ་ཕྲག་སྨིན་པར་བྱེད་ཅིང༌། བརྒྱ་ཕྲག་གྲངས་དང་རྗེས་འབྲེལ་གྱི་ཞིང་དག་ཏུ་ཡང་འགྲོ་བར་འགྱུར་ལ། སེམས་དཔའ་དེས་ནི་ཆོས་ཀྱི་སྒོ་བརྒྱ་རྣམས་ཡང་དག་པར་འབྱེད་པར་བྱེད་ཅིང༌། ཐུབ་དབང་སྲས་དེའི་རང་གི་ལུས་ལ་བྱང་ཆུབ་སེམས་དཔའི་ལུས་བརྒྱ་ཕྲག་གཅིག་རྣམས་ཀུན་ནས་སྟོན་པར་བྱེད་པ་ཡང་ཡིན་ལ། རང་གི་འཁོར་དང་བཅས་པས་མཛེས་ཤིང་འབྱོར་པའི་ལུས་ནི་རེ་རེ་ཞིང་འཁོར་གྱི་གྲངས་རྒྱལ་བའི་སྲས་པོ་བརྒྱ་ཕྲག་དག་དང་རྗེས་སུ་འབྲེལ་བའང་སྟོན་པར་བྱེད་དོ། །མདོ་ལས། ས་དང་པོ་ཐོབ་པ་དེ་རབ་ཏུ་བྱུང་ནས་ཞེས་པའི་རབ་བྱུང་ཁ་ཅིག་ཁྱིམ་པ་དང་རབ་བྱུང་གི་ཟླས་དབྱེའི་རབ་བྱུང་ལ་འཆད་པ་དང༌། ཁ་ཅིག་འཇིག་རྟེན་གྱི་ས་ལས་རབ་ཏུ་བྱུང་བ་སྟེ་འཇིག་རྟེན་ལས་འདས་པའི་ངེས་པར་འབྱུང་བའི་ས་དང་པོར་ཞུགས་ཙམ་ལ་འཆད་ལ། ཡོན་ཏན་(༣༥༧བ)


K800_Page_733
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དེ་ཐམས་ཅད་ལ་བརྒྱའི་གྲངས་དེས་ཀྱང་ས་དེར་ངེས་པར་འབྱུང་ཙམ་གྱི་ཡོན་ཏན་ལ་དེ་སྙེད་དུ་བརྗོད་ཀྱི། ཐབས་མཁས་ཉིད་ཀྱིས་ནི་གྲངས་མེད་པར་ཡང་ཡོད་དོ། །ཞེས་ཟེར་རོ། །གཉིས་པ་ནི། བློ་ལྡན་རབ་ཏུ་དགའ་བར་གནས་པས་ཡོན་ཏན་དེ་དག་ནི། །ཐོབ་པར་གྱུར་ནས་དེ་བཞིན་ཁོ་ནར་དྲི་མ་མེད་གནས་པས། །དེ་དག་སྟོང་ནི་ཡང་དག་འཐོབ་པར་འགྱུར་ཏེ་ས། སེམས་དཔའ་བློ་ལྡན་རབ་ཏུ་དགའ་བ་ལ་གནས་པས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་དག་ནི་ཐོབ་པར་གྱུར་ནས་དེ་བཞིན་ཁོ་ནར་ས་གཉིས་པ་དྲི་མ་མེད་པ་ལ་གནས་པས་ཡོན་ཏན་དེ་དག་སྟོང་ཕྲག་བཅུ་གཉིས་ནི་ཡང་དག་འཐོབ་པར་འགྱུར་ཏེ། ཡོན་ཏན་གོང་དུ་ཆེས་ཆེར་འགྲོ་བའི་ཕྱིར། གསུམ་པ་ནི། ལྔ་པོ། །འདི་དག་རྣམས་ལ་བྱང་ཆུབ་སེམས་དཔའ་ཡིས་ནི་འབུམ་ཕྲག་དང༌། །བྱེ་བ་ཕྲག་བརྒྱ་འཐོབ་ཅིང་དེ་ཡིས་བྱེ་བ་སྟོང་འགྱུར་འཐོབ། །དེ་ནས་བྱེ་བ་བརྒྱ་ཕྲག་སྟོང་འགྱུར་ཡང་འཐོབ་བྱེ་བ་ཕྲག །ཁྲག་ཁྲིག་ཕྲག་བརྒྱར་རྫོགས་པར་བ1བ་དང་སླར་ཡང་སྟོང་ཕྲག་ཏུ། །ཡང་དག་པར་ནི་བ+ར་བ་མཐའ་དག་རབ་ཏུ་འཐོབ་པར་འགྱུར། །ས་ལྔ་པོ་འདི་དག་རྣམས་ལ་བྱང་ཆུབ་སེམས་དཔའ་ཡིས་ནི་ཡོན་ཏན་གྱི་འགྱུར་གང་དུ་བརྩིས་པའི་གསུམ་པ་ལ་ཡོན་ཏན་འབུམ་ཕྲག་དང༌། བཞི་པ་ལ་བྱེ་བ་ཕྲག་བརྒྱ་ཐོབ་ཅིང༌། ལྔ་པ་ལ་སེམས་དཔའ་དེ་ཡིས་བྱེ་བ་སྟོང་འགྱུར་ཐོབ་པ། དེ་ནས་དྲུག་པ་ལ་བྱེ་བ་བརྒྱ་ཕྲག་སྟོང་འགྱུར་ཏེ་བྱེ་བ་འབུམ་ཡང་ཐོབ་ཅིང༌། བདུན་པ་ལ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱར་རྫོགས་པར་བསྒྱུར་བ་དང༌། སླར་ཡང་སྟོང་ཕྲག་ཏུ་ཡང་དག་པར་ནི་བསྒྱུར་བ་མཐའ་དག་སྟེ་ཡོན་ཏན་དེ་དག་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་རབ་ཏུ་འཐོབ་པར་འགྱུར་རོ། །བཞི་པ་ནི། མི་གཡོའི་སར་གནས་རྣམ་རྟོག་མེད་པ་དེས། །སྟོང་གསུམ་བརྒྱ་ཕྲག་སྟོང་བསྡོམས་འཇིག་རྟེན་ན། །རྡུལ་ཚད་ཇི་སྙེད་ཡོད་པ་དེ་རྣམས་དང༌། །གྲངས་མཉམ་ཡོན་ཏན་དག་ནི་འཐོབ་པར་འགྱུར། །དེ་ཡན་ཆད་ལ་ཡོན་ཏན་གྲངས་ཀྱིས་བགྲང་བར་མི་ནུས་ཤིང༌། རྡུལ་ཕྲ་རབ་ཀྱིས་བགྲང་བར་བཤད་པས་སེམས་བསྐྱེད་པ་མི་གཡོ་བའི་སར་གནས་པ་རྣམ་རྟོག་མེད་པ་དེས་ནི་སྟོང་གསུམ་བརྒྱ་ཕྲག་སྟོང་བསྡོམས་པ་སྟེ། སྟོང་གསུམ་འབུམ་གྱི་འཇིག་རྟེན་ན་རྡུལ་ཕྲ་རབ་ཀྱི་ཚད་ཇི་སྙེད་ཡོད་པ་དེ་རྣམས་དང་གྲངས་མཉམ་པའི་ཡོན་ཏན་དག་ནི་ཐོབ་པར་འགྱུར་རོ། །ལྔ་པ་ནི། ལེགས་པའི་བློ་གྲོས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དེས་སྔར་བསྟན་ཡོན་ཏན་དག །གྲངས་མེད་བརྒྱ་ཕྲག་སྟོང་དུ་ཡང་དག་པར། །བསྡོམས་པ་ཕྲག་བཅུའི་རྡུལ་ཚད་ཐོབ་པར་འགྱུར། །ལེགས་པའི་བློ་གྲོས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ནི་སྔར་བསྟན་པའི་ཡོན་ཏན་དག་སྟོང་གསུམ་གྲངས་མེད་བརྒྱ་ཕྲག་སྟོང་(༣༥༨ན)


K800_Page_734
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་དག་པར་བསྡོམས་པ་ཕྲག་བཅུ་སྟེ་སྟོང་གསུམ་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་ཚད་དང་མཉམ་པ་འཐོབ་པར་འགྱུར་རོ། །དྲུག་པ་ལ། སྔར་བསྟན་པའི་ཡོན་ཏན་གྱི་གྲངས་དང༌། ཡོན་ཏན་གཞན་ཡང་ཚད་མེད་པར་བསྟན་པ་གཉིས། དང་པོ་ནི། རེ་ཞིག་བཅུ་པ་འདིར་དེའི་ཡོན་ཏན་དག །ངག་གི་སྤྱོད་ཡུལ་ལས་ཆེས་འདས་འགྱུར་ཞིང༌། །ངག་གི་སྤྱོད་ཡུལ་མ་ཡིན་བསྡོམས་རྣམས་ན། །རྡུལ་དག་ཇི་སྙེད་ཡོད་པ་དེ་སྙེད་འགྱུར། །རེ་ཞིག་ས་བཅུ་པ་འདིར་རྒྱལ་སྲས་དེའི་ཡོན་ཏན་དག་ངག་གི་སྤྱོད་ཡུལ་ལས་ཆེས་འདས་པས་བརྗོད་དུ་མེད་པར་གྱུར་ཅིང་ངག་གི་སྤྱོད་ཡུལ་མ་ཡིན་གྱི། འོན་ཀྱང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བསྡོམས་པ་རྣམས་ན་རྡུལ་ཕྲ་རབ་དག་ཇི་སྙེད་ཡོད་པ་དེ་སྙེད་འཐོབ་པར་འགྱུར་རོ། །རེ་ཞིག་གི་སྒྲ་ནི་དེ་ཙམ་ཁོ་ནར་མ་ཟད་བརྗོད་བྱའི་གོ་རིམ་སྟོན་པར་བྱེད་དོ། །གཉིས་པ་ནི། བ་%འི་ཁུང་བུར་བྱང་ཆུབ་སེམས་རྣམས་དང༌། །ལྷན་ཅིག་རྫོགས་སངས་རྒྱས་སྐུ་བགྲང་འདས་དང༌། །དེ་བཞིན་ལྷ་དང་ལྷ་མིན་མི་དག་ཀྱང༌། །སྐད་ཅིག་སྐད་ཅིག་ལ་ནི་སྟོན་པར་ནུས། །རྒྱལ་སྲས་འདི་རྣམ་རྟོག་མེད་བཞིན་དུ་རང་གི་ལུས་ཀྱི་བ་སྤུའི་ཁུང་བུ་རེ་རེར་ཡང་བྱང་ཆུབ་སེམས་དཔའ་གཞལ་གྱིས་མི་ལང་བའི་འཁོར་རྣམས་དང་ལྷན་ཅིག་ཏུ་བཞུགས་པའི་རྫོགས་པའི་སངས་རྒྱས་ཀྱི་སྐུ་བགྲང་འདས་སྐད་ཅིག་སྐད་ཅིག་ལ་རྣམ་པ་གཞན་དང་གཞན་དུ་ཡང་སྟོན་ནུས་ལ། དེ་བཞིན་ལྷ་དང་ལྷ་མིན་མི་སོགས་འགྲོ་བ་ལྔའི་འཁོར་བ་པ་དག་ཀྱང་འདྲེས་པར་བ་སྤུའི་ཁུང་བུ་རེ་རེར་སྐད་ཅིག་སྐད་ཅིག་ལ་ནི་སྟོན་པར་ནུས་ཤིང༌། ཀྱང་སྒྲས་ནི་བརྒྱ་བྱིན་སོགས་དང་ཉན་རང་སོགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་དེའི་གཟུགས་སོགས་བཟུང་ནས་ལྷུན་གྱིས་གྲུབ་པའི་ཆོས་སྟོན་པར་ནུས་སོ། །


previousསའི་ཡོན་ཏན་བཤད་པ།next