Nitartha Digital Library
Tibetan
 
previousམཇུག་རྫོགས་པའི་དགེ་བའི་རྩ་བ་བསྔོ་བ།no next

མཇུག་རྫོགས་པའི་དགེ་བའི་རྩ་བ་བསྔོ་བ།


K805_Page_143
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་མཇུག་རྫོགས་པའི་དགེ་བའི་རྩ་བ་བསྔོ་བ་ནི། སོ་སོར་ཐར་པ་བཏོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་ཐམས་ཅད་ཀྱིས། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །ཅེས་དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོ་རལ་པ་ཅན་གྱི་རིང་ལ་ཁ་ཆེ་བྱེ་བྲག་ཏུ་སྨ་བའི་དགེ་སློང་རྒྱལ་བའི་བཤེས་གཉེན་དང༌། ཞུ་ཆེན་གྱི་དགེ་སློང་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ད་ནི་འཇུག་ཡོངས་སུ་རྫོགས་པའི་ཚིགས་སུ་བཅད་པ་ནི། །འདི་ན་བློ་གྲོས་བླུན་པོ་མུན་པའི་ཁྲིར་འཁོད་དེས། །བླང་དོར་བརྗོད་པའི་ལང་ཚོས་དག་པའི་ཕྱོགས་ཉམས་ཤིང༌། །ཆགས་སྡང་ཟང་ཟིང་རྙེད་པ་ཁོ་ན་ལྷུར་བྱེད་པ། །གང་མཆིས་ཐོ་རངས་མུན་རྡུལ་ཇི་བཞིན་སྲབ་གྱུར་ཅིག །ངེས་འབྱུང་བློ་དང་གཉེན་པོའི་ནོར་ལྡན་ཅིང༌། །མ་ཆགས་འཕགས་རིགས་དབང་པོ་དུལ་བ་ཀུན། །ཐོས་དང་བརྩོན་པས་རྒྱུད་སྦྱངས་སྙིང་རྗེ་ཅན། །བྱང་ཆུབ་ལམ་གྱི་ཕྱོགས་ལ་མཇུག་གྱུར་ཅིག །ཐ་སྙད་ཐམས་ཅད་སྙིང་པོས་སྟོང་པའི་ཕྱིར། །ངེས་པའི་དོན་མཆོག་སྐུ་བཞིའི་བཅོམ་ལྡན་ལ། །(༦༧ན)


K805_Page_144
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་འབྲས་ཕྱིན་ལོག་བྲལ་བའི་ཐབས་རྙེད་དེ། །འཆི་མེད་རྟག་པའི་གོ་འཕང་འགྲུབ་གྱུར་ཅིག །འདིར་འབད་དགེ་བའི་ལས་བྱུང་རྣམ་པར་དཀར། །གང་མཆིས་མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། །རྫོགས་པའི་སངས་རྒྱས་དཔལ་ལྡན་བླ་མའི་ཞབས། །གོ་འཕང་བདེ་བླག་འགྲུབ་པར་བྱིན་གྱིས་རློབས། །ཞེས་བྱ་བ་འདི་ནི་ཀརྨ་པ་མི་བསྐྱོད་རྡོ་རྗེ་ཞེས་བྱ་བའི་ལྷག་པའི་བསམ་པས། རྗེས་འཇུག་རྣམས་ལ་ཆོས་སྦྱིན་དུ་བྱས་པའི་ཡི་གེ་པ་ནི་ཤཱཀྱའི་དགེ་སློང་སྤོང་བ་པ་གཙུག་ལག་ཕྲེང་བས་བགྱིས་པའོ། རྣམ་འདྲེན་བཞི་པ་རྒྱལ་བ་དོན་ཀུན་གྲུབ། །མངོན་གསུམ་དབང་པོའི་སྤྱོད་ཡུལ་གྱུར་པ་ལྟའི། །སོ་ཐར་མདོ་ཡི་འགྲེལ་ཆེན་རྨད་དུ་བྱུང༌། །རྒྱལ་དབང་མི་བསྐྱོད་རྡོ་རྗེས་མཛད་པ་གང༌། །ཟབ་ཅིང་རྒྱ་ཆེའི་ཆོས་ལ་ལོངས་སྤྱོད་ཅིང༌། །རྒྱལ་བསྟན་འཛིན་སྤེལ་སྐྱོང་ལ་བློ་དཔའ་བ། །ལྷག་བསམ་བཟང་པོའི་དཔལ་གྱིས་རབ་ཕྱུག་པ། །བསླབ་གསུམ་ནོར་དང་ལྡན་པའི་དགེ་སྦྱོང་དེས། །མི་བཟོད་དཔར་སྤེལ་ཉིན་བྱེད་གཞོན་ནུ་ཡིས། །གངས་ལྗོངས་འཕགས་བལ་འབྲུག་འབྲས་ཀྱིས་མཚོན་པའི། །འཛམ་གླིང་མཁའ་མཐར་རྒྱལ་བསྟན་པདྨོའི་དཔལ། །བཞད་ཅིང་ཆོས་འདུལ་ཟིལ་མངར་བཅུད་བཟང་པོས། །སྐལ་ལྡན་དྲུག་སྐྱེས་ཚིམ་པའི་ཆོས་ཀྱི་གླུས། །སྐལ་བཟང་ཐོས་འཛིན་བསམ་ཡས་སྙན་བྱས་པས། །ཀུན་ཡིད་ངེས་འབྱུང་དད་པས་ཉེར་དྲངས་ཏེ། །ཀུན་མཁྱེན་རྒྱལ་བའི་ཞིང་སར་འཁོད་གྱུར་ཅིག །ཅེས་པའང་རྒྱལ་པའི་དབང་པོ་དཔལ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས་སྙིགས་དུས་སུ་གསུང་རབ་ཉམས་གསོ་མཛད་སྐབས་གང་གི་ཞབས་འབངས་སུ་གྱུར་པ་ཐ་ཤལ་ཨི་ཤྭ་པུཎྱེ་པས་འཕགས་ཡུལ་ལྡི་ལི་རུ་གསར་དུ་བྲིས་པའོ།


previousམཇུག་རྫོགས་པའི་དགེ་བའི་རྩ་བ་བསྔོ་བ།no next