Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
བརྩམས་པ་ཡོངས་སུ་རྫོགས་པའི་བྱ་བ།
   


 
previousབརྩམས་པ་ཡོངས་སུ་རྫོགས་པའི་བྱ་བ།next

བརྩམས་པ་ཡོངས་སུ་རྫོགས་པའི་བྱ་བ།


K800_Page_792
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ། ལུང་རིགས་མན་ངག་དང་ལྡན་པའི་བསྟན་བཅོས་ཐུན་མོང་མ་ཡིན་པར་བསྟན་པ་དང༌། དགོས་པ་གཞན་གྱིས་སྤངས་པའི་ཟབ་མོའི་དོན་བསྟན་པའི་ཕྱིར་བརྩམས་པ་དང༌། བརྩམས་པའི་དགེ་བ་གཞན་དོན་བྱང་ཆུབ་ཏུ་བསྔོ་བ་དང་གསུམ། དང་པོ་ནི། ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས། །དབུ་མའི་བསྟན་བཅོས་ལས་བཏུས་ནས། །ལུང་ཇི་བཞིན་དང་མན་ངག་ནི། །ཇི་ལྟ་བ་བཞིན་བརྗོད་པ་ཡིན། །འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ། །འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །བདེན་གཉིས་ཀྱི་དོན་འཁྲུལ་མེད་དུ་གསལ་(༣༨༦བ)


K800_Page_793
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ལུགས་འདི་གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ཟླ་གྲགས་ཀྱིས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་སོགས་ལས་དོན་བཏུས་ནས་རིགས་པ་དང་མཐུན་པར་སྨྲས་ཤིང༌། ས་བཅུ་པ་དང༌། ཤེར་ཕྱིན་དང༌། ལང་གཤེགས་དང༌། ཏིང་རྒྱལ་སོགས་ཟབ་རྒྱས་ཀྱི་ལུང་ཇི་ལྟ་བ་བཞིན་དང༌། ཁྱད་པར་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་ནི་ཇི་ལྟ་བ་བཞིན་བརྗོད་པ་ཡིན་ལ། ཇི་ལྟར་དབུ་མའི་བསྟན་བཅོས་འདི་ལས་གཞན་ན་སྟོང་པ་ཉིད་ཅེས་བྱ་བའི་ཆོས་འདི་ནི་ཕྱིན་ཅི་མ་ལོག་པར་སྟོན་པ་མེད་པ་དེ་བཞིན་དུ་བསྟན་བཅོས་འདིར་འབྱུང་བ་ཁོ་བོ་ཟླ་གྲགས་ཀྱི་ལུགས་བརྒལ་ལན་དང་བཅས་པར་བསྙད་པ་འདི་དག་ཀྱང་ཀླུ་སྒྲུབ་ཞབས་ཀྱིས་རྗེས་འབྲང་གི་བསྟན་བཅོས་གཞན་ན་ནི་མེད་དོ། །ཞེས་མཁས་པ་རྣམས་ཀྱིས་དེ་ལྟར་ངེས་པར་མཛོད་ལ་ཕྱིས་ཀྱང་དྲན་པ་དང་ཤེས་རབ་ཕུན་སུམ་ཚོགས་པས་ངེས་པར་མཛད་དུ་གསོལ། །དེ་ལྟར་ཚིགས་བཅད་དང་པོས་དངོས་སྨྲ་བས་སྟོང་ཉིད་མ་རྟོགས་ཤིང་དབུ་མ་པས་རྟོགས་པར་བསྟན་ནས་རང་རྒྱུད་པ་དབུ་མ་པར་བསྟན། ཚིགས་བཅད་ཕྱི་མས་རང་རྒྱུད་པ་ལས་སློབ་དཔོན་གྱི་ལུགས་འདི་ཁྱད་འཕགས་སུ་བསྟན་ཏོ། །དེ་ཡང་དབུ་མ་རང་རྒྱུད་པ་དག་བྱེ་མདོ་དག་གིས་དོན་དམ་པར་སྨྲས་པ་དང་དབུ་མ་པས་ཀུན་རྫོབ་ཏུ་བཞག་གོ་ཞེས་ཟེར་བ་དེས་ནི་དབུ་མའི་བསྟན་བཅོས་ཀྱི་དེ་ཉིད་མ་ཤེས་པ་སྟེ། འཇིག་རྟེན་ལས་འདས་པའི་ཆོས་ནི་འཇིག་རྟེན་པའི་ཆོས་སུ་མཚུངས་པར་མི་རིགས་པའི་ཕྱིར་ཏེ། མགོན་པོ་ཀླུ་སྒྲུབ་བཞེད་པའི་དོན་དམ་བདེན་པ་དེ་ལ་བསམས་ནས་ཁྱོད་དེ་སྐད་དུ་སྨྲ་ན་སྤྲོས་མེད་མ་འཁྲུལ་པ་སྤྲོས་པ་འཁྲུལ་པ་ཡིན་པར་སྨྲ་བ་ལས་ཉེས་པ་ཆེ་བ་ཅི་ཞིག་ཡོད། (༣༨༧ན)


K800_Page_794
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་པ་འདོད་པའི་རྡུལ་ཕྲ་རབ་ཆ་མེད་དང་སྐད་ཅིག་ཆ་མེད་དོན་དམ་པར་འདོད་པ་དེ་ཀུན་རྫོབ་བདེན་པར་འདོད་ན་ནི། དེ་དག་ནི་དེ་དག་གིས་ཀུན་ནས་བརྟགས་པ་ལོག་པའི་ཀུན་རྫོབ་ཉིད་ཡིན་པས་འཇིག་རྟེན་པས་ཀྱང་དེ་དག་བླང་དོར་གྱི་རྟེན་གྱི་ཀུན་རྫོབ་ཏུ་མི་འདོད་ན་དབུ་མ་པ་ཁྱོད་ཀྱིས་འདི་ཉིད་ཀུན་ཏུ་ཁས་ལེན་པ་ལས་ཉེས་པ་ཆེ་བ་ཅི་ཞིག་ཡོད་པའི་ཕྱིར་ཏེ། དེ་ལྟར་སྲིད་པའི་སྐབས་མེད་པའི་ཕྱིར། འདིས་ཁ་ཅིག་གྲགས་སྡེ་སྤྱོད་པའི་དབུ་མ་པ་ནི་ཀུན་རྫོབ་ཀྱི་རྣམ་གཞག་བྱེ་སྨྲ་དང་མཐུན་ཟེར་བ་དང༌། ཁ་ཅིག་ཀུན་རྫོབ་ཀྱི་འཇོག་ཚུལ་བྱེ་སྨྲ་དང་རྗེས་སུ་མཐུན་པའི་དབུ་མ་པ་མེད་ཟེར་བ་གཉིས་ཀ་བཀག་གོ། །རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞི་འཚོ་སོགས་ནི་སློབ་དཔོན་གྱིས་བསྟན་བཅོས་འདི་རྩོམ་པའི་དུས་ན་མེད་པས་དངོས་སུ་དགག་པ་མ་མཛད་ལ། ཤུགས་ཀྱིས་ནི་དེ་དག་གི་རྣམ་གཞག་ཀྱང་འདིས་དོན་གྱིས་དང་གོང་དུ་རྣམ་རིག་པ་དགག་པའི་སྐབས་སུ་བཀག་པར་ཤེས་པར་བྱས་ནས་ལུགས་དེའང་ཐལ་འགྱུར་བ་ལ་བལྟོས་ན་དབུ་མ་པའི་ལུགས་ཡོངས་སུ་མ་རྫོགས་པ་ཡིན་ནོ། །དེ་ལྟར་ན་དབུ་མ་པ་ལ་ཐ་སྙད་ཀུན་རྫོབ་འཇོག་ཚུལ་མི་འདྲ་བའི་སྒོ་ནས་བཞི་སྟེ། གྲུབ་མཐའ་སྨྲ་བ་གསུམ་དང་སྒོ་བསྟུན་པ་དང་གྲགས་སྡེ་སྤྱོད་པའོ། །ཇོ་ནང་པ་ཆེན་པོ་ན་རེ། ཐལ་རང་གཉིས་ཀ་དབུ་མ་མིན་པ་དང༌། དབུ་མ་ཡིན་ན་ཆོས་ཉིད་ཡིན་དགོས་པ་དང༌། ཐལ་རང་གཉིས་ཀ་འདུས་བྱས་ཡིན་པས་ཡོད་མཐར་ལྷུང་ངོ་ཞེས་ཟེར་བ་དེ་ནི། སངས་རྒྱས་ཀྱི་གྲུབ་མཐའ་སྨྲ་བ་བཞིའི་མཆོག་དབུ་མའི་བསྟན་པ་ལ་སྨོད་པར་མ་ཟད། རང་གིས་ལྟ་གྲུབ་ཁྱད་ཅན་བཞག་པར་རློམ་པ་དེ་དག་རང་གིས་སུན་འབྱིན་པ་སྟེ། དེ་ལྟར་ན་ཆོས་འཁོར་ཕྱི་མ་(༣༨༧བ)


K800_Page_795
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱུད་སྡེ་ཟབ་མོ་རྣམས་དང་བྱམས་ཆོས་ཐམས་ཅད་དང་ཐོགས་མེད་སྐུ་མཆེད་དང་ཕྱོགས་གླང་སོགས་ཀྱིས་མཛད་པའི་བསྟན་བཅོས་ཐམས་ཅད་ཀྱང་ཆོས་ཉིད་ཡིན་པར་འགྱུར་ཏེ། དབུ་མ་ཡིན་པའི་ཕྱིར། ཐལ་རང་གཉིས་ཀ་ཡོད་མཐར་ལྟུང་ན་དེ་དག་ཅང་མེད་པོ་དང་སྐུར་འདེབས་པོ་ཡིན་པར་སྨྲ་བ་དང་འགལ་བའི་ཕྱིར། ཡང་ཆོས་འཁོར་ཕྱི་མ་སོགས་ལའང་འདུས་བྱས་མ་བྱས་གཉིས་ཡོད་དོ་ཞེས་པས་ཉེས་པ་དེ་སྤོང་བར་བྱེད་སྙམ་ན་ནི་མིན་ཏེ། ཆོས་འཁོར་ཕྱི་མ་སོགས་རྒྱུ་རྐྱེན་གྱིས་བསྐྱེད་པའི་ཆོས་ལ་འདུས་མ་བྱས་པའི་ཆ་གཏན་མེད་པའི་ཕྱིར་དེ་སྐད་དུ་ཟེར་བ་ནི་རིགས་ཚུལ་ལས་འདས་ཤིང་ཤེས་བྱ་ལ་མི་སྲིད་པར་སྨྲ་བའོ། །གཉིས་པ་ལ། དངོས་དང༌། དེའི་རྒྱུ་མཚན་བསྟན་ཞིང་དབུ་མའི་ལམ་འབའ་ཞིག་ལ་དགའ་བར་རིགས་པ་གཉིས། དང་པོ་ནི། ཀླུ་1བ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་པས། །སྐྱེ་བོས་ལུགས་བཟང་གང་དག་རྒྱང་རིང་སྤངས་པས་དེ་ཡི་ཚིག །ལེའུར་བྱས་པའི་ཁ་འབུས་ཀུ་མུ་ཏ་ཁ་ཕྱེ་བའི་ཆུས། །ད་ལྟ་ཟླ་བ་གྲགས་པ་རེ་རྣམས་རབ་ཏུ་སྐོང་བར་བྱེད། །དེས་ན་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་བློའི་རྒྱ་མཚོའི་གཏིང་མཐའ་དཔག་དཀའ་བའི་ཕྱིར་ཤིན་ཏུ་རྒྱ་ཆེ་བའི་ཁ་དོག་གནག་པ་ལྟར་སྦྱར་བའི་སྐྱེ་མེད་དང་སྟོང་པ་ཉིད་ཀྱི་བཞེད་པ་མ་རྟོགས་པར་དེ་ཁོ་ན་ཉིད་སྟོན་པ་ཡི་ཡི་གེ་ཙམ་མཐོང་བས་འཇིགས་སྐྲག་སྐྱེས་པས་རབ་ཏུ་སྔངས་པའི་སྐྱེ་བོ་བསྟན་བཅོས་མཁན་དག་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་བཟང་པོ་འཇིག་རྟེན་ལས་འདས་པའི་ཆོས་གང་དག་རྒྱང་རིང་དུ་སྤངས་པས་སློབ་དཔོན་ཀླུ་སྒྲུབ་ཀྱི་བློ་མཚོ་ལས་འཁྲུངས་པ་དབུ་མ་དེའི་ཚིག་ལེའུར་བྱས་པ་རྩ་བ་ཤེས་རབ་ཀྱི་བསྟན་བཅོས་ཁ་འབུས་པའི་མེ་ཏོག་ཀུ་མུད་ལྟ་བུ་དག་ཟླ་བ་གྲགས་པའི་བློ་གྲ?ས་ཀྱི་བསིལ་ཟེར་གྱིས་ཁ་ཕྱེ་ནས། དེའི་ནང་གི་བདེན་གཉིས་ཀྱི་ལེགས་བཤད་ཀྱི་ཆུ་ཡན་ལག་བརྒྱད་དང་ལྡན་པས་ད་ལྟ་ཟླ་བ་གྲགས་པ། སྐལ་ལྡན་གྱི་གདུལ་བྱ་གནས་ལུགས་ཀྱི་དོན་རྟོགས་པར་རེ་བ་རྣམས་(༣༨༨ན)


K800_Page_796
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཇི་ལྟར་འདོད་པ་རབ་ཏུ་སྐོང་བར་བྱེད་དོ། །འགྲེལ་པར། གལ་ཏེ་གནས་བརྟན་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་དང༌། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་ལ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ་ཞེས་སོ། །སློབ་དཔོན་ལེགས་ལྡན་བྱེད་ནི་འཕགས་པ་ཐོགས་མེད་ཀྱིས་ཀྱང་དབུ་མའི་དོན་ཁོང་དུ་མ་ཆུད་པར་སྨྲ་སྟེ། རྟོག་གེ་འབར་བར། ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་ལ་སོགས་པ་གཞན་དག་ནི། དེ་བཞིན་གཤེགས་པས་ལུང་བསྟན་ཅིང་ས་རབ་ཏུ་དགའ་བ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་གྱི་ལུགས་གཞན་དུ་འདྲེན་པར་བྱེད་ཅིང༌། ངོ་ཚ་དང་ཁྲེལ་མེད་པ་དོན་རྣམ་པར་ནི་མི་ཤེས་པ་དེ་བཞིན་དུ་རྣམ་པར་ཤེས་ཤིང་མཁས་པར་ང་རྒྱལ་བྱེད་པ་དག་འདི་སྐད་དུ་སྨྲ་སྟེ། དེ་ཁོ་ན་ཉིད་ཀྱི་བདུད་རྩིར་འཇུག་པ་སྟེ། རབ་ཏུ་འཇུག་པ་དེ་ནི་བདག་ཅག་ཁོ་ནས་ལེགས་པར་བསྟན་པ་ཡིན་གྱི། དབུ་མར་སྨྲ་བ་རྣམས་ཀྱིས་ནི་མ་ཡིན་ནོ། །ཞེས་ཟེར་རོ། །ཞེས་འབྱུང་ལ། འདིར་ནི་སློབ་དཔོན་ཐོགས་མེད་འཕགས་པ་ཡིན་ཀྱང་གདུལ་བྱ་འདུལ་ཆེད་སེམས་ཙམ་གསུངས་པ་ལས་དབུ་མ་པ་མ་ཡིན་པར་མི་བཞེད་དེ། རྗེ་བཙུན་བྱམས་པས་ཀྱང་དྲང་དོན་དུ་སེམས་ཙམ་གྱི་བསྟན་བཅོས་མཛད་པ་ལྟ་བུའོ་ཞེས་བཞེད་པར་གསལ་ལོ། །གཉིས་པ་ནི། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས།ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར། །དེ་ཕྱིར་ཚུལ་ལུགས་རང་བློས་སྦྱར་བ་འདི་དག་མཐོང་ནས་བདག་ཏུ་བརྗོད་པ་ཡི།གཞུང་ལུགས་རྣམས་ལྟར་གཞན་ལུགས་བཞེད་གཞུང་འདི་ལས་གཞན་ལ་དགའ་བློ་དོར་བར་བྱ། །བཤད་པའི་ཚུལ་འདི་ཁྱོད་ཀྱིས་ཇི་ལྟར་རྟོགས་ཞེ་ན། དེ་ཁོ་ན་ཉིད་བཤད་ཟིན་པའི་སྟོང་དང་རྟེན་འབྱུང་ཟབ་མོ་སྐལ་བ་མེད་པས་འཇིགས་རུང་(༣༨༨བ)


K800_Page_797
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་སྔོན་སྟོང་ཉིད་ལ་གོམས་པའི་དགེ་ཚོགས་བསགས་པ་ཉིད་ལས་སྐྱེ་བོ་ཡིས་རྟོགས་པར་སྣང་ལ། དེ་ལྟར་བསགས་པ་ཅན་གྱི་རྒྱུ་ཡི་སྟོབས་ཀྱིས་མུ་སྟེགས་བྱེད་ཡིན་ཀྱང༌། མུ་སྟེགས་ཀྱི་ལུགས་མི་རིགས་པར་མཐོང་སྟེ། སྟོང་ཉིད་ཀྱི་གཏིང་ངེས་པར་རྟོགས་པར་འགྱུར་གྱི། མུ་སྟེགས་པ་སྟོང་ཉིད་ལ་བག་ཆགས་མ་བཞག་པར་ཁམས་གསུམ་གྱི་ཉོན་མོངས་ཅི་རིགས་སྤངས་ཤིང་གྲུབ་མཐའ་གཞན་སྦྱོར་ནུས་ཀྱང༌། ཐུབ་བསྟན་ལ་མི་མོས་པ་བཞིན་དུ་ཟབ་མོ་འདི་ནི་གསན་རྒྱ་ཆེ་ཡང་སྟོང་ཉིད་ལ་མོས་པའི་ས་བོན་དང་བྲལ་བའི་སློབ་དཔོན་གཞན་གྱིས་ཐུགས་སུ་ཆུད་པར་མི་འགྱུར་བར་ཤེས་པར་བྱའོ། །དེའི་ཕྱིར་ཐར་འདོད་དག་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གང་དང་ཡང་མི་མཐུན་པའི་ཚུལ་ལུགས་རང་བློས་སྦྱར་བ་དེ་དག་མཐོང་ནས་བདག་ཏུ་བརྗོད་པའི་མུ་སྟེགས་ཀྱི་གཞུང་ལུགས་རྣམས་འདོར་རིགས་པ་ལྟར། གཞན་ཉན་ཐོས་སྡེ་པ་དང་སེམས་ཙམ་གྱི་ལུགས་ཀླུ་སྒྲུབ་བཞེད་པའི་དབུ་མའི་གཞུང་འདི་ལས་གཞན་གཞུང་དག་ལ་དགའ་བའི་བློ་དོར་བར་བྱ་སྟེ། ལུགས་གཞན་ནི་ཐ་སྙད་དུ་བླང་དོར་མ་འཁྲུལ་བའི་རྟེན་མི་བྱེད་ཅིང༌། རྟེན་འབྲེལ་དང་མི་མཐུན་པའི་རྟོག་བཏགས་ཡིན་པས་ཡ་མི་མཚན་ལ། འདིར་ནི་དེ་དང་མཐུན་པས་ཡ་མཚན་པར་རིགས་པར་བྱའོ། །གསུམ་པ་ནི། སློབ་དཔོན་ཀླུ་1བ་ལུགས་བཟང་བསྙད་ལས་བདག་གིས་བསོད་ནམས་ཕྱོགས་ཀྱི་མཐར། །ཁྱབ་ཅིང་ཡིད་མཁའ་ཉོན་མོངས་ཀྱིས་སྔོར་སྟོན་ཀའི་རྒྱུ་སྐར་ལྟར་དཀར་བའམ།།སེམས་ཀྱི་4ལ་ལ་གདེངས་ཀའི་ནོར་བུ་དང་འདྲ་གང་ཞིག་ཐོབ་པ་དེས། །འཇིག་རྟེན་མ་ལུས་དེ་ཉིད་རྟོགས་ནས་མྱུར་དུ་བདེ་གཤེགས་སར་བགྲོད་ཤོག།བསྔོ་རྒྱུ་སློབ་དཔོན་ཀླུ་སྒྲུབ་བཞེད་པའི་ལུགས་བཟང་པོ་བདེན་གཉིས་ཕྱིན་ཅི་མ་ལོག་པ་བསྙད་པ་ལས་ཟླ་གྲགས་བདག་གིས་བསོད་ནམས་ཀྱིས་ཕྱོགས་ཀྱི་མཐའ་མ་ལུས་པར་ཁྱབ་ཅིང༌། སྟོང་ཉིད་ཀྱི་རང་བཞིན་ཡིད་ཀྱི་ནམ་མཁར་གློ་བུར་གྱི་ཉོན་མོངས་པ་རྣམས་ཀྱིས་ཁ་དོག་སྔོ་ཞིང་དྲི་མ་ཅན་དུ་བྱས་པར་གྱུར་པ་ལས་སྟོན་ཀའི་སྤྲིན་དང་བྲལ་(༣༨༩ན)


K800_Page_798
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུ་སྐར་ལྟར་དཀར་བར་གྱུར་པའམ་ཉོན་མོངས་དང་རྣམ་རྟོག་གི་རང་བཞིན་སེམས་ཀྱི་སྦྲུལ་ལ་གདེངས་ཀའི་ནོར་བུ་དང་འདྲ་བ་གང་ཞིག་ཐོབ་པ་དེས་འཇིག་རྟེན་མ་ལུས་པས་ཆོས་ཐམས་ཅད་ཀྱི་དེ་ཉིད་རྟོགས་ནས་མྱུར་དུ་བདེ་བར་གཤེགས་པའི་སར་བགྲོད་པར་ཤོག་ཅིག རྩོད་དུས་ཀྱི་སྙིགས་མ་ལས་ཀྱང་སྙིགས་མར་སྤྱོད་པའི་དུས་སུ་ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་སྦས་པའི་བརྟུལ་ཞུགས་ཆེན་པོ་བཟུང་སྟེ་ཨ་བ་དྷུ་ཏི་བའི་སྤྱོད་པས་ཟབ་མོ་རྡོ་རྗེ་ཐེག་པའི་གྲུབ་མཐའི་རྩེ་མོར་གཤེགས་པ་སངས་རྒྱས་ཆེན་པོ་མཉན་པ་གྲུབ་ཐོབ་ལ་གུས་པར་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་བརྗོད་ནས་དེ་ཉིད་ཀྱི་ཞལ་ལུང་དྲི་མ་མེད་པ་སྙན་བརྒྱུད་དུ་གནས་པ་དེས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཞེད་པའི་མཐའ་བྲལ་དབུ་མའི་ངང་ཚུལ་བཟང་པོ་འཁྲུལ་པ་དང་བྲལ་བ་གང་ཞིག་མི་གསང་བར་ཅུང་ཟད་ཙམ་ཞིག་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་དགོངས་པ་ཆེས་ཆེར་བསྐངས་ནས་བཀྲོལ་ཏེ་བསྟན་པར་བྱས་ལ། སྐལ་བ་མེད་པ་དག་ཆེས་སྐྲག་པར་འགྱུར་བའི་གནས་མི་འཇིགས་པའི་ཆོས་ཚུལ་རྒྱ་མཚོ་ལྟར་ཟད་མི་ཤེས་པ་ནི་ཡི་གེའི་རིས་སུ་ག་ལ་འགོད་པས་ཐུགས་ནས་ཐུགས་སུ་གྱུར་པ་ཉིད་ཀྱིས་རྟོགས་པ་ལས་གཞན་དུ་བྱར་མེད་དོ། །དེས་ན་ཐལ་འགྱུར་བ་དག་གིས་བདེན་པ་གཉིས་ལས་བརྩམས་ཏེ་གཞི་ལམ་འབྲས་བུའི་ཚུལ་ལ་གཞན་ལུགས་ཇི་ལྟར་བཀག་ནས་རང་ལུགས་ཇི་ལྟར་འཇོག་སྙམ་ན་དེའི་ངོར་བརྗོད་པར་བྱ་སྟེ། དེ་ལ་སློབ་དཔོན་ལེགས་ལྡན་བྱེད་ན་རེ། འདི་ལྟར་བདེན་པ་གཉིས་ཀྱི་ཚུལ་ལ་དོན་དམ་བདེན་པ་དངོས་སྟོབས་ཀྱིས་ཞུགས་པ་ནི་བདེན་པ་གཉིས་ཀར་མ་གྲུབ་ཀྱང༌། ཀུན་རྫོབ་བདེན་པ་(༣༨༩བ)


K800_Page_799
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སྟོབས་ཀྱིས་ཞུགས་པ་ནི་དོན་དམ་པར་མ་གྲུབ་ཀྱང་ཀུན་རྫོབ་ཐ་སྙད་ཙམ་དུ་ཀུན་རྫོབ་བདེན་པ་དངོས་སྟོབས་ཀྱིས་ཞུགས་པས། དེའི་སྟེང་ནས་ཡོད་མེད་དང་རིགས་མི་རིགས་སོགས་ཀུན་རྫོབ་པའི་རྣམ་གཞག་བྱེད་ཅིང༌། ཀུན་རྫོབ་ཀྱི་ཡོད་མེད་སྤང་བླང་སོགས་ཐ་སྙད་པའི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་དེས་དཔྱད་ནས། གང་རིགས་པ་རྣམས་རང་ལུགས་སུ་འཇོག་ཅིང༌། གང་མི་རིགས་པ་རྣམས་དགག་པར་བྱེད་པས་རྟགས་ཀྱི་ཚུལ་སོགས་ཀུན་རྫོབ་བདེན་པ་དངོས་པོ་རང་ཉིད་ཀྱི་སྟོབས་ཀྱིས་ཞུགས་པས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་སྒྲུབ་པར་བྱེད་པའོ་ཞེས་དེ་ཙམ་ཞིག་སྨྲས་ནས་ཕྱོགས་དེ་སྐྱོང་བར་བྱེད་པ་ལ་ནི་འཛམ་བུའི་གླིང་འདིར་དབུ་མ་རང་རྒྱུད་པ་ཞེས་པ་ཞིག་བྱུང་བ་ཡིན་ནོ། །ཡང་སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་དག་གིས་ནི། འདི་ལྟར་བདེན་པ་གཉིས་ལས་དོན་དམ་བདེན་པ་དངོས་སྟོབས་ཀྱིས་བདེན་པ་གཉིས་ཀར་མ་གྲུབ་པར་འདོད་པ་སྔ་མ་དང་མཐུན་ལ། ཀུན་རྫོབ་བདེན་པ་དངོས་སྟོབས་ཀྱིས་དོན་དམ་པར་མ་ཞུགས་པར་མ་ཟད་ཀུན་རྫོབ་ཐ་སྙད་དུའང་དངོས་སྟོབས་ཀྱིས་ཞུགས་པ་མི་འཐད་དེ། དེ་ལྟར་འཐད་ན་བདེན་གཉིས་ཀྱིས་བསྡུས་པའི་ཆོས་ལ་ཐ་སྙད་དུ་མི་སྟོང་ཞིང༌། སྐྱེ་བ་མེད་པ་མ་ཡིན་པའི་ཆོས་ལྷག་པར་འགྱུར་ལ། དེ་ལྟར་འགྱུར་ན་བདེན་གཉིས་ཀྱི་ཆོས་ཐམས་ཅད་ཡུལ་དུས་གནས་སྐབས་ཐམས་ཅད་དུ་འགར་ཡང་སྐྱེ་མེད་སྟོང་ཉིད་དུ་བཤད་པ་དང་འགལ་བས་རང་རྒྱུད་པའི་དབུ་མའི་ལུགས་དེ་ནི་སློབ་དཔོན་ཀླུ་སྒྲུབ་བཞེད་པའི་དབུ་མའི་ལུགས་ཀྱི་ལུས་ཡོངས་སུ་མ་རྫོགས་ཞེས་རང་རྒྱུད་པའི་ལུགས་དེ་ལས་མི་རིགས་པའི་ཆ་རྣམས་རྒྱ་ཆེར་འགོག་པར་མཛད་ལ། ཀུན་རྫོབ་བདེན་པ་ཀུན་རྫོབ་ཐ་སྙད་དུའང་དངོས་སྟོབས་ཀྱིས་མ་ཞུགས་པས་(༣༩༠ན)


K800_Page_800
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་ཀྱི་ཐ་སྙད་རྣམས་ཐ་སྙད་པའི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་ཡོད་མེད་སྤང་བླང་དགག་སྒྲུབ་སོགས་དོན་མཐུན་འཇོག་རྒྱུ་མ་བྱུང་བས། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ཡོད་མེད་རིགས་མི་རིགས་སོགས་བླང་དོར་ཇི་ལྟར་འཇོག་ན། དེ་ལའང་གཉིས་ཏེ། དང་པོ་ཀུན་རྫོབ་བདེན་པ་ཕལ་པའི་སྟེང་ནས་འཇིག་རྟེན་དང་མཐུན་པའི་སྤང་བླང་སོགས་ལ་འཇུག་པ་ན་མ་དཔྱད་གཞན་གྲགས་སུ་སྲོག་གཅོད་སྤོང་ངོ༌། །དགེ་བ་བསྒྲུབ་བོ་ཞེས་པ་དེ་ཙམ་ཞིག་གིས་རྗེས་སུ་སྨྲ་ལ། གཉིས་པ་ལྟར་ན་ཀུན་རྫོབ་ཙམ་པོའི་སྟེང་ནས་འཇིག་རྟེན་དང་མཐུན་པའི་སྤང་བླང་ལ་འཇུག་པ་ན་མ་དཔྱད་གཞན་གྲགས་སུ་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟར་གྲགས་པ་དེ་ཙམ་ཞིག་ཁས་བླངས་ནས་སྒྱུ་མ་ལྟ་བུའི་དགག་བྱ་ལ་སྒྱུ་མ་ལྟ་བུའི་རིགས་པས་ཚར་གཅོད་དོ་ཞེས་རང་བཞིན་བདེན་པར་མེད་པའི་མི་དགེ་བ་སྤོང་ངོ༌། །དགེ་བསྒྲུབ་པར་བྱེད་དོ་ཞེས་རྗེས་སུ་བརྗོད་ལ། དེ་ལྟ་བུའི་དགག་སྒྲུབ་ཀྱི་ཀུན་རྫོབ་བདེན་པ་དེ་དཔྱད་ན་ཐ་སྙད་དུའང་དངོས་སྟོབས་ཀྱིས་མ་ཞུགས་སོ་ཞེས་རྒོལ་བ་གཞན་མི་འདོད་པ་ཐལ་བར་འཕེན་ཅིང་ཕྱོགས་དེ་སྐྱོང་བར་བྱེད་པ་དེ་ལ་ནི་འཛམ་བུའི་གླིང་དུ་དབུ་མ་ཐལ་འགྱུར་དུ་སྨྲ་བ་ཞེས་པ་ཞིག་བྱུང་བ་ཡིན་ནོ། །དེས་ན་ལུགས་འདི་པས་དབུ་མ་པ་རང་ལུགས་ཀྱིས་གྲུབ་པའི་དཔྱད་པས་ཀུན་རྫོབ་བདེན་པ་མི་འཇོག་པར་མ་ཟད། ཀུན་རྫོབ་ཙམ་པོ་ཡང་འཇོག་པ་མ་ཡིན་ཏེ། ཤེས་བྱ་རྟེན་འབྲེལ་དང་མི་མཐུན་པར་སྨྲ་བ་དག་གིས་ཀུན་རྫོབ་བདེན་པ་དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་པར་ཁས་བླངས་པ་ལ། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་ཀྱི་རིགས་པས་འདོད་པ་དེ་བཀག་ནས་ཀུན་རྫོབ་ཙམ་(༣༩༠བ)


K800_Page_801
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་རྗོད་པར་བྱེད་ལ། དེའི་ཚེ་དབུ་མ་པས་ཤེས་བྱ་རྟེན་འབྲེལ་དང་མཐུན་པའི་རྗེས་བརྗོད་དུ་བྱས་ནས་ལོག་རྟོག་སྔ་མ་དེ་འགོག་པའི་དགོས་དབང་གི་ཆེད་དུ་ཀུན་རྫོབ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུའོ་ཞེས་ཀུན་རྫོབ་ཙམ་པོ་བ་ཞིག་མ་དཔྱད་ཙམ་དུ་རྒོལ་བ་དེ་དག་གི་ངོར་བརྗོད་ཀྱི། དབུ་མ་པ་རང་ཉིད་ཀྱིས་གྲུབ་པའི་རིགས་པས་དཔྱད་ནས་ཐ་སྙད་དུའང་ཀུན་རྫོབ་ཙམ་པོ་བ་ཡང་མ་བསྒྲུབས་པའི་ཕྱིར། ཁ་ཅིག་འདི་ལྟར་དོགས་ཏེ། དེ་ལྟར་ན་གཞན་གྲགས་ཀྱི་རིགས་པས་གཞན་ལུགས་སྔ་མ་མི་རིགས་པ་དེ་སུན་འབྱིན་པར་མི་ནུས་ཏེ། རིགས་པ་དེ་རང་ལུགས་ཀྱི་རིགས་པ་མ་ཡིན་པའི་ཕྱིར་སྙམ་ན་མ་ཁྱབ་པས་དེར་མི་འགྱུར་ཏེ། བལྟོས་བཞག་རྟེན་འབྲེལ་གྱི་ཆོས་ཉིད་ལས་གང་ལ་མི་རིགས་པ་ཞིག་གྲགས་ན་རིགས་པ་ཞིག་གིས་དེ་ལྟར་འགོག་པར་གྲགས་པ་ཤེས་བྱ་ན་སྲིད་པའི་ཕྱིར། འོ་ན་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་ཆོས་ཉིད་ཀྱི་རིགས་པས་ཤེས་བྱ་རྟེན་འབྲེལ་དང་མི་མཐུན་པ་དངོས་པོ་བདེན་པར་ལྟ་བའི་ལོག་རྟོག་ཇི་ལྟར་འགོག་སྙམ་ན། དེའི་ཚེ་ཤེས་བྱ་རྟེན་འབྲེལ་དང་མཐུན་པའི་གཞན་གྲགས་ཆོས་ཉིད་ཀྱི་རིགས་པ་དེས་ཀུན་རྫོབ་བདེན་པའི་ཆོས་ཅན་གྱི་རང་ལྡོག་ལ་དངོས་པོ་བདེན་པ་སོགས་ཀྱི་སྤྲོས་མཐའ་བཅད་པ་ཡིན་གྱི། དེ་ལྟར་བཅད་ནས་དོན་དམ་བདེན་པའི་གནས་ལུགས་ཁོང་དུ་ཆུད་པ་ཡང་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་གིས་མ་དཔྱད་པར་གཞན་གྲགས་སུ་བརྗོད་ལ། ལུགས་དེས་དཔྱད་ན་ནི་དེར་ཡང་མི་འགྲུབ་སྟེ། ཀུན་རྫོབ་ལ་སྐྱེ་བ་བཀག་པས་དོན་དམ་པར་སྐྱེ་མེད་དུའང་མི་འགྲུབ་པའི་ཕྱིར་ཏེ། ཀུན་རྫོབ་ལ་སྐྱེ་བ་མེད་ན་དོན་དམ་པར་སྐྱེ་མེད་ཉིད་ཀྱང་མི་འཐད་པའི་ཕྱིར་ཞེས་བརྗོད་ན་ལུགས་(༣༩༡ན)


K800_Page_802
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་འཇིག་པར་འགྱུར་རོ། །དེས་ན་ཆོས་ཉིད་དོན་དམ་བདེན་པ་སྤྲོས་མེད་ཀྱི་རང་ལྡོག་དེ་ནི་གཞན་གྲགས་ཀྱི་རིགས་པས་དགག་སྒྲུབ་གང་དུ་ཡང་དཔྱད་བྱ་མ་ཡིན་ཏེ། དེ་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་གིས་དཔྱད་ན་དགག་སྒྲུབ་གང་དུའང་བྱར་མེད་པར་མ་ཟད། དཔྱད་པའི་ཀུན་རྫོབ་ཙམ་པོ་ཁས་ལེན་པ་ནའང་དེ་དགག་སྒྲུབ་གང་དུའང་བྱར་མེད་པར་སྨྲ་བའི་ཕྱིར། དཔེར་ན། ཐ་སྙད་སྒྱུ་མ་ཙམ་དུའང་མ་དཔྱད་པར་འཇམ་དབྱངས་ཀྱིས་འཕགས་པ་ལི་ཙ་བི་དྲི་མ་མེད་པར་གྲགས་པ་ལ་དོན་དམ་བདེན་པ་དྲིས་པས་ཅིར་ཡང་མ་བརྗོད་པ་ལྟ་བུའི་ཕྱིར་དང༌། དེས་ཐོས་བསམ་སྒོམ་པ་དང་འཇིག་རྟེན་པའི་ཤེས་རབ་ཀྱིས་ཀྱང་དངོས་ཡུལ་དུ་བྱར་མི་ནུས་པའི་ཕྱིར་དང༌། དེ་དགག་སྒྲུབ་དང་ཡོད་མེད་གང་དུ་བསྒྲུབ་ཀྱང་དེའི་གནས་ཚུལ་དང་མི་མཐུན་པ་ལོག་པ་ཁོ་ན་ཞིག་ཏུ་རྟོག་པར་འགྱུར་བའི་ཕྱིར། གནད་ཀྱི་དབང་འདི་གཟིགས་ནས་སློབ་དཔོན་སྒྲ་གཅན་འཛིན་བཟང་པོས། མཐའ་ཡིས་མ་གོས་དྲི་མ་མེད་པའི་སྙིང་པོ་ནི། །རང་བཞིན་གདོད་ནས་གྲུབ་པ་ཀུན་གྱིས་དཔྱད་བྱ་མིན། །གལ་ཏེ་དཔྱད་ན་དུག་སྦྲུལ་གཙེས་པ་ཁོ་ནར་ཟད། །ཅེས་འབྱུང་ལ། གནད་འདི་མ་རྟོགས་པར་གྲུབ་ཐོབ་ཀྱི་དོ་ཧ་རྣམས་སུ་ཀུན་རྫོབ་ཀྱི་ཆོས་ལ་རང་བཞིན་ཡོད་མེད་དཔྱད་པའི་དཔྱད་པ་གཏན་བྱར་མི་རུང་བར་འགོག་པ་ཡིན་ནོ་ཞེས་སྨྲ་བ་ནི་རང་གི་ཟོང་རྫོགས་པར་བྱས་པ་ཡིན་ནོ། །གཞན་ཀུན་རྫོབ་བདེན་པ་ནི་དེ་ལྟར་མ་ཡིན་ཏེ། འཇིག་རྟེན་པ་དག་གི་ཤེས་པས་དགག་སྒྲུབ་ཀྱི་དངོས་ཡུལ་དུ་བྱར་ཡོད་པ་གཞན་གྲགས་ཀྱི་རིགས་པས་ཆོས་ཅན་ཀུན་རྫོབ་པ་དགག་པ་དང༌། སྒྲུབ་པའི་དཔྱད་པ་ལས་གནས་དོན་དང་མཐུན་པར་ཁོང་(༣༩༡བ)


K800_Page_803
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆུད་པ་ཙམ་ཞིག་ནི་མ་དཔྱད་པ་ཐ་སྙད་དུ་ཀུན་རྫོབ་ཙམ་པོ་ཁས་ལེན་པ་ནའང་བསྙོན་མེད་དུ་དེ་ལྟར་འབྱུང་རུང་བས་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་གིས་མ་དཔྱད་པ་ན་དེ་ལྟར་འཇོག་པར་བྱེད་པའི་ཕྱིར། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་གིས་མ་དཔྱད་པ་ནའང་ཆོས་ཉིད་དོན་དམ་བདེན་པའི་རང་ལྡོག་ལ་རྣམ་གཅོད་དང་ཡོངས་གཅོད་གང་ཡང་བཏུབ་པར་མི་འཇོག་སྟེ། ཆོས་ཉིད་དོན་དམ་བདེན་པ་ལ་ངོ་བོ་ཉིད་མེད་ཅིང༌། དེའི་ངོ་བོ་སྐྱེ་འཕགས་གང་གིས་ཀྱང་དངོས་པོར་མཐོང་བྱར་མ་གྲགས་ཤིང༌། ཆོས་ཅན་ཀུན་རྫོབ་བདེན་པའི་ངོ་བོ་ནི་བྱིས་པ་སོ་སྐྱེའི་འཁྲུལ་ངོར་མཐོང་བ་མ་བཀག་པ་ཙམ་ཞིག་ཡོད་དོ་ཞེས་སྨྲ་བའི་ཕྱིར། ཇི་སྐད་དུ། ཆོས་རྣམས་ཀྱི་ཆོས་ཉིད་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་དེ་ཁོ་ན་ཉིད་ལས་བཅོས་དཀྲུགས་སུ་བྱར་མེད་པ་དེ་ཁོ་ནར་གནས་པའོ། །ཞེས་བཀའ་བསྟན་བཅོས་ཀྱི་གསུང་རབ་ནས་ལན་གཅིག་མིན་པར་རྣམ་གྲངས་དུ་མར་བཤད་དོ། །དེ་ལྟར་ནའང་ཆོས་ཉིད་དོན་དམ་བདེན་པ་སྟོང་ཉིད་སྤྲོས་བྲལ་ལ་རྟོག་གེ་པ་དག་གིས་ཡོད་མེད་ལ་སོགས་པ་ཕྱིན་ཅི་ལོག་ཏུ་བཏགས་པ་དེའི་ཚེ། དབུ་མ་པས་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་ཀྱི་དཔྱད་པས་ལོག་པར་འཛིན་པ་དེ་བསལ་བར་བྱེད་ནུས་ཀྱི། དེ་བསལ་བའི་ཚེ་ལོག་པར་གྲུབ་པའི་ལོག་ལྟ་ཞིག་བསལ་བར་བྱས་པ་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་དོན་དམ་བདེན་པ་ཡོད་མེད་དུ་འཛིན་པའི་ལོག་ལྟ་དེ་དབུ་མ་རང་ལུགས་ཀྱིས་གྲུབ་པའི་རིགས་པས་ནི་འགོག་པ་མིན་ཏེ། རང་ལུགས་ཀྱིས་གྲུབ་པའི་རིགས་པ་ནི་རང་ལུགས་ཀྱིས་ནམ་ཡང་གྲུབ་པ་མི་སྲིད་པའི་ཕྱིར། དེས་ན་ཤེས་བྱ་རྟེན་འབྲེལ་(༣༩༢ན)


K800_Page_804
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན་པའི་གཞན་གྲགས་ཀྱི་རིགས་པས་ཀུན་རྫོབ་ཀྱི་ཆོས་ཅན་དེའི་རང་ལྡོག་དཔྱད་པ་ན། དེའི་ངོ་བོ་ཅུང་ཟད་ཀྱང་མ་རྙེད་པ་དེ་ལ་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་གིས་ཐ་སྙད་དུ་མ་དཔྱད་པར་བདེན་གཉིས་ཀྱི་ཟླས་ཕྱེ་བའི་དོན་དམ་བདེན་པར་གྲགས་ཤིང་རློམ་ན་ཡང་དེ་རྣམ་གྲངས་མིན་པའི་དོན་དམ་བདེན་པར་ནི་མ་སོང་སྟེ། དེ་ཐོས་བསམ་སྒོམ་པའི་བསམ་བརྗོད་ཀྱི་ཡུལ་དུ་གྱུར་པའི་ཕྱིར། ཡང་ཁ་ཅིག་ཀུན་རྫོབ་ཆོས་ཅན་གྱི་རང་ལྡོག་དཔྱད་ནས་མ་གྲུབ་པའི་དོན་དམ་བདེན་པ་དེ་ལ་སླར་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་ཀྱི་རིགས་པས་ཡོད་མེད་སོགས་ཀྱི་སྤྲོས་མཐའ་བཅད་པ་ན་བདེན་པ་ཙམ་དུ་ཡང་མ་རྙེད་པ་དེ་བདེན་གཉིས་ཀྱི་ཟླས་ཕྱེ་བའི་རྣམ་གྲངས་མིན་པའི་དོན་དམ་བདེན་པར་སོང་ངོ་སྙམ་ན་མ་སོང་སྟེ། དེ་ལྟའི་བདེན་པ་དེ་ཆོས་ཅན་དུ་བྱས་ནས་ཡོད་མེད་སོགས་ཀྱི་སྤྲོས་མཐའ་བཀག་པའི་དོན་དམ་བདེན་པ་དེ་ཉིད། ཕྱོགས་ཆོས་འགོད་གཞིའི་ཀུན་རྫོབ་ཆོས་ཅན་དུ་གྱུར་ཅིང༌། དོན་དམ་བདེན་པ་དོན་དམ་བདེན་པ་ཙམ་དུའང་མ་གྲུབ་པའི་དགག་རྐྱང་བསྒྲུབ་བྱ་ཀུན་རྫོབ་པར་སོང་བའི་ཕྱོགས་དེ་ནི་རྣམ་གྲངས་པའི་དོན་དམ་བདེན་པ་སྟེ་ཀུན་རྫོབ་པར་སོང་བའི་ཕྱིར་ཏེ། ཕྱོགས་དེ་ལ་བལྟོས་པའི་ཕྱོགས་ཆོས་ཀྱང་ཀུན་རྫོབ་པར་རིགས་པའི་ཕྱིར། གཞན་ཡང་དེ་ལྟའི་དོན་དམ་བདེན་པ་དེ་ཀུན་རྫོབ་བདེན་པ་ལ་བལྟོས་ནས་རྣམ་པར་བཞག་པའི་ཕྱིར་རྣམ་པར་བཞག་འཇོག་ཅན་དུ་འགྱུར་ལ། བཞག་འཇོག་ཅན་གྱི་འདུས་བྱས་ཀྱི་ཆོས་ཅན་ནི་རྣམ་གྲངས་མིན་པའི་དོན་དམ་བདེན་པར་མི་རུང་བའི་ཕྱིར། འོ་ན་རྣམ་གྲངས་མིན་པའི་དོན་དམ་བདེན་པ་དེ་ནི་རང་ལུགས་(༣༩༢བ)


K800_Page_805
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞན་གྲགས་གང་གིས་འགྲུབ་ཅེ་ན། དེ་གྲུབ་པ་དང་མ་གྲུབ་པ་སོགས་རྒྱ་དང་ཕྱོགས་ཐམས་ཅད་ཀྱིས་དབེན་པ་ལ་དེ་གྲུབ་མ་གྲུབ་ཀྱི་རིགས་པ་རང་གཞན་གང་གིས་བརྗོད་ཀྱང་དེ་དགག་པ་དང་སྒྲུབ་པར་མི་ནུས་ཤིང༌། དེ་ལྟར་སྨྲ་བསམ་དུ་བརྗོད་ན་རྒྱ་ཆད་ཕྱོགས་ལྷུང་གི་མཐའ་ཆེན་པོར་གོལ་ཤོར་དུ་སོང་བ་ཡིན་ནོ། །དོན་འདི་ཉིད་ཀྱི་དབང་དུ་གཟིགས་ནས་དཔལ་ལྡན་དྭགས་པོ་བཀའ་བརྒྱུད་པ་དག་ཞལ་མཐུན་པར་འདི་སྐད་དུ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ནི་བླ་མས་བསྟན་དུ་མེད། སློབ་མས་གོ་རུ་མེད། ཉམས་དང་མྱོང་བས་མ་སྦགས། མངོན་སུམ་དུ་རྟོགས་པ་དང་ངེས་ཤེས་ཀྱིས་མ་བསླད། སྤང་གཉེན་དང༌། དགག་སྒྲུབ་དང༌། བཟོ་བཅོས་དང༌། བསལ་བཞག་དང༌། བཅིངས་གྲོལ་གྱི་རྒྱར་མ་ཆུད་པར་གདོད་མ་ནས་རང་སར་གྲོལ་བ་རང་བབས་ཆེན་པོ་དེ་བཅོས་པ་སུས་ཀྱང་བྱར་མེད་པའོ། །ཞེས་པ་ཙམ་ཞིག་གི་ཐ་སྙད་བླ་དྭགས་བཏགས་ཤིང༌། འདི་ལྟ་བུ་ཁོང་དུ་ཆུད་བྱ་ཐམས་ཅད་དང་བྲལ་ཞིང༌། ཁོང་དུ་ཆུད་བྱ་ཞིག་མཐར་འཛིན་ལ་བལྟོས་ནས་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་རྗེས་བརྗོད་ཙམ་དུ་སྨྲ་ཞིང༌། དེ་ལྟར་བརྗོད་པ་ན་རང་ལུགས་ཀྱི་ནི་ཡུལ་དུས་འགར་ཡང་སྨྲ་བསམ་དུ་མ་བརྗོད་པའི་གང་ཟག་དབུ་མ་པ་དེ་ནི་ཕྱོགས་བཅུ་དུས་གསུམ་གང་ན་བཞུགས་ཀྱང་མི་ཕྱེད་པའི་དང་བས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཡང་ཁ་ཅིག་འདི་ལྟར་དྭོགས་ཏེ། དངོས་སྨྲ་བས་ཀུན་རྫོབ་ཙམ་དུ་ཡང་ཤེས་པ་རྟེན་འབྲེལ་དང་མི་མཐུན་པར་ཕྱིན་ཅི་ལོག་ཀུན་རྫོབ་བདེན་པར་བལྟ་བ་ལ། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་ཀྱིས་དཔྱད་ཅིང་བཀག་པ་དེ་དབུ་མ་པ་རང་ལུགས་ཀྱིས་དཔྱད་པར་མ་སོང་(༣༩༣ན)


K800_Page_806
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། དེ་ལྟའི་དཔྱད་པ་དེ་དོན་དམ་བདེན་པ་ལ་དཔྱད་པར་ནི་མ་སོང་སྟེ། རྣམ་གྲངས་མིན་པའི་དོན་དམ་དེ་ཐ་སྙད་པའི་སྤྱོད་ཡུལ་མིན་པའི་ཕྱིར། དེ་ལྟར་ན་དཔྱད་པ་དེ་ཐ་སྙད་ཀུན་རྫོབ་བདེན་པའི་རྣམ་གཞག་ལ་དཔྱད་པར་སོང་བའི་ཕྱིར། ཐལ་འགྱུར་བས་ཀུན་རྫོབ་བདེན་པ་ཐ་སྙད་དུ་ཡང་དཔྱད་ནས་མི་འཇོག་ཅེས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ལོག་པའི་ཀུན་རྫོབ་དངོས་སྨྲ་བས་ཕྱིན་ཅི་ལོག་ཏུ་བཏགས་པའི་ཀུན་རྫོབ་བདེན་པ་དེ་ནི་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་ཀྱི་ལུགས་ལྟར་ན། ཀུན་རྫོབ་ཙམ་དུ་ཡང་ཡོད་པ་མིན་པས། དབུ་མ་པས་དེ་ལྟར་ཡོད་འཛིན་བཟློག་པའི་ཆེད་དུ་ཤེས་བྱ་རྟེན་འབྲེལ་དང་མཐུན་པའི་གཞན་གྲགས་ཀྱི་རིགས་པས་ལོག་ལྟ་དེ་བཀག་པའི་བྱ་བ་ཙམ་ཞིག་བྱས་ཀྱི། དེ་བཟློག་ནས་དེའི་ཟློག་ཕྱོགས་ཀྱི་ཀུན་རྫོབ་ཅིག་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་རིགས་པས་དཔྱད་ནས་ཐ་སྙད་དུ་ཡང་རང་ལུགས་སུུ་མ་བཞག་པས་འགལ་བའི་སྐབས་ཡོད་པ་མིན་པའི་ཕྱིར། དེས་ན་བལྟོས་བཞག་རྟེན་འབྲེལ་གྱི་ཀུན་རྫོབ་ལ་སྤྲོས་པའི་མཐའ་བཞིས་སྟོང་པས་རང་བཞིན་མེད་བཞིན་དུ་བྱ་བྱེད་སྣ་ཚོགས་པར་རུང་བ་སྒྱུ་མ་དང་རྨི་ལམ་ལྟ་བུའི་འཁོར་འདས་ཀྱི་རྣམ་གཞག་བྱེད་པ་འདི་ཡང༌། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་གི་རིགས་པས་མ་དཔྱད་པར་འཇོག་པ་བཞིན། དབུ་མ་པས་ཀྱང་མ་དཔྱད་པར་དེ་མཐུན་གྱི་རྗེས་ཟློས་བྱེད་དེ། དཔེར་ན། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་ཀྱི་རིགས་པས་མ་དཔྱད་པར་གཞན་གྲགས་སུ་སེམས་ཅན་ལ་ཤེས་པ་ཡོད་པ་དང༌། སངས་རྒྱས་ལ་ཡེ་ཤེས་མེད་པར་བརྗོད་པ་ལྟར་རམ། ཡང་ན་ཤེས་(༣༩༣བ)


K800_Page_807
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྟེན་འབྲེལ་དང་མི་མཐུན་པར་སྨྲ་བའི་དངོས་སྨྲ་བ་སེམས་ཙམ་རྣམ་བདེན་པ་ལྟ་བུ་རྗེས་སུ་འཛིན་པའི་ཆེད་དུ་དགོས་པའི་དབང་གིས་དེ་ངོར་མ་དཔྱད་པར་སངས་རྒྱས་ལ་ཡེ་ཤེས་ཡོད་དོ་ཞེས་རྗོད་པར་བྱེད་པ་བཞིན་དུ་དབུ་མ་པས་ཀྱང་མ་དཔྱད་པ་ན་དེ་ལྟར་རྗེས་ཟློས་བྱེད་ལ། དེ་ལྟར་ནའང་དབུ་མ་པས་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་ཀྱི་རིགས་པས་སེམས་ཅན་ལ་ཐ་སྙད་དུ་ཡེ་ཤེས་ཡོད་པ་དང༌། སངས་རྒྱས་ལ་ཡེ་ཤེས་མེད་པ་གཉིས་ཀའང་འགོག་གི། དེར་ཡང་མི་འགྲུབ་པར་བརྗོད་པ་བཞིན་ནོ། །དེས་ན་ཐལ་འགྱུར་བས་ཀུན་རྫོབ་དཔྱད་ནས་འཇོག་པ་ནི་གཏན་མ་ཡིན་ཏེ། ཀུན་རྫོབ་ལ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་བསླད་པ་ལ་བལྟོས་ནས་ཡང་ལོག་གི་དབྱེ་བ་མེད་པར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཡང་དག་མིན་རྟོག་གིས་བཞག་པའི་ཕྱིན་ཅི་ལོག་འབའ་ཞིག་ཡིན་པ་ལ་ཁྱད་པར་མེད་ཀྱང༌། ཉོན་མོངས་པ་ཅན་གྱི་མ་རིག་པའི་བསླད་པ་ཡོད་མེད་ཀྱི་དབང་གིས་ཀུན་རྫོབ་ལ་ཡང་ལོག་གཉིས་ལས། ཤེས་བྱ་རྟེན་འབྲེལ་དང་མི་མཐུན་པར་སྨྲ་བའི་ཀུན་རྫོབ་བདེན་པ་ནི་ཉོན་མོངས་ཅན་གྱི་མ་རིག་པས་བསླད་པའི་དབང་གིས་འཁྲུལ་ཆོས་ཀྱི་ཀུན་རྫོབ་ལྟར་སྣང་བར་འཇོག་ལ། ཉོན་མོངས་ཅན་གྱི་མ་རིག་པ་སྤངས་པའི་འཕགས་པ་དག་གིས་མ་དཔྱད་པའི་ངོར་ཐ་སྙད་ལ་འཇུག་པ་ན་དེ་ལྟའི་ཀུན་རྫོབ་ལྟར་སྣང་བ་དེ་ཀུན་རྫོབ་ཙམ་དུ་ཡང་ཁས་ལེན་པར་མི་བྱེད་པའི་ཕྱིར་ཏེ། འདི་ལྟར་དབུ་མ་པ་དག་ཆོས་ཉིད་ལ་མཉམ་པར་བཞག་པ་ལས་ལྡང་སྟེ། རྗེས་ཐོབ་ཏུ་ཀུན་རྫོབ་ཀྱི་ཐ་སྙད་ལ་མ་དཔྱད་པར་འཇུག་པ་ན། སྒྱུ་མ་དང་རྨི་ལམ་ལྟ་བུའི་དྲན་པ་དང་ཤེས་རབ་མཚུངས་ལྡན་གྱི་འཇུག་པ་ལས་ཀུན་རྫོབ་བདེན་པ་དེ་ངོར་དཔྱད་ནས་མི་འཇོག་པའི་ཕྱིར། (༣༩༤ན)


K800_Page_808
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་ཡང་དབུ་མ་པ་ཡིན་ཙམ་ལ་ཀུན་རྫོབ་སྒྱུ་མ་ལྟར་བལྟས་ནས་མ་དཔྱད་པར་སྤྱོད་ལམ་ལ་འཇུག་པས་ཁྱབ་པ་མིན་ཏེ། དབུ་མ་པ་བློ་དམན་པ་དག་ཀུན་རྫོབ་རང་བདེན་པར་ལྟ་བས་སྤྱོད་ལམ་ལ་ཞུགས་ནས་དབུ་མའི་ལྟ་བའི་ཉམས་ལེན་གྱིས་མ་ཟིན་པའང་ཡོད་པའི་ཕྱིར། འོན་ཀྱང་ཉོན་མོངས་ཅན་གྱི་མ་རིག་པས་བསླད་དབང་གིས་སྣང་བའི་ཀུན་རྫོབ་ཙམ་ལ་བལྟོས་ནས་ཀུན་རྫོབ་ལྟར་སྣང་བ་དེ། དེ་འཛིན་གྱི་འཁྲུལ་ཤེས་དེར་བལྟོས་ཀྱི་ཤེས་བྱར་མེད་པ་ནི་མ་ཡིན་ཏེ། དེར་མེད་ན་ནི་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གཞན་གྲགས་ཀྱི་རིགས་པ་འཐད་ལྡན་གྱིས་ཀུན་རྫོབ་བདེན་པ་ལྟར་སྣང་བའི་ཡུལ་དང་ཡུལ་ཅན་གྱི་འཁྲུལ་པ་ཀུན་རྫོབ་ཙམ་དུ་འགོག་པར་ཡང་མི་འགྱུར་བའི་ཕྱིར་དང༌། ཀུན་རྫོབ་སྒྱུ་མ་ཙམ་ལས་ཕྱིན་ཅི་ལོག་ཀུན་རྫོབ་བདེན་པ་ལ་གཟུང་འཛིན་དུ་སྣང་བའི་ཚེ་ཡང་ཡུལ་ཕྱིན་ཅི་ལོག་དེ་བློས་ཤེས་བྱར་ཡོད་པར་མ་བཟུང་ན་ཡུལ་ཅན་ཕྱིན་ཅི་ལོག་ཏུ་འཛིན་པའང་མི་འགྲུབ་པའི་ཕྱིར། དེས་ན་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་ལྟར་གྱི་མ་དཔྱད་པར་རང་བཞིན་མེད་པ་ལ་བྱ་བྱེད་དུ་རུང་བ་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཆོས་འདིའང་གཞན་གྲགས་ཀྱི་རིགས་པས་དཔྱད་ན་དེར་ཡང་མི་འགྲུབ་པས། ཆོས་ཐམས་ཅད་རྟོག་བཅས་རྟོག་མེད་ཀྱི་ཤེས་པ་དང༌། དེས་ཀུན་ནས་བསླང་བའི་བརྗོད་པ་གང་གིའང་ཡུལ་དུ་གྲུབ་རྒྱུར་མ་བྱུང་ཞིང༌། དེ་ལྟར་གྲུབ་རྒྱུར་མ་བྱུང་བ་ཙམ་པ་ཡང་ཇི་སྲིད་སོ་སོར་རྟོག་པའི་ཤེས་རབ་ཀྱི་ཡུལ་དུ་སོང་བ་དེ་སྲིད་དུ་ནི་དེ་ཉིད་ཀུན་རྫོབ་ཏུ་སོང་ལ། ཤེས་པའི་ཡུལ་དང་ཡུལ་ཅན་ཐམས་ཅད་ཉེ་བར་ཞི་བ་ན་རྣམ་གྲངས་མིན་པའི་དོན་དམ་བདེན་པ་ནི་སློབ་པ་དང་མི་སློབ་པའི་འཕགས་པའི་(༣༩༤བ)


K800_Page_809
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་གིས་ཁོང་དུ་ཆུད་པར་འགྱུར་བ་ལས། གཞན་དུ་རི་བོང་གི་རྭ་ལྟ་བུ་ནི་མ་ཡིན་ནོ། ། དེ་ལྟར་ན་མཉམ་གཞག་དེ་ལ་ཡེ་ཤེས་ཀྱི་རྒྱུ་བ་ཡོད་མེད་གང་ཞེ་ན། དེ་ནི་ཁོ་བོས་སྨྲ་མི་ཤིས་ཏེ། ཡུལ་དང་ཡུལ་ཅན་ཐམས་ཅད་ཉེ་བར་ཞི་བའི་འཕགས་པའི་མཉམ་གཞག་ནི་འཕགས་པ་ཉིད་ཀྱི་སོ་སོ་རང་རིག་གི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ལས་རང་གཞན་གྱི་སྐྱེ་བོ་གང་གིས་ཀྱང་དངོས་སུ་སྨྲ་བསམ་གྱིས་སྟོན་མི་ནུས་པའི་ཕྱིར་རོ། །ཆོས་ཉིད་ཀྱི་རིགས་པ་ཞེས་པ་འདི་ལའང་ཤེས་བྱ་རྟེན་འབྲེལ་དང་མི་མཐུན་པ་དངོས་པོར་སྨྲ་བ་དག་གིས་ཆོས་ཉིད་ཀྱི་རིགས་པ་ཞེས་བརྗོད་པ་དང༌། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་གིས་ཆོས་ཉིད་ཀྱི་རིགས་པ་ཞེས་བརྗོད་པ་གཉིས་ལས། དང་པོས་ནི་བདེན་པ་གཉིས་ཀའམ་གང་རུང་ཞིག་གི་དངོས་པོའི་ཆོས་ཉིད་ཀྱིས་གྲུབ་པའི་རིགས་པར་འདོད་ལ། ཕྱི་མས་ནི་དེ་ལྟར་མ་གྲུབ་ཀྱང་མ་དཔྱད་བཏགས་བཞག་ཙམ་གྱི་རྟེན་འབྲེལ་གྱིས་བལྟོས་པའི་ཆོས་ཉིད་ལ་ཆོས་ཉིད་ཀྱི་རིགས་པ་ཞེས་འཇོག་གོ། །མདོར་ན། གཞན་དག་གིས་དབུ་མ་པར་ཡང་དག་པར་བཏགས་པའི་སློབ་པ་དང་མི་སློབ་པའི་འཕགས་པ་དག་གིས་ནི་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་མི་སྨྲ་བ་དང་སྨྲ་བ་དག་གིས་རྟོག་ཅིང་བརྗོད་པའི་འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། ཚུར་མཐོང་འཁོར་བ་པའི་སྡུག་བདེན་དང༌། ཀུན་བདེན་གྱི་ཆ་ཉམས་སུ་མྱོང་བ་དག་དང༌། ཀུན་རྫོབ་ཙམ་པོ་སྒྱུ་མ་ལྟ་བུ་དང༌། ཞི་བ་མྱང་འདས་དོན་དམ་བདེན་པའོ། །ཞེས་སྨྲ་བསམ་གྱི་ཡུལ་དང་ཡུལ་ཅན་གྱི་ཀུན་རྫོབ་བསླུ་སྤྲོས་རྫུན་བྱས་བཏགས་ཆོས་ཀྱི་ཆ་འདི་རང་ལུགས་ཀྱིས་འགར་ཡང་མི་འགྲུབ་ཀྱང་གདུལ་བྱའི་ངོར་དགོས་པའི་དབང་གིས་ཤེས་(༣༩༥ན)


K800_Page_810
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དང༌། མི་སྨྲ་བའི་གཉིས་ཀའི་རྗེས་ཟློས་སུ་བརྗོད་པ་ཡིན་ཏེ། གདུལ་བྱ་ཉན་ཐོས་ཁ་ཅིག་ལ་གང་ཟག་གི་བདག་ཡོད་པར་མ་བསྟན་ན་ཐུབ་བསྟན་ལ་མི་འཇུག་པའི་ཉེན་ཡོད་པའི་ངོར། སྟོན་པ་སངས་རྒྱས་ཀྱིས། ཕུང་པོ་ལྔའི་ཁུར་ཁྱེར་བའི་གང་ཟག་གི་བདག་ཡོད་པར་གསུངས་པ་ལྟ་བུའོ། །འོ་ན་མཐའ་བྲལ་དབུ་མ་སྨྲ་བའི་གང་ཟག་རང་ཉིད་དང༌། དེ་ལས་འཇིག་རྟེན་གཞན་གྲགས་སྨྲ་བའི་གང་ཟག་གཉིས་སུ་བརྗོད་པའི་གང་ཟག་གི་འཇོག་ཚུལ་ཇི་ལྟར་ཞེ་ན། དཔྱད་ན་དབུ་མ་སྨྲ་བ་རང་དང་འཇིག་རྟེན་གཞན་གྲགས་སྨྲ་བའི་གང་ཟག་གཉིས་ཐ་སྙད་དུའང་མི་འགྲུབ་མོད། དེ་ལྟར་ནའང་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དག་གིས་གཞན་གྲགས་གྱིས་མ་དཔྱད་པར་འདི་སྐད་དུ། མཐའ་བྲལ་དབུ་མ་དོན་དམ་བདེན་པ་ལ་གནས་པའི་གང་ཟག་རང་ཉིད་དང༌། དེ་ལས་འཇིག་རྟེན་གཞན་ཀུན་རྫོབ་བདེན་པ་ལ་གནས་པའི་གང་ཟག་གཉིས་སོ་ཞེས་རྒོལ་བ་དང་ཕྱིར་རྒོལ་བ་སོགས་ཀྱི་རྣམ་གཞག་གི་ཆེད་དུ་བརྗོད་པ་ན་དབུ་མ་པ་ཡང་དགོས་པའི་དབང་གིས་མ་དཔྱད་པར་དེ་ལྟར་རྗེས་ཟློས་སུ་བྱེད་པ་དེའི་ཚེ་དབུ་མ་པ་ཡང་དག་པ་ནི་སློབ་པ་དང་མི་སློབ་པའི་ཆོས་ཉིད་ལ་མཉམ་པར་བཞག་པའི་འཕགས་པའི་གང་ཟག་ཡིན་པར་གྲགས་ལ། དེ་ལས་འཇིག་རྟེན་གཞན་པ་ནི་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་འཇིག་རྟེན་པ་འཕགས་པ་སློབ་པ་རྗེས་ཐོབ་ཏུ་འཇིག་རྟེན་ཀུན་རྫོབ་ཀྱི་སྤྱོད་ལམ་ལ་ཞུགས་པ་རྣམས་དང༌། སོ་སོ་སྐྱེ་བོ་ཤེས་བྱ་རྟེན་འབྲེལ་དུ་སྨྲ་བའི་འཇིག་རྟེན་པ་སྟེ། དེ་ལའང་ཤེས་བྱ་ཉི་ཚེ་བ་རྟེན་འབྲེལ་དང་མཐུན་པར་སྨྲ་བ་དང༌། ཤེས་བྱ་མཐའ་དག་རྟེན་འབྲེལ་དང་མཐུན་པར་སྨྲ་བ་གཉིས་ལས། (༣༩༥བ)


K800_Page_811
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། ཕྱི་ནང་གི་གྲུབ་མཐའ་ལ་ཞུགས་པ་ཁ་ཅིག དངོས་པོ་འགའ་ཞིག་རྫས་གྲུབ་ཀྱི་དོན་བྱེད་པ་མེད་ཀྱང་བཏགས་བཞག་གིས་དོན་བྱེད་པར་སྨྲ་བ་དེ་ཡིན་ཏེ། བཏགས་ནས་བཞག་པའི་ཤེས་བྱའི་ཆོས་ནི་རྟེན་འབྲེལ་གྱི་ཆོས་སུ་འགྲུབ་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཐམས་ཅད་རང་གི་ངོ་བོ་ཉིད་ཀྱིས་སྐྱེ་ན་རྟག་ཆད་དུ་འགྱུར་ཞིང༌། དེ་ལྟར་ན་ཤེས་བྱ་ཐ་སྙད་དུའང་རྒྱུན་ཆད་པར་འགྱུར་བས་ཤེས་བྱ་ནི་རྒྱུ་རྐྱེན་གཞན་དང་གཞན་ལ་བལྟོས་ནས་འབྱུང་བའི་ཕྱིར་ཐ་སྙད་དུའང་ཤེས་བྱ་རྒྱུན་ཆད་པར་མི་འགྱུར་རོ་ཞེས་ཤེས་བྱ་མཐའ་དག་རྟེན་འབྲེལ་ཙམ་དུ་རྟོག་ཅིང༌། རྟེན་འབྲེལ་སྟོང་ཉིད་དུ་མ་རྟོགས་པའི་འཇིག་རྟེན་པ་དག་གོ། །ཤེས་བྱ་རྟེན་འབྲེལ་དང་མི་མཐུན་པར་སྨྲ་བའི་འཇིག་རྟེན་པའང་དབུ་མ་པ་ལས་གཞན་པའི་འཇིག་རྟེན་པའོ། །འོ་ན་དབུ་མ་པའི་གང་ཟག་དེ་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གང་ཟག་ཡིན་ནམ་མ་ཡིན་ཞེ་ན། མཐའ་གཅིག་ཏུ་ཡིན་པ་དང་མ་ཡིན་པ་གཉིས་ཀར་བརྗོད་པར་མི་བྱ་སྟེ། དབུ་མ་པས་རང་ལུགས་ལ་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་ཡང་མི་བརྗོད་ཀྱི། གདུལ་བྱ་འདུལ་ཆེད་དགོས་དབང་གིས་ཤེས་བྱ་རྟེན་འབྲེལ་དང་མཐུན་པ་དང་མི་མཐུན་པ་གཉིས་ཀར་སྨྲ་བར་བྱེད་པའི་ཕྱིར། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གང་ཟག་དེ་དབུ་མ་པ་ཡིན་པར་བརྗོད་དམ་མ་ཡིན་པར་བརྗོད་ཅེ་ན། རྟེན་འབྲེལ་སྟོང་ཉིད་དུ་རྟོགས་ཤིང༌། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་གཞན་གྲགས་ཙམ་དུ་སྨྲ་བ་དེ་ནི་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་སྨྲ་བའི་གང་ཟག་དང་དབུ་མ་པའི་གང་ཟག་གཉིས་ཀར་འཇོག་པ་གཞན་ལ་གྲགས་ཏེ། གཞི་གཅིག་ལ་མི་འགའ་བའི་ཕྱིར། དེ་ལྟར་ནའང་རྟེན་འབྲེལ་སྟོང་ཉིད་དུ་རྟོགས་ཤིང༌། (༣༩༦ན)


K800_Page_812
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་རྟེན་འབྲེལ་རང་རྒྱུད་དམ་རང་ལུགས་ཀྱིས་གྲུབ་པར་སྨྲ་བའི་གང་ཟག་དེ་ནི་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་རང་ལུགས་ཀྱིས་གྲུབ་པས་འཇོག་པ་འཐད་ལྡན་དུ་ཡང་མི་རུང་ལ། ཤེས་བྱ་རྟེན་འབྲེལ་དང་མཐུན་པར་རང་ལུགས་ཀྱིས་ཐ་སྙད་དུ་གྲུབ་པར་སྨྲ་བའི་དབུ་མ་པ་འཐད་ལྡན་ཀྱང་མ་བྱུང་ཞེས་སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་གྲགས་ཀྱིས་སློབ་དཔོན་ཆེན་པོ་ལེགས་ལྡན་བྱེད་དང་དེའི་རྗེས་འབྲངས་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་སོགས་ལ་དགག་པ་རྒྱ་ཆེར་མཛད་པའང་གནད་འདིར་ཐུག་པ་ཡིན་ལ། གནད་འདི་ཁོང་དུ་ཆུད་ན་དབུ་མ་ཐལ་རང་གི་གྲུབ་མཐའི་གྱེས་མཚམས་དང་འཇོག་ཚུལ་འཁྲུལ་པ་མེད་པར་བདེ་བླག་ཏུ་རྟོགས་པར་འགྱུར་པ་ལས། གཞན་འདི་ལྟ་བུ་མ་རྟོགས་པའི་བོད་གང་དག་དབུ་མ་ཐལ་རང་གི་གྱེས་མཚམས་དང༌། དེ་དག་སོ་སོའི་གྲུབ་མཐའ་འདི་ལྟར་བཞག་ཅེས་རང་རང་གི་རྟོག་པ་ཉི་ཚེ་བས་སྦྱར་བའི་གླེགས་བམ་ཆེན་པོ་ཅི་ཙམ་དུ་བརྗོད་པ་དེ་ཙམ་དུ་སྙིང་པོ་མེད་པར་སྨྲས་པ་ལས། སློབ་དཔོན་ཆེན་པོ་དེ་དག་གི་བཞེད་པ་ལྟར་གྱི་དགག་སྒྲུབ་ཇི་ལྟར་མཛད་པ་ལྟར་བརྗོད་པ་ནི་བོད་སྟོན་དབུ་མའི་གྲུབ་མཐའ་གསར་འཇོག་བྱེད་པ་དེ་དག་གི་ལུགས་ལ་ཡོད་པར་མ་མཐོང་ངོ༌། །དེས་ན་ཤེས་བྱ་རྟེན་འབྲེལ་སྟོང་ཉིད་དུ་རང་ལུགས་ཀྱིས་གྲུབ་པར་འཇོག་པའི་གང་ཟག་དེ་དབུ་མ་པ་ཡང་དག་པ་མིན་ན་ཤེས་བྱ་རྟེན་འབྲེལ་སྟོང་ཉིད་དུ་མ་རྟོགས་ཤིང༌། དེར་མི་སྨྲ་བ་ནི་དབུ་མ་པའི་གང་ཟག་ཏུ་ག་ལ་རུང༌། ཡང་འདི་ལྟར་དྭོགས་ཏེ། སྐྱེ་འཕགས་ཀྱི་འཇིག་རྟེན་པ་དག་དབུ་མ་པ་ཡིན་པར་མི་རུང་བར་ཐལ། དེ་སློབ་པ་དང་མི་སློབ་པའི་མཉམ་གཞག་ལ་(༣༩༦བ)


K800_Page_813
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་འཕགས་པ་མིན་པའི་ཕྱིར་སྙམ་ན། དབུ་མ་པ་ཡང་དག་པ་དེ་མ་ཡིན་པ་ནི་འདོད་ལ། རྗེས་སུ་མཐུན་པ་ཙམ་མ་ཡིན་པར་ཐལ་ལོ་ཞེ་ན། མ་ཁྱབ་སྟེ། སྐྱེ་འཕགས་ཀྱི་འཇིག་རྟེན་པ་ཤེས་བྱ་རྟེན་འབྲེལ་སྟོང་ཉིད་དུ་གཞན་གྲགས་ཙམ་དུ་འཇོག་པའི་གང་ཟག་དེ་དག་གིས་ནི་སློབ་པ་དང་མི་སློབ་པའི་འཕགས་པའི་མཉམ་གཞག་སྤྲོས་པ་དང་བྲལ་བ་ཙམ་ཞིག་མངོན་སུམ་མམ། རྗེས་དཔག་གི་ཚད་མས་ཁོང་དུ་ཆུད་པར་རློམས་ནས་དཔྱད་པ་ཐམས་ཅད་གཞན་གྲགས་སུ་བསྐྱལ་ནས་དགག་སྒྲུབ་སོགས་སྤྲོས་པ་ཐམས་ཅད་རང་ལུགས་ལ་འགར་ཡང་མི་འཛིན་པར་སྨྲ་བསམ་བརྗོད་པའི་མཐའ་གང་དུ་ཡང་སྤྲོ་བར་མི་བྱེད་པའི་ཕྱིར། དེའི་ཚེ་དེས་རང་ལུགས་འགར་ཡང་མི་འཛིན་ན། དེའི་ཚེ་གཞན་ལུགས་ཀྱང་དེས་འདོད་པར་ཁས་མ་བླངས་པའི་ཕྱིར། དབུ་མ་པས་རྟེན་འབྲེལ་སྟོང་ཉིད་མཐའ་བྲལ་དུ་བརྗོད་པ་དེ་ལ། དངོས་སྨྲ་བས། ཤེས་བྱ་རྟེན་འབྲེལ་དང་མཐུན་མི་མཐུན་གང་དུ་སྨྲ་བའི་རིགས་པས་དེར་མི་འགྲུབ་པའི་གནོད་བྱེད་ཇི་སྙེད་པ་བརྗོད་པའི་ལན་ཇི་ལྟར་འདེབས་ཞེ་ན། རྟགས་གསལ་མི་འདོད། ཁྱབ་པ་ཁྱོད་རང་ལ་འགལ་ལོ་ཞེས་ཁོ་ནར་བརྗོད་པས་ཡང་དག་པའི་ལན་ཐེབས་ཏེ། ཕྱིར་རྒོལ་བའི་སྤོབས་པ་བཅོམ་པར་བྱས་པ་ཡིན་ནོ། །དེའང་ཁྱོད་རང་ལ་ཁྱབ་པ་མ་གྲུབ་ཅིང༌། ཅི་ལྟར་འགལ་སྙམ་ན། ཁྱེད་ཅག་སྒྲུབ་བྱེད་ཚད་མ་རང་བདེན་པ་ཞིག་ཡོད་ནས་བསྒྲུབ་བྱ་ཚད་མ་རང་བདེན་པ་ཞིག་སྒྲུབ་པར་རློམ་པ་ནི་མ་གྲུབ་པས་མ་གྲུབ་པ་བསྒྲུབ་པར་སོང་བས་དོན་གྱིས་བསྒྲུབ་བྱ་རང་བདེན་པ་ནི་ཁྱོད་རང་གིས་བཀག་པར་བྱས་པའི་ཕྱིར། དེས་ན་དངོས་སྨྲ་བས་དབུ་མ་པ་ལ་ཇི་ཙམ་དུ་བརྒལ་བ་དེ་ཙམ་བརྗོད་པ་འདི་ཁོ་ན་(༣༩༧ན)


K800_Page_814
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་དུ་མི་བརྗོད་པ་ནི་ཐལ་འགྱུར་བའི་ལན་བླ་ན་མེད་པ་སྟེ། དངོས་སྨྲ་བ་དག་གིས། དེས་ན་མཁས་པས་ཐལ་འགྱུར་ལན། །རྣམ་པར་ཐར་པའི་སྒོ་བཞིས་གདབ། །ཅེས་པ་ལས་ཁྱད་པར་དུ་འཕགས་པའི་ལན་འདེབས་ཚུལ་ལོ། །ཡང་འདི་ལྟར་དྭོགས་ཏེ། བདེན་གཉིས་ཀྱིས་བསྡུས་པའི་ཆོས་འདི་དག་ལ་ཤེས་བྱར་ཡོད་མེད་ཇི་ལྟ་བུ་ཞེ་ན། དེ་ཡང་དབུ་མ་པ་རང་ལུགས་ཀྱིས་ནི་བདེན་གཉིས་ཀྱིས་བསྡུས་པའི་ཆོས་འདི་དག་དཔྱད་པ་ན་ལྟ་ཅི་སྨོས། མ་དཔྱད་པར་སྨྲ་བ་ན་ཡང་བདེན་གཉིས་ཀྱིས་བསྡུས་པའི་ཆོས་འདི་ལ་ཤེས་བྱ་ཡང་དག་པར་འདི་ཡོད་ཀྱི། འདི་ནི་མེད་དོ་ཞེས་བརྗོད་པར་མི་བྱེད་ཀྱང༌། འཇིག་རྟེན་གཞན་གྲགས་དང་སྒོ་བསྟུན་ཏེ་བརྗོད་པ་ན་ནི་མ་དཔྱད་པར་བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བློ་ཡུལ་དུ་ཤེས་པར་བྱ་རུང་དུ་སྨྲ་བ་ཡིན་ཏེ། དེ་ཡང་འཇིག་རྟེན་ལས་འདས་པའི་དབུ་མར་སྨྲ་བ་དག་གིས་ཀྱང་གདུལ་བྱ་འདུལ་ཆེད་དུ་མ་དཔྱད་པར། ཤེས་བྱ་རྟེན་འབྲེལ་དང་མཐུན་པ་སྒྱུ་མ་ལྟར་སྨྲ་བའི་འཇིག་རྟེན་པའི་གཞན་གྲགས་ཀྱི་རྗེས་ཟློས་སུ་དེ་ངོར་འདི་ཙམ་ཞིག་རྗོད་པར་བྱེད་དེ། ཉོན་མོངས་ཅན་མིན་པའི་མ་རིག་པའི་དབང་གིས་བྱུང་བའི་ཀུན་རྫོབ་ཙམ་པོ་སྒྱུ་མ་དང་རྨི་ལམ་ལྟ་བུ། འཕགས་པ་ལ་གྲགས་པའི་ཀུན་རྫོབ་ཀྱིས་བསྡུས་པའི་བལྟོས་བཞག་གི་བདེན་གཉིས་ཀྱི་ཆོས་ནི་ཤེས་བྱར་ཐ་སྙད་དུ་ཡང་དག་པར་ཡོད་ལ། གཞན་ཉོན་མོངས་ཅན་གྱི་མ་རིག་པས་བསླད་པའི་ཀུན་རྫོབ་བདེན་པ་དང༌། འཕྲལ་གྱི་འཁྲུལ་རྒྱུའི་མ་རིག་པའི་བསླད་པས་དུང་དཀར་སེར་སྣང་ལྟ་བུ་ནི་མ་འཁྲུལ་པའི་ཤེས་བྱ་ཡང་དག་པར་མེད་དོ་ཞེས་སྨྲའོ། །དོན་འདི་ལ་དགོངས་ནས་(༣༩༧བ)


K800_Page_815
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བཤེས་གཉེན་སྣེའུ་ཟུར་པས་སྐྱེས་བུ་གསུམ་གྱི་ལམ་རིམ་དུ། ཆོས་ཅན་ཀུན་རྫོབ་ཀྱི་ཆོས་སྒྱུ་མ་ལྟར་ཀུན་རྫོབ་འཛིན་པའི་བློ་ཉིད་ལ་བལྟོས་པའི་ཕྱིན་ཅི་མ་ལོག་པར་རྟོགས་པའི་ངེས་ཤེས་གོམས་པ་རབ་ཀྱི་མཐར་ཐུག་པ་ཕུལ་དུ་བྱུང་བ་ནི་ས་བཅུ་པའི་རྗེས་ཐོབ་ཀྱི་ཡེ་ཤེས་ཡིན་པས། དེའི་ཡུལ་ཡུལ་ཅན་གྱི་ཡང་དག་པའི་ཀུན་རྫོབ་ཡིན་པས་ཡང་དག་ཀུན་རྫོབ་མཚན་ཉིད་པ་ནི་ས་བཅུ་པའི་རྗེས་ཐོབ་ཁོ་ནར་ཡང་དག་པར་བྱ་བའི་ཤེས་བྱར་ཡོད་ལ། གཞན་ཀུན་རྫོབ་པའི་ཆོས་ནི་ཤེས་བྱ་ཡང་དག་པར་མེད་དོ། ། ཞེས་གསུངས་ལ། བདག་ཉིད་ཆེན་པོ་རྨ་བྱ་བ་བྱང་ཆུབ་བརྩོན་འགྲུས་ཀྱིས། ས་ཐོབ་ནས་ཀུན་རྫོབ་ཀྱི་ཡུལ་སྣང་རྒྱ་ཇེ་ཆེར་འགྱུར་བས་འཁྲུལ་སྣང་གོང་འཕེལ་དུ་འགྱུར་ཞིང༌། ཀུན་རྫོབ་པའི་ཆོས་ཡང་དག་པ་མཐའ་དག་ས་བཅུ་པར་མངོན་དུ་འགྱུར་ཞིང༌། ཇི་སྲིད་སངས་རྒྱས་ཡེ་ཤེས་བརྙེད་པ་ན་ཀུན་རྫོབ་ཀྱི་ཆོས་ལ་བློའི་འཇུག་པ་ཞི་བས་འཁྲུལ་པ་རྒྱུན་ཆད་པར་འགྱུར། ཞེས་གསུངས་སོ། །ཡང་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་བྱུང་བའི་ཀུན་རྫོབ་བདེན་པ་བྱིས་པ་ལ་གྲགས་པའི་ཀུན་རྫོབ་སྨྲ་བ་དེ་དག་གིས་ནི། སྒྱུ་མ་ལྟ་བུའི་ཀུན་རྫོབ་ཙམ་པོ་དང་འཕྲལ་གྱི་འཁྲུལ་རྒྱུའི་མ་རིག་པས་བསླད་པའི་ཟླ་གཅིག་ཟླ་གཉིས་སུ་འཛིན་པ་ལྟ་བུའི་ཀུན་རྫོབ་ནི་མ་འཁྲུལ་པའི་ཤེས་བྱ་ཡང་དག་པར་མེད་ལ། མཚོན་བྱ་མེ་རང་བདེན་པ་མཚན་ཉིད་བཙོ་སྲེག་སོགས་བྱེད་པའི་དངོས་པོ་རང་བདེན་པ་འདི་ཉིད་ཡང་དག་པར་ཤེས་བྱར་ཡོད་དོ་ཞེས་སེམས་ཤིང་སྨྲ་ལ། ཡང་སྨྱོན་པ་སོགས་འཕྲལ་གྱི་འཁྲུལ་རྒྱུའི་མ་རིག་པས་བསླད་པའི་ངོར་ནི། མཛའ་བཤེས་ལ་དགྲ་དང་ཆུ་ལ་མེར་སྣང་བ་སོགས་འཁྲུལ་ཆོས་དེ་ཤེས་བྱ་ཡང་དག་(༣༩༨ན)


K800_Page_816
[མ་དཔེ་གཟིགས་ན་འདིར་གནོན།]

པར་བདེན་གྱི། དེ་ལས་གཞན་ཕུགས་དང་འཕྲལ་གྱི་མ་འཁྲུལ་པའི་ཆོས་ནི་ཤེས་བྱ་ཡང་དག་པར་མི་སྨྲའོ། །དེ་ལྟར་ན་འཕྲལ་གྱི་འཁྲུལ་རྒྱུའི་མ་རིག་པའི་དབང་གིས་བསླད་ངོ་དེའི་ཡུལ་དང་ཡུལ་ཅན་གཉིས་ཀ་དེ་ངོར་ཤེས་བྱར་ཡོད་དེ། ཡུལ་དང་ཡུལ་ཅན་ལྟར་གྱི་འཁྲུལ་རྒྱུ་མ་ཚོགས་ན་ཡུལ་ཤེས་བྱ་དེའི་རྣམ་པ་འཛིན་པའི་འཁྲུལ་ཤེས་སྐྱེ་མི་རིགས་པའི་ཕྱིར། ཚུལ་འདི་ལྟ་བུ་ཁོང་དུ་མ་ཆུད་པར། ཙོང་ཁ་པ་ཆེན་པོའི་དབུ་མའི་ལྟ་བ་ཐུགས་སུ་བྱོན་པའི་གུང་རུའི་དབུ་མའི་ཡི་གེར། སྒྲ་རྟག་འཛིན་རྟོག་པ་དང༌། བདག་འཛིན་གཉིས་ལ་སོགས་པ་ཡང་རང་གི་སྣང་ཡུལ་མེད་མི་སྲིད་པས་རང་གི་སྣང་ཡུལ་གཞལ་བའི་སྟོབས་ཀྱིས་རང་ཉིད་གྲུབ་པ་ནི་སྔ་མ་དང་འདྲའོ། །ཞེས་བྲིས་གདའ་བ་དེ་ལྟར་ན་ཁྱེད་དཔོན་སློབ་ལ་འདིར་འགྱུར་ཏེ། སྨྲས་པ། རྟགས་ཀྱི་དགག་བྱ་ཤེས་བྱར་མེད་པ་དང༌། །བདག་འཛིན་གཉིས་དང་སྒྲ་སོགས་རྟག་འཛིན་ལ། །སྣང་ཡུལ་ཡོད་དང་དེ་ཉིད་གཞལ་བ་འགལ། །ཅེས་པའི་སྐྱོན་ཆེན་པོ་མི་འདོད་བཞིན་ཁས་ལེན་དགོས་པར་འགྱུར་རོ། །ཡང་ཁྱེད་ཐལ་འགྱུར་བའི་ལུགས་ལ་ཤེས་བྱ་ནི་ཤེས་བྱེད་ལ་བལྟོས་ཏེ་འཇོག་པར་སྨྲ་བ་ན། ཤེས་བྱེད་ལ་བལྟོས་ཤེས་བྱ་འཇོག་པ་དང༌། །རྟགས་ཀྱི་དགག་བྱ་ཤེས་བྱར་མེད་པ་འགལ། །ཅེས་ཀྱང་གནོད་བྱེད་དུ་འཇུག་གོ། །བསླད་ངོའི་གཟུགས་བརྙན་དང་སྐྲ་ཤད་དང་ཟླ་བ་གཉིས་སྣང་ཡང་བློ་ཡུལ་དུ་བྱར་རུང་གི་ཤེས་བྱ་ཡིན་ཀྱང༌། གཟུགས་འཛིན་པའི་ཤེས་པ་སོགས་གཟུགས་བརྙན་གཟུགས་དང༌། སྐྲ་ཤད་སྐྲ་དང༌། ཟླ་གཉིས་ཟླ་བ་གཉིས་སུ་གྲུབ་པར་ཕུགས་ཀྱི་འཁྲུལ་རྒྱུའི་མ་རིག་པའི་དབང་གིས་བསླད་པའི་ཤེས་(༣༩༨བ)


K800_Page_817
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚད་མར་འཇིག་རྟེན་ན་ཡང་དག་ཀུན་རྫོབ་བདེན་པར་གྲགས་པ་ཅན་དེའི་ངོར་གྲུབ་པའི་ཤེས་བྱ་ཡང་དག་པ་ནི་མ་ཡིན་ནོ། །ཞེས་འཇིག་རྟེན་ཉིད་རྣམ་པར་འཇོག་པར་བྱེད་དོ། །དེས་ན་སྐྱེ་འཕགས་ཀྱི་དབུ་མ་པ་དག་གིས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་སླད་དུ། བྱིས་པ་ལ་གྲགས་པའི་ཡང་དག་ཀུན་རྫོབ་བདེན་པ་དང༌། འཕྲལ་གྱི་འཁྲུལ་རྒྱུའི་མ་རིག་པས་བསླད་པའི་ལོག་པའི་ཀུན་རྫོབ་ཀྱང་མ་དཔྱད་པར་དེ་ངོར་ཤེས་བྱར་བརྗོད་ལ། དཔྱད་པ་ན་བདེན་པ་གཉིས་ཀྱི་ཆོས་གང་ཡང་ཤེས་བྱར་མི་འདོད་དེ། དཔྱད་ན་བདེན་གཉིས་ཀྱི་ཆོས་ཤིག་ཤེས་བྱ་རང་བདེན་པར་གྲུབ་ན་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པར་འགལ་བའི་ཕྱིར། དེས་ན་ཀུན་རྫོབ་ཀྱི་ཆོས་འདི་ལ་ཉོན་མོངས་པ་ཅན་མིན་པའི་མ་རིག་པས་བཏགས་པའི་ལོག་པའི་ཀུན་རྫོབ་སྒྱུ་མ་དང་རྨི་ལམ་ལྟ་བུ་དང༌། ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་བྱུང་བའི་ལོག་པའི་ཀུན་རྫོབ་དངོས་པོ་དང་བདེན་པར་དོན་བྱེད་པ་དང༌། འཕྲལ་གྱི་འཁྲུལ་རྒྱུའི་མ་རིག་པའི་དབང་གིས་ལོག་པའི་ཀུན་རྫོབ་བྱིས་པའི་ཐ་སྙད་དུའང་བརྫུན་པའི་འཁྲུལ་ཆོས་ཏེ་ཀུན་རྫོབ་འདི་ལ་བློས་བཏགས་བཞག་གི་དབང་གིས་ཚུལ་གསུམ་དུ་བྱུང་བ་ཡིན་ལ། དེ་ལྟར་ན་ཆོས་ཐམས་ཅད་རྣམ་པ་ཀུན་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཡུལ་མི་གནས་པའི་མྱང་འདས་ཆོས་ཀྱི་དབྱིངས་དང་ཡུལ་ཅན་དེ་ཁོང་དུ་ཆུད་པའི་ཡེ་ཤེས་གཉིས་གཅིག་པ་དང་ཐ་དད་པ་སྤངས་པ། བློས་བཏགས་བཞག་དང་བྲལ་བའི་རྣམ་གྲངས་མིན་པའི་དོན་དམ་བདེན་པ་དེ་ནི་བཏགས་ཆོས་ཀུན་རྫོབ་འཁྲུལ་པ་དང་སྒྲིབ་པའི་ངོ་བོ་ནི་མ་ཡིན་ལ། དེ་ལས་གཞན་འཁོར་འདས་དང་(༣༩༩ན)


K800_Page_818
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་གཉིས་སོགས་ཀྱིས་བསྡུས་པའི་ཀུན་རྫོབ་ཀྱི་ཆོས་འདི་ཐམས་ཅད་རྟོག་པས་བཏགས་བཞག་གི་ཆོས་ཙམ་ལས། ཇི་ལྟར་བཏགས་པ་ལྟར་ཆོས་ཅན་དང་ཆོས་ཉིད་གཉིས་ཀར་རང་གི་ངོ་བོས་བདེན་པ་དང་བདེན་མེད་ལ་སོགས་པའི་རང་བཞིན་དུ་གྲུབ་པ་འགར་ཡང་མེད་ཅིང༌། བཏགས་ཆོས་དེ་ལྟར་འདོགས་བྱེད་ཀྱི་བློ་ཡང་ཀུན་བརྟགས་ཀྱི་བློ་ཉི་ཚེ་བས་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་འབྱུང་མི་རུང་བའི་ཆོས། ཐ་སྙད་དུ་མེའི་རང་བཞིན་བསིལ་བ་དང༌། རི་བོང་གི་རྭ་དང༌། རྒྱུ་མི་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བར་བཏགས་ཀྱང་ཐ་སྙད་ཙམ་དུའང་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་གོ་སྐབས་གཏན་མི་སྲིད་ལ། ཐོག་མེད་ཀྱི་བློ་ལྷན་སྐྱེས་ཀྱིས་ཤེས་བྱ་རྟེན་འབྲེལ་དང་མཐུན་པར་འབྱུང་དུ་རུང་བའི་ཆོས་བྱིས་པའི་ཐ་སྙད་དུ་མེའི་རང་བཞིན་ཚ་བ་དང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྒྱུ་ཚོགས་ཚང་བ་ལས་འཁོར་བ་དང་ཚོགས་གཉིས་ཀྱི་རྒྱུ་ལས་ཀུན་མཁྱེན་འབྱུང་བར་བཏགས་པ་དེ་ལྟར་ཐ་སྙད་དུའང་རྟེན་ཅིང་འབྲེལ་བར་བསླུ་མེད་དུ་འབྱུང་བ་ལ་འཁྲུལ་པའི་གོ་སྐབས་གཏན་མེད་ཅིང༌། དེ་ལྟར་བལྟོས་ནས་བཞག་པའི་ཕྱིར་དེ་ལྟའི་འཁོར་འདས་དང་བདེན་གཉིས་ཀྱིས་བསྡུས་པའི་ཀུན་རྫོབ་པའི་ཆོས་ནི་རང་རང་གི་ངོ་བོས་དབེན་པ་ཉིད་དུ་རྟོགས་པར་འགྱུར་བས་སྟོང་ཉིད་རྟོགས་ན་ལས་རྒྱུ་འབྲས་བསླུ་བ་མེད་པའི་ངེས་པ་གཞན་དྲིང་ལ་མ་བལྟོས་པར་རྒྱུད་ལ་སྐྱེས་ནས་སྲོག་ལ་བབ་ཀྱང་མི་དགེ་བ་སོགས་འཁོར་བ་ངན་སོང་གི་རྒྱུ་ལས་ལྡོག་ཅིང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུ་ལ་འབད་པ་ནི་མགོ་ཐོད་ལ་མེ་ཤོར་བའང་བཤོལ་ནས་བརྩོན་པ་བསྐྱེད་པར་འགྱུར་བའི་རྟོགས་པ་ཁྱད་པར་(༣༩༩བ)


K800_Page_819
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བསྐྱེད་ཐབས་ཀྱི་ཟབ་གསང་གི་འཕྲུལ་ཕྲ་མོའང་འདི་ཉིད་ཡིན་ནོ། །འདི་ལས་གཞན་དུ་ཤར་ཙོང་ཁ་པ་ན་རེ། རྟགས་ཀྱི་དགག་བྱའི་བདག་བདེན་ཐ་སྙད་དུ་ཡང་མེད་པར་སྟོང་ཉིད་དུ་རྟོགས་ན། ཚུར་མཐོང་འཇིག་རྟེན་པས་དངོས་པོར་ལྟ་བའི་དངོས་པོ་འདི་དག་ཇི་ལྟར་ལྟ་བ་ལྟར་ཐ་སྙད་བསླུ་བ་མེད་པར་བདེན་པར་འབྱུང་བ་ཉིད་དུ་ངེས་པར་འགྱུར་བས་སྟོང་ཉིད་རྟོགས་ན་ལས་རྒྱུ་འབྲས་གཞན་དང་མི་འདྲ་བའི་ངེས་པ་འདྲེན་པའི་རྒྱུ་མཚན་དེ་ལྟར་རོ་ཞེས་སྨྲ་བ་དེ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལས་གོལ་བའི་གནས་སུ་རིག་པར་བྱ་དགོས་ཏེ། དེ་ལྟར་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཐ་སྙད་ཚད་གྲུབ་ཏུ་དངོས་པོའི་ངོ་བོ་ཉིད་ཀྱིས་མི་སྟོང་པར་བསླུ་མེད་དུ་བདེན་པར་ཡོད་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བཅོམ་ལྡན་འདས་ཀྱིས་བདེན་པ་གཉིས་ཀར་བདེན་མེད་སྟོང་པ་ཉིད་དུ་གསུངས་ཤིང༌། གསུངས་པ་ལྟར་ཆོས་ཐམས་ཅད་ཟབ་མོ་སྟོང་པ་ཉིད་དུ་རང་བཞིན་ལྷུན་གྱིས་གྲུབ་པར་མཉམ་ཉིད་དུ་གནས་པ་འདི་མི་འགྲུབ་པར་འགྱུར་བས་འདི་ལས་ཉེས་པ་ཆེ་བ་ཅི་ཞིག་ཡོད་པའི་ཕྱིར། ཡང་ཁྱེད་ཅག་ཀ་བ་ཀ་བའི་དངོས་པོར་བདེན་ཀྱང་ཀ་བརྟགས་ཀྱི་དགག་བྱའི་དངོས་པོར་བདེན་པར་མ་གྲུབ་ཅེས་བརྗོད་པ་ཙམ་གྱིས་ཀ་བའི་དངོས་པོ་ཐ་སྙད་ཙམ་དུ་ཡང་རང་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་ཀྱི་དོན་དུ་འཆད་ནུས་སོ་ཞེས་ཕྱིན་ཅི་ལོག་ཏུ་ཡིད་རྟོན་པ་བྱེད་ན། ཀ་བ་ཀ་བའི་དངོས་པོར་སྨྲ་ན་ཀ་བ་ཀ་བའི་དངོས་པོ་ཐ་སྙད་དུ་ཡང་རང་རང་གི་ངོ་བོས་སྟོང་ཞེས་པའི་རང་གི་ཞེན་དོན་གྱི་དམ་བཅའ་རང་ཚིག་ཉིད་ཀྱིས་སུན་ཕྱུང་བས་ལེགས་པར་ཡིད་ནང་དུ་ཕྱོགས་ཏེ་རྟོགས་ཤིག ཡང་ཁྱེད་ཅག་ཆོས་ཐམས་ཅད་བཏགས་ནས་བཞག་(༤༠༠ན)


K800_Page_820
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཅན་ཉིད་སྟོང་ཉིད་དུ་གཏན་ལ་དབབ་པ་ཙམ་གྱིས་སྟོང་ཉིད་རྟོགས་ནུས་པའི་བློ་ཁ་མ་ཚིམ་པར། ད་དུང་བཏགས་དོན་བཙལ་ནས་འཆོལ་བའི་དངོས་པོ་སྟོང་ཉིད་དུ་གཏན་ལ་དབབ་པར་བྱས་པའི་སྟོང་པ་ཉིད་ཞིག་སྟོང་ཉིད་རྣམ་དག་ཡིན་ལ། རྟེན་འབྲེལ་གྱི་ཆོས་ཙམ་རང་རང་ངོ་བོས་སྟོང་པར་རྟོགས་པས་ཆད་ལྟ་ལས་སྟོང་ཉིད་ཇི་བཞིན་པ་རྟོགས་པའི་གོ་མི་ཆོད་པར་སྨྲ་བ་འདི་ནི་རྫོགས་པའི་སངས་རྒྱས་དང་དཔལ་མགོན་ཀླུ་སྒྲུབ་ཀྱི་དགོངས་པ་མ་ཡིན་ཏེ། དེ་དག་གིས་ནི་བཏགས་བཞག་གི་ཆོས་ཅན་ལ་སྟོང་ཉིད་དུ་གཏན་ལ་དབབ་པས་ཆོས་དེའི་སྟོང་ཉིད་རྟོགས་པར་འགྱུར་གྱི། དེ་ལས་གཞན་དུ་ཤེས་བྱར་མེད་པའི་ཆོས་སྟོང་ཉིད་དུ་གཏན་ལ་མ་ཕབ་ཀྱང་གྲོལ་བ་དོན་གཉེར་ལ་གནོད་པ་ཅུང་ཟད་ཀྱང་མེད་དེ། ཤེས་བྱར་མེད་པའི་ཆོས་ལ་དངོས་བདེན་དུ་རྟོགས་པའི་གཞི་མེད་པའི་ཕྱིར་ཞེས་སྟོང་ཉིད་དུ་གཏན་ལ་དབབ་བྱའི་ཆོས་ནི་ཤེས་བྱ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་བཏགས་ཆོས་འདི་ཁོ་ན་ཡིན་པར་གསུངས་པ་ལས་ཁྱེད་ཅག་དེ་ལས་གོ་བཟློག་སྟེ་སྨྲས་པའི་ཕྱིར། ཁྱེད་ཀྱི་སྟོང་ཉིད་དུ་གཏན་ལ་དབབ་པའི་ཆོས་དེ་ཤེས་བྱར་མེད་ཅིང༌། གལ་ཏེ་ཡོད་ན་དེ་ཁོ་ན་སྟོང་ཉིད་དུ་གཏན་ལ་དབབ་བྱ་ཡིན་ན་རྒྱལ་བའི་ཡུམ་དང་སློབ་དཔོན་གྱི་བསྟན་བཅོས་དང་སློབ་དཔོན་འདིས་ཀྱང་རྩ་འགྲེལ་འདི་དག་ཏུ་སྟོང་གཞི་ཉི་ཤུ་རང་རང་གི་ངོ་བོས་སྟོང་པར་གཏན་ལ་མི་དབབ་པར། ཁྱེད་འདོད་པའི་རྟགས་ཀྱི་དགག་བྱ་སྟོང་གཞིར་བཟུང་ནས་དེ་རང་རང་ངོ་བོས་སྟོང་པར་གཏན་ལ་དབབ་རིགས་པ་ལས་དེ་ལྟར་གསུངས་པ་མེད་ཅིང༌། ཁྱེད་འདོད་པའི་ཤེས་བྱར་མེད་པ་དེ་ཁོ་ན་སྟོང་ཉིད་དུ་གཏན་ལ་དབབ་བྱ་ཡིན་ན། ཡུམ་སོགས་ལས་(༤༠༠བ)


K800_Page_821
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་སྟོང་གཞི་ཉི་ཤུ་རང་རང་ངོ་བོས་སྟོང་ཉིད་དུ་གཏན་ལ་འབེབས་པར་མཛད་པ་དེ་དག་ཀྱང་དོན་མེད་པ་འབའ་ཞིག་ཏུ་འགྱུར་ལ། དེ་ལྟར་འདོད་ན་ནི་ཐེག་ཆེན་གྱི་ཆོས་སྤོང་བའི་ལས་སོག་པར་འགྱུར་རོ། །ཁོ་བོ་ཅག་ནི། བཏགས་བཞག་གི་འཁྲུལ་ཆོས་ཤེས་བྱ་མྱུ་གུ་ལྟ་བུ་དེ་འབྲས་བུ་བསླུ་མེད་དུ་བསྐྱེད་པའི་ཤེས་བྱ་རང་བདེན་པར་གྲུབ་པ་དེ་ཀ་འགོག་པ་ཡིན་ལ། དེ་ལྟར་ན་ཆོས་ཅན་གྱི་ངོ་བོ་བཀག་པས་ཕྱོགས་ཆོས་ཀྱི་ཚུལ་མ་འགྲུབ་པས། བསྒྲུབ་བྱ་དེ་ཡང་བསྒྲུབ་པར་མི་ནུས་སོ་སྙམ་ན། ཁོ་བོ་ཅག་ནི་དཔྱད་ན་ཤེས་བྱ་བདེན་པ་གཉིས་ཀར་མེད་པའི་ཆོས་ཅན་མྱུ་གུ་ལྟ་བུ་འཁྲུལ་ཆོས་དེ་ཁྱེད་རང་གི་ཤེས་བྱར་ཡོད་པར་འདོད་པ་དེ་དགག་ཆེད་ཆོས་ཅན་དུ་བཟུང་བ་ལས། དེ་ལས་གཞན་ཆོས་ཅན་དེ་འདྲ་དབུ་མ་པའི་རང་ལུགས་ཀྱི་ཤེས་བྱར་མ་བཞག་ཅིང༌། དེ་མ་བཞག་པས་དེར་ལྟོས་ཀྱི་ཕྱོགས་ཆོས་རང་ལུགས་ཀྱིས་མ་གྲུབ་ཅིང༌། དེ་མ་གྲུབ་ན་རང་ལུགས་ཀྱི་ཚད་མས་བསྒྲུབ་བྱ་དེ་ལྟར་བསྒྲུབ་བོ་ཞེས་ངེད་ཀྱིས་འགར་ཡང་མི་སྨྲ་ལ། དེ་ལྟར་ནའང་ཤེས་བྱ་མྱུ་གུ་དང་བདེན་པ་ཞིག་གིས་རང་འབྲས་རང་བདེན་པ་བསྐྱེད་པའི་ལོག་རྟོག་འགོག་མི་ནུས་པ་མིན་ཏེ། རང་སྡེ་དངོས་སྨྲ་བ་དག་གིས་སྤྱི་གཙོ་བོ་རང་ལུགས་ཀྱི་ཤེས་བྱར་མི་འདོད་ཀྱང་གཞན་ལ་གྲགས་པ་དེ་ཆོས་ཅན་དུ་བཟུང་ནས་དེ་ལྟར་ཤེས་བྱ་ལ་ཡོད་པའི་ལོག་རྟོག་འགོག་ཆེད་དུ་སྦྱོར་བ་བཞིན། འདིར་ཡང་དེ་ལྟར་ཤེས་པར་བྱ་བ་ཡིན་ནོ། །དེ་ལྟར་བཤད་པའི་རྒྱ་མ་བསྐྱེད་པར་མདོ་ཙམ་དུ་བསྡུས་ནས་ངེས་དོན་དབུ་མ་གསུང་རབ་ཀྱི་དོན་སྒྲོ་སྐུར་དང་བྲལ་བ་རྫོགས་པའི་སངས་རྒྱས་དང༌། དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཇི་ལྟ་བར་དཔལ་ལྡན་(༤༠༡ན)


K800_Page_822
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་པོ་བཀའ་བརྒྱུད་ཀྱིས་ཐུགས་ཉམས་སུ་བསྟར་བ་ལས། འགྲན་བྲལ་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པའི་མིག་གཅིག་རྗེ་བཙུན་ཆེན་པོ་མཉན་པ་རས་ཆེན་གྱི་ཞལ་ལུང་ལས་བྱུང་བའི་ལེགས་པར་བཤད་པ་ཅུང་ཟད་སྨོས་ཟིན་ལ། རྒྱས་པར་ནི་ཡི་གེས་འཇིགས་པས་སྤྲོས་པ་ཆོག་གོ། །འདིར་སྨྲས་པ། འཁྲུལ་མེད་དགེ་བའི་བཤེས་ལ་ཐར་འདོད་ཀྱིས། །མོས་པ་ཆེན་པོས་སྙིང་ནས་ཉེར་བསྟེན་ཏེ། །སངས་རྒྱས་བཀའ་བཞིན་བསགས་སྦྱངས་སྒྲུབ་པ་ན། །བདེ་གཤེས་དགོངས་པ་ཇི་བཞིན་སྨྲ་བ་ཡི། །འཆད་རྩོད་རྩོམ་ལ་འཁྲུལ་པ་དང་བྲལ་བས། །མ་རྒན་རྣམས་ལ་བཟོད་མེད་སྙིང་རྗེ་ཡིས། །ཀུན་ནས་བསླངས་པའི་དྲན་བརྩོན་ཤེས་རབ་གང༌། །བསྐལ་ཆེན་མེ་ལྟར་འབར་བ་ཆོས་ཉིད་དོ། །ཞེས་སོ། །


previousབརྩམས་པ་ཡོངས་སུ་རྫོགས་པའི་བྱ་བ།next