Nitartha Digital Library
Tibetan
 
previousལྟུང་བྱེད་ཀྱི་སྡེ།next

ལྟུང་བྱེད་ཀྱི་སྡེ།


K805_Page_069
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བྱེད་འབའ་ཞིག་པ་ལ། སྤྱི་སྡོམ་ནི། ཤེས་བཞིན་དང་ནི་ས་བོན་དང༌། །མ་བསྐོས་པ་དང་ཡང་དང་ཡང༌། །ཆུ་དང་ཁྱིམ་དང་བསམ་བཞིན་དང༌། །མགྲོན་མང་རྐུན་མ་ཆོས་སྟོན་ནོ། །དེའི་བཅུ་ཚན་དང་པོའི་དངོས་སྡོམ་ལ། རྫུན་སྐྱོན་དགེ་སློང་ཕྲ་མ་དང༌། །སྐྱོ་སྔོགས་བྱེད་དང་སྟོན་པ་དང༌། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་པའོ། །བདེན་པའི་ལུང་འབོགས་པ་ནི། ཚེ་དང་ལྡན་པ། ཞེས་སོགས་སོ། །འདུ་ཤེས་ཀྱི་མཚན་(༣༣བ)


K805_Page_070
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི། ཤེས་བཞིན་དུ། ཞེས་སོགས་སོ། །བརྗོད་བྱ་སྦྱོར་བ་དང་བཅས་པ་ནི། རྫུན་དུ། ཞེས་སོགས་ཏེ། དེ་ཡང་བཅས་ལྡན་དགེ་སློང་གིས་ཕམ་པར་གྱུར་པའི་རྫུན་དང༌། ཤེས་བཞིན་དུ་ཆོས་མ་ཡིན་པ་ལ་ཆོས་དང་ཆོས་ཡིན་པ་ལ་ཆོས་མ་ཡིན་པར་སྟོན་པ་སྦོམ་པོར་འགྱུར་བའི་རྫུན་དང༌། གསོ་སྦྱོང་གི་ཚེ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་དུ་དྲིས་པ་ན་ཅང་མི་སྨྲ་བས་འདའ་བར་བྱེད་པ་ལྟ་བུ་ཉེས་བྱས་སུ་འགྱུར་བའི་རྫུན་དང༌། འོག་ནས་འབྱུང་བ་ལྟར་དགེ་འདུན་ལྷག་མས་སྐུར་པ་འདེབས་པའི་རྫུན་རྣམས་ལས་གཞན་པའི་རྫུན་རྣམས་ཤེས་བཞིན་གྱི་རྫུན་ནོ། །འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྨྲ་འདོད་ཀྱི་བསམ་པས། སྦྱོར་བ་རང་གིས་སྨྲས་ཏེ་མཐར་ཐུག་ཉན་པོས་བརྡ་སྤྲོད་པའི་དོན་གོ་བ་ན་ལྟུང་བའོ།།བསླབ་བྱ་ནི། དཀོན་མཆོག་སོགས་ལ་མནའ་འདོར་བར་མི་བྱའོ། །༢ སྐྱོན་སྨྲ་བའི་གཞི་ནི། མིའི། ཞེས། སྦྱོར་བ་ནི། སྨྲ་ན། ཞེས་སོགས་ཏེ། རྟེན་དགེ་སློང་གིས་ཡུལ་དགེ་སློང་ཕ་རོལ་པོ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྐྱོན་བརྗོད་འདོད་ཀྱི་བསམ་པས། སྦྱོར་བ་ཡུལ་དུས་དེར་སྐྱོན་དུ་གྲགས་པས། ཚིག་འཇམ་རྩུབ་གང་གི་སྨྲས་ཀྱང་རུང་མཐར་དོན་གོ་བ་ན་དགེ་སློང་དེ་མི་དགའ་བར་མ་གྱུར་ཀྱང་ལྟུང་བའོ། །སྐྱོན་དེ་འདོན་པར་འདོད་པར་གྱུར་པའི་ཕན་སེམས་ཀྱིས་སྨྲས་པ་ལ་ལྟུང་བ་མེད་དོ།།༣ ཕྲ་མ་ལ། གཞི་ནི། དགེ་སློང༌། ཞེས་དང༌། སྦྱོར་བ་ནི། ཕྲ་མ། ཞེས་ཏེ། རྟེན་དགེ་སློང་གིས་ཡུལ་དགེ་སློང་མཐུན་པ་དབྱེ་འདོད་ཀྱི་བསམ་པས། སྦྱོར་བ་མིང་ནས་སྨྲོས་ཏེ་ཕྲ་མའི་ཚིག་སྨྲས་པ་མཐར་ཐུག་དོན་གོ་(༣༤ན)


K805_Page_071
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན་ལྟུང་བའོ། །༤ སྐྱོ་སྔོགས་ལ། གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། ཤེས་བཞིན། ཞེས་ཏེ། དེ་ཡང་རྟེན་རྩོད་པའི་རྒྱུར་ཤེས་བཞིན་ཞི་བྱེད་ལ་གཏོགས་པའི་དགེ་སློང་གིས་ཡུལ་དགེ་སློང་ཕ་རོལ་པོ་དག་གི་ཆོས་ཀྱི་རྩོད་པ་བཞི་པོ་གང་རུང་དགེ་འདུན་གྱིས་ཆོས་ཕྱོགས་སུ་ཞི་བར་བྱས་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྩོད་པ་དཀྲུག་འདོད་ཀྱི་བསམ་པས། སྦྱོར་བ་ཁྱེད་ཅག་གི་རྩོད་པ་དེ་ལེགས་པར་ཞི་བར་བྱས་པ་མ་ཡིན་ཅེས་སོགས་སྐྱོ་སྔོགས་ཀྱི་ཚིག་བརྗོད་པས་མཐར་ཐུག་ཡུལ་གྱིས་དོན་གོ་བ་ན་ལྟུང་བའོ། །ཞི་བྱེད་ལ་མི་གཏོགས་པ་དང༌། ཆོས་མིན་པའི་ཕྱོགས་སུ་ཞི་བར་བྱེད་པ་ལ་སྐྱོ་སྔོགས་བྱས་ན་ཉེས་བྱས་སོ། །༥ ཁྱིམ་པ་མོ་ལ་ཆོས་སྟོན་པ་ནི། རྟེན་ཡུལ་དང་བཅས་པ་ནི། ཡང༌། ཞེས་སོགས་སོ། །སྦྱོར་བ་དམིགས་བསལ་དང་བཅས་པ་ནི། སྟོན་ན། ཞེས་སོགས་ཏེ། རྟེན་དགེ་སློང་གིས་ཡུལ་བུད་མེད་ཁྱིམ་པ་མོ་ཉེ་དུ་མ་ཡིན་པ་ལུས་བསྟེན་དུ་རུང་བ་སྨྲ་ཤེས་དོན་གོ་བ། རྫུ་འཕྲུལ་ཅན་དང་མཁས་པའི་རང་བཞིན་ཅན་མ་ཡིན་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཆོས་སྟོན་འདོད་ཀྱི་བསམ་པ་དང༌། སྦྱོར་བ་གནས་གཅིག་ཏུ་ཁྲིམས་གྲོགས་མེད་པར་བཀའ་ལ་མ་གཏོགས་པའི་ཆོས་ཚིག་ལྔའམ་དྲུག་ལས་ལྷག་པར་སྟོན་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །བུད་མེད་མཁས་པས་ཆོས་དྲིས་པ་སོགས་དང༌། དུས་ཁྲིམས་འབོགས་པ་དང༌། ཡོན་བཤད་པ་འདི་ལ་ལྟུང་བ་མེད་དོ། །༦ འདོན་པ་ནི། རྟེན་ཡུལ་ནི། ཡང༌། ཞེས་པ་དང༌། སྦྱོར་བ་ནི། འདོན་ན། ཞེས་ཏེ། རྟེན་དགེ་སློང་གིས་འདོན་པའི་དངོས་པོ་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་བསྙེན་པར་(༣༤བ)


K805_Page_072
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྫོགས་པ་དང་གཅིག་ཅར་རམ། མཇུག་ཐོག་ཏུ་སྦྱོར་བ་མི་འདོད་བཞིན་དབང་མེད་མ་གཏོགས། འདོན་པས་མཐར་ཐུག་དོན་གོ་ན་ལྟུང་བའོ། །༧ གནས་ངན་ལེན་བརྗོད་པ་ནི། རྟེན་ཡུལ་ནི། ཡང༌། ཞེས་དང༌། སྦྱོར་བ་དམིགས་བསལ་ནི། བརྗོད་ན། ཞེས་ཏེ། རྟེན་ཁྱིམ་པ་མ་དད་པ་བཟློག་པའི་ཕྱིར་གནས་ངན་ལེན་བརྗོད་པར་མ་བསྐོས་པའི་དགེ་སློང་གིས། བརྗོད་པའི་ཡུལ་བྱུང་བ་དང་བཅས་པ་མི་ཤེས་པའི་བསྙེན་པར་མ་རྫོགས་པའི་གང་ཟག་ལ་བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པའི་གནས་ངན་ལེན་བརྗོད་པས། སྦྱོར་བ་ཕམ་ལྷག་གང་རུང་གིས་གནས་ངན་ལེན་སྨྲས་པ་མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །༨ བླ་མ་བདེན་པར་སྨྲས་པ་ནི། རྟེན་ཡུལ་དང་བཅས་པ་ནི། ཡང༌། ཞེས་དང༌། བརྗོད་བྱ་སྦྱོར་བ་དང་བཅས་པ་ནི། མིའི་ཆོས། ཞེས་ཏེ། རྟེན་དགེ་སློང་གིས་ཡུལ་མ་རྫོགས་པ་དང༌། བདེན་པ་མ་མཐོང་བ་ལ་དངོས་པོ་རང་གིས་ཐོབ་པའི་སྒོམ་བྱུང་གི་ཡོན་ཏན་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དེ་སྨྲ་འདོད་ཀྱི་བསམ་པས་སྦྱོར་བ་རང་གིས་ཐོབ་པའི་ཆོས་བླ་མ་འདུ་ཤེས་མ་བསྒྱུར་བར་སྨྲས་ཏེ་མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །༩ བཤེས་ངོར་བྱེད་པ་ནི། རྟེན་ཡུལ་དང་བཅས་པ་ནི། ཡང༌། ཞེས་དང༌། སྦྱོར་བ་གཞི་བཅས་ནི། དེའི་འོག་ཏུ། ཞེས་ཏེ། རྟེན་དགེ་སློང་སྔར་རྙེད་པ་དེའི་ཡུལ་ལ་བསྔོས་པ་ལ་དད་པས་ཕུལ་བ་ཡུལ་དགེ་འདུན་དངོས་པོ་ཟས་ལས་གཞན་པའི་རྙེད་པ་ཕལ་ཆེར་རུང་བ་ཚད་དང་ལྡན་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འདུ་ཤེས་བསྒྱུར་ཏེ་སྐུར་པ་འདེབས་འདོད་ཀྱི་བསམ་པས་རྙེད་པ་སྦྱིན་པར་མི་རིགས་པ་ལ་བསྔོས་སོ་ཞེས་སྨྲས་ཏེ། མཐར་དོན་གོ་བ་ན་ལྟུང་བའོ། །༡༠ ཁྱད་དུ་གསོད་པ་དུས་དང་བཅས་པ་(༣༥ན)


K805_Page_073
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཡང༌། ཞེས་དང༌། སྦྱོར་བ་ནི། འདི་སྐད། ཅེས་ཏེ། རྟེན་དགེ་སློང་གིས་ཡུལ་དགེ་སློང་དག་ལ་གསོ་སྦྱོང་གི་དུས་སུ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཁྱད་དུ་གསོད་འདོད་ཀྱི་བསམ་པས། སྦྱོར་བ་བསླབ་པ་འདི་ལྟ་བུ་འདོན་པས་ཅི་ཞིག་བྱ་ཞེས་ཁྱད་དུ་གསོད་པའི་ཚིག་སྨྲས་ཏེ་མཐར་ཐུག་དོན་གོ་བའོ། །(བཅུ་ཚན་གཉིས་པ་ས་བོན་གྱི་སྡེ་ཚན།( སྡོམ་ལ། ས་བོན་འཕྱ་བ་བསྒོ་བ་དང༌། །ཁྲི་དང་གདིང་བ་བསྐྲོད་པ་དང༌། །ཕྱིས་གནོན་འབྱུང་བ་འདེབས་པ་དང༌། །རིམ་པ་གཉིས་སུ་བརྩིག་པའོ། །༡ ས་བོན་སྐྱེ་འཇིག་ལ། གཞི་ནི། ས་བོན། ཞེས་དང༌། སྦྱོར་བ་ནི། འཇིག་གམ། ཞེས་སོགས་ཏེ། རྟེན་དགེ་སློང་གིས་དངོས་པོ་ནས་ལ་སོགས་ས་བོན་གང་རུང་མ་ཉམས་པ། རུང་བ་མ་བྱས་པ། རང་གི་ངོ་བོ་རྫོགས་པ་ལ། འདུ་ཤེས་ས་བོན་དང་སྐྱེ་བ་མ་ཉམས་པ་ལ་དེར་འདུ་ཤེས་པའམ་ཡིད་གཉིས་ཟ་བས། ཀུན་སློང་དེ་ཉམས་འདོད་ཀྱི་བསམ་པ་སྦྱོར་བ་རང་རྩས་བཅིངས་པའི་རྐྱེན་དང་རྫུ་འཕྲུལ་གྱིས་མིན་པར་རང་ངམ་གཞན་བསྐོས་པས་མངོན་སུམ་དུ་ཉམས་པར་བརྩམས་ཏེ་མཐར་ཐུག་ཉམས་པར་གྱུར་ན་ལྟུང་བའོ། །སྦྱོར་བ་གཅིག་གིས་འབྲས་བུ་མང་པོ་ཉམས་པར་བྱེད་ཅིང༌། སྦྱོར་བ་ནི་གཅིག་ཡིན་ལ། དངོས་གཞི་ནི་འབྲུའི་གྲངས་ཡིན་ནོ། །ཤིང་སྡོང་ལྟ་བུ་དངོས་པོ་གཅིག་ལ་དངོས་གཞི་ནི་གཅིག་ཡིན་ལ་སྦྱོར་བ་ནི་བསྣུན་པའི་གྲངས་སོ། །ཤིང་ལྟ་བུ་རྩ་ཐོན་དུ་བྱས་ཏེ་གཞན་དུ་བསྐྱེད་པ་དང༌། ཉ་ལྕིབས་ཆུ་ནང་ནས་བཏོན་པ་ལྟ་བུ་དངོས་གཞིའོ། །ཕ་བ་དགོ་དགོ་དང༌། ཤ་མང་སོགས་དང༌། གོ་སྙོད་སོགས་ལ་བླམ་པ་དང༌། འདབ་མ་སྐྱ་བོ་ཁ་བྱེ་བ་དང༌། བསྐུམ་པ་དང༌། འབྲས་བུ་སྨིན་པ་བྲལ་བར་བྱས་པ་དང༌། རྡོ་དྲིག་ཕྲུག་པ་དང༌། ཚི་གུ་རིལ་མེད་དུ་བྱེད་པ་དང༌། སྐྱེ་བ་འཇོམས་པ་ལེགས་འགྱུར་དུ་སྨྲས་(༣༥བ)


K805_Page_074
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་ཉེས་བྱས་སོ། །རུང་བར་བྱ་བ་ལ་མེ་སེན། ནེ་ཙོ། མཚོན་སོགས་ཀྱིས་རྨ་བྱུང་བ་དང༌། འབྲས་བུ་སྨིན་པར་གྱུར་ཏེ་བསྐྱེད་མི་ནུས་པ་དང༌། ལ་ཕུག་རྩ་ཕྱུང་དང༌། སྲན་མ་ཕྱེད་ཚལ་དུ་བཀྲུམ་པ་དང༌། ཤིང་སོགས་བཅད་པ་ལྟ་བུ་དང༌། རླངས་པ་ལ་བདུག་པ་དང༌། འབྲུའི་ཕུང་པོ་ལ་ཕྱོགས་གཉིས་གསུམ་ནས་རུང་བ་ལྟ་བུའི་སྐྱེ་བ་ལ་དགེ་སློང་གིས་བཅོམ་ཡང་འདིའི་སྐབས་ཀྱི་ལྟུང་བྱེད་མིན་ལ། དུས་རུང་མིན་པའི་སྨན་གསུམ་ལ་ཆུ་གྲང་མོ་གཏོར་ནས་རུང་བ་ནི་ཁོལ་བའི་དུས་སུ་མ་ཡིན་ནོ། །༢ འཕྱ་བ་ལ། འཕྱའམ། ཞེས་སོགས་ཏེ། རྟེན་དགེ་འདུན་གྱིས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་དམན་པའི་གྲངས་སུ་བགྲངས་པའི་དགེ་སློང་གིས་ཡུལ་ལུང་ལས། གནས་ཁང་ཟས་ལ་བསྐོ་བ་གཉིས། །ཐུག་པ་བག་ཚོས་འགྲིམ་པ་གཉིས། །ཕྲན་ཚེགས་འབྲིམ་པར་བྱེད་པ་དང༌། །སྣོད་སྤྱད་འབྲུབ་དང་གོས་ཀྱི་གཉིས། །དབྱར་གྱི་རས་ཆེན་སྦེད་དང་འགྱེད། །མངགས་གཞུག་པ་དང་མཛེས་ཆོས་ཏེ། །གང་ཟག་བཅུ་དང་གཉིས་པོ་དག །སྟོན་པས་ཡང་དག་བཤད་པ་ཡིན། །ཅེས་བསྐོས་པའམ་མ་བསྐོས་ཀྱང་ཞལ་ཏ་པ་ལ་ཀུན་སློང་འཕྱ་འདོད་ཀྱི་བསམ་པས་འདུ་ཤེས་བསྒྱུར་ཏེ། སྦྱོར་བ་བདག་ཉིད་དང་འབྲེལ་བའི་དོན་གྱི་ཡུལ་དེས་ཐོས་པས་མིང་ནས་སྨོས་ཏེ་གསལ་པོར་འཕྱ་བའམ། མ་སྨྲོས་པར་གཞོག་འཕྱས་བྱས་ཀྱང་རུང༌། དོན་གོ་བ་ན་ལྟུང་བའོ། །བསླབ་བྱ་ལ། གླེང་བ་དང་དུ་མི་ལེན་པ་ལ་དངོས་སུ་མི་གླེང༌། རང་དང་ཞེ་འགྲས་པ་རང་ལས་སུ་མི་བསྐོའོ། །༣ བསྒོ་བ་རྣར་གཟོན་ལ། ཚིག་དོན་ནི་གོ་སླ་ལ། རྟེན་གཞན་གྱི་སྲོག་སྐྱོབ་པ་སོགས་དགོས་པ་ཁྱད་པར་ཅན་དང་མི་ལྡན་པའི་དགེ་སློང་གིས། དགེ་སློང་ཕ་རོལ་པོས་ཆོས་(༣༦ན)


K805_Page_075
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་གྱིས་དྲིས་པ་ལ་དགེ་སློང་རྣལ་གཟོན་འདོད་ཀྱི་བསམ་པས། སྦྱོར་བ་ལན་ལོག་འདེབས་སྨྲ་བར་བརྩམ་སྟེ་མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །ལན་མི་སྨྲ་བ་དང༌། མི་དྲན་ཟེར་བ་ཉེས་བྱས་སོ། །བསད་བྱ་མཐོང་ངམ་ཞེས་འདྲི་བ་ལ། རེ་ཞིག་མ་འདྲི་ཞིག་ཅེས་སོགས་དང༌། བཏགས་པའི་བདག་ལ་བསམ་ནས་བསད་བྱ་མ་མཐོང་ངོ་ཞེས་སྨྲས་པ་ལ་ལྟུང་བ་མེད་དོ། །བསླབ་བྱ་ལ། ཆེ་བཞི་སར་མི་བསྡད་ཅིང་སྡོད་ནའང་གནོད་པ་མི་འགུག་པའི་དཔང་པོར་བྱའོ། །༤ གནས་མལ་ལ། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་དམིགས་བསལ་ནི། དེ་ལས། ཞེས་སོགས་ཏེ། རྟེན་དགེ་སློང་གིས་དགེ་འདུན་གྱིས་གནས་མལ་ལ་ལོངས་སྤྱོད་ནས་བླ་གབ་མེད་པར་རང་གིས་མ་བསྡུས་པའམ། གཞན་སྡུད་དུ་མ་བཅུག་པར་རང་གར་འདོར་འདོད་ཀྱི་བསམ་པས་སྦྱོར་བ་དེ་ལྟར་བཞག་ཅིང༌། དེ་ཉིད་དུ་འདུག་པའམ་འགྲོ་བར་བརྩམ་པ། རྐྱེན་དེས་ཕན་ཕུན་དུ་གྱུར་ཏམ་མ་གྱུར་ཀྱང༌། གནས་འདོམ་ཞེ་དགུ་འདས་པར་ཕྱིན་ན་ལྟུང་བའོ། །གང་ཟག་གི་ལ་ཉེས་བྱས་སོ། །ཕན་ཕུན་ནི་གསུམ་སྟེ། རླུང་གིས་བཟློག་པ་དང༌། ཆར་པས་རིམ་པ་གཞན་ཕིག་པ་དང༌། སྲིན་བུ་ལ་སོགས་པས་ཀྱང་ངོ༌། །༥ གདིང་བ་ལ། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་དམིགས་བསལ་ནི། དེ་ནས། ཞེས་ཏེ། རྟེན་དགེ་སློང་གིས་གནས་གཙུག་ལག་ཁང་དུ་སྲོག་ཆགས་ཕྲ་མོ་སྐྱེ་བའི་སར་རྩ་དང་ལོ་མ་ལ་སོགས་ཀྱི་གདིང་བ་བཏིང་བ་དེ། བསམ་སྦྱོར་མཐར་ཐུག་སྔ་མ་དང་འདྲ། བསླབ་བྱ་ལ། དགོན་པར་རྩ་དང་ལོ་མ་བཏིང་བ་དོར་བའམ། སྟེང་འོག་བསྒྱུར་བར་བྱ། ཁྱིམ་གཞན་དུ་བཏིང་བའི་ཚེ་ཁྱིམ་བདག་ལ་དྲིས་ནས་འདོར་བར་(༣༦བ)


K805_Page_076
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། ལྕི་བ་དང་ཤིང་ལ་སོགས་པ་སྲོག་ཆགས་སྐྱེ་བའི་སར་མི་བཞག འཆག་སར་བཏིང་བ་དང༌། གོས་སྐམ་པའི་ཕྱིར་བཏིང་བ་མ་དོར་ན་ཉེས་བྱས་སོ། །༦ བསྐྲད་པ་ལ། རྟེན་བསམ་པ་ནི། ཡང༌། ཞེས་དང༌། སྦྱོར་བ་དམིགས་བསལ་ནི། བསྐྲོད་དམ། ཞེས་སོགས་ཏེ། རྟེན་དགེ་སློང་གིས་གནས་གཙུག་ལག་ཁང་ནས་དགེ་སློང་ཕ་རོལ་པོ་རང་གར་སྐྲོད་འདོད་ཀྱི་སྦྱོར་བ་དེ་ལས་གནོད་པ་བསལ་བའམ། དགེ་འདུན་འཁྲུགས་པ་ཞི་བའི་ཕྱིར་སོགས་མིན་པར་རང་ངམ་བསྐོས་པས་སྐྲོད་པར་བརྩམས་ཏེ། རྐྱེན་དེས་གཙུག་ལག་ཁང་ཉེ་འཁོར་དང་བཅས་པ་ལས་འདས་ན་ལྟུང་བའོ། །གང་ཟག་གི་གཙུག་ལག་ཁང་དང༌། ཁྱིམ་པའི་གནས་ནས་དང༌། བཞད་གད་ཙམ་གྱི་ཕྱིར་དང༌། ཉེ་འཁོར་ལས་མ་འདས་ཙམ་དུ་སྐྲོད་པ་ཉེས་བྱས་སོ། །༧ ཕྱིས་གནོན་ལས་འདས་ལྟུང་བའོ། །རྟེན་དང་གཞི་ནི། ཡང་དགེ་སློང༌། ཞེས་དང༌། འདུ་ཤེས་སྦྱོར་བ་ནི། ཤེས་བཞིན་དུ། ཞེས་ཏེ། རྟེན་དགེ་སློང་གིས་གནས་དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་སློང་སྔར་ཞུགས་ལ་ཀུན་སློང་ཐོ་འཚམས་པས་སྦྱོར་བ་ནི་འཇིགས་པའི་དབང་མིན་པར་ལུས་ངག་གང་རུང་གིས་ཕྱིས་གནོན་དུ་བརྩམ་སྟེ། དེ་ཟིལ་གྱིས་མནན་ན་ལྟུང་བའོ། །༨ རྩ་བ་དབྱུང་བ་ལ། རྟེན་གཞི་ནི། དགེ་སློང༌། ཞེས་དང༌། འདུ་ཤེས་སྦྱོར་བ་ནི། ཤེས་བཞིན་དུ། ཞེས་ཏེ། རྟེན་དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་གི་ཐོག་བརྡོལ་བའི་ཉེས་བྱས་ལ་ཁྲིའམ་ཁྲིའུའི་རྩ་བ་རྣོན་པོ་རྐང་རྟེན་མེད་པར་སྦྱོར་བ་དེ་ལ་འདུག་ཅིང་ཉལ་བའི་བྱ་བ་རྫོགས་པ་ན་ལྟུང་བའོ། །༩ འདེབས་པ་ལ། རྟེན་བསམ་པ་ནི། ཡང་དགེ་སློང༌། ཞེས་དང༌། གཞི་སྦྱོར་ནི། སྲོག་ཆགས། ཞེས་ཏེ། རྟེན་དགེ་སློང་གི་ཆུ་དང་རྩ་ཤིང་སོགས་སྲོག་(༣༧ན)


K805_Page_077
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྣང་བཞིན་དུ་དེར་ཤེས་ཏེ་རང་དོན་དུ་ལོངས་སྤྱོད་ཀྱི་བསམ་པས་སྦྱོར་བ་རང་ངམ་བསྐོས་པས་བརྩམས་ཏེ་རྐྱེན་དེས་སྲོག་ཆགས་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བའོ། །༡༠ རིམ་གཉིས་སུ་བརྩིགས་པ་ལ། རྟེན་གནང་བའི་ཚད་ནི། དགེ་སློང༌། ཞེས་དང༌། ཚད་འདས་ནི། དེ་ལས་ལྷག་ན། ཞེས་ཏེ། དགེ་སློང་གིས་སྤྱོད་ལམ་བཞི་ཤོང་ཡན་ཆད་ཀྱི་གཙུག་ལག་ཁང་དེ་ཉིད་དང་ཉི་མ་དེ་ཉིད་དང༌། གཞན་ལ་ཡང་འཇིམ་པ་མེད་པར་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས། ཆུ་ཁུང་མ་བཏོད། རྨང་བསྐོས་ཏེ་མ་བཙུགས་པར་སྒོ་གླེགས་གོང་མ་མ་བཅུག་པ་ན། སྦྱོར་བ་སྦྱིན་བདག་གི་རིང་རྐྱེན་མེད་པར་རང་ངམ་བསྐོས་པས་བརྩམས་ཏེ་རིམ་པ་ལྷག་སྟེ་མྱུར་དུ་འཇིག་ཉེ་ན་ལྟུང་བའོ། །བཅུ་ཚན་གསུམ་པ་(མ་བསྐོས་པའི་སྡེ་ཚན་(ནི། སྡོམ་ལ། མ་བསྐོས་ཉི་མ་ནུབ་པ་དང༌། །ཟས་དང་ཆོས་གོས་གཉིས་དག་དང༌། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཞེས་པ་ལས། ༡ མ་བསྐོས་པར་སྟོན་པ་ལ། རྟེན་ཡུལ་ནི། ཡང༌། ཞེས་དང༌། སྦྱོར་བ་དམིགས་བསལ་ནི། སྟོན། ཅེས་ཏེ། འདི་ཕྱིན་ཆད་རྟེན་གཞིའི་ཡན་ལག་དོན་གྱིས་གོ་བར་བྱས་ཏེ་མ་སྨོས་པ་ཡིན་ལ། དེས་རྟེན་མི་ཆོས་བླ་མའི་མཐུ་དང་མི་ལྡན་ཅིང༌། དགེ་སློང་མའི་སྟོན་པར་གསོལ་བ་མ་བཏབ་མ་བསྐོས། བསྐོས་ཀྱང་མཚན་ཉིད་མ་ཚང་བའི་དགེ་སློང་གིས་སྦྱོར་བ་བསྟན་པ་ལ་དམ་ཆོས་བསྟན་ན་དོན་གོ་བ་ན་དངོས་གཞིའོ། །༢ ཉི་མ་མ་ནུབ་ཀྱི་བར་དུ་སྟོན་པ་ལ། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་མཚན་ཉིད་ནི། སྟོན་ན། ཞེས་ཏེ། ཡུལ་དགེ་སློང་མའི་སྟོན་པར་བསྐོས་ཀྱང་དགེ་སློང་མ་ལ་ཉི་མ་ནུབ་ཀྱི་བར་དུ་སྟོན་ན། མཐར་ཐུག་(༣༧བ)


K805_Page_078
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གོ་ན་དངོས་གཞིའོ། །༣ ཟས་ཅུང་ཟད་ཀྱི་ཕྱིར་སྟོན་པ་ལ། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་མཚན་ཉིད་ནི། སྟོན་ཏོ། ཞེས་ཏེ། དགེ་སློང་ཕ་རོལ་པོ་ཟས་གོས་ཀྱི་ཕྱིར་ཆོས་སྟོན་པ་ཡིན་པ་ལ། འདུ་ཤེས་བསྒྱུར་ཏེ་སྐུར་པ་བཏབ་འདོད་ཀྱི་སྦྱོར་བ་ཟས་ཙམ་གྱི་ཕྱིར་ཆོས་སྟོན་ཏོ། །ཞེས་མིང་ནས་སྨོས་ཏེ་སྐུར་པ་འདེབས་པ་ཙམ་དོན་གོ་བ་ན་ལྟུང་བའོ། །༤ གོས་བྱིན་པ་ལ། རྟེན་གཞི་དང་བཅས་པ་ནི། ཡང་དགེ་སློང༌། ཞེས་དང༌། སྦྱོར་བ་ནི། སྦྱིན་ན། ཞེས་ཏེ། དགེ་སློང་མའི་དགེ་འདུན་ལ་གོས་འབུལ་བ་དང༌། ཕོག་པ་ལ་སྦྱིན་པ་མ་གཏོགས་པར་དགེ་སློང་མ་ཉེ་དུ་མིན་པ་ལ་མཛའ་བཤེས་ཀྱི་ནོར་སྟེར་འདོད་ཀྱི་བསམ་པས་སྦྱོར་བ་བརྩམས་ཏེ་ཡུལ་གྱིས་གོས་ཐོབ་ན་ལྟུང་བའོ། །༥ གོས་བྱེད་པ་ལ། རྟེན་ཡུལ་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། གོས་བྱེད་ན། ཞེས་ཏེ། དགེ་སློང་མ་ཉེ་དུ་མིན་པའི་གོས་ཀྱི་བཟོ་རང་གར་བཟོ་འདོད་ཀྱི་བསམ་པས་མཐར་ཐུག་བཟོ་རྫོགས་ན་ལྟུང་བའོ། །༦ དགེ་སློང་མ་དང་ལྷན་གཅིག་ལམ་དུ་འགྲོ་བ་ནི། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་དམིགས་བསལ་ནི། འགྲོ་ན། ཞེས་སོགས་ཏེ། རྟེན་དགེ་སློང་ན་བ་སོགས་ཀྱི་རྐྱེན་མེད་པར་དགེ་སློང་མ་ཉེ་དུ་མིན་པ་དང་སའི་ལམ་ལ་རྒྱང་གྲགས་ལས་འདས་པར་འགྲོ་ན། མཐར་ཐུག་རྒྱང་གྲགས་རེ་འདས་པ་ན་ལྟུང་བ་རེ་རེ། རྒྱང་གྲགས་ཕྱེད་ཕྱེད་ན་ཉེས་བྱས་རེ་ཡིན་ལ། ༧ དགེ་སློང་མ་དང་ལྷན་གཅིག་གྲུ་ལ་འཇུག་ན། རྟེན་གཞི་ནི། ཡང་དགེ་སློང༌། ཞེས་དང༌། སྦྱོར་བ་དམིགས་བསལ་ནི། གྱེན་དུ། ཞེས་ཏེ། ཆུ་ལ་ཐད་ཀར་འགྲོ་བ་དང༌། གྲུ་ཡོབ་དང་སྟིབ་ཆད་སོགས་རྐྱེན་དང་ཁྲིམས་གྲོགས་མེད་པར་རྒྱུན་ནམ་རྒྱུན་ལས་བཟློག་སྟེ་སྔ་མ་དང་འདྲའོ། །༨ དབེན་པ་ན་འདུག་པ་ལ། རྟེན་(༣༨ན)


K805_Page_079
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་ལ། རྟེན། ཞེས་ཏེ། ཡུལ་བུད་མེད་ཉེ་དུ་མིན་པ། དབེན་པ་སྐྱབས་ཡོད་འདོམ་གང་གི་བར་དུ་ཁྲིམས་གྲོགས་མེད་པར་ཡུལ་རྟེན་གཉིས་ཀ་སྤྱོད་ལམ་རྫོགས་པའི་བར་དུ་འདུག་ན་ལྟུང་བའོ། །༩ འགྲེང་བ་ལ། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། འགྲེང་ན། ཞེས་ཏེ། ཡན་ལག་སྔ་མ་བཞིན་ལས་འགྲེང་བ་ནི་ཁྱད་པར་རོ། །༡༠ དགེ་སློང་མ་སྦྱོར་དུ་བཅུག་པ་ནི། རྟེན་འདུ་ཤེས་ནི། ཡང༌། ཞེས་དང༌། གཞི་སྦྱོར་བ་ནི། དགེ་སློང་མས། ཞེས་ཏེ། དགེ་སློང་མ་ཉེ་དུ་མིན་པས་སྦྱིན་བདག་ཁྱིམ་པ་ལ་རང་མངོན་རྟོགས་སོགས་ཀྱི་ཡོན་ཏན་མི་ལྡན་པ་ལ་ལྡན་ཅེས་རྫུན་གྱིས་དུས་རུང་གི་ཟས་སྦྱོར་བཅུག་པ་ཀུན་སློང་དགེ་སློང་མས་ཡང་དག་མིན་པའི་ཡོན་ཏན་གྱི་སྒོ་ནས་སྦྱོར་བཅུག་པ་ཟ་འདོད་ཀྱིས་མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །(བཅུ་ཚན་བཞི་པ་ཡང་ཡང་སོགས་ཀྱི་སྡེ་ཚན།( སྡོམ་ལ། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅས་དང་སྟོབས་པ་དང༌། །འདུས་དང་དུས་མིན་གསོག་འཇོག་དང༌། །ཁ་ནས་མིད་དང་བསོད་པ་ཉིད། །ཅེས་པ་ལ། ༡ ལྟུང་བ་དམིགས་བསལ་ནི། ཡང་ཡང༌། ཞེས་དང༌། གནང་བའི་དུས་ནི། ཟས་ལ། ཞེས་ཏེ། ན་བ་དང༌། ཕྱགས་དར་བ་མལ་ཙམ་དང༌། དཔག་ཚད་ཕྱེད་ཕྱིན་པ་མིན་ཅིང་སྲ་བརྐྱང་གི་དུས་མིན་པ་གཅིག་ལ་མགྲོན་དུ་བོས་པ་གཉིས་ལས་ཕྱི་མར་ཁྲུ་གང་དུ་ལོངས་པའི་གོས་རྙེད་པ་མིན་པར་བཟའ་བ་ལྔ་དང་བཅའ་བ་ལྔའི་ཁོངས་སུ་གཏོགས་པའི་དུས་རུང་གི་ཟས་ཚད་ལོངས། སྦྱོར་བ་མུ་གེའི་དུས་མིན་པར་བརྩམས་ཏེ་མགུལ་དུ་མིད་པ་ན་ལྟུང་བའོ། །བསླབ་བྱ་ནི། མགྲོན་ལ་སྔ་ཚོམས་སུ་མི་འཇུག ནང་འཁོར་ལ་བརྟགས་ཏེ་སྤྱོད་ལམ་མཛེས་པར་འཆོས།(༣༨བ)


K805_Page_080
[མ་དཔེ་གཟིགས་ན་འདིར་གནོན།]

གྱ་ཚོམས་སུ་རུང་གི་ཟན་མི་བཅད་དོ། །༢ འདུག་གནས་གཅིག་ཏུ་ཟ་བ་ལ། རྟེན་གནང་བའི་ཚད་ནི། འདུག ཅེས་དང༌། འདས་པ་ནི། དེ་ལས། ཞེས་ཏེ། རྟེན་དགེ་སློང་མིན་པས་མུ་སྟེགས་ཅན་ཤ་སྟག་གི་གནས་སུ་མུ་སྟེགས་བྱེད་ཀྱི་སྦྱིན་བདག་ཉེ་དུ་མིན་པས་ཅི་བདེར་མ་བསྟབ་བཞིན་དུ་ཀུན་སློང་ཞག་ལོན་པའི་ཟས་ཟ་འདོད་ཀྱི་བསམ་པས་སྦྱོར་བ་ཟས་གཉིས་པ་ཟ་བར་བརྩམས་ཏེ་མགུལ་དུ་མིད་ན་ལྟུང་བའོ། །༣ ལྷུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པ་ལ། བསླང་དུ་གནང་བའི་ཚད་ནི། དགེ་སློང༌། ཞེས་དང༌། འདས་པ་ནི། དེ་ལས། ཞེས་དང༌། དེ་ལས་ལྷག་པར་བསླངས་ནས་ཅི་ལྟར་བྱ་ན། ལྷུང་བཟེད་གང་བ། ཞེས་སོགས་ཏེ། སྦྱིན་བདག་ཁྱིམ་བ་ཟས་ཅི་བདེར་སྟོབ་པ་མིན་པ་ལ། དུས་རུང་ལས་སུ་བྱས་པ་ལྷུང་བཟེད་ཆུང་ཚད་གསུམ་འབྲིང་ཚད་དོ། ཆེ་ཚད་གང་ལས་ལྷག་པ་གནས་དེ་ལས་གཞན་དུ་ཁྱེར་ཏེ་ཟ་བར་བརྩམས་ཏེ་མགུལ་དུ་མིད་པ་ན་ལྟུང་བའོ། །གཞན་གྱིས་ལེན་པ་དང༌། སྨན་གཞན་གསུམ་ལས་དེ་ལྟར་ཉེས་བྱས་སོ། །གནས་དེ་ཉིད་དུ་ལྷག་པ་ཟོས་པ་དང༌། གཡོས་སུ་མ་བྱས་ལྷག་པར་བླངས་ཏེ་ཟོས་པ་ལ་ལྟུང་བ་མེད་དོ། །༤ སྤངས་པ་ཟ་བ་ལ། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བའི་མཚན་ཉིད་ནི། འཆའམ་ཟ་ན། ཞེས་ཏེ། རྟེན་དགེ་སློང་ནད་པ་མིན་པས་བཟའ་བཅའི་ཁོངས་གཏོགས་དུས་རུང་གི་ཟས་ཐུག་པ་དང་སྐྱོ་མ་མིན་པ། དེ་རིང་ད་ནི་མི་ཟའོ་སྙམ་ནས་སྤངས་པ་རྫོགས་པ། ལྷག་པོར་བྱིན་གྱིས་མ་བརླབས་པ་སྦྱོར་བ་མུ་གེའི་དུས་མིན་པར་མགུལ་དུ་མིད་ན་ལྟུང་བའོ། །སྨན་གཞན་གསུམ་དང༌། ཁ་གཟར་གྱེན་དུ་མི་འདྲེན་པའི་ཐུག་པ་དང་(༣༩ན)


K805_Page_081
[མ་དཔེ་གཟིགས་ན་འདིར་གནོན།]

སོར་མོའི་རྗེས་མི་མངོན་པའི་སྐྱོ་མའི་ལྟུང་བ་རྣམས་ལ་སྤང་བྱའི་ལྟུང་བ་མི་འབྱུང་ལ། བཀྲེས་པ་སོགས་ཀྱིས་སྤངས་པ་ནན་གྱིས་ཟ་ན་ལྷག་པོར་བྱིན་གྱིས་བརླབས་ཏེ་ཟའོ། །༥ སྤངས་པ་སྟོབ་པ་ལ། རྟེན་བསམ་པ་ནི། ཡང༌། ཞེས་དང༌། ཡུལ་ཕྱེད་ནི། དགེ་སློང༌། ཞེས་དང༌། སྦྱོར་བ་ནི། ཚེ་དང་ལྡན་པ། ཞེས་ཏེ། མུ་གེའི་དུས་མ་ཡིན་པ་དུས་རུང་གི་ཟས་ཚད་ལྡན་དགེ་སློང་གིས་ལྷག་པོར་མ་བྱས་པའི་ཟས་སྟོབ་འདོད་ཀྱི་བསམ་པས་ལྷག་པར་བྱས་ཏེ་སྟོབ་པར་བརྩམས་ཏེ། ཡུལ་དགེ་སློང་གིས་ཟོས་ནས་སྟོབ་པ་པོ་ལ་ལྟུང་བའོ། །དགེ་སློང་ལ་ཆང་དང་དགོང་ལྟོ་ཟར་འཇུག་པ་ནི་སྐབས་འདིའི་ཉེས་བྱས་སོ། །༦ འདུས་ཤིང་ཟ་བ་ལ། དངོས་དམིགས་བསལ་ནི། འདུས་ཤིང༌། ཞེས་དང༌། གནང་བའི་དུས་ནི། དེ་ལས། ཞེས་ཏེ། འདུས་པ་ཆེན་པོའི་དུས་མིན་པར་མཚམས་ནང་གཅིག་ཏུ་དགེ་འདུན་སྤྱི་ལས་ལོགས་སུ་དགེ་སློང་གསུམ་ཡན་ཆད་ལྷན་ཅིག་དུས་རུང་གི་ཟས་ཚད་ལྡན་ཟ་བར་བརྩམས་ཏེ་མིད་པ་ན་ལྟུང་བའོ། །ན་བ་དང༌། ལས་བྱས་པ་དང༌། སྲ་བརྐྱང་བཏིང་བ་ལ་འདིར་མི་འགྱུར་རོ། །༧ དུས་མིན་པར་ཟ་བ་ལ། རྟེན་བཀག་པའི་དུས་ནི། ཡང༌། ཞེས་དང༌། གཞི་སྦྱོར་བ་ནི། བཅའམ། ཞེས་སོགས་ཏེ། ན་བ་སོགས་རྐྱེན་མེད་པར་དུས་རུང་གི་ཟས་རང་གླིང་གི་ཉི་མ་ཕྱེད་ཡོལ་ནས་རྐྱ་རེངས་དང་པོ་མ་ཤར་གྱི་བར་སྦྱོར་བ་བརྩམས་ཏེ་ཟོས་ན་ཁམ་རེ་ལ་ལྟུང་བ་རེའོ། །༨ གསོག་འཇོག་ཟ་བའི། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བའི་མཚན་ཉིད་ནི། འཆའམ། ཞེས་ཏེ། ན་བ་སོགས་རྐྱེན་མེད་པར་སྨན་བཞི་པོ་གང་རུང་བྱིན་ལེན་བྱས་ཤིང་གསོག་འཇོག་བྱས་ཏེ། མ་ཞིག་པར་མུ་(༣༩བ)


K805_Page_082
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་དུས་མིན་པར་ཟ་བར་བརྩམས་ཏེ་མགུལ་དུ་མིད་ན་ལྟུང་བའོ། །འདི་ལས་འཕྲོས་པའི་ལག་ཉ་ནི་ཐོབ་ཤས་བགོད་པ་དང༌། སྣོད་ནས་འཁྲུད་པ་དང༌། ངལ་བ་དང༌། བརྗེད་པ་དང༌། ཆུད་མི་ཟ་བའི་རྐྱེན་མེད་པར་མྱུར་དུ་ལོངས་སྤྱོད་པའི་ཟས་སམ། འབྲུ་སོགས་མ་བྱིན་ལེན་གྱི་ཆད་མིན་པར་རེག་ན་ལག་ཉ། ཁྱིམ་པའི་གནས་དང༌། རུང་ཁང་མིན་པར་དགེ་སློང་རང་དབང་བའི་མཚམས་དངོས་སམ། ཉེ་འཁོར་གྱི་ནང་དུ་འབྲུ་སོགས་རྗེན་པར་འཙོས་པར་མཚམས་བཙོས། བཞག་པའི་གནས་དང་འཇོག་པའི་དངོས་པོ་སྔ་མ་བཞིན་ལ་རྗེན་པར་མ་བཙོས་ཀྱང་ཞག་གཅིག་འདས་ནས་ཞག་ལོན། ན་བའི་རྐྱེན་མེད་པར་འབྲུ་སོགས་དགེ་སློང་གིས་མཚམས་ཕྱི་ནང་གང་དུ་བཙོས་ཀྱང་དགེ་སློང་གིས་བཙོས་པར་འགྱུར་རོ། །ཁ་དྲི་མ་ཅན་གྱིས་ཟོས་ན་ཉེས་བྱས་སོ། །༩ བྱིན་ལེན་མ་བྱས་པར་ཟ་བ་ལ། རྟེན་གཞི་དང་བཅས་པ་ནི། ཡང༌། ཞེས་དང༌། སྦྱོར་བ་དམིགས་བསལ་ནི། ཟ་ན། ཞེས་ཏེ། གནས་བྱང་སྒྲ་མི་སྙན་མིན་པར་ནད་པ་ལ་ཕན་པའི་རྐྱེན་མེད་པར་སྨན་བཞི་པོ་གང་རུང་བྱིན་ལེན་མ་བྱས་པར་བརྩམས་ཏེ་མིད་པ་ན་ལྟུང་བའོ། །བྱིན་ལེན་ཇི་ལྟར་འོས་པ་ནི། ལེན་པ་པོ་དགེ་སློབ་མ་ཡན་ཆད་བསླབ་པ་གསོ་རུང༌། དངོས་པོ་སྨན་བཞི་པོ་སྔར་བྱིན་ལེན་མ་བྱས་པ། སྟོབ་པ་པོ་ནི་བསླབ་བྱ་བྱིན། དགེ་སློང་མ་དང༌། དགེ་ཚུལ་མ་མན་ཆད། རྫས་གྱེན་དུ་འདེགས་ནུས། ཁྲུ་གང་ལས་མ་འཕགས་པ། མདུན་དྲང་པོ་ནས་མཚམས་གྱིས་བར་མ་ཆད་པ་ལས་ཐོབ་པའོ། །དམིགས་བསལ་ནི། སྤྲེའུས་ཤིང་ཐོག་ནས་བྱིན་པ་ལྟ་བུ་དང༌། རྟ་ཅང་ཤེས་ལྟ་བུ་ལ་སོགས་(༤༠ན)


K805_Page_083
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་མཚོན་ནོ། །མཚམས་གཞན་མཁའ། མེ་ཆུ། རག་པ་སྟེ་བཞི་བསྣན་པའམ། འབྲེལ་བར་མ་བྱས་ན་མི་འཐོབ་ལ། ཁ་ཅིག བདག་པོ་མཚམས་གཞན་ཀྱང་འདོད། བྱིན་ལེན་ལ་ལྔ། ལུས་ཀྱིས་ལུས་སུ་ལེན་པ། ལུས་དང་འབྲེལ་བས་ལུས་དང་འབྲེལ་བ་ལས་ལེན་པ། ལུས་ཀྱི་ལུས་དང་འབྲེལ་པ་ལས་ལེན་པ། ལུས་དང་འབྲེལ་པས་ལུས་སུ་ལེན་པ། བཞག་པའི་བྱིན་ལེན་དང་ལྔ་ལས། ཟས་འདྲེན་པ་ན་འཕང་བར་ཞོག་ཅེས་པས་བཞག་པ་ཡང་དེར་འགྱུར་རོ། །བྱིན་ལེན་འཇིག་པའི་རྒྱུ་དགུ་སྟེ། ཞོ་ལས་མར་གྱུར་དངོས་པོ་གཞན་གྱུར། ས་བོན་ལས་མྱུ་གུ་ལྟ་བུ་སྐྱེ་བ་གཞན་གྱུར། དགེ་སློང་མིན་པར་གྱུར་པ་དང༌། བྱིན་ལེན་བྱེད་འཕྲོས་རང་གིས་འཕྲོག་པ་དང༌། མ་རྫོགས་པ་ལ་བསྔོས་པ་དང༌། ལག་པས་ལེན་མི་ནུས་པའི་སར་འདྲིལ་བ་དང༌། ནམ་མཁར་སྙོགས་པར་འཕངས་པ་དང༌། རང་གིས་མ་བཟུང་བར་བསྙེན་པར་མ་རྫོགས་པས་རེག་པ་རྣམས་སོ། །སྟོབ་པོ་གཞན་མེད་ན་སྦྱིན་བདག་གིས་བསམ་པ་ཐག་པ་ནས་བཏང་བའི་བློས་བཟུང་བ་ལ་ལྟུང་བ་མེད་དོ། །བྱིན་ལེན་དང་ཤིང་ཐོག་རུང་བ་བྱེད་མཁན་མེད་ན་ཉི་མ་དང་པོར་ཟས་བཅད། དེ་ནས་ཉི་མ་དང་པོར་སྤར་གང༌། གཉིས་པ་ལ་སྤར་དོ། །གསུམ་པ་ལ་ཇི་ཙམ་ཟོས་ཀྱང་བྱིན་ལེན་དང་རུང་བའི་གོ་ཆོད། ཟ་བའི་ཚེ་སྒྲ་མི་སྙན་ཡིད་ལ་བྱེད་པའོ། །༡༠ བསོད་པ་བླང་བ་ལ། བསོད་པའི་དབྱེ་བ་ནི། བཅོམ་ལྡན་འདས། ཞེས་སོ། རྟེན་ཆེད་ནི། ཡང༌། ཞེས་དང༌། གཞི་སྦྱོར་བ་དང་བཅས་པ་ནི། ཟས་བསོད་པ། ཞེས་སོ། །རྟེན་དགེ་སློང་ན་བ་མིན་པ། འོ་མ་དང་ཞོ་སོགས་(༤༠བ)


K805_Page_084
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུས་དེར་རོ་བྲོའམ་བསོད་པར་གྲགས་པ་ཁྱིམ་པ་ཉེ་དུ་མ་ཡིན་པས་ཅི་བདེར་མ་བསྟབས་པ་མིད་པ་ན་ལྟུང་བའོ། །(བཅུ་ཚན་ལྔ་པ་ཆུ་སོགས་ཀྱི་སྡེ་ཚན།( སྡོམ་ལ། སྲོག་ཆགས་བཅས་དང་ཉལ་བར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གསུམ་བཤམ་དཀྲུག་འགྲོ་བ་དང༌། །བརྡེག་དང་གཟས་དང་གནས་ངན་ལེན། །ཅེས་པའི། སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་ལ། རྟེན་བསམ་པ་ནི། ཡང༌། ཞེས་དང༌། གཞི་སྦྱོར་བ་ནི། སྲོག་ཆགས། ཞེས་ཏེ། རང་དོན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་དང༌། བཏུང་བ་དང༌། ཆོས་གོས་སོགས་ཀྱི་ཆེད་དུ་ལོངས་སྤྱོད་པ་དང༌། སྲོག་ཆགས་ཅན་གྱི་ཆུ་འབབ་པ་འོག་ཏུ་བགྱུར་བ་དང༌། རྩྭ་ཤིང་སོགས་གཅོད་པ་དང༌། མེར་འདེབས་པ་སོགས་རང་ངམ་བསྐོས་པས་བརྩམས་ཏེ་སྲོག་ཆགས་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བའོ། །ཆུ་ཚགས་མེད་པར་ལྗོགས་རྒྱུར་མི་འགྲོ་ཞིང༌། ཆུ་ཚགས་ལ་ལྔ་སྟེ། དཔྱང་ཚགས། བུམ་ཚགས་སྤྱི་བུག་ཅན། གྲུ་གསུམ་ཚགས། རིལ་བ་ཞབས་ཚགས་ཅག བསལ་ཚགས་དང་ངོ༌། ཆུ་རུང་བ་ལྔ་སྟེ། དགེ་འདུན་དང་གང་ཟག་དང༌། ཆུ་རུང་བ་དང༌། བརྟགས་ཏེའོ། །༢ ཉལ་པོ་བྱེད་ཤོམ་ན་འདུག་པ་དང༌། རྟེན་བསམ་པ་ནི། ཡང༌། ཞེས་དང༌། གཞི་སྦྱོར་ནི། ཉལ། ཞེས་ཏེ། བར་ཆད་དང་རྐྱེན་དང་མི་ལྡན་བཞིན་དུ་སྐྱེས་པ་བུད་མེད་འཁྲིག་པར་ཞུགས་པའམ་ཕྱོགས་པ་ལ། གནས་གཅིག་ཏུ་སྦྱོར་བ་མངོན་སུམ་དུ་བརྣོགས་ཏེ་འདུག་ནས་དེ་དག་གིས་ཚོར་བ་ལྟུང་བའོ། །༣ ཉལ་ཤོམ་ནས་འགྲེང་བ་དང༌། རྟེན་བསམ་པ་ནི། ཡང༌། ཞེས་དང༌། ཡུལ་སྦྱོར་ནི། ཉལ། ཞེས་(༤༡ན)


K805_Page_085
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཁྱད་པར་ནི་འགྲེང་བ་སྟེ་སྔ་མ་བཞིན་ནོ། །༤ (གཅེར་བུ་པ་ལ་སྦྱིན་པ་ལ།( རྟེན་ཡུལ་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། རང་གི། ཞེས་ཏེ། གཅེར་བུ་པ་ཕོ་མོ་གང་རུང་ཉེ་དུའམ། ནད་པའམ། དགེ་བ་ལ་སྦྱོར་བའི་དོན་མིན་པར་དུས་རུང་གི་ཟས་རང་དང་དེ་གཉིས་ཀས་ཟ་རུང་ལག་གིས་སྟེར་ནས་དེས་ཐོབ་ན་ལྟུང་བའོ། །༥ དམག་ལ་ལྟ་བ་ལ། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། ལྟར། ཞེས་ཏེ། རྐྱེན་དང་མི་ལྡན་པའི་དགེ་སློང་གིས་ཁྱིམ་པའི་དམག་མཚན་ཉིད་དང་ལྡན་པ་འཐབ་པའམ་འཐབ་ཏུ་བཅུག་པ་རྒྱལ་པོ་སོགས་ཀྱིས་བཀུག་པ་མིན་པར་ཀུན་སློང་ལྟ་འདོད་ཀྱིས་གནས་ཉེ་འཁོར་དང་བཅས་པ་འདས་ཏེ་བལྟ་བར་བརྩམས་ནས་མཐོང་ན་ལྟུང་བའོ། །༦ དམག་གི་ནང་ན་གནས་པའི། རྟེན་གནང་ཚད་ནི། ཡང༌། ཞེས་དང༌། འདས་པ་ནི། དེ་ལ། ཞེས་ཏེ། གནས་དམག་ནང་དུ་རྒྱལ་པོ་སོགས་ཀྱིས་བཀུག་པ་མ་ཡིན་པར་མཚན་མོ་གཉིད་ལས་འདས་ཏེ། སྐྱ་རེངས་ཤར་བ་ན་ལྟུང་བའོ། །དགོས་པ་མེད་ན་ཞག་གཅིག་ཀྱང་ལྟུང་བའོ། །༧ དཔུང་གི་ཡན་ལག་ཉམས་སུ་མྱོང་བར་འདོད་པ་ལ། རྟེན་གནང་བའི་དུས་ནི། དགེ་སློང༌། ཞེས་དང༌། སྦྱོར་བ་མཐར་ཐུག་ནི། ཡང༌། ཞེས་ཏེ། དཔུང་གི་ཡན་ལག་མྱང་འདོད་ཀྱིས་སྦྱོར་བ་རེག་པའམ། དཀྲུགས་པར་བརྩམས་ཏེ་གཡུལ་བཤམ་དཀྲུག་གི་བྱ་བ་རྫོགས་ན་ལྟུང་བའོ། །སྐྱེས་པ་བུད་མེད་གླང་པོ་སོགས་འཐབ་འཇུག་ལྟ་བ་སོགས་ལ་ཉེས་བྱས་སོ། །༨ བརྡེག་པ་ལ། རྟེན་བསམ་པ་ནི། ཡང༌། ཞེས་དང༌། ཡུལ་སྦྱོར་ནི། དགེ་སློང༌། ཞེས་སོ། །ཡུལ་དགེ་སློང་ཕ་རོལ་པོ་ལ་ཕན་པའི་དོན་མིན་པར་ལུས་སམ་དེས་འཕངས་པའམ། དེ་དང་འབྲེལ་བ་དབྱུག་པ་སོགས་ཡུངས་ཀར་ཙམ་གྱིས་ཀྱང་རྙོག་པ་ཅན་གྱི་(༤༡བ)


K805_Page_086
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པས་བརྡེག་པར་བརྩམས་ཏེ། བརྡེག་སྤྱད་རེ་ལ་ལྟུང་བ་རེའོ། །བདག་ཉིད་ཀྱི་ལུས་དང་ཀ་བ་རྩིག་པ་སོགས་ལ་བརྟེན་ན་ཉེས་བྱས་སོ། །༩ བརྡེག་པར་གཟས་ལ། རྟེན་བསམ་པ་ནི། ཡང༌། ཞེས་དང༌། ཡུལ་སྦྱོར་ནི། དགེ་སློང༌། ཞེས་ཏེ། ཁྱད་པར་ནི་བརྡེག་པར་གཟས་པ་སྟེ། གཞན་སྔ་མ་བཞིན་ནོ། །༡༠ གནས་ངན་ལེན་འཆབ་པ་ལ། རྟེན་བསམ་པ་ནི། ཡང༌། ཞེས་དང༌། ཡུལ་སྦྱོར་བ་ནི། དགེ་སློང༌། ཞེས་ཏེ། ཡུལ་དགེ་སློང་སྡོམ་པ་གསོ་རུང་ཡན་ཆད་ཀྱི་ཕམ་ལྷག་གི་ལྟུང་བ་ཀུན་སློང་དགེ་སློང་བདེ་བར་མི་རེག་པ་དང༌། དགེ་སྦྱོང་གི་ཚུལ་ལམ། སྲོག་གམ། ཚངས་སྤྱོད་ཀྱི་བར་ཆད་དམ། དགེ་འདུན་འཁྲུགས་དོགས་ཀྱི་བསམ་པ་མིན་པར་འཆབ་འདོད་ཀྱིས་མཚན་མོ་འདས་ན་ལྟུང་བའོ། །ཕམ་ལྷག་ལས་གཞན་པའི་རང་གཞན་གྱི་ཉེས་པ་འཆབ་ན་ཉེས་བྱས་སོ། །(བཅུ་ཚན་དྲུག་པ་ཁྱིམ་སོགས་ཀྱི་སྡེ་ཚན།(སྡོམ་ལ། བདེ་དང་མེ་དང་འདུན་པ་དང༌། །བསྙེན་པར་མ་རྫོགས་ཆོས་སྨྲ་དང༌། །དགེ་ཚུལ་ཁ་དོག་བསྒྱུར་བ་དང༌། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་པས། ༡ ཟན་གཅོད་འཇུག་ལ། རྟེན་ཆེད། ཡང༌། ཞེས་དང༌། ཡུལ་ལས་འཚོ་བ་བསྒྲུབ་པ་ནི། དགེ་སློང༌། ཞེས་དང༌། རྗེས་སུ་བསྒྲུབ་པའི་སྦྱོར་བ་ནི། དེ། ཞེས་ཏེ། བསྙུང་བས་ཕན་པའི་ནད་ཅན་མིན་པའི་དགེ་སློང་ལ་སྦྱིན་བདག་གིས་དུས་རུང་ཟས་རུང་བ་ལ་སྦྱོར་བ་ན་ཟན་གཅོད་ཚིག་གིས་ཡུལ་གྱི་ཟན་རང་གླིང་གི་ཉི་མ་ཡོལ་ནས་ལྟུང་བའོ། །སྨན་གཞན་ལ་ཉེས་བྱས་སོ། །༢ མེ་ལ་རེག་པ་ནི། རྟེན་ཆེད་ནི། ཡང༌། ཞེས་དང༌། གཞི་སྦྱོར་ནི། མེ་ལ། ཞེས་ཏེ། དཀོན་མཆོག་དང་ཚངས་སྤྱོད་ཆོས་ལྡན་གྱི་དོན་དང༌། ཚོན་སོགས་དུས་བྱིན་རླབས་མ་གཏོགས་པར་སྦྱོར་བ་རང་ངམ་གཞན་བསྐོས་ཏེ་མེ་ལ་རེག་པ་(༤༢ན)


K805_Page_087
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྤར་གསོད་སོགས་བྱེད་ན་ལྟུང་བའོ། །སེང་གེ་སོགས་གཏུམ་པོ་ལ་མི་རེག་ཅིང༌། དུས་དྲན་ནི་དཀོན་མཆོག་སོགས་ཀྱི་ཕྱིར་སྟོན་པས་གནང་ངོ་སྙམ་དུ་བསམ་སྟེ་བྱ་བ་མ་རྫོགས་ཀྱི་བར་ཡིད་ལ་བྱའོ། །༣ འདུན་པ་ཕྱིར་བསྒྱུར་ནི། རྟེན་གཞི་ནི། ཡང༌། ཞེས་དང༌། ཀུན་སློང་སྦྱོར་བ་ནི། དེའི། ཞེས་ཏེ། དགེ་འདུན་གྱི་ཆོས་ལྡན་གྱི་ལས་མཚན་ཉིད་པ་ལས་རང་གིས་འདུན་པ་ཕུལ་བ། ཀུན་སློང་འདུན་པ་ཕྱིར་བསྒྱུར་འདོད་ཀྱི་བསམ་པས་སྦྱོར་བ་བདག་འདུན་པ་མི་ཕུལ་གྱི་ཕྱིར་འོན་ཅིག་ཅེས་པའི་ཚིག་གི་དོན་གོ་བ་ན་ལྟུང་བའོ། །༤ བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཉལ་བ་ལ། རྟེན་ཡུལ་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། ལྷན་ཅིག ཅེས་ཏེ། རྟེན་ན་བ་དང་ནད་གཡོག་མིན་པའི་དགེ་སློང་གིས་དགེ་སློང་སྡིག་ཅན་དང༌། ཉེ་བར་གནས་པ་དང༌། དགེ་ཚུལ་ལམ་གྱིས་དུབ་པ་སོགས་ཀྱི་རྐྱེན་མེད་པར་མ་རྫོགས་པ་དང་གནས་ཅིག་ཏུ་ཉལ་འདོད་ཀྱི་བསམ་པས། མཚམས་གཞན་གྱིས་བར་མ་ཆོད་པ་འདོམ་ཕྱེད་དགུའི་ནང་རོལ་ཏུ་ནུབ་གསུམ་བསྟུད་མར་རང་དང་མ་རྫོགས་པ་གཉིས་ཀ་ཉལ་ཞིང་སྤྱོད་ལམ་དེས་ནུབ་གསུམ་པའི་སྐྱ་རེངས་དང་པོ་ཤར་ན་ལྟུང་བའོ། །ཟླ་ཉིའི་སྣང་བ་ལས་གཞན་པའི་མར་མེ་དང་ནོར་བུའི་སྣང་བ་རྐྱེན་དང་མི་ལྡན་པས་ཉལ་བར་མི་བྱའོ། །༥ སྡིག་ལྟ་མི་གཏོང་བ་ལ། གང་ལ་གཞམ་བསྒོ་བྱ་བ་ནི། ཡང༌། ཞེས་དང༌། བྱེད་པ་གང་གིས་བཟློག་པ་ནི། དགེ་སློང༌། ཞེས་དང༌། ཇི་ལྟར་བཟློག་པ་ནི། འདི་སྐད། གསོལ་ཞིང༌། བཟློག་པ་ནི། དགེ་སློང༌། ཞེས་དང༌། འདས་པ་ནི། ལན་གཉིས་ལན་གསུམ། ཞེས་ཏེ། དགེ་སློང་གིས་ཆང་བཏུང་བ་ལྟ་བུ་བཅོམ་ལྡན་འདས་ཀྱིས་མཐོ་རིས་དང་ཐར་པའི་བར་ཆད་དུ་འགྱུར་བར་བསྟན་པ་དེ་(༤༢བ)


K805_Page_088
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་ཀྱང་མཐོ་རིས་དང་ཐར་པའི་བར་ཆད་དུ་མི་འགྱུར་ཞེས་པ་ལྟ་བུ་འདུ་ཤེས་མ་འཁྲུལ་བར་རློམ་ཞིང་ཀུན་སློང་སྐུར་འདོད་ཀྱི་བསམ་པས་སྦྱོར་བ་དེར་ཞུགས་ཚེ་དགེ་འདུན་གྱི་གཞམ་བསྒོ་དང་གསོལ་བཞིས་བཟློག་ཀྱང་བརྗོད་པ་གསུམ་པ་ལ་མི་གཏོང་བ་ལྟུང་བའོ། །༦ སྤངས་པ་རྗེས་ཕྱོགས་ནི། རྟེན་བསམ་པ་ནི། ཡང༌། ཞེས་དང༌། གཞི་སྦྱོར་བ་ནི། དེ་སྐད། ཅེས་ཏེ། དགེ་སློང་སྡིག་ལྟ་ཅན་བཟོད་པ་མ་གསོལ་བ་དགེ་འདུན་གྱིས་གནས་ནས་ཕྱུང་བ། ཀུན་སློང་དེ་དང་ལྷན་ཅིག་གཏམ་འདྲི་བ་དང༌། ཉལ་འདོད་ཀྱི་བསམ་པས། སྦྱོར་བ་ན་བ་དང་ཆོས་ལྡན་མ་གཏོགས་དེར་ལྷན་ཅིག་གཏམ་འདྲི་བར་བརྩམ་སྟེ། མཐར་ཐུག་མཚན་མོ་དེའི་སྐད་ཅིག་མ་འདས་པ་ན་ལྟུང་བའོ། །༧ བསྙིལ་བ་སྡུད་པ་ལས། གང་ལ་གཞམ་བསྒོ་བྱ་བ་ནི། དགེ་ཚུལ། ཞེས་དང༌། གསོལ་བཞིས་བཟློག་པ་ནི། དགེ་ཚུལ། ཞེས་དང༌། རྟེན་བསམ་པ་ནི། ཡང༌། ཞེས་དང༌། ཡུལ་སྦྱོར་ནི། དེ་ལྟར། ཞེས་ཏེ། ཁྱད་པར་ནི། དགེ་ཚུལ་སྡིག་ལྟ་ཅན་བཟོད་པ་མ་གསོལ་བ་སྟེ་གཞན་སྔ་མ་བཞིན་ནོ། །༨ ཁ་མ་བསྒྱུར་བ་གྱོན་པ་ལ། རྟེན་ཁ་དོག་གི་རུང་བ་ནི། དགེ་སློང༌། ཞེས་དང༌། གཞི་སྦྱོར་ནི། གལ་ཏེ། ཞེས་ཏེ། དགེ་སློང་གིས་ཆུ་ཚགས་མ་གཏོགས་ལྷུང་བཟེད་ཁ་གཡོགས་དང་རྐང་དཀྲིས་ཙམ་གྱི་གོས་དཀར་པོ་ལ་ལོངས་སྤྱད་ན་ལྟུང་བའོ། །ཚོས་ཆེན་བརྒྱད་ཀྱིས་བསྒྱུར་བ་ལ་ཡང་ཉེས་བྱས་ཏེ། སུམ་བརྒྱ་པར། མཚལ་དང་དེ་བཞིན་རྒྱ་སྐག་བཙོད་རྣམས་དང༌། །གུར་གུམ་དང་ནི་མཐིང་ཤིང་ལི་ཁྲི་དང༌། །རྨ་ཤིང་ལེབ་བརྒན་རྩི་རྣམས་མི་རུང་སྟེ། །བརྒྱད་པོ་ཚོས་ཆེན་ཡིན་པས་བཀག་ཕྱིར་རོ། །༩ རིན་པོ་ཆེའི་གདགས་གཞིར་ལོངས་པ་གཞིར་གཏོགས་ལ། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་དམིགས་བསལ་ནི། རང༌། ཞེས་དང༌། བསླབ་བྱ་ནི། དགེ་སློང༌། ཞེས་(༤༣ན)


K805_Page_089
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ༌། ཆུད་བཟའ་བའི་རྐྱེན་མེད་ཅིང༌། སྦྱིན་བདག་གི་བསོད་ནམས་འདོད་པས་བསླབ་པའམ། མི་མིན་གྱི་གནས་ལྟ་བུ་མིན་པར། རང་གིས་དབང་བའི་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་གོ་མཚོན་དང་རོལ་ཆ་སོགས་ལ་རྒོད་བག་གིས་རེག་འདོད་ཀྱི་བསམ་པས། དངོས་སམ་བསྐོག་ནས་རེག་ན་ལྟུང་བའོ། །༡༠ ཁྲུས་བྱེད་པ་ལ། ལྟུང་བ་དམིགས་བསལ་ནི། བཅོམ་ལྡན་འདས། ཞེས་དང༌། གནང་དུས་ནི། དེ་ལས། ཞེས་ཏེ། ཁྲུས་ཀྱིས་ཕན་པའི་ནད་དང་དཀོན་མཆོག་གིས་ཕྱིར་བ་མལ་ཙམ་གྱི་ཕྱག་བདར་དང༌། དཔག་ཚད་ཕྱེད་དུ་ཕྱིན་པ་མིན་པའི་དགེ་སློང་གིས། དུས་ཟླ་བ་ལྔ་པའི་ཚེས་གཅིག་ནས་བདུན་པའི་བཅོ་ལྔའི་བར་མ་གཏོགས་པར་རྐྱེན་དང་མི་ལྡན་པས་ཟླ་བ་ཕྱེད་ཕྱེད་ཀྱི་ནང་དུ་ཁྲུས་བྱེད་པར་བརྩམས་ཏེ་དུས་མིན་པར་ལུས་རིལ་ཁྲུས་བྱེད་ན་ལྟུང་བའོ། །ལུས་ལ་ཆར་ཐིག་གཉིས་ཕོག་པའམ། གོས་ཀྱི་གྲྭ་བསྐྱོད་པའི་རླུང་ཕོག་པ་ཡན་ལ་ལྟུང་བ་འདི་མེད། (བཅུ་ཚན་བདུན་པ་བསམ་བཞིན་སོགས་ཀྱི་སྡེ་ཚན།( སྡོམ་ལ། དུད་འགྲོ་འགྱོད་པ་སོར་མོ་དང༌། །རྩེ་དང་ལྷན་ཅིག་སྔངས་བྱེད་དང༌། །སྦེད་དང་གདིང་མེད་གཞི་མེད་དང༌། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །༡ དེ་ལ་དུད་འགྲོ་གསོད་པ་ནི། རྟེན་བསམ་པ་ནི། ཡང༌། ཞེས་དང༌།གཞི་སྦྱོར་ནི། དུད་འགྲོ། ཞེས་ཏེ། དུད་འགྲོར་གཏོགས་པའི་སྲོག་ཆགས་མིག་ལམ་དུ་སྣང་རུང་འདུ་ཤེས་མ་འཁྲུལ་པའམ། ཡིད་གཉིས་ཟ་བས་ཀུན་སློང་གསོད་འདོད་ཀྱིས། སྦྱོར་བ་རང་ངམ་བསྐོས་པས་གསོད་པར་བརྩམས་ཏེ་རྐྱེན་དེས་ཤི་ན་ཇི་སྙེད་ཀྱི་ལྟུང་བའོ། །གསོད་སེམས་མེད་པར་ཡན་ལག་གཅོད་པ་དང༌། བརྡེག་འཚོག་གཟུགས་བརྙན་འཇིག་པ་སོགས་ལ་ཉེས་བྱས་སོ། །༢ འགྱོད་པ་བསྐྱེད་པ་ལས། རྟེན་བསམ་པ་ཡང༌། (༤༣བ)


K805_Page_090
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཆེད་ཅེས་ནས།སྦྱོར་བ་ནི། འགྱོད། ཅེས་ཏེ། དགེ་སློང་ཕ་རོལ་པོ་ལ་ཀུན་སློང་ཡིད་མི་བདེ་བ་སྐྱེ་འདོད་ཀྱི་བསམ་པས་བཞད་གད་ཡན་གྱིས་ཁྱོད་ལ་སྡོམ་པ་མ་སྐྱེས་སོ། །སྐྱེས་ཀྱང་ཕམ་པ་བྱུང་ཞེས་སོགས་ཀྱིས་འགྱོད་པ་བསྐྱེད་དེ་དོན་གོ་བ་ན་ལྟུང་བའོ། །༣ གག་ཚིལ་ནི། སོར་མོ། ཞེས་ཏེ། དགེ་སློང་ཕ་རོལ་པོ་ལ་སྐྱི་གཡའ་བའི་གནས་སུ་སྐྱི་གཡའ་བར་བསམ་པས་སྦྱོར་བ་བརྩམས་ཏེ་སྐྱི་གཡའ་བར་བྱས་པའི་རེག་བྱ་རེརེ་ལ་ལྟུང་བ་རེ་རེའོ། །༤ ཆུ་ལ་རྩེ་བ་ལ། ཆུ་ལ། ཞེས་ཏེ། འཇིག་རྟེན་ན་གྲགས་པའི་ཆུ་ལ་རྒོད་བག་གིས་རང་ངམ་བསྐོས་པས་རྩེས་ཏེ་ལྟེ་བ་ནུབ་པའི་ཚད་དུ་ཞུགས་ན་ལྟུང་བའོ། །༥ བུད་མེད་དང་ལྷན་ཅིག་ཉལ་བ་ལ། རྟེན་ཡུལ་ནི། ཡང༌། ཞེས་དང༌།སྦྱོར་བ་ནི། ལྷན་ཅིག ཅེས་ཏེ། བུད་མེད་ཉེ་དུ་མིན་པར་རྟེན་རུང༌། གནས་གཅིག་ཏུ་མཚམས་ཆོད་ན་འདོམ་གང་གི་ནང༌། མཚམས་མ་ཆོད་ན་འདོམ་དགུའི་ནང་དུ་གཉིས་ཀ་ཉལ་འདོད་ཀྱི་བསམ་པས་ཁྲིམས་གྲོགས་མེད་པར་མཚན་མོའི་མཐའ་རྫོགས་པ་ན་ལྟུང་བའོ། །༦ སྔངས་པར་བྱེད་པ་ལ། རྟེན་ཡུལ་ནི། ཡང༌། ཞེས་དང༌།སྦྱོར་བ་ནི། སྔངས། ཞེས་ཏེ། དགེ་སློང་ཕ་རོལ་པོ་ལ་འཇིགས་རྒྱུ་ཡིད་དུ་མི་འོང་བ་ཤ་ཟ་སོགས་ཀྱི་འདོད་ཡོན་ལྔས་བཞད་གད་ཡན་གྱིས་འཇིགས་པ་བསྟན་ཏེ་སྐྲག་པ་སྐྱེས་ན་ལྟུང་བའོ། །ཡིད་འོང་གིས་སྔངས་ན་ཉེས་བྱས། ངེས་འབྱུང་གི་ཕྱིར་དམྱལ་བ་སོགས་བརྗོད་པ་ལ་ཉེས་པ་མེད་དོ། །༧ སྦེད་པ་ལ། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་དམིགས་ནི། སྦེད་དམ། ཞེས་སོགས་ཏེ། རབ་བྱུང་སྡེ་ལྔའི་ལྷུང་བཟེད་སོགས་འཚོ་བའི་ཡོ་བྱད་ཆུད་ཟ་བའི་རྐྱེན་མེད་པར་ཀུན་སློང་རྐུ་སེམས་དང་ཕན་འདོད་ལས་གཞན་པས་རང་ངམ། བསྐོས་པས་བརྩམས་ཏེ་སྦས་ཟིན་ན་ལྟུང་བའོ། །(༤༤ན)


K805_Page_091
[མ་དཔེ་གཟིགས་ན་འདིར་གནོན།]

༨ གདིང་མེད་དུ་སྤྱོད་པ་ནི། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། དེའི་འོག ཅེས་ཏེ། དགེ་སློང་རང་དང་ནོར་མི་གཅིག་པ་ལ་རྐུ་སེམས་མེད་ཅིང་དེས་གནང་བའི་གདིང་མེད་པར་ལོངས་སྤྱད་ན་ལྟུང་བ། གོས་ལས་གཞན་པའི་ཡོ་བྱད་ལ་ཉེས་བྱས། ལོངས་སྤྱད་པས་དགའ་བར་འགྱུར་ན་ལྟུང་བ་མེད་དོ། །༩ ལྷག་མས་སྐུར་འདེབས་ལ། རྟེན་བསམ་་པ་ནི། ཡང༌། ཞེས་དང༌། ཡུལ་ནི། དགེ་སློང༌། ཞེས་དང༌། སྦྱོར་བ་ནི། དགེ་འདུན། ཞེས་ཏེ། དགེ་སློང་ཕ་རོལ་པོ་ལ་མཐོང་ཐོས་དོགས་པའི་གཞི་མེད་པར་ཉམས་པར་འདོད་པས་འདུ་ཤེས་བསྒྱུར་ཏེ་ཀུན་སློང་སྐུར་འདོད་ཀྱི་བསམ་པས། སྦྱོར་བ་མིང་ནས་བཟུང་སྟེ་ལྷག་མས་སྐུར་པ་བཏབ་པའི་དོན་གོ་བ་ན་ལྟུང་བའོ། །༡༠ བུད་མེད་དང་ལྷན་ཅིག་ལམ་འགྲོ་ནི། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། ལྷན་ཅིག ཅེས་ཏེ། བུད་མེད་ལུས་བསྟེན་རུང༌། ཉེ་དུ་མིན་པ། ཁྲིམས་གྲོགས་མེད་པར་ལྷན་ཅིག་རྒྱང་གྲགས་འདས་པ་ན་ལྟུང་བའོ། །དེའི་ཕྱེད་ལ་ཉེས་བྱས་སོ། །བུད་མེད་ཀྱི་ལམ་བསྲེལ་བྱེད་པ་སོགས་ལ་ཉེས་པ་མེད་དོ། །(བཅུ་ཚན་བརྒྱད་པ་མགྲོན་མང་རྐུ་སོགས་ཀྱི་སྡེ་ཚན།( སྡོམ་ལ། རྐུ་དང་ཉི་ཤུ་མ་ལོན་དང༌། །བརྐོ་དང་མགྲོན་དང་བསླབ་པ་དང༌། །འཐབ་དང་མི་སྨྲ་འགྲོ་བ་དང༌། །མ་གུས་ཆང་འཐུང་དུས་མིན་པའོ། །༡ རྐུན་མ་དང་ལྷན་ཅིག་ལམ་འགྲོ་ནི། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། འགྲོ་ན། ཞེས་ཏེ། གྲོང་འཇོམས་པ་དང༌། ཤོ་གམ་དྲལ་བའི་ཆོམ་རྐུན་དང་ལྷན་ཅིག་རྒྱང་གྲགས་ལས་འདས་པར་འགྲོ་བ་ན་ལྟུང་བ་རེ་རེའོ། །༢ ཉི་ཤུ་མ་ལོན་པར་རྫོགས་པ་ནི། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། དགེ་སློང༌། ཞེས་དང༌། ཉེས་དམིགས་ནི། གང་ཟག་དེ་ཡང༌། ཞེས་ཏེ། མངལ་ཤོལ་བརྩིས་པས་ཉི་ཤུ་མ་ལོན་པར་འདུ་ཤེས་(༤༤བ)


K805_Page_092
[མ་དཔེ་གཟིགས་ན་འདིར་གནོན།]

སམ། ཐེ་ཚོམ་ཟ་བས་ཀུན་སློང་རང་གར་མཁན་འདོད་ཀྱི་སྦྱོར་བ་བརྩམས་ཏེ། མཐར་ཐུག་བརྗོད་པ་གསུམ་པའི་བྱེད་པ་བརྗོད་པའི་མགོ་བརྩམས་པའི་ཚེ་མཁན་པོ་ལ་ལྟུང་བྱེད། སློན་དཔོན་དང་དགེ་འདུན་ལ་ཉེས་བྱས་སོ། །མངལ་ཤོལ་གྱིས་ཉི་ཤུ་མ་ལོན་ཀྱང་བསྒྲུབ་བྱས་ལོན་པར་འདུ་ཤེས་ནས་སྐྱེ་བའི་བར་ཆད་གཞན་མེད་ཅིང་སྐྱེ་བའི་རྐྱེན་གཞན་ཚོགས་ན་བསམ་པའི་སྒོ་ནས་ནར་སོན་པས་བསྙེན་རྫོགས་ཆགས་ཤིང༌། དེ་རྫོགས་པའི་རྗེས་ལ་མངལ་ཤོལ་དང་བཅས་ཀྱང་ཉི་ཤུ་མ་ལོན་གོང་དུ་ཉི་ཤུ་མ་ལོན་འདུག་ན་དེའི་རྫོགས་པའི་སྡོམ་པ་འཇིག་སྟེ་ལུས་བསམ་གང་ནས་ཀྱང་ནར་མ་སོན་པས་སྡོམ་པའི་རྟེན་ཉམས་པའི་ཕྱིར། མ་ལོན་ཀྱང་ལོན་པར་འདུ་ཤེས་པ་ལ་བསྙེན་རྫོགས་ཆགས་ན་མངལ་ཤོལ་དང་བཅས་པས་ཉི་ཤུ་ལོན་ན་ལེན་དུས་ཉི་ཤུ་མ་ལོན་འདུག་སྙམ་དུ་ཤེས་ཀྱང་སྡོམ་པ་མི་འཇིག་སྟེ། སྐྱེས་ཤིང་བཏང་རྒྱུ་གཞན་མ་བྱུང་ན་ལུས་ཀྱི་ནར་སོན་ཅིང་སྡོམ་པའི་རྟེན་ཡིན་པའི་ཕྱིར། སྐྱེས་ནས་ཉི་ཤུ་མ་ལོན་ཀྱང་མངལ་ཤོལ་དང་བཅས་པ་ལོན་ན་བསྙེན་རྫོགས་ཆགས་ལ། མཁན་སློབ་དགེ་འདུན་ལ་ཉེས་པ་བསྐྱེད། ཉི་ཤུ་ལོན་པ་ལ་མ་ལོན་པར་འདུ་ཤེས་ཀྱང་སྡོམ་པའི་རྟེན་དུ་རུང་ངོ༌། །དགེ་ཚུལ་ལོ་བདུན་ལོན་ཀྱང་མངའ་ཤོལ་དང་བཅས་པས་ལོན་ན་སྐྱེ་ལ་ཉེས་བྱས་ཡིན་ནོ། །༣ ས་བརྐོ་བ་དང༌། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། བརྐོ། ཞེས་ཏེ། ན་བ་སོགས་ཀྱི་རྐྱེན་མེད་པར་གྲགས་པའི་ས་འཐས་པ། རང་ངམ་བསྐོས་པས་སོར་བཞི་ཡན་ཆད་བསྐོས་ན་ལྟུང་བའོ། །ས་ཉམས་པ་དང་བྱེ་མ་སོགས་ལ་ཉེས་བྱས་སོ། །༤ མགྲོན་དུ་བོས་པ་ལས་རིང་དུ་བསྡད་(༤༥ན)


K805_Page_093
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། རྟེན་གནང་བའི་ཚད་ནི། ཡང༌། ཞེས་དང༌། འདས་པ་ནི། དེ་ལས། ཞེས་དང༌། གནང་དུས་བྱེ་བྲག་ནི། སོ་སོར། ཞེས་ཏེ། རྐྱེན་དང་མི་ལྡན་པར་སྦྱིན་བདག་གིས་དུས་ཇི་ཙམ་མགྲོན་དུ་བོས་པ་ལས་རིང་དུ་འདུག་སྟེ། ཟ་འདོད་ཀྱི་བསམ་པས་སྦྱིན་བདག་གིས་ཅི་ཙམ་འདོད་གྱི་བར་བཞུགས་ཞེས་པ་ལྟ་བུ་མེད་པར་མགྲོན་རྫོགས་པའི་འོག་ཏུ་ཡང་ཟ་བར་བརྩམ་སྟེ་མགུལ་དུ་མིད་པ་ལ་ལྟུང་བའོ། །༥ བསླབ་པ་ཉེར་འཇོག་སྤོང་བ་ནི། རྟེན་ཁྱད་གསོད་ཀྱི་དུས་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། དེ་དག ཅེས་ཏེ། དགེ་སློང་ཕ་རོལ་པོ་འདུལ་བར་གཏོགས་པའི་བསླབ་བྱ་མ་བསླབ་བོ་ཞེས་པ་ན་མ་འཁྲུལ་ཞིང་ཀུན་སློང་བསྒྱུར་ཏེ་མི་སློབ་པ་སྨྲ་འདོད་ཀྱི་བསམ་པས། སྦྱོར་བ་བསླབ་པ་ཉེར་འཇོག་པོ་ལ་ཁྱོད་ཀྱིས་མི་ཤེས་ཏེ་གཞན་ལ་འདྲི་ཡི། དེའི་བར་བསླབ་པ་འདི་ལ་མི་སློབ་ཅེས་སྨྲ་བ་བརྩམས་ཏེ་དོན་གོ་ན་ལྟུང་བའོ། །༦ ཉན་རྣ་ལས་གྱུར་པ་ལ། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་ཕྱེད་ནི། དགེ་སློང༌། ཞེས་ཏེ། ཕ་རོལ་པོ་རྩོད་ཟླར་གྱུར་པ་དག་རྩོད་པ་གཞི་ལས་གང་རུང་བྱེད་པ་ན་ནོར་བ་དང་རྩོད་པ་ཞི་འདོད་མིན་པས་དཀྲུགས་པའི་ཆེད་དུ་ཉན་འདོད་ཀྱི་བསམ་པས་རྣ་བ་གཏོད་ནས་དོན་གོ་བ་ན་ལྟུང་བའོ། །དོན་མ་གོ་ན་ཉེས་བྱས། གྲོགས་སོགས་ཀྱི་སར་འགྲོ་བ་ན་སེ་གོལ་གྱི་བརྡ་བྱེད། ༧ མི་སྨྲ་བ་འགྲོ་བ་ལ། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་དམིགས་བསལ་ནི། ཅང་མི་སྨྲ། ཞེས་ཏེ། དགེ་སློང་ཁ་སྐོང་བར་འོས་པས་དགེ་འདུན་གྱི་ནང་དུ་ལས་ལ་འདུས་པ་ན་གསོལ་བ་ཙམ་གྱི་ལས་མ་བྱས་པར་གནས་དེ་ནས་དགེ་སློང་འཁོད་པ་ལ་མ་སྨྲས་པར་འགྲོ་བ་བརྩམས་ཏེ། ལས་ཐོས་པའི་ཉེ་འཁོར་འདས་པར་ཕྱིན་པ་ན་ལྟུང་བའོ། །༨ མ་གུས་པ་ལ། (༤༥བ)


K805_Page_094
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པར་མི་བྱེད་ན། ཞེས་ཏེ། སངས་རྒྱས་ཀྱི་གསུང་དང༌། དགེ་འདུན་གྱི་ཞལ་ཏ་བ་ཆོས་ལྡན་གྱིས་བསྒོ་བ་རང་གིས་བསྒྲུབ་པ་ལ་འགལ་བ་བྱེད་འདོད་ཀྱིས་སྦྱོར་བ་གཞིག་འགྲེལ་མ་བྱས་པར་འགལ་བར་བྱས་ན་ལྟུང་བའོ། །མཁན་སློབ། རྒྱལ་པོ། དགྲ་བཅོམ། གནས་བརྟན་གྱི་བཀའ་བཅག་ན་ཉེས་བྱས་སོ། །༩ མྱོས་འགྱུར་འཐུང་བ་ནི། གཞི་ནི། འབྲུའི་ཆང༌། ཞེས་དང༌། སྦྱོར་བ་ནི། འཐུང་ན། ཞེས་ཏེ། ཕབ་བཏབ་པ་འབྲུའི་ཆང་དང༌། མ་བཏབ་པ་རྒུན་སོགས་བཙོས་པའི་ཆང་དངོས་སམ། སྤང་ཚིག་ལ་སོགས་མྱོས་པའི་ནུས་ཅན་ལོངས་སྤྱོད་པར་བརྩམས་ཏེ། མགུལ་དུ་མིད་པ་ན་ལྟུང་བའོ། །མྱོས་པའི་ནུས་པ་མེད་པར་དྲི་བྲོ་བ་དང༌། ལུས་མིན་པ་ཁ་བཤལ་བ་དང༌། ལུས་ལ་བསྐུད་པ་སོགས་ལ་ཉེས་བྱས། ནད་པས་མི་མིད་པར་ཁ་བཤལ་བ་དང་ལུས་ལ་བསྐུད་པ་ཙམ་ལ་ཉེས་པ་མེད་ཅིང༌། ཆང་བསྐོལ་བ་ལ་ཉེས་མེད་དུ་གསུངས་པ་ནི་རོ་ནུས་མེད་པ་ལ་དགོངས་པའོ། །༡༠ དུས་མིན་པར་འགྲོ་བ་ལ། རྟེན་བཀག་པའི་དུས་ནི། ཡང༌། ཞེས་དང༌། སྦྱོར་བ་དམིགས་བསལ་ནི། གྲོང་དུ་འཇུག ཅེས་ཏེ། སྲ་བརྐྱང་མ་བཏིང་ཞིང་བར་ཆད་ཀྱི་རྐྱེན་དང་མི་ལྡན་པའི་དགེ་སློང་གནས་ན་འཁོད་པའི་རབ་ཏུ་བྱུང་བ་ལ་མ་སྨྲས་པར་གནས་དེ་ནས་ཁྱིམ་པའི་གནས་སུ་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་གྱི་བར་དུ་འདུ་ཤེས་དུས་མིན་ལ། དེར་ཤེས་པའི་ཐེ་ཚོམ་ཟ་བས་སྦྱོར་བ་བརྩམས་ཏེ་རང་གནས་ཉེ་འཁོར་ལས་འདས་ན་ལྟུང་བའོ། །(བཅུ་ཚན་དགུ་པ་ཆོས་སྟོན་སོགས་ཀྱི་སྡེ་ཚན།(སྡོམ་ལ། ཟས་བཅས་སྐྱ་རེངས་ད་གདོད་དང༌། །ཁབ་རལ་དང་ནི་ཁྲི་རྐང་དང༌། །གདལ་དང་གདན་དང་གཡན་དགབ་དང༌། །རས་ཆེན་བདེར་གཤེགས་ཆོས་གོས་སོ། །ཞེས་པའི་དང་པོ་ཟས་བཅས་ལ། ཡང༌། ཞེས་ཏེ། (༤༦ན)


K805_Page_095
[མ་དཔེ་གཟིགས་ན་འདིར་གནོན།]

༡ འདི་ལ་སྔ་དྲོ་གྲོང་རྒྱུ་དང༌། ཕྱི་དྲོ་གྲོང་རྒྱུ་གཉིས་ལས། དང་པོ་ནི། རྟེན་དགེ་སློང་དེའི་ཚིག་གིས་དགེ་འདུན་རྣམས་སྦྱིན་བདག་ཁྱིམ་པ་ཡིན་པའི་ཁྱིམ་དུ་ཟས་ལ་སྤྱན་དྲང་པ་ན་སྦྱིན་བདག་ལ་དུས་མ་ཡོལ་བར་བྲིམས་ཞེས་མ་བསྒོ་བར་གྲོང་དུ་རྒྱུ་འདོད་ཀྱི་བསམ་པ་རྐྱེན་དང་མི་ལྡན་པར་གྲོང་གཞན་དུ་སྦྱོར་བ་འགྲོ་བར་བརྩམས་ཏེ་གྲོང་གསུམ་པ་ལ་སོགས་པར་རྒྱུས་པ་ན་ལྟུང་བའོ། །གཉིས་པའི་དབང་དུ་བྱས་ན། དགེ་སློང་འཁོད་པ་ལ་སྨྲས་ཀྱང་ཉིན་ཕྱེད་ཡོལ་ནས་སྐྱ་རེངས་ཐ་མ་མ་ཤར་བར་ཁྱིམ་བཞི་སོགས་སུ་འགྲོ་ན་ལྟུང་བའོ། །༢ རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བ་ལ། རྟེན་བཀག་པའི་དུས་ནི། ཡང༌། ཞེས་དང༌། གཞི་མཐར་ཐུག་ནི། རྒྱལ་པོ། ཞེས་ཏེ། རྒྱལ་པོ་སོགས་ཆོས་ལྡན་གྱི་དོན་ལ་བོས་པ་དང༌། དགོས་པ་ཁྱད་པར་ཅན་དང༌། རྐྱེན་གཞན་དང་མི་ལྡན་པར་རྒྱལ་པོའི་ཕོ་བྲང་དང་བཙུན་མོའི་གནས་སུ་དམར་ཐག་ཆོད་ནས་སྐྱ་རེངས་མ་ཤར་གྱི་བར་དེར་འདུ་ཤེས་སམ། ཡིད་གཉིས་ཟ་བར་སྦྱོར་བས་བརྩམས་ཏེ། དེའི་སྒོ་བཅད་ན་གཏན་པའི་གནས་དང༌། མ་བཅད་ན་གཏན་པ་གཉིས་འགྱུར་བའི་སླར་སླེབ་ན་ལྟུང་བའོ། །༣ བསླབ་གཞི་ཁྱད་གསོད་ལ། རྟེན་ཁྱད་དུ་གསོད་པའི་དུས་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། འདི་སྐད། ཅེས་ཏེ། སོ་ཐར་གྱི་མདོ་ལན་གཉིས་མན་ཆད་ཐོས་པའི་དགེ་སློང་གིས་གསོ་སྦྱོང་གི་དུས་སུ་བཞད་བགད་ཡན་གྱིས་བསླབ་གཞི་ཁྱད་གསོད་ཀྱི་ཚིག་སྨྲས་ཏེ་མཐར་འདུལ་བར་གཏོགས་པའི་བསླབ་པ་ཁྱད་དུ་གསོད་ན་ལྟུང་བའོ། །༤ ཁབ་རལ་འཆོས་པའི། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་དམིགས་བསལ་ནི། བྱེད་དམ། སོགས། ཕྱིར་བཅོས་ནི། བཅག་ནས། ཞེས་ཏེ། བ་སོ་དང་རུས་པ་(༤༦བ)


K805_Page_096
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྭ་དང་རིན་པོ་ཆེ་ཡུལ་དུས་དེར་དཀོན་ཅིང་རིན་ཆེ་བའི་རྒྱུ་ལས་ཁབ་རལ་བཅོས་ཏེ་ཟིན་པ་ན་ལྟུང་བའོ། །ལྟུང་བ་འདི་བཤགས་དུས་ཁབ་རལ་བཅག་གམ་ཞེས་འདྲིའོ། །༥ ཁྲི་རྐང་འཆོས་པ་ལ། རྟེན་གནང་ཚད་ནི། ཡང༌། ཞེས་དང༌། འདས་པ་ནི། དེ་ལས། ཞེས་ཏེ། དགེ་འདུན་གྱི་ཁྲིའམ་ཁྲིའུ་རྐང་པ་བུ་གར་གཞུག་པ་མན་ཆད་ཁྲུ་གང་ཚད་ཡིན་ལ། དེ་ལས་ལྷག་པ་སྦྱོར་བ་རང་ངམ་བསྐོས་པས་བརྩམས་ཏེ་མཐར་ཐུག་ལྷག་པོ་ཟིན་ན་ལྟུང་བ། གང་ཟག་གི་དད་མོལ་ཆེ་མཐོ་ལ་འདུག་ན་ཉེས་བྱས་སོ། །ཁྲི་རྐང་གདིང་བ་གཡན་དགབ་རས་ཆེན་ཚད་ལྷག་བཞི་བཤགས་པའི་ཚེ་བཤགས་ཡུལ་གྱིས་བཅད་དམ་ཞེས་མ་དྲིས་ན་ཉེས་བྱས་སོ། །༦ ཤིང་བལ་གྱིས་གོས་གསར་པ་བྱས་པ་ལ། རྟེན་གཞི་ནི། ཡང༌། ཞེས་དང༌། སྦྱོར་བ་ནི། བདལ་ལམ། ཞེས་དང༌། ཕྱིས་བཅོས་ནི། བསྡུས་ནས། ཞེས་ཏེ། དགེ་འདུན་གྱི་གནས་མལ་ཤིང་བལ་གྱིས་སྦྱོར་བ་རང་ངམ་བསྐོས་པས་མཐར་གོས་པར་བྱེད་ན་ལྟུང་བའོ། །གང་ཟག་གི་ལ་ཉེས་བྱས་སོ། །འདི་བཤགས་དུས་ཤིང་བལ་བསྡུ་དགོས་སོ། །༧ གདིང་བ་ལ། རྟེན་གནང་ཚད་ནི། དགེ་སློང༌། ཞེས་དང༌། འདས་པ་ཕྱིར་བཅོས་ནི། དེ་ལས། ཞེས་ཏེ། གདིང་ཚད་སྲིད་ཁྲུ་གསུམ། ཞེས་ཁྲུ་དོ་དང་སོར་དྲུག སྲིད་དུ་མི་ཆོག་ན་ཁྲུ་ཕྱེད་དོ་བསྐྱེད་དོ། །༨ གཡན་དགབ་ལ། རྟེན་ནི། དགེ་སློང་གིས། ཞེས་དང༌། འདས་པ་ཕྱིར་བཅོས་ནི། དེ་ལས། ཞེས་ཏེ། དེའི་སྲིད་ཁྲུ་དྲུག ཞེང་ཁྲུ་གསུམ། ༩ རས་ཆེན་ལ། རྟེན་གནང་ཚད་ནི། དགེ་སློང་གིས། ཞེས་དང༌། འདས་པ་ནི། དེ་ལས། ཞེས་ཏེ། དེའི་ཚད་སྲིད་ཁྲུ་དགུ། ཞེང་ཁྲུ་གསུམ་དང་སོར་བཅོ་བརྒྱད། ༡༠ བདེ་གཤེགས་ཆོས་གོས་ཀྱི་ཚད་གྱུར་ལ། རྟེན་སྦྱོར་བ་ནི། དགེ་སློང༌། ཞེས་དང༌།གནང་བའི་ཚད་ནི། དེ་ལས། (༤༧ན)


K805_Page_097
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཏེ། སྟོན་པའི་བླ་གོས་དང་སྣམ་སྦྱར་གྱི་ཚད་ནི་སྲིད་དུ་སྟོན་པ་རང་གི་ཁྲུ་ལྔ༌། ཞེང་དུ་ཁྲུ་གསུམ། སྟོན་པའི་ཁྲུ་རེ་རེ་ལ་མི་འབྲིང་པོའི་ཁྲུ་གསུམ་ཡིན་པས་སྟོན་པའི་ཆོས་གོས་གཅིག་ལ་མི་འབྲིང་པོའི་ཆོས་གོས་དགུ་འགྱུར་རོ། །དེས་ན་སྟོན་པའི་སྐུ་ལུས་ཙམ་མེད་པར་དེའི་ཆོས་གོས་ཀྱི་ཚད་ཙམ་མམ། དེ་ལས་ལྷག་པར་སྦྱོར་བ་བརྩམས་ཏེ་ཟིན་ན་ལྟུང་བའོ། །འདོན་པ་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ། ཞེས་དང༌། རྣམ་གཞག་བསྒྲག་པ་ནི། དེ་ལས། ཞེས་སོ། །


previousལྟུང་བྱེད་ཀྱི་སྡེ།next