Nitartha Digital Library
Tibetan
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་


  collapse section
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
བསྟན་བཅོས་ཀྱི་མཛད་བྱང་དང་འགྱུར་བྱང་སྨོས་པ།


 
previousབསྟན་བཅོས་ཀྱི་མཛད་བྱང་དང་འགྱུར་བྱང་སྨོས་པ།no next

བསྟན་བཅོས་ཀྱི་མཛད་བྱང་དང་འགྱུར་བྱང་སྨོས་པ།


K800_Page_823
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། དབུ་མ་ལ་འཇུག་པ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ། སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་བཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ་རྫོགས་སོ། །ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་དབུས། རིན་ཆེན་སྦས་པའི་གཙུག་ལག་ཁང་དུ། ཁ་ཆེའི་རྒྱལ་པོ་འཕགས་པ་ལྷའི་སྐུ་རིང་ལ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། བོད་ཀྱི་ལོ་ཙྪ་བ་བནྡེ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བ+ར། ཕྱིས་ར་ས་ར་མོ་ཆེར་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་པའི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ། །དབུ་མ་ལ་འཇུག་པ་ཞེས་བྱ་བ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ་སློབ་དཔོན་ཟླ་བ་གྲགས་པ། ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པས་སྦྱར་བ་རྫོགས་སོ། །ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་དབུས་སུ་རིན་ཆེན་སྦས་པའི་གཙུག་ལག་ཁང་དུ་ཁ་ཆེའི་རྒྱལ་པོ་འཕགས་པ་ལྷའི་སྐུ་རིང་ལ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། བོད་ཀྱི་ལོ་ཙཱ་བ་བནྡེ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར། ཕྱིས་ར་ས་ར་མོ་ཆེར་བརྡ་སྤྲོད་པའི་མཁན་པོ་ཀ་ན་ཀ་ཝརྨ་སྟེ་གསེར་གྱི་གོ་ཆ་དང༌། འཇིག་རྟེན་སྡེབ་པར་བྱེད་པས་སམ། འཇིག་རྟེན་འདུན་པར་བྱེད་པའམ། འཇིག་རྟེན་གྱི་མིག་ཏུ་གྱུར་པའི་ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་པའི་དཔེ་དང་གཏུགས་ཤིང་ཚིག་གི་ཆ་ལ་(༤༠༡བ)


K800_Page_824
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བཅོས་ཏེ་དོན་གྱི་ཆ་ཡང་དག་པར་གཏན་ལ་ཕབ་པའོ། །སྭ་སྟི། སྲིད་ཞིའི་ཆོས་ཀུན་གདོད་ནས་དམིགས་པས་དབེན་ཀྱང་དུས་གསུམ་མཁྱེན་པའི་ཡེ་ཤེས་ཅན། །སངས་རྒྱས་ཀུན་གྱི་ཕྲིན་ལས་པ་ཞེས་ཀརྨ་པ་ཡི་མཚན་ཅན་སྤྲུལ་པའི་སྐུ། །གར་དེའི་རིང་ལུགས་གསལ་བར་བྱེད་པའི་རྗེ་བཙུན་མཉན་པ་ཆེན་པོ་དེ་ཞབས་ཀྱི། །སྤྱན་སྔར་ཆ་ཤས་ཐོགས་པའི་བཀའ་འབངས་ཕྲ་མོས་མ་རྒན་སེམས་ཅན་ཐམས་ཅད་ལ། །རིས་མེད་མི་བཟོད་སྙིང་རྗེ་ཆེན་པོ་རབ་འབད་དེ། །འགྲོ་འདིའི་ལྷན་སྐྱེས་རྟོག་པ་དང་ནི་རང་གཞན་གྱི། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཕྱིན་ནས་ཐར་འདོད་ལ། །དོན་བཟང་ཡིད་བཞིན་ནོར་བུ་བཅོས་མིན་བྱིན་ཟིན་ཏོ། །འདི་ལས་གཞན་དག་འདི་ན་རང་གི་ལྟ། །བཟང་པོའི་ཆགས་པས་སྲེད་དང་གཞན་ལྟ་ལ། །འདི་ནི་ཐ་ཤལ་སྡང་བས་གདུང་བྱེད་ཅིང༌། །རྩོད་པའི་མཁོན་འཛིན་ཅན་དེ་ཀྱེ་མ་ལ། །སྐྱེ་བོ་མི་སྲུན་རྟོག་དགེའི་གྱ་གྱུ་དེར། །ལྷག་པར་བཟོད་མེད་སྙིང་རྗེས་ཡིད་དྲངས་ཏེ། །བདེར་གཤེགས་ངེས་དོན་གཟུ་བོར་བརྗོད་པ་ན། །ཅུང་ཟད་གདུག་སེམས་ཉེ་བར་ཞི་བར་རེ། །སྐལ་མེད་སྐྱེ་བོའི་འདུ་འགོད་སྤེལ་བ་དང༌། །ཟ(((ང་ཟིང་རྙེད་པ་ཁོ་ན་བསྡུ་བ་སོགས། །འཇིག་རྟེན་ཁྱིམ་གྱི་བྱ་བ་ཀུན་སྤངས་ནས། །ཕྱོགས་བཅུར་རི་དྭགས་ཇི་བཞིན་རྒྱུ་བ་ན། །མངོན་པར་མཐོ་དང་ངེས་ལེགས་གང་ཡིན་ལ། །སྒྲིབ་བྱེད་དང་ནི་གསལ་བྱེད་གང་ཡིན་གྱི། །ཐབས་དང་ཤེས་རབ་ཀུན་མཁྱེན་གྱིས་བསྟན་པ། །དེ་ཚུལ་ཐོས་དང་བསམ་ལས་གཞན་བྱར་ཅི། །འགྲོ་ལ་མི་བཟོད་སྙིང་རྗེའི་ཡིད་ཅན་གྱིས། །བདག་གི་ཚུལ་འདི་གཟིགས་ན་བློ་ཆེན་འཕེལ། །དད་བརྩོན་བརྩེ་ཤེས་བྲལ་བའི་སྐྱེ་བོ་དེས། །ང་ལ་གཉེར་བྱར་མེད་དེ་ཐབས་ཅི་ཡོད། །འདིར་འབད་དགེ་(༤༠༢ན)


K800_Page_825
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་མཆིས་དེས། །འགྲོ་དྲུག་སེམས་ཅན་ཇི་སྙེད་པ། །དཔལ་ལྡན་དྭགས་པོ་བཀའ་བརྒྱུད་ཀྱི། །ལྟ་སྤྱོད་འཁྲུལ་མེད་དེར་ཞུགས་ནས། །སེམས་ཅན་མཐའ་ལ་དམིགས་བྱས་ཏེ། །བསགས་སྦྱངས་རབ་ཀྱི་མཐར་ཕྱིན་ནས། །རྫོགས་པའི་སངས་རྒྱས་གོ་འཕང་མཆོག །མྱུར་དུ་འགྲུབ་པའི་རྒྱུར་བསྔོ་ཞིང༌། །བདག་ཀྱང་ཚེ་རིང་ནད་མེད་པར། །ཅི་ནུས་བློ་རྒྱུད་ལས་རུང་ཞིང༌། །ཀརྨ་པ་བསྟན་འཁྲུལ་མེད་ལ། །བྱ་བ་ཅུང་ཟད་འགྲུབ་ཕྱིར་བསྔོ། །དེ་ཡང་མྱུར་དུ་འགྲུབ་པ་ཡི། །སྟོང་གྲོགས་བསྟན་སྲུང་དག་གིས་སྩོལ། །ཅེས་ཟབ་རྒྱས་ཀྱི་དེ་ཉིད་སྣང་བར་བྱེད་པ་དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ། དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ཞེས་བྱ་བ། རང་གི་སློབ་བུ་ཤཱཀྱའི་དགེ་སློང་ཀརྨ་དོན་དམ་ཡང་དག་འཕགས་ཞེས་ཐོབ་རྒྱལ་བའི་བཙུན་པས་གསོལ་བ་བཏབ་པའི་ངོར། བདེ་བར་གཤེགས་པའི་གསུང་རབ་མཐའ་དག་བློ་གྲོས་ཀྱི་ནུས་པས་འཇུག་པ་ཐོབ་པ་ཀརྨ་པའི་མཚན་ལ་གཅིག་ཏུ་ཡི་དམ་དུ་བྱེད་པ་གཙུག་ལག་བྱེ་བའི་དབྱངས་ཀྱིས་ལེགས་པའི་བློ་གྲོས་དགའ་བ་ཆེན་པོ་ཉིད་དུ་འཆང་བར་བགྱིད་པས་རང་ལོ་སོ་དགུ་པར་བྱར་སྨད་སྐྱིད་ཕུག་གི་རི་སུལ་ནས་མགོ་བརྩམས་ཏེ། མོན་ཤ་འུག་སྟག་སྒོ་དོམ་ཚང་ངུར་མོ་རོང་ཞེས་གྲུབ་པའི་བསྟི་གནས་སུ་རྫོགས་པར་སྦྱར་བའོ། ། འདི་ལ་བརྟེན་ནས་རྒྱལ་བའི་བསྟན་པ་ཕྱོགས་ཐམས་ཅད་དུ་རྒྱས་པར་གྱུར་ཅིག །ཨོཾ་སྭ་སྟི། དྲང་ངེས་ཕྱེས་ནས་དབུ་མའི་གཞུང་གསལ་བྱེད། །རྩ་བ་ལ་སོགས་ཀླུ་སྒྲུབ་སྤྲོས་པ་ཡང༌། །ཕྱི་བཞིན་འཇུག་ཐབས་མེད་ན་དགོངས་པའི་དོན། །གྲུབ་མཐའ་གར་ཡང་རྟོགས་མིན་རྣམ་པར་འཁྱམས། །གཞན་(༤༠༢བ)


K800_Page_826
[མ་དཔེ་གཟིགས་ན་འདིར་གནོན།]

དག་རིགས་པས་བསྲུངས་ནས་ཡང་དག་དོན། །རྟོགས་བྱེད་དཔལ་ལྡན་ཟླ་བའི་བསྟན་བཅོས་ནི། །རྒྱལ་བའི་བཀའ་བཞིན་རྩོད་མེད་འཕགས་བོད་ཀུན། །མཁས་གྲུབ་རྒྱ་མཚོའི་སྙིང་ལ་ལྷག་པར་བརྗིད། །དོན་འགྲེལ་རྡུལ་གྱིས་ས་རྣམས་བཀངས་ན་ཡང༌། །དགོངས་དོན་གཏིང་དཔོག་ཐལ་འགྱུར་དྲང་པོ་རུ། །བསྲང་བའི་ལེགས་བཤད་གཅིག་པུ་འཇིག་རྟེན་ན། །སྒྲོག་པའི་སྐལ་བ་མི་བསྐྱོད་རྡོ་རྗེས་བླངས། །ཆོས་དབྱིངས་སྤྲོས་བྲལ་ལས་གཞན་ཁས་ལེན་དང༌། །སྟོང་ཚུལ་ཅི་བྱས་རྟག་ཆད་གཤིས་ལུགས་སུ། །འདུག་མིན་འཕགས་ཡུལ་ས་ལའང་སྣང་བྱེད་དུ། །འགྱུར་བའི་གཏམ་འདི་མཐོང་དང་རྟོགས་ན་གསལ། །འདི་དང་འདུལ་འགྲེལ་གྱིས་མཚོན་རྗེ་གང་གི། །བཀའ་འབུམ་ཕལ་ཆེར་སྤར་དུ་འགོད་འོས་ཞེས། །རྒྱལ་སྲས་མངྒའི་མཚན་དང་རྡོ་རྗེ་འཛིན། །སྟོབས་ལྡན་ལ་སོགས་དམ་པ་མང་པོའི་བཞེད། །ཐུགས་རྒྱུད་བསྐུལ་བ་བཞིན་དུ་ཏཱའི་སི་ཏུ། །པདྨའི་ལྗགས་(༤༠༣ན)


K800_Page_827
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གསུམ་པ་དབང་མཆོག་རྒྱལ། །ཉིད་ཀྱི་ཐུགས་བསྐྱེད་སྟོབས་ལས་ཕྱི་མོའི་འཕྲུལ། །དཔལ་སྤུངས་གདན་སར་འདོད་འཇོའི་གཏེར་དུ་འཁྱིལ། །རབ་དཀར་དགེ་ཚོགས་ཅི་མཆིས་བྱང་ཆེན་དུ། །ཡོངས་སུ་བསྔོས་མཐུས་མཐའ་ཡས་འགྲོ་བ་རྣམས། །མ་ནོར་དབུ་མའི་ཟབ་དོན་རྟོགས་ནས་སུ། །ཀུན་མཁྱེན་གོ་འཕང་མྱུར་དུ་ཐོབ་པར་སྨོན། །གཞན་ཡང་བསྟན་དང་བསྟན་འཛིན་ཞབས་པད་བརྟན། །བསྟན་ལ་འཚེ་རྣམས་ཕྱིར་ཉལ་ལྷག་པར་ཡང༌། །མཆོག་རྣམས་ཐུགས་དགོངས་རྫོགས་དང་སྣོད་བཅུད་ཁམས། །རྫོགས་ལྡན་དཔལ་གྱིས་རྟག་ཏུ་འཚོ་གྱུར་ཅིག །ཅེས་པའི་སྤར་བྱང་སྨོན་ཚིག་ཏུ་ཞུ་དག་གི་སྲི་ཞུ་དང་ཆབས་ཅིག་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་གྱིས་བྲིས་པ་མངྒ་ལཾ།


previousབསྟན་བཅོས་ཀྱི་མཛད་བྱང་དང་འགྱུར་བྱང་སྨོས་པ།no next