Nitartha Digital Library
Tibetan
 
no previousལྟུང་བྱེད་འབའ་ཞིག་པའི་སྡེ། next

ལྟུང་བྱེད་འབའ་ཞིག་པའི་སྡེ།


K8Z003_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་སྤྱིའི་དོན་མཐའ་དཔྱད་དང་བསྡུས་དོན་ས་བཅད་དང་འབྲུ་ཡི་དོན་མཐར་ཆགས་སུ་གཉེར་བ་བཅས་འཛམ་བུའི་གླིང་གསལ་བར་བྱེད་པའི་རྒྱན་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་གླེགས་བམ་གཉིས་པ་བཞུགས་སོ།།


K8Z003_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་བཟང་པོའི་ཟླ་ཚེས་གསོ་བ་ཡི། །ཚེ་ཡི་རིག་པ་ཀློག་པའི་དོ་ར་ནས། །དྲི་མེད་གཡས་སུ་འཁྱིལ་པ་ཆོས་ཀྱི་དུང་། །ཕྲིན་ལས་དབང་པོའི་སྒྲ་ལྡན་ཤིས་གྱུར་ཅིག །བདག་བློ་གསེར་གྱི་སྙིང་པོའི་ཆུ་གཏེར་ལ། །འདུལ་བ་འབུམ་སྡེའི་ནོར་འཛིན་ཁྱབ་པར་བདལ། །རྣམ་འབྱེད་ལ་སོགས་ལུང་ཆེན་སྡེ་བཞི་པོའི། །ཆུ་ཆེན་བཞི་པོ་ཕྱོགས་བཞིར་དལ་གྱིས་གཞོལ། །དེ་འགྲེལ་བྱེད་པའི་གྲུ་གཟིངས་ཆེན་པོ་རྣམས། །གྲུབ་པ་རྣམས་ཀྱི་ཉི་མའི་དུམ་བུ་བཞིན། །བཀོད་པ་ཉམས་མེད་དྲན་པས་ངས་འདིར་འབད། །རྣམ་གྲོལ་ནོར་བུ་འདོད་རྣམས་དྭང་དུ་ལོངས། །འཁོར་བའི་ལམ་དུ་སྐྱེ་བ་ཟློས་པའི་ལམ་དུ་ནི། །སྐྱོན་ལ་མངོན་ཞེན་ཁ་ཅིག་སྒྲ་ཡི་བསྟན་བཅོས་དང་། །རིགས་བྱེད་དང་ནི་རྟོག་(༢ན)


K8Z003_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་སྒྱུ་རྩལ་སོགས་ལ་བརྩོན། །བསིལ་བ་ཐོབ་བྱེད་ཐུབ་པའི་གསུང་འདི་རྨོངས་རྣམས་དོར། །ཆགས་སྡང་རིམས་ཀྱིས་གནོད་པའི་ལུས་ནི་ངན་འགྲོའི་ཕུང་པོ་དག་གི་གནས། །བླུན་ཆེན་ལས་གྱུར་འཁོར་བ་རབ་རྩུབ་བགྲོད་དཀའི་ཐང་ལ་མིག་རྩ་རིད། །མཐའ་ལ་ཞེན་ཅིང་སྲེད་པའི་ལྕགས་སྒྲོག་གིས་བསྡམས་བླ་མའི་གཡོན་འགྲོས་ཅན། །དེ་ལྟར་གདུང་བའི་གཏེར་ཆེན་འདི་ལ་གང་གིས་ཕན་པའི་རི་མོར་བྱེད། །གསེར་གྱི་རི་ལས་དུག་གི་ཆུ་བྱུང་ན། །གང་གིས་དེ་ཉིད་བདུད་རྩིར་སུ་ཡིས་འཁྲུལ། །ཆེན་པོའི་ཞལ་ནས་སྡིག་པའི་མཆིད་ཐོབ་ན། །དེ་ལ་བླ་མའི་འབྲེལ་བར་ཅི་སྟེ་འཁྲུལ། །ཀྱེ་མ་དེང་སང་དུས་ཀྱི་སློབ་དཔོན་རྣམས། །རང་བློས་བཅད་ནས་ཆོ་ག་འཁྲུགས་པ་ཡི། །ལག་ལེན་བསྟན་དང་འགལ་བ་དུ་མ་བྱེད། །དེ་ཡི་སློབ་དཔོན་འབྲེལ་བ་བྱེད་པར་མཐོང་། །ཅི་སླད་བྱིས་པས་བྱེ་མའི་ཁང་བུ་ལ། །རྒྱལ་པོའི་ཕོ་བྲང་(༢བ)


K8Z003_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཅེས་བསྒྲུབ་པ་ལྟར། །ལང་ཚོ་སྡིག་པའི་ངང་དུ་ཡལ་བ་འགས། །སངས་རྒྱས་བསྟན་པ་རང་སྤྱོད་འདི་ཡིན་ལོ། །བདག་ནི་བཤེས་གཉེན་ཞལ་པད་དཀར་པོ་ལ། །སྡེ་སྣོད་གསུམ་གྱི་དྲི་བཟང་རྒྱས་གྱུར་ཅིང་། །དེ་ཡི་ལག་ལེན་འཁྲུལ་མེད་གེ་སར་འཁྲིགས། །དེས་གསུངས་ལེགས་ལམ་སྦྲང་རྩི་ཐོབ་པས་ཚིམ། །ཞེས་ཚིགས་སུ་བཅད་པ་སྔོན་དུ་བཏང་ནས། ད་ནི་སྐབས་ཀྱི་དོན་བརྗོད་པར་བྱ་སྟེ། གཉིས་པ་ལྟུང་བྱེད་འབའ་ཞིག་པའི་སྡེ་ཚན་རྣམ་པ་དགུ་པོ་ལས། སྡེ་ཚན་དང་པོའི་དང་པོ་ལ། སྐབས་སུ་རྫུན་གཞན་བསྟན་པ་དང་། །ལྟུང་བའི་རྣམ་པར་བཞག་པ་བརྗོད། །བསླབ་པར་བྱ་བ་གཞན་ཡང་བསྟན། །དང་པོ་ནི། སྤྱིར་ནི་ལུང་རྣམ་འབྱེད་ལས། བརྫུན་བཅུ་གཅིག་ནས་གཉིས་ཀྱི་བར་གསུངས་ཏེ། གཞི་མེད་སྐུར་འདེབས་ཀྱི་ལུང་རྣམ་འབྱེད་ལས། གང་ཟག་མ་དག་པ་ལ་སྐུར་བ་འདེབས་པ་ལ་ནི་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། མ་མཐོང་བ་ལ་མཐོང་ངོ་ཞེས་ཟེར་བ་དང་། མ་ཐོས་པ་ལ་ཐོས་སོ་ཞེས་ཟེར་བ་དང་། མི་དོགས་པ་ལ་དོགས་སོ་ཞེས་ཟེར་བ་དང་། མཐོང་ནས་བརྗེད་བཞིན་དུ་མཐོང་ངོ་ཞེས་ཟེར་བ་དང་། ཐོས་ཏེ་བརྗེད་བཞིན་དུ་ཐོས་སོ་ཞེས་ཟེར་བ་དང་། དོགས་ཏེ་བརྗེད་བཞིན་དུ་དོགས་སོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་ཆེས་ནས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་མཐོང་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་ཏེ་མཐོང་ཞེས་ཟེར་བ་དང་། ཐོས་པ་ལ་མི་དོགས་ཏེ་མཐོང་ཞེས་ཟེར་བ་དང་། མ་ཐོས་ཀྱང་དོགས་པ་ལ་མཐོང་ཞེས་ཟེར་བ་བཅུ་གཅིག་སྟེ་བཅུ་གཅིག་པོ་གང་བརྗོད་ན་ཡང་དགེ་འདུན་ལྷག་མར་འགྱུར་རོ། །གང་ཟག་དག་པ་ལ་སྐུར་བ་འདེབས་པ་ལ་གཞི་བཅུས་ལྟུང་བར་འགྱུར་ཏེ། བཅུ་གཅིག་པོ་དེ་ལས་མཐོང་སྟེ་བརྗེད་བཞིན་པ་མ་གཏོགས་པ་བཅུས་དགེ་འདུན་ལྷག་མར་འགྱུར་བར་གསུངས་(༣ན)


K8Z003_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཤེས་བཞིན་བརྫུན་སྨྲ་འདི་ཉིད་ཀྱི་ལུང་རྣམ་འབྱེད་ལས། བརྫུན་དུ་སྨྲ་བ་དགུ་སྟེ། ལྟུང་བ་སྡེ་ལྔ་དང་། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་དང་། ཆོ་ག་དང་། འཚོ་བ་ཉམས་པས་སྐུར་བ་འདེབས་པའོ། །བརྫུན་དུ་སྨྲ་བ་བརྒྱད་དེ། ལྟུང་བ་སྡེ་ལྔ་དང་མཐོང་ཐོས་དོགས་པས་སྐུར་བ་འདེབས་པའོ། །བདུན་ཏེ། ཉམས་པ་བཞི་དང་མཐོང་ཐོས་དོགས་པས་སྐུར་བ་འདེབས་པའོ། །དྲུག་སྟེ། བརྫུན་སྨྲ་བར་འདོད་པ་ན། བརྫུན་སྨྲ་བར་བྱའོ་སྙམ་པ་དང་། བརྫུན་སྨྲ་བ་ན་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་བརྫུན་སྨྲས་སོ་སྙམ་པ་དང་། མཐོང་ཐོས་དོགས་པས་བརྫུན་དུ་སྨྲ་བའོ། །ལྔ་སྟེ། ལྟུང་བ་སྡེ་ལྔས་སྐུར་བ་འདེབས་པའོ། །བཞི་སྟེ། ཉམས་པ་བཞིས་སྐུར་བ་འདེབས་པའོ། །གསུམ་སྟེ། མཐོང་ཐོས་དོགས་གསུམ་གྱིས་སྐུར་བ་འདེབས་པའོ། །བརྫུན་དུ་སྨྲ་བ་གཉིས་ཏེ། བརྫུན་སྨྲ་བ་ན་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་བརྫུན་སྨྲས་སོ་སྙམ་པའོ། །བརྫུན་དུ་སྨྲ་བ་ལ་རྣམ་པ་གཅིག་པུ་འབའ་ཞིག་ནི་མེད་དོ་ཞེས་གསུངས་སོ། །བརྫུན་སྨྲ་གཅིག་པུ་འབའ་ཞིག་མེད་པའི་རྒྱུ་མཚན་ནི། ཊཱི་ཀ་ལས། ལན་འགའ་ནི་སྦྱོར་བ་དང་བཅས་པའི་དངོས་གཞི་ཡིན་ལ། ལན་འགའ་ནི་དངོས་གཞི་མཇུག་དང་བཅས་པ་ཡིན་ནོ། །ཞེས་བཤད་དོ། །འོ་ན་བརྫུན་སྨྲའོ་སྙམ་པ་མེད་པར་དོན་དང་མི་མཐུན་པའི་ཚིག་སྨྲས་སོ་སྙམ་ན། ཚིག་སྨྲས་ཟིན་པའི་མཇུག་ཉི་ཚེ་ལ་བརྫུན་དུ་འགྱུར་བ་ཡོད་དམ་ཞེ་ན། ཊཱི་ཀ་ལས། བརྫུན་དུ་སྨྲ་བ་མཇུག་ཉི་ཚེ་ལ་ནི་མེད་དེ་ཚིག་ཐལ་ཟིན་པའི་ཕྱིར། ཞེས་གསུངས་ཏེ། བརྫུན་གྱི་ཀུན་སློང་མེད་པར་ཚིག་སྨྲས་ཟིན་པའི་ཕྱིར་ཞེས་པའོ། །ཡང་རྣམ་འབྱེད་ལས། བརྫུན་དུ་སྨྲ་བ་ནི་ལྔ་སྟེ། ཕམ་པར་འགྱུར་བའི་བརྫུན་དང་། དགེ་འདུན་ལྷག་མ་དང་། སྦོམ་པོ་དང་། ཉེས་བྱས་དང་། ལྟུང་བྱེད་དུ་འགྱུར་བའི་བརྫུན་(༣བ)


K8Z003_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའོ་ཞེས་གསུངས་སོ། །བརྫུན་ལྔ་པོ་དེའི་དང་པོ་གཉིས་ནི་ཕམ་ལྷག་གི་སྐབས་སུ་སྔར་བཤད་ཡིན་ལ། ཕྱི་མ་གསུམ་ནི་སྐབས་འདིར་བསྟན་ཏེ། དེ་ཡང་སྦོམ་པོ་དང་། ཉེས་བྱས་སུ་འགྱུར་བ་འདི་གཉིས་ལྟུང་བྱེད་ཀྱི་སྐབས་འདིར་བསྟན་པའི་རྒྱུ་མཚན་གང་ཞེ་ན། ཊཱི་ཀ་ལས། བརྫུན་གྱི་སྐབས་ཡིན་པའི་ཕྱིར་དང་། བརྗོད་པར་བྱ་བ་ཉུང་བའི་ཕྱིར། ཞེས་བཤད་དོ། །འོ་ན་བག་ཙམ་གྱིས་སྐུར་བ་འདེབས་པའི་སྐབས་སུ་སྦོམ་པོ་དང་། ཉེས་བྱས་སུ་འགྱུར་བའི་བརྫུན་འདི་གཉིས་སྟོན་རིགས་པར་ཐལ། བརྫུན་གྱི་སྐབས་ཡིན་པའི་ཕྱིར་དང་། བརྗོད་པར་བྱ་བ་ཉུང་བའི་ཕྱིར་ཞེས་བརྗོད་དོ། །དེའི་ལན་ལ་སྤྱི་ཁྱབ་ལ་དེ་ལྟར་ཡིན་ཀྱང་བྱེ་བྲག་གི་ཁྱབ་པ་ལ་ནི་མ་ཡིན་ཏེ། སྐབས་འདིར་བརྫུན་འདི་གཉིས་བསྟན་པའི་རྒྱུ་མཚན་ནི། གཞན་སེལ་གྱི་སྒོ་ནས་ཤེས་བཞིན་གྱི་བརྫུན་བདེ་བླག་ཏུ་རྟོགས་པར་བྱ་བའི་དོན་དུ་བསྟན་པ་སྟེ་དེ་གཉིས་དང་། ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མར་འགྱུར་བ་གཉིས་ལས་གཞན་པའི་བརྫུན་དུ་ཞེས་གསུངས་པས་ཤེས་སོ། །དེ་ལྟར་སྐབས་བསྒྲུབས་ནས། དངོས་ཀྱི་དོན་ལ་སྦོམ་པོར་འགྱུར་བའི་བརྫུན་ནི། དགེ་འདུན་འདུས་པ་ལ་ཆོས་མིན་ལ་ཆོས་མིན་དུ་ཤེས་བཞིན་དང་། ཆོས་ལ་ཆོས་སུ་ཤེས་བཞིན་དུ་ཆོས་མ་ཡིན་པ་ལྷས་བྱིན་གྱི་བསླབ་ཚིག་ལྔ་ལྟ་བུ་ལ་ཆོས་ཡིན་ནོ་ཞེས་སུ་བརྗོད་པ་དང་། ཆོས་བསླབ་པ་གསུམ་ལྟ་བུ་ལ་ནི་ཆོས་མ་ཡིན་ནོ་ཞེས་པར་སྟོན་པ་ནི་དགེ་འདུན་གྱི་དབྱེན་བྱེད་པའི་ཆར་གཏོགས་པའི་ཉེས་པ་སྦོམ་པོའོ། །སྦོམ་པོ་འདི་ནི་བམ་པོ་ལྔ་བཅུ་པ་ལས། དགེ་འདུན་གྱི་དབྱེན་བྱེད་པའི་ཚེ་དགེ་འདུན་འདུས་པ་ལ་ཤེས་བཞིན་དུ་ཆོས་མ་ཡིན་པ་ཆོས་སུ་སྟོན་པ་དང་། ཆོས་ཆོས་མིན་པར་སྟོན་པ་སྟེ་བརྫུན་དུ་སྨྲ་བའི་ཕམ་པར་འགྱུར་བའི་སྐབས་ཀྱི་སྤོམ་པོའོ་ཞེས་བཤད་སྣང་སྟེ་མི་རིགས་སོ། །ཞེས་མཚོ་སྣ་པ་འཆད་ལ། (༤ན)


K8Z003_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

སྦོམ་པོ་འདི་ནི་དབྱེན་བྱེད་པའི་ལྷག་མའི་ཆར་གཏོགས་པའི་སྦོམ་པོ་སྟེ། བསྒོ་བ་མ་བྱས་ཀྱང་དགེ་འདུན་བྱེད་པས་སྦོམ་པོར་འགྱུར་བ་སྟེ། དཔེར་ན་འཁོར་ལོའི་དབྱེན་གྱི་མཚམས་མེད་བྱས་ན་བསྒོ་བ་མ་བྱས་ཀྱང་སྦོམ་པོར་འགྱུར་བ་བཞིན་ནོ། །ཉེས་བྱས་སུ་འགྱུར་བའི་བརྫུན་ནི། གསོ་སྦྱོང་ལ་ཚོགས་པ་ན་ཅི་གསོ་སྦྱོང་འདི་ལ་ཁྱོད་ཡོངས་སུ་དག་གམ། ལྟུང་བ་མེད་དམ་ཞེས་སོ་སོར་ཐར་བའི་མདོ་འདོན་པར་བྱེད་པོས་ལན་གསུམ་གྱི་བར་དུ་དྲིས་པ་ལས། བདག་ཉིད་མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བས་བདག་ཉིད་ཡོངས་སུ་དག་པར་སྟོན་ཅིང་དྲི་བ་གསུམ་པའི་དུས་འདའ་བར་བྱེད་ན་ཉེས་བྱས་སོ། །གཞུང་འདིའི་དོན་ཅུང་ཟད་ཅིག་གཏན་ལ་དབབ་པ་ལ་གསུམ་སྟེ། ལན་གསུམ་དྲི་བའི་ཚུལ་དང་། ལན་གསུམ་དྲི་བའི་དུས་དང་། དེ་ལས་འཕྲོས་པའི་དོན་ནོ། །དང་པོ་ནི། སྐབས་འདིར་ཤ་ལུགས་སྨྲ་བ་རྣམས་ན་རེ། ཚིག་གི་བརྗེད་བྱང་ལས་ཅི་འདི་ལ་ཁྱོད་ཡོངས་སུ་དག་གམ་ཞེས་ལན་གསུམ་དུ་དྲིའོ་ཞེས་བརྗོད་པས་ལན་གསུམ་དྲིས་པའི་གོ་ཆོད་པ་ཡིན་གྱི། ལན་གསུམ་དུ་བསྐྱར་ཏེ་དྲི་མི་དགོས་པར་བཤད་ཅེས་གསུངས་སོ། །དེ་ནི་ཚིག་གི་བརྗེད་བྱང་གི་དོན་མ་གོ་བར་ཟད་དོ། །འོ་ན་བམ་པོ་ལྔ་བཅུ་པ་དང་། ཚིག་གི་བརྗེད་བྱང་ལས་ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་པ་དེ་ཉིད་ཀྱིས་ལན་གསུམ་དུ་བསྒྲགས་པར་བྱས་པ་ཡིན་ནོ་ཞེས་པའི་དོན་གང་ཞེ་ན། དེ་ནི་སོ་སོར་ཐར་པ་ལས། དགེ་སློང་གི་འཁོར་འདི་ལྟ་བུ་ཡང་ལན་གཉིས་ལན་གསུམ་གྱི་བར་དུ་བསྒྲགས་པར་བྱ་བ་ཡིན་ནོ། །ཞེས་གསུངས་པའི་རྣམ་པར་བཤད་པ་སྟེ་གླེང་གཞི་རྣམ་པར་བཞག་པའི་ཐབས་བསྟན་པའི་མཇུག་ཚིག་ལན་གཉིས་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །ཞེས་གཞུང་བཞིན་དུ་ལན་གཅིག་གཉིས་བཀླག་པ་ཡིན་གྱི། ཚིག་དེ་ལན་(༤བ)


K8Z003_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཟླས་པར་ནི་མི་བྱ་བ་ཉིད་ཡིན་ནོ། །དེའི་འོག་ཏུ་ཅི་འདི་ལ་ཁྱོད་ཡོངས་སུ་དག་གམ་ཞེས་དྲི་བ་ལ་ནི་ལན་གསུམ་བསྐྱར་ཏེ་དྲི་བར་བྱ་སྟེ། བམ་པོ་ལྔ་བཅུ་པ་དང་ཚིག་གི་བརྗེད་བྱང་ལས་ལན་གསུམ་དུ་དྲིའོ་ཞེས་བྱ་བ་ནི་ལན་གསུམ་ཁོ་ནར་དྲི་བར་བྱ་དགོས་པས་ལན་གསུམ་དུ་ཞེས་སྨོས་ཏེ། ཉུང་ན་ཡང་ལ་ལས་མི་ཐོས། མང་ན་ཡང་དུས་ཡོལ་བར་འགྱུར་བས་དེའི་ཕྱིར་ལན་གསུམ་ནི་རན་པར་དགོངས་ཏེ་ཞེས་བཤད་དོ། །གཉིས་པ་ནི། འདིར་ནེའུ་པ་ན་རེ། འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་འདྲི་བ་འདི་ནི་སོ་སོར་ཐར་བའི་མདོ་ལས། ལན་གཉིས་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་གསུངས་པའི་སྐབས་དེར་གོང་དུ་སྤར་ཏེ་འདྲི་བ་ཡིན་ཏེ། དེའི་འོག་ན་གཞུང་གི་ཚིག་ཚོགས་མང་ཞིག་ཡོད་པ་རྣམས་འདོན་རིང་ལ་ལྟུང་བ་དྲན་ནས་ཕྱིར་བཅོས་ལ་འཇུག་པའི་དགོས་པ་ཡོད་པའི་ཕྱིར་ཞེས་ཟེར་རོ། །མཚོ་སྣ་པའི་གསུང་གིས་དེ་ནི་མི་རིགས་ཏེ། བམ་པོ་ལྔ་བཅུ་པ་དང་ཚིག་གི་བརྗེད་བྱང་ལས། གོང་དུ་སྤར་ཏེ་བསྒྲག་པར་བྱ་བ་ཡང་མ་ཡིན་ཅེས་གསུངས་པ་དང་འགལ་ལོ། །སྒྲུབ་བྱེད་གཞིག་པ་ནི། དགོས་པ་ལྟུང་བ་དྲན་པ་དེ་ཙམ་ཞིག་ཡོད་ཀྱང་། གོང་དུ་སྤར་ཏེ་མི་འདྲི་ན་ཅིས་འགལ་ཏེ་ཁྱབ་པ་གང་ལས་གྲུབ་བོ། །དེའི་ཕྱིར་གསུངས་རྒྱུན་ལས་བྱ་བ་དེ་འབྲེལ་གྱི་དགག་དགོས་ཀྱི་རྗེས་སུ་འབྲང་བའི་ངེས་པ་མེད་དེ། དཔེར་ན་རྣམ་པར་དག་པའི་ཁྱད་པར་བཞིན་ནོ་ཞེས་གསུང་ངོ་། །དེ་ཡང་ཕམ་པས་མ་གོས་པ་ཙམ་དང་། ཉེས་པས་གཏན་མ་གོས་པའི་རྣམ་དག་གཉིས་ལ་བརྡེག་གཟས་ལྟ་བུ་བྱས་ན་བྱ་བ་དེ་འབྲེལ་གྱི་དགག་བྱ་ཆེ་ཆུང་ཡོད་ཀྱང་ལྟུང་བ་ཆེ་ཆུང་ཁྱད་པར་མེད་པ་བཞིན་ནོ་ཞེས་གསུངས་སོ། །གསུམ་པ་ནི། མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བས་འདའ་བར་བྱེད་ན་ཉེས་བྱས་སོ། །ཞེས་པ་འདི་ནི་ཡིད་འབའ་ཞིག་གི་ཉེས་པ་ཉིད་དུ་མཛོད་འགྲེལ་ལས། (༥ན)


K8Z003_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱིས་ཀྱང་མི་བྱེད། ངག་གིས་ཀྱང་མི་བྱེད་ན་ཁ་ན་མ་ཐོ་བས་རེག་པར་འགྱུར་བ་ཡོད་དམ་ཞེ་ན་ཡོད་དེ། གསོ་སྦྱོང་དཔེར་བྱའོ་ཞེས་གསུངས་སོ། །མཛོད་ཀྱི་འགྲེལ་བཤད་དོན་གསལ་ལས། གསོ་སྦྱོང་དཔེར་བྱའོ་ཞེས་པ་ནི་དགེ་སློང་གི་གསོ་སྦྱོང་ལ་ཅི་འདི་ཁྱོད་ཡོངས་སུ་དག་གམ་ཞེས་བསྒྲགས་པ་ལས་དགེ་སློང་འབའ་ཞིག་ལྟུང་བ་བྱུང་བ་ཡིན་བཞིན་དུ་ཅང་མི་ཟེར་བ་འདུག་པར་བྱེད་ན་བརྫུན་དུ་འགྱུར་རོ་ཞེས་བཤད་མོད་ཀྱི། ཆོས་ཀྱི་བཤེས་གཉེན་ལྟར་ན་བདག་ཉིད་མ་དག་པ་ལ་དག་པ་ཉིད་དུ་ལུས་ཀྱི་རིག་བྱེད་ཀྱིས་གོ་བར་བྱས་པས་ངག་ཏུ་སྨྲས་པའི་སེལ་བ་སྟེ་ཉེས་བྱས་སོ་ཞེས་འཆད་ལ། འདི་ནི་ཊཱི་ཀ་ལས། དེ་ནི་ཉེས་བྱས་ཡོངས་སུ་རྫོགས་པ་ཡིན་གྱི། ཡིད་ཀྱིས་ནི་མ་ཡིན་ཏེ། ཁ་རྣམ་པར་འགྱུར་བ་ལ་སོགས་པའི་རྣམ་པར་རིག་བྱེད་དེ་ལ་ཡོད་པའི་ཕྱིར། ཞེས་སོ། །ཊཱི་ཀའི་ཚིག་དེ་ལ་བརྟེན་ནས་འབྲི་མཚམས་པ་ཡེ་ཤེས་བླ་མ་ན་རེ། ལུས་ངག་ཏུ་མ་ཐོན་པའི་ལྟུང་བ་ཐམས་ཅད་བསྡམ་བྱ་ཡིན་གྱི། བཤགས་དགོས་ཡན་ཆད་ཀྱི་ལྟུང་བ་བསྐྱེད་པ་ལ་ལུས་ངག་ཏུ་ཐོན་པ་ཡན་ལག་ཏུ་དགོས་ཏེ། འདུལ་བ་བསྡུས་པ་ལས། སེམས་འབའ་ཞིག་གིས་ནི་བཤགས་པར་བྱ་དགོས་པའི་ལྟུང་བ་ཀུན་ནས་སློང་བ་མེད་ཀྱི། བདག་ཉིད་ཀྱིས་བསྡམ་པར་བྱ་བ་ཁོ་ན་ཡིན་ཅེས་གསུངས་པ་དང་། ཊཱི་ཀ་ལས། ཐམས་ཅད་དུ་ཡང་བསྡམ་པར་བྱ་བ་ཞེས་བྱ་བ་ནི་ཡིད་ཀྱི་ཉེས་བྱས་ཡིན་པར་རིག་པར་བྱའོ་ཞེས་དང་། ཤཱཀྱ་འོད་ཀྱིས་གཏམ་གྱི་གཞིའི་ལུང་དྲངས་པ་ལས། ལྟུང་བ་ནི་རྣམ་པར་རིག་བྱེད་ཉིད་དང་། གཟུགས་ཅན་ཉིད་དུ་བསྟན་པའི་ཕྱིར་ཞེས་གསུངས་ཏེ། ལྟུང་བ་གཟུགས་ཅན་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡིན་ལ། དེ་ལ་ལུས་ངག་གི་རིག་བྱེད་སྔོན་དུ་འགྲོ་བས་ཁྱབ་པའི་ཕྱིར་དང་། གཏམ་གྱི་གཞི་དང་། འོད་ལྡན་ལས། སེམས་(༥བ)


K8Z003_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་འབའ་ཞིག་གིས་ནི་ལྟུང་བ་མེད་དོ། །ཞེས་གསུངས་ལ། གཅིག་ལས་འཕྲོས་པ་ལས་ཀྱང་། ལྟུང་བ་ནི་གཉིས་ཏེ། ལུས་ཀྱི་དང་ངག་གིའོ་ཞེས་གསུངས་པས་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། གནོད་བྱེད་བརྗོད་པ་ནི་ལུས་ངག་ཏུ་མ་ཐོན་ན་བཤགས་དགོས་ཡན་ཆད་ཀྱི་ལྟུང་བ་མི་བསྐྱེད་ན། གཏམ་གྱི་གཞི་ལས། ཚིག་ཏུ་ཡང་མི་སྨྲ། ལུས་ཀྱིས་ཀྱང་མ་བཙལ་ཀྱང་དགེ་སློང་མར་མི་རུང་བ་མཆིས་སམ། ཡོད་དེ། དགེ་སློང་མས་དགེ་སློང་མ་ལ་ཕམ་པའི་ལྟུང་བ་བྱུང་བ་མཐོང་ལ་བཅབས་ཏེ་སྐྱ་རེངས་ཤར་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། །ལུང་དེ་ཉིད་ལས། སེམས་ལས་བྱུང་བའི་ཉེས་པ་གང་ཞེ་ན། དགེ་སློང་གཅིག་པུ་དགོན་པ་ན་གནས་ན་དེ་གསོ་སྦྱོང་ལ་སེམས་མི་བསྐྱེད། ཚིག་ཏུ་ཡང་མི་སྨྲ་བ་དེའི་ཉེས་པ་དེའི་སེམས་ལས་བྱུང་བའི་ཉེས་པ་སྟེ་ཞེས་གསུངས་པ་དང་ཡང་འགལ་ལོ། །རིགས་པས་ཀྱང་བྱ་བ་མི་བྱེད་པའི་ལྟུང་བ་བསྐྱེད་པ་ལ་ཆོས་ཅན། ལུས་ངག་ཏུ་ཐོན་པ་ཡན་ལག་ཏུ་མི་དགོས་པར་ཐལ། ལུས་ངག་ཏུ་ཐོན་པ་དང་མ་ཐོན་པ་ལ་དགག་བྱ་ཁྱད་མེད་པའི་ཕྱིར་རོ། །སྒྲུབ་བྱེད་གཞིག་པ་ནི། སྤྱིར་ན་ལྟུང་བ་ལ་རིགས་གཉིས་ལས། མི་བྱ་བ་བྱེད་པའི་ལྟུང་བ་ནི་སྲོག་གཅོད་པའི་ལྟུང་བ་ལྟ་བུའོ། །བྱ་བ་མི་བྱེད་པའི་ལྟུང་བ་ནི་གསོ་སྦྱོང་མི་བྱེད་པའི་ལྟུང་བ་ལྟ་བུ་སྟེ། ཁྱོད་ཀྱིས་ལུང་དྲངས་པ་དེ་ཐམས་ཅད་ནི་མི་བྱ་བ་བྱེད་པའི་ལྟུང་བ་ལ་དགོངས་སོ། །དེས་ན་མི་བྱ་བ་བྱེད་པའི་ལྟུང་བ་བཤགས་དགོས་ཡན་ཆད་བསྐྱེད་པ་ལ་ནི་ཆོས་ཅན། ལུས་ངག་ཏུ་ཐོན་པ་ཡན་ལག་ཏུ་དགོས་ཏེ། ལུས་ངག་ཏུ་མ་ཐོན་ན་བྱ་བ་མ་ཡིན་པ་བྱས་པའི་ཐ་སྙད་རང་མེད་པའི་ཕྱིར་བླ་མ་རྣམས་གསུང་ངོ་། །སྤྱིར་བཏང་ལ་དེ་ལྟར་ཡིན་ཀྱང་། དམིགས་བསལ་བྱ་བ་མ་ཡིན་པ་བྱེད་པའི་སྐབས་སུའང་བསམ་པ་(༦ན)


K8Z003_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་ལས་སྦོམ་པོར་གསུངས་པ་གཉིས་ཡོད་དེ། གལ་ཏེ་སྔར་ན་ནི་སྦྱོར་བ་གཞན་ཉིད་དོ་ཞེས་པ་དང་། བརྙས་པ་དང་། བསྐྱིས་པ་དག་མི་སྦྱིན་པར་སེམས་པའོ་ཞེས་གསུངས་ཏེ། འདི་གཉིས་ལ་ལུས་ངག་ཏུ་ཐོན་པར་དགོས་པ་ནི་འདུལ་བའི་ལུང་དང་བསྟན་བཅོས་ལས་མ་གསུངས་སོ། །གཞན་ཡང་བསམ་པ་འབའ་ཞིག་གིས་སྡོམ་པ་གཏོང་བ་གཉིས་ཡོད་དེ་ཤེས་ན་ནི་དེ་ཞིག་གོ། །ཞེས་པ་དང་། ཊཱི་ཀ་ལས། བསམ་པ་ཙམ་གྱི་དབང་གིས་ཀྱང་སྡོམ་པ་གཏོང་བ་སྣང་སྟེ། དཔེར་ན་དགེ་བའི་རྩ་བ་ཆད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ་ཞེས་གསུངས་སོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ལ་གཉིས་ལས། བྱུང་ལ་མ་བཅས་པའི་གླེང་གཞི་ནི། སྒྲ་གཅན་ཟིན་གྱིས་ཤེས་བཞིན་དུ་བརྫུན་དུ་སྨྲས་པའི་བྱུང་བ་སྟེ་བཅས་པ་མ་མཛད་དོ། །བྱུང་ལ་བཅས་པའི་གླེང་གཞི་ནི། མཉན་ཡོད་དུ་ཤཱཀྱའི་བུ་དགེ་སློང་ལག་རྒྱུད་ཀྱིས་ཤེས་བཞིན་དུ་བརྫུན་དུ་སྨྲས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་བསླུས་པའི་སྒོ་ནས་གཞན་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གི་བརྫུན་བཞི་ལས། གཞན་པ་ཤེས་བཞིན་གྱིས་བརྫུན་ངག་ཏུ་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་སྨྲ་བའི་ཡུལ་ནི། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ། བདག་ལས་ཐ་དད་པ་སྟེ་སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་དང་འདྲའོ། །གང་སྨྲ་བའི་དངོས་པོ་ནི་བརྫུན་བཞི་ལས་གཞན་དུ་སྨྲ་བ་སྟེ། དེ་གཉིས་དང་ཕམ་ལྷག་ཏུ་འགྱུར་བ་གཉིས་ལས་གཞན་པའི་བརྫུན་དུ་སྨྲ་བོའོ། །ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལས་མ་འཁྲུལ་བ་(༦བ)


K8Z003_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་ཡང་ངེས་པའི་འདུ་ཤེས་སམ། རང་གི་གཞིའི་རྣམ་པ་མ་དོར་བར་འཛིན་པའི་ཡིད་གཉིས་ཀྱང་རུང་སྟེ། ཊཱི་ཀ་ལས། ཡིད་གཉིས་ཟ་བའི་འདུ་ཤེས་ཀྱིས་སྤྱད་ནའོ་ཞེས་སོ། །ཀུན་སློང་ནི་ཤེས་བཞིན་གྱིས་བརྫུན་དུ་སྨྲ་བར་འདོད་པ་རྒྱུན་མ་ཆད་པའོ། །འདུ་ཤེས་བསྒྱུར་ཏེ་བརྫུན་དུ་སྨྲའོ་སྙམ་པ་ཡན་ལག་ཏུ་དགོས་པས། ཊཱི་ཀ་ལས། བརྫུན་དུ་སྨྲ་བ་ནི་འདུ་ཤེས་ཀྱི་དབང་གིས་རྣམ་པར་བཞག་པ་ཡིན་གྱི། དངོས་པོའི་དབང་གིས་ནི་མ་ཡིན་ནོ། །ཞེས་གསུངས་ལ། རྣམ་འབྱེད་འགྲེལ་པ་ལས། བརྫུན་དུ་སྨྲའོ་སྙམ་པའི་སེམས་ཀྱིས་མ་བསླངས་པར་བརྫུན་དུ་སྨྲ་བ་མི་རིགས་པས་ཞེས་བཤད་དོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཤེས་བཞིན་བརྫུན་དུ་སྨྲ་བར་ཞུགས་པའོ། །མཐར་ཐུག་ནི་ཉན་པ་པོས་དོན་གོ་བའོ། །གཉིས་པ་ནི། སྦོམ་པོར་འགྱུར་བའི་བརྫུན་དང་། ཉེས་བྱས་སུ་འགྱུར་བའི་བརྫུན་དེ་གཉིས་དང་། མི་ཆོས་བླ་མ་བརྫུན་དུ་སྨྲ་བའི་ཕམ་པར་འགྱུར་བ་དང་། གཞི་མེད་བག་ཙམ་གྱི་དགེ་འདུན་ལྷག་མར་འགྱུར་བ་གཉིས་ཏེ། བརྫུན་བཞི་པོ་དེ་དག་ལས་གཞན་པའི་བརྫུན་དུ་སྨྲ་བ་རྣམས་ནི་ཤེས་བཞིན་དུ་བརྫུན་དུ་སྨྲ་བའི་ལྟུང་བར་འགྱུར་བའོ་ཞེས་སྤྱིར་བཏང་བའོ། །དེའི་དམིགས་བསལ་ནི། ལྷག་མས་སྐུར་བ་འདེབས་པའི་ལྟུང་བྱེད་ལ་སོགས་པའོ། །འོ་ན་བཤེས་ངོར་བྱས་སོ་ཞེས་སྐུར་བ་འདེབས་པ་ལ་སོགས་པ་སྟེ། ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་ཏོ་ཞེས་སྐུར་བ་འདེབས་པ་དག་དང་། འབྲས་ཆན་གྱིས་ཚོད་མ་འགེབས་པའི་ལུས་ཀྱི་བརྫུན་ཆོས་ཅན། ཤེས་བཞིན་གྱི་བརྫུན་ཡིན་པར་ཐལ། བརྫུན་བཞི་པོ་དེ་དག་ལས་གཞན་པའི་བརྫུན་ཡིན་པའི་ཕྱིར་ཞེ་ན། སྐུར་འདེབས་དེ་རྣམས་ཀྱི་དམིགས་བསལ་ཡིན་ལ། ཁྱད་པར་དུའང་འབྲས་ཆན་གྱིས་ཚོད་མ་འགེབས་པ་ནི་ཉེས་བྱས་སུ་འགྱུར་བའི་བརྫུན་གྱིས་(༧ན)


K8Z003_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་སོ། །དང་པོ་བརྫུན་སྨྲའི་ཀུན་སློང་མེད་པས་བརྫུན་དུ་མི་འགྱུར་རམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་སྨྲ་བཞིན་པའི་ཚེ་ཉིད་ན་ཡང་འདུ་ཤེས་བསྒྱུར་ཏེ་སྨྲ་འདོད་བྱུང་ན་བརྫུན་དུ་སྨྲ་བ་དེ་ཀུན་ནས་སློང་བ་ཡིན་ཏེ། བརྫུན་སྨྲའི་ལྟུང་བ་དངོས་གཞིར་འགྱུར་བ་ཡིན་ནོ། །འདིར་གཞུང་ནི་རྣམ་འབྱེད་ལས། བརྫུན་སྨྲ་བ་གཉིས་གང་ཞེ་ན། བརྫུན་གྱི་ཚིག་སྨྲ་བ་ན་འདི་སྙམ་དུ། བརྫུན་གྱི་ཚིག་སྨྲའོ་སྙམ་པ་དང་། སྨྲས་པའི་འོག་ཏུ་འདི་སྙམ་དུ་བརྫུན་གྱི་ཚིག་སྨྲས་སོ་ཞེས་གསུངས་ཏེ་འདིར་ཁུངས་ཡིན་ནོ། །གསུམ་པ་ནི། མནའ་དོར་བར་དགེ་སློང་གིས་མི་བྱའོ། །དེ་ཡང་ཁོ་བོས་སྨྲས་པ་འདི་མི་བདེན་ན་སངས་རྒྱས་སྤང་བར་དམ་བཅས་པའམ། ཡང་ན་སྨྲས་པ་འདི་མི་བདེན་ན་རང་གི་ཚངས་པར་སྤྱོད་པ་གཏོང་བར་དམ་བཅས་པ་ལྟ་བུ་སྟེ། དེས་ན་གལ་སྲིད་སྨྲས་པ་མི་བདེན་ཅིང་དམ་བཅའ་འདི་ལྟ་བུ་ལས་འདས་ན་མནའ་ཟོས་པས་ལྟུང་བྱེད་ཆར་གཏོགས་ཀྱི་ཉེས་བྱས་འབྱུང་ལ། སྨྲས་པ་བདེན་ཏེ་དམ་བཅའ་དེ་ལས་མ་འདས་ན་མནའ་མ་ཟོས་པ་ཡིན་ཀྱང་། སྟོན་པ་སངས་རྒྱས་སྤངས་ནས་མུ་སྟེགས་པར་འགྱུར་བ་དང་། ཚངས་པར་སྤྱོད་པ་སྤངས་ན་དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་བ་ཡིན་པས་འདིའི་རིགས་པས་མཚུངས་པའི་ཕྱིར། མདོར་ན་མནའ་དོར་བ་ཉིད་བསླབ་པའི་ཉེས་བྱས་ཡིན་ནོ། །མདོར་ན་མནའི་དོན་ངས་སྨྲས་པ་འདི་བདེན་ཐག་ཆོད་ཀྱི། འདི་ལྟར་མིན་ན་སྲིད་མཐའ་མ་བཀག་པའི་ལས་མི་རིགས་པའི་བྱ་བ་ལ་ཁོ་བོ་ཅག་འཇུག་པ་ཡིན་ཅེས་དམ་བཅའ་ནས་མངོན་པའི་ང་རྒྱལ་བྱེད་པ་ཡིན་ནོ། །མང་དུ་མ་གསན་པ་ཁ་ཅིག་མནའི་དོན་དམོད་པ་བོར་བ་ཡིན་ཅེས་པ་དང་། ལ་ལ་དཀོན་མཆོག་ལྟ་བུ་དཔང་པོར་གསོལ་བ་ཡིན་ཅེས་ཟེར་རོ། །མནའ་འདོར་བའི་དགག་དགོས་ནི། ཊཱི་ཀར། ཁོ་བོ་དོན་(༧བ)


K8Z003_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་བདེན་པར་ཞུགས་པ་མ་ཡིན་ཏེ། གང་ལ་མནའ་དོར་བ་དེ་དག་ལ་མནའི་དབང་གིས་ཁོ་བོ་བདེན་པར་ཞུགས་པ་ཡིན་ནོ། །ཞེས་བསྒྲགས་པའི་སྐྱོན་དུ་འགྱུར་བས་དེའི་ཕྱིར་དགེ་སློང་གིས་མནའ་དོར་བར་མི་བྱའོ་ཞེས་སོ། །བརྫུན་སྨྲ་བའི་ལྟུང་བྱེད་དོ།། །།གཉིས་པ་སྐྱོན་སྨྲ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བའི་ན་སྨད་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་གཞན་གྱི་སྐྱོན་སྨྲས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་དུས་དེ་ན་སྐྱོན་དུ་གྲགས་པ་གང་ཡང་རུང་བ་ངག་ཏུ་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། ཡུལ་གང་གིས་སྐྱོན་ནས་སྨྲ་བ་དང་། གང་སྨྲ་བའི་དངོས་པོའོ། །དང་པོ་ནི། དགེ་སློང་ཆོས་དྲུག་ལྡན་ཏེ། སྔར་བྱིན་འཕྲོག་གི་སྐབས་སུ་བཤད་པ་དང་འདྲའོ། །དགེ་སློང་གིས་དགེ་སློང་གཞན་གྱི་སྐྱོན་དགེ་ཚུལ་ལ་སྨྲས་ན་ཅིར་འགྱུར་ཞེ་ན། སྐྱོན་སྨྲའི། ཊཱི་ཀ་ལས། དགེ་སློང་གིས་དགེ་སློང་ལ་སྨྲས་ན་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། དགེ་ཚུལ་ལ་སོགས་པ་གཞན་ལ་ནི་མ་ཡིན་ཏེ། དེ་དག་ལ་ནི་ཉེས་བྱས་སུ་གསུངས་པའི་ཕྱིར། ཞེས་བཤད་དོ། །གཉིས་པ་ནི། ཡུལ་དུས་དེ་ན་སྐྱོན་དུ་གྲགས་པ་གང་ཡང་རུང་བ་སྟེ། རུང་བ་མ་ཡིན་པའི་བསམ་པ་གང་ཡང་རུང་བའི་སྨྲས་པ་ནའོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་སྐྱོན་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱི་སྐྱོན་སྨྲ་བར་ཞུགས་པའོ། །མཐར་ཐུག་ནི་ཉན་པ་པོས་དོན་གོ་(༨ན)


K8Z003_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ནའོ། །གཉིས་པ་ནི། གང་གི་སྐྱོན་ནས་སྨྲ་ན་ལྟུང་བྱེད་དུ་འགྱུར་ཞེ་ན། ཡུལ་དགེ་སློང་གི་སྐྱོན་སྨྲས་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་དང་དགེ་ཚུལ་གྱི་སྐྱོན་སྨྲས་པ་ནི་ཉེས་བྱས་སུ་ཟད་དོ། །འོག་མ་ཕྲ་མ་བྱེད་པའི་ལྟུང་བྱེད་ལ་ཡང་དགེ་སློང་གིའོ་ཞེས་སྦྱར་ཏེ། དགེ་སློང་གིས་ཕྲ་མ་བྱེད་ན་ལྟུང་བྱེད་དུ་འབྱུང་ངོ་། །བསམ་པ་ནི་སེམས་དག་པས་མ་ཡིན་གྱི་སྐྱོན་ཉིད་བརྗོད་པར་འདོད་པས་སྨྲས་ན་སྐྱོན་སྨྲ་བའི་ལྟུང་བྱེད་དུ་འགྱུར་རོ། །སྦྱོར་བ་ནི་སྐྱོན་ནས་སྨྲ་བའི་ཚིག་འཇམ་པོར་བྱས་ཀྱང་ལྟུང་བྱེད་བསྐྱེད་པར་རུང་ལ། ཚིག་རྩུབ་པོས་བྱས་ཀྱང་ལྟུང་བྱེད་བསྐྱེད་པར་རུང་ངོ་། །རུང་བ་མ་ཡིན་པར་གྲགས་པའམ་བསམ་པ་སྐྱོན་གང་ཡང་རུང་བས་ཏེ་རིགས་ཀྱི་སྐྱོན་དང་། ལུས་ཀྱི་སྐྱོན་ནམ། ཚུལ་ཁྲིམས་ཀྱི་སྐྱོན་ལ་སོགས་པ་སྨྲས་ན་ལྟུང་བྱེད་དུ་འགྱུར་རོ། །འདི་ནི་ལུང་རྣམ་འབྱེད་ལས། རིགས་དང་བཟོ་དང་ལས་དང་ནི། །རྟགས་ནད་ལྟུང་བ་སྡེ་ལྔ་དང་། །ཉེ་བའི་ཉོན་མོངས་རྣམས་དང་ནི། །སྦྱོར་བར་བྱེད་པ་ཐ་མ་ཡིན། །ཅེས་གསུངས་པ་དང་སྦྱར་རོ། །སྐྱོན་ནས་སྨྲས་པས་དགེ་སློང་ཕ་རོལ་པོ་དེ་མི་དགའ་བ་ཉིད་དུ་མ་གྱུར་ན་ཡང་ལྟུང་བྱེད་དུ་འབྱུང་ངོ་། །གཉིས་པ་ནི། རུང་བ་མ་ཡིན་པར་གྲགས་པ་ལས་གཞན་ཆེ་བ་རྒྱལ་རིགས་ཉིད་དང་བཙུན་པ་བྲམ་ཟེའི་རིགས་ཉིད་ནི་ཁྱོད་ཡིན་ནོ་ཞེས་སྨྲས་པའམ། ལ་སོགས་པ་ནི་ཁྱོད་ཀྱིས་རྒྱལ་རིགས་དང་བྲམ་ཟེའི་རིགས་ཀྱི་བཟོ་བསླབ་དགོས་སོ། །ལས་བྱ་དགོས་སོ་ཞེས་པ་ལྟ་བུ་སྨྲས་པ་ནི་ཉེས་བྱས་སོ། །དེ་ཡང་སྐྱོན་ནས་སྨྲ་འདོད་པས་བཟང་པོར་གྲགས་པའི་ཚིག་སྨྲ་ན་ཉེས་བྱས་སོ། །སྐྱོན་ནས་སྨྲ་བའི་ལྟུང་བྱེད་དོ།། །།གསུམ་པ་ཕྲ་མ་བྱེད་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བའི་ན་སྨད་བསྟན་པའོ། །དང་(༨བ)


K8Z003_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་རྣམས་ལ་ཕྲ་མ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིས་ཀྱི་མཛའ་བའི་ལོངས་སྤྱོད་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་གཉིས་ཡན་ཆད་དབྱེ་བའི་བསམ་པས་ཕྲ་མའི་ཚིག་ངག་ཏུ་སྨྲས་ཏེ། དོན་གོ་བར་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ནི་སྔར་བཤད་པའི་དགེ་སློང་ཆོས་དྲུག་ལྡན་གཉིས་ཡན་ཆད་ཡིན་པ་དང་། ཐམས་ཅད་དུ་བྱེ་ཟིན་པ་མ་ཡིན་པ་སྟེ། གཞན་དུ་ན་ཕྲ་མ་བྱས་ཀྱང་དགག་བྱ་མི་རྫོགས་པའི་ཕྱིར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། ཀུན་སློང་ནི་ཕྲ་མ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱི་ཕྲ་མའི་ཚིག་སྨྲ་བར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །གཉིས་པ་ནི། ཕྲ་མ་བྱེད་པར་འདོད་པ་སྟེ་གཞན་དབྱེ་བར་འདོད་པས། ལུང་ལས། ཁྱོད་ཀྱིས་རིགས་ཀྱི་སྐྱོན་བརྗོད་པ་ལ་སོགས་པའང་ཚིག་ཆེ་གེ་མོ་ཞིག་ཟེར་རོ་ཞེས་སྨྲ་ན་ལྟུང་བྱེད་དོ། །དགེ་སློང་མིང་འདི་ཞེས་བྱ་བ་ན་རེ། ཁྱོད་ལ་འདི་སྐད་ཟེར་རོ་ཞེས་གལ་ཏེ་མིང་ནས་སྨོས་པས་སོ། །གང་གིས་མིང་ནས་སྨོས་པ་དེ་ཡང་དགེ་སློང་ཉིད་ཡིན་ན་ལྟུང་བྱེད་དོ། །ཡང་ཞེས་པ་ནི་གང་ལ་བཟླ་བར་བྱ་བ་དེ་དགེ་སློང་ཡིན་པར་སྔར་བསྟན་པར་མ་ཟད་པའོ། །གཉིས་པ་ནི། མིང་ནས་སྨོས་པ་ལས་གཞན་དུ་མིང་ནས་མ་སྨོས་པར་ཕྲ་མ་བྱས་ན་ཉེས་བྱས་སོ་ཞེས་ལུང་རྣམ་འབྱེད་ལས་གསུངས་སོ། །ཡང་ན་ལུང་ཞུ་བ་ལྟར་ན་ནི་ཡུལ་དགེ་སློང་ཉིད་ཡིན་པ་ལས་གཞན་དུ་སྟེ་དགེ་ཚུལ་ལ་སོགས་པའི་ཕྲ་མ་བྱས་ན་ཉེས་བྱས་སོ། །ཕྲ་མ་བྱེད་པའི་ལྟུང་བྱེད་དོ།། །།བཞི་པ་སྐྱོ་སྔོགས་ལ། (༩ན)


K8Z003_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞིའི་ལྟུང་བ་ན་སྨད་བསྟན། །འདུ་ཤེས་དོགས་དཔྱོད་གཞི་སེལ་བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་དག་གི་རྩོད་པ་དགེ་འདུན་གྱིས་ཞི་བར་བྱས་པ་ལ་སྐྱོ་སྔོགས་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིས་ཀྱི་མཛའ་བའི་ལོངས་སྤྱོད་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཉིས་ཡན་ཆད་ཀྱི་རྩོད་པ་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ལ་ངག་གིས་སྐྱོ་སྔོགས་འཁྲུག་ལོང་བྱས་ཏེ། དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་དེ་ལ་བཞི་སྟེ། དང་པོ་ཡུལ་གང་དག་རྩོད་པར་བྱེད་པ་པོ་ནི་དགེ་སློང་ཆོས་དྲུག་ལྡན་ལས་ལྟུང་བྱེད་འདིའི་ཡུལ་ནི་ལྟ་བ་མཐུན་རུང་། མི་མཐུན་རུང་སྟེ་དགག་བྱ་ཁྱད་པར་མེད་པའི་ཕྱིར་ལྟ་བ་མཐུན་པ་མ་གཏོགས་ཆོས་ལྔ་ཚང་བའི་སྟེང་དུ་རྩོད་པར་བྱེད་པ་པོའི་དགེ་སློང་གཉིས་ཡན་ཆད་ཡིན་པ་སྟེ་དགེ་སློང་གཉིས་ཀྱི་རྩོད་པ་ཞེས་གསུངས་སོ། །གཉིས་པ་གང་ལ་སྐྱོ་སྔོགས་བྱ་བའི་ཡུལ་ནི། དགེ་སློང་གཉིས་ཡན་ཆད་ཀྱི་རྩོད་པ་ཡིན་པ་དང་། དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཡིན་པ་སྟེ། དགེ་སློང་གཉིས་ཀྱི་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཉིད་ལའོ་ཞེས་སོ། །གསུམ་པ་གང་གིས་སྐྱོ་སྔོགས་བྱེད་པའི་རྟེན་ནི། རང་ཞི་བྱེད་དེ་ལ་གཏོགས་པ་ཡིན་པ་སྟེ། གཉུག་མར་གནས་པ་དང་། ལས་བྱེད་པ་དང་། དད་པ་འབུལ་བ་ཞེས་སོ། །བཞི་པ་གང་ལ་གོ་བར་བྱེ་བའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རྩོད་པ་ཞི་བར་བྱས་ཟིན་པ་དེ་ལ་སྐྱོ་སྔོགས་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་(༩བ)


K8Z003_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྐྱོ་སྔོགས་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་ནའོ། །གཉིས་པ་ནི། སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་འདི་ནི་འདུ་ཤེས་གཙོའོ། །ཡུལ་གང་ལ་ཤེས་གཙོ་ཞེ་ན། དགེ་སློང་གཉིས་ཡན་ཆད་ཀྱི་རྩོད་པ་བཞི་པོ་གང་ཡང་རུང་བ་ཉིད་ཞི་བར་བྱེད་པ་པོ་དགེ་འདུན་གྱིས་ལེགས་པར་ཞི་སྟེ། ཆོས་ཕྱོགས་སུ་ཞི་བར་བྱས་ཟིན་པ་ཉིད་ལ་ཤེས་གཙོའོ་ཞེས་སྦྱར་ཏེ། ཡུལ་དེ་ལ་བསམ་པས་དེར་འདུ་ཤེས་པ་ནི་ཡན་ལག་གི་གཙོ་བོའོ། །གང་བྱས་ན་འདིའི་ལྟུང་བྱེད་དུ་འགྱུར་ཞེ་ན། སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དུ་འགྱུར་ཏེ། ཊཱི་ཀ་ལས། སྐྱོ་སྔོགས་བྱེད་པ་ནི་འཁྲུག་ལོང་བྱེད་པ་སྟེ། ཞེས་སོ། །སྐྱོ་སྔོགས་བྱེད་པ་ནི་འགྲེལ་ཆུང་ལས། རྩོད་པ་ཞི་བར་མི་རིགས་ཀྱི། ད་དུང་རྩོད་པར་རིགས་སོ་ཞེས་ཟེར་ནའོ་ཞེས་བཤད་ལ། ལུང་རྣམ་འབྱེད་ལས། རྩོད་པ་འདི་ནི་ཉེ་བར་ཞི་བ་མ་ཡིན་གྱི། ཡང་ཉེ་བར་ཞི་བར་བྱའོ་ཞེས་སྐྱོ་སྔོགས་བྱེད་དེ་ཞེས་སོ། །སྐྱོ་སྔོགས་བྱེད་པ་པོ་གཉུག་མར་གནས་པ་དང་སྟེ། རྩོད་པ་དེའི་ཐོག་མཐའ་དབུས་གསུམ་ཤེས་པའོ་ཞེས་ལུང་དང་ཊཱི་ཀ་ལས་བཤད་དེ། རྩོད་པ་ཞི་བྱེད་ཀྱི་ལས་ཀྱི་ཁ་སྐོང་དག་གོ། རྩོད་པ་དེ་ཞི་བར་བྱ་བའི་ལས་ཀྱི་ཆོ་ག་བྱེད་པ་པོ་དང་། རྩོད་པ་དེ་ཞི་བར་བྱ་བའི་ལས་ལ་དད་པས་འདུན་པ་འབུལ་བ་དག་ཁོ་ན་ལ་ལྟུང་བྱེད་དངོས་གཞི་བསྐྱེད་པའོ། །ང་ནི་འདི་ལྟར་སེམས་ཞེས་ལྟ་བ་སྨྲ་བ་སྟེ། ང་ནི་རྩོད་པ་འདི་མ་ཞི་བ་ཡིན་པར་སེམས་སོ་ཞེས་སྨྲ་བ་དང་། ལུང་དགེ་སློང་མའི་རྣམ་འབྱེད་ལས། སྐྱོ་སྔོགས་བྱེད་པ་པོ་གློ་བུར་དུ་འོང་བ་དག་ལ་ནི་ཉེས་བྱས་འབྱུང་སྟེ། ཉེས་བྱས་ཁོ་ནའི་བྱེད་པ་པོ་སྟེ། རྣལ་དུ་མ་ཕེབས་པའི་ཕྱིར་དང་། རྒྱུས་མི་ཤེས་པའི་ཕྱིར་རོ་ཞེས་ཊཱི་ཀ་ལས་བཤད་དེ། གོ་རིམ་བཞིན་དུ་སྦྱར་རོ། །གཉིས་པ་ནི། འཐབ་པའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པ་ཡིན་(༡༠ན)


K8Z003_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུ་ཤེས་འཁྲུལ་པ་ལྟ་བུ། རྩོད་པ་གཞན་ཉིད་ལ་རྩོད་པ་གཞན་དུ་འདུ་ཤེས་འཁྲུལ་ཏེ་སྐྱོ་སྔོགས་བྱེད་པ་ནི་རྩོད་པ་གང་ཡིན་དེ་ཉིད་དུ་འདུ་ཤེས་པ་དེ་དང་འདྲ་སྟེ་ལྟུང་བྱེད་དུ་འགྱུར་བ་ཉིད་ཡིན་ནོ། །འདི་ཡང་ཀུན་སློང་སྤྱི་ཞུགས་ཀྱི་དབང་དུ་བྱས་ཞེས་གསུངས་སོ། །གསོལ་བ་ལ་སོགས་པའི་ལས་ཀྱི་འབྲས་བུ་བསླབ་པ་བྱིན་པ་ལ་གནས་པའམ་སྤོ་མགུ་ལ་སོགས་པ་ལ་གནས་པ་ལ་ལས་ཀྱི་འབྲས་བུ་ལ་གནས་པ་དེ་མ་ཡིན་པ་སྟེ། བསླབ་པ་སྦྱིན་པའི་ལས་མ་ཆགས་པས་ཁྱོད་བསླབ་པ་བྱིན་པ་མ་ཡིན་ནོ། །ཞེས་ཟེར་བ་ལ་སོགས་པ་ཉིད་ཀྱི་ཀུན་ཏུ་སྤྱོད་པས་སྐྱོ་སྔོགས་བྱེད་པ་ལ་ནི་ལྟུང་བྱེད་ཀྱི་ཕྱེད་ཉེས་བྱས་ཉིད་དོ། །འདི་ལ་སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་མི་བསྐྱེད་པ་ནི་རྩོད་པ་ལ་སྐྱོ་སྔོགས་བྱས་པ་མེད་པའི་ཕྱིར་ཏེ་གཞི་རྩོད་པ་ཡིན་པ་མ་ཚང་བའོ། །སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་དོ།། །།ལྔ་པ་ཁྱིམ་པ་མོ་ལ་ཆོས་སྟོན་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །དེ་ཡི་ལྟུང་མེད་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་ཁྱིམ་པ་མོ་ལ་ཆོས་བསྟན་ཅིང་དེའི་རྗེས་སུ་དྲུག་སྡེས་ཚིག་དྲུག་ལས་ལྷག་པར་བསྟན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྲིམས་གྲོགས་སྐྱེས་པ་མེད་པར་ཁྱིམ་པ་མོ་ལ་ཆོས་ཚིག་ལྔའམ་དྲུག་ལས་ལྷག་པར་བསྟན་ཏེ། དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་གོ། །དེ་ལ་བཞི་སྟེ། གང་ལ་བསྟན་པའི་ཡུལ་དང་། གང་བསྟན་པའི་ཆོས་དང་། གང་དུ་བསྟན་པའི་གནས་དང་། གང་གིས་སྟོན་པའི་རྟེན་ནོ། །དང་པོ་ལ་བརྒྱད་དེ། སྔར་འཁྲིག་ཚིག་གི་སྐབས་སུ་བཤད་པ་ལྔའི་སྟེང་དུ་ཁྱིམ་པ་མོ་ཡིན་(༡༠བ)


K8Z003_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་ཁྱིམ་པ་མོ་ལ་སྟོན་པ་ལའོ་ཞེས་སོ། །སེལ་བ་རབ་བྱུང་མོ་ལ་ཁྲིམས་གྲོགས་མེད་པར་ཆོས་སྟོན་ན་ཉེས་བྱས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་མ་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། བུད་མེད་མཁས་པའི་རང་བཞིན་ཅན་གྱིས་གོང་ནས་གོང་དུ་དྲིས་པ་གཏན་ལ་དབབ་པར་བྱས་པ་དང་ཞེས་ལྟུང་མེད་དུ་གསུངས་སོ། །ངོ་མ་སྤོས་པ་སྟེ་བལ་ཁུར་བ་ལ་བཤད་པའི་གནད་ཀྱིས་ཤེས་སོ། །འདིར་བླ་མ་རྣམས་ནི་འདི་ལ་ཉི་མ་གཅིག་གི་དུས་ཡིན་པ་ཡན་ལག་ཏུ་དགོས་ཏེ། ཉི་མ་ཐ་དད་དུ་ཚིག་རེ་རེ་བསྟན་པ་རྣམས་བསྡོམས་པས་ཚིག་དྲུག་ལས་ལྷག་ཀྱང་ལྟུང་བར་མི་འགྱུར་ཞེས་འཆད་དོ། །འོ་ན་ཉི་མ་གཅིག་གི་དུས་ཡིན་པ་དེ་མེད་པའི་ཕྱིར། མཚན་མོ་བུད་མེད་ལ་ཚིག་དྲུག་ལས་ལྷག་པར་ཆོས་བསྟན་ཀྱང་ལྟུང་བྱེད་འདི་མི་བསྐྱེད་པར་ཐལ་བར་འགྱུར་བ་ལས། བམ་པོ་ལྔ་བཅུ་པ་ལས། ཉིན་མཚན་གྱི་ཆ་ལ་ན་སྨད་པ་མེད་ཅེས་བཤད་དོ། །ཞག་གཅིག་དུས་ཡིན་ནོ་ཞེས་བརྗོད་ན་ཡང་མི་རིགས་ཏེ། ཐོ་རངས་བུད་མེད་ལ་ཆོས་ཚིག་དྲུག་ལས་ལྷག་པར་སྟོན་པ་ན་བར་སྐབས་སུ་སྐྱ་རེངས་ཤར་ཏེ་ཞག་འཕོས་ནས། དེའི་ཚེ་ཆོས་ཀྱི་ཚིག་རྒྱུན་ཆགས་སུ་ཚིག་དྲུག་ལས་ལྷག་པར་སྟོན་པ་དེ་ལ་ལྟུང་བྱེད་འདི་མི་བསྐྱེད་པར་ཐལ་བར་འགྱུར་ཏེ། ཞག་གཅིག་གི་དུས་ཡིན་པ་དེ་མེད་པའི་ཕྱིར། དེས་ན་ཆོས་སྟོན་པའི་སྦྱོར་བ་གཅིག་གིས་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་ནའོ། །ཞེས་སྦྱོར་བའི་ཡན་ལག་གི་སྐབས་སུ་བཤད་དོ། །གཉིས་པ་གང་བསྟན་པའི་ཆོས་ལ་བཞི་ལས། སངས་རྒྱས་ཀྱི་བཀའམ་བསྟན་བཅོས་ཡིན་པ་སྟེ། ཆོས་སོ་ཞེས་པ་དང་། རྣམ་འབྱེད་ལས། ཆོས་ཤེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ་སངས་རྒྱས་ཀྱི་ཉན་ཐོས་ཀྱིས་བཤད་པའོ་ཞེས་སོ། །དོན་བཤད་པ་ཡིན་པ་སྟེ་དོན་མི་འཆད་པར་ཚིག་འདོན་པ་(༡༡ན)


K8Z003_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ལྟུང་མེད་དུ་གསུངས་པས་ཤེས་ཏེ། དུས་ཁྲིམས་འབོགས་པ་དང་ཡོན་བཤད་པས་ནི་མ་ཡིན་ནོ། །ཞེས་གསུངས་སོ། །ཚིག་ལྔའམ་དྲུག་ལས་ལྷག་པ་ཚིགས་སུ་བཅད་པར་ལོངས་པ་སྟེ་ཚིག་དྲུག་ལས་ལྷག་པར་རོ་ཞེས་པ་དང་། མ་རྣམས་ཀྱི་ཊཱི་ཀ་ལས། ཚིགས་སུ་བཅད་པ་ཙམ་འདོན་ན་ཡང་ངོ་ཞེས་གླུ་ལེན་པ་ལ་བཤད་པའི་གནད་ཀྱིས་སོ། །སྔར་ཤེས་ལས་གཞན་ཡིན་པ་སྟེ། སྔར་ཤེས་ཟིན་ཡིན་ན་ནི་སློབ་གཉེར་བསོད་པ་དང་ཞེས་ལྟུང་མེད་དུ་གསུངས་སོ། །གསུམ་པ་གང་དུ་བསྟན་པའི་གནས་ནི། གནས་གཅིག་ཡིན་པ་སྟེ་གནས་གཞན་དུ་ནི་སྔ་མ་བྱས་པ་ཉིད་དོ་ཞེས་གསུངས་པས་སོ། །བཞི་པ་གང་གིས་སྟོན་པའི་རྟེན་ནི། ཁྲིམས་གྲོགས་དང་མི་ལྡན་པ་སྟེ་སྐྱེས་པ་མེད་པར་རོ། །ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཆོས་ཚིག་ལྔའམ་དྲུག་ལས་ལྷག་པར་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཆོས་སྟོན་པའི་སྦྱོར་བ་གཅིག་གིས་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་པར་ཞུགས་པའོ། །མཐར་ཐུག་ནི་བུད་མེད་དེས་དོན་གོ་བའོ། །གཉིས་པ་ནི། ཁྱིམ་པ་མོ་ལ་སྟོན་པ་ལའོ་ཞེས་པ་ལ་སོགས་པ་སྔར་སྨོས་པ་ལྟར་རིག་པའི་སྐྱེས་པ་མེད་པར་ཁྱིམ་པ་མོ་ལ་སྟོན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཅི་ཞིག་སྟོན་པ་ལ་ཞེ་ན། ཆོས་སྟོན་པ་ལས་སོ། །དེའང་དགེ་སློང་གིས་ཁྱིམ་པ་མོ་ལ་ཚིག་དྲུག་ལས་ལྷག་པར་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །ཚིག་དྲུག་ལས་མ་ལྷག་པ་ལ་མ་ལྷག་པ་ཉིད་དུ་འདུ་ཤེས་ཏེ་ཆོས་སྟོན་པ་ལ་ནི་ཉེས་པ་མེད་དོ། །ཚིག་དྲུག་ལས་ལྷག་པ་ལ་ལྷག་པ་ཉིད་དུ་ཤེས་པའི་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །ཚིག་དྲུག་ལས་ལྷག་ཀྱང་མ་ལྷག་པར་འདུ་ཤེས་ན་ནི་ཉེས་པ་མེད་དོ། །(༡༡བ)


K8Z003_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དྲུག་ལས་ལྷག་དགོས་པར་དེའི་དམིགས་བསལ་ནི། ཚིག་ལྔ་ཁོ་ན་ཡོད་པ་ཕུང་པོ་ལྔ་འཆད་པ་ལྟ་བུ་ལ་ནི་ཚིག་ལྔར་བརྩམས་པའི་རྩོམ་པ་ལྔ་པ་ལས་ལྷག་པར་སྟོན་ན་ལྟུང་བྱེད་དུ་མི་འགྱུར་ཏེ། ཚིག་དྲུག་ལས་ལྷག་པ་མི་དགོས་སོ། །ཊཱི་ཀར། འདིར་ཚིག་ཅེས་བྱ་བ་ནི་སྨྲ་བར་འདོད་པ་དོན་གཅིག་གོ་བར་བྱེད་པའི་ཚིག་ལ་བྱ་བ་སྟེ། དཔེར་ན་སྨྲ་བར་འདོད་པའི་དབང་གིས་གཟུགས་མི་རྟག་པ་བྱེ་བྲག་དང་བཅས་པ་ནི་ཚིག་གཅིག་ཅེས་བྱ་བ་ལྟ་བུའོ། །གཟུགས་ཙམ་རྗེས་སུ་བཤད་པ་སྨྲ་བར་འདོད་པ་ལ་ཕུང་པོ་ནི་ལྔ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ་ཞེས་བྱ་བ་དག་ནི་ཐ་དད་པ་ཉིད་དོ། །མདོར་བསྟན་པ་ནི། རྒྱས་པར་བཤད་པ་གཙོ་བོ་ཡིན་པའི་ཕྱིར་མདོར་བསྟན་པ་སྟེ་རྒྱས་པར་བཤད་པ་ལས་ཐ་མི་དད་དེ། དཔེར་ན་ཕུང་པོ་ནི་ལྔ་སྟེ་ཞེས་བྱ་བ་དེ་རྒྱས་པར་བཤད་པ་ལས་ཐ་མི་དད་པ་ལྟ་བུའོ་ཞེས་སོ་སྟེ། དེ་དག་གི་ངག་དོན་ནི་ཕུང་པོ་ལྔ་ལྟ་བུའི་མདོར་བསྟན་ཤླཽ་ཀ་གཅིག་ལས་རྒྱས་བཤད་ཤླཽ་ཀ་ཁྲི་ཡོད་པ་ལྟ་བུ་ཡང་ཚིག་ལྔ་པའི་ཁོངས་སུ་འདུས་པ་ཡིན་ནོ། །གཉིས་པ་ནི། བུད་མེད་མཁས་པས་གོང་ནས་གོང་དུ་དྲིས་པ་ནི། རྣམ་འབྱེད་འགྲེལ་པ་ལས། དོན་གྱི་ཐེ་ཚོམ་བཅད་པའི་ཕྱིར་ཞེས་བཤད་དོ། །གཏན་ལ་དབབ་པར་བྱས་པ་དང་། གཞན་ཡང་རྣམ་འབྱེད་འགྲེལ་པ་ལས། སློབ་གཉེར་བསོད་པ་ཞེས་བྱ་བ་ནི་སྔར་ལུང་ཕོག་པའོ་ཞེས་བཤད་པས། དོན་སྔར་ནས་ཤེས་ཟིན་པ་དེ་ངེས་ཤིང་བྱང་བར་བྱེད་པའོ། །རྣམ་འབྱེད་འགྲེལ་པ་ལས། ཁ་ཏོན་ཞུ་བ་དང་ཞེས་བྱ་བ་ནི་ཁ་ཏོན་འདོན་པའོ་ཞེས་བཤད་པས། ཚིག་སྔར་ནས་བཟུང་ཟིན་པ་དེ་མི་བརྗེད་ཅིང་བྱང་བར་བྱ་བའི་ཆེད་དུ་ཚིག་ཁ་ཏོན་དུ་འདོན་པའོ། །དམིགས་ཀྱིས་དྲི་བ་དང་ཞེས་པ་ནི། རྣམ་འབྱེད་འགྲེལ་པ་ལས། ཚིག་ལ་ཐེ་ཚོམ་ཟ་བའི་(༡༢ན)


K8Z003_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམ་པར་ངེས་པར་བྱེད་པའོ་ཞེས་བཤད་དོ། །དུས་ཁྲིམས་བསྙེན་གནས་འབོགས་པ་དང་། ཡོན་བཤད་པ་ནི་ཡོན་བསྔོ་བ་སྟེ། སྨན་གྱིས་གཞིའི་ཊཱི་ཀ་ལས། ཡོན་བཤད་པ་ཞེས་བྱ་བ་ནི་དགེ་བའི་རྩ་བ་བསྔོ་ཞིང་སྨོན་ལམ་འདེབས་པའོ་ཞེས་བཤད་ལ། མདོར་ཡོན་ཞེས་པའི་དོན་དགེ་བའི་རྩ་བའི་ཕན་ཡོན་བཤད་པ་དང་། ཕན་ཡོན་དེ་བྱང་ཆེན་དུ་བསྔོ་བ་དང་། སྦྱིན་སོགས་ཀྱི་ཕན་ཡོན་ཆེན་པོ་འབྱུང་བའི་བསོད་ནམས་བསགས་ཡུལ་སངས་རྒྱས་ལྟ་བུ་ལ་ཡོན་གནས་དང་། དེ་ལྟ་བུའི་ཡོན་གནས་དེས་སྦྱིན་བདག་གི་དགེ་ཚོགས་ཀྱི་ཡོན་ཏན་ལེགས་པར་སྦྱང་བའམ་བསྐྱེད་པ་དང་འཕེལ་བར་འགྱུར་བྱེད་ནུས་པའི་ཕྱིར་ཡོན་ཡོངས་སུ་སྦྱོང་བར་ནུས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ་ཞེས་རྗེ་བཙུན་ཕྲིན་ལས་ཀྱི་དབང་ཕྱུགས་གསུང་ངོ་། །བཤད་མ་ཐག་པ་དེ་དག་ནི་ཚིག་དྲུག་ལས་ལྷག་ཀྱང་ལྟུང་བ་འདི་བསྐྱེད་པ་མ་ཡིན་ནོ། །སྔར་གནས་ཁང་དུ་ཚིག་བཞི་བསྟན་ནས་ཕྱིས་ཁྱམས་སུ་ཚིག་གསུམ་བསྟན་པ་ལྟ་བུ་གནས་ཐ་དད་གཞན་དུ་བསྟན་པས་ཚིག་དྲུག་ལས་ལྷག་པ་ནི་སྔ་མ་གནས་ཁང་དུ་བསྟན་པ་དེ་ལྟུང་བ་འདི་བསྐྱེད་པའི་བདག་ཉིད་དུ་མ་བྱས་པ་ཉིད་དོ། །ཊཱི་ཀར། དེ་ལ་ལྟུང་བར་མི་བཞག་གོ། །ཞེས་སོ། །སྟོན་པའི་ལྟུང་བྱེད་དོ།། །།དྲུག་པ་འདོན་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །དེ་ཡི་ལྟུང་མེད་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་བསྙེན་པར་མ་རྫོགས་པ་དང་། ཚིག་མཉམ་དུ་ཆོས་འདོན་པར་བྱེད་པ་ལ་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ལུང་འབོགས་པ་པོ་དང་ཆོས་ལ་མ་གུས་པ་སྟེ། ཊཱི་ཀ་ལས། དང་པོ་ལེན་པ་དང་། འདོན་པའི་དུས་ན་རང་དབང་དུ་བརྗོད་པ་ནི་འདོན་དུ་འཇུག་པ་དེ་དང་། ཆོས་(༡༢བ)


K8Z003_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་མ་གུས་པའི་བསམ་པ་བརྒྱུད་པར་གནས་པ་ཡིན་པས་ལྟུང་བ་འདི་རྣམ་པར་བཞག་པ་སྟེ་ལུང་འབོགས་པ་ལ་མ་བལྟོས་པའི་ཕྱིར་རོ། །ཞེས་བཤད་དོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བསྙེན་པར་མ་རྫོགས་པའམ་བསླབ་པ་བྱིན་པ་དང་། དུས་མཉམ་དུའམ་མཇུག་ཐོགས་སུ་སྟོན་བྱེད་དུ་གྱུར་པའི་ཚིག་བཞིར་ལོངས་པའི་ཡི་གེ་འདོན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་དང་ལྡན་པའི་ཡུལ་དང་། གང་འདོན་པའི་དངོས་པོའོ། །དང་པོ་ལ་ལྔ་ལས། བསྙེན་པར་མ་རྫོགས་པའམ་བསླབ་པ་བྱིན་པ་ཡིན་པ་སྟེ་བསྙེན་པར་མ་རྫོགས་པ་དང་ཅིག་ཅར་རམ་ཞེས་པ་དང་། སྤྱིར་བསྟན་པ་ལས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ་ཞེས་སོ། །སེལ་བ་ནི་དགེ་སློང་གིས་དགེ་སློང་མ་དང་། འདོན་པའམ། དགེ་སློང་དང་འདོན་ན་ཉེས་བྱས་སོ། །དགེ་སློང་གིས་དགེ་སློང་མ་དང་འདོན་ན་ཅིར་འགྱུར་སྙམ་ན། ཞུ་བ་ཆེ་ཤོས་ལས། ཡུལ་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་བཀླགས་ན་ཅིར་འགྱུར་ན་ཉེས་པ་མེད་དེ་ཞེས་བཤད་དེ། དེ་ཡང་དངོས་གཞི་ལྟུང་མེད་ལ་དགོངས་ཤེས་རིགས་ཏེ། ཞུ་བ་ཆུང་ཤོས་ལས། ཡུལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་མགྲིན་གཅིག་ཏུ་ཆོས་འདོན་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་ཞུ་འགྲེལ་དུ་ལུང་དྲངས་སོ། །རྒྱ་ཆེར་འགྲེལ་དང་ཞུ་བ་གཉིས་ཀ་ལས། དགེ་སློང་གིས་དགེ་སློང་མ་དང་ཚིག་རེ་རེ་ནས་འདོན་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་མས་དགེ་སློང་དང་ཡང་དེ་བཞིན་ནོ་ཞེས་གསུངས་སོ། །འོ་ན་དགེ་སློང་གིས་དགེ་ཚུལ་ལ་ལུང་ཞུ་བར་བྱེད་ན་ཆོས་དང་ཡི་གེ་མཉམ་དུ་འདོན་ན་ཅིར་འགྱུར་ཞེ་ན། ཊཱི་ཀ་ལས། དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལས་ལུང་ནོད་པར་བྱེད་ན་བསྙེན་(༡༣ན)


K8Z003_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་རྫོགས་པ་དང་ཅིག་ཅར་རམ་མཇུག་ཐོགས་སུ་སྟོན་བྱེད་དུ་འགྱུར་བའི་ཆོས་དང་ཡི་གེ་འདོན་ན་དེ་ལ་གཉིས་ཀ་ལ་ཡང་ཉེས་བྱས་སུ་འགྱུར་རོ། །ཞེས་སོ། །གཉིས་པ་བསམ་པ་ཐག་པ་ནས་སློབ་པར་འདོད་པ་སྟེ། ཊཱི་ཀ་ལས། འདོན་པ་ཞེས་བྱ་བ་ནི་ཀློག་པའི་ཕྱིར་བསླབ་པའི་ཕྱིར་བརྗོད་པ་ཡིན་པར་བསམས་ཏེ་ཁ་ཏོན་ཚིག་སྔར་བཟུང་ནས་བཟུང་ཟིན་པའི་ཞུ་བ་ལ་སོགས་པ་དག་ལ་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར། ཞེས་གསུངས་སོ། །བསྡུས་པ་ལས་ཀྱང་། ཆོས་བསྟན་པ་སྦྱིན་པའི་ཚུལ་གྱིས་ལེན་དུ་འཇུག་པ་ཡིན་ཏེ་ཞེས་བཤད་པས་ཤེས་སོ། །གསུམ་པ་ངོས་མ་སྤོས་པ་སྟེ་བལ་ཁུར་བ་ལ་བཤད་པའི་གནད་ཀྱིས་ཤེས་སོ། །དེ་ཡང་ཆོས་འདོན་པ་ལས་ཡིན་གྱི། ཡི་གེ་འདོན་པ་ལས་ནི་མ་ཡིན་ནོ། །བཞི་པ་དང་ལྔ་པ་ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་ནི་སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་གང་འདོན་པའི་དངོས་པོ་ལ་གསུམ་ལས། སྟོན་བྱེད་དུ་གྱུར་པའི་ཆོས་སམ་ཡི་གེ་ཡིན་པ་སྟེ་སྟོན་བྱེད་དུ་གྱུར་པའི་ཞེས་སོ། །ཡི་གེ་འདོན་པ་ལ་ཚིག་བཞིར་ལོངས་པ་མི་དགོས་ཀྱང་ཆོས་ཡིན་ན་ཚིག་བཞིར་ལོངས་པ་སྟེ། ཡོན་ཏན་འོད་མར། ཤླཽ་ཀ་གཅིག་ཡན་ཆད་མིད་པ་བསྒྲིལ་ཅིང་སྨྲ་ན་ལྟུང་བར་འགྱུར་ཞེས་སོ། །སྔར་ཤེས་ལས་གཞན་ཡིན་པ་སྟེ་ཚིག་སྔར་ནས་བཟུང་ཟིན་པའི་ཁ་ཏོན་ཞུ་བ་ལ་སོགས་པ་ལ་ལྟུང་མེད་དུ་གཞུང་ལས་གསུངས་པས་ཤེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་དུས་མཉམ་དུའམ་མཇུག་ཐོགས་སུ་འདོན་པར་འདོད་པ་རྒྱུན་མ་ཆད་པའོ། །མི་འདོད་བཞིན་གྲུབ་པ་ནི་མ་གཏོགས་སོ་ཞེས་བཤད་དོ། །སྦྱོར་བ་ནི་དུས་མཉམ་དུའམ་མཇུག་ཐོགས་སུ་ཆོས་འདོན་པའི་སྦྱོར་བ་གཅིག་གིས་ཆོས་སམ་(༡༣བ)


K8Z003_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་འདོན་པར་ཞུགས་པའོ། །སྦྱོར་བ་གཅིག་གིས་ཞེས་པས་ཉི་མ་ཐ་དད་ལ་ཚིག་རྐང་གཉིས་གཉིས་འདོན་པ་ལྟ་བུ་སེལ་ལོ། །མཐར་ཐུག་ནི་དོན་གོ་བ་ཡིན་ཅེས་སྔ་མ་རྣམས་གསུངས་ཡང་། ཡི་གེ་རྐྱང་པ་འདོན་པ་ལ་ནི་དོན་གོ་བ་མེད་དེ་ཡི་གེ་སིལ་བུས་དོན་མི་སྟོན་པའི་ཕྱིར། ཆོས་ཚིག་བཞི་སྟོན་ཟིན་པའམ་ཡི་གེ་གཅིག་ཙམ་སྟོན་ཟིན་པའོ། །གཉིས་པ་ནི། དགེ་སློང་གིས་བསྙེན་པར་མ་རྫོགས་པ་དང་དུས་ཅིག་ཅར་རམ་བསྙེན་པར་མ་རྫོགས་པས་སྟོན་པའི་མཇུག་ཐོགས་སུ་མདོ་སྡེ་ལ་སོགས་པའི་ལུང་གི་དོན་སྟོན་བྱེད་དུ་གྱུར་པའི་ཆོས་དང་། ལུང་ལས། ཨ་ཨཱ་ཨི་ཨཱི་ཞེས་ཡི་གེ་ཡང་འདོན་ན་ལྟུང་བྱེད་དུ་འགྱུར་རོ། །ད་ནི་འདི་དག་གི་འཕྲོས་དོན་ཅུང་ཟད་བརྗོད་པར་བྱ་སྟེ། སྟོན་བྱེད་དུ་གྱུར་པའི་ཆོས་འདི་ལ་མུ་བཞི་སྟེ། སྟོན་བྱེད་ཡིན་ལ་ཆོས་མ་ཡིན་པ་ནི་མུ་སྟེགས་ཀྱི་སྟོན་པ་དྲང་སྲོང་སེར་སྐྱས་བཤད་པ་ལྟ་བུའི་མུ་སྟེགས་ཅན་གྱི་གཞུང་ལུགས་རྣམས་སོ། །ཆོས་ཡིན་ལ་སྟོན་བྱེད་མ་ཡིན་པ་ནི། ཊཱི་ཀ་ལས། སློབ་དཔོན་དཔའ་བོས་བྱས་པའི་སྐྱེས་པའི་རབས་ཀྱི་རྒྱུད་ལྟ་བུའོ་ཞེས་སོ། །གཉིས་ཀ་ཡིན་པ་ནི་འདུལ་བ་ལུང་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི་བྱ་རོག་སོ་རྟོག་གི་བསྟན་བཅོས་ལྟ་བུའོ། །སྟོན་བྱེད་ནི་དང་པོ་སྟོན་པས་བཤད་པའི་བཀའ་ལུང་ངོ་། །ཆོས་ནི་ལུང་རྣམ་འབྱེད་ལས། ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པ་དང་སངས་རྒྱས་ཀྱི་ཉན་ཐོས་ཀྱིས་བཤད་པའོ་ཞེས་གསུངས་སོ། །སྟོན་པ་བཞུགས་པའི་ཚེ་ན་ཉན་ཐོས་ཀྱིས་བཤད་ན་ཡང་སྟོན་བྱེད་དུ་འགྱུར་བ་ཡིན་ཏེ། བྱིན་གྱིས་བརླབས་པའི་བཀའ་ཡིན་པའི་ཕྱིར་རོ། །དང་པོའི་སྟོན་པ་ནི་ཕྱི་ནང་གི་སྟོན་པ་གཉིས་ཀར་བཟུང་བ་ཡིན་ནོ། །སྟོན་བྱེད་དང་ཆོས་གཉིས་ཀ་ཡིན་པ་འདོན་ན་ལྟུང་བྱེད་དོ། །ཡི་གེ་ཡང་འདོན་ནའོ་ཞེས་པ་ནི་ཊཱི་ཀར་ལུང་དྲངས་པ་ལས་གཅིག་(༡༤ན)


K8Z003_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཅར་ཡི་གེ་བརྗོད་ན་ལྟུང་བྱེད་དོ། །མཇུག་ཐོགས་སུ་ཡི་གེ་བརྗོད་ན་ལྟུང་བྱེད་དོ་ཞེས་གསུངས་ལ། ལུང་རྣམ་འབྱེད་ལས། སློབ་དཔོན་ཨ་ཞེས་འདོན་པ་ན་ཉེ་གནས་ཀྱང་དུས་གཅིག་ཏུ་ཨ་ཞེས་འདོན་པ་སྟེ་དེ་ལྟར་ཡི་གེ་མཉམ་པས་སོ་ཞེས་གསུངས་སོ། །གཉིས་པ་ནི། ཅིག་ཅར་འདོན་པ་མི་འདོད་བཞིན་དུ་གཡམ་ལ་གྲུབ་པ་ནི་ལྟུང་བ་འདི་བསྐྱེད་པ་ལ་མ་གཏོགས་སོ། །དགེ་སློང་གིས་སྟོན་པའི་རྗེས་སུ་ཉན་དུ་གཞུག་པར་བྱ་བ་སྟེ་ཁྱོད་ཀྱིས་ཁོ་བོ་དང་ལྷན་ཅིག་ཏུ་ཅིག་ཅིག་ཅར་རམ་སྔར་བརྗོད་པར་མི་བྱའོ་ཞེས་བསྒོ་བ་ལས་བསྙེན་པར་མ་རྫོགས་པ་དེ་ཅིག་ཅར་རམ་སྔར་བརྗོད་པའི་རྗེས་སུ་དགེ་སློང་གིས་འདོན་པ་ཡང་ལྟུང་བ་འདི་བསྐྱེད་པ་ལ་མ་གཏོགས་སོ། །གཞུང་དེ་གཉིས་ཀྱི་ཁྱད་པར་ནི་ཡུལ་གྱི་ཀུན་སློང་མེད་པ་དང་། རྟེན་གྱི་ཀུན་སློང་མེད་པས་ཏེ་གོ་རིམ་བཞིན་ནོ་ཞེས་གསུང་རྒྱུན་ལས་སོ། །ཁ་ཏོན་ཞུ་བ་དང་ཞེས་པ་སྔར་བཏོན་པ་མི་བརྗེད་པར་བའི་སྦྱོང་བའོ། །སློབ་གཉེར་བསོད་པ་དང་ཞེས་པ་འདོན་པ་ཕྱིར་བཟློས་ཤིང་འཆད་པའོ་ཞེས་ཊཱི་ཀ་ལས་བཤད་དོ། །བསྙེན་པར་མ་རྫོགས་པ་ལ་གཞུང་ཚིག་འདོན་དུ་བཅུག་ནས་དགེ་སློང་གིས་དེའི་དོན་འཆད་པའོ། །བརྗེད་པའམ་ཐེ་ཚོམ་ཟ་བ་དྲན་པའི་ཕྱིར་དམིགས་ཀྱིས་འདྲི་བ་ཡང་ལྟུང་བ་འདི་བསྐྱེད་པ་ལ་མ་གཏོགས་སོ། །དེ་རྣམས་ལ་ཚིག་བསྒྲིལ་ཅིང་བཀླགས་པ་ལ་ཉེས་པ་མེད་དོ། །འདོན་པའི་ལྟུང་བྱེད་དོ།། །།བདུན་པ་གནས་ངན་ལེན་བརྗོད་པ་ལ། བསླབ་པར་བྱ་བའི་གནས་སྐབས་བརྗོད། །དངོས་གཞིའི་ལྟུང་བ་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དགོས་པའི་དོན་དང་། བསྡུས་པའི་དོན་ནོ། །དང་པོ་ནི། དེས་དེའི་གནས་ངན་ལེན་བརྗོད་ཀྱང་ལྟུང་བ་མི་འབྱུང་བ་དང་། ལས་ཀྱིས་བསྐོས་པས་ལྟུང་བ་བཅས་པའི་ས་མཚམས་ཟིན་པ་དང་། དེའི་གནས་ངན་ལེན་བརྗོད་(༡༤བ)


K8Z003_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གོ་བར་བྱས་པས་ངན་པ་མགོ་གཅིག་ཏུ་བསྒྲེ་ཞིང་དགེ་འདུན་སྤྱི་ལ་མ་དད་པ་དེ་སྤོང་བའོ། །གཉིས་པ་ལ་བཞི་ལས། དང་པོ་ཡུལ་གང་བསྐོ་བ་ནི། བསྐོ་བའི་ཡུལ་ཆོས་བཅུ་བཞི་དང་ལྡན་པ་སྟེ་སློང་བ་པའི་ཞལ་ཏ་པ་བསྐོ་བའི་སྐབས་འོག་ཏུ་འཆད་པར་འགྱུར་རོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །བཞི་པ་བསྐོས་པ་དེའི་བསླབ་བྱ་ནི་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱ་སྟེ་གཞུང་དུ་འཆད་པར་འགྱུར་རོ། །དེ་ཡང་ཉེས་པ་གང་གིས་སུན་ཕྱུང་བའི་ཉེས་པ་དེ་ཙམ་ཞིག་བརྗོད་པར་བྱ་ཡི། ཉེས་པ་གཞན་མི་བརྗོད་པ་དང་། ཁྱིམ་པ་གང་སུན་བྱུང་བའི་ཁྱིམ་པ་དེ་རྣམས་ལ་བརྗོད་པར་བྱ་ཡི། ཁྱིམ་པ་གཞན་ལ་མི་བརྗོད་དེ། ཞུ་བ་ལས། ཉེས་པའི་མཐར་བྱ་བ་སྟེ་ཉེས་པ་གཞན་ལ་མི་བརྗོད་པ་དང་རིགས་ཀྱི་མཐར་བྱ་བ་སྟེ་ཁྱིམ་པ་གཞན་ལ་མི་བརྗོད་པ་དང་ཞེས་གསུངས་ལ། དེ་ལས་ལྷག་པར་བསྒོ་ན་སྟེ་ཉེས་པ་དེ་ལས་ལྷག་པར་བསྒོ་བ་དང་ཁྱིམ་དེ་ལས་ལྷག་པར་བསྒོ་ན་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་ནི། དགེ་སློང་ཕྲལ་བ་དང་། དགེ་སློང་མ་གསལ་མ་ལྟ་བུ་དགེ་སློང་དང་། དགེ་སློང་མ་སྡིག་ཅན་དག་ནི་ཚུལ་ཁྲིམས་འཆལ་བའོ་ཞེས་མ་དད་པར་གྱུར་པའི་ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་དགེ་སློང་ཞིག་དགེ་འདུན་གྱིས་བསྐོ་བར་བྱའོ། །ཆོ་ག་ནི་གསོལ་གཉིས་ཀྱི་ལས་ཀྱིས་སོ། །ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པ་དེས་སྨྲ་བར་བྱའོ་ཞེས་འོག་ཏུ་སྦྱར་རོ། །ཇི་སྐད་སྨྲ་བར་བྱ་ཞེ་ན། ཚེ་དང་ལྡན་པ་སྲོག་དང་ལྡན་པ་དག་ཅེས་ཁྱིམ་པ་རྣམས་ལ་བོས་ནས་ཁྱོད་ཉོན་ཅིག །ཁྱིམ་རྣམས་སུ་ཁྱིམ་སུན་འབྱིན་པར་བྱེད་པ་དང་ཞེས་བྱ་བ་ནི་ཁྱིམ་པ་དག་གོ། །གནས་གཙུག་ལག་ཁང་རྣམས་སུ་གནས་སུན་འབྱིན་པར་བྱེད་པ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དག་གོ། །དེ་ཡང་ཁྱིམ་པ་རྣམས་ཁྱིམ་(༡༥ན)


K8Z003_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སུན་འབྱིན་པར་བྱེད་པ་ནི་འདི་ལྟ་སྟེ། དཔེར་ན་འབྲས་སཱ་ལའི་ཞིང་ཕུན་སུམ་ཚོགས་པ་ལ་སེར་བའི་འཁོར་ལོ་ལྟར་མི་བཟད་པ་ནི་འཁོར་ལོ་ལྟར་མི་བཟད་པ་སྟེ། ཤིན་ཏུ་མཐུ་ཆེར་འབབ་པ་བཟོད་པར་དཀའ་བ་ཡིན་ནོ། །གནམ་ལྕགས་ཐོག་དང་བཅས་པ་བབས་ན་འདི་ལྟར་འབྲས་སཱ་ལི་དེ་ཉིད་ཤིན་ཏེ་མ་མཐུ་ཆུང་བ་དང་། ཆུད་ཟ་བ་བསྐམ་པ་དང་། ཚུལ་མ་ཡིན་པས་ཤེས་པ་ནི་རིགས་པ་མ་ཡིན་པས་ཏེ་དུས་མ་ཡིན་པས་མ་རུངས་པར་ཆག་གྲུམ་ལ་སོགས་པར་འགྱུར་བ་ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་ནི་རིགས་པ་མ་ཡིན་པས་དྲུངས་ཕྱུང་བའོ་ཞེས་རྣམ་འབྱེད་འགྲེལ་དུ་བཤད་དོ། །ཊཱི་ཀ་ལས། ཆག་གྲུམ་ལ་སོགས་པ་ཞེས་པའི་སོགས་ཁོངས་སུ་བསྡུའོ། །གནས་རྣམས་སུ་གནས་སུན་འབྱིན་པར་བྱེད་པ་ནི། དཔེར་ན། བུ་རམ་ཤིང་གི་ཞིང་ཕུན་སུམ་ཚོགས་པ་ལ་ནད་ཀྱི་རིགས། ཊཱི་ཀ་ལས། ར་རི་དམར་པོ། ཞེས་བྱ་བ་བྱུང་ན་འདི་ལྟར་བུ་རམ་ཤིང་དེ་ཉིད་ཤིན་ཏེ་མ་དང་། ཆུད་ཟ་བ་དང་། ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་ལྟ་བུ་སྟེ། དཔེ་དང་འདྲ་བའི་དགེ་སློང་དང་དགེ་སློང་མ་སྡིག་ཅན་དག་ཡོད་ཀྱི། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་སློང་ཕྲལ་བ་ལྟ་བུ་འདི་དང་དགེ་སློང་མ་གསལ་མ་ལྟ་བུ་འདིས་སངས་རྒྱས་ཀྱི་བསྟན་པ་སྤྱིའི་ཚོད་མ་འཛིན་ཅིག །བསྟན་པ་ཡང་འདི་འདྲ་བ་ཞིག་གོ་སྙམ་དུ་མ་སེམས་ཤིག་པའོ། །འདི་ལྟར་དགེ་སློང་འདི་དང་དགེ་སློང་མ་འདི་ནི་ཡོས་འཚིག་པ་ནི་ཐལ་བར་འགྱུར་བ་དང་། མྱུ་གུ་སྐྱེ་བར་མི་རུང་བ་བཞིན་དུ་ཆོས་འདུལ་བ་འདི་ལ་འཕགས་པའི་ལམ་གྱི་མྱུ་གུ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱི། བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་མཆོག་ཀུན་ཤེས་ཀཽཎྜི་ཉ་དང་། ཤཱ་རིའི་བུ་དང་། མཽངྒལ་གྱི་བུ་ལ་སོགས་བདག་ལ་ལྟོས་ཤིག་ཅེས་སྨྲ་བར་བྱའོ། །དགེ་སློང་འདི་དང་དགེ་སློང་མ་འདི་ཚུལ་ཁྲིམས་འཆལ་བ་ཡིན་ནོ་ཞེས་(༡༥བ)


K8Z003_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་རྣམས་སུ་གོ་བར་བྱེད་པར་དགེ་སློང་གང་ཟག་མི་སྤྲོ་ན་དགེ་འདུན་ཐམས་ཅད་ཀྱིས་ཁྱིམ་རྣམས་སུ་གོ་བར་བྱ་བའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་བསྙེན་པར་མ་རྫོགས་པ་ལ་དགེ་སློང་གཞན་གྱི་གནས་ངན་ལེན་བརྗོད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ངན་པ་མགོ་གཅིག་ཏུ་བསྒྲེ་བའི་སྒོ་ནས་རང་རིས་ལ་མ་དད་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཡུལ་བསྙེན་པར་མ་རྫོགས་པ་ལ་དགེ་སློང་གཞན་གྱི་ཕམ་པའམ་ལྷག་མའི་ལྟུང་བ་བརྗོད་ཅིང་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་ལ་བརྗོད་པའི་ཡུལ་དང་། གང་བརྗོད་པའི་དངོས་པོ་དང་། གང་གིས་བརྗོད་པ་ལྟུང་བའི་བདག་པོ་དང་། གང་གིས་བརྗོད་པའི་རྟེན་ནོ། །དང་པོ་ལ་ལྔ་ལས། བསྙེན་པར་མ་རྫོགས་པའམ། བསླབ་པ་བྱིན་པ་ཡིན་པ་སྟེ་བསྙེན་པར་མ་རྫོགས་པ་ཉིད་དག་དང་ལྡན་པ་ལའོ། །ཞེས་པ་དང་། སྤྱིར་བསྟན་པ་ལས། བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ་། །ཞེས་གསུངས་པས་སོ། །སེལ་བ་ནི་དགེ་སློང་རྣམ་དག་ལ་བརྗོད་པ་ལ་ནི་ལྟུང་བ་མེད་དོ། །མ་བརྗོད་ན་ཡང་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དུ་འགྱུར་བའི་ཕྱིར་རོ། །བྱུང་བ་དང་བཅས་པ་མི་ཤེས་པ་སྟེ། ཉན་པ་པོ་མི་ཤེས་པ་ཉིད་དང་ཞེས་སོ། །སེལ་བ་བྱུང་བཅས་ཤེས་པ་ལ་ནི་ལྟུང་བ་མེད་དོ། །རྣམ་འབྱེད་ལས། དྲིལ་བསྒྲགས་པ་ལ་ནི་ལྟུང་བ་མེད་དོ། །བདག་གིས་ཤེས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཤེས་སོ་སྙམ་ནའོ་ཞེས་གསུངས་སོ། །འཕགས་པའི་བདེན་པ་མ་མཐོང་བ་སྟེ། བསྡུས་པ་ལས། བདེན་པ་མཐོང་བ་ལ་བརྗོད་ན་ལྟུང་བ་མེད་དོ་ཞེས་(༡༦ན)


K8Z003_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་ནི་སྔར་དང་འདྲའོ། །གཉིས་པ་གང་བརྗོད་པའི་དངོས་པོ་ལ་གཉིས་ལས། ཕམ་པའམ་ལྷག་མའི་དངོས་གཞི་ཡིན་པ་སྟེ། ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དག་ཅེས་བཤད་དོ། །སེལ་བ་ནི་སྦོམ་པོ་དང་ལྟུང་བྱེད་ལ་སོགས་བརྗོད་ན་ཉེས་བྱས་སོ། །དགེ་སློང་གཞན་གྱི་རྒྱུད་དང་འབྲེལ་བར་ཡོད་པ་སྟེ། ཞུ་བ་ལས། དགེ་སློང་གིས་བདག་ཉིད་ཀྱི་གནས་ངན་ལེན་གྱི་ནོངས་པ་བསྙེན་པར་མ་རྫོགས་པ་ལ་སྨྲས་ན་ཉེས་པ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་ལ། ཉེས་བྱས་སུ་གསུངས་པ་ནི་གཞན་གྱི་ཡིན་པ་ཉིད་མེད་པའི་ཕྱིར་ཞེས་ཞུ་འགྲེལ་ལས་སོ། །གསུམ་པ་གང་གི་བརྗོད་པ་ལྟུང་བའི་བདག་པོ་ནི། དགེ་སློང་གཞན་ཡིན་པ་སྟེ། གཞན་དེ་ཡང་དགེ་འདུན་ལྷག་མའི་ལྟུང་བ་བརྗོད་པའི་ཆ་ནས་དགེ་སློང་ཆོས་དྲུག་ལྡན་རྫོགས་པའི་སྡོམ་ལྡན། ལྟ་བ་དང་མཚན་མཐུན་ལ། ཐ་སྙད་གསུམ་ལྡན། རྒྱུད་ཐ་དད། གཟུགས་གཞན་དུ་མ་བསྒྱུར་བ་ཡིན་ལ། ཕམ་པའི་ལྟུང་བ་བརྗོད་པ་ལ་ནི་ཡུལ་དེ་ཕམ་པས་གོས་པ་ཡན་ལག་ཏུ་དགོས་ལ། དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཡན་ལག་མ་ཡིན་གྱི། དགེ་སློང་གི་སྡོམ་པ་ཙམ་པོ་དང་ལྡན་པའོ། །མཚན་མཐུན་ལྟ་བ་མཐུན་པ་ལ་སོགས་པ་ལྔ་ནི་སྔར་བྱིན་འཕྲོག་གི་སྐབས་སུ་བཤད་པ་དང་འདྲའོ། །བཞི་པ་གང་གིས་བརྗོད་པའི་རྟེན་ནི། གནས་ངན་ལེན་རྗོད་པ་པོར་བསྐོས་པ་དང་མ་འབྲེལ་བ་དང་། གསོལ་བའི་ཁོངས་སུ་གཏོགས་པ་མ་ཡིན་པ་སྟེ། བསྒོ་འམ་བྱས་པ་ལའོ། །དགེ་འདུན་ལ་མ་གསོལ་བ་ལའོ། །ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་གནས་ངན་ལེན་བརྗོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་གནས་(༡༦བ)


K8Z003_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལེན་བརྗོད་པར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །གཉིས་པ་ནི། གནས་ངན་ལེན་བརྗོད་པའི་ལྟུང་བྱེད་འདི་ནི་འདུ་ཤེས་གཙོའོ། །ཡུལ་གང་ལ་ཤེས་གཙོ་ན། ཉན་པ་པོ་དེས་དགེ་སློང་དེ་ལ་ལྟུང་བ་འབྱུང་བའི་རྒྱུས་མི་ཤེས་པ་ཉིད་དང་ཉན་པ་པོ་བསྙེན་པར་མ་རྫོགས་པ་ཉིད་དག་དང་ལྡན་པ་ལ་ཤེས་གཙོའོ་ཞེས་སྦྱར་ཏེ་ཡུལ་དེ་ལ་བསམ་པས་དེར་འདུ་ཤེས་པ་ནི་ཡན་ལག་གི་གཙོ་བོའོ། །གང་བྱས་ན་ལྟུང་མེད་དུ་འགྱུར་ཞེ་ན་སྨྲས་ནའོ། །ཡུལ་བསྙེན་པར་མ་རྫོགས་པ་ལ་གང་སྨྲས་ན་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་གཞན་གྱི་ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་དག་སྨྲས་ནའོ། །མི་ཚངས་པར་ཡང་སྤྱད། མི་ཡང་བསད་དོ་ཞེས་བརྗོད་པ་ལྟ་བུ་ལྟུང་བ་ཐ་དད་པ་སོ་སོ་རེ་རེ་ནས་བརྗོད་པ་ཡང་ལྟུང་བྱེད་བསྐྱེད་པར་རུང་ལ། མི་ལྔ་བསད་དོ་ཞེས་སམ། ལྷག་མ་བཅུ་གསུམ་པོ་ཐམས་ཅད་བྱུང་ངོ་ཞེས་བརྗོད་པ་ལྟ་བུ་བསྡུས་ཏེ་བརྗོད་པ་ཡང་ལྟུང་བྱེད་དུ་བསྐྱེད་པར་རུང་ངོ་། །ལྟུང་བ་ཐ་དད་དུ་མ་ཚིག་གཅིག་ཏུ་བསྡུས་ཏེ་བརྗོད་པ་དེ་ལ་ལྟུང་བ་གཅིག་ཏུ་འགྱུར་རམ། དུ་མར་འགྱུར་ཞེ་ན། དགེ་སློང་གིས་མི་ལྔ་བསད་དོ་ཞེས་བརྗོད་པ་ལྟ་བུ་དོན་དུ་མ་ཉིད་ལ་ཚིག་ཐ་དད་པ་མེད་པས་ལྟུང་བྱེད་དུ་འགྱུར་བ་ཉིད་དོ། །ངག་དོན་སྦྱོར་བ་གཅིག་གིས་ཚིག་གཅིག་ཏུ་སྨྲས་པ་ལ་དོན་དུ་མ་ཡོད་ཀྱང་དངོས་གཞི་གཅིག་གོ། །དགེ་འདུན་གྱིས་བསྐོ་བ་མ་བྱས་པ་སྟེ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་གང་ཟག་གསོལ་གཉིས་ཀྱི་ལས་ཀྱིས་མ་བསྐོས་པ་ཉིད་ལ་ལྟུང་བྱེད་དུ་འགྱུར་བའོ། །དགེ་འདུན་ལ་མ་གསོལ་བ་སྟེ་དགེ་འདུན་ཐམས་ཅད་ཀྱིས་ཁྱིམ་རྣམས་སུ་གོ་བར་བྱ་བའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་མ་བྱས་པ་ལ་ལྟུང་བྱེད་དུ་འགྱུར་རོ། །གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དོ།། །།བརྒྱད་པ་མི་ཆོས་བླ་མ་བདེན་པར་སྨྲ་བ་ལ། དངོས་(༡༧ན)


K8Z003_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་ལྟུང་བ་བསྟན་པ་དང་། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་ཉ་པའི་གྲོང་དུ་སྔོན་ཉ་པར་གྱུར་པའི་དགེ་སློང་ལྔ་བརྒྱས་མིའི་ཆོས་བླ་མ་བདེན་པར་སྨྲས་པ་ལས་འོད་མ་ཅན་གྱི་གྲོང་དུ་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་བརྫུན་དུ་སྨྲས་སོ་ཞེས་རང་ལ་སྐུར་བ་འདེབས་པའི་རྒྱུར་འགྱུར་བ་དང་། གཞན་བརྫུན་སྨྲ་བའི་རྒྱུར་འགྱུར་བ་སྟེ། ཡོན་ཏན་སྨྲ་བ་དེ་ལ་འགྲན་ནས་སྨྲ་བར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་རང་གིས་མི་ཆོས་བླ་མ་ཐོབ་པ་དེ་སྨྲ་ཡུལ་བསྙེན་པར་མ་རྫོགས་པ་ལ་བདེན་པར་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་སྨྲ་བའི་ཡུལ་དང་། གང་སྨྲ་བའི་དངོས་པོའོ། །དང་པོ་ལ་བཞི་སྟེ། བྱུང་བ་དང་བཅས་པ་མི་ཤེས་པ་མ་གཏོགས་པ་གཞན་བསྙེན་པར་མ་རྫོགས་པའམ། བསླབ་པ་བྱིན་པ་ཡིན། འཕགས་པའི་བདེན་པ་མ་མཐོང་བ་ཡིན། ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་པ་དང་བཞི་སྟེ་སྔ་མ་བཞིན་ནོ། །གང་སྨྲ་བའི་དངོས་པོ་ནི། མི་ཆོས་བླ་མའི་ཡོན་ཏན་ཁྱད་པར་ཅན་ཡིན་པ་དང་། ད་ལྟ་བདག་ལ་ལྡན་པ་སྟེ་མིའི་ཆོས་བླ་མ་བརྗོད་པའི་ཞེས་པ་དང་། བདེན་པ་ཉིད་ནའོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་དོན་དུ་མི་ཆོས་བླ་མ་བདེན་པར་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲ་བར་བྱེད་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །གཉིས་པ་ནི། བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་བདེན་པ་ཉིད་ན་འདུ་ཤེས་མ་བསྒྱུར་བར་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པར་སྨྲས་ན་ལྟུང་བྱེད་དུ་འགྱུར་རོ། །འདིར་ཡང་སྔར་སྨྲས་(༡༧བ)


K8Z003_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕམ་པའི་སྐབས་སུ་ཇི་སྐད་བཤད་པ་རྣམས་འདིར་ཡང་སྦྱར་རོ། །འོན་ཀྱང་ཁྱད་པར་ལྔ་ལས། ལྟུང་བ་བསྐྱེད་པའི་རྟེན་གྱི་ཁྱད་པར་ནི། རང་གིས་མིའི་ཆོས་བླ་མ་མ་ཐོབ་པ་དང་ཐོབ་པའོ། །བསམ་པའི་ཁྱད་པར་ནི། འདུ་ཤེས་བསྒྱུར་ཏེ་བརྫུན་དུ་སྨྲ་བ་ལས་འདིས་ནི་འདུ་ཤེས་མ་བསྒྱུར་པར་བདེན་པར་སྨྲ་བའོ། །ལྟུང་བའི་ཁྱད་པར་ནི། སྔར་ཕམ་པའི་སྐབས་སུ་འདིར་ལྟུང་བྱེད་དང་། སྔར་སྦོམ་པོའི་གནས་སུ་འདིར་ཉེས་བྱས་སོ། །སྨྲ་ཡུལ་གྱི་ཁྱད་པར་ནི། བརྫུན་སྨྲའི་ཡུལ་བདེན་པ་མཐོང་མ་མཐོང་འདྲ་ཞིང་བསྙེན་པར་རྫོགས་མ་རྫོགས་འདྲ་ཡང་། བདེན་སྨྲ་འདི་ལ་ནི་བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་ལའོ། །ཞེས་སོ། །བརྗོད་བྱའི་ཁྱད་པར་ནི། ང་སངས་རྒྱས་ཡིན་ནོ་ཞེས་བརྫུན་སྨྲས་ན་ཕམ་པར་འགྱུར་ཡང་། ང་སངས་རྒྱས་ཡིན་ནོ་ཞེས་བདེན་པར་སྨྲ་བའི་ལྟུང་བྱེད་ནི་མི་སྲིད་དེ། སངས་རྒྱས་ལ་ལྟུང་བའི་སྐྱོན་འབྱུང་བ་མི་སྲིད་པའི་ཕྱིར་རོ། །དེས་ན་ཞུ་བ་ལས། སངས་རྒྱས་དང་སྟོན་པའོ་ཞེས་བྱ་བ་མ་གཏོགས་ཞེས་གསུངས་སོ། །དགྲ་བཅོམ་ཡིན་པ་བདེན་པར་སྨྲ་བའི་ལྟུང་བྱེད་འདི་ནི་དགྲ་བཅོམ་པ་ཉིད་ལ་འབྱུང་གི། སོ་སོ་སྐྱེ་བོ་ལ་ནི་ལྟུང་བྱེད་འདི་འབྱུང་མི་སྲིད་དོ། །སུ་ལ་སྨྲས་ན་ལྟུང་བྱེད་དུ་འགྱུར་ཞེ་ན། བདེན་པ་མ་མཐོང་བ་སྟེ་མཐོང་ལམ་མ་ཐོབ་པ་བསྙེན་པར་མ་རྫོགས་པ་ལའོ། །གཉིས་པ་ནི། དགེ་སློང་གིས་ཁྱིམ་པའི་མདུན་དུ་རྫུ་འཕྲུལ་རྣམ་པར་བསྟན་པར་མི་བྱའོ། །གདུལ་བྱའི་དོན་དུ་ནི་ལྟུང་བ་མེད་དེ། ལྟེང་རྒྱས་འོད་སྲུངས་ལ་རྫུ་འཕྲུལ་བསྟན་པའི་བྱུང་བ་ཁོང་དུ་ཆུད་པར་བྱའོ། །དགེ་སློང་མས་ཞེས་པ་ནི་མཚོན་པ་ཙམ་སྟེ་དགེ་སློང་དང་དགེ་ཚུལ་མས་ཀྱང་སྟོན་པ་སངས་རྒྱས་ཀྱི་སྤྱན་སྔར་རྫུ་འཕྲུལ་བསྟན་པར་མི་བྱའོ། །མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་དོ།། །།དགུ་པ་བཤེས་ངོར་བྱས་སོ་ཞེས་སྐུར་བ་འདེབས་པ་ལ། (༡༨ན)


K8Z003_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པར་བྱ་བ་བརྗོད་པ་དང་། །དངོས་གཞིའི་ལྟུང་བ་བསྟན་པའོ། །དང་པོ་ནི། གལ་ཏེ་རས་ཡུག་ཆེན་གྱི་གནང་བ་སྦྱིན་པ་དང་། མལ་ཆ་སྟོབ་པར་བསྐོ་བ་ལ་སོགས་པ་འདུལ་བར་གཏོགས་པའི་བྱ་བ་ཐམས་ཅད་ལ་བསྟན་པ་སྟེ་མི་འགྱུར་བ་ཉིད་དུ་དགོས་ཤིང་། འདོད་ན་གསོལ་བའི་ཆོ་ག་སྔར་བཏང་ནས་རས་ཡུག་ཆེན་སྦྱིན་པ་ལ་སོགས་པའི་དོན་གྱི་ལས་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱིས་ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་སོ་ཞེས་སྐུར་པ་བཏབ་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་རྙེད་པ་ཟས་ལས་གཞན་པ་དེ་གང་ཟག་ལ་ལོག་པར་བསྔོས་སོ་ཞེས་སྐུར་བ་བཏབ་སྟེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་ལྔ་སྟེ། དངོས་པོ་གང་ལོག་པར་བསྔོས་སོ་ཞེས་བརྗོད་པ་དང་། ཡུལ་གང་ལ་ལོག་པར་བསྔོས་ཞེས་བརྗོད་པ་དང་། གང་ལ་སྐུར་བ་བཏབ་པའི་ཡུལ་དང་། གང་གིས་སྐུར་བ་འདེབས་པའི་རྟེན་དང་། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ནི་ལྔ་ལས། དགེ་སློང་གི་དགེ་འདུན་དབང་བའི་རྙེད་པ་ཙམ་ཡིན་གྱི། ལྟུང་བྱེད་འདི་ལ་ལོག་པར་བསྔོས་པ་ནི་ཡན་ལག་མ་ཡིན་ཏེ། ལོག་པར་བསྔོས་པ་མེད་པའི་ཕྱིར་ཏེ་ལོག་པར་བསྔོས་པ་ཡང་དག་པ་མ་ཡིན་པ་ཞེས་གསུངས་པ་དང་། འདི་ནི་ལོག་པར་མ་བསྔོས་ཀྱང་ལོག་པར་བསྔོས་སོ་ཞེས་སྐུར་བ་འདེབས་པ་ཡིན་པའི་ཕྱིར་རོ། །ཟས་ལས་གཞན་ཡིན་པ་སྟེ་དགེ་སློང་གི་དགེ་འདུན་གྱི་ཟས་ཀྱི་རྙེད་པ་མ་ཡིན་པའོ་ཞེས་སོ། །སེལ་བ་ནི། ཊཱི་ཀ་ལས། གང་ཟག་གི་རྙེད་པ་གཞན་ལ་བསྔོས་ཞེས་བརྗོད་ན་ཡང་(༡༨བ)


K8Z003_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་ཁོ་ནའོ། །ཞེས་བཤད་ཅིང་། ཊཱི་ཀ་ལས། ཟས་ཀྱི་རྙེད་པ་ལ་ནི་ཉེས་བྱས་ཏེ། ཞེས་སོ། །བློ་མཐུན་བྱས་པ་དང་འབྲེལ་བ་སྟེ། སོ་སོར་ཐར་པ་ལས་སྔར་ལེགས་པར་རུང་བ་བྱས་ནས་ཞེས་གསུངས་པས་ཤེས་སོ། །རུང་བའི་དོན་ནི། ལུང་རྣམ་འབྱེད་ལས། སྔར་ལེགས་པར་རུང་བར་བྱས་ནས་ཞེས་བྱ་བ་ནི་སྔར་དད་པས་ཕུལ་ན་ཞེས་སོ། །གཞན་དུ་ན་ལྟུང་བ་ན་སྨད་དེ་དགག་བྱ་མི་རྫོགས་པའི་ཕྱིར། ཕལ་ཆེར་རུང་བ་དང་། ཚེ་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས་སོ། །གཉིས་པ་ཡུལ་གང་ལ་ལོག་པར་བསྔོས་སོ་ཞེས་བརྗོད་པ་ནི་ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་དགེ་འདུན་མ་ཡིན་པ་སྟེ། དང་པོ་གཉིས་ནི། མི་ཆོས་བླ་མའི་སྐབས་སུ་སྔར་བཤད་པ་དང་འདྲ་ཞིང་། ཐ་མ་ནི་གང་ཟག་ལ་ཞེས་འདི་ཉིད་ལས་བཤད་ཅིང་། གང་ཟག་ལ་ཞེས་སྨོས་པ་ལས་ན་དགེ་འདུན་གཞན་ལ་ནི་ཉེས་བྱས་སོ་ཞེས་ཊཱི་ཀ་ལས་བཤད་དོ། །གསུམ་པ་གང་ལ་སྐུར་བ་གདབ་པའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ལོག་པར་བསྔོ་བ་པོ་མ་ཡིན་པ་སྟེ། ལོག་པར་བསྔོས་པ་ཡང་དག་པ་མ་ཡིན་པ་ཞེས་སོ། །སེལ་བ་ནི། ལུང་རྣམ་འབྱེད་ལས། བཤེས་ངོར་བྱས་ཏེ་གང་ཟག་ལ་བསྔོས་པ་བདེན་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །བཞི་པ་གང་གིས་སྐུར་བ་འདེབས་པའི་རྟེན་ནི། བློ་མཐུན་བྱེད་པ་ལ་གཏོགས་པ་སྟེ་དད་པ་ཕུལ་བ་ལའོ། །ཞེས་སོ། །གཞན་དུ་ན་ལྟུང་བ་ན་སྨད་པ་སྟེ་དེ་སྙེད་ཀྱི་འཚང་པོ་ཆེ་མེད་པའི་ཕྱིར་ཞེས་གསུངས་སོ། །ལྔ་པ་གང་ལ་གོ་བར་བྱ་བའི་ཡུལ་ནི། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། བདག་ལས་ཐ་དད་པ་གསུམ་སྟེ་སྔར་མིའི་ཆོས་བླ་མའི་སྐབས་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བཤེས་ངོར་བྱས་སོ་ཞེས་(༡༩ན)


K8Z003_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་བ་འདེབས་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྐུར་བ་འདེབས་པར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །གཉིས་པ་ནི། རྟེན་གང་ལ་འདི་ལྟུང་བྱེད་དུ་འགྱུར་ཞེ་ན། རས་ཡུག་ཆེན་གྱི་གནངས་སྦྱིན་པའི་ལས་དེ་ལ་དད་པ་འདུན་པ་ཕུལ་བ་ལའོ་ཞེས་ཏེ་ལས་དེ་ལ་གཏོགས་པ་ལའོ་ཞེས་སོ། །དགེ་འདུན་གྱི་གོས་དགེ་སློང་གིས་གང་ཟག་ལ་མཛའ་ངོ་བཤེས་ངོར་བྱིན་ནོ་ཞེས་སྐུར་བ་འདེབས་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་སྟོན་པ་ནི། བདག་པོ་དགེ་སློང་གི་དགེ་འདུན་དབང་བ་ཉིད་ཀྱི་དངོས་པོ་ཟས་ཀྱི་རྙེད་པ་མ་ཡིན་ཅིང་གོས་ཀྱི་རྙེད་པའོ། །གང་ལ་སྐུར་བ་གདབ་པར་བྱ་བའི་དགེ་སློང་གང་ཟག་མིའི་འགྲོ་བ་རབ་ཏུ་འབྱུང་བའམ། ཁྱིམ་པ་ལ་ལོག་སྟེ་མི་རིགས་པར་བསྔོས་ཏེ་ལོག་པར་བྱིན་པ་ཡིན་ནོ་ཞེས་བརྗོད་ན་ལྟུང་བྱེད་དོ། །དོན་ལ་ལོག་པར་བསྔོས་པ་མ་ཡིན་པའི་ཕྱིར་ན་ཡང་དག་པ་མ་ཡིན་ཏེ་བརྫུན་པའི་དོན་ཉིད་གང་ལ་སྐུར་བ་གདབ་པར་བྱ་བའི་དགེ་སློང་དེ་ཉིད་ལ་བརྗོད་ན་ལྟུང་བྱེད་བསྐྱེད་པར་མ་ཟད་ཀྱི། ཉན་པ་པོ་གཞན་ལ་ཡང་སྐུར་བ་གདབ་བྱའི་དགེ་སློང་གི་མིང་མ་སྨོས་པར་བརྗོད་ན་ཡང་སྐུར་པ་འདེབས་པའི་ལྟུང་བྱེད་འབྱུང་ངོ་། །འོ་ན་མིང་མ་སྨོས་པར་བརྗོད་ན་ཡང་ཞེས་མིང་མ་སྨོས་པར་བརྗོད་ན་གཞི་མེད་སྐུར་འདེབས་ཀྱི་ལྟུང་བ་མི་རྫོགས་ལ། སྐབས་འདིར་ནི་མིང་མ་སྨོས་ཀྱང་ལྟུང་བ་རྫོགས་པ་ཅི་ཞེ་ན། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་སོ་ཞེས་དགེ་འདུན་ལ་སྐུར་པ་འདེབས་པས་ན་དགེ་སློང་བྱེ་བྲག་གི་མིང་མ་སྨོས་ཀྱང་ལྟུང་བྱེད་འདིར་འགྱུར་བའོ། །བཤེས་ངོར་བྱས་སོ་ཞེས་དགེ་སློང་གཅིག་ལ་སྐུར་བ་འདེབས་ན་ནི་འགའ་ཞིག་གིས་བཤེས་ངོར་བྱས་སོ་ཞེས་མིང་མ་སྨོས་པར་བརྗོད་ན་ཡང་འདིར་ལྟུང་བ་མི་རྫོགས་ཏེ། དགག་བྱ་མི་རྫོགས་པའི་ཕྱིར་དང་། མིང་མ་སྨོས་པར་(༡༩བ)


K8Z003_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ངོ་ཞེས་གཞི་མེད་སྐུར་འདེབས་ཀྱི་ལྟུང་བ་མི་རྫོགས་པར་སྔར་གསུངས་པ་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །སྐུར་བ་འདེབས་པའི་ལྟུང་བྱེད་དོ།། །།བཅུ་པ་ཁྱད་དུ་གསོད་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བའི་ན་སྨད་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་འདུལ་བ་ཁྱད་དུ་གསོད་པའི་ཚིག་སྨྲས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆོས་ཁྱད་དུ་བསད་པས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་འདུལ་བའི་ཚིག་ལ་ཁྱད་དུ་གསོད་པའི་ཚིག་དགེ་སློང་གཞན་ལ་སྨྲ་ཞིང་དོན་གོ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ཁྱད་དུ་གསོད་པའི་དངོས་པོ་དང་། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ནི། འདུལ་བའི་ཚིག་ཡིན་པ་སྟེ། ཊཱི་ཀ་ལས། རྣམ་པར་འབྱེད་པ་ལ་སོགས་པར་གཏོགས་པའི་ཚིག་དེ་ལ་བརྙས་ཐབས་སུ་གྱུར་པར་བརྗོད་ན་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་སོ། །འདུལ་བའི་དོན་གྱི་དངོས་པོ་ཁྱད་དུ་གསོད་ན་ནི་བསླབ་པའི་གཞི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དོ་ཞེས་འོག་ཏུ་སྟོན་པར་འགྱུར་རོ། །གཉིས་པ་གོ་བྱའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་ཏེ་དྲུག་པོ་ཐམས་ཅད་སྐབས་འདིའི་ལུང་ཞུ་བ་ནས་འབྱུང་བའི་ཕྱིར། དེ་ཡང་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་ཡན་ལག་ཏུ་དགོས་ཏེ། དེ་ཉིད་ལས། དགེ་སློང་གིས་དགེ་ཚུལ་གྱི་དྲུང་དུ་བསླབ་པ་ལ་དཔྱས་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་གིས་བསླབ་པ་ལ་རྩོལ་བ་རྣམས་ཀྱི་དྲུང་དུ་བསླབ་པ་ལ་དཔྱས་ན་ཅིར་འགྱུར། ཉེས་བྱས་སོགས་སོ། །ལྟ་བ་དང་མཚན་མཐུན་པ་སྟེ་དགེ་སློང་གིས་ཐ་དད་དུ་གནས་པའི་དྲུང་དུ་བསླབ་པ་ལ་དཔྱས་ན་ཅིར་(༢༠ན)


K8Z003_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། ཉེས་བྱས་སོ། །དགེ་སློང་གིས་དགེ་སློང་མའི་དྲུང་དུ་བསླབ་པ་ལ་དཔྱས་ན་ཅིར་འགྱུར། ཉེས་བྱས་སོ། །ཐ་སྙད་གསུམ་དང་ལྡན་པ་ཡན་ལག་ཏུ་དགོས་ཏེ། དེ་ཡང་སྨྲ་ཤེས། དོན་གོ། ཤེས་པ་རང་བཞིན་དུ་གནས་པ་སྟེ། དགེ་སློང་གིས་ལྐུགས་པ་དང་གླེན་པ་རྣམས་ཀྱི་དྲུང་དུ་བསླབ་པ་ལ་དཔྱས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་པ་དང་། དགེ་སློང་གིས་སྨྱོ་བའི་དྲུང་དུ་བསླབ་པ་ལ་དཔྱས་ན་ཅིར་འགྱུར། ཉེས་བྱས་སོ། །ལུས་ཐ་མལ་པར་གནས་པ་སྟེ་དགེ་སློང་གིས་སྤྲུལ་པའི་དྲུང་དུ་བསླབ་པ་ལ་དཔྱས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་སོ། །བདག་ལས་ཐ་དད་པ་ཡན་ལག་ཏུ་དགོས་ཏེ། དེ་ཉིད་ལས། དགེ་སློང་གིས་དབེན་པ་ལ་མི་དབེན་པར་ཤེས་ཏེ་བསླབ་པ་ལ་དཔྱས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་སོགས་རྒྱས་པར་བཤད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་འདུལ་བའི་ཚིག་ལ་ཁྱད་དུ་གསོད་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འདུལ་བའི་ཚིག་ཁྱད་དུ་གསོད་པའི་ཚིག་སྨྲ་བར་བྱེད་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །གཉིས་པ་ནི། འདུལ་བ་ནི་བརྗོད་བྱ་དོན་གྱི་འདུལ་བའོ། །དེ་དང་ལྡན་པ་ནི་ཚིག་སྟེ་ཚིག་དེ་དོན་དང་ལྡན་པའི་ཕྱིར་རོ། །འདུལ་བའི་ཚིག་དེ་ནི་ལྟུང་བ་འདིའི་བྱེད་པ་པོ་ཉིད་དོ་སྟེ། ཊཱི་ཀ་ལས། ཚིག་དེ་ལས་བརྙས་ཐབས་སུ་གྱུར་པ་བརྗོད་ན། ཞེས་སོ། །སྐབས་འདིར་ཊཱི་ཀ་ལས། བརྙས་ཐབས་ཀྱི་བྱེ་བྲག་ལས་ལྟུང་བའི་བྱེ་བྲག་ཏུ་ཤེས་པར་བྱའི། གདོན་པའི་བྱེ་བྲག་ལས་མ་ཡིན་ཏེ། ཞེས་པ་ནི་ཁྱད་དུ་གསོད་པའི་སྦྱོར་བ་ཐ་དད་ཀྱིས་ཞུགས་ན་ལྟུང་བའི་བྱེ་བྲག་ཐ་དད་དུ་འགྱུར་ལ། གདོན་པ་སྟེ་ལྔ་ལ་ཡང་ཁྱད་དུ་གསོད་པའི་སྦྱོར་བ་གཅིག་གིས་ཞུགས་ན་ནི་ལྟུང་བྱེད་གཅིག་ཏུ་འགྱུར་གྱི། (༢༠བ)


K8Z003_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་པ་སྟེ་ལྔ་ལས་ལྟུང་བ་ལྔར་འགྱུར་བ་ནི་མ་ཡིན་པའོ། །གལ་ཏེ་སོ་སོར་ཐར་པའི་མདོ་ལས། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ན་བསླབ་པ་ཁྱད་དུ་བསད་ནས་སོ་སོར་ཐར་པའི་མདོ་ངེས་བཟུང་དུ་དགོས་པ་མ་ཡིན་ནམ། འདུལ་བ་དང་ལྡན་པ་ཉིད་དོ། །ཞེས་འདུལ་བ་སྤྱི་ཙམ་དུ་སྨོས་པ་མི་རིགས་སོ་ཞེ་ན། ཊཱི་ཀ་ལས། དེ་ནི་འདུལ་བ་ལྷག་མ་རྣམས་ཀྱི་དཔེ་ཙམ་དུ་ཟད་དེ་ཞེས་བཤད་ཅིང་། ལུང་རྣམ་འབྱེད་ལས། གཞི་དང་ཕྲན་ཚེགས་དང་གླེང་གཞི་དག་དང་སིལ་བུ་ལ་སོགས་པ་འདོན་པ་ན་འདི་དག་སྟོན་པས་ཅི་བྱ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་ལ། ཊཱི་ཀ་ལས། ལུང་རྣམ་འབྱེད་ཁུངས་སུ་དྲངས་ཏེ་དགེ་འདུན་གྱི་འདུལ་བ་དང་ལྡན་པ་དང་། གང་ཇི་ཙམ་བརྗོད་པ་ལ་བརྙས་ཐབས་བྱེད་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་ལས། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ནི་གླེང་གཞིའི་དབང་གིས་མཚོན་པ་སྟེ། ཚེས་བཅོ་ལྔ་ནི་འདིར་ངེས་བཟུང་གི་ཡན་ལག་མ་ཡིན་ནོ། །འོ་ན་འགྲེལ་ཆུང་ལས། བཅོ་ལྔའི་གསོ་སྦྱོང་གི་ཚེ་ཡིན་པ་དང་། འདུལ་བ་སྡེ་བཞིའི་ནང་ནས་བྱུང་བའི་ཚིག་ཡིན་པ་དང་། འདི་ལྟ་བུའི་ཚིག་ཆུང་ངུ་ཅི་དགོས་ཤེས་ཚིག་ཏུ་སྨྲས་པ་དང་། ཡན་ལག་འདི་གསུམ་དང་ལྡན་ན་ལྟུང་བར་འགྱུར་ཞེས་བཤད་པ་དང་འགལ་ཅེ་ན། དེ་ལྟར་ཚེས་བཅོ་ལྔ་ཡན་ལག་ཏུ་དགོས་པར་བཤད་པ་དེའི་རྗེས་སུ་མི་འབྲང་ངོ་། །ཁྱད་དུ་གསོད་པ་འོག་མའི་ཊཱི་ཀ་ལས། གསོ་སྦྱོང་གི་ལས་ཀྱི་ཚེ་སོ་སོར་ཐར་པའི་མདོ་འདོན་པ་ན་བསླབ་པའི་གཞི་དངོས་པོ་ལ་ཁྱད་དུ་གསོད་ན་ལྟུང་བྱེད་དུ་འགྱུར་གྱི། དུས་གཞན་གྱི་ཚེ་བརྗོད་ན་ནི་ཉེས་བྱས་སུ་འགྱུར་བའོ། །ཞེས་ཁྱད་དུ་གསོད་པ་འོག་མའི་སྐབས་སུ་གསུངས་པ་དེ་ཁྱད་དུ་གསོད་པ་གོང་མའི་སྐབས་འདིར་ཡང་སྦྱར་ཞེས་སྔ་རབས་པ་རྣམས་གསུང་ཡང་། མཚོ་སྣ་པ་ཆེན་པོས་ཁྱད་དུ་(༢༡ན)


K8Z003_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་པ་ཙམ་དུ་འདྲ་ཡང་། ཁྱད་དུ་གསོད་པའི་ཚུལ་ཐ་དད་པའི་ཕྱིར་དང་། སྐབས་འདིའི་ལུང་རྣམ་འབྱེད་ལས། བརྙས་ཐབས་བྱེད་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང་། སྐབས་འདིར་མདོ་རྩ་བ་ཉིད་ལས། གནས་དང་ཆོས་གྲངས་ངེས་པ་ཅན་མ་གསུངས་པར་འདུལ་བ་དང་ལྡན་པ་ཉིད་དོ་ཞེས་གསུངས་པའི་ཕྱིར་ན། ཚེས་བཅུ་གསུམ་དང་བཅུ་བཞི་ལྟ་བུ་ལ་འདུལ་བ་ཁྱད་དུ་གསོད་ན་ལྟུང་བྱེད་མི་བསྐྱེད་པར་འཆད་པ་དེ་མི་རིགས་པར་སེམས་སོ། །གཉིས་པ་ནི། དུས་མ་ཡིན་པའི་ཟས་བཀག་པ་དང་། འབྲུ་རློན་པ་ལེན་པ་བཀག་པ་ལ་སོགས་པ་རྣམས་ནི་མདོ་སྡེ་ལས་གསུངས་ཀྱང་། འདུལ་བར་གཏོགས་པ་ཉིད་ཡིན་པས་དེ་དག་ཁྱད་དུ་གསོད་ན་ལྟུང་བྱེད་དུ་འགྱུར་ཏེ། ལུང་རྣམ་འབྱེད་ལས། འདུལ་བ་དང་ལྡན་པའི་མདོ་སྡེ་དག་འདོན་པ་ན་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ལ། དེ་དག་ལས་གཞན་པའི་མདོ་སྡེ་ལས་འདི་ཁྱད་དུ་གསོད་ན་ཉེས་བྱས་སོ་ཞེས་པའི། ཊཱི་ཀ་ལས། འདུལ་བ་དང་ལྡན་པ་དུས་མ་ཡིན་པའི་ཟས་དང་འབྲུ་རློན་པ་ལེན་པ་ལ་སོགས་པ་ལས་གཞན་པ་མདོ་སྡེར་གཏོགས་པའི་བརྗོད་པ་གཞན་ལ་ཁྱད་དུ་གསོད་ན་ཉེས་བྱས་སོ། །ཞེས་སོ། །མངོན་པ་ཁྱད་དུ་གསོད་ན་ཅིར་འགྱུར་ན། ཊཱི་ཀ་ལས། ཆོས་མངོན་པ་ནི་འདུལ་བ་དང་མདོ་སྡེ་དག་ལས་ཐ་དད་པ་མ་ཡིན་ཏེ། ཞེས་བཤད་པས། ལྟུང་བྱེད་དང་ཉེས་བྱས་ཅི་རིགས་པ་བསྐྱེད་དེ། འདུལ་བ་གཏན་ལ་འབེབས་བྱེད་ཀྱི་མངོན་པ་ཁྱད་དུ་གསོད་ན་ལྟུང་བྱེད་བསྐྱེད་ཅིང་། མདོ་སྡེ་གཏན་ལ་འབེབས་བྱེད་ཀྱིས་མངོན་པ་ཁྱད་དུ་གསོད་ན་ཉེས་བྱས་བསྐྱེད་པ་སྟེ། དེ་ཡང་ཊཱི་ཀ་ལས། དགེ་སློང་གིས་སྡོམ་པ་ལ་སོགས་འདུལ་བ་ལས་གསུངས་པ་ཡང་དེར་རྣམ་པར་དཔྱོད་པར་བྱེད་ལ། མདོ་སྡེའི་དོན་དང་། མདོ་སྡེའི་གདར་ལྟ་བུ་དང་མདོ་སྡེ་རྣམ་པར་(༢༡བ)


K8Z003_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་ཡང་ཆོས་མངོན་པ་ཡིན་པའི་ཕྱིར་རོ། །ཞེས་བཤད་དོ། །འདིར་སྨྲས་པ། ཐུབ་ཆེན་ཀརྨ་པ་ཡི་ཕྲིན་ལས་པའི། །ཞལ་གྱི་ཟླ་འོད་དུས་ཀྱིས་མ་མྱོང་ཞིང་། །ཡིད་ལ་དད་པའི་འདབ་མ་རྫོགས་པ་དེ། །མགོན་བྲལ་ཉིན་མོའི་ཀུ་མུད་བཞིན་དུ་གྱུར། །རྗེ་བཙུན་འཛུམ་པའི་མཆུ་ཡི་ཡལ་འདབ་ལས། །མུ་ཏིག་འབྲས་བུ་སྤྲས་ཤིང་ལི་ཁྲིའི་འོད། །དེ་ལྟར་མཛེས་ལྡན་ཞལ་ལུང་རིང་ནས་བསྐལ། །འདི་འདྲའི་དུས་སུ་འཕགས་པས་གཟིགས་ལ་བསམ། །མཚན་མོར་དགེ་བའི་གཉིས་འཐུང་གཉིད་ཀྱི་ནི། །ལྕགས་ཀྱུ་དམ་པོའི་གཞན་དབང་ཉིད་དུ་གྱུར། །ཉིན་མོར་མྱ་ངན་བྲེལ་བའི་དུད་པ་ཡིས། །དགེ་ལེགས་དབང་པོའི་ཚོགས་རྣམས་རྙིང་པར་བྱས། །སྲིན་བུས་ཟོས་པའི་ཤིང་དང་གཡེམ་མས་བཅོམ་པའི་བླ་མ་ནི། །དབྱུག་གུས་བསྣུན་དང་བླུན་པོས་བསྟོད་ཚེ་སྐད་གསངས་ཆེས་ཆེར་མཐོ། །བརྒལ་ཅིང་བརྩད་ན་ཁྲོ་བའི་མེ་ཆེན་དག་གི་བུད་ཤིང་སྟེ། །འདི་འདྲའི་བླུན་ཆེན་དག་གིས་ས་གཞི་འདི་ནི་རབ་ཏུ་གཏམས། །དཔལ་ལྡན་དྭགས་པོའི་བསྟན་པ་ཡི། །སྤྲིན་ཚོགས་གསར་པ་ལ་དགའ་བ། །ཆོས་གྲུབ་གྲགས་པའི་རྨ་བྱ་ཡི། །མཇུག་མའི་མཛེས་སྡུག་རྣམ་པར་འཛིན། །རྣམ་དཔྱོད་འགྲན་ཟླ་མེད་པའི་ལུས་ཕྲ་ཞིང་། །གཟུར་གནས་ནུ་མས་སྤྲས་པའི་བྲང་ཡངས་པོར། །ལུང་རིགས་བཟང་ཕྲེང་དཀར་པོས་མཚར་བ་དེ། །རྣལ་འབྱོར་དབང་ཕྱུག་མི་ལའི་བསྟན་འཛིན་ཡིན། །ཁྱད་དུ་གསོད་པའི་ལྟུང་བྱེད་དོ། །བཅུ་ཚན་གཉིས་པའི་དང་པོ་ས་བོན་སྐྱེ་འཇིག་ལ། །བསླབ་པར་བྱ་བ་བརྗོད་པ་དང་། །ལྟུང་བ་རྣམ་པར་བཞག་པ་བསྟན། །དེ་ཡི་ལྟུང་བ་མེད་པ་བརྗོད། །དང་པོ་ལ། གནང་བའི་བསླབ་བྱ་བརྗོད་པ་དང་། །བསྒྲུབ་པའི་བསླབ་བྱ་གཞན་ཡང་བསྟན། །དགག་པའི་བསླབ་བྱ་བརྗོད་པའོ། །དང་པོ་ནི། མཆོད་རྟེན་ནམ་གཙུག་ལག་ཁང་རྩིག་པར་བྱེད་པ་པོ་ལག་གི་(༢༢ན)


K8Z003_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བླས་ཏེ་དགེ་སློང་མཁར་ལས་ཀྱི་ལས་གསར་པ་བྱེད་པས་མཆོད་རྟེན་དང་ཞེས་པས་ནི། སངས་རྒྱས་དང་ཆོས་གཉིས་བསྟན་ཏེ་མཆོད་རྟེན་ནི་སངས་རྒྱས་ཆོས་སྐུའི་གཟུགས་བརྙན་ཡིན་པའི་ཕྱིར་དང་། ཊཱི་ཀ་ལས། མཆོད་རྟེན་སྨོས་པས་ཆོས་དཀོན་མཆོག་སྨོས་པ་ཡིན་ཏེ། མཆོད་རྟེན་ནི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར། ཞེས་སོ། །དགེ་འདུན་གྱི་དོན་དུ་གཞན་ལ་ཟུར་གྱིས་བསྐོས་ཏེ་ཤིང་ལྗོན་པ་བཅད་པར་བྱའོ། །གཉིས་པ་ནི། དེ་གཅོད་པའི་སྔོན་འགྲོའི་བྱ་བ་ནི་ཤིང་ལྗོན་པ་བཅད་པ་དེའི་མདུན་རོལ་དུ་ཉི་མ་བདུན་ནམ་བརྒྱད་ནས་ཤིང་ལྗོན་པ་དེའི་དྲུང་དུ་ཤིང་ལྗོན་པ་དེའི་ལྷའི་ཕྱིར་དཀྱིལ་འཁོར་ཏེ་སྐྱང་ནུལ་དང་། དྲི་བསུང་དང་། མེ་ཏོག་དང་། བདུག་པ་དང་། མར་མེ་དང་། གཏོར་མ་སྦྱིན་པ་དང་། རྒྱུད་ཆགས་གསུམ་པ་འདོན་པ་དང་། སྦྱིན་པའི་ཕན་ཡོན་བཤད་པ་དེ་རྣམས་བྱས་ནས་ལྷ་གང་དག་ཤིང་ལྗོན་པ་འདི་ལ་གནས་པ་དེ་དག་གནས་གཞན་ཚོལ་ཅིག །ཤིང་ལྗོན་པ་འདིས་མཆོད་རྟེན་ནམ་དགེ་འདུན་གྱི་བྱ་བ་བྱེད་པར་འགྱུར་ཞེས་བརྗོད་ནས་དགེ་སློང་ལག་གི་སྨྲ་བ་པོས་རང་གིས་ལག་བདར་ཏེ་མི་བཅད་པར་ཁྱིམ་པ་ཤིང་མཁན་ལ་སོགས་པ་དག་ལ་ད་ནི་ཤེས་པར་གྱིས་ཤིག་ཅེས་བསྒོས་ཏེ་གཅོད་དུ་གཞུག་གོ། །གལ་ཏེ་རྨི་ལམ་དུའམ་མངོན་སུམ་དུ་ཤིང་དེ་ལས་མེ་འབྱུང་བ་དང་། ཁྲག་འཛག་པ་དང་། ཡལ་ག་འགུལ་བ་དང་། ལོ་མ་ལྷགས་པ་ལོ་མ་བྲུལ་བ་དང་། ལ་སོགས་པ་སྟེ་སྒྲ་འབྱུང་བ་དང་། མི་དགའ་བའི་རྣམ་པར་འགྱུར་བ་སྟོན་ན་ལག་གི་བླས་དེ་བསོད་ནམས་ཀྱི་ཞིང་དཀོན་མཆོག་གསུམ་ལ་སྦྱིན་པ་དང་། སེར་སྣ་དག་གི་བསྔགས་པ་དང་བསྔགས་པ་མ་ཡིན་པ་བརྗོད་པར་བྱའོ། །གསུམ་པ་ནི། དེ་ལྟར་བྱས་ཀྱང་མི་འབྱུང་བའམ་ཁྲག་འཛག་པའི་རྣམ་འགྱུར་དེ་མི་གཏོང་ན་ལྗོན་པ་དེ་བཅད་པར་མི་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། (༢༢བ)


K8Z003_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་རྩྭ་སྔོན་པོ་བརྔ་ཞིང་བརྔར་འཇུག་པ་ལས་ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྲོག་ཆགས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ས་བོན་ནམ་ཕྱི་རོལ་གྱི་སྐྱེ་བ་གང་ཡང་རུང་བའི་ཆོས་དང་མ་འབྲེལ་བ་ཉམས་འདུན་གྱིས་རང་ངམ་བསྐོས་པས་ཉམས་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ནི་ས་བོན་ལྔ་ལས། གང་ཡང་རུང་བའམ་ནང་གི་སྐྱེ་བ་སྐྲ་སྤུ་སེན་མོ་ལས་གཞན་ཕྱི་རོལ་གྱི་སྐྱེ་བ་མཚན་ཉིད་དང་ལྡན་པ་ཡིན་པ་སྟེ། མ་ཉམས་པ་ཡིན་པ་དང་། རུང་བའི་ཆོས་དང་། མ་འབྲེལ་བ་དང་གསུམ་ཏེ། ས་བོན་དང་། ཁྱེའུ་ཁ་ཐོན་པ་ཞེས་པ་དང་། མ་ཉམས་པ་ཉིད་ལའོ་ཞེས་དང་། རུང་བར་མ་བྱས་པ་དག་གིའོ་ཞེས་བཤད་དོ། །ཁྱད་པར་དུའང་སྐྱེ་བ་གཅོད་པ་ནི་སྐྱེ་བ་ཡོངས་སུ་རྫོགས་པ་དང་བཞི་སྟེ། ས་འབུས་པ་དང་། ཤ་མོ་དང་ཞེས་སྐྱེ་བ་མ་རྫོགས་པ་འཇིག་པ་ལ་ན་སྨད་དུ་གསུངས་པས་ཤེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་ས་བོན་ནམ་སྐྱེ་བ་ཉམས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་ས་བོན་ནམ་སྐྱེ་བ་ཉམས་པར་བྱེད་པར་ཞུགས་པ་སྟེ་རང་ངམ་གཞན་གྱིས་ཀྱང་རུང་ངོ་ཞེས་སོ། །མཐར་ཐུག་ནི་ཉམས་པར་གྱུར་པ་སྟེ་ཉམས་པར་གྱུར་ན་དངོས་གཞི་དག་གོ་ཞེས་སོ། །གཉིས་པ་ལ། དངོས་གཞིའི་ལྟུང་བ་ན་སྨད་བསྟན། །དངོས་གཞིའི་དོགས་གཅོད་སེལ་བ་བརྗོད། །འདུ་ཤེས་དོགས་གཅོད་བརྗོད་པའོ། །དང་པོ་ནི། །ས་བོན་སྐྱེ་འཇིག་གི་ལྟུང་བྱེད་འདི་ནི་འདུ་ཤེས་གཙོའོ། །ཡུལ་གང་ལ་ཤེས་གཙོ་ཞེ་ན། མ་ཉམས་པ་ཉིད་ལ་ཤེས་གཙོའོ་ཞེས་སྦྱར་ཏེ། མ་ཉམས་པ་ལ་མ་ཉམས་(༢༣ན)


K8Z003_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུ་ཤེས་པ་ནི་ཡན་ལག་གི་གཙོ་བོའོ། །ས་བོན་ཞེས་སྨོས་ནས་ས་བོན་དེ་ཇི་ལྟ་བུ་ཞེ་ན། རྣམ་འབྱེད་ལས། ས་བོན་ནི་ལྔ་སྟེ། རྩ་བའི་ས་བོན་དང་། སྡོང་བུའི་ས་བོན་དང་། ཐོག་གུའི་ས་བོན་དང་། འགས་པའི་ས་བོན་དང་། ས་བོན་གྱི་ས་བོན་དང་ལྔའོ་ཞེས་གསུངས་ལ། དེའི་དང་པོ་ནི། གླ་སྒང་དང་། ཤུ་དག་དང་། ཡུངས་པ་དང་། སྒེའུ་གཤེར་རོ། །གཉིས་པ་ནི། ཤིང་ཀན་ཙ་ན་དང་། ཀ་པི་ལའོ། །གསུམ་པ་ནི། གོ་སྙོད་ལྟ་བུ་སྟེ། རྣམ་འབྱེད་འགྲེལ་པ་ལས། ཐོག་གུ་ཞེས་བྱ་བ་ནི་རྩེ་མོའོ་ཞེས་བཤད་དོ། །རྣམ་འབྱེད་ལས། ཐོག་གུའི་ས་བོན་ནི་བུ་རམ་ཤིང་དང་སྨྱིག་མ་ལ་སོགས་པའོ་ཞེས་གསུངས་སོ། །བཞི་པ་ནི། ཨཱརྫ་ཀ་དང་། བརྫ་ཀ་ལ་སོགས་པ་སྟེ་འབྲས་བུའི་སྣོད་བཀས་པ་ལས་ས་བོན་བྱུང་བ་ནི་བཀས་པའི་ས་བོན་ནོ་ཞེས་ཕྲན་ཚེགས་འགྲེལ་བ་ལས་བཤད་དོ། །ལྔ་པ་ནི། སཱ་ལི་དང་། ནས་དང་གྲོ་ལ་སོགས་པའོ། །ས་བོན་གྱི་ས་བོན་ནི་འབྲས་བུའི་ས་བོན་ཏེ། རྣམ་འབྱེད་འགྲེལ་པ་ལས། ས་བོན་ཞེས་བྱ་བ་ནི་འབྲས་བུའོ་ཞེས་བཤད་དོ། །ལུང་རྣམ་འབྱེད་ལས། རྩ་བའི་ས་བོན་གང་ཞེ་ན། རྩ་བ་བཏབ་པ་ལས་རྩ་བ་ཉིད་སྐྱེའོ། །སྡོང་བུའི་ས་བོན་ནི་སྡོང་བུ་བཏབ་པ་ལས་སྡོང་བུ་སྐྱེ་བའོ། །ཐོག་གུའི་ས་བོན་ནི་ཐོག་གུ་བཏབ་པ་ལས་ཐོག་གུ་སྐྱེ་བའོ། །འགས་པའི་ས་བོན་ནི་འགས་པ་བཏབ་པ་ལས་འགས་པ་ཉིད་སྐྱེ་བའོ། །ས་བོན་གྱི་ས་བོན་ནི་ས་བོན་བཏབ་པ་ལས་ས་བོན་ཉིད་སྐྱེ་བའོ་ཞེས་གསུངས་སོ། །ལུང་དེའི་ཕྱིར་ན་ས་བོན་གྱི་མཚན་ཉིད་ནི་རང་རང་གི་རིགས་འདྲ་བསྐྱེད་པའི་ནུས་པ་དང་ལྡན་པའོ། །འོ་ན་ལ་ཕུག་དང་ཡུངས་མ་འཇིག་པར་བྱེད་ན་ས་བོན་གང་འཇོམས་པའི་ལྟུང་བྱེད་བསྐྱེད་དམ་མི་བསྐྱེད་ཅེ་ན། ཤ་ན་རེ། ལ་གཞི་དང་ཡུངས་གཞི་ནི་ནས་དང་འདྲ་ཡང་། ལ་ཕུག་དང་ཡུངས་མ་ནི་ལྗང་བུ་དང་འདྲ་སྟེ་གནས་སྐབས་ཀྱི་ཆོས་(༢༣བ)


K8Z003_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་དེ་འཇིག་པར་བྱེད་ཀྱང་ས་བོན་འཇོམས་པའི་ཉེས་པར་མི་འགྱུར་བའི་ཕྱིར་ལྗང་བུ་འཇོམས་པ་བཞིན་ཞེས་ཟེར་རོ། །འདི་ལ་རྒྱ་འདུལ་འཛིན་ན་རེ། དེ་ནི་སྠ་བཱི་རའི་བྱུང་བ་དང་ཡང་འགལ་ཏེ། དེའི་བྱུང་བ་ནི་སྠ་ཀཱི་རའི་གནས་བརྟན་ཏེ་བལ་ཡུལ་གྱི་གནས་བརྟན་འོན་པའི་དྲུང་དུ་ཞང་ཞུང་རྒྱལ་ཤེས་ཡུངས་མ་གསེས་པས་གནས་བརྟན་ན་རེ། ཚེ་དང་ལྡན་པ་ས་བོན་འཇོམས་པའི་ཉེས་པ་འོང་ངོ་ཞེས་ཟེར་སྐད། དེའི་ཕྱིར་དགེ་སློང་གིས་ཡུངས་མ་མི་གསེས་པ་དེ་རྒྱ་གར་གྱི་ལག་ལེན་ཡིན་ནོ། །དེའི་རྒྱུ་མཚན་གྱིས་ལ་ཕུག་དང་ཡུངས་མ་ཡང་རྩ་བའི་ས་བོན་ཡིན་ཏེ། ལུང་རྣམ་འབྱེད་ལས། རྩ་བའི་ས་བོན་གང་ཞེ་ན། རྩ་བ་བཏབ་པ་ལས་རྩ་བ་ཉིད་སྐྱེ་བའོ་ཞེས་གསུངས་ལ། ལ་ཕུག་དང་ཡུངས་མ་ཡང་རྩ་བ་བཏབ་པ་ལས་རྩ་བ་ཉིད་སྐྱེ་བ་ཡིན་པའི་ཕྱིར་རོ། །དེས་ན་ལ་ཕུག་དང་ཡུངས་མའི་སྐབས་འདིར་རྩ་བའི་གནས་སྐབས་དང་། འབྲས་བུའི་གནས་སྐབས་གཉིས་གོ་རིམ་བཞིན་དུ་རྩ་བའི་ས་བོན་དང་ས་བོན་གྱི་ས་བོན་ཡིན་ནོ། །སྐྱེ་བའི་ཐ་ན་རྩྭ་ལ་སོགས་པ་སྐྱེ་བར་རྩོམ་པ་ཁྱེའུ་ཁ་ཐོན་པ་མཚོན་ནམ་མེ་ལ་སོགས་པས་རུང་བར་མ་བྱས་པ་དག་གི་མ་ཉམས་པ་ཉིད་ལ་ཤེས་གཙོ་བོ་ཞེས་སྔ་མར་སྦྱར་རོ། །རུང་བར་བྱས་ཏེ་སྤྱོད་པ་ལ་ནི་ལྟུང་བ་མེད་དོ། །ཐ་ན་སྟེ་ས་འོག་གི་རྩ་རྒྱུན་ཅེས་པ་ནི་ས་འོག་རྩ་རྒྱུན་ཕྲ་མོ་སྤུ་འདྲ་བ་སྟེ་ཤིང་གི་རྩ་བ་དང་འབྲེལ་བའི་རྒྱུན་ཕྲ་མོ་ཡན་ཆད་ཅེས་པ་ནི་རྩ་བ་ལ་སོགས་པ་སྟེ་ཉམས་པར་བྱས་ན་ལྟུང་བྱེད་དུ་འགྱུར་རོ། །དེ་ཡང་རྩ་རྒྱུན་ཕྲ་མོ་བཅད་ན་ཉེས་བྱས་དང་། རྩ་བ་ལ་སོགས་པ་བཅད་ན་ལྟུང་བྱེད་བསྐྱེད་པ་སྟེ། ལུང་རྣམ་འབྱེད་ལས། ཤིང་ལྗོན་པའི་རྩ་རྒྱུན་འབྱིན་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ཤིང་ལྗོན་པའི་རྩ་བ་འབྱིན་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཀྱང་། ཤིང་ལྗོན་པའི་རྩ་རྒྱུན་འབྱིན་པར་བྱེད་ན་(༢༤ན)


K8Z003_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བྱེད་དུ་འགྱུར་རོ་ཞེས་བཤད་ཅིང་། འགྲེལ་ཆུང་ལས། ཤིང་གི་རྩ་བའི་ཡལ་ག་ཕྲའུ་བཅད་ན་ཡང་ལྟུང་བྱེད་དུ་འགྱུར་རོ་ཞེས་བཤད་དོ། །ས་བོན་སྐྱེ་འཇིག་གི་སྦྱོར་བ་ནི་ཇི་ལྟར་བྱས་ན་ཡང་སྦྱོར་བའི་ཆ་ནས་ལྟུང་བྱེད་བསྐྱེད་པར་རུང་ངོ་། །དོན་དེ་ཉིད་རྒྱས་པར་བཤད་པ་ནི། འབྲས་བུ་ཅན་གྱི་ཤིང་བསྒུལ་ཏེ་ཐོག་སྤྲུགས་པས་ཀྱང་ཤིང་ཐོག་མ་སྨིན་པ་ཆད་ན་ཡང་ལྟུང་བྱེད་དུ་འབྱུང་ངོ་། །ཤིང་ཐོག་ཤིན་ཏུ་སྨིན་པ་ཆད་ན་ནི་ཉེས་བྱས་སོ། །རྩ་བ་དང་འདམ་རྫབ་དང་ས་རྡུལ་ལ་སོགས་པ་དག་གི་ས་བོན་དང་རྩྭ་སྔོན་པོ་ལྟ་བུས་མནན་ནས་ཀྱང་དེ་དག་ཉམས་པར་བྱས་ན་ལྟུང་བྱེད་དུ་འབྱུང་ངོ་། །ས་བོན་ནམ་རྩ་སྔོན་པོའི་སྟེང་དུ་ཁུ་བ་ཚན་མོ་ནི་ཁུ་ཚན་དབོ་བ་དང་། ལ་སོགས་པས་འཆག་པ་དང་། ཡལ་ག་ལ་སོགས་པ་འདྲེན་པ་དང་། དཀྱིལ་འཁོར་དང་སྐྱང་ནུལ་བྱས་པས་ཀྱང་ས་བོན་སྐྱེ་བ་ཉམས་པར་བྱས་ན་ལྟུང་བྱེད་དུ་འབྱུང་ངོ་། །འདི་ཡང་ས་བོན་ནམ་སྐྱེ་བ་འཇིག་པའི་བསམ་པ་ཡོད་ནའོ། །ས་བོན་གྱི་རིགས་ལྔ་པོ་ཉམས་པར་གྱུར་ཅིག་ཅེས་རླུང་དང་ཉི་མ་ལ་སྒེའུ་གཤེར་རམ་སྒོག་པ་ལ་སོགས་པའི་ས་བོན་འཇོག་པས་ཀྱང་ས་བོན་ཉམས་ན་ལྟུང་བྱེད་འབྱུང་ངོ་། །ས་བོན་གྱི་རིགས་ལྔ་པོ་ཉམས་པར་གྱུར་ཅིག་ཅེས་ས་གཞི་སྐམ་པོར་གཤེར་བའི་ས་བོན་བཞག་ན་ཡང་ས་བོན་ཉམས་ན་ལྟུང་བྱེད་དུ་འབྱུང་ངོ་། །བསམ་པ་ཇི་ལྟ་བུས་ཞེ་ན། ས་བོན་དང་། སྐྱེ་བ་ཉམས་པ་དེར་འདོད་ཅིང་འདུན་པས་སོ། །ས་བོན་སྐྱེ་འཇིག་གི་སྦྱོར་བ་ནི་དགེ་སློང་རང་ངམ་གཞན་གྱིས་བྱས་པས་ཀྱང་དགེ་སློང་ལ་ལྟུང་བྱེད་བསྐྱེད་པར་རུང་ངོ་། །གནས་སྐབས་གང་ལ་ལྟུང་བྱེད་དུ་འགྱུར་ཞེ་ན། ས་བོན་ཉམས་པའམ་སྐྱེ་བ་ཆད་ཅིང་ཉམས་པར་གྱུར་པ་ན་རང་རང་གི་ལྟུང་བྱེད་དངོས་གཞི་དག་གོ། །སྦྱོར་བ་ལན་གཅིག་གིས་ནས་འབྲུ་མང་པོ་མེར་བསྲེག་གམ། རལ་གྲི་ལན་གཅིག་བརྡེག་པས་རྩྭ་མང་(༢༤བ)


K8Z003_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཅད་ན་ལྟུང་བྱེད་གཅིག་ཏུ་འགྱུར་རམ་མང་པོར་འགྱུར་ཞེ་ན། ས་བོན་ནམ་སྐྱེ་བ་ཉམས་པར་བྱ་བའི་གྲངས་ཇི་སྙེད་པ་དག་གིས་ལྟུང་བྱེད་ཀྱང་གྲངས་དེ་སྙེད་འབྱུང་ངོ་། །ཡལ་ག་བཅུ་ཡོད་པའི་སྡོང་བུ་གཅིག་བཅད་ན་ལྟུང་བྱེད་བཅུ་བསྐྱེད་དམ། གཅིག་བསྐྱེད་ན་སྡོང་བུ་གཅིག་བཅད་པ་ལས་ལྟུང་བྱེད་གཅིག་ཏུ་འགྱུར་རོ། །ས་བོན་སྐྱེ་འཇིག་གི་སྦྱོར་བ་ལ་ནི་ས་བོན་དང་སྐྱེ་བའི་རྫས་གཅིག་ལ་སྦྱོར་བ་དུ་བརྩམས་པ་དེ་སྙེད་ཀྱི་ཉེས་བྱས་དག་ཏུ་འགྱུར་རོ། །ས་བོན་གཅིག་ལ་ལན་དུ་མར་བསྣུན་ཏེ་འཇོམས་སམ། སྡོང་པོ་གཅིག་ལ་སྟ་རེ་ལན་བརྒྱར་བསྣུན་ཏེ་གཅོད་ན། ཊཱི་ཀ་ལས། བསྣུན་པའི་སྦྱོར་བས་འཇུག་པ་འདི་ལ་བསྣུན་པ་རེ་རེ་ལས་སྦྱོར་བའི་ཉེས་བྱས་དེ་ཐ་དད་པ་ཡིན་གྱི། ས་བོན་ནམ་སྐྱེ་བའི་དངོས་པོ་གཅིག་ཡིན་པ་ལས་སྦྱོར་བ་གཅིག་ཏུ་འགྱུར་བ་ནི་མ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། ཤིང་ལྗོན་པ་ལ་སོགས་པ་རང་གི་གནས་ནས་རྩ་ཐོན་དུ་བཏོན་ན་བཏོན་ཀྱང་སྐྱེར་རུང་བའི་ཆོས་ཡོད་ཅིང་། བཏོན་པ་དེ་གནས་གཞན་དུ་བསྐྱེད་པར་བྱ་བ་ཉིད་ཡིན་དུ་ཟིན་ཀྱང་བཏོན་ཟིན་པ་ན་མཐའ་སྟེ་ལྟུང་བྱེད་བསྐྱེད་པ་ཉིད་དོ། །ཉ་ལྕིབས་དང་ཞེས་བྱ་བ་ནི་ཆུ་ན་འཕྱོ་བའི་རྫས་སོ། །ཉ་ཚང་ཞེས་བྱ་བ་ནི་ཉ་ལྕིབས་དང་འདྲ་བའི་ཆུའི་རྩ་བལ་ལོ། །དེ་གཉིས་ནི་སྲོག་ཆུ་དང་འབྲེལ་བ་ཡིན་པས་ཆུ་ནས་བཏོན་པ་དེ་ཉིད་དུ་འཇིག་གོ། །དེས་ན་གཉིས་པོ་དེ་དག་ཆུ་ནས་བཏོན་པ་ནི་བཏོན་པ་དེ་ཉིད་མཐའ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ་སྐྱེ་བ་འཇིག་པའི་ལྟུང་བྱེད་བསྐྱེད་དོ། །ཊཱི་ཀ་ལས། ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོ། །འོ་ན་ཞུ་བ་ཆེ་ཤོས་ལས། དགེ་སློང་གིས་འདམ་རྫབ་ནས་ཉ་ལྕིབས་ཕྱུང་སྟེ་ཐང་ལ་བོར་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་བཤད་པ་དང་། མའི་སོ་སོར་ཐར་པའི་འགྲེལ་པ་ལས་ཀྱང་། ཉ་ལྕིབས་བཀོག་པ་ནི་ཉེས་བྱས་སོ་ཞེས་(༢༥ན)


K8Z003_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང་། ལུང་དགེ་སློང་མའི་རྣམ་འབྱེད་ལས། ཉ་ཚང་འབྱིན་ན་ཉེས་བྱས་སོ་ཞེས་བཤད་པ་དང་འགལ་ཅེ་ན། དེ་དག་ནི་སྦྱོར་བའི་དུས་ན་ཉེས་བྱས་བསྐྱེད་པ་ལ་དགོངས་ཞེས་བརྗོད་དེ། མཐར་ཐུག་གྲུབ་དུས་ན་ནི་ཞུ་བ་ཆུང་ཤོས་ལས། དགེ་སློང་གིས་འདམ་རྫབ་ནས་ཉ་ལྕིབས་ཕྱུང་སྟེ་ཐང་ལ་བོར་ན་ཅིར་འགྱུར། ལྟུང་བྱེད་དོ་ཞེས་བཤད་ལ། དགེ་སློང་གི་རྣམ་འབྱེད་ལས་ཀྱང་། དགེ་སློང་གིས་ཉ་ལྕིབས་དང་ཉ་ཚང་ཆུ་ནས་སྐམ་ལ་འདོན་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ཤིང་། ལུང་དགེ་སློང་མའི་རྣམ་འབྱེད་ལས་ཀྱང་། ཉ་ལྕིབས་ཆུ་ནས་བཏོན་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །ཚིག་གུ་མ་བཅོམ་པར་རིལ་མིད་བྱེད་པ་ནི་ལྟུང་བྱེད་ཀྱི་ཕྱེད་ཉེས་བྱས་བསྐྱེད་པ་ཉིད་དོ། །ཞུ་འགྲེལ་ལས། ཚིག་གུ་མ་བཅོམ་པར་རིལ་མིད་བགྱིད་ན་ཉེས་བྱས་སོ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བ་ཡིན་ནོ་ཞེས་བཤད་དོ། །ས་བོན་ཉམས་པར་འདུན་པས་ས་བོན་ཉམས་ཏེ་མཐར་ཐུག་གྲུབ་ན་ནི་ལྟུང་བྱེད་དོ། །རིལ་མིད་བྱེད་པ་འདི་ལ་རང་གི་རྣམ་བཤད་ལས། ས་བོན་ཉམས་འདུན་མེད་པར་ལྟོར་གཞུག་པ་ཙམ་གྱི་བློས་ལྟོར་མིད་ན་བསླབ་བྱའི་ཉེས་བྱས་ཉིད་ཡིན་གྱི། ས་བོན་ཉམས་པར་འདུན་པས་ལྟོར་མིད་ནས་ཉམས་པར་གྱུར་ན་ལྟུང་བྱེད་དུ་འགྱུར་བར་བཤད་དོ། །དགེ་སློང་གིས་གལ་ཏེ་ཤིང་སོགས་འདི་བཅད་པར་གྱུར་ན་ལེགས་སོ་ཞེས་སྨྲས་ཏེ་གཞོགས་སྨོས་ཀྱིས་བསྒོ་ནས་བཏོན་པའི་ཕྱེད་ཉིད་དེ་བཏོན་ན་དངོས་གཞིར་བཤད་པའི་ཕྱེད་སྦྱོར་བའི་ཉེས་བྱས་བསྐྱེད་པའོ། །དགེ་སློང་གི་རྫུ་འཕྲུལ་གྱིས་ཤིང་ལྗོན་པ་གཅོད་ན་ལྟུང་བ་རྫོགས་པར་མ་བྱས་པ་ཉིད་དོ་སྟེ། ལྟུང་བ་རྫོགས་པར་མི་བསྐྱེད་ཀྱང་། ཞུ་བ་མང་ཤོས་ལས། དགེ་སློང་གིས་རྫུ་འཕྲུལ་གྱིས་ཤིང་བཀུམ་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་སོ། །འོ་ན་ཞུ་བ་ཉུང་ཤོས་ལས། དགེ་སློང་(༢༥བ)


K8Z003_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རྫུ་འཕྲུལ་གྱིས་ཤིང་ལྗོན་པ་བཀུམ་པར་མོས་པ་བགྱིད་ན་ཅིར་འགྱུར། ལྟུང་བ་མེད་དོ་ཞེས་གསུངས་ལ། དེ་ནི་རང་གི་རྣམ་བཤད་དང་། ཊཱི་ཀ་དང་། ཞུ་འགྲེལ་དང་གསུམ་ཀས་ལྟུང་བ་མེད་དོ་ཞེས་ལུང་དྲངས་པ་དེ་དག་དང་འགལ་ཅེ་ན། དེ་དག་ཐམས་ཅད་དངོས་གཞིའི་ལྟུང་བ་མེད་པ་ལ་དགོངས་སོ། །ཞེས་བརྗོད་དོ། །གསུམ་པ་ནི། སྡོང་བུའི་ས་བོན་ལ་རྩ་བའི་ས་བོན་ཡིན་པར་འདུ་ཤེས་འཁྲུལ་པ་ལྟ་བུ་ས་བོན་ལས་ས་བོན་གཞན་ཉིད་དུ་འདུ་ཤེས་འཁྲུལ་ཏེ། ས་བོན་འཇོམས་པ་ནི་ས་བོན་གང་ཡིན་དེ་ཉིད་དུ་འདུ་ཤེས་འཁྲུལ་པ་དེ་དང་འདྲ་སྟེ་ལྟུང་བྱེད་དུ་གྱུར་པ་ཉིད་དོ། །རྣམ་འབྱེད་འགྲེལ་པ་ལས། ཤུན་པ་ཞེས་བྱ་བ་ནི་ཕྱི་ཤུན་སྙི་བའོ། །པྲི་ཞེས་བྱ་བ་ནི་ནང་པྲི་སྲ་བ་ཞེས་བཤད་པས་ཤུན་པ་ནི་གྲོ་ག་ལ་སོགས་པ་སྟེ། ཤིང་གི་ཕྱི་ཤུན་རྙིངས་ནས་སྙིང་པོ་ལས་མཚམས་བྱེ་སྟེ། སྙིང་པོ་ལ་ཅུང་ཟད་ཐོགས་པའི་ཤུན་པ་ནི་ཕྱེད་ཤི་བ་ཉིད་དུ་རྗེས་སུ་ཐ་སྙད་གདགས་སོ། །ཞེས་སྦྱར་རོ། །པྲི་དང་ཞེས་བྱ་བ་ནི། ཤིང་གི་པགས་པའི་ནང་པྲི་སྲ་བ་སྟེ། དེ་རྙིང་ནས་ཤིང་ལས་མཚམས་བྱེ་སྟེ་ཤིང་ལ་ཅུང་ཟད་ཐོགས་པའི་པྲི་ནི་ཕྱེད་ཤི་བ་ཉིད་དུ་རྗེས་སུ་ཐ་སྙད་གདགས་སོ། །ཞེས་སྦྱར་རོ། །ཤིང་གི་འདབ་མ་སྐྱ་བོ་ཉིད་དུ་གྱུར་པ་དང་། མེ་ཏོག་ཁ་བྱེ་བ་དང་། འབྲས་བུ་ཤིང་ཏོག་སྨིན་ཟིན་ཏེ་བྲུལ་ལ་ཐུག་པ་རྣམས་ནི་ཕྱེད་བསྐམས་ལ་ཕྱེད་ཤི་བ་ཉིད་དུ་འཇིག་རྟེན་ན་གྲགས་པ་ཡིན་པས། འདིར་ཡང་གྲགས་པ་དེའི་རྗེས་སུ་ཕྱེད་ཤི་བ་ཉིད་ཅེས་ཐ་སྙད་གདགས་སོ། །ཊཱི་ཀར། (༢༦ན)


K8Z003_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་བཤིག་ཅིང་ཉམས་པར་བྱས་ན་ཉེས་བྱས་སུ་འགྱུར་རོ། །ཞེས་སོ། །ཤུན་པ་ལ་སོགས་པ་ལྔ་པོ་དེ་དག་གི་སྙིང་པོའམ་རྩ་བར་གྱུར་པ་ཤིང་སྡོང་པོ་དངོས་ཀྱི་རང་བཞིན་ལས་མཚམས་མ་ཕྱེ་བ་ནི་ཕྱེད་ཤི་བ་ཉིད་མ་ཡིན་པས་དེ་དག་ཕྱོགས་དེ་ནས་ཕྲལ་ན་ལྟུང་བྱེད་དུ་འགྱུར་རོ། །བི་མ་ལ་མི་ཏྲས། ཤིང་ཤུན་ཤིང་ལས་མ་འཕགས་པ་དང་། ལོ་མ་སྐྱ་བོར་མ་གྱུར་པ་དང་། མེ་ཏོག་དང་འབྲས་བུ་མ་རྒྱས་པ་བཅད་པ་ནི་ལྟུང་བྱེད་དོ་ཞེས་སོ། །ནས་སམ་སྲན་མ་ལྟ་བུ་ས་བོན་གྱི་ཁམས་ཏེ་ས་བོན་གྱི་རིགས་བཏབ་པ་ལ་ད་དུང་རྩ་བ་སྟེ་མྱུ་གུ་མ་སྐྱེས་པ་རྩབས་སུ་གྱུར་པ་ནི་ཕྱེད་སྐྱེས་པ་ཉིད་དུ་རྗེས་སུ་ཐ་སྙད་གདགས་སོ། །དགེ་སློང་གིས་རྩ་བ་མ་ཟུག་པའི་ས་བོན་གྱི་དངོས་པོ་ཕྱུང་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་ཞུ་བ་ལས་སོ། །ས་འབུས་པ་དང་ཞེས་པ་ལུང་རྣམ་འབྱེད་ལས། ཕབ་དགོ་དགོ་ཞེས་པར་བཤད་ཅིང་། ཤེས་རབ་བྱེད་པར་ཡང་དེ་ལྟར་འཆད་ལ། དུལ་ལྷས། ཚ་གོ་ཞེས་བྱ་བ་ནི་ས་ཚོས་པས་འབུས་པའོ་ཞེས་ཀྱང་བཤད་དོ། །ཤ་མོ་དང་ཤ་བལ་དང་ཞེས་པ་ནི་དུལ་ལྷས། ས་དྲེག་སྟེ་ས་ཞག་ལ་སོགས་པའི་སྟེང་སྔོ་བ་དང་ཤ་བལ་ཆགས་པ་དག་གོ། །སྣོད་ཀྱི་རླམ་པ་དང་གོས་དང་ཟས་ལ་སོགས་པའི་རླམ་སྟེ་ཧམ་པ་སྐྱ་བོ་རྣམས་ནི་ཕྱེད་སྐྱེས་པ་ཉིད་དུ་བསྟན་ཏེ་དེ་རྣམས་ཉམས་པར་བྱས་ན་ཉེས་བྱས་སུའོ། །གསུམ་པ་ལ། བསམ་པའི་སེལ་བ་ལྟུང་མེད་བསྟན། །འཕོངས་པའི་རྐྱེན་དབང་ལྟུང་མེད་བརྗོད། །སེལ་བ་ལྟུང་མེད་ཞར་བྱུང་ངོ་། །དང་པོ་ནི། འུ་ཤའི་ཁུ་ཚན་ནི་སྲན་ཆུང་གི་ཁུ་བ་ཡིན་ཅེས་སྔ་རབས་པ་ཁ་ཅིག་ཟེར་བ་ནི་མ་ཡིན་ཏེ། འུ་ཤའི་ཁུ་ཚན་ནི་ཤ་བཙོས་པའི་ཁུ་བ་ཚན་མོ་སྟེ་འུ་ཤ་ཞེས་པའི་སྐབས་ཀྱི་དགེ་སློང་མའི་རྣམ་འབྱེད་ལས། ཤ་ཁུ་དང་ཞེས་གསུངས་ལ། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་(༢༦བ)


K8Z003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་སུ་འུ་ཤ་དང་ཞེས་པ་འགྲེལ་ཆུང་ལས། བཅུད་དང་ཞེས་བཤད་པས་ཤེས་ཏེ་བཅུད་དང་ཞེས་པས་བཅུད་ཤའི་ཁུ་བའོ། །ལ་སོགས་པས་ཁུ་བ་ཚན་མོ་སྔོའི་སྟེང་དུ་དབོ་བ་དང་། སྔོའི་ཕྱོགས་སུ་འཆགས་པ་དང་སྟེ་འགྲོ་བའི་རྡོག་ལམ་དུ་རྩ་བ་སྔོན་པོ་ཆད་པའོ། །སྔོའི་ཕྱོགས་སུ་ཤིང་གི་ཡལ་ག་གསེག་དང་རེ་ལྡེ་ལ་སོགས་པ་འདྲེན་པ་དང་། སྔོའི་ཕྱོགས་སུ་དཀྱིལ་འཁོར་དང་སྐྱང་ནུལ་བྱས་པའི་འོག་ཏུ་རྩྭ་སྔོན་པོ་ཉམས་པ་དག་ལ་ཁུ་ཚན་དབོ་བ་དང་། འཆག་པ་ལ་སོགས་པ་དེ་དག་གི་བསམ་པ་ཉིད་ལ་ནི་ཞར་ལ་སྔོ་ལ་སོགས་པ་ཉམས་ཀྱང་འདིའི་ལྟུང་བ་མེད་དོ། །གཉིས་པ་ནི། སྲོག་ཆད་པ་ལ་ཕྱོགས་པ་ཙམ་དུ་འཕོངས་པའི་ཚེ་རྩྭ་ཀུ་ཤ་ལ་སོགས་པ་ས་ལ་སྐྱེས་བཞིན་པ་མ་བཅད་པས་བཅིངས་པའི་དགེ་སློང་དེས་ཐབས་གཞན་གང་གིས་ཀྱང་མི་ཐར་ན་རྩྭ་ཀུ་ཤ་ལ་སོགས་པ་བཅད་ན་ཡང་ལྟུང་བ་མེད་དོ། །དགེ་སློང་བཅིངས་པ་དུ་མ་ཉིད་ཡིན་ན་བཅིངས་པ་དེ་དག་ལས་དགེ་སློང་གཅིག་གིས་བཅད་པར་བྱ་ཞིང་། དེས་གཞན་ཡང་དགྲོལ་བར་བྱའི། ཐམས་ཅད་ཀྱིས་བཅད་པར་མི་བྱའོ། །གསུམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་ལྔ་ལས། དང་པོ་རུང་བའི་དབྱེ་བ་ནི། རུང་བ་དགུ་སྟེ་མེས་རེག་པ་ལ་སོགས་པ་དགུ་གཞུང་ན་གསལ་ལོ། །གཉིས་པ་བསྡུ་བ་ནི། རུང་བ་དགུ་པོ་དེ་རྣམ་པ་གཉིས་སུ་བསྡུས་ཏེ་སྐྱེ་བའི་རུང་བ་དང་། ས་བོན་གྱི་རུང་བའོ། །དང་པོ་ནི། ཕྱུང་བཅད་གཉིས་སོ། །གཉིས་པ་ནི། དེ་ལས་གཞན་བདུན་ནོ། །འདིར་ཞང་ཞུང་རྒྱལ་ཤེ་ན་རེ། ཕྱུང་བཅད་གཉིས་པོ་ཡང་ས་བོན་གྱི་རུང་བ་ཡིན་ཏེ། ཊཱི་ཀ་ལས། ཕྱུང་བ་ཞེས་བྱ་བ་ནི། ལ་ཕུག་ལ་སོགས་པ་རྩ་ཐོན་དུ་ཕྱུང་བ་ལྟ་བུ་དག་སྟེ། དེ་ནི་བརྟགས་པ་ལ་སོགས་པ་གཞན་གྱིས་རུང་བ་བྱས་པ་ལ་བལྟོས་མི་དགོས་སོ། །བཅད་པ་ཞེས་བྱ་བ་ནི་ལྕང་མ་ལ་སོགས་པའི་ཡལ་ག་(༢༧ན)


K8Z003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཟིན་པ་དེ་ལ་སོ་ཤིང་ལ་སོགས་པ་བྱ་བ་ལ་བརྟག་པ་གཞན་གྱིས་རུང་བར་བྱ་མི་དགོས་ཞེས་པ་ལྟ་བུའོ། །ཞེས་བཤད་པས་ཤེས་སོ་ཟེར་རོ། །དེ་ནི་ཊཱི་ཀའི་དགོངས་པ་མ་ལོན་པ་ཡིན་ཏེ། དེ་ལྟར་གསུངས་པ་དེ་ཕྱུང་བཅད་སྐྱེ་བའི་རུང་བ་ཡིན་པས་སྐྱེ་བའི་རུང་བ་གཞན་མི་དགོས་ཞེས་དགོངས་པ་སྟེ། གལ་ཏེ་ཕྱུང་བཅད་ས་བོན་གྱི་རུང་བ་ཡིན་ན་ནི་གནོད་བྱེད་འདི་སྐད་དུ། རྩ་བའི་ས་བོན་དང་སྡོང་བུའི་ས་བོན་ཕྱུང་བཅད་བྱས་པ་དེ་བསྙེན་རྫོགས་པས་ཉམས་པར་བྱས་པ་ཆོས་ཅན། ས་བོན་འཇོམས་པའི་ལྟུང་བ་བསྐྱེད་པ་ལ་སེལ་བ་ཞུགས་པར་ཐལ། ས་བོན་གྱི་རུང་བ་དང་ལྡན་པའི་ཕྱིར། རྟགས་མ་གྲུབ་ན་ཕྱུང་བཅད་ས་བོན་གྱི་རུང་བ་ཡིན་པ་བུད། འདོད་ན། དགེ་སློང་མའི་རྣམ་འབྱེད་ལས། ས་བོན་གྱི་རིགས་ལྔ་པོ་གཏུན་ཁུང་དུ་བརྡུང་བ་དང་། མེ་ཐབ་དང་། ཞུགས་གླིང་དང་། མཚོ་ཆེན་པོ་དང་། འབབ་ཆུ་ཆེན་པོ་ལ་ཉམས་པར་བྱས་ན་ལྟུང་བྱེད་དོ་ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་རྩ་བ་མ་ཕྱུང་ན་སྡོང་བུ་མ་བཅད་པ་ནི་རླུང་དང་ཉི་མ་ལ་འཇོག་པ་ལ་སོགས་པས་ས་བོན་ཉམས་པར་མི་ནུས་ལ། ཕྱུང་བཅད་བྱས་པའི་ས་བོན་རླུང་དང་ཉི་མ་ལ་སོགས་པ་ལ་འཇོག་པར་བྱེད་ན་ཡང་ས་བོན་གྱི་རུང་བ་དང་ལྡན་པའི་ཕྱིར། ས་བོན་འཇོམས་པའི་ལྟུང་བ་བསྐྱེད་པ་ལ་སེལ་བ་ཞུགས་པར་ཐལ་བ་ལས། རླུང་དང་ཉི་མ་ལ་འཇོག་པས་ཀྱང་ངོ་། །ས་གཞི་སྐམ་པོར་ཡང་ངོ་ཞེས་སོ། །དེར་མ་ཟད་སྔར་བཞིན་སྠ་བཱི་རའི་བྱུང་བ་དང་ཡང་འགལ་ལོ། །འོན་ཀྱང་ས་བོན་གྱི་རུང་བ་བྱ་སྙམ་པའི་བསམ་པས་ཕྱུང་བཅད་བྱས་ན་ནི་ཕྱུང་བཅད་ས་བོན་གྱི་རུང་བ་ཡང་ཡིན་ཏེ། སེན་མོས་རྨ་བྱུང་བ་ཙམ་ས་བོན་གྱི་རུང་བ་ཡིན་ན་རྩ་བ་རྩ་ཐོན་དུ་ཕྱུང་བ་དང་སྡོང་བུ་དུམ་བུར་བཅད་ན་ལྟ་ཅི་སྨོས་པའི་ཕྱིར་རོ། །ཞེས་དམ་པ་རྣམས་ཀྱིས་གསུངས་སོ། །གསུམ་པ་རུང་(༢༧བ)


K8Z003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཚན་ཉིད་ནི། ཕྱི་རོལ་གྱི་དངོས་པོ་ས་བོན་སྐྱེ་བ་གང་ཡང་རུང་བའི་ཆོས་ཡོད་པ་ལ་རྟེན་གྱི་ཆ་ནས་རྐྱེན་དང་མི་ལྡན་པའི་བསྙེན་རྫོགས་པས་འཇོམས་པར་བྱེད་པ་ལ་ཉེས་མེད་ཀྱི་བཅས་པའི་ས་མཚམས་འཛིན་བྱེད་ཉིད་ཡིན་པའོ། །རྟེན་གྱི་ཆ་ནས་རྐྱེན་དང་ལྡན་ལ་འཕོངས་པའི་རྐྱེན་གྱིས་སྐྱེ་བ་གཅོད་པ་གནང་བ་ལྟ་བུ་རྣམས་བཅད་དོ། །བཞི་པ་རུང་བའི་སྒྲ་བཤད་པ་ནི། ས་བོན་ནམ་སྐྱེ་བ་མ་ཉམས་ཀྱང་བསྙེན་རྫོགས་པས་གཞོམ་དུ་རུང་བས་ན་རུང་བ་ཞེས་བྱའོ། །ལྔ་པ་རུང་བར་བྱ་བའི་ཚུལ་ལ་གཉིས་ལས། དང་པོ་རུང་བ་བྱ་བའི་དགོས་པ་ནི། དངོས་ཀྱི་དགོས་པ་ས་བོན་སྐྱེ་འཇིག་གི་ལྟུང་བ་མི་འབྱུང་ལ། བརྒྱུད་པའི་དགོས་པ་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་གཞི་གང་གི་རུང་བར་བྱ་བ་ནི། ཕྱི་རོལ་གྱི་སྐྱེ་བའམ་ས་བོན་མཚན་ཉིད་དང་ལྡན་པ་ཡིན། མ་ཉམས་པ་ཡིན། རུང་བར་བྱས་པ་དང་མ་འབྲེལ་བ་སྟེ། གཞན་དུ་ན་རུང་བའི་འཇུག་ཡུལ་མ་ཡིན་པའི་ཕྱིར་དང་། རུང་བར་བྱས་ཀྱང་དགོས་པ་མེད་པའི་ཕྱིར་དང་། རུང་བའི་ཆོ་ག་མི་འཆགས་པའི་ཕྱིར་ཞེས་གོ་རིམ་བཞིན་ནོ། །གཉིས་པ་རྟེན་གང་གིས་རུང་བ་བྱ་བ་ནི། བསྙེན་པར་མ་རྫོགས་པས་བྱ་སྟེ། རུང་བས་བྱ་བར་གཞི་གྲུབ་ཅིང་། བསྙེན་རྫོགས་ཀྱིས་བྱ་བར་མི་འོས་པའི་ཕྱིར་རོ། །འོན་ཀྱང་དགེ་སློང་གིས་རུང་བ་དག་བྱས་པ་ཉིད་ནི་བྱས་པ་ཉིད་ཡིན་ཅེས་གསུངས་ཏེ། དགེ་སློང་གིས་མེས་རུང་བ་བྱས་ན་ས་བོན་འཇོམས་པའི་ལྟུང་བ་ཁེགས་ཀྱང་དགེ་སློང་གིས་རྗེན་པ་བཙོས་པའི་ཉེས་པར་ནི་འགྱུར་བའོ། །གསུམ་པ་ཚུལ་ཇི་ལྟར་རུང་བར་བྱ་བ་ནི། མེས་རུང་བ་ན་སྤྱིའི་ཚུལ་གྱིས་ཀྱང་བྱར་རུང་ལ། རུང་བ་གཞན་རྣམས་ནི་སོ་སོ་ནས་རེ་རེ་ནས་བྱ་ཏེ། མེས་རུང་བ་བྱས་པ་ལ་སྤྱི་ཚོམས་ནི་གཙོ་ཆེར་བྱ་བ་ཞེས་གསུངས་ལ། མེ་ནི་ནུས་པ་ཆེ་བའི་ཕྱིར་ཏེ། རྣམ་(༢༨ན)


K8Z003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་འགྲེལ་པ་ལས། མེས་རེག་པའི་ཕྱིར་བཀྲ་མི་ཤིས་པ་ཉིད་ཀྱི་ས་བོན་གྱི་ཐ་སྙད་ལས་ལོག་པའི་ཕྱིར་ཞེས་བཤད་དོ། །རུང་བ་གཞན་སོ་སོ་ནས་བྱ་བའི་གཞུང་ནི། ལུང་རྣམ་འབྱེད་ལས། མཚོན་དང་སེན་མོས་ནི་རེ་རེ་ནས་སོ་ཞེས་སོ། །བཞི་པ་རུང་བར་བྱེད་པ་ལ་བསམ་པ་དགོས་སམ་མི་དགོས་ནི། རྙིང་པ་མ་གཏོགས་པ་ལ་དགོས་ཏེ་བརྟགས་པའི་ཆོ་ག་ཡིན་པའི་ཕྱིར། རིགས་པའི་ཁྱད་པར་དང་ལྡན་པ་ནེ་ཙོ་དག་གིས་ཞེས་སྒྲའི་ཁྱད་པར་སྨོས་པའི་ཕྱིར་དང་། བཀས་པའི་རུང་བ་ལ་རང་གི་རྣམ་བཤད་ཊཱི་ཀ་ལས། རང་གས་པ་ཉིད་ནི་རུང་བ་ཉིད་མ་ཡིན་ཅེས་བཤད་པ་དང་། ཆོ་ག་གཞན་ལ་ཀུན་སློང་མེད་ན་མི་འབྱུང་བར་གསུངས་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ལྔ་པ་རུང་བར་བྱས་པ་འཇིག་པའི་རྒྱུ་ནི། མེས་འཚིག་སྟེ་ས་བོན་མ་ཡིན་པ་ཉིད་དུ་གྱུར་པ་དང་། སྐྱེ་བ་གཞན་དུ་གྱུར་པ་སྒོག་པ་ལས་མྱུ་གུ་སྐྱེ་བ་ལྟ་བུ་དང་། གཞི་ཆོས་མིན་ལྡན་དུ་གྱུར་བ་ན་རུང་བ་ཞིག་སྟེ། གསོག་འཇོག་གི་ཊཱི་ཀ་ལས། སྐྱེ་བར་གྱུར་ན་ཞག་ལོན་ཞིག་པར་གསུངས་པའི་གནད་ཀྱིས་སོ། །ཀླུབས་དཀར་ན་རེ། ཞག་ལོན་ཀྱང་རུང་བ་འཇིག་སྟེ་དགེ་སློང་མའི་འདུན་པ་ཞག་ལོན་ན་འཇིག་པའི་གནད་ཀྱིས་ཤེས་སོ། །རུང་ཆུ་བཏབ་པ་ཞག་ལོན་ན་ཡང་དེ་བཞིན་ནོ་ཞེས་ཀྱང་ཟེར་རོ། །གཉིས་པ་ལ། རུང་བའི་རྣམ་པར་བཞག་པ་དངོས། །སྨན་གསུམ་ཆུ་ཡིས་རུང་བའོ། །དང་པོ་ནི། ས་བོན་གྱི་ཆོས་མེད་པ་ནི། རྣམ་འབྱེད་འགྲེལ་པ་ལས། ས་བོན་གྱི་ཆོས་མེད་པ་ནི། ས་བོན་མི་སྐྱེ་བ་ཉིད་དོ་ཞེས་བཤད་ཅིང་། དེའང་མ་སྨིན་པའི་སྲུས་ཕྲ་མོ་ལྟ་བུའོ། །ཊཱི་ཀ་ལས། ག་གོན་ལ་སོགས་པ་ས་བོན་དུ་མ་རེད་པ་ཉིད་དག་ལྟ་བུའོ། །ཞེས་སོ། །ག་གོན་ཞེས་པ་ནི་ཉུང་མ་སྟེ་དེ་ལ་ཡུལ་འགའ་ཞིག་ན་ག་གོན་ཟེར་རོ། །ས་བོན་དུ་(༢༨བ)


K8Z003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མ་རེད་པའི་རྩ་བ་ཕྲ་མོ་ནི་ཉམས་པར་བྱས་ཀྱང་ཉེས་པར་བྱེད་པ་ཉིད་མ་ཡིན་ནོ། །ལུང་རྣམ་འབྱེད་ལས། རུང་བ་ལྔ་པོ་ཕྱུང་བ་དང་། བཀྲུམ་པ་དང་། བཀས་པ་དང་། བཅད་པ་དང་། ས་བོན་གྱི་ཆོས་མེད་པ་ཉིད་ནི་ལྔ་པ་ཡིན་ཏེ་ཞེས་གསུངས་སོ། །རུང་བ་ལྔ་པ་ས་བོན་གྱི་ཆོས་མེད་པ་འདི་ནི་ས་བོན་གྱི་རུང་བ་མཚན་ཉིད་པ་མ་ཡིན་ཏེ། རུང་བའི་མིང་བཏགས་ཀྱང་ས་བོན་ཡིན་པར་གཞི་མ་གྲུབ་པའི་ཕྱིར་དང་། ལུང་ཞུ་བ་ལས་ཀྱང་། དགེ་སློང་གི་རུང་བ་མ་བགྱིས་པའི་འབྲས་བུ་ལོངས་སྤྱོད་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཡོད་དེ་ས་བོན་དུ་མ་རེད་པ་དག་ལས་ས་བོན་གྱི་ཆོས་མ་ཡིན་ནོ་སྙམ་ནས་ལོངས་སྤྱད་ནའོ་ཞེས་གསུངས་སོ། །རུང་བ་མ་བྱས་བདག་གིའོ་ཞེས་སྔར་སྨོས་ནས་རུང་བ་མཚན་ཉིད་པ་ནི་དགུ་སྟེ། འབྲས་དང་ནས་ལ་སོགས་པ་མེས་རེག་པ་དང་། རྩ་བའི་ས་བོན་ལ་སོགས་པ་ལ་མཚོན་དང་། སེན་མོ་དང་། ནེ་ཙོ་དག་གིས་རྨ་བྱུང་བ་དང་ཞེས་པས་འདིར་མཚོན་ལ་སོགས་པ་སྨོས་པ་ནི་མཚོན་པ་ཙམ་སྟེ། ཤིང་ལ་སོགས་པས་རྨ་བྱུང་ཡང་རུང་བ་ཁོ་ན་ཡིན་ནོ། །རྙིང་པ་དང་ཞེས་པ་རྒུན་འབྲུམ་སྐམ་པོ་ལ་སོགས་པ་དག་གོ། །ལ་ཕུག་ལ་སོགས་པ་རྩ་ཐོན་དུ་དྲུངས་ནས་ཕྱུང་བ་དང་ཞེས་པ་ལ་ཕྱུང་བཅད་སྐྱེ་བའི་རུང་བ་ཡིན་པས་རྩ་བ་དང་། སྡོང་བུ་ཕྱུང་བཅད་བྱས་པ་དེ་བརླན་གྱིས་སྐྱེ་བའི་རྒྱུན་གནས་ཀྱང་དེ་བཅད་པ་ལ་སྐྱེ་བ་བཅད་པའི་ལྟུང་བ་མེད་དོ། །ཕྱིས་ལོ་མ་སྐྱེས་པའི་རུང་བ་ནི་མ་ཡིན་ཏེ་སྐྱེ་བའི་རྒྱུན་གཞན་ཡིན་པའི་ཕྱིར། དེ་ཡང་ལུང་ཞུ་བ་ལས། ས་བོན་གྱི་རིགས་ལྔ་ལས་རུང་བར་བྱས་ཀྱང་སའི་ནང་དུ་བཞག་གམ་སྣོད་ཀྱི་ནང་དུ་བཞག་གམ་གདང་ཤིང་ལ་བཀལ་ཀྱང་རུང་སྟེ། མྱུ་གུ་སྐྱེས་པར་གྱུར་པ་དེ་ཆུད་གསན་ན་ཅིར་འགྱུར། ལྟུང་བྱེད་དོ་ཞེས་གསུངས་སོ། །དེས་ན་སྒོག་པ་གདང་ལ་གཟར་བ་གཅོད་(༢༩ན)


K8Z003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་སྐྱེ་བ་གཅོད་པའི་ལྟུང་བྱེད་བསྐྱེད་པར་གྲུབ་བོ། །བཀྲུམ་པ་དང་ཞེས་པ་ནི་བརྡུངས་པ་སྟེ་སྲན་མ་ལ་སོགས་པ་ཕྱེད་ཚལ་དུ་བཀྲུམ་པ་ལྟ་བུའོ། །ས་བོན་ལ་སེར་ཀ་བཀས་པ་དང་ཞེས་པ་ནི་ཉིད་བཤད་དང་། ཊཱི་ཀ་ལས། བཀས་པར་གྱུར་པ་སྟེ་རང་གས་པ་ཉིད་ནི་རུང་བ་ཉིད་མ་ཡིན་ཏེ། ཞེས་སོ། །ལྕང་མ་ལ་སོགས་པའི་ཡལ་ག་བཅད་པ་ལྟ་བུ་དགུ་པོ་དག་ནི་རུང་བའོ། །ས་བོན་ལ་མེས་རུང་བ་བྱེད་དམ་མཚོན་དང་སེན་མོ་ལ་སོགས་པས་རུང་བར་བྱེད་པ་ན་ས་བོན་མ་ཡིན་པ་ཉིད་དུ་གྱུར་གྱི་བར་དུ་བལྟོས་པར་བྱ་མི་དགོས་པ་སྟེ། རུང་བར་བྱས་ན་ས་བོན་ལས་མ་ཉམས་པར་སྐྱེ་བའི་ནུས་པ་ཡོད་ཀྱང་དེ་གཞིག་པ་ལ་ཉེས་པ་མེད་པ་ཉིད་དོ། །ཊཱི་ཀར། དགེ་སློང་གིས་བརྟགས་པ་ཡིན་པའི་ཕྱིར། ཞེས་སོ། །རུང་བར་བྱ་བ་འདི་ལ་མེ་དང་འབྲེལ་བའི་རླངས་པ་ནི་མེ་དང་འདྲ་བ་ཉིད་མ་ཡིན་པ་ཉིད་དུ་མ་ཡིན་ནོ་སྟེ་མེ་དང་འབྲེལ་བའི་རླངས་པས་བདུགས་ན་རུང་བའི་གོ་ཆོད་པ་སྟེ། ཕྲན་ཚེགས་ལས། ས་བོན་གྱི་རིགས་མི་ཚོས་པ་ཞེས་བྱ་བ་ཡོད་པ་དེའི་ཕྱིར་རླངས་པས་བརླན་ཏེ་བཟའ་བར་རྗེས་སུ་གནང་ཞེས་གསུངས་སོ། །ལུང་དེ་ནི་རླངས་པས་བདུགས་ན་རུང་བའི་གོ་ཆོད་པ་དང་ས་བོན་མ་ཡིན་པར་གྱུར་པ་ལ་བལྟོས་མི་དགོས་པ་དང་གཉིས་ཀའི་གཞུང་ཡིན་ནོ། །ནས་ཀྱི་ཕུང་པོའམ་རྒུན་འབྲུམ་ལ་སོགས་པ་འབྲས་བུ་དག་མེས་རུང་བར་བྱ་བ་ལ་ནི་འབྲུ་རེ་རེ་ནས་བརྟག་མི་དགོས་ཀྱི། ཕུང་པོའི་སྤྱིའི་ཚོམས་ཕྱོགས་གཉིས་སམ་གསུམ་དག་ཏུ་མེས་རེག་ན་ཞེས་ལུང་ནས་འབྱུང་བ་དང་། ཊཱི་ཀ་ལས། ཕལ་ཆེར་ལ་མེས་རེག་ན་ནི་གཙོ་ཆེར་རུང་བའི་བྱ་བ་ཡང་དག་པའི་གྲངས་སུ་ཆུད་པ་ཉིད་དོ། །ཊཱི་ཀར། སྤྱི་ལ་རུང་བ་བྱས་ན་དེའི་ཡན་ལག་ཐམས་ཅད་རུང་བ་ཉིད་ཡིན་པར་ཡིད་ལ་སྣང་བའི་ཕྱིར་རོ། །ཞེས་སོ། །ནས་ཀྱི་ཕུང་པོ་ལྟ་བུ་ལ་ཕྱོགས་གཅིག་ནས་མེས་རེག་པས་ནི་ཕུང་པོ་ཐམས་(༢༩བ)


K8Z003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་སྤྱིའི་རུང་བ་མི་འབྱུང་ངོ་། །དགེ་སློང་དག་གིས་མེས་སམ་སེན་མོས་སམ་མཚོན་གྱིས་ས་བོན་གྱི་རིགས་ལྔ་པོ་རུང་བ་དག་བྱས་པ་ཉིད་ནི་རུང་བར་བྱས་པ་ཉིད་ཡིན་པས། དེ་གཞིག་པ་ལ་ས་བོན་འཇོམས་པའི་ཉེས་པ་མེད་པ་ཡིན་ནོ། །ཊཱི་ཀར། མེས་རུང་བར་བྱས་པ་མ་གཏོགས་པ་བཟར་རུང་། ཞེས་ལུང་ལས་གསུངས་ཏེ། དགེ་སློང་གིས་བཙོས་པའི་དབང་དུ་བྱས་ནས་དེ་མི་ཟ་བ་ཉིད་དུ་བསྟན་པ་ཡིན་ཅེས་སོ། །རུང་བར་བྱེད་པའི་གནས་དེ་ཡང་རུང་ཁང་ཡིན་པ་ཁོ་ན་ངེས་བཟུང་དུ་དགོས་སམ་སྙམ་ནས་རུང་བའི་ཁང་པ་མ་ཡིན་པར་ཡང་མེས་རུང་བ་ལ་སོགས་བྱས་པ་ཉིད་ནི་རུང་བར་བྱས་པ་ཡིན་ནོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་གཉིས་ལས། རུང་ཆུ་བཏབ་པའི་དགོས་དོན་ནི། དངོས་ཀྱི་དགོས་པ་རུང་ཆུ་མ་བཏབ་པའི་ཉེས་བྱས་མི་འབྱུང་བ་དང་། བརྒྱུད་པའི་དགོས་པ་ཕྱི་དྲོ་དང་མཚན་མོ་ལོངས་སྤྱོད་དུ་རུང་མི་རུང་གི་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་དྲུག་ལས། དང་པོ་གཞི་གང་ལ་རུང་ཆུ་གདབ་པ་ནི་ཆོས་བཞི་ལྡན་ཏེ། དང་པོ་སྨན་གསུམ་ལས་གང་ཡང་རུང་བ་ཡིན་པ་སྟེ། དུས་སུ་རུང་བ་ནི་རྐྱེན་དང་མི་ལྡན་པས་ཕྱི་དྲོ་དང་མཚན་མོ་ལོངས་སྤྱོད་པ་བཀག་པའི་ཕྱིར་རོ། །གཉིས་པ་རུང་བ་མ་ཡིན་པ་སྟེ། མི་རུང་བ་ཆང་ལྟ་བུ་ཡིན་ན་ལོངས་སྤྱོད་པ་བཀག་པས་རུང་ཆུའི་འཇུག་ཡུལ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ཕྱི་དྲོའམ་མཚན་མོ་སྐྱ་རེངས་འཆར་ཀ་ཡན་ཆད་ཀྱི་ཚེ་ན་ལོངས་སྤྱོད་པ་ཡིན་པ་སྟེ། སྐྱ་རེངས་དང་པོ་ཤར་བ་ནས་སྔ་དྲོ་ཟིན་ན། ཕྱི་དྲོའི་ཁ་ཟས་སུ་འགྱུར་མི་འགྱུར་གྱི་བཅས་པའི་ས་མཚམས་འཛིན་པའི་ཆོ་ག་དོན་མེད་པའི་ཕྱིར་རོ། །བཞི་པ་སྔར་རུང་ཆུ་བཏབ་ཟིན་པ་དང་མ་འབྲེལ་བ་སྟེ། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་པའི་གནད་ཀྱིས་སོ། །བྱེ་བྲག་ཏུ་ཐུན་ཚོད་དུ་རུང་བ་བྱིན་གྱིས་རློབ་ན་(༣༠ན)


K8Z003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཚགས་ཀྱིས་བཙགས་པའི་ཆོ་ག་རྫོགས་པ་ལ་རུང་ཆུ་བཏབ་སྟེ་གཞན་དུ་ན་ཆོ་གའི་གོ་རིམ་འཆོལ་བར་འགྱུར་བའི་ཕྱིར་རོ། །ཁོལ་བའི་གནས་སྐབས་མ་ཡིན་པ་ལ་རུང་ཆུ་བཏབ་སྟེ། ཇོ་བོའི་ཞལ་ནས། བྱེ་བྲག་སྨྲ་བའི་ལུགས་ཀྱིས་དབྱིབས་དང་ཁ་དོག་དང་རེག་བྱ་རྫས་ཐ་དད་དུ་འདོད་པས་ཁོལ་བཞིན་པ་མ་ཡིན་པ་ལ་རུང་ཆུ་གདབ་དགོས་པར་གསུངས་སོ། །དེ་ལ་བརྟེན་ནས་བོད་ཀྱི་འདུལ་འཛིན་ཁ་ཅིག་གིས་ཚིགས་སུ་བཅད་པ། མི་རུང་བ་དང་དུས་རུང་དང་། །ཁོལ་བ་དག་གི་གནས་སྐབས་སུ། །རུང་ཆུ་འཇུག་པའི་སྐབས་མིན་ནོ། །ཞེས་སྨྲས་སོ། །ཊཱི་ཀ་ལས། བུ་རམ་ཡང་མེས་བསྐོལ་བ་ན་ཆུ་གྲང་མོས་གདབ་པར་བྱ་བ་ཡིན་མོད་ཀྱི། དེའི་ཚེ་ཆུས་བཏབ་པ་དེས་རུང་བར་བྱས་པ་ཉིད་དུ་མི་ཆུད་དོ། །ཞེས་གསུངས་པས་ཀྱང་ཤེས་ལ། འོན་ཀྱང་དེ་ནི་རུང་ཆུ་གདབ་པའི་བསམ་པ་མེད་པའི་ཕྱིར་ཞེས་དགོངས་པའོ། །གཉིས་པ་རྟེན་གང་གིས་རུང་ཆུ་གདབ་པ་ནི་བསྙེན་པར་མ་རྫོགས་པས་གདབ་སྟེ་རུང་བར་བྱ་བ་ལ་སྔར་བཤད་པ་བཞིན་ནོ། །དགེ་སློང་གིས་རུང་བ་དག་བྱས་པ་ཉིད་ནི་བྱས་པ་ཉིད་ཡིན་ཅེས་གསུངས་པའི་གནད་ཀྱིས་དགེ་སློང་གིས་རུང་ཆུ་བཏབ་ན་རུང་ཆུ་མ་བཏབ་པའི་ཉེས་བྱས་ཁེགས་ཏེ་རུང་ཆུ་བཏབ་པ་ཙམ་དུ་འགྱུར་ཡང་མི་འོས་པ་ལ་འཇུག་པའི་ཉེས་བྱས་སོ། །རུང་ཆུའི་སྐབས་ཀྱི་འགྲེལ་ཆུང་ལས། བདག་གིས་བཏབ་ན་ཉེས་བྱས་སོ་ཤེས་སོ། །གསུམ་པ་དུས་གང་གི་ཚེ་རུང་ཆུ་གདབ་པ་ནི། ཕྱི་དྲོ་དང་སྐྱ་རེངས་འཆར་ཀ་ཡན་ཆད་ཀྱི་དུས་སུ་སྟེ་ཕྱི་དྲོ་དང་མཚན་མོ་ལོངས་སྤྱོད་དུ་རུང་མི་རུང་གི་བཅས་པའི་ས་མཚམས་བཟུང་བའི་ཕྱིར། དམིགས་བསལ་ནི་སྨན་བྱིན་གྱིས་རློབ་ན་སྔ་དྲོ་རུང་ཆུ་བཏབ་སྟེ། རུང་ཆུ་གདབ་པ་ནི་སྨན་བྱིན་གྱིས་རློབ་པའི་སྔོན་འགྲོའི་ཆོ་ག་ཡིན་པས་ཟས་སྔ་མའི་ཚེའོ་ཞེས་སྨན་སྔ་དྲོ་བྱིན་གྱིས་རློབ་པར་(༣༠བ)


K8Z003_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་ཤེས་སོ། །བཞི་པ་དངོས་པོ་གང་གདབ་པ་ནི་འཇིག་རྟེན་ལ་གྲགས་པའི་མེས་མ་རེག་པའི་ཆུ་གྲང་མོ་སྟེ། འདི་ཉིད་ལས་ཆུ་གྲང་མོས་ཞེས་པ་དང་། ཊཱི་ཀ་ལས། ཞག་བདུན་པ་ལ་ནི་མེས་རུང་བར་བྱ་བ་མི་སྲིད་དོ། །ཞེས་བཤད་དེ། དེའི་དོན་ནི་ཆུ་བསྐོལ་ནས་གྲང་བ་ལྟ་བུ་སྟེ་འཇིག་རྟེན་ལ་གྲགས་པའི་མེ་དང་འབྲེལ་བའི་ཆུས་རུང་ཆུ་གདབ་པར་བྱ་བ་མི་སྲིད་ཅེས་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །ལྔ་པ་རུང་ཆུ་གདབ་པ་ལ་བསམ་པ་དག་དགོས་སམ་མི་དགོས་ནི་རུང་ཆུ་གདབ་པའི་བསམ་པ་དག་དགོས་ཏེ། ཊཱི་ཀ་ལས། མར་བསྲུབས་པའི་ཚེ་ན་ཡང་ཆུ་གྲང་མོས་གདབ་དགོས་མོད་ཀྱི། དེའི་ཚེ་ན་བཏབ་པ་ནི་རུང་བར་བྱས་པ་ཉིད་མ་ཡིན་ནོ། །ཞེས་གསུངས་ཏེ། རྣམ་གྲངས་གཞན་ཡང་མར་བསྲུབས་པའི་ཚེ་ན་ཆུ་གྲང་མོ་བཏབ་པ་དེ་རུང་བར་བྱས་པ་མ་ཡིན་པའི་རྒྱུ་མཚན་དུ་སྦྱོར་བ་དེ་ནི་མ་གྲུབ་པའི་གནས་སྐབས་ཡིན་པའི་ཕྱིར་ཞེས་ཀྱང་ཊཱི་ཀ་ལས་བཤད་ལ། གཞན་ཡང་རུང་བར་བྱ་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །དྲུག་པ་རུང་ཆུ་བཏབ་པ་འཇིག་པའི་རྒྱུ་ནི་རུང་བར་བྱས་པའི་འཇིག་རྒྱུ་སྔར་བཤད་པ་བཞིན་འདིར་ཡང་ངོ་། །གཉིས་པ་ནི། བཅོམ་ལྡན་འདས་ལ་སྤྲེའུས་སྦྲང་རྩི་ལ་ཆུ་གྲང་མོ་གཏོར་ནས་ཕུལ་བའི་བྱུང་བ་དང་འབྲེལ་བས་བུ་རམ་དང་སྦྲང་རྩི་ལ་སོགས་པ་སྨན་ཞག་བདུན་པ་དང་། ག་བུར་དང་། ཨ་ག་རུ་ལ་སོགས་པ་འཚོའི་བར་དུ་བཅང་བ་ཆུ་གྲང་མོས་མ་གཏོར་བར་བཟའ་བར་མི་བྱའོ། །ཊཱི་ཀར། རུང་བར་བྱ་བ་ནི་གང་གིས་དུས་སུ་བྱས་ཀྱང་རུང་བ་ཉིད་ཡིན་གྱི། བཟའ་བའི་དུས་ཁོ་ནར་བྱ་བ་ནི་མ་ངེས་སོ། །ཞེས་འཆད་ལ། ཡང་ཊཱི་ཀར། འདིར་གཞུང་ན་བཙུན་པ་བརྒྱད་པོ་ཙོ་ཙའི་འབྲས་བུ་ལས་བྱུང་བ་དང་། ཆུ་ཤིང་གི་འབྲས་བུ་ལ་སོགས་པས་རྒྱ་ཤུག་ལས་བྱུང་བ་དང་། གྲོ་ག་ལས་བྱུང་བ་དང་། རྩུབ་འགྱུར་ལས་བྱུང་བ་དང་། (༣༡ན)


K8Z003_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྒུན་དང་། ཨུ་དུམ་ཝ་ར་ལས་བྱུང་བ་དང་། ཉ་གྲོ་དྷ་ལས་བྱུང་བ་དང་། ཁྱད་གདས་ལས་བྱུང་བ་དང་། གང་དག་ལགས་པ་དེ་དག་རྩ་བའི་ཁུ་བའམ་སྡོང་བུའི་ཁུ་བའམ་མེ་ཏོག་གི་ཁུ་བ་དང་བསྲེས་ཤིང་སྦྱར་ན་འཚལ་དུ་རུང་ངམ། གལ་ཏེ་མི་སྐྱུར་བ་དང་མྱོས་པར་མི་འགྱུར་བ་དང་མི་བསྐ་བ་དག་ཡིན་ན་བཏུང་དུ་རུང་ངོ་། །དེ་ལས་ལྷག་པར་ཆུས་བཏབ་པ་དག་ནི་ཞག་བདུན་པའམ་འཚོ་བའི་བར་དུ་བཅང་བ་དག་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཞེས་སོ། །རྗེ་བཙུན་ཕྲིན་ལས་དབང་ཕྱུག་གིས་དེང་སང་ཇར་གྲགས་པའི་བཏུང་བ་འདི་རྩུབ་འགྱུར་ལས་བྱུང་བའི་བཏུང་བར་གཏོགས་ཞེས་བཀའ་བསྩལ་ཏེ། ཐུན་ཚོད་དུ་རུང་བའི་བཏུང་བ་ཡང་ཆུ་གྲང་མ་དེས་མ་གཏོར་བར་བཏུང་བར་མི་བྱའོ། །འདིའི་ཐུན་ཚོད་དུ་རུང་བའི། ཊཱི་ཀར། དྲོ་འཇའ་ལ་སོགས་པ་ཞེས་ཏེ། དྲོ་འཇའ་ནི་ཅི་ཞེ་ན། ལུང་གཞི་ལས། རྒུན་འབྲུམ་མཉེས་ལ་ཁུ་བ་བཙིར་མ་ཐག་ཏུ་བསྐོལ་ཏེ་དྲོ་འཇར་བྱས་ཏེ་བཞག་པར་བྱས་ན་དགེ་འདུན་གྱི་དུས་མ་ཡིན་པའི་བཏུང་བར་འགྱུར་རོ། །ཞེས་གསུངས་སོ། །རྒུན་འབྲུམ་གྱི་ཁུ་བ་བཙིར་མ་ཐག་ཏུ་ཡུན་རིང་དུ་བཞག་ཀྱང་ཕྱིས་ཆང་དུ་མི་འགྱུར་ཏེ་དྲོ་འཇའ་ཡིན་ནོ་ཞེས་སྨན་གཞིའི་ཊཱི་ཀ་ལས་ཀྱང་བཤད་ལ། རྒུན་ནི་དཔེ་སྟེ་གོང་དུ་སྨོས་པའི་བཏུང་བ་བརྒྱད་དང་དེ་དང་རུང་མཐུན་སྦྱོར་རུང་བ་རྣམས་སོ། །ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་དོ།། །།གཉིས་པ་འཕྱ་བ་ལ། དངོས་གཞིའི་ལྟུང་བ་བསྟན་པ་དང་། །བསླབ་པར་བྱ་བ་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱི་ཞལ་ཏ་པ་ལ་འཕྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་དགེ་འདུན་གྱི་ཞལ་ཏ་(༣༡བ)


K8Z003_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་དུ་བྱེད་པའི་དགེ་སློང་ལ་བཅས་ལྡན་དགེ་སློང་དམན་པའི་ཁོངས་སུ་བགྲངས་པས་བདག་དང་འབྲེལ་བའི་དོན་གྱིས་ཐོས་པར་འཕྱའམ་གཞོགས་འཕྱས་བྱས་ཏེ་དོན་དེ་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ། །དེ་ལ་གཉིས་ལས། གང་ལ་འཕྱ་བའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་དགེ་འདུན་གྱི་ཞལ་ཏ་པ་ཡིན་པ་དང་། རང་ལ་ཟས་གོས་ལ་སོགས་པ་དམན་པ་ཆེད་དུ་སྟོབ་པ་པོ་མ་ཡིན་པ་སྟེ་གང་ཟག་བཅུ་གཉིས་དག་བྱེད་པ་པོ་ཉིད་ཅེས་པ་དང་། དམན་པ་ཆེད་དུ་སྟོབ་པ་པོ་ཡིན་ན་དེ་ལ་འཕྱས་ན་ཡང་དགག་བྱ་མི་རྫོགས་པའི་ཕྱིར། གང་གིས་འཕྱ་བའི་རྟེན་ནི། ངན་པའི་གྲངས་སུ་བགྲངས་པ་སྟེ་བགྲངས་པ་ལ་ནི་དངོས་གཞིའོ་ཞེས་སོ། །མ་བགྲངས་པས་འཕྱ་ན་ནི། ཊཱི་ཀ་ལས། མ་བགྲངས་པ་ལ་ནི་ཉེས་བྱས་ཀྱིའོ། །ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བདག་དང་འབྲེལ་བའི་དོན་གྱིས་འཕྱ་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འཕྱ་བར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །གཉིས་པ་ནི། འཕྱ་བའི་ལྟུང་བྱེད་བསྐྱེད་པ་ལ་འཕྱ་བའི་ཡུལ་གང་ཟག་བཅུ་གཉིས་པོ་དག་ནི། ཊཱི་ཀ་ལས། གནས་ཁང་ཟས་ལ་བསྐོ་བ་གཉིས། །ཐུག་པ་བག་ཆོས་འབྲིམ་པ་གཉིས། །ཕྲན་ཚེགས་འབྲིམ་པར་བྱེད་པ་དང་། །སྣོད་སྤྱད་འབྲུབ་དང་གོས་ཀྱི་གཉིས། །དབྱར་གྱི་རས་ཆེན་སྦེད་དང་འགྱེད། །མངགས་གཞུག་པ་དང་མཛེས་ཆོས་ཏེ། །གང་ཟག་བཅུ་དང་གཉིས་པོ་དག །སྟོན་པས་ཡང་དག་བཤད་པ་ཡིན། །ཅེས་གསུངས་ལ། གང་ཟག་དེ་དག་ནི་ལྡང་བའི་བྱེད་པ་པོ་ཉིད་ཡིན་ཏེ། དེ་དག་གི་ཡུལ་(༣༢ན)


K8Z003_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཕྱ་ན་ལྟུང་བྱེད་དུ་འགྱུར་བའི་ཕྱིར་རོ། །གང་ཟག་བཅུ་གཉིས་པོ་དེ་དག་ནི་དགེ་འདུན་གྱི་ལས་བྱེད་པ་བསྙེན་པར་རྫོགས་པའི་དཔེ་ཙམ་དུ་ཟད་ཀྱི། འདིར་ཤིང་ཏོག་འབྲིམ་པ་ལ་སོགས་ཀྱང་བསྡུའོ་ཞེས་ཊཱི་ཀར་འཆད་དོ། །ལས་ཀྱི་བསྐོས་པ་ཁོ་ནའམ་ཞེ་ན། དགེ་འདུན་གྱིས་མ་བསྐོས་པ་དག་རྣམ་འབྱེད་འགྲེལ་པར་ནི་མ་བསྐོས་པ་ནི་རང་ཞུགས་པའོ། །ཞེས་པས་གཏན་ནས་མ་བསྐོས་ཀྱང་རང་ཉིད་སྤྲོ་བས་ཞལ་ཏ་བྱེད་པའོ། །མ་བསྐོས་པ་འདིའི་འགྲེལ་ཆུང་ལས། དགེ་འདུན་གྱི་ཆོ་གའི་ལས་ཀྱིས་ནི་མ་བསྐོས་ཀྱི། ཁས་བསྐོས་པར་ལས་བྱེད་པ་ཞེས་ཀྱང་བཤད་དོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་དོན་གཉིས་བསྡུས་ཏེ་བྱེད་པ་པོ་ཉིད་ཡིན་ནོ་ཞེས་སྔ་མར་བསྙེགས་པ་དང་བསྐོས་པ་དག་བྱེད་པ་པོ་མ་ཡིན་པར་མ་ཟད་ཅེས་བསྡུའོ། །ཞལ་ཏ་དངོས་སུ་བྱེད་པ་འབའ་ཞིག་གམ་ཞེ་ན། ཞལ་ཏ་བྱེད་པའི་སྦྱོར་བ་དག་འཕྲོ་བཅད་ཅིང་རེ་ཞིག་ངལ་བསོས་ཏེ་བག་ཡངས་སུ་བྱས་པ་ཡང་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་རྣམ་འབྱེད་འགྲེལ་པ་ལས། སྦྱོར་བ་བཏང་བ་ཞེས་བྱ་བ་ནི་རེ་ཞིག་ངལ་གསོ་བའོ་ཞེས་སོ། །འདིར་བྲ་ཤི་ན་རེ། བསྐོས་པ་ལ་འཕྱ་ན་བག་ཡངས་སུ་གནས་པ་ལ་འཕྱ་ན་ཡང་ལྟུང་བྱེད་དུ་འགྱུར་གྱི། མ་བསྐོས་པ་ལ་འཕྱ་ན་ནི་ཞལ་ཏ་དངོས་སུ་བྱེད་པ་ཡན་ལག་ཏུ་དགོས་ཏེ། ཊཱི་ཀ་ལས། མ་བསྐོས་པ་སྦྱོར་བ་མ་བཏང་བ་དག་ལ་འཕྱའམ་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །ཞེས་གསུངས་ཏེ། མ་བསྐོས་པར་སྦྱོར་བ་བཏང་བ་ནི་ཊཱི་ཀར་མ་སྨོས་པས་ཤེས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། དགེ་སློང་ཕ་མའི་ལུང་རྣམ་འབྱེད་གཉིས་ཀ་ལས་གང་ཟག་བཅུ་གཉིས་སུ་མ་བསྐོས་པ་སྦྱོར་བ་མ་བཏང་བ་དག་ལ་འཕྱ་ན་ལྟུང་བྱེད་དུ་འགྱུར་རོ། །གང་ཟག་བཅུ་གཉིས་སུ་མ་བསྐོས་པ་སྦྱོར་བ་བཏང་བ་དག་ལ་འཕྱ་(༣༢བ)


K8Z003_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ཤིང་། རྣམ་འབྱེད་འགྲེལ་པ་ལས་ཀྱང་། གང་ཟག་བཅུ་གཉིས་སུ་མ་བསྐོས་པ་སྦྱོར་བ་བཏང་བ་ལས་ཀྱང་ལྟུང་བྱེད་དོ་ཞེས་བཤད་པ་དང་འགལ་ལོ། །ལུང་ཞུ་བ་ཁ་ཅིག་ལས། གཞན་གྱི་དོན་དུ་འཕྱའམ་གཞོགས་འཕྱས་བྱེད་ན་ཉེས་བྱས་སོ་ཞེས་གསུངས་པས། འདིར་ལྟུང་བྱེད་བསྐྱེད་པ་ལ་ནི་བདག་ཉིད་ཀྱི་དགོས་པ་དང་འབྲེལ་བའི་དོན་གྱིས་གང་ལ་འཕྱ་བའི་ཡུལ་དགེ་སློང་དེས་ཐོས་པར་མིང་ནས་འབྱིན་ཅིང་འཕྱ་ཡང་ལྟུང་བྱེད་བསྐྱེད་པར་རུང་ལ། མིང་ནས་མི་འབྱིན་པ་ཟུར་གྱིས་ཁ་ཅིག་འདི་ལྟར་བྱེད་ཅེས་གཞོགས་འཕྱས་བྱེད་ཀྱང་ལྟུང་བྱེད་བསྐྱེད་པར་རུང་ངོ་། །གཞན་ཡང་ཊཱི་ཀ་ལས། འཕྱ་བ་དང་གཞོགས་འཕྱས་བྱེད་པ་དེ་གཉིས་ཀྱང་གལ་ཏེ་སྐུར་བ་གྱུར་པ་ཡིན་ན་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། བདེན་པ་ཡིན་ན་ནི་མི་འགྱུར་རོ། །ཞེས་སོ། །འཕྱ་བ་དང་གཞོགས་འཕྱས་བྱེད་པ་དེས་དགེ་འདུན་གྱིས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་དམན་པའི་གྲངས་སུ་བགྲངས་པ་ལ་ནི་དེ་ལྟར་བགྲངས་ནས་ཀྱང་འཕྱ་བ་དང་གཞོགས་འཕྱས་བྱེད་པ་ན་དངོས་གཞིའི་བྱེད་པའོ། །མ་བགྲངས་པ་ལ་ནི་ཉེས་བྱས་ཀྱིའོ་ཞེས་འགྲེལ་ཆུང་གི་མདོ་རྩ་བ་ན་ཡང་སྣང་ངོ་། །དེར་མ་ཟད་ཊཱི་ཀ་ལས་བཤད་ཅིང་། ལུང་ལས། དགེ་འདུན་གྱིས་མ་བགྲངས་ཤིང་འཕྱ་ན་ཉེས་བྱས་སུ་འགྱུར་རོ་ཞེས་སོ། །གཉིས་པ་ནི། ཚིག་ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་ནུས་པ་ཁྲོ་གཏུམ་ཅན་སླར་འཐབ་མོ་རྒོལ་ཅིང་འཁོན་དུ་འཛིན་པ་ལ་ནི་བསྐུལ་བ་དང་དྲན་པར་བྱ་བ་ལ་སོགས་པ་མངོན་སུམ་དུ་ཅུང་ཟད་ཀྱང་བརྗོད་པར་མི་བྱའོ། །དྲི་མེད་བཤེས་གཉེན་གྱིས་བསྒོར་བཏང་བའི་དགེ་སློང་གཞན་ཐབས་མཁས་པ་ངོ་བཟློག་ཕོད་པ་ལ་བསྔགས་ཞེས་སོ། །ཞེ་སྡང་བས་མི་དགའ་བར་གྱུར་པ་ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་ནུས་(༣༣ན)


K8Z003_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་རང་གིས་དགེ་འདུན་ལ་སོགས་པའི་ལས་སུ་དངོས་སུ་བསྐོ་བར་ནི་མི་བྱའོ། །བརྒྱུད་པས་ནི་བསྐོ་བར་བྱའོ། །འཕྱ་བའི་ལྟུང་བྱེད་དོ། །གསུམ་པ་བསྒོ་བ་རྣར་གཟོན་ལ། བསླབ་པར་བྱ་བ་བརྗོད་པ་དང་། །ལྟུང་བའི་རྣམ་པར་བཞག་པ་བསྟན། །ལྟུང་བ་མེད་པར་བརྗོད་པ་དང་། །བསླབ་བྱ་གཞན་ཡང་བསྟན་པའོ། །དང་པོ་ནི། སྐབས་འདིར་ཞར་ལ་བྱུང་བ་ནི་གྲངས་སུ་གཞུག་པ་བཞི་སྟེ། བཞི་གང་ཞེ་ན། གླེང་བར་གཏོགས་པའི་བསྒོ་བ་ནི་ལྟུང་བ་གླེང་བ་དང་འབྲེལ་བའི་བསྒོ་བ་སྟེ་ཁྱོད་ལ་ལྟུང་བ་བྱུང་ངོ་། །ཕྱིར་བཅོས་པར་གྱིས་ཤིག་ཅེས་བསྒོ་བ་ལྟ་བུའམ། ཊཱི་ཀ་ལས། བྱེད་པ་པོས་དྲིས་པའི་ཚིག་གང་ཡིན་པའོ་ཞེས་སོ། །དེ་ལྟར་བརྗོད་པ་ན་ཚིག་གིས་རྣ་ལ་གཟོན་པ་ནི་ཚིག་གིས་ལན་ལོག་པར་འཇལ་བ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པ་དང་། གང་ཟག་བཅུ་གཉིས་སྔར་བསྟན་པ་རྣམས་ལ་ངོར་མིང་ནས་འབྱིན་ཅིང་འཕྱ་བ་དང་། མིང་ནས་མི་འབྱིན་པར་ཟུར་གྱིས་གཞོགས་འཕྱས་བྱེད་པ་དང་། གང་ཟག་བཞི་པོ་དེ་དག་གསོལ་བ་འབའ་ཞིག་པའི་ལས་ཀྱིས་ཁྲེལ་མེད་པ་རྣམ་པ་དེ་ལྟ་བུ་ཉིད་ཀྱི་གྲངས་སུ་མི་བགྲང་བར་མི་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་ཡུལ་ཀོ་ཤཱམྦཱིའི་གདང་ཅན་གྱི་ཀུན་དགའ་ར་བར་འདུན་པས་བསྒོ་བ་རྣ་ལ་གཟོན་པ་སྟེ་ཚིག་གི་ལན་ལོག་པར་བརྗོད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དངོས་སུ་རང་གི་སེམས་བདེ་བ་ལ་གནོད་པ་དང་། བརྒྱུད་ནས་ཚུལ་ཁྲིམས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་དགེ་སློང་གི་ཆོས་དང་ལྡན་པར་བསྒོ་བ་ལ་ལན་ལོག་པར་སྨྲ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་གི་ཚིག་ལ་ལན་ལོག་པར་སྨྲ་བའི་(༣༣བ)


K8Z003_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང་། ཚིག་གང་ལ་ལན་ལོག་པར་སྨྲ་བའི་གཞིའོ། །དང་པོ་ནི། དགེ་སློང་ཆོས་དྲུག་ལྡན་ནོ། །གཉིས་པ་ནི། རང་ལ་དགེ་སློང་གིས་ཆོས་དང་ལྡན་པར་བསྒོ་བའམ་དགེ་སློང་གིས་དོན་གང་ཡང་རུང་བ་དྲིས་པའི་ཚིག་ལའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བསྒོ་བརྡ་ལ་གཟོན་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་རྣ་ལ་གཟོན་པའི་ཚིག་སྨྲ་བར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །གཉིས་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བའི་ན་སྨད་བསྟན་པའོ། །དང་པོ་ནི། རང་ལ་དགེ་སློང་གིས་ཁྱོད་ལྟུང་བ་ཕྱིར་བཅོས་གྱིས་ཤིག་ཅེས་བསྒོ་བ་ལ་སོགས་པ་བསྒོ་བ་རྣ་ལ་གཟོན་ན་ནི་ཚིག་གི་ལན་ལོག་པར་བརྗོད་ན་ལྟུང་བྱེད་བསྐྱེད་པའོ། །བསམ་པ་ནི་རྣ་ལ་གཟོན་པ་དེར་འདུན་པས་སོ། །ཇི་ལྟར་བརྗོད་པས་ཞེ་ན། དགེ་སློང་གིས་ཚིག་གི་ལན་གཞན་བརྗོད་པའམ་དོན་གཞན་དྲིས་པ་ལ་ཚིག་གི་ལན་གཞན་བརྗོད་པས་ལྟུང་བྱེད་བསྐྱེད་པའོ། །མདོ་འདིས་ནི་དྲི་བ་རྣ་ལ་གཟོན་ན་ཡང་ལྟུང་བྱེད་དུ་བསྟན་ཏོ། །འདི་ལ་ཤ་ལུགས་པ་ན་རེ། དྲི་བ་རྣ་ལ་གཟོན་པ་ལ་ལྟུང་བྱེད་མི་བསྐྱེད་དེ། གཞུང་ཞུ་བ་མང་ཤོས་དམ་པའི་ཞུ་བ་ལས། དགེ་སློང་གིས་ནོངས་པ་མ་གཏོགས་པ་དེ་ལས་གཞན་དག་བསྒོ་བ་བཞིན་དུ་མི་བགྱིད་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པས་ཤེས་སོ་ཞེས་ཟེར་རོ། །ཉེས་བྱས་དེ་ནི་སྦྱོར་བའི་ཉེས་བྱས་ལ་དགོངས་སོ་ཞེས་རིགས་སོ། །རང་ལུགས་ནི་དྲི་བ་རྣ་ལ་གཟོན་པ་ལ་ལྟུང་བྱེད་བསྐྱེད་དེ། ཞུ་བ་ཉུང་ཤོས་ལས་གཞུང་བླ་མའི་ཞུ་བ་ལས། དགེ་སློང་གིས་ནོངས་པ་མ་གཏོགས་པ་དེ་ལས་གཞན་པའི་རྒྱུ་དག་གིས་གླེང་བ་རྣ་ལ་གཟོན་པར་བགྱིད་ན་ཅིར་འགྱུར། ལྟུང་བྱེད་དོ་(༣༤ན)


K8Z003_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ལ། ལུང་རྣམ་འབྱེད་ལས། དགེ་སློང་གིས་ཇི་ཙམ་དུ་གཞན་འདྲི་བ་ལ་ལན་གཞན་འདེབས་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང་། གཞན་བརྗོད་པས་སོ་ཞེས་པའི་རང་གི་རྣམ་བཤད་དང་ཊཱི་ཀ་ལས། གཞན་འདྲི་བ་ལ་ལན་གཞན་འདེབས་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པས་ལུང་དང་བསྟན་བཅོས་གཞུང་རྣམ་དག་བཞི་པོ་དེའི་རྗེས་སུ་འབྲང་བར་བྱའོ། །བམ་པོ་ལྔ་བཅུ་པ་ལས་ཀྱང་། ཇི་ཙམ་དུ་གཞན་འདྲི་བ་ལ་ལན་གཞན་འདེབས་པ་ཐམས་ཅད་ལ་ན་སྨད་པ་མེད་དོ་ཞེས་སོ། །གཞན་བརྗོད་པས་སོ་ཞེས་པ་འདིས་དྲི་བ་རྣ་ལ་གཟོན་པ་ལ་ལྟུང་བྱེད་དུ་བསྟན་ན་ནི་རྫོགས་ཚིག་ལས་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དོ་ཞེས་གསུངས་པ་དེས་ཅི་བྱ་ཞེ་ན། དེ་ནི་ཕྱོགས་གཅིག་གི་མིང་ནས་སྨོས་པ་སྟེ། དཔེར་ན་གསེར་དངུལ་ལ་རེག་པའི་སྤང་བའོ་ཞེས་གསུངས་པ་བཞིན་ནོ། །འདིར་བམ་པོ་ལྔ་བཅུ་པའི་མཁན་པོ་ལ་སོགས་པ་ཁ་ཅིག་ནི་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་བསྐྱེད་པ་ལ་གྲངས་སུ་བགྲངས་པ་ཡན་ལག་ཏུ་དགོས་ཞེས་འཆད་དེ། དེ་ཡང་ཞལ་ཏ་པ་ལ་འཕྱ་བའི་ལྟུང་བྱེད་བསྐྱེད་པ་ལ་ནི་གྲངས་སུ་བགྲངས་བ་ཡན་ལག་ཏུ་དགོས་པ་དང་འདྲ་བར་འདིར་ཡང་བསྟན་ཏེ། བམ་པོ་ལྔ་བཅུ་པའི་བསྒོ་བ་རྣ་ལ་གཟོན་པའི་སྐབས་ལས་འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གིས་དང་། གླེང་བར་གཏོགས་པའི་བསྒོ་བ་དང་ཚིག་གི་རྣ་ལ་གཟོན་པ་དང་། དེར་འདུན་པ་དང་། དགེ་འདུན་གྱིས་དེའི་གྲངས་སུ་བཅུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ་ཞེས་བཤད་ཅིང་། ཡང་དེ་ཉིད་ལས། དགེ་འདུན་གྱིས་དེའི་གྲངས་སུ་མ་བཅུག་པ་ལས་ཉེས་བྱས་སོ་ཞེས་བཤད་དོ། །འགྲེལ་ཆུང་གི་བསྒོ་བ་རྣ་(༣༤བ)


K8Z003_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཟོན་པའི་སྐབས་ལས་ཀྱང་ཁྱོད་ངོ་ཚ་ཤེས་པའི་ཚུལ་ཁྲིམས་དང་མི་ལྡན་པ་འདི་རྣམས་ཀྱི་ནང་དུ་གཏོགས་པར་བགྲངས་ཞེས་བྱ་སྟེ་མ་བགྲངས་ན་ལྟུང་བ་དེ་ཡན་ལག་གཅིག་ཅེས་བཤད་དོ། །འོན་ཀྱང་བཤད་པ་དེ་དག་མི་གཙོ་སྟེ་འདུལ་བ་ལུང་དང་མདོ་རྩ་བ་ལས་བསྒོ་བ་རྣ་ལ་གཟོན་གྱི་ལྟུང་བྱེད་བསྐྱེད་པ་ལ་གྲངས་སུ་བགྲངས་པ་ཡན་ལག་ཏུ་དགོས་པ་ནི་ཚིག་གཅིག་ཀྱང་མ་གསུངས་ལ། བསྒོ་བ་རྣ་ལ་གཟོན་པའི་སྐབས་འདིར་གླེང་གཞི་དང་འབྲེལ་ནས་གྲངས་སུ་གཞུག་པ་བསླབ་བྱར་བསྟན་པ་སྟེ། ལྟུང་བྱེད་འདི་བསྐྱེད་པའི་ཡན་ལག་ཏུ་མ་བསྟན་པའི་ཕྱིར་རོ། །དཔེར་ན་སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ཀྱི་སྐབས་སུ་དེ་ལ་གསོལ་བས་སྨད་པ་ཉིད་བསླབ་བྱར་བསྟན་ཀྱང་སྨད་པ་དེ་ལྟུང་བྱེད་དེའི་ཡན་ལག་མ་ཡིན་པ་བཞིན་ནོ། །གཉིས་པ་ནི། དགེ་སློང་གིས་བསྒོ་བ་ན་ལན་ཅང་མི་སྨྲ་བས་རྣ་ལ་གཟོན་ན་ཉེས་བྱས་སོ། །དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་པ་དེར་འདུན་པས་མི་དྲན་ནོ་ཞེ་ན་ཡང་བསྒོ་བ་རྣར་གཟོན་གྱི་ཉེས་བྱས་སོ། །གཏམ་འདྲི་བ་ལ་ལན་ལོག་པར་གླན་པའི་ཕྱིར་མི་དྲན་ནོ་ཞེས་བྱས་ན་ཡང་ཉེས་བྱས་སོ། །གསུམ་པ་ནི། དྲི་བ་རྣ་ལ་གཟོན་ན་ཉེས་པ་བསྐྱེད་པ་དེ་ཐམས་ཅད་དུའམ་ཞེ་ན། གལ་ཏེ་ཕ་རོལ་པོའི་དྲི་ལན་དྲང་པོར་སྨྲས་ན་བརྗོད་པར་བྱ་བའི་སེམས་ཅན་གཞན་སྡུག་བསྔལ་བར་གྱུར་པ་ཡིན་ན་དོན་གཞན་འདྲི་བ་ལ་ལན་གཞན་བརྗོད་ཀྱང་ལྟུང་བ་མེད་དོ། །དེའི་ཕྱིར་གཤེད་མ་བདག་གིས་དགེ་སློང་ལ་འདི་སྐད་ཅེས་བསད་པར་བྱ་བ་མཐོང་ངམ་ཞེས་འདྲི་བ་ལས། དགེ་སློང་གིས་མཐོང་བཞིན་དུ་ངས་རེ་ཞིག་མེ་འདེའོ། །རེ་ཞིག་སྐོམ་འཐུང་ཤིག །རེ་ཞིག་ངལ་བསོའོ། །ཅི་ནམ་མཁའ་མཐོང་ངོ་། །སེན་མོ་མཐོང་ངོ་ཞེས་བརྗོད་པ་དང་། ལུང་དགེ་སློང་མའི་རྣམ་འབྱེད་ལས། འདུ་ཤེས་ཐམས་ཅད་སྟོང་པ་ཉིད་དུ་མོས་པར་བྱས་ལ་དོན་དམ་པར་ན་སེམས་ཅན་ནམ་བསད་(༣༥ན)


K8Z003_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་མ་མཐོང་ངོ་། །ཞེས་སྨྲས་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་གོ་བྱ་ལ་འདུ་ཤེས་བསྒྱུར་བས་བརྫུན་ཡིན་ཀྱང་གསོད་བྱེད་གཞན་གྱི་མི་དགེ་བ་དང་གསད་བྱ་གཞན་སྲོག་བསྐྱབ་པའི་ཕྱིར་བརྫུན་དེ་ཙམ་ཞིག་གནང་བ་ཡིན་ནོ་ཞེས་ཞལ་ལུང་ལས་ཐོས་ཏེ། དེ་ལ་ཁ་ཅིག་ན་རེ། བརྫུན་ཆོས་ཅན། གནང་བ་མི་སྲིད་པར་ཐལ། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར། འདིར་སེམས་ཅན་མ་མཐོང་ངོ་ཞེས་པ་ནི་དོན་དམ་པར་ན་གང་ཟག་གི་བདག་ཏུ་ཀུན་ཏུ་བཏགས་པའི་སེམས་ཅན་མ་མཐོང་བ་ལ་དགོངས་པས་བརྫུན་མ་ཡིན་ནོ་ཞེས་ཟེར་རོ། །འོན་ཀྱང་བརྗོད་བྱ་ལ་འདུ་ཤེས་མ་བསྒྱུར་ཡང་གོ་བྱ་ལ་འདུ་ཤེས་བསྒྱུར་བས་བརྫུན་ཡིན་ཏེ། དེ་ལྟར་མ་ཡིན་ན་བག་ཙམ་གྱིས་སྐུར་པ་བ་འདེབས་པ་ལ་ཡང་བརྫུན་མ་ཡིན་པར་ཐལ་བར་འགྱུར་རོ། །འདོད་ན། བརྗོད་པར་བྱ་བ་གཞན་ལ་གནོད་པའི་ཚིག་གིས་བརྫུན་ནའོ་ཞེས་སོ། །གཞན་ཡང་རྩོད་གཞི་ལས་གནས་སུ་མི་བཞག་ཅེས་གསུངས་པ་དང་། གནས་མལ་གྱི་གཞི་ལས་ཁྱོད་རིམས་ཀྱིས་མ་བཏབ་བམ་ཞེས་བརྗོད་ཅེས་གསུངས་པ་དང་ཡང་ཁྱོད་འགལ་ལོ། །དེ་བརྫུན་སྨྲ་བ་མ་ཡིན་ནོ་སྙམ་ན། དེ་ནི་བརྗོད་བྱ་ལ་འདུ་ཤེས་མ་བསྒྱུར་ཡང་གོ་བྱ་ལ་འདུ་ཤེས་བསྒྱུར་བ་ཡིན་ཏེ། ཉོན་མོངས་པའི་རིམས་ལ་བསམས་ནས་བརྗོད་ཀྱང་། ཚད་པའི་རིམས་ལ་གོ་བར་འདོད་པའི་ཕྱིར་རོ། །དགེ་མི་དགེ་ནི་བསམ་པའི་རྗེས་སུ་འབྲང་བས་ན་བརྫུན་ཐམས་ཅད་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པར་མི་གྲུབ་བོ། །འོ་ན་སྲོག་གཅོད་པའི་ལུས་ཀྱི་ལས་ལ་ཡང་ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན། སྲོག་གཅོད་པ་ལྟ་བུ་ནི་གནང་བ་མི་སྲིད་དོ། །ངག་གི་ལེགས་ཉེས་ཐ་མལ་གྱི་ཤེས་པས་ཕན་གནོད་ཀྱི་ས་མཚམས་བཟུང་བར་ནུས་ཀྱང་། སྲོག་གཅོད་པ་ལྟ་བུ་ལུས་ཀྱི་བྱ་བ་རྣམས་ཀྱི་(༣༥བ)


K8Z003_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཉེས་ནི་ཐ་མལ་གྱི་ཤེས་པས་ཕན་གནོད་ཀྱི་ས་མཚམས་བཟུང་བར་མི་ནུས་པའི་ཕྱིར་ཞེས་བླ་མ་རྣམས་ཀྱིས་གསུངས་སོ། །བརྗོད་བྱ་ལ་འདུ་ཤེས་མ་བསྒྱུར་ཡང་གོ་བྱ་ལ་འདུ་ཤེས་བསྒྱུར་བས་བརྫུན་དུ་འགྲོ་ན། འོ་ན་སངས་རྒྱས་ཀྱིས་ལྡེམ་དགོངས་གསུངས་པ་རྣམས་ཀྱང་བརྫུན་དུ་ཐལ་ཅེ་ན། ཅི་སངས་རྒྱས་ལ་འདུ་ཤེས་ཡོད་པར་སུ་ཡིས་འདོད་ལ། མཐའ་གཅིག་ཏུ་ན་སངས་རྒྱས་ཀྱི་ངོ་ནས་བརྫུན་དུ་ཡང་སོང་བས་སེམས་ཅན་ལ་བརྫུན་དུ་མ་སོང་བ་ཡང་ཡོད་དེ། སངས་རྒྱས་ཀྱིས་འཁྲུལ་སྣང་ཐམས་ཅད་བརྫུན་པར་གཟིགས་ཀྱང་བྱིས་པས་དེ་དོན་དམ་པར་བདེན་པར་མཐོང་བ་བཞིན་ནོ། །ཡང་ན་མདོ་འདི་ལ་ཁོ་བོའི་རིགས་བདག །དུལ་མོ་བཀྲ་ཤིས་འོད་ཟེར་བཅོམ་ལྡན་འདས་འོད་ཟེར་ཞབས་ཀྱི་ཞལ་སྔ་ནས། སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ཀྱང་གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོར་གྱུར་པའི་དབུ་མའི་ལྟ་བ་ཁོ་ན་སྟོན་པ་ཡིན་ལ། དེའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཞོལ་བ། སྟོང་པ་ཉིད་དུ་བབ་པར་བསྟན་པས་སེམས་ཅན་ལ་སོགས་པར་བརྗོད་པའི་བདག་ཉིད་ནི་འཕགས་ཆེན་གྱི་གཟིགས་ངོ་ན་མི་སྣང་བར་མདོ་འདིས་ཀྱང་གསལ་བར་བྱས་པ་ཡིན་ཅེས་བཀའ་བསྩལ་ཏོ། །དེའི་ཕྱིར་བརྗོད་ན། རྗེ་དུས་གསུམ་མཁྱེན་པའི་ཞལ་ནས། ལྟ་བ་དེ་མཐའ་བྲལ་ཆེན་པོ་ལ། །གྲུབ་མཐའི་ཞེན་པས་མ་བསླད་པར། །ཡང་དག་ཉིད་ལ་ཡང་དག་བལྟས། །འདི་རང་གི་སེམས་དང་འབྲེལ་བ་གཅེས། །ཞེས་འབྱུང་བའི་དོན་བཤད་ན། སྤང་བར་བྱ་བ་མཐོང་སྒོམ་གྱི་མི་མཐུན་ཕྱོགས་ཀྱི་ལྟ་བ་བཞི་སྟེ། འཇིག་ཚོགས་སུ་ལྟ་བ་དང་། མཐར་འཛིན་གྱི་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་དང་། བདག་ཏུ་ལྟ་བའོ། །དང་པོ་ལ་དགོངས་ཏེ། དཔལ་རང་བྱུང་གི་ཞལ་ནས། འདས་པའི་རྟག་འཛིན་(༣༦ན)


K8Z003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་སྐྱོན། །གཅིག་པུར་སྨྲ་བ་ཚངས་པ་པ། །རྒྱུ་མེད་ལྟ་བ་རྣམ་གཉིས་ནི། །སྒོམ་པས་གཟུགས་མེད་འཕོ་བ་མཐོང་། །རྟོག་གེས་རྒྱུ་འབྲས་མ་དམིགས་པའོ། །མཐའ་ལྡན་དང་ནི་ལྷ་མི་སྤོང་། །རང་བཞིན་བླུན་པོའི་རྒྱུ་ཡིས་བྱུང་། །ཕྱིན་ཆད་བདག་གི་འདུ་ཤེས་ཅན། །འདུ་ཤེས་མེད་པར་འཛིན་པ་ལ། །སོ་གཉིས་གཟུགས་དང་འདུ་ཤེས་ཀྱི། །གནས་ལ་བདག་ཏུ་ལྟ་བ་སྟེ། །ཆད་དང་མྱང་འདས་འདུ་ཤེས་ཅན། །བཅུ་གཉིས་ཁམས་གསུམ་ལྷ་ཡི་རིགས། །འདོད་རྟེན་རེག་དང་བཅས་པ་ཡིན། །འདི་དག་ལ་བརྟེན་རྟག་ཆད་ཀྱི། །ལྟ་བའི་རྣམ་གྲངས་དཔག་མེད་འབྱུང་། །སྤངས་ཏེ་ཡང་དག་དོན་ལ་ལྟ། །ཞེས་འཇིག་ལྟའི་ངོ་བོ་འཇིག་རྟེན་པའི་བསམ་གཏན་ལ་འཁྲུལ་པ་དང་། རྟོག་གེ་པ་སྤྱོད་པའི་ཤེས་རབ་ལ་བརྟེན་ནས་འཁྲུལ་པའི་ལྟ་བ་དྲུག་ཅུ་རེ་གཉིས་ཀྱི་དོན་བསྡུས་པར་མཛད་དོ། །གཉིས་པ་ལ་དགོངས་ཏེ། སངས་རྒྱས་བྱམས་པས། ཐ་དད་པ་དང་གཅིག་མཐའ་དང་། །མུ་སྟེགས་ཉན་ཐོས་གཉིས་ཀ་དང་། །གང་ཟག་ཆོས་ལ་སྒྲོ་འདོགས་དང་། །སྐུར་འདེབས་མཐའ་རྣམ་གཉིས་ཀ་དང་། །མི་མཐུན་ཕྱོགས་དང་གཉེན་པོའི་མཐའ། །རྟག་དང་ཆད་པར་འདུ་ཤེས་དང་། །གཟུང་དང་འཛིན་དང་ཀུན་ཉོན་མོངས། །རྣམ་པར་བྱང་ལ་གཉིས་དང་གསུམ། །རྣམ་པར་རྟོག་པ་གཉིས་ཀྱི་མཐའ། །དེ་ནི་རྣམ་པ་བདུན་དུ་འདོད། །དངོས་ཡོད་དངོས་མེད་ཞི་བྱ་དང་། །ཞི་བྱེད་སྐྲག་བྱ་དེ་ལ་འཇིགས། །གཟུང་དང་འཛིན་དང་ཡང་དག་ཉིད། །ལོག་པ་ཉིད་དང་བྱེད་དང་མིན། །སྐྱེ་བ་མེད་དང་མཉམ་དང་དུས། །དེ་ནི་རྣམ་རྟོག་གཉིས་ཀྱི་མཐའ། །ཞེས་གསུངས་པས། དཀོན་བརྩེགས་སུ་འོད་སྲུངས་ཀྱིས་ཞུས་པར་མཐར་ལྟ་ཉི་ཤུ་གསུངས་པའི་དོན་བསྡུས་པར་མཛད་དོ། །གསུམ་པ་ལ་དགོངས་ཏེ། (༣༦བ)


K8Z003_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རང་བྱུང་གི་ཞལ་སྔ་ནས། མུ་སྟེགས་ཚུལ་ཁྲིམས་བརྟུལ་ཞུགས་རྣམས། །ངན་འགྲོར་ལྟུང་བ་བྱེད་པའི་རྒྱུ། །ཐེག་གསུམ་ཚུལ་ཁྲིམས་བརྟུལ་ཞུགས་རྣམས། །ལྷག་པའི་རིག་འཛིན་རྒྱུར་གསུངས་ལ། །ཡང་དག་ལྟ་བས་མ་ཟིན་ཅིང་། །མཆོག་འཛིན་ལྷ་མིའི་རྒྱུར་འགྱུར་ཏེ། །ཤེས་རབ་ཀྱིས་ཟིན་ཡང་དག་ལམ། །ཞེས་གསུངས་སོ། །བཞི་པ་ལ་དགོངས་ཏེ། དཔལ་རང་བྱུང་ཞབས་ཀྱིས། ཕྱི་རོལ་མུ་སྟེགས་བདག་རྟོག་ནི། །ཐོབ་བྱར་འདོད་པས་འཁྲུལ་པ་སྟེ། །བདག་ཏུ་རྟོག་པ་ཉོན་མོངས་ཅན། །དེ་སྤངས་ཡང་དག་རྟོགས་པ་ལ། །བརྟེན་ནས་ཡང་དག་ལྟ་བ་འབྱུང་། །དེ་ལ་བདག་མེད་དོན་དུ་བཤད། །ཅེས་འབྱུང་བའི་ལྟ་བ་བཞི་པོ་དེ་སྤངས་པའི་ཡང་དག་པའི་ལྟ་བ་སྟེ། དེ་ནི་སེམས་རང་བཞིན་འོད་གསལ་བ་སེམས་ཡིད་རྣམ་པར་ཤེས་པས་དབེན་པ་སྟེ། གནས་ལུགས་འདི་རྟོགས་པའི་ཐབས་སུ་ནི་ཡིད་ལ་གང་ཡང་མི་བྱེད་པ་ཙམ་དང་། རྟོག་དཔྱོད་ནུབ་པ་ཙམ་དང་། ཉེ་བར་ཞི་ཞིང་མི་རྟོག་པ་ཙམ་དང་། ངོ་བོས་མི་རྟོག་པ་དང་། མི་རྟོག་པ་མངོན་རྟགས་སུ་བྱེད་པ་སྟེ་འདི་རྣམས་ནི་མི་མཐུན་པའི་ཕྱོགས་ཏེ། དང་པོ་ནི། བྱིས་པ་གཉིད་ལོག་པ་དང་ར་རོ་བ་ལྟ་བུའོ། །གཉིས་པ་ནི། བསམ་གཏན་གཉིས་པ་ལ་སོགས་པ་དང་། གསུམ་པ་ནི། ཚོར་བ་དང་འདུ་ཤེས་འགོག་པའི་སྙོམས་འཇུག་དང་། བཞི་པ་ནི། ཕྱི་རོལ་གྱི་དོན་དང་། ལྔ་པ་ནི། དེ་ཉིད་འཛིན་པ་དང་བཅས་པ་ཡིན་པས་འདི་ལྔ་སྤངས་པའི་རྣམ་པར་མི་རྟོག་པ་སྟེ་རྒྱས་པར་རྣམ་པར་མི་རྟོག་པ་ལ་འཇུག་པ་དང་། ཆོས་དང་ཆོས་ཉིད་རྣམ་འབྱེད་ལས་གསུངས་ལ། འདི་དག་གི་དོན་བསྡུས་ཏེ་བསྟན་པ་ནི། དཔལ་རང་བྱུང་གི་ཞལ་སྔ་ནས། བདག་དང་རྟག་ཆད་ལྟ་བུ་མུ་སྟེགས་བྱེད། །བདག་མེད་ཁོ་ནར་ལྟ་བ་ཐེག་ཆུང་ཡིན། །རྣམ་རྟོག་མཚན་མར་ལྟ་བ་བྱིས་པ་སྟེ། །(༣༧ན)


K8Z003_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་མེད་ལྔ་པོར་ལྟ་བ་འཇིག་ཚོགས་ཡིན། །ཇི་སྙེད་བཤད་པ་ཐམས་ཅད་རྟོག་པ་སྟེ། །གནས་གྱུར་ཐོབ་ཅིང་མཚན་མ་ཀུན་བྲལ་བ། །ཡུལ་དང་ཡུལ་ཅན་གཉིས་ཀྱི་འཁྲུལ་པ་ཞིག །ཞི་ལྷག་འདྲེས་པ་ལྟ་བའི་མཐར་ཐུག་ཡིན། །དེ་ཡང་བླ་མའི་གདམས་ངག་བྱིན་རླབས་དང་། །བློ་གྲོས་ལྡན་ལ་མངོན་སུམ་ཉིད་དུ་འགྱུར། །ཞེས་འབྱུང་བ་ལྟར་དོན་དམ་པར་ན་འཁྲུལ་པ་དང་ཀུན་རྫོབ་ཀྱི་ཆོས་མ་རིག་པས་བསླད་པ་ཐམས་ཅད་ཡང་དག་པར་ན་མ་མཐོང་བ་སྟེ། བྱང་ཆུབ་སྤྱོད་པའི་སྨོན་ལམ་ལས། སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །སེམས་ཅན་མ་མཆིས་སྲོག་མ་མཆིས། །གང་ཟག་མ་མཆིས་གསོབ་མ་མཆིས། །ཞེས་འབྱུང་བ་ལྟར་ངེས་པའི་དོན་དུ་བཟུང་ངོ་། །བཞི་པ་ནི། ཕྱོགས་གང་དུ་ཆེ་གཞི་དཔང་པོ་ཉིད་བྱ་དགོས་པར་འགྱུར་བ་ཞལ་དཔང་དུ་གསོལ་ལོ་ཞེས་ཟེར་བར་འགྱུར་བའི་གནས་དེར་གནས་པར་རམ་བསྟེན་པར་མི་བྱའོ། །ལུང་ལས། དགེ་སློང་གིས་འཐབ་མོའི་ནང་དུ་གནས་པར་མི་བྱ་ཞིང་ཐག་རིང་པོ་ཁོ་ནར་བྱོལ་བར་བྱའོ་ཞེས་སོ། །ཆེ་གཞི་ཆེ་བ་ལས། གཞན་བསད་པ་དང་བཅིངས་པ་ལ་སོགས་པ་གནོད་པ་བྱུང་དུ་དོགས་ན་གནོད་པའི་སྒོ་མ་བཅད་པའི་དགེ་སློང་དེས་ཆེ་གཞི་དབྱེ་བར་མི་བྱའོ། །བི་མ་ལས། གནོད་པ་མི་བྱ་བར་མི་བཏུབ་ན་ཁ་བཙུམ་སྟེ་འདུག་གོ་ཞེས་སོ། །སྨྲས་པ། བསྟན་འཛིན་གྲགས་པ་ཞིག་གི་མགྲིན་པ་ནས། །ཆགས་སྡང་ལྕེ་གཉིས་བསྐྱེད་པའི་འཁྲུལ་སྟབས་ཀྱིས། །རང་གཞན་གཉིས་ཀར་གནོད་པའི་དུག་གི་སྤྲིན། །ཀུན་ཏུ་རྨོངས་པའི་འཆིང་བ་སྤེལ་བ་འབྱུང་། །བཤེས་གཉེན་ངན་པའི་ལྷུན་པོར་གནས་བཅས་ཤིང་། །འཐབ་རྩོད་ཀུ་ཤའི་མྱུ་གུས་ལུས་སིམ་ནས། །བག་ཡངས་རྨ་བྱ་གཞོན་ནུའི་འཆལ་གཏམ་གྱི། །གཤོག་ཡངས་དམ་པའི་གན་དུའང་རྐྱོང་བར་བྱེད། །ང་རྒྱལ་(༣༧བ)


K8Z003_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཞུན་མའི་མདངས་ཀྱིས་མཛེས་པ་ལས། །སྐྱོན་མེད་དགེ་བའི་བཤེས་ཀྱིས་རིང་ནས་བྱོལ། །དེ་ཚེ་ཁེངས་པའི་འབྲུག་སྒྲ་སྒྲོག་པ་ནས། །མོས་ལྡན་སློབ་མའི་ཀླད་པ་འགེམས་པར་བྱས། །དེ་འདྲའི་ཕྲེང་བར་བསྒྲིགས་པའི་ཁོར་ཡུག་གི། །དབུས་ན་དཔལ་ལྡན་དྭགས་པོའི་བསྟན་པ་ཡང་། །ཟླ་བ་སྒྲ་གཅན་བརྒྱ་ཡིས་ཟོས་པ་འདྲ། །བསྟན་ལ་བསམ་རྣམས་འདི་ལ་བཟོད་ཕོད་དམ། །བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དོ། །བཞི་པ་གནས་མལ་མ་བསྡུས་པ་ལ། ཡན་ལག་སེལ་བའི་གནས་སྐབས་དང་། །བསླབ་པར་བྱ་བའི་གནས་སྐབས་སོ། །དང་པོ་ལ། ལྟུང་བ་ལྟུང་མེད་བཅས་ཏེ་བསྟན། །དངོས་གཞིའི་དོགས་གཅོད་བསླབ་བྱ་བརྗོད། །དངོས་གཞིའི་ལྟུང་དང་སེལ་བའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་གིས་དགེ་འདུན་རྣམས་ཀྱི་གནས་མལ་མ་བསྡུས་པར་སོང་བ་ལ་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིས་དགེ་འདུན་གྱི་གནས་མལ་ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གི་དགེ་འདུན་གྱི་གནས་མལ་དེ་མ་བསྡུས་པར་བླ་གབ་མེད་པ་ལྟ་བུས་ཕན་ཕུན་དུ་འགྱུར་བའི་ཉེན་ཅན་གྱི་ཕྱོགས་སུ་བཞག་སྟེ། ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། དངོས་པོ་དང་གནས་དང་རྟེན་ནོ། །དང་པོ་གང་བཞག་པའི་དངོས་པོ་བཞི་ལས། དགེ་འདུན་དབང་བའི་གནས་མལ་ཡིན་པ་སྟེ་དགེ་འདུན་གྱི་གནས་མལ་ཉིད་ཅེས་སོ། །སེལ་བ་ནི་གང་ཟག་གི་ཡང་ངོ་ཞེས་ཉེས་བྱས་སོ། །དེ་ཡང་ཕན་ཕུན་དུ་འགྱུར་བའི་ཉེས་ཅན་ཡིན་པ་སྟེ་རེག་པར་བྱ་བ་མ་ཡིན་པ་ཉིད་ལ་ནི་ཞེས་སོ། །རུང་བ་དང་ཚད་དང་ལྡན་པ་གཉིས་ནི་སྤྱིར་(༣༨ན)


K8Z003_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལས་སོ། །གཉིས་པ་གང་དུ་བཞག་པའི་གནས་ནི་ཕན་ཕུན་དུ་འགྱུར་བའི་ཉེན་ཅན་ཡིན་པ་སྟེ་བླ་གབ་མེད་པར་བཞག་པ་ཞེས་སོ། །གསུམ་པ་གང་གིས་འཇོག་པའི་རྟེན་ལ་བཞི་སྟེ། རང་ངམ་བསྐོས་པས་བཞག་པར་བྱས་པ་ཡིན་པ་དང་། བརྟུལ་བར་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པ་དང་། སྡུད་པར་བཅོལ་བའི་དགེ་སློང་མེད་པ་ཡིན་པ་དང་། བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་སྟེ། འདི་ཉིད་ལས། རང་ངམ་བསྐོས་པས་བླ་གབ་མེད་པར་བཞག་པར་བྱས་པ་ཞེས་པ་དང་། སོ་སོར་ཐར་པ་དང་རྣམ་འབྱེད་གླེང་གཞི་བསྟན་པ་ལས། དགེ་འདུན་གི་གནས་མལ་བླ་གབ་མེད་པར་བཏིང་ངམ་འདིངས་སུ་བཅུག་ན་ཞེས་པ་ནི་མཚོན་པ་སྟེ་བཏིང་རུང་མ་བཏིང་རུང་གནས་མལ་དེ་བླ་གབ་མེད་པར་བཞག་སྟེ་སོང་ན་ལྟུང་བྱེད་དུ་འགྱུར་ཏེ། ཞེས་དང་། ལུང་རྣམ་འབྱེད་ལྟུང་བ་བསྟན་པའི་སྐབས་ལས། དགེ་འདུན་གྱི་གནས་མལ་བླ་གབ་མེད་པར་བཞག་སྟེ་དེ་ནས་སོང་ན་ཉེ་འཁོར་སྤངས་ན་ལྟུང་བྱེད་དུ་འགྱུར་ཞེས་གསུངས་པ་དང་། མདོ་རྩ་ཉིད་ལས་ཀྱང་། རང་ངམ་བསྐོས་པས་བླ་གབ་མེད་པར་བཞག་པར་བྱས་པ་ཞེས་གསུངས་ཀྱི། རང་ངམ་བསྐོས་པས་བཏིང་བ་ཞེས་ནི་མ་གསུངས་པའོ། །བརྟུལ་བར་བྱས་སམ་བྱེད་དུ་བཅུག་པ་ལ་ནི་ཞེས་པ་མདོ་གསུམ་གྱིས་བསྟན་ཏོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་དགེ་འདུན་གྱི་གནས་མལ་མ་བསྡུས་པར་གནས་དེའི་ནང་དུ་གཉིད་ལོག་པ་དང་། སྙོམས་པར་འཇུག་འདོད་པའམ་ཉེ་འཁོར་ལས་འདའ་ཞིང་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གནས་མལ་གྱི་གནས་དེའི་ནང་དུ་གཉིད་ཉལ་བ་ལ་སོགས་པའམ་གནས་དེའི་ཉེ་འཁོར་འདོམ་བཞི་བཅུ་རྩ་དགུ་ལས་འདས་ཤིང་འགྲོ་བའོ། །མཐར་(༣༨བ)


K8Z003_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་ནི་གཉིས་ཏེ། ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་འདས་པའོ། །གཉིས་པ་ནི། གནས་མལ་གྱི་ལྟུང་བྱེད་དོ་ཞེས་འོག་ཏུ་སྨོས་ན་གནས་མལ་དེ་དང་གང་ཡིན་ཅེ་ན་ཉལ་བ་ལ་སོགས་པའི་ཁྲི་དང་། འདུག་པའི་ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ལྭ་བ་དང་ཞེས་པ་ནི་བལ་ལས་བྱས་པའི་གོས་སྤུ་དང་བཅས་པའོ། སྔས་ནང་ཚངས་ཅན་ལ་སོགས་པ་དང་། གོར་བུ་ནི་སྟན་ཟླུམ་པོ་ལ་སོགས་པའོ་ཞེས་ཊཱི་ཀ་ལས་བཤད་ཅིང་། ཕ་རྣམ་དང་མ་རྣམ་ནས་གྲུ་བཞིར་ཡང་བཤད་དོ་ཞེས་བྱ་བ་ནི་སྨོས་པ་དེ་དག་སྟེ་གནས་མལ་ལོ། །གནས་མལ་གྱི་ཉེ་འཁོར་འདས་ན་ལྟུང་བྱེད་བསྐྱེད་ན་དེའི་ཉེ་འཁོར་གྱི་ཚད་ནི་ཇི་ཙམ་ཞེ་ན། གནས་མལ་གང་དུ་འདུག་པ་དེ་ནས་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ནི་གནས་མལ་དེའི་ཉེན་ཀོར་རོ། །གཙུག་ལག་ཁང་དང་ཁང་ཁྱིམ་དག་རྩིག་པ་ལ་སོགས་པས་བསྐོར་བ་ལ་ནི་སྒོ་ཁང་ནས་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ནི་དེའི་ཉེ་འཁོར་རོ། །ཕྱིར་བས་བསྐོར་བ་མེད་ན་སྟན་གང་ལ་འདུག་པའི་གནས་ནས་འདོམ་བཞི་བཅུ་རྩ་དགུར་བཅལ་ལོ། །གནས་མལ་གྱི་ཉེ་འཁོར་དེ་ལས་འདས་པར་འགྲོ་བའི་ཕྱིར་བློ་སྔོན་དུ་བཏང་ནས་འགྲོ་ན་ལྟུང་བྱེད་བསྐྱེད་པར་མ་ཟད་བརྗེད་པས་ཀྱང་གནས་གཞན་དུ་འཕགས་ཤིང་འགྲོ་བ་དང་། གནས་མལ་གྱི་ནང་དུའམ་གནས་དེའི་ནང་གཙུག་ལག་ཁང་དུ་ཞུགས་ཏེ་གཉིད་ལོག་པ་དང་སྙོམས་པར་ཞུགས་པ་ལ་སོགས་པས་ནི་བྱ་བ་གཞན་ལ་སེམས་གཡེང་བ་དང་ཕན་ཕུན་གཞན་ཡང་བསྡུས་སོ། །དེས་ན་ཁ་ན་མ་ཐོ་བ་འདིའི་རྒྱུར་གྱུར་པ་ལྐོག་ཏུ་གྱུར་པ་རྣམས་གཉིས་ཡིན་ནོ་སྟེ། གནས་མལ་དེ་དགེ་སློང་རང་ཉིད་ཀྱི་མངོན་སུམ་དུ་གྱུར་པ་མ་ཡིན་པར་ལྐོག་ཏུ་ལུས་པར་གྱུར་པས་ལྟུང་བ་བསྐྱེད་པ་གཉིས་ཡིན་ཏེ། ཕན་ཕུན་དུ་གྱུར་པ་དང་ལམ་འདས་པ་གཉིས་ཡིན་ནོ་ཞེས་བསྟན་ཏོ། །འདོམ་བཞི་(༣༩ན)


K8Z003_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྩ་དགུ་ལས་འདས་པ་དང་། ཕན་ཕུན་གྱི་མདུན་རོལ་དེར་མ་གྱུར་པའི་བར་དུ་ནི་སྦྱོར་བའི་ཉེས་བྱས་སོ། །གནས་མལ་ཕན་ཕུན་དུ་གྱུར་པ་དང་། འདོམ་ཞེ་དགུ་ལས་འདས་པ་ལ་ནི་མཐའོ་སྟེ་ལྟུང་བྱེད་དངོས་གཞི་འབྱུང་བའོ། །གནས་མལ་བརྟུལ་བ་རང་གཞན་གྱིས་མངོན་སུམ་པར་བྱས་སམ་བྱེད་དུ་བཅུག་པ་ལ་ནི་སྦྱོར་བ་དང་མཐའ་དེ་དག་མི་འབྱུང་ངོ་། །མངོན་དུ་བརྟུལ་བ་མིན་ཀྱང་གནས་མལ་འདི་བསླུས་ཤིག་ཅེས་བཅོལ་བའི་དགེ་སློང་ཡོད་པ་ལ་ཡང་སྦྱོར་མཐའ་དེ་དག་མི་འབྱུང་ངོ་། །མེ་ཆུའི་རྐྱེན་གྱིས་སྲོག་གི་བར་ཆད་སོགས་ཉམ་ང་བ་དང་ཕྲད་པ་ལ་ཡང་སྦྱོར་མཐའ་དེ་དག་མི་འབྱུང་ངོ་། །གཉིས་པ་ནི། གནས་མལ་བླ་གབ་མེད་པར་གཞན་གྱིས་བཏིང་ཟིན་པ་ལ་རང་གིས་ལོངས་སྤྱོད་པ་ལ་ནི་དེ་མ་བསྡུས་ཤིང་སྡུད་དུ་མ་བཅོལ་བར་འགྲོ་ན་ལྟུང་བྱེད་དུ་འགྱུར་ཏེ། དཔེར་ན་གང་གིས་འདིང་བར་བྱེད་པ་པོ་དེས་མ་བསྡུས་ཤིང་སྡུད་དུ་མ་བཅོལ་བར་འགྲོ་ན་ལྟུང་བྱེད་དུ་འགྱུར་བ་དང་འདྲའོ། །དགེ་སློང་གཉིས་ཀ་མལ་ཁྲི་གཅིག་གམ་མལ་སྟན་ཉིད་གཅིིག་ཅར་ལོངས་སྤྱོད་སྤྱོད་པ་ལ་ནི་གང་ཕྱིས་ལངས་པས་བླ་གབ་མེད་པ་ནས་གནས་མལ་བསྡུ་བར་བྱ་བ་དང་ལྡན་པ་ཡིན་ནོ། །ཕྱི་མས་མ་བཏུལ་ན་ལྟུང་བྱེད་དོ། །སྔར་སོང་བ་ལ་ནི་ཉེས་པ་མེད་དོ། །གལ་ཏེ་དགེ་སློང་གཉིས་ཀ་མཉམ་དུ་ལངས་པར་གྱུར་ན་བསླབ་པ་གཞོན་པས་གནས་མལ་བསྡུ་བར་བྱའོ། །མ་བཏུལ་ན་རྒན་པོ་ལ་ཉེས་བྱས་དང་གཞོན་ནུ་ལ་ལྟུང་བྱེད་དོ། །ལོ་གྲངས་མཉམ་པ་གྲིབ་ཚོད་ཡན་ཆད་མཉམ་པ་ཉིད་ཡིན་ན་གཉིས་ཀས་མ་བསྡུས་ན་ལྟུང་བྱེད་དོ། །གནས་མལ་སྡུད་དུ་བཅོལ་བའི་ཡུལ་མ་ཡིན་པ་ལྔ་པོ་གང་ཞེ་ན། ངོ་ཚ་མེད་པ་ནི་ཚུལ་ཁྲིམས་སམ་གཡེལ་བ་དང་། ནང་ཞེ་འགྲས་པ་དང་བཅས་པ་དང་། རྒས་པ་ཉམ་ཆུང་བ་དང་། (༣༩བ)


K8Z003_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པ་སྦྱོར་མི་བཟོད་པ་དང་། བསྙེན་པར་མ་རྫོགས་པ་གང་དེ་རྣམས་ལ་ནི་གནས་མལ་འདི་སྡུད་དུ་བཅོལ་བར་བྱ་བ་མ་ཡིན་པ་ཉིད་དོ། །བཅོལ་བའི་ངོ་བོ་བསྟན་པའི་ཕྱིར་བཅོལ་བ་ནི་ལྔ་སྟེ། གཙུག་ལག་ཁང་འདི་རེ་ཞེའམ། གཙུག་ལག་ཁང་ལྟོས་ཤིག་ཅེའམ། གནས་མལ་འདི་རེ་ཞེའམ། གནས་མལ་བསྡུས་ཤིག་ཅེའམ། སྒོ་ལྕགས་ཆུ་གཅིག་ཅེས་བྱ་བ་རྣམ་པ་ལྔ་པོ་དེ་ལྟ་བུ་ནི་དེ་དག་གི་ནང་ནས་གང་ཡང་རུང་བ་ཞིག་བསྒོ་ན་ཡང་བཅོལ་བ་དག་ཡིན་ནོ། །གསུམ་པ་ལ། དངོས་གཞིའི་ལྟུང་བ་བསྟན་པ་དང་། །སེལ་བ་ཉེས་བྱས་ཉིད་དུ་བསྟན། །སྐབས་འདིའི་ལྟུང་མེད་བསྟན་པའོ། །དང་པོ་ནི། ཕན་ཕུན་དུ་གྱུར་པ་ཞེས་སྔར་སྨོས་ནས་དེའི་དབྱེ་བ་བསྟན་པའི་ཕྱིར་ཕན་ཕུན་ནི་གསུམ་སྟེ། རླུང་གིས་གནས་མལ་བཟློག་པ་དང་། ཆར་པས་གནས་མལ་གྱི་རིམ་པ་གཞན་སླེབས་པར་གཤེར་བར་གྱུར་པ་དང་། སྲིན་བུས་ཟོས་པས་བླ་ནས་འོག་ཏུ་ཐལ་བ་དང་། གྲོག་མཁར་ལ་སོགས་པས་ཀྱང་གནས་མལ་གྱི་རིམ་པ་གཞན་དུ་སླེབས་པའོ། །ཕན་ཕུན་གསུམ་པོ་འདིས་ནི་མེའི་ཕན་ཕུན་ཀྱང་མཚོན་པ་སྟེ། མེ་ཏོག་ཕྲེང་རྒྱུད་ལས། མེ་དང་རླུང་དང་ཆར་པ་ཡི། །དབྱེ་བས་ཕན་ཕུན་གསུམ་དུ་གསུངས། །རིམ་པ་གཉིས་པར་འཚིག་ན་ནི། །མེ་ཡི་ཕན་ཕུན་ཞེས་པའོ། །ཞེས་གསུངས་སོ། །གནས་མལ་བླ་གབ་མེད་པར་འཇོག་པ་དེ་ལ་ལྟུང་བ་བྱེད་པ་པོ་ནི། དགེ་འདུན་གྱི་གནས་མལ་ཉིད་ནི་བླ་གབ་མེད་པར་འཇོག་པར་བྱེད་པ་པོ་ནི་དགེ་སློང་རང་ངམ་རང་གིས་བསྐོས་པས་བླ་གབ་མེད་པར་བཞག་པར་བྱས་པ་ལྟ་བུ་ནི་ལྟུང་བྱེད་འདི་སྐྱེད་པའི་བྱེད་པ་པོ་དག་ཡིན་ནོ། །མཐར་ཐུག་སྟེ་འདོམ་བཞི་བཅུ་རྩ་དགུ་འདས་སམ། ཕན་ཕུན་དུ་གྱུར་ན་དངོས་གཞིའོ། །གཉིས་པ་ནི། མཐར་ཐུག་གི་སྔ་རོལ་སྦྱོར་བ་ལ་ནི་ཉེས་བྱས་ཀྱི་(༤༠ན)


K8Z003_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་པོའོ། །དགེ་སློང་དགེ་འདུན་གྱི་མལ་སྟན་ལ་སྤྱོད་པ་ལས་གྲོགས་གཞན་ཞིག་ཕྱིས་འོངས་ཏེ་མལ་སྟན་དེ་ལ་འདུག་ན་རེ་ཞིག་གི་དུས་སུ་གང་ཟག་གཞན་གནས་མལ་དེ་ལ་འདུག་པའི་བར་སྐབས་དེ་ཉིད་དུ་གནས་མལ་དེ་ཕན་ཕུན་དུ་གྱུར་ན་ཡང་ཉེས་བྱས་དེའོ། །དང་པོ་འཇོག་པའི་དགེ་སློང་དེ་ལ་ཉེས་བྱས་སུ་འགྱུར་ཏེ་ལྟུང་བྱེད་དུ་ནི་མི་འགྱུར་རོ། །བདག་སྔར་འགྲོ་ན་ཕྱི་མལ་སྟན་སྡུས་ཤིག་ཅེས་བསྒོས་ལ་འགྲོའོ། །མ་བསྐོས་ཏེ་སོང་ན་ཉེས་བྱས་སོ། །གང་ཟག་གི་གནས་མལ་མ་བསྡུས་པར་བླ་གབ་མེད་པར་བཞག་སྟེ་འདོམ་བཞི་བཅུ་རྩ་དགུ་འདས་སམ་ཕན་ཕུན་དུ་གྱུར་ན་ཡང་ཉེས་བྱས་འབྱུང་ངོ་། །འོག་མ་བཞི་གདིང་བ་དང་། སྐྲོད་པ་དང་། ཕྱིས་གནོན་དང་། རྩ་བ་འབྱུང་བ་ལ་འདུག་པ་ལ་ཡང་གང་ཟག་གི་གནས་སུ་ནི་ཉེས་བྱས་འབྱུང་ངོ་། །གསུམ་པ་ནི། དགེ་སློང་གིས་རེག་པར་བྱ་བ་མ་ཡིན་པ་གསེར་ལ་སོགས་པ་རིན་པོ་ཆེའི་ཁྲིའམ་ཁྲིའུ་ཉིད་ལ་ནི་བླ་གབ་མེད་པར་བཞག་སྟེ་སོང་ན་ཉེས་བྱས་སུ་ཡང་མི་འགྱུར་རོ། །ཊཱི་ཀ་ལས། དེ་དག་ནི་བརླིང་བས་རླུང་ལ་སོགས་པས་ཕན་ཕུན་དུ་མི་འགྱུར་རོ། །ཞེས་སོ། །བི་མ་ལས། རེག་ཏུ་མི་རུང་བའི་ཕྱིར་མ་བརྟུལ་ན་ཉེས་པ་མེད་དོ། །རྐུན་པོའི་རྐྱེན་ལྟ་བུ་བྱུང་ན་བརྟུལ་བའི་ཕྱིར་རེག་ཀྱང་བླ་སྟེ་བརྟུལ་དགོས་པའོ་ཞེས་བཤད་དོ། །གཉིས་པ་ལ། བསོད་སྙོམས་བསླབ་བྱ་དོགས་གཅོད་བསྟན། །ལམ་འགྲོ་དང་འབྲེལ་བསླབ་བྱ་བརྗོད། །ཁྱིམ་གཞན་འབྲེལ་བའི་བསླབ་བྱ་དང་། །གཙུག་ལག་ཁང་འབྲེལ་བསླབ་བྱ་བརྗོད། །ནད་པ་དང་འབྲེལ་བསླབ་བྱ་བསྟན། །དེ་ཕྱོགས་བརྩམས་པའི་བསླབ་བྱ་དང་། །གཙུག་ཁང་གཞན་འབྲེལ་བསླབ་བྱ་བསྟན། །ཆུད་ཟ་དང་འབྲེལ་བསླབ་བྱའོ། །དང་པོ་ནི། བརྟུལ་བར་བྱ་བ་གནས་མལ་བླ་གབ་མེད་པར་བཏིང་སྟེ་བསོད་སྙོམས་ལ་ཞུགས་པ་ན་དེའི་(༤༠བ)


K8Z003_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གལ་ཏེ་རླུང་དང་ཆར་དག་འོང་ན་དགེ་སློང་གཙུག་ལག་ཁང་ན་འཁོད་པའི་དགེ་སློང་སུ་ཐོ་ཕྱི་ན་འདུག་ཅིང་མཐོང་བས་སྡུས་ཤིག །མ་བསྡུས་ན་ཉེས་བྱས་སོ། །དེས་ནི་དེ་རྣམས་ཀྱི་གནས་མལ་དེ་དག་བརྟུལ་བར་བྱའོ། །བསོད་སྙོམས་ལ་ཞུགས་པའི་དགེ་སློང་དེས་རླུང་དང་ཆར་པ་མཐོང་ནས་གུས་པར་བྱས་ཏེ་མྱུར་དུ་ཕྱིར་འོང་བར་བྱའོ། །བསོད་སྙོམས་དེའི་དོན་ཉིད་ལ་གནས་མལ་མ་བསྡུས་པར་ཕྱིན་ན་ཉེས་པ་མེད་པ་དང་། ན་སྨད་པ་ཡང་མ་ཡིན་ནོ་སྟེ་ལྟུང་བྱེད་ཡོངས་སུ་རྫོགས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་གནས་མལ་བསྡུ་བ་བརྗེད་པས་ཡུལ་གཞན་དུ་འགྲོ་ཞིང་ལམ་རིང་དུ་འདས་སམ་གནས་སུ་ཕྱིན་ནས་བདག་གིས་གནས་མལ་བླ་གབ་མེད་པར་བཞག་གོ་སྙམ་དུ་དྲན་པ་རྙེད་ན་དེ་ལྟར་བརྗེད་པ་ཉེས་བྱས་སོ་ཞེས་ཡིད་ལ་བསམ་ཞིང་ཁར་ཡང་བརྗོད་ཅིང་ཕྱིན་ཆད་འདི་ལྟར་མི་བྱའོ་ཞེས་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་བརྗོད་པར་ཡང་བྱའོ། །ཊཱི་ཀར། གལ་ཏེ་ལམ་རིང་པོར་མ་ཕྱིན་པར་དྲན་པ་རྙེད་ན་ནི་དགེ་སློང་དེ་ཕྱིར་ལྡོག་པར་བྱའོ། །ཞེས་སོ། །གལ་ཏེ་དགེ་སློང་དེ་ཕར་འགྲོ་བ་ན་དགེ་སློང་ལམ་ནས་ཚུར་འོང་བ་ཞིག་དང་མངོན་སུམ་དུ་འཕྲད་པར་གྱུར་ན་གནས་མལ་སྡུད་པ་བརྗོད་དེ་བླ་གབ་མེད་པར་བཞག་པ་དེ་བརྟུལ་བའི་ཕྱིར་དགེ་སློང་ཚུར་འོང་བ་དེ་ལ་བཅོལ་བར་བྱའོ། །དགེ་སློང་ལམ་ནས་ཚུར་འོང་བ་གནས་མལ་བསྡུ་བར་ཁས་བླངས་པས་གནས་སུ་སོན་པ་ཉིད་ན་གནས་མལ་བསྡུ་བ་དེ་བྱ་བ་ཉིད་དོ། །མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གནས་ནས་འཕགས་པར་འགྱུར་བ་ན་གནས་མལ་སྡུད་ཅིང་བསྡད་ན་མགྲོན་པོའི་རྗེས་མ་སླེབས་ན་ཆོམ་རྐུན་པས་བཅོམ་པ་ལ་སོགས་པའི་རྐྱེན་ཉམ་ང་བ་དང་ཕྲད་པར་འགྱུར་བ་ན་གནས་མལ་སྐྱབས་ཡོད་པའམ་བླ་གབ་མེད་པ་ན་འདུག་ཀྱང་རུང་བསྡུ་བར་བྱའོ། །འདི་ནི་བླ་གབ་མེད་པ་མ་ཡིན་གྱི་གཙུག་ལག་(༤༡ན)


K8Z003_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གི་ནང་ན་འདུག་པ་ལ་བྱ་ཞེས་འགྲེལ་ཆུང་ལས་ཏེ་འོན་ཀྱང་ཊཱི་ཀ་ལྟར་བཟུང་ངོ་། །དགེ་སློང་འགྲོ་བར་ཆས་པ་དེས་གལ་ཏེ་དགེ་འདུན་གྱི་གནས་མལ་དེ་ས་རྡུལ་ལ་སོགས་པས་དྲི་མ་ཅན་དུ་གྱུར་ན་རླུང་ཀ་བ་ལ་སོགས་པར་སྤྲུག་པར་བྱའོ། །དགེ་སློང་འགྲོ་བར་ཆས་པས་དགེ་འདུན་ནམ་གང་ཟག་གཞན་གྱི་གནས་མལ་ལོངས་སྤྱོད་པ་དེ་ཁུངས་སུ་ཕྱིར་དབུལ་བར་བྱའོ། །གནས་མལ་དེ་དགེ་འདུན་གྱི་ཡིན་ན་ནི་གནས་མལ་གྱི་ཞལ་ཏ་པ་ལ་གཏད་ཅིང་གང་ཟག་གི་ཡིན་ན་གང་ཟག་དེ་ལ་གཏད་པར་བྱའོ། །ཊཱི་ཀ་ལས། གལ་ཏེ་དུས་ཀྱིས་ཐུབ་ཅིང་ཉམ་ང་བ་དང་ཕྲད་པར་མི་འགྱུར་བ་ལྟ་ན་གནས་མལ་དེ་ཁུངས་སུ་ཕྱིར་དབུལ་བར་བྱའོ། །ཞེས་སོ། །གལ་ཏེ་དུས་ཀྱིས་མི་ཐུབ་ཅིང་ཉམ་ང་བ་དང་ཕྲད་པར་འགྱུར་བ་ལྟ་ན། ཡང་ན་རང་གིས་བསྡུས་ཟིན་པའི་གནས་མལ་དེ་བཅོལ་བར་བྱའོ་སྟེ་ཁྱོད་ཀྱིས་གནས་མལ་འདི་བདག་པོ་ལ་གཏོད་ཅིག་ཅེའམ། ཁྱོད་ཀྱིས་འདི་གཉེར་ཀ་གྱིས་ཤིག་ཅེས་བཅོལ་བར་བྱའོ། །སུ་ལ་བཅོལ་ཅེ་ན། དགེ་སློང་ལའོ། །དགེ་སློང་མེད་ན་དགེ་ཚུལ་ལ་བཅོལ་བར་བྱའོ། །འདི་ནི་བསྙེན་པར་མ་རྫོགས་པ་ལ་བཅོལ་བར་མི་བྱ་བར་གསུངས་པ་དང་འགལ་སྙམ་ན། བསྙེན་པར་མ་རྫོགས་པ་ལ་གནས་མལ་སྡུད་པ་མི་བཅོལ་བ་དང་། རང་གིས་བསྡུས་ཟིན་པའི་གནས་མལ་འདི་བདག་པོ་ལ་གཏོད་ཅིག་ཅེས་བཅོལ་བར་བྱ་སྟེ་འགལ་བ་མེད་དོ། །དགེ་ཚུལ་དེ་ཡང་མེད་ན་ཁྱིམ་བདག་ལའོ། །བཅོལ་བར་བྱ་བ་དེ་རྣམས་ཐམས་ཅད་མེད་ན་དགེ་སློང་དག་འོང་མི་འོང་ཕྱོགས་བཞིར་རྣམ་པར་བལྟས་ཏེ་ལྡེའུ་མིག་གཞན་གྱིས་མི་མཐོང་བར་སྦས་ནས་འགྲོ་བར་བྱའོ། །གལ་ཏེ་ལམ་ཀར་བདག་གི་གནས་དེར་གཏོགས་པའི་དགེ་སློང་ཚུར་འོང་བ་མཐོང་ན་ལྡེའུ་མིག་སྦས་པའི་ཕྱོགས་དེ་དགེ་སློང་དེ་ལ་བརྗོད་པར་བྱའོ། །གསུམ་པ་ནི། (༤༡བ)


K8Z003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་དགེ་སློང་དགེ་འདུན་གྱི་རྟེན་ཁྱེར་ཏེ་གཙུག་ལག་ཁང་གི་ཕྱི་རོལ་དབེན་པར་སོང་ནས་གྲོ་གར་གཙུག་ལག་ཁང་དུ་འོངས་པ་ན། དགེ་འདུན་ཡོན་བདག་གི་ཁྱིམ་གཞན་དུ་མགྲོན་དུ་བོས་ཤིང་གཙུག་ལག་ཁང་གི་སྒོ་བཅད་པར་གྱུར་ན། གཙུག་ལག་ཁང་དེའི་ཉེ་འཁོར་གྱི་རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་དུ་རང་གིས་བཏིང་བའི་སྟན་བཞག་སྟེ་མགྲོན་དུ་བོས་པའི་ཁྱིམ་དེར་ཟན་གྱི་ཕྱིར་འཇུག་པར་བྱའོ། །འོ་ན་བསོད་སྙོམས་དེའི་དོན་ཉིད་ལ་ན་སྨད་པ་མ་ཡིན་ཅེས་སྔར་གསུངས་པ་དང་འགལ་སྙམ་ན། གནས་ཆུད་ཟ་བ་བསྐྱབ་པའི་བསམ་པ་ཡོད་མེད་ཀྱིས་མི་འགལ་ལོ། །དགེ་སློང་རྣམས་མགྲོན་དུ་འབོད་པའི་ཁྱིམ་གཞན་དེར་གཙུག་ལག་ ཁང་གི་སྟན་དག་གཡར next hit་པོ་སྦྱིན་ནོ། །ལུང་ལས། དགེ་སློང་དག་ཟན་ཟོས་ནས་སྟན་རང་ཉིད་ཀྱི་མཆན་ཁུང་གིས་བླངས་ཏེ་འགྲོ་བ་ན་འཕགས་པ་དག་རོལ་མོ་པ་བལྟར་འདོང་ངམ་ཞེས་འཕྱ་ནས་དགེ་སློང་རང་གིས་ཁྱིམ་དེ་ནས་སྟན་དག་གཙུག་ལག་ཁང་དུ་བསྐུར་བར་མི་བྱའོ། །སྐབས་འདིར་འགྲེལ་ཆུང་ལས། མགྲོན་དུ་འགྲོ་ན་བདག་གིས་སྟན་རང་ཆས་སུ་ཁྱེར་ཏེ་མི་འགྲོ་ཞེས་ཀྱང་བཤད་དོ། །སྟན་བསྐུར་བ་དེ་ནི་ཁྱིམ་པ་དང་དགེ་ཚུལ་དག་གི་ལས་ཁོ་ནའོ། །དེ་དག་གིས་གཙུག་ལག་ཁང་དུ་སྟན་དེ་དག་བསྐུར་བར་བྱའོ། །ཁྱིམ་པ་དང་དགེ་ཚུལ་མེད་ན་སྟན་དེ་དག་གཙུག་ལག་ཁང་དུ་བསྐྱལ་བའི་ཕྱིར་ཁྱིམ་པ་དག་ལ་བཅོལ་ཏེ་དགེ་སློང་རྣམས་གཙུག་ལག་ཁང་དུ་འདོང་བར་བྱའོ། །ཁྱིམ་པ་དག་ན་རེ། བདག་ཅག་གིས་བསྐྱལ་ལོ་ཞེས་ཟེར་ན་མལ་ཆ་དང་སྟན་དག་བཞག་སྟེ་དགེ་སློང་རྣམས་ཁྱིམ་དེ་ནས་འདོང་བར་བྱའོ། །ཁྱིམ་པ་དེ་དག་གིས་སྐྱེལ་བར་ཁས་བླངས་ཀྱང་མ་བསྐྱལ་ན་གནས་པར་བྱེད་པའི་ཉེ་གནས་དགེ་སློང་གཞོན་ནུ་དག་གིས་མལ་ཆ་དང་སྟན་དེ་དག་ཚུར་བླང་བར་བྱའོ། །གནས་པར་བྱེད་པ་དག་མེད་ན་གནས་བརྟན་དེ་དག་དང་དགེ་(༤༢ན)


K8Z003_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སློང་རྣམས་རང་གིས་བླང་བར་བྱའོ། །ཁྱིམ་དེར་གཡར་དུ་བཅུག་པའི་སྟན་ཤིན་ཏུ་མང་བས་དགེ་འདུན་ཐམས་ཅད་ཀྱིས་བླང་དགོས་ན་དགེ་འདུན་ཐམས་ཅད་འདུས་ཏེ་སྟན་དེ་རྣམས་ཚུར་བླང་བའི་ཕྱིར་གནྜི་བརྡུང་བར་བྱའོ། །བཞི་པ་ནི། ཡོན་བདག་དག་གིས་གཙུག་ལག་previous hit ཁང་དུ་འོངས་ཏེ་ཡོན་བདག་རང་ཉིད་འདི་ངས་བདག་གི་དོན་དུ་དགེ་འདུན་གྱི་སྟན་ཆ་དག་གཡར next hit་པོར་བྱེད་ན་གཡར་པོར་སྦྱིན་པར་བྱའོ། །ཡོན་བདག་ལ་གཡར་པོ་འབྱིན་པའི་གདན་ཆ་དེ་དག་ཁྱིམ་པ་ལ་ལས་རྐུ་བ་བསྲུང་བའི་ཕྱིར་དགེ་སློང་གཅིག་ཀྱང་བཞག་པར་བྱའོ། །སྲུང་མར་བཞག་པའི་དགེ་སློང་དེས་ཁྱིམ་པ་དེ་དག་གི་གསེབ་ཏུ་མི་བསྡད་པར་ཕྱོགས་ཕ་ཟད་གཅིག་ཏུ་བསྡད་པར་བྱའོ། །སྲུང་མར་བཞག་པའི་དགེ་སློང་དེ་དགེ་སློང་རང་གི་ལས་བསམ་གཏན་དང་ཁ་ཏོན་ལ་སོགས་པ་བྱའོ། །སྲུང་མའི་དགེ་སློང་ཕྱོགས་གཅིག་ན་སྡོད་པ་དེས་གདན་ཆ་དེ་དག་ལ་སེམས་གཏད་ཅིང་མིག་ཆེར་བྱེད་པ་ཡང་བྱའོ། །ཡོན་བདག་དེ་རྣམས་དོང་ན་གདན་ཆ་དེ་དག་བརྟུལ་བར་བྱའོ། །ཁྱིམ་པས་གདན་ཆ་མ་རུང་བར་གྱུར་པ་དག་དགེ་བསྐོས་ལ་སོགས་པས་བྱི་དོར་བྱའོ། །བྱི་དོར་ཇི་ལྟར་བྱ་ཞེ་ན། གང་ན་དེ་དག་ནི་ཆང་གིས་མ་རུང་བར་གྱུར་ན་ཆུ་དག་གིས་བྱི་དོར་བྱའོ། །གདན་ཆ་དེ་དག་སྣུམ་གྱིས་མ་རུང་བར་གྱུར་ན་འདག་ཆལ་གྱིས་བྱི་དོར་བྱའོ། །གདན་ཆ་དེ་དག་མི་གཙང་བས་མ་རུང་བར་གྱུར་ན་སའམ་འདག་རྫས་སམ་གཅི་བས་བྱི་དོར་བྱའོ། །གནས་མལ་གྱི་ཐགས་མ་ནི་འབྲེང་བུ་ལ་སོགས་པའི་སའི་ཐགས་མའོ། །དེ་མི་གཙང་བས་མ་རུང་བར་གྱུར་ཏེ་འདག་རྫས་ཀྱིས་བཀྲུས་ཀྱང་མ་དག་ན་ཐགས་མ་དེ་བཅད་པར་བྱ་ཞིང་གསོ་བར་བྱའོ། །ཁྱིམ་པ་འདུག་འདུག་པའི་དགེ་འདུན་གྱི་སྟན་མ་བརྟུལ་བ་མཐོང་ན་དགེ་སློང་ལ་སོགས་པ་སུས་མཐོང་བ་དེས་བརྟུལ་བར་བྱ་བ་ཉིད་དོ། །གལ་(༤༢བ)


K8Z003_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མཐོང་བ་དེ་རྒས་པ་དང་ན་བ་ཡིན་ན་དགེ་བསྐོས་གཙུག་ལག་ཁང་སྐྱོང་གིས་བརྟུལ་བར་བྱ་བ་ཉིད་དོ། །རྒན་པོའམ་ནད་པ་དེས་གདན་ཆ་མ་བསྡུས་པ་མཐོང་བ་དེ་དགེ་བསྐོས་ལ་སྦྲན་པར་བྱ་བ་ཉིད་དོ། །ལྔ་པ་ནི། དགེ་འདུན་གྱི་གནས་བརྟན་ནས་གསར་བུའི་བར་ཐམས་ཅད་ཀྱིས་མཚམས་དེར་གཏོགས་པའི་དགེ་སློང་མིན་པ་ཐམས་ཅད་ཀྱིས་ནད་པ་ལ་བལྟ་བར་བྱའོ། །མ་བལྟས་ན་ཉེས་བྱས་སོ། །ལུང་རྣམ་འབྱེད་ལས། ནད་པ་དུས་གསུམ་དུ་བལྟ་བར་བྱའོ་ཞེས་གསུངས་ལ། ལུང་དེའི་འགྲེལ་པ་ལས། ནངས་པར་དང་དྲོ་ཀར་དང་དགོང་ཀར་བལྟའོ། །ཞེས་བཤད་དོ། །དེ་ཡང་མཚན་མོའི་གནས་སྐབས་བརྟག་པའི་ཕྱིར་ནངས་པར་བལྟའོ། །ཁ་ཟས་ཀྱི་གནས་སྐབས་བརྟག་པའི་ཕྱིར་དྲོ་ཀར་བལྟའོ། །མ་ཞུ་བ་ལ་སོགས་པ་བརྟག་པའི་ཕྱིར་དགོང་ཀར་བལྟའོ། །ཞེས་བཤད་དོ། །ནད་པ་ལྟ་བ་ན་འདུག་སྟེའོ། །དེ་ལྟར་མ་བྱས་ན་ཉེས་བྱས་སོ། །ཊཱི་ཀར། ནད་པར་བལྟ་བའི་བྱ་བ་འགྲེང་སྟེ་མ་ཡིན་ནོ། །ནད་པ་ལྟ་བ་དེར་རང་གི་སྟན་ཐོགས་ཏེ་འགྲོ་བར་མི་བྱའོ། །ནད་པའི་ནད་གཡོག་གིས་ནད་པ་འདུག་པ་དེར་ནད་འདྲི་བའི་དགེ་སློང་འོང་བའི་ཕྱིར་སྟན་དག་བཤམ་པར་བྱའོ། །དྲུག་པ་ནི། མཁན་པོའམ་སློབ་དཔོན་བསམ་གཏན་ཁ་ཏོན་ལ་སོགས་པ་དགེ་བའི་ཕྱོགས་ལ་གཙུག་ལག་ཁང་གི་ཉེ་ལོགས་དབེན་པ་ལ་སོགས་པར་འགྲོ་བ་ན་གལ་ཏེ་སློབ་མ་དང་། ཉེ་གནས་དག་གིས་མཁན་སློབ་ཀྱི་ཕྱི་བཞིན་འགྲོ་བ་མ་གཏོགས་པ་ཐབས་གཞན་གྱིས་སློབ་མ་དང་ཉེ་གནས་ཀྱི་དགེ་བའི་ཕྱོགས་མི་འཕེལ་ན་མཁན་པོ་དང་སློབ་དཔོན་དེའི་ཕྱི་བཞིན་འགྲོ་བར་བྱའོ། །མཁན་པོའམ་སློབ་དཔོན་དེ་འདུག་པའི་ཕྱིར་སློབ་མའམ་ཉེ་གནས་དེས་རང་གི་སྟན་བསྐུར་བར་བྱའོ། །སློབ་མའམ་ཉེ་གནས་དེས་བདག་ཉིད་ཕྱི་བཞིན་འགྲོ་བར་མ་ཞུས་པར་མཁན་པོའམ་སློབ་དཔོན་གྱི་སྟན་མི་(༤༣ན)


K8Z003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རོ། །གཙུག་ལག་ཁང་གི་ཉེ་ལོགས་དབེན་པར་མཁན་པོའམ་སློབ་དཔོན་དགེ་བའི་ཕྱོགས་ལ་འགྲོ་བ་ན་མཁན་པོའམ་སློབ་དཔོན་གྱི་སྟན་སློབ་མས་ཕར་ཁྱེར་ཏེ། དེ་ནས་གཙུག་ཁང་དུ་ཚུར་འོང་བ་ན་སློབ་མ་དྲུང་ན་མི་འདུག་ན་སྟན་དེ་སུས་བསྐུར་ཞེ་ན། མཁན་པོའམ་སློབ་དཔོན་གྱི་སྟན་དེ་མཁན་པོའམ་སློབ་དཔོན་རང་ཉིད་ཀྱིས་ཕྱིར་བསྐུར་རོ། །ཆོས་ཉན་པའི་སར་སྟན་ནང་ཚངས་ཅན་དང་དྲེའུ་རྔོག་ལ་སོགས་པ་བཏིང་སྟེ། བླ་གབ་མེད་པར་ཆོས་ཉན་པ་ན་རླུང་དང་ཆར་བྱུང་ན་གདན་ཆ་རྣམས་གང་གིས་བཏིང་བ་དེས་བརྟུལ་བར་བྱའོ། །དེ་ལྟར་གནས་མལ་སྡུད་པ་ན་རྒན་པོ་རྣམས་ཀྱི་གནས་མལ་ལྕི་བ་ཉིད་ཀྱི་ཕྱིར་རྒན་པོ་རང་གིས་སྡུད་པར་མི་ནུས་ན། གཞོན་ནུ་རྣམས་ཀྱི་གནས་མལ་ཡང་བ་དང་ལྷན་ཅིག་ཕན་ཚུན་ལྕི་ཡང་བརྗེས་ཏེ་བསྐུར་བར་བྱའོ། །གཞོན་ནུ་རྣམས་ཀྱི་གནས་མལ་ཡང་བ་ནི་རྒན་པོ་རྣམས་ཀྱིས་བསྐུར་ཞིང་། རྒན་པོ་རྣམས་ཀྱི་གནས་མལ་ལྕི་བ་ནི་གཞོན་ནུ་རྣམས་ཀྱིས་བསྐུར་བའོ། །གོར་བུ་དང་། གོར་བུ་འབྱམ་པོ་དང་། འབྱམ་པོ་ཁྲི་དང་། ཁྲིའུ་ལ་སོགས་པ་རིགས་མཐུན་པ་དང་མཐུན་པར་ལྷན་ཅིག་ཏུ་བཞག་པར་བྱའོ། །ཊཱི་ཀར། མི་མཐུན་པ་ལྷན་ཅིག་བཞག་པར་མི་བྱའོ། །ཞེས་སོ། །བདུན་པ་ནི། གཙུག་ལག་previous hit ཁང་གཞན་དུ་དགེ་འདུན་གྱི་གདན་ཆ་དང་རྫས་བརྙན་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་གཡར next hit་པོར་བསྐུར་བར་བྱའོ། །ཐམས་ཅད་དུའམ་ཞེ་ན། གལ་ཏེ་དེ་ཚེ་ཆར་འབབ་པ་དང་ཆར་འབབ་ཏུ་དོགས་པ་མེད་ན་བསྐུར་བར་བྱའོ། །ལུང་ལས། གལ་ཏེ་ཆར་བབ་པའམ་འབབ་ཏུ་དོགས་ན་ནི་བརྙན་པོ་སྦྱིན་པར་མི་བྱའོ། །ཞེས་སོ། །གལ་ཏེ་མལ་སྟན་བརྙས་པ་ལས་ལེན་ཀྱང་རུང་སྐྱེལ་ཀྱང་རུང་ལམ་ཀར་རླུང་དང་ཆར་བྱུང་ན་ཤིང་ལྗོན་པའི་དྲུང་ངམ་རྩིག་པའི་དྲུང་དུ་གདན་ཆ་དང་མཆོད་པའི་(༤༣བ)


K8Z003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་རྣམས་ཕུང་པོར་བཅེར་བར་བྱའོ། །ཕུང་པོར་བཅེར་བ་དེ་ལ་རྫས་གདན་ཆ་ལ་སོགས་པ་ཐམས་ཅད་ཀྱི་ནང་ནས་རྙིང་པ་ངན་པ་གཅིག་གིས་གཡོགས་པར་བྱའོ། །གཙུག་ལག་ཁང་དུ་ཕྱིན་ནས་གདན་ཆ་ལ་སོགས་པ་རྫས་གཤེར་བ་རྣམས་བསྐམ་པར་བྱའོ། །བརྒྱད་པ་ནི། གཙུག་ལག་ཁང་ལ་མེ་ཤོར་རམ། འོད་པའི་ཆུ་བྱུང་ན་གང་ཟག་གི་རྫས་འདོན་པར་མ་ཟད་དགེ་འདུན་གྱི་རྫས་ཀྱང་འདོན་པར་བྱའོ། །གང་གི་ཚེ་འདོན་ཞེ་ན། རང་གི་ལྷུང་བཟེད་ཆོས་གོས་ཐོན་ཟིན་ནའོ། །ལུང་དང་ཊཱི་ཀར། དེའི་འོག་ཏུ་དགེ་འདུན་གྱི་ཡང་གདོན་པར་བྱ་སྟེ། གང་ཟག་ནི་འཕོངས་པར་གྱུར་ལ། དགེ་འདུན་ནི་འཕོངས་པར་མི་འགྱུར་བའི་ཕྱིར། ཞེས་སོ། །མ་ེཆུའི་ནང་ནས་རྫས་བཏོན་ཟིན་པ་གཞན་གྱིས་རྐུ་བ་བསྲུང་བའི་ཕྱིར་དགེ་སློང་རྒན་པོ་གདོན་པའི་ལས་མི་ནུས་པ་བཞག་པར་བྱའོ། །མེ་དང་ཆུ་མི་བཟོད་པ་ཉིད་ཀྱི་ནང་དུ་རྫས་འདོན་པར་འཇུག་པར་མི་བྱའོ། །ལུང་ལས། གང་ཟག་དང་དགེ་འདུན་གྱི་རྫས་མེས་འཚིག་གམ། ཆུས་ཁྱེར་ན་ཡང་དེ་ལ་འགྱོད་པར་མི་བྱའོ་ཞེས་སོ། །གནས་མལ་གྱི་ལྟུང་བྱེད་དོ། །ལྔ་པ་རྩྭ་དང་ལོ་མས་བསྡུས་པར་འགྲོ་བའི་ལ། བསླབ་པར་བྱ་བའི་གནས་སྐབས་དང་། །སྔར་དང་ཆོས་མཐུན་དམིགས་བསལ་བཤད། །བསླབ་པར་བྱ་བ་གཞན་ཡང་བསྟན། །ལྟུང་བའི་རྣམ་པར་བཞག་པའོ། །དང་པོ་ལ། ཁྱིམ་གཞན་འབྲེལ་བའི་བསླབ་བྱ་བརྗོད། །དགོན་པ་དང་འབྲེལ་བསླབ་བྱ་བསྟན། །གོས་དང་འབྲེལ་བའི་བསླབ་བྱ་དང་། །འཆག་པ་དང་འབྲེལ་བསླབ་བྱའོ། །དང་པོ་ནི། དགེ་སློང་གིས་ཁྱིམ་གཞན་དུ་གནས་གཡར་ཏེ་འདུག་པ་ན་རྩྭ་སྐམ་པོའམ་ཤིང་གི་ལོ་མ་ལ་སོགས་པ་གདིང་བར་རང་གིས་བྱས་པའམ་གཞན་འདིང་དུ་བཅུག་ན་འགྲོ་ཁར་ཁྱིམ་བདག་ལ་རྩྭའམ་ལོ་མ་འདི་དག་དོར་རམ་མི་དོར་ཞེས་དྲིས་ཏེ། དོར་ཅིག་ཟེར་ན་(༤༤ན)


K8Z003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དོར་བར་བྱའོ། །གཉིས་པ་ནི། དགོན་པར་ཏེ་ས་ཕྱོགས་སྟོང་པར་ནི་རྩྭའམ་ལོ་མ་བཏིང་བ་ལ་སྲིན་བུ་མི་འཇུག་པར་བྱ་བའི་ཕྱིར་ནི་ཡང་བསླང་པར་བྱའོ། །སློང་བ་དེ་ནི་རྩྭའམ་ལོ་མ་བཏིང་བ་དེ་རྣམས་མགོའམ་མཇུག་མ་དེ་ཟློག་པ་ཙམ་བྱས་པ་ཉིད་ན་བྱས་པ་ཉིད་དོ། །དེའང་སྔས་ཀྱི་རྩྭ་རྣམས་མལ་གྱི་མཇུག་ངོས་སུ་བསྒྱུར་བའམ་མལ་མཇུག་ངོས་ཀྱི་རྩ་རྣམས་སྔས་ངོས་སུ་བསྒྱུར་བར་ཡིན་པར་བཤད་དོ། །སོ་ཐར་འགྲེལ་བར་དེར་སྔས་སམ་ཕོངས་སུ་བྱས་ན་བྱས་པའོ། །རྩྭ་བཏིང་བ་དང་དཀྲུགས་པ་ནི་བདག་ཉིད་རྐྱེན་སོགས་ཀྱིས་འགྲོ་བར་རིངས་ན་ཕོངས་སམ་སྔས་གཅིག་དཀྲུགས་ན་དཀྲུགས་པར་ཆུད་དོ་ཞེས་སོ། །གསུམ་པ་ནི། རྩྭ་བཏིང་བའི་སྟེང་དུ་གོས་དག་བསྐམ་པའི་ཕྱིར་ས་གཞིར་རྩྭ་བཏིང་བ་ཡང་མ་དོར་བར་བཞག་ན་སྲོག་ཆགས་སྐྱེ་བས་དོར་བར་བྱ་བ་ཉིད་དོ། །རང་གི་གོས་བསྐམ་པར་བྱ་བའི་ཕྱིར་ས་གཞིར་རྩྭ་བཏིང་བ་དེ་འདོར་བ་ན་མ་འདོར་བར་ཞོག་ཅིག །ཁོ་བོས་གོས་སྐེམ་མོ་ཞེས་འགའ་ཞིག་སློང་པ་ལ་སྦྱིན་ནམ་ཞེ་ན། རྩྭ་འདོར་མི་འདོར་དྲིས་ལ། དོར་བར་ཁས་ལེན་ན་བྱིན་ནོ། །བཞི་པ་ནི། དགེ་སློང་ཡུན་རིང་འཆག་པ་དགེ་བ་རྒྱ་ཆེར་བྱེད་པ་དག་གི་འཆག་པ་ས་གཞི་རྩུབ་པོ་དག་ཏུ་རྐང་མཐིལ་གཉིས་ལ་ས་གཞི་རྩུབ་པོས་གནོད་ན་འཆག་པ་དག་ཏུ་རྩྭ་དག་གདིང་བར་བྱའོ། །འཆག་པར་བཏིང་བའི་རྩྭ་དེ་དག་ཀྱང་དོར་བར་བྱ་བ་ཉིད་དོ། །འཆག་པའི་འཕྲོ་གཏོང་ན་དོར་བར་བྱ་བ་རྩྭ་ལ་སོགས་པ་རྣམས་ནི་དགྲམ་དུ་བཏུབ་པ་མ་ཡིན་པ་ཕྱེ་མས་རྡུལ་དང་འདྲ་བ་ཉིད་དུ་མ་གྱུར་པ་དོར་བར་བྱའོ། །ཊཱི་ཀ་ལས། གྱུར་ན་ནི་དོར་བར་བྱ་མི་དགོས་ཏེ་སྲོག་ཆགས་མི་སྐྱེ་བའི་ཕྱིར་ཞེས་སོ། །འཆག་པའི་འགྲོ་གཏོང་བ་ལས་འཕྲོ་མི་གཅོད་པ་གཞན་གྱི་ཚེ་ན་དུས་སུ་སྟེ་སྐབས་སུ་སྲོག་ཆགས་ཡོད་མེད་སོ་སོར་བརྟག་པ་དང་། སྲོག་(༤༤བ)


K8Z003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་མི་སྐྱེ་བའི་ཕྱིར་བསྒྱུར་ལོག་བྱའོ། །ས་སྣུམ་པ་བརླན་ཅན་དང་། དངར་བ་སྟེ་འཇམ་པོ་ནུལ་ནུལ་བ་ནི་སྲིན་བུ་མྱུར་དུ་འཇུག་པ་ལ་ཕྱིན་ཉིན་རེ་བཞིན་བསྒྱུར་ལོག་བྱའོ། །ས་སྣུམ་པ་དང་དངར་བ་ལས་གཞན་ས་སྐམ་པ་དང་རྩུབ་པ་ཉིད་དུ་ཟླ་བ་ཕྱེད་ཅིང་རྩྭ་དེ་རྣམས་བསྒྱུར་ལོག་བྱའོ། །འཆག་པ་དག་ཏུ་རྩྭ་དགྲམ་པའི་ཆེད་དུ་ནི་རྩྭ་ཆུན་པོ་དག་ས་ལ་འཇོག་པར་བྱེད་པ་ན་དེར་སྲིལ་དག་བྱུང་ནས་ཐག་པས་བཅིངས་ཏེ་ཤིང་ལྗོན་པ་ལ་དཔྱངས་ཤིང་བཞག་པར་བྱའོ། །འདག་རྫས་ཀྱི་རྒྱུ་གཅི་བ་དེ་དག་ས་ལ་འཇོག་པར་བྱེད་པ་ན་དེ་དག་ཏུ་སྲིལ་དག་བྱུང་ན་གྱོ་མོར་བཞག་པར་བྱའོ། །གཉིས་པ་ནི། སྔར་གནས་མལ་མ་བསྡུས་པའི་སྐབས་སུ། གནས་ནས་འཕག་པར་འགྱུར་བ་ན་ཞེས་བྱ་བ་ཡན་ཆད་ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ཝ་བ་དང་། སྔས་གོར་བུ་ཞེས་སྨོས་པ་ནི་འདིར་སྦྱར་བར་བྱའི། འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ནི་དེའི་ཉེ་འཁོར་རོ་ཞེས་པ་ལ་སོགས་པ་ནི་སྔར་ཐལ་བའོ། །དེ་རྣམས་གདིང་བའི་བསླབ་པའི་གཞི་ཡང་འདྲ་བར་སྦྱར་བར་བྱའོ། །ཐམས་ཅད་སྔར་དང་འདྲའམ་ཞེ་ན། དགེ་སློང་གཉིས་ཀར་ཅིག་ཅར་རྩྭའམ་ལོ་མ་བཏིང་བ་ལ་སྤྱོད་པ་ནི་གཉིས་ཀས་དོར་བར་འདྲ་བ་ཉིད་དོ་སྟེ། ཊཱི་ཀར། གདིང་བ་ནི་སོ་སོར་སྤྱོད་པའི་ཡན་ལག་ཡིན་པའི་ཕྱིར་ཞེས་སོ། །གསུམ་པ་ནི། ཁྱིམ་བདག་ལ་དྲིས་ཏེ་ཞེས་སྔར་སྨོས་ན་དེ་ཁོ་ན་ལ་དྲིའམ་ཞེ་ན། དགེ་འདུན་གྱི་གནས་མ་ཡིན་པར་ཁྱིམ་པའི་ཁྱིམ་དུ་ནི་རྩྭའམ་ལོ་མ་བཏིང་ནས་འདོར་བ་ན་གནས་དེའི་བདག་པོ་རྣམས་ཞེས་མང་ཚིག་ཏུ་བསྟན་པ་ནི་བུ་དང་ཆུང་མ་ལ་སོགས་པ་སྟེ་དེ་རྣམས་ལ་དྲི་བར་བྱ་བ་ཉིད་ཡིན་ནོ། །བཞི་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རྒན་གཞོན་གཉིས་ཀྱིས་གཙུག་ལག་ཁང་དུ་རྩྭ་མང་(༤༥ན)


K8Z003_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གདིང་བ་བཏིང་ནས་མ་བསྡུས་པར་སོང་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིས་ཀྱི་དགེ་འདུན་གྱི་གནས་སུ་རྩྭའི་རླན་གྱིས་སྲོག་ཆགས་ཕྲ་མོ་མང་པོ་སྐྱེས་ཏེ་དགེ་འདུན་གྱི་གནས་ལོངས་སྤྱོད་པ་ལ་གནོད་པ་དང་། སྲོག་ཆགས་ཕྲ་མོ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་སུ་རྩྭའམ་ལོ་མའི་གདིང་བ་རང་ངམ་བསྐོས་པས་བཏིང་བ་མ་བསྡུས་པར་ཕན་ཕུན་དུ་འགྱུར་བའི་ཉེན་ཅན་གྱི་ཕྱོགས་སུ་བཞག་སྟེ། ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གནས་དང་། དངོས་པོ་དང་། རྟེན་ནོ། །དང་པོ་གང་དུ་གདིང་བའི་གནས་ལ་བཞི་ལས། དགེ་འདུན་དབང་བའི་གནས་ཡིན་པ་སྟེ་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང་ཞེས་སོ། །སེལ་བ་གང་ཟག་གི་གནས་སུ་ནི་ཉེས་བྱས་ཏེ་འོག་མ་བཞི་ལ་ཡང་ངོ་ཞེས་སོ། །གནས་ཀྱི་ངོ་བོ་ཉིད་དུ་གྲུབ་པ་སྟེ་ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་གནས་ཀྱི་མཐའ་ཡིན་ཅེས་སོ། །སེལ་བ་ནི་སྟེང་གཡོགས་མེད་པའི་གནས་སུ་ནི་ཉེས་བྱས་སོ། །སྤྱོད་ལམ་བཞི་ཤོང་བ་སྟེ་རིམ་པ་ལྷག་པར་རྩིག་པའི་སྐབས་ལས་སྤྱོད་ལམ་བཞི་ཤོང་བའོ་ཞེས་པའི་གནད་ཀྱིས་སྦྱར་རོ། །སྤྱོད་ལམ་བཞི་མི་ཤོང་བའི་གནས་སུ་ནི་ཉེས་བྱས་སུ་འགྱུར་གྱི། འདི་ལྟུང་བྱེད་དུ་མི་འགྱུར་ཏེ་དེར་རྩྭ་དང་ལོ་མའི་གདིང་བ་ལ་སྤྱོད་པ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་ཕན་ཕུན་དུ་འགྱུར་བའི་ཉེན་ཅན་ཡིན་པ་དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱི་གཞིར་ཅེས་སོ། །གཉིས་པ་གང་འདིང་བའི་དངོས་པོ་ནི་རྩྭའམ་ལོ་མའི་གདིང་བ་ཡིན་ཏེ། ལུང་ལས། རྩྭའི་གདིང་བའམ་ལོ་མའི་གདིང་བ་བཏིང་ངམ་འདིངས་སུ་བཅུག་ན། ཞེས་གསུངས་ལ། རྩྭ་ཉག་མ་གཉིས་སམ་(༤༥བ)


K8Z003_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལྟ་བུ་མ་ཡིན་གྱི། རྩྭ་དང་ལོ་མ་གདན་དུ་བཏིང་ངམ་ཞེས་ཐ་སྙད་བྱར་རུང་བས་གྲགས་སྡེའི་ཚད་དུ་ཆོག་པ་ཡིན་པ་སྟེ་གདིང་བར་བྱས་པ་ཉིད་ཅེས་བཤད་དོ། །གསུམ་པ་གང་གིས་མ་བསྡུས་པར་འཇོག་པའི་རྟེན་ནི་ཆོས་བཞི་ལྡན་ལས་རང་ངམ་བསྐོས་པས་འདིང་བར་བྱས་པ་ཡིན་པ་སྟེ། རང་ངམ་བསྐོས་པས་གདིང་བར་བྱས་པ་ཉིད་ཅེས་སོ། །བརྟུལ་བར་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པ་ལ་སོགས་པ་གསུམ་ནི་གནས་མལ་མ་བསྡུས་པའི་སྐབས་སུ་སྔར་བཤད་པ་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྩྭའམ་ལོ་མའི་གདིང་བ་མ་བསྡུས་པར་ཉེ་འཁོར་ལས་མ་འདས་ཀྱང་གཉིད་ལོག་པ་དང་། སྙོམས་པར་འཇུག་པ་ལ་སོགས་པས་གནས་དེའི་རྩྭ་དང་ལོ་མའི་གདིང་བ་བཏིང་བ་དེ་ལས་ནང་གི་ས་ཕྱོགས་གཞན་ན་གནས་པར་འདོད་པའམ་ཉེ་འཁོར་ལས་འདས་ཤིང་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གནས་དེའི་ནང་དུ་གཉིད་ཉལ་བ་ལ་སོགས་པའམ་དེའི་ཉེ་འཁོར་འདོམ་བཞི་བཅུ་རྩ་དགུ་ལས་འདས་ཤིང་འགྲོ་བའོ། །མཐར་ཐུག་ནི་གཉིས་ཏེ་ཕན་ཕུན་དུ་གྱུར་པའམ་འདོམ་ཞེ་དགུ་འདས་པའོ། །གཉིས་པ་ནི། འདི་ལ་བྱེད་པ་པོ་གང་ཞེ་ན། རྩྭ་དང་ལོ་མ་གདིང་བའི་གནས་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང་ཞེས་པའི་རྣམ་པར་བཅད་པས། ཞུ་བ་ལས། གང་ཟག་གི་གནས་ཁང་དུ་ནི་ཉེས་བྱས་ལས་མི་བསྐྱེད་དེ་ཞེས་སོ། །གཙུག་ལག་ཁང་གི་ནང་དུ་རྩྭ་དང་ལོ་མ་གདིང་དུ་བཏིང་བའི་འོག་གཞི་དེ་རྡོ་ཐལ་གྱི་རྒྱུ་ལྟ་བུའི་རྡོ་བའི་གཞི་ཉིད་དང་བྱེ་མ་མང་བའི་གཞི་ཉིད་ལ་སོགས་པ་ཞེས་པས་བཟུང་བའི་གཞི་ཉིད་བསྡུས་ཏེ། ཊཱི་ཀ་ལས། རྡོ་ལས་གཞན་པ་ས་མ་ཡིན་པའང་བསྡུའོ་ཞེས་སོ། །འགྲེལ་ཆུང་ལས། གསེག་མ་དང་ཞེས་པའི་བདག་ཉིད་མ་ཡིན་པ་ཉིད་དང་། ས་འཇམ་པོའི་རླན་པོ་དང་། ས་ལ་སྲིལ་(༤༦ན)


K8Z003_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་སྲོག་ཆགས་སྐྱེ་བ་དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱི་གཞིར་དགེ་སློང་རང་དང་རང་གིས་བསྐོས་པས་རྩྭ་དང་ཤིང་ལོ་མ་ལ་སོགས་པ་གདན་དུ་གདིང་བ་བྱས་པ་ཉིད་ལྟ་བུ་ནི་ལྟུང་བ་འདི་སྐྱེད་པའི་བྱེད་པ་པོ་དག་ཡིན་ནོ། །གདིང་བའི་ལྟུང་བྱེད་དོ། །དྲུག་པ་སྐྲོད་པ་ལ། ལྟུང་བ་ཉིད་ཀྱི་དངོས་གཞི་བསྟན། །སེལ་བ་ཉེས་བྱས་བསྟན་པ་དང་། །སེལ་བ་ལྟུང་མེད་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་ན་འཆར་ཀས་ལྗོངས་རྒྱུ་ཞིང་སོང་ནས་རི་བྲག་གི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་ནས་ཕན་པའི་རྐྱེན་དང་མི་ལྡན་པའི་དགེ་སློང་གཞན་རང་ངམ་བསྐོས་པས་བསྐྲད་དེ་ཉེ་འཁོར་ལས་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ལས། གང་བསྐྲད་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ཕན་པའི་རྐྱེན་ཅན་མ་ཡིན་པ་སྟེ་གལ་ཏེ་དེ་ལ་གནོད་པ་དང་ཞེས་པས་སོ། །གང་ནས་བསྐྲད་པའི་གནས་ནི་དགེ་འདུན་དབང་བའི་གནས་ཆོས་གསུམ་ལྡན་ཏེ་གདིང་བའི་ལྟུང་བྱེད་ཀྱི་སྐབས་ཀྱི་དང་པོ་གསུམ་སྔར་བཤད་པ་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་སྐྲོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་མངོན་སུམ་དུ་སྐྲོད་པར་ཞུགས་པའོ། །མཐར་ཐུག་ནི་གནས་དེའི་ཉེ་འཁོར་ལས་འདས་པའོ། །གཉིས་པ་ནི། སྐྲོད་པའི་ལྟུང་བྱེད་འདི་ལ་བྱེད་པ་པོ་གང་ཞེ་ན། གང་བསྐྲད་པར་བྱ་བ་དགེ་སློང་ཉིད་དང་ཞེས་པའི་རྣམ་པར་བཅད་པ་ལས་དགེ་སློང་མ་དང་བསྙེན་པར་མ་(༤༦བ)


K8Z003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ནི་དགེ་སློང་གིས་བསྐྲད་ཀྱང་ཉེས་བྱས་ལས་མི་བསྐྱེད་དེ་ཞུ་བ་ལས་སོ། །གང་ནས་བསྐྲད་པའི་གནས་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དག་ནི་ལྟུང་བྱེད་འདི་སྐྱེད་པའི་བྱེད་པ་པོ་ཡིན་ཏེ། མེད་མི་རུང་བའི་ཡན་ལག་ཉིད་དོ། །གང་ཟག་གི་གནས་ཁང་ནས་ནི་དགེ་སློང་གིས་བསྐྲད་ཀྱང་ཉེས་བྱས་ལས་མི་བསྐྱེད་དེ་ཞུ་བ་ལས་སོ། །བསམ་པའི་ཇི་ལྟ་བུས་བསྐྲད་ཅེ་ན། སྐྱོན་བཞིའི་གཉེན་པོར་འདོད་པ་མ་ཡིན་ནའོ་ཞེས་སྟོན་པ་ནི། གལ་ཏེ་བསྐྲད་བྱ་དེ་ལ་གནོད་པ་སྐྱེ་བར་འགྱུར་བ་དང་། དགེ་འདུན་འཁྲུགས་པ་སྐྱེ་བར་འགྱུར་བ་དང་། གནོད་པ་སྐྱེས་ཟིན་པ་ཉེ་བར་ཞི་བར་མི་འགྱུར་བ་དང་། དགེ་འདུན་འཁྲུགས་པ་སྐྱེས་ཟིན་པ་ཉེ་བར་ཞི་བར་མི་འགྱུར་བ་སྟེ་སྐྱོན་བཞི་པོ་དེ་དག་གང་ཡང་རུང་བ་འབྱུང་བར་དོགས་པའི་གཉེན་པོར་འདོད་པ་མ་ཡིན་ནོ་སྟེ། སྐྲོད་པའི་ལྟུང་བྱེད་བསྐྱེད་པའོ། །ཊཱི་ཀ་ལས། དེ་དག་གི་བསམ་པས་སྐྲོད་ན་ཉེས་པ་མེད་དོ། །ཞེས་སོ། །གང་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་ཞེ་ན། སྐྲོད་པ་དེ་དགེ་སློང་གཙུག་ལག་ཁང་ནས་ཕྱིར་འབྱིན་པ་ལའོ། །དགེ་སློང་གིས་གཞན་ལ་བསྐོས་ནས་གཞན་གྱིས་སྐྲོད་པར་བྱེད་པས་ཀྱང་ངོ་སྟེ་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །གཞན་གྱིས་དགེ་སློང་ལ་བསྐོས་ན་དགེ་སློང་དེས་གཞན་གྱི་ངག་གི་རྗེས་སུ་འཇུག་སྟེ་གཞན་དོན་དུ་སྐྲོད་པར་བྱེད་པས་ཀྱང་ངོ་སྟེ་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ནི། དགེ་སློང་མ་ཉིད་དང་། དགེ་ཚུལ་དང་། དགེ་ཚུལ་མ་རྣམས་ཀྱིས་ནི་དགེ་སློང་ལ་སོགས་པ་བསྐྲད་ན་ཉེས་བྱས་ཀྱི་བྱེད་པ་པོའོ། །ཞེས་པ་འདི་ནི་ཡིད་ཀྱི་བསྡམ་བྱའི་ཉེས་བྱས་ཏེ། དེའི་ཕྱོགས་དང་མཐུན་པ་དེ་ལ་ནི་ཡིད་ཀྱིའོ་ཞེས་འབྱུང་བས་སོ། །དགེ་སློང་དང་དགེ་ཚུལ་ཕ་མ་དེ་དག་དགེ་སློང་གིས་སྐྲོད་པས་ཀྱང་ཉེས་བྱས་འབྱུང་ངོ་། །སྙིང་ནས་སྐྲོད་པ་ནི་མ་ཡིན་གྱི་རྩེད་མོའི་ཕྱིར་བཞད་གད་ཀྱིས་ཀྱང་དགེ་སློང་གིས་(༤༧ན)


K8Z003_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་ན་ཉེས་བྱས་ཀྱི་བྱེད་པ་པོའོ། །གསུམ་པ་ནི། ཁྱིམ་པས་དགེ་སློང་ལ་སོགས་པ་བསྐྲད་ན་ཅི་འགྱུར་ཞེ་ན། སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་སྟེ་སྡིག་པ་མང་པོ་འབྱུང་གིས། བཅས་པ་ལས་འདས་པའི་ལྟུང་བ་ནི་མི་འབྱུང་ངོ་། །འོ་ན་སྐྲོད་པའི་ཁ་ན་མ་ཐོ་བ་འདི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ནམ་མིན། ཡིན་ན་ནི་རྐྱེན་ལ་བལྟོས་ཏེ་གནང་བ་དང་འགལ་ལ། མ་ཡིན་ན་ནི་ཁྱིམ་པ་ལ་བསོད་ནམས་མ་ཡིན་པ་འབྱུང་བ་དང་འགལ་ཅེ་ན། སྐྲོད་པའི་ཉེས་པ་འདི་སྤྱིར་བཏང་ལ་བཅས་པའི་ཁ་ན་མ་ཐོ་བ་ཡིན་ལ། ཁྱིམ་པ་ལ་བསོད་ནམས་མ་ཡིན་པ་འབྱུང་བར་གསུངས་པ་ནི་ཞེ་སྡང་གློ་བུར་བ་དང་འབྲེལ་བའི་དབང་དུ་བྱས་པའོ། །དགེ་བསྙེན་གྱི་སྡོམ་ལྡན་ཁྱིམ་པ་ལ་ནི་སྲོག་གཅོད་ལ་སོགས་པ་བཞི་ལ་རང་བཞིན་གྱི་ལྟུང་བ་ཙམ་པོ་ཞིག་འབྱུང་ལ། ཆང་འཐུངས་ན་བཅས་པའི་ཁ་ན་མ་ཐོ་བ་ཙམ་པོ་ཞིག་འབྱུང་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་དགེ་བསྙེན་གྱི་ལྟུང་བ་དང་དགེ་བསྙེན་མའི་ལྟུང་བ་དང་ཞེས་གསུངས་ལ། མཛོད་ལས། བཅས་པའི་ཁ་ན་མ་ཐོ་བ། །མྱོས་གྱུར་ལས་གཞན་བསྲུང་ཕྱིར་རོ། །ཞེས་གསུངས་པའོ། །དགེ་སློང་ལས་བབས་པའི་ཁྱིམ་པ་ལ་ནི་ལྟུང་བ་རྒྱུད་ལ་ཡོད་སྲིད་དེ། དགེ་སློང་ལྷག་མའི་ལྟུང་བ་ཡོད་བཞིན་དུ་ཁྱིམ་པར་བབས་ན། བབས་པས་བཅས་པ་ལྷག་མའི་ལྟུང་བ་མི་འདག་པའི་ཕྱིར་ཏེ། མི་སྤྱོད་པའི་ས་ནས་ཕྱིར་འོངས་པ་ནི་དེའི་གནས་སྐབས་ཉིད་ཡིན་ནོ་ཞེས་གསུངས་པ་ནི་འདིའི་ཁུངས་ཡིན་ནོ། །འོ་ན་ཊཱི་ཀ་ལས་བསྙེན་པར་མ་རྫོགས་པ་ཉིད་ལ་དགེ་འདུན་ལྷག་མ་མེད་པའི་ཕྱིར་ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་ལྷག་མའི་རྒྱུན་གྱི་དང་པོ་ཡིན་པའི་དགེ་འདུན་ལྷག་མ་མེད་པ་ལ་དགོངས་པ་ཡིན་གྱི། ལྷག་མའི་ལྟུང་བ་སྔར་བྱུང་ཟིན་གྱི་(༤༧བ)


K8Z003_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་གནས་པའི་ལྟུང་བ་ཡོད་པ་ནི་སྲིད་པ་ཁོ་ནའོ། །དགེ་འདུན་ལྷག་མའི་རྒྱུན་གྱི་དང་པོ་ལ་ཡང་ལུང་ཞུ་བ་ལས། བསྙེན་པར་མ་རྫོགས་པ་ལ་དགེ་འདུན་ལྷག་མ་འབྱུང་བར་འགྱུར་ལགས་སམ། བཀའ་སྩལ་པ། དེ་བཞིན་ཏེ་བསླབ་པ་བྱིན་པ་ལས་འགྱུར་རོ་ཞེས་འོད་ལྡན་དུ་དྲངས་པ་དེ་ཇི་ལྟ་བུ་ཞེ་ན། དགེ་སློང་བསླབ་པ་བྱིན་པ་ལ་བསྙེན་པར་མ་རྫོགས་པ་ཞེས་མིང་བཏགས་པ་ཙམ་དུ་ཟད་དོ། །སྐྲོད་པའི་ལྟུང་བྱེད་དོ། །བདུན་པ་ཕྱིས་གནོན་བྱེད་པ་ལ། ཕྱིས་གནོན་དངོས་ཉིད་བཤད་པ་དང་། །ཐོ་འཚམས་ལྟུང་བ་གཞན་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་ན་འཆར་ཀས་ལྗོངས་རྒྱུ་ཞིང་སོང་ནས་རི་བྲག་གི་གཙུག་ལག་ཁང་དུ་དགེ་སློང་ལ་ཕྱིས་གནོན་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིས་ཀྱི་ལུས་སེམས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་སུ་སྔར་ཞུགས་པའི་དགེ་སློང་ལ་ཐོ་འཚམས་པའི་ཕྱིར་ཕྱིས་གནོན་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ལས། གང་ལ་ཕྱིས་གནོན་བྱ་བའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་རང་བས་སྔར་ཞུགས་པ་དང་། ཕན་པའི་རྐྱེན་ཅན་མ་ཡིན་པ་སྟེ་སོ་སོར་ཐར་པའི་མདོ་ལས་དགེ་སློང་དག་སྔར་ནས་འཁོད་པར་ཤེས་བཞིན་དུ་ཞེས་པ་དང་། ན་བ་དང་འཇིགས་པའི་དབང་མ་གཏོགས་ཞེས་པས་སོ། །གང་དུ་ཕྱིས་གནོན་བྱ་བའི་གནས་ནི་གནས་ཆོས་གསུམ་ལྡན་ཏེ་སྐྲོད་པའི་སྐབས་སུ་སྔར་བསྟན་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་ཐོ་འཚམས་པའི་བསམ་པས་ཕྱིས་གནོན་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཕྱིས་གནོན་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་དགེ་སློང་དེའི་(༤༨ན)


K8Z003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཉལ་བ་ཙམ་མམ་འདུག་པ་ཙམ་བྱས་ན་སྟེ། སོ་སོར་ཐར་པའི་མདོ་དང་ལུང་རྣམ་འབྱེད་ལས། ཕྱིས་གནོན་བྱས་ནས་ཉལ་ལམ་འདུག་ན་ལྟུང་བྱེད་དོ་ཞེས་སོ། །གཉིས་པ་ནི། ལྟུང་བྱེད་འདི་ལ་བྱེད་པ་པོ་གང་ཞེ་ན། འདུ་ཤེས་གཙོའོ། །ཡུལ་གང་ལ་ཤེས་གཙོ་ཞེ་ན། གནས་དགེ་འདུན་གྱི་ཡིན་པ་དང་། གཙུག་ལག་ཁང་གི་གནས་སུ་དགེ་སློང་སྔར་ཞུགས་པ་ཉིད་ལའོ། །ཤེས་གཙོའོ་ཞེས་སྦྱར་ཏེ་ཡུལ་དེ་ལ་བསམ་པས་དེར་འདུ་ཤེས་པ་ནི་ཡན་ལག་གི་གཙོ་བོའོ། །བདག་ཉིད་ན་བའམ་ནད་པའི་སྟེང་ནས་ལུས་ཀྱིས་མནན་ན་ཕན་པ་ལྟ་བུ་ན་བ་དང་། སྟག་གིས་གཙེས་ཏེ་ཁང་བུའི་ནང་དུ་བྲོས་པས་གཞན་དག་ཉལ་བའི་སྟེང་དུ་འགྱེལ་བ་ལ་སོགས་པ་འཇིགས་པའི་དབང་མ་གཏོགས་པར་གཙུག་ལག་ཁང་དུ་སྔར་ཞུགས་པའི་དགེ་སློང་ཉལ་བ་ལ་སོགས་པའི་སྟེང་དུ་བདག་ཉིད་ཕྱིས་འོངས་ཏེ་ལུས་ཀྱིས་གནོན་པར་བྱེད་པ་ལ་ལྟུང་བྱེད་འདི་བསྐྱེད་པའོ། །རྣམ་འབྱེད་ལས། ཕྱིས་གནོན་བྱས་ནས་ཉལ་ལམ་འདུག་ན་ལྟུང་བྱེད་དོ་ཞེས་སོ། །གཉིས་པ་ནི། ལུས་ཀྱི་ཕྱིས་གནོན་བྱེད་པ་དེ་ནི་དཔེ་སྟེ་ཐོ་འཚམས་པར་འདུན་པས་དགེ་སློང་ལ་ནི་ངག་གིས་ཐོ་འཚམས་པ་དང་། ལུས་ཀྱིས་ཐོ་འཚམས་པ་གཞན་དག་ཀྱང་ངོ་སྟེ། ཊཱི་ཀ་ལས། བསླབ་པའི་གཞི་འདིར་གཏོགས་པའི་ལྟུང་བྱེད་ཡིན་ནོ། །ཞེས་བཤད་དོ། །འདི་ནི་ལུང་རྣམ་འབྱེད་ལས། ངན་དང་གསོད་དང་གྲང་དྲོ་དང་། །ཆོལ་ཟངས་དང་ནི་བཀྲུ་སྨན་དང་། །རྣལ་འབྱོར་མཐུན་དང་ཁ་ཏོན་དང་། །འཇིགས་དང་བཅས་དང་འཇིགས་མེད་དོ། །ཞེས་གསུངས་པ་དང་སྦྱར་རོ། །ཊཱི་ཀ་ལས། བསྒོ་བ་རྣ་ལ་གཟོན་པ་དག་ལ་ཡང་སྤྱིར་ཐོ་འཚམས་པ་ཡོད་མོད་ཀྱི། འོན་ཀྱང་གནས་ལ་སོགས་པའི་རྣམ་པའི་བྱེ་བྲག་ཡོད་པའི་ཕྱིར་ལྟུང་བྱེད་ཐ་དད་པ་ཉིད་ཡིན་ནོ། །ཞེས་པ་ནི་བསྒོ་(༤༨བ)


K8Z003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣ་ལ་གཟོན་པ་དང་། སྐབས་འདིའི་ལྟུང་བ་སྟེ་གཉིས་ཀ་ཐོ་འཚམས་པ་ལས་གྱུར་པ་ཙམ་དུ་འདྲ་ཡང་། སྔ་མ་དང་འདི་ལ་དགེ་འདུན་གྱི་གནས་ཡན་ལག་ཏུ་མི་དགོས་པ་དང་། དགོས་པའི་ཁྱད་པར་གྱིས་ཐ་དད་དུ་དབྱེ་ཞེས་པའོ། །ཊཱི་ཀ་ལས། ལྟུང་བྱེད་དུ་བསྟན་པའི་ཐོ་འཚམས་པ་དེ་དག་ལས་གཞན་པའི་ཐོ་འཚམས་པ་ནི་ཐམས་ཅད་ཉེས་བྱས་སོ། །ཞེས་བཤད་དོ། །ཕྱིས་གནོན་ནི་ཕྱོགས་གཅིག་ནས་མཚོན་པ་སྟེ་ཕྱིས་གནོན་དང་ཐོ་འཚམས་བྱེད་པའི་ལྟུང་བྱེད་དོ། །བརྒྱད་པ་རྩ་དབྱུང་འདུག་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ལྗོངས་རྒྱུ་ཞིང་སོང་ནས་རི་བྲག་གི་གཙུག་ལག་ཁང་གི་སྟེང་གི་ཐོག་ལ་ཁྲི་རྐང་བཙུགས་ཏེ་ཤུགས་དྲག་པོས་མནན་ཏེ་འདུག་པ་ལས་ཁྲི་རྐང་གིས་ཁང་ཐོག་བརྟོལ་བ་ལས་སོ། །དགག་བྱ་ནི་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་བུག་རྡོལ་དུ་གྱུར་པའོ། །ལུས་སྲོག་ལ་གནོད་པ་ནི་དགག་བྱ་མ་ཡིན་ཏེ་གང་ཟག་གི་གནས་ཁང་དུ་ལྟུང་བྱེད་དུ་མི་འགྱུར་བས་སོ། །ཞེས་ཤ་མི་དང་། ཡར་སྟོད་པས་གསུངས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་མཚན་ཉིད་དང་ལྡན་པའི་སྟེང་ཐོག་རྩ་བ་དབྱུང་བའི་སྐབས་དང་བཅས་པ་མནན་པར་འོས་པའི་རྩ་བ་ཕུར་བུ་ལྟ་བུའི་སྟེང་དུ་འདུག་པའམ་མ་ཉལ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ལས། གང་དུ་འདུག་པའི་གནས་ནི་དགེ་འདུན་དབང་བའི་ཆོས་གསུམ་ལྡན་སྔར་བཤད་པ་དང་འདྲ་ལ། དེའི་སྟེང་དུ་སྟེང་གི་ཐོག་ཡིན་པ་དང་། རྩ་བ་བྱུང་བའི་སྐབས་དང་བཅས་པ་སྟེ། སྟེང་གི་ཐོག་ཉིད་ནི་བྱེད་པ་པོའོ་ཞེས་པ་དང་། གལ་ཏེ་བྱིན་གྱིས་གཞོལ་བ་ཉིད་དམ་ཞེས་པས་སོ། །ཊཱི་ཀ་ལས། གལ་ཏེ་བྱིན་གྱིས་གཞོལ་བ་ལ་སོགས་པ་ཡིན་ན་ལྟུང་བ་(༤༩ན)


K8Z003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །འདི་ནི་མདོར་བསྟན་པ་ཡིན་ཏེ། གང་ལ་རྩ་བ་འགྲོ་བའི་སྐབས་མེད་པ་དེ་ལ་ལྟུང་བ་མེད་དོ། །ཞེས་སོ། །གང་ལ་འདུག་པའི་དངོས་པོ་ནི་མནན་པར་འོས་པའི་རྩ་བ་ཕུར་བུ་ཡིན་པ་དང་། གྱེན་དུ་བཟློག་པ་དང་། རྐང་རྟེན་བཅུག་པ་མ་ཡིན་པ་སྟེ་མནན་པར་འོས་པའི་རྩ་བ་ཞེས་པ་དང་། རྐང་རྟེན་བཅུག་པ་ཉིད་ནི་ཞེས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྩ་བ་ཕུར་བུ་ལྟ་བུ་ལ་འདུག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རྩ་བ་ཕུར་བུ་ལྟ་བུ་ལ་འདུག་པའམ་ཉལ་བར་བྱེད་པ་སྟེ། སོ་སོར་ཐར་པའི་མདོ་དང་། ལུང་རྣམ་འབྱེད་ལས། ལྗིད་ཀྱིས་ཕབ་སྟེ་འདུག་གམ་ཉལ་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །མཐར་ཐུག་ནི་འདུག་པ་ཙམ་མམ་ཉལ་བ་ཉིད་དོ། །གཉིས་པ་ནི། ལྟུང་བྱེད་འདི་ལ་བྱེད་པ་པོ་གང་ཞེ་ན། དགེ་འདུན་གྱི་གཙུག་ལག་ཁང་ཡིན་པ་དང་། སྟེང་ཁང་གི་སྟེང་གི་ཐོག་ཉིད་ནི་བྱེད་པ་པོའོ། །གལ་ཏེ་བྱིན་གྱིས་གཞོལ་བ་རྒྱ་ཕུབས་ཀྱི་རྣམ་པ་ལྟ་བུ་ཉིད་དམ། སྤང་ལེབ་ཉིད་དམ། སྤང་ལེབ་དེ་དང་འདྲ་བས་གཡམ་པ་ལ་སོགས་པས་གཡོགས་པ་ཉིད་མ་ཡིན་ན་འདིའི་བྱེད་པ་པོའོ། །ཊཱི་ཀར། གང་ལ་རྩ་བ་འགྲོ་བའི་སྐབས་མེད་པ་དེ་ལ་ལྟུང་བ་མེད་དོ། །སྨོས་པའི་ལྟུང་བའི་བྱེད་པོ་དེར་མ་ཟད་དམ་ཞེ་ན། དགེ་སློང་གིས་མནན་པར་འོས་པ་ཁྲི་ལ་སོགས་པའི་རྩ་བ་ཕུར་བུ་ལྟ་བུ་ཉིད་ཀྱང་ལྟུང་བའི་བྱེད་པ་པོའོ། །འདིར་ཁྲི་དང་ཁྲིའུ་ཡན་ལག་ཏུ་དགོས་ཞེས་སྔ་མ་རྣམས་གསུངས་ཀྱང་ནོར་བ་སྟེ། སོ་སོར་ཐར་པའི་མདོ་ལས། ཁྲི་དང་ཁྲིའུ་ཞེས་གསུངས་ཀྱང་། གླེང་གཞིའི་དབང་གིས་མཚོན་པ་ཙམ་སྟེ། རང་གི་རྣམ་བཤད་ལས། ཁྲི་དང་ཁྲིའུ་སྨོས་པ་འདིར་མཚོན་པ་ཙམ་དུ་རྣམ་པར་གནས་པ་ཡིན་ནོ། །འདི་ལྟ་བུར་གྱུར་པ་གཞན་ལ་ཡང་ཉེས་དམིགས་འདྲ་བ་ཉིད་ཀྱིས་(༤༩བ)


K8Z003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་གནས་པར་འོས་པ་ཞེས་བྱ་བའི་ཚིག་བྱས་སོ་ཞེས་གསུངས་སོ། །དེས་ན་ཁྲི་དང་ཁྲིའུ་འདིར་ངེས་བཟུང་གི་ཡན་ལག་མ་ཡིན་པས། མདོ་རྩ་བ་ལས། ཁྲི་དང་ཁྲིའུ་མ་སྨོས་པར་མནན་པར་འོས་པའི་རྩ་བ་ཞེས་སྤྱིར་གསུངས་སོ། །དེ་ལྟར་ན་རྩ་བ་ཕུར་བུ་ལྟ་བུ་འདི་ནི་ཁྲི་དང་ཁྲིའུའི་རྩ་བ་ཡིན་ཀྱང་རུང་མ་ཡིན་ཀྱང་རུང་། མནན་པར་འོས་པའི་རྩ་བ་ཕུར་བུ་ལྟ་བུ་གང་ཡང་རུང་བའོ། །མནན་པར་བྱ་བའི་དངོས་པོ་དེ་གལ་ཏེ་ཁྲིའམ་ཁྲིའུ་ཡིན་པའི་དབང་དུ་བྱས་ན་ཁྲི་གན་རྒྱལ་དུ་བཀན་པ་ཉིད་དང་། ཁྲིའི་རྐང་པ་ལ་རྐང་རྟེན་བཅུག་པ་ཉིད་ནི་མ་གཏོགས་སོ། །རྩ་བ་ཕུར་བུ་ལྟ་བུ་དེའི་སྟེང་ནས་དགེ་སློང་གིས་གནོན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ལྗིད་ཀྱིས་ཕབ་སྟེ་འདུག་གམ་ཉལ་ན་ལྟུང་བྱེད་དོ་ཞེས་ལུང་རྣམ་འབྱེད་ལས་སོ། །སྟེང་གི་ཐོག་ཡིན་པ་དང་། རྩ་བ་ཕུར་བུ་ལྟ་བུ་ཡིན་པར་འདུ་ཤེས་པ་ཡན་ལག་གཙོའོ། །རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་དོ། །དགུ་པ་སྲོག་ཆགས་དང་བཅས་པ་ལོངས་སྤྱོད་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་ཡུལ་ཀཽ་ཤཱམྦཱིར་འདུན་པས་སྲོག་ཆགས་དང་བཅས་པའི་ཆུ་ས་ལ་འདེབས་པར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དུད་འགྲོའི་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གཞན་ཁོ་ནའི་དོན་དུའམ་རང་གཞན་ཐུན་མོང་གི་དོན་དུ་ཆུ་དང་། ས་དང་། ཤིང་ལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་སྲོག་ལ་མ་བལྟོས་པའི་བསམ་པས་ལོངས་སྤྱོད་པས་གཞི་མའི་ཞར་ལ་དུད་འགྲོ་ཤི་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་ལས། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཡིན་པ་སྟེ། ལུང་དང་མདོ་རྩ་བ་ལས་སྲོག་ཆགས་དང་བཅས་པ་ཞེས་སྤྱིར་(༥༠ན)


K8Z003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཀྱང་། ཊཱི་ཀ་ལས། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ཞེས་བཤད་དོ། །ཐ་མལ་པའི་མིག་ལ་སྣང་བ་སྟེ། རྣམ་འབྱེད་འགྲེལ་པ་ལས། མིའི་མིག་ཐ་མལ་པས་མཐོང་བར་འགྱུར་བའོ། །གང་དག་དེས་མི་མཐོང་བ་དེ་དག་ནི་ཡོད་ཀྱང་སྲོག་ཆགས་དང་བཅས་པ་མ་ཡིན་པ་སྟེ་བསད་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་བཤད་དོ། །འཕགས་པ་མ་འགགས་པས་ལྷའི་མིག་གིས་བལྟས་པས་ཆུའི་ནང་ན་སྲིད་པ་བར་མ་དོ་མང་པོ་མཐོང་བ་ལྟ་བུ་སྟེ། ཐ་མལ་པའི་མིག་ལ་མི་སྣང་ན་གཞི་མའི་ཞར་ལ་གསད་པར་མི་ནུས་ཀྱང་སྔགས་ཀྱིས་གསོད་པར་བྱེད་ན་དུད་འགྲོ་གསོད་པའི་ལྟུང་བྱེད་དུ་འགྱུར་ཞེས་སྔ་མ་རྣམས་ཀྱིས་གསུངས་ཏེ། སྐབས་འདིའི་ལུང་རྣམ་འབྱེད་ལས། གང་དག་མིག་གིས་མཐོང་བར་འགྱུར་བ་ཞེས་གསུངས་སོ། །སའམ་ཆུ་ལྟ་བུ་གཞི་མ་དང་བཅས་པ་སྟེ། ལུང་དང་མདོ་རྩ་བ་ལས་སྲོག་ཆགས་དང་བཅས་པ་ཞེས་སྲོག་ཆགས་དང་ལྡན་པའི་ཚིག་ཏུ་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་གཞན་ཁོ་ནའི་དོན་དུའམ་རང་གཞན་ཐུན་མོང་གི་དོན་དུ་སྲོག་ཆགས་ལ་མ་བལྟོས་པར་གཞི་མའི་ཞར་ལ་སྲོག་ཆགས་དང་བཅས་པ་ལ་སྤྱོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་སྲོག་ཆགས་དང་བཅས་པ་ལ་སྤྱོད་པར་ཞུགས་པའོ། །མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་དུད་འགྲོའི་སྲོག་གི་དབང་པོ་འགགས་པ་སྟེ། ཊཱི་ཀ་ལས། སྲོག་ཆགས་དག་གི་སྲོག་གི་དབང་པོ་འགགས་པའི་མཚན་ཉིད་ཀྱི་སྐད་ཅིག་མ་གཉིས་པ་ལའོ་ཞེས་བཤད་དེ། འགགས་པའི་སྐད་ཅིག་མ་གཉིས་པ་ལས་འགགས་པ་ཉིད་དོ་ཞེས་སོ། །གཉིས་པ་ནི། རང་ཁོ་ན་སྤྱོད་པའི་དོན་དེ་ཉིད་ལས་གཞན་པའི་དོན་དུ་སྲོག་ཆགས་དང་བཅས་པ་ལ་སྤྱོད་ན་ལྟུང་བྱེད་(༥༠བ)


K8Z003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འགྱུར་བའོ། །འོ་ན་རང་གཞན་གཉིས་ཀའི་དོན་དུ་སྤྱོད་ན་འདེབས་སྤྱོད་གཉིས་ཀྱི་ལྟུང་བ་གང་བསྐྱེད་སྙམ་ན། གཞན་དོན་གྱི་དབང་གིས་འདིའི་ལྟུང་བར་རྣམ་པར་བཞག་སྟེ། སྤྱིར་བསྟན་པའི་ཊཱི་ཀ་ལས། རང་དང་གཞན་གཉིས་ཀའི་དོན་དུ་བྱེད་དུ་འཇུག་པ་ཡང་གཞན་གྱི་དོན་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལ་བདག་ཉིད་མ་གཏོགས་པར་དོན་དུ་གཉེར་བ་གཞན་ཡང་ཡོད་པའི་ཕྱིར་ཞེས་བཤད་དོ། །སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་དོ། །བཅུ་པ་རིམ་པ་ལྷག་པར་རྩིག་པ་ལ། བསླབ་པར་བྱ་བ་བརྗོད་པ་དང་། །ལྟུང་བའི་རྣམ་པར་བཞག་པ་བསྟན། །དེ་ཡི་ལྟུང་བ་མེད་པའོ། །དང་པོ་ནི། གཙུག་ལག་ཁང་བརྩིགས་ན་སྒོ་ཆ་སྟེ་སྒོའི་རེ་བཞི་སོགས་དང་པོར་གཞུག་པར་བྱའོ། །འདིར་སྒོ་ཆ་ཞེས་སྨོས་པས་སྒོ་དང་འབྲེལ་བའི་ཡོ་བྱད་ཐམས་ཅད་ཀྱང་བསྡུས་ཏེ་ཡས་ཕུབ་ལ་སོགས་པ་ལྷག་མ་དག་ནི་འཕྲལ་ལ་གཞུག་པའི་ཕྱིར་ཞེས་ཊཱི་ཀ་ལས་བཤད་དོ། །སྒོ་གླེགས་ནི་སྒོ་ལེབ་སྟེ་དེ་དག་ཀྱང་གཞུག་པར་བྱའོ། །རྩིག་པའི་ངོས་ལ་སྐར་ཁུང་དག་ཀྱང་གདོད་པར་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། ཀཽ་ཤཱམྦཱིར་དྲུག་སྡེས་ཉི་མ་གཅིག་ལ་གཙུག་ལག་ཁང་གསུམ་བརྩིགས་ཟིན་པར་བྱས་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཙུག་ལག་ཁང་འཇིག་པར་འགྱུར་ཞིང་དོན་དང་བྱ་བ་མང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གཙུག་ལག་ཁང་བརྩིགས་པ་ན་ཉིན་ཞག་གཅིག་ལ་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །དམིགས་བསལ་གཞིའི་སྐབས་སུ་ཉི་མ་ཐ་དད་དུ་རིམ་པ་གསུམ་ལས་ལྷག་པར་བཅས་པ་ལས་ཀྱང་ལྟུང་བྱེད་དུ་འགྱུར་ཏེ། ཉི་མ་ཐ་དད་གཞན་ལ་ཡང་འཇིམ་པ་མེད་པ་ལས་སོ་ཞེས་དམིགས་བསལ་གྱི་མདོ་བཞིས་སྟོན་པར་འགྱུར་རོ། །ཡན་(༥༡ན)


K8Z003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་རྩིག་པའི་གནས་དང་། གང་གི་ཚེ་བརྩིག་པའི་དུས་དང་། གང་གིས་རྩིག་པའི་དངོས་པོ་དང་། གང་གིས་རྩིག་པའི་རྟེན་ནོ། །དང་པོ་ལ་བཞི་ལས། གཙུག་ལག་ཁང་རྩིག་པའི་རྩིག་རྨང་ཡན་ཆད་ཡིན་པ་དང་། སྤྱོད་ལམ་བཞི་ཡན་ཆད་ཤོང་བ་སྟེ་གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ་ཞེས་སོ། །འདི་ལ་ཞིབ་ཆ་བསམ་དགོས་ཏེ། གཙུག་ལག་ཁང་རྩིག་པའི་རྩིག་རྨང་ཡན་ཆད་ཡན་ལག་ཡིན་གྱི། ངོ་བོ་གཙུག་ལག་ཁང་ཡིན་པ་ནི་ངེས་གཟུང་གི་ཡན་ལག་མ་ཡིན་ཏེ། གཙུག་ལག་ཁང་རྩིག་པའི་རྨང་འདིངས་པའི་ཕ་གུ་རིམ་པ་གསུམ་ལས་ལྷག་པ་ཡང་ལྟུང་བྱེད་དུ་འགྱུར་བའི་ཕྱིར་རོ། །སྤྱོད་ལམ་བཞི་ཤོང་བའོ་ཞེས་སོ། །འགྲེལ་ཆུང་ལས། སྤྱོད་ལམ་བཞི་ཤོང་བ་ཡན་ཆད་ནི་ཉེས་པ་མེད་ཅེས་བཤད་དོ། །ཕལ་ཆེར་གཡོགས་བསྐོར་ཡན་ཆད་དུ་རྩིག་པའི་རྩིག་རྨང་ཡན་ཆད་ཡིན་པ་སྟེ། ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་ཞེས་སོ། །བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ། ཕྱེད་བྱས་པ་ལས་བྱེད་པ་ནི་ཕྱེད་ཉིད་ཅེས་བཤད་པས་སོ། །གཉིས་པ་གང་གི་ཚེ་རྩིག་པའི་དུས་ནི་སྤྱིར་བཏང་ལ་ཉིན་ཞག་གཅིག་ཡིན་པ་སྟེ། ཉི་མ་དེ་ལའོ་ཞེས་དམིགས་བསལ་བཞི་ཡོད་དེ་གཞུང་དུ་འཆད་པར་འགྱུར་རོ། །གསུམ་པ་གང་གིས་རྩིག་པའི་དངོས་པོ་ནི། འཇིག་པའི་ཉེན་ཅན་ཡིན་པ་སྟེ་སོ་སྲེག་པ་མ་ཡིན་པའི་ཕ་གུ་ལྟ་བུའོ། །དེ་ཡང་གལ་ཏེ་ཐམས་ཅད་རྡོའམ་སོ་ཕག་གམ་ཤིང་ལས་བྱས་པ་མ་ཡིན་ནའོ་ཞེས་གསུངས་སོ། །རྡོ་འབའ་ཞིག་ལ་སོགས་པ་ལ་ནི་འགས་པ་ལ་སོགས་པའི་ཉེས་པར་མི་འགྱུར་བས་ལྟུང་བ་མེད་དོ་ཞེས་རྣམ་འབྱེད་འགྲེལ་པ་ལས་བཤད་དོ། །བཞི་པ་གང་གིས་རྩིག་པའི་རྟེན་ནི། ཆར་ཆུ་བསྐྱབ་པའི་གཡོགས་པ་མ་བྱས་པ་དང་སྦྱིན་བདག་གི་ཚིག་གིས་དབང་མེད་མ་ཡིན་(༥༡བ)


K8Z003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་ཆར་ཆུ་བསྐྱབ་པའི་གཡོགས་པ་ཡང་ངོ་། །ཡོན་བདག་གིས་བྱས་སམ་ཟིན་ནས་བལྟའོ་ཞེས་མ་སྨྲས་པ་ལའོ་ཞེས་གསུངས་པ་དང་། ལུང་དགེ་སློང་མའི་རྣམ་འབྱེད་ལས། བདག་པོ་རིངས་ན་ལྟུང་བ་མེད་དོ་ཞེས་གསུངས་པས་སོ། །སྦྱིན་བདག་གིས་རིངས་པར་འདོད་པ་ནི་རྡིབ་ན་ཡང་ལྟུང་བ་མེད་དོ། །གཙུག་ལག་ཁང་ནི་དེ་ལ་རག་ལུས་པའི་ཕྱིར་ཞེས་རྣམ་འབྱེད་འགྲེལ་པ་ལས་བཤད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རམ་བསྐོས་པས་སྤྱིར་བཏང་ལ་ཉིན་ཞག་གཅིག་ལ་གཙུག་ལག་ཁང་གི་ཕ་གུ་རིམ་པ་གསུམ་ལས་ལྷག་པར་རྩིག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་ཕ་གུ་རིམ་པ་གསུམ་ལས་ལྷག་པ་རྩིག་པར་ཞུགས་པའོ། །མཐར་ཐུག་ནི་རིམ་པ་གསུམ་ལས་ལྷག་སྟེ་རིམ་པ་བཞི་པར་བརྩིག་པའོ། །གཉིས་པ་ནི། ལྟུང་བྱེད་འདི་ལ་བྱེད་པ་པོ་གང་ཞེ་ན། གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ། །གཙུག་ལག་ཁང་དེའི་ཚད་ཇི་ཙམ་ཞེ་ན། སྤྱོད་ལམ་བཞི་བྱར་རུང་ཞིང་ཤོང་བ་ལའོ། །སྤྱོད་ལམ་བཞི་ཤོང་བ་དེ་ནི་ཉེས་པ་མེད་དོ། །གལ་ཏེ་རྩིག་པའི་དངོས་པོ་ཐམས་ཅད་རིལ་གྱིས་རྡོའམ་སོ་ཕག་འབའ་ཞིག་གམ་ཤིང་འབའ་ཞིག་ལས་བྱས་པ་ཡིན་ན་ནི་ཉིན་གཅིག་ལ་རིམ་པ་ལྷག་པར་བརྩིགས་ཀྱང་ལྟུང་བ་མེད་ལ། དེ་གསུམ་ལས་བྱས་པ་མ་ཡིན་ན་ལྟུང་བྱེད་དུ་འགྱུར་རོ། །རྡོ་འབའ་ཞིག་གམ་སོ་ཕག་གན་ཐམས་ཅད་ཤིང་ལས་བྱས་པ་ལ་རིམ་པ་གསུམ་ལས་ལྷག་པར་བརྩིགས་ཀྱང་ལྟུང་བ་མེད་དོ་ཞེས་གསུངས་སོ། །ཆར་ཆུ་སྐྱོབ་པའི་རྩྭའམ་ཤིང་ལེབ་ལ་སོགས་པས་རྩིག་འཕྲོའི་སྟེང་ནས་གཡོགས་པ་ཡང་བྱས་པ་མ་ཡིན་ནོ་ཞེས་གོང་དུ་སྦྱར་རོ། །ཞུ་བ་ལས། དགེ་སློང་གིས་རྩིག་པ་རིམ་པ་གསུམ་ལས་ལྷག་པར་བརྩིག་ཅིང་ལྟུང་བྱེད་དུ་མི་འགྱུར་བ་མཆིས་སམ་(༥༢ན)


K8Z003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། རྩྭ་དག་གིས་གཡོགས་པར་བྱེད་ན་ལྟུང་བ་མེད་དོ། །སྤང་ལེབ་དག་གིས་སམ་ཤིང་ལེབ་དག་གིས་གཡོགས་པར་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་ཏེ། དེ་དག་གིས་གཡོགས་པར་བྱའོ་སྙམ་པའི་བསམ་པ་དེ་རིམ་པ་ལྷག་པར་བརྩིགས་པའི་སྔ་རོལ་ནས་ཡོད་ན་ནི། རིམ་པ་ལྷག་པར་བརྩིགས་ཟིན་ནས་ཕྱིས་དེ་དག་གིས་གཡོགས་པར་བྱེད་ན་ཉེས་པ་མེད་པའོ། །སྦྱིན་བདག་རིངས་པར་འདོད་པས་ཡོན་བདག་གིས་ཚིག་འདི་སྐད་ཅེས་གཙུག་ལག་ཁང་གི་ཕྱེད་བྱས་ནས་བལྟའོ་ཞེས་སམ། གཙུག་ལག་ཁང་རིལ་པོར་ཟིན་ནས་བལྟའོ་ཞེས་དགེ་སློང་ལ་མ་སྨྲས་པ་ལ་ལྟུང་བར་འགྱུར་རོ། །ཊཱི་ཀ་ལས། དེ་སྐད་སྨྲས་ན་ནི་དེ་ལ་ཉེས་པར་མི་འགྱུར་རོ་ཞེས་བཤད་དོ། །གཙུག་ལག་ཁང་བརྩིག་པ་ན་ཕ་གུ་སོ་མ་བསྲེགས་པ་རིམ་པ་གསུམ་ལས་ལྷག་པར་ཉིན་གཅིག་ལ་རྩིག་པ་བྱས་པ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་གཞན་ལ་བསྐོས་ན་གཞན་གྱིས་བརྩིགས་པས་ཀྱང་དགེ་སློང་ལ་ལྟུང་བྱེད་འབྱུང་ངོ་། །ཉི་མ་དེ་ལའོ་ཞེས་པ་ནི་ཉི་མ་གཅིག་ཡིན་པ་དེ་ལ་རིམ་པ་གསུམ་ལས་ལྷག་པ་བརྩིག་ན་ལྟུང་བྱེད་བསྐྱེད་ཀྱི། ཉི་མ་ཐ་དད་པ་བསྡོམས་ནས་རིམ་པ་གསུམ་ལས་ལྷག་ཀྱང་ལྟུང་བ་མེད་པའོ་ཞེས་སྤྱིར་བཏང་བའོ། །དེ་ལ་དམིགས་བསལ་བཞི་ཡོད་དེ། གཞན་ལ་ཡང་ངོ་ཞེས་མདོ་བཞིས་དང་པོར་སྨོས་པས་མདོ་བཞི་ཆར་ལ་སྦྱར་རོ། །དེ་ཡང་གཞན་ལ་ཡང་ཆུ་ཁུང་དག་མ་གཏོད་པར་ཡང་རུང་ངོ་། །གཞན་ལ་ཡང་བསྐོས་ཏེ་རྨང་གི་རྩ་བའམ་བཙུག་པ་ཉིད་ཀྱང་རུང་ངོ་། །གཞན་ལ་སྒོ་ཆ་གོང་མ་མ་བཙུག་པར་ཡང་རུང་ངོ་ཞེས་སྦྱར་རོ། །འཇིམ་པ་མེད་དང་ཆུ་ཁུང་མ་གཏོད་དང་། །མ་བསྐོས་པར་ནི་རྨང་གཞི་བཙུགས་པ་དང་། །སྒོ་ཆ་གོང་མ་མ་བཙུག་པ་དང་བཞི། །དེ་དག་གང་རུང་གཅིག་ཉིད་ཡིན་ན་ཡང་། །ཉི་མ་ཐ་དད་གཞན་དང་བསྡོམས་(༥༢བ)


K8Z003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །རིམ་པ་གསུམ་ལས་ལྷག་ན་ལྟུང་བྱེད་དོ། །ཞེས་བསྡུ་བའི་ཚིགས་སུ་བཅད་པའོ། །ཉི་མ་གཅིག་ཡིན་པ་ལས་གཞན་དེ་རིང་རིམ་པ་གཉིས་བརྩིགས་ནས། སང་རིམ་པ་གཉིས་རྩིག་པ་ལྟ་བུ་ཉི་མ་ཐ་དད་བསྡོམས་ནས་རིམ་པ་གསུམ་ལས་ལྷག་པ་ལ་ཡང་སོ་ཕག་མ་ཡིན་པའི་ཕ་གུ་འཇིམ་པ་མེད་པ་ལས་སྐམ་བརྩིགས་སུ་ཉི་མ་ཐ་དད་བསྡོམས་པས་རིམ་པ་གསུམ་ལས་ལྷག་པར་རྩིག་པ་ལྟུང་བྱེད་དོ། །ཕ་གུ་འཇིམ་མེད་ལས་སྐམ་བརྩིགས་སུ་རིམ་པ་གསུམ་ལས་ལྷག་པར་བརྩིགས་ན་ལྟུང་བྱེད་སྐྱེད་པ་འདི་ལ་ནི་ཉི་མ་གཅིག་ལས་ཕ་གུ་སྐམ་བརྩིགས་སུ་རིམ་པ་གཅིག་ལས་ལྷག་པ་དང་། ཉི་མ་ཐ་དད་ལ་སྐམ་བརྩིགས་སུ་རིམ་པ་གསུམ་ལས་ལྷག་པ་གཉིས་དགག་བྱ་ལ་ཁྱད་མེད་དོ། །སྐབས་འདིར་ཤ་ལུགས་པ་ཕལ་ཆེ་བ་ན་རེ། ཆུ་ཁུང་མ་བཏོད་པ་ལ་སོགས་འདི་གསུམ་ལ་རིམ་པ་ལྷག་པར་མ་བརྩིགས་ཀྱང་ལྟུང་བྱེད་སྐྱེད་ཅེས་སྨྲ་ལ། མཚོ་སྣ་པ་ཆེན་པོ་ན་རེ། དེ་འདྲ་ནི་ལུང་ན་ཡིག་འབྲུ་གཅིག་ཀྱང་མི་སྣང་ལ། རང་གི་རྣམ་བཤད་དང་། ཊཱི་ཀ་དང་། འགྲེལ་ཆུང་གསུམ་ཆར་ལས་ཆུ་ཁུང་མ་བཏོད་པ་ལ་སོགས་པ་གསུམ་གྱི་ལྟུང་བྱེད་བསྐྱེད་པ་ལ་ཡང་རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་ཡན་ལག་ཏུ་དགོས་པར་བཤད་པ་དང་འགལ་ཏེ་ཅེས་གསུངས་པ་ཉིད་བདེན་པས། ཆུ་ཁུང་དག་མ་བཏོད་པ་ཡང་རུང་ངོ་ཞེས་པ་ནི། རང་གི་རྣམ་བཤད་ལས། ཆུ་ཁུང་མ་བཏོད་པར་ཡང་རུང་ངོ་ཞེས་བྱ་བ་ནི་ཉི་མ་གཞན་ལ་ཡང་ཕ་གུའི་རིམ་པ་གསུམ་ལས་ལྷག་པ་རྩིག་པ་བྱས་ན་ལྟུང་བྱེད་དོ། །གཞན་ལ་ཡང་ཞེས་བྱ་བར་སྦྱར་བར་བྱའོ་ཞེས་གསུངས་ལ། ཊཱི་ཀ་ལས་ཀྱང་། ཆུ་ཁུང་དག་མ་བཏོད་པ་ལ་ནི་ཉི་མ་གཞན་ལ་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས་ན་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །ཞེས་བཤད་དོ། །བསྐོས་ཏེ་རྨང་གི་རྩ་བ་མ་བཙུག་པ་ཉིད་ཀྱང་ངོ་(༥༣ན)


K8Z003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་རང་གི་རྣམ་བཤད་ལས་བསྐོས་ཏེ་རྩ་བ་མ་བཙུག་པར་ཡང་རུང་ངོ་། །ཞེས་བྱ་བ་ནི་ཉི་མ་གཞན་ལ་ཡང་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས་པར་བྱས་པ་དང་བྱེད་དུ་བཅུག་པ་ན་ཡང་དངོས་གཞིར་རིག་པར་བྱའོ་ཞེས་གསུངས་ལ། དེ་ལྟར་ཊཱི་ཀ་ལས་ཀྱང་བཤད་དོ། །སྒོ་ཆ་གོང་མ་མ་བཙུག་པར་ཡང་ཞེས་པ་ནི། རང་གི་རྣམ་བཤད་ལས། སྒོ་ཆ་གོང་མ་མ་བཙུག་པར་ཡང་རུང་ངོ་ཞེས་བྱ་བ་ནི་རིམ་པ་གསུམ་ལས་ལྷག་པར་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ་ཞེས་གསུངས་ལ། ཊཱི་ཀ་ལས་ཀྱང་། སྒོ་ཆ་གོང་མ་མ་བཙུག་པ་ལས་ཉི་མ་གཞན་ལ་ཡང་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིག་པ་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བཤད་དོ། །ཊཱི་ཀ་ལས། སྒོ་ཆ་གོང་མ་མ་བཙུག་པ་ན་ནི་དངོས་གཞིའོ་ཞེས་པ་ནི་རིམ་པ་ལྷག་མ་ལ་སོགས་པ་ཡན་ལག་གཞན་ཚང་གི་དབང་དུ་བྱས་ཏེའོ་ཞེས་སོ། །ཊཱི་ཀ་ལས། མདོ་གོང་མ་གསུམ་ཆར་ལས་རུང་ངོ་། །ཞེས་སྨོས་པ་ནི་དེ་དག་གི་རིམ་པ་རྣམས་ལྟུང་བའི་ཕྱིར་སོ་སོར་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་ཞེས་པ་ནི། ཉི་མ་ཐ་དད་གཞན་ལ་རིམ་པ་གསུམ་ལས་ལྷག་པར་བརྩིག་པ་ལ་ལྟུང་བྱེད་བསྐྱེད་པ་འདི་ལ་ནི། ཆུ་ཁུང་མ་བཏོད་པ་ལ་སོགས་པ་གསུམ་ཆར་ཚོགས་པ་ཡན་ལག་ཏུ་དགོས་པ་མ་ཡིན་གྱི། དེ་གསུམ་ནི་ལྟུང་བའི་ཕྱིར་སོ་སོར་གཙོ་སྟེ། དེ་གསུམ་གང་རུང་རེ་རེ་ལ་ཡང་ཉི་མ་ཐ་དད་གཞན་ལ་ཡང་རིམ་པ་གསུམ་ལས་ལྷག་པར་བརྩིགས་ན་ལྟུང་བྱེད་བསྐྱེད་པར་རུང་ངོ་ཞེས་པའོ། །གསུམ་པ་ནི། ལྟུང་བ་འདི་བསྐྱེད་པའི་རིམ་པ་དང་པོ་ནི་རིམ་པ་བཞི་སྟེ། དེའི་མདུན་རོལ་དུ་རིམ་པ་གསུམ་པ་ལ་ནི་སྦྱོར་བའི་ཉེས་པ་མེད་དོ། །དང་པོའི་མདུན་རོལ་ཏུ་ཡང་བསླབ་བྱའི་ཉེས་བྱས་འབྱུང་སྲིད་དེ། རིམ་པ་དང་པོ་རྩིག་པའི་དུས་ཉིད་ནས་རིམ་པ་གསུམ་ལས་ལྷག་པར་རྩིག་པའི་ཀུན་སློང་བྱུང་(༥༣བ)


K8Z003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ནའོ། །གཞན་དུ་ན་བསླབ་བྱའི་ཉེས་བྱས་ཀྱང་མི་འབྱུང་ངོ་། །འདིར་སྨྲས་པ། འགྲོ་མགོན་དྭགས་པོའི་བསྟན་པ་གང་གིས་སྒྲིབ་བཅོམ་ཚེ་ན་ཕན་བདེ་ཡི། །གཏེར་ཆེན་འགྲོ་བ་སྒྲོལ་བའི་དགེ་ལེགས་གོ་འཕང་ཅི་ཡང་སྤེལ་བར་མཛད། །གང་ཚེ་དཔལ་ལྡན་ཆོས་གྲུབ་གྲགས་པས་དྭགས་བརྒྱུད་གསལ་བར་བྱེད་པའི་ཚེ། །སྒྲུབ་ལ་གཅིག་ཏུ་བརྩོན་རྣམས་དགྱེས་པའི་ཕྱིར་དུ་དགེ་འདི་དོན་དང་ལྡན། །བདག་གིས་འཁོར་བའི་རྒྱུན་ནི་དྲག་ཏུ་བཟློག །རྨོངས་ཆེན་བླུན་པོའི་ཁུར་འདི་རིང་ནས་བོར། །ཆགས་སྡང་དུག་གི་སྙིང་པོ་དྲུངས་ནས་ཕྱུངས། །སྤང་བྱའི་ཕྱོགས་ཀྱིས་འཕྲོག་མེད་ནོར་ཅན་དགེ། །སྡེ་སྣོད་གསུམ་གྱིས་གཞན་ལ་ཕན་འདོགས་ཤིང་། །ལྷག་བསམ་དྲི་ཡིས་གཞན་ཡིད་ཚིམ་བྱེད་པ། །སྐལ་བཟང་རིག་ནས་ཀློག་པའི་སྙན་ངག་མཁན། །དྭགས་བརྒྱུད་ཚངས་དབང་ཞལ་སྐྱེས་དཔལ་མོ་ཡིན། །གཙུག་ལག་ཁང་གི་ལྟུང་བྱེད་དོ། །བཅུ་ཚན་གསུམ་པའི་དང་པོ་མ་བསྐོས་པར་སྟོན་པ་ལ། སྟོན་པ་བསྐོ་བའི་དམིགས་བསལ་དང་། །ལྟུང་བའི་རྣམ་པར་བཞག་པ་བསྟན། །དེ་ཡི་ལྟུང་བ་མེད་པ་བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དགེ་སློང་མའི་སྟོན་པར་བསྐོ་བའི་དགོས་པ་ནི། མ་བསྐོས་པར་ཆོས་སྟོན་པའི་ལྟུང་བ་མི་འབྱུང་བ་དང་། ཆོ་གས་བསྐོས་པས་བཅས་པའི་ས་མཚམས་ཟིན་པའོ། །འདིའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་བསྐོ་བ་ནི། བཙུན་པ་དང་། བརྟན་པ་དང་། མཁས་པ་དང་། ཕན་འདོགས་པའི་ཡན་ལག་དང་ལྡན་པ་སྟེ། བཙུན་པའི་ཡན་ལག་ཕམ་ལྷག་གིས་མ་གོས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ་ཕམ་པར་གྱུར་པ་མ་བྱུང་བ་ཞེས་པ་དང་། དགེ་སློང་མ་ལ་ལུས་ཉེ་བར་གཞོལ་བའི་ཕྱིར་བཅོས་པ་ཞེས་གསུངས་པས། ལྷག་མའི་ལྟུང་བ་གཞན་གྱིས་མ་གོས་པ་ཡང་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་དང་(༥༤ན)


K8Z003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དུད་འགྲོ་གསོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་མི་འཛེམ་ན་དགོས་པ་རྫོགས་པར་མི་འགྲུབ་པའི་ཕྱིར་རོ། །བརྟན་པའི་ཡན་ལག་ནི། བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལོན་པ་སྟེ་ལོ་ཉི་ཤུ་ལས་མི་ཉུང་བ་ཞེས་སོ། །གཞན་དུ་ན་བསྐོ་བའི་ལས་འདི་མི་འཆགས་ཏེ་ལུང་རྣམ་འབྱེད་དང་དེའི་འགྲེལ་པ་ལས་བཤད་དོ། །མཁས་པའི་ཡན་ལག་ནི། སྡེ་སྣོད་འཛིན་པ་ནས་མཐུན་པ་དང་ཡོངས་དག་ལ་སྦྱོར་ནུས་པ་ཡན་ཆད་ཡིན་པ་དང་། གྲོང་ཁྱེར་བའི་སྐད་སྨྲ་བ་སྟེ་གཞུང་ལས་དངོས་སུ་གསུངས་སོ། །གཞན་དུ་ན་བསྐོ་བའི་ལས་འདི་མི་འཆགས་པར་ལུང་རྣམ་འབྱེད་དང་དེའི་འགྲེལ་པ་ལས་བཤད་དོ། །ཕན་འདོགས་ཀྱི་ཡན་ལག་ནི། ཆོས་བཅུ་གསུམ་སྟེ། མཚན་མཐུན་ལྟ་མཐུན་ཐ་སྙད་གསུམ་དང་ལྡན། །ལུས་ནི་ཐ་མལ་པ་ཡི་རང་བཞིན་གནས། །མཚམས་ཀྱི་ནང་གནས་འགྲོ་བ་བཞི་དང་བྲལ། །སྤྲོ་དང་ཚོགས་ལོངས་ཡིན་དང་སྔར་བསྐོས་མིན། །ཅེས་བཟུང་སྟེ། དེ་ཡང་མཚན་མཐུན་པ་དང་ལྟ་བ་མཐུན་པ་ལ་སོགས་བཅུ་གཉིས་ནི་བསྐོ་བའི་ལས་ཀྱི་སྐབས་སུ་ལས་བཞིར་འཆད་པར་འགྱུར་ལ། དགེ་སློང་མའི་སྟོན་པ་སྔར་བསྐོས་པ་དང་མ་འབྲེལ་བ་ནི། སྔར་བསྐོས་པ་ནི་མ་བསྐོས་པ་ཉིད་མ་ཡིན་ནོ་ཞེས་གསུངས་པས་སོ། །དེ་ལྟར་ན་ཆོས་བཅུ་དྲུག་དང་ལྡན་པ་བསྐོའོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་དུས་གང་གི་ཚེ་བསྐོ་བ་ནི། གསོ་སྦྱོང་གི་ཆོས་བཅོ་ལྔ་པ་ལའོ་ཞེས་སོ། །དུས་གཞན་དུ་ནི་བསྐོ་བའི་ལས་འདི་མི་འཆགས་པར་ལུང་རྣམ་འབྱེད་དང་དེའི་འགྲེལ་པ་ལས་བཤད་དོ། །བཞི་པ་གནས་གང་དུ་བསྐོ་བ་ནི། མཚམས་ཀྱི་ནང་དུའོ་ཞེས་སོ། །གནས་གཞན་དུ་ནི་བསྐོ་བའི་ལས་འདི་མི་འཆགས་པ་ལུང་རྣམ་འབྱེད་དང་དེའི་འགྲེལ་པ་ལས་བཤད་དོ། །(༥༤བ)


K8Z003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང་། སྤྲོ་བ་འདྲི་བའོ། །དངོས་གཞི་ནི་གསོལ་བ་དང་གཉིས་ཀྱི་ལས་སོ། །མཇུག་ནི་ལས་ཀྱི་མཇུག་སྡུད་བརྗོད་པའོ། །གཉིས་པ། བཙུན་པའི་ཡན་ལག་ནི། དགེ་སློང་ཕམ་པར་འགྱུར་བ་མ་བྱུང་བ་དང་། མཁས་པའི་ཡན་ལག་ནི། མདོ་སྡེ་དང་འདུལ་བ་དང་མ་མོ་དོན་དང་ཚིག་གི་སྒོ་ནས་འཛིན་པ་དང་། བརྟན་པའི་ཡན་ལག་ནི། བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལས་མི་ཉུང་བ་དང་། མཁས་པའི་ཡན་ལག་གི་བྱེ་བྲག་ནི། ཊཱི་ཀ་ལས། མྱ་ངན་ལས་འདས་པའི་གྲོང་ཁྱེར་བའི་སྐད་འདོད་ཆགས་དང་བྲལ་བའི་ཚིག་སྨྲ་བ་ཞེས་བརྗོད་ལ། དུལ་ལྷས། གྲོང་ཁྱེར་བའི་སྐད་དང་ལྡན་པ་ནི་སྐད་མཁས་པའི་ཕྱིར་རྒྱ་ལ་སོགས་པའི་སྐད་མི་བརྗོད་པའོ། །ཞེས་སོ། །དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་མ་ཕྱུང་བའམ་ལུས་ཉེ་བར་གཞོལ་བ་ཉིད་དགེ་སློང་མ་དང་ལྷན་ཅིག་རེག་ན་ཡང་ལྟུང་བ་དེ་ཕྱིར་བཅོས་པར་བྱས་པ་དགེ་སློང་མའི་སྟོན་པར་བསྐོའོ་སྟེ། དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོའོ། །ཉི་མ་གང་ལ་བསྐོ་ཞེ་ན། གསོ་སྦྱོང་ཚེས་བཅོ་ལྔ་པ་ལ་སྟེ་བཅོ་ལྔ་པ་དང་བཅུ་བཞི་པ་གཉིས་ཀ་ཡང་ཚེས་བཅོ་ལྔ་པ་ཡིན་པས་དེའི་ཚེ་བསྐོའོ། །དེས་ནི་བསྡུམ་པའི་གསོ་སྦྱོང་ལ་སོགས་པ་བསལ་བའི་ཕྱིར་རོ། །གནས་གང་དུ་བསྐོ་ཞེ་ན། ལས་ཀྱི་མཚམས་བཅད་པའི་ནང་དུའམ་རང་བཞིན་གྱི་མཚམས་ཀྱི་ནང་དུ་བསྐོའོ། །མཁས་པའི་དམིགས་བསལ་ནི་མདོ་སྡེ་ལ་སོགས་པ་སྡེ་སྣོད་གསུམ་འཛིན་པ་མེད་ན་དགེ་སློང་ཕ་དང་མའི་སོ་སོར་ཐར་པའི་མདོ་ཁ་ཏོན་དུ་ཐོན་པ་དགེ་སློང་མའི་སྟོན་པར་བསྐོའོ། །སོ་སོར་ཐར་པ་ཐོན་པ་དེ་ཡང་མེད་ན་ཕམ་པར་འགྱུར་བ་བརྒྱད་པོའམ་ཡང་ན་ལྕི་བའི་ཆོས་བརྒྱད་པོ་རྣམས་དོན་དང་ཚིག་གི་སྒོ་ནས་སྟོན་(༥༥ན)


K8Z003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་བསྐོའོ། །འདིར་དོགས་པ་བསུ་བ་ནི་ཕམ་པར་འགྱུར་བའམ་ལྕི་བའི་ཆོས་རྣམས་སྟོན་ནུས་པའོ་ཞེས། ཕམ་པ་དང་ལྕི་ཆོས་གང་རུང་སྟོན་ནུས་མི་ནུས་གང་རུང་བསྐོ་བར་གསུངས་པ་འདི་ལུང་དང་འགལ་ཏེ། དེ་ཡང་དགེ་སློང་མའི་སྟོན་པ་བསྐོ་བའི་སྐབས་ཀྱི་ལུང་རྣམ་འབྱེད་ལས། དགེ་སློང་དེ་ཡང་ཕམ་པར་འགྱུར་བའི་ཆོས་བརྒྱད་པོ་དག་རྒྱ་ཆེར་བརྗོད་པར་ནུས་ཀྱང་ལྕི་བའི་ཆོས་བརྒྱད་པོ་དག་རྒྱ་ཆེར་བརྗོད་པར་མི་ནུས་ནའང་གང་དག་སྐོ་བར་བྱེད་པ་དེ་དག་ལ་ཉེས་བྱས་སུ་འགྱུར་ལ། དེ་བསྐོས་པས་དེ་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ་ཞེ་ན། འདི་ལ་མཚོ་སྣ་པ་ཆེན་པོའི་ཞལ་ནས། ཕམ་པ་དང་ནི་ལྕི་ཆོས་སྟོན་ནུས་དང་། །གཉིས་ཚོགས་མེད་ན་བསྐོ་བའི་ལས་མི་འཆགས། །གང་རུང་རེ་རེས་མིན་ཅེས་ལུང་ལས་གསུངས། །དེ་ལས་བཟློག་སྟེ་མདོ་འདིར་བཤད་མོད་ཀྱི། །གཉིས་ཚོགས་རྙེད་པའི་ཚེ་ན་ལུང་བཞིན་ཡིན། །གཉིས་ཚོགས་མེད་ན་མདོ་བཞིན་འགལ་བ་མེད། །ཅེས་པ་ཙམ་ཞིག་གསུངས་ཀྱང་འདི་ཙམ་གྱིས་མཐའ་མ་ཆོད་པས་དཔྱད་དོ། །དེ་ཡང་མེད་ན་ཇི་ལྟ་བུ་བསྐོ་ཞེ་ན། ཕྱི་མ་ནི་ཞེས་པ་སྔ་མ་ལྟ་བུ་མཚམས་ཀྱི་ནང་དུ་ཡེ་མེད་ན་དེའི་འོག་ཏུ་འདི་ཕྱིས་བསྐོ་བར་བྱ་བ་ཡིན་པས་ཕྱི་མ་ཞེས་བྱའོ། །སྔ་མ་གཅིག་ཙམ་ཞིག་ཡོད་ན་ཡང་ཕྱི་མ་འདི་བསྐོས་ན་བསྐོས་པའི་ལས་ཀྱང་མི་འཆགས་ལ། དེས་བསྟན་ན་ཡང་ལྟུང་བྱེད་དུ་འགྱུར་ཞེས་རྣམ་འབྱེད་འགྲེལ་པ་ལས་བཤད་དོ། །དེས་ན་ཀྱེ་སྲིང་མོ་དག་ཅེས་བོས་ནས་ཅི་ཞེས་འདྲི་བའི་ཚིག་སྟེ་ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་སམ་ཞེས་པ་ནི་དགེ་སློང་མའི་དགེ་འདུན་ལས་གཅིག་ཏུ་བྱེད་དམ་ཞེས་པའོ། །ཡོངས་སུ་དག་གམ་ཞེས་པ་ནི་ཕམ་པ་མ་བྱུང་ངམ། ལྟུང་བ་གཞན་བཤགས་པ་དང་། བྱིན་གྱིས་བརླབས་པ་གཉིས་ཀྱིས་ཕྱིར་བཅོས་སམ་ཞེས་པའོ། །(༥༥བ)


K8Z003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ནམ་ཞེས་པ་རྣམ་འབྱེད་འགྲེལ་པ་ལས། ལྟ་བ་མཐུན་ནམ་ཞེས་བཤད་ལ་ཕན་ཚུན་མཐུན་ནམ་ཞེས་ཊཱི་ཀ་ལས་སོ། །ཁ་ན་མ་ཐོ་བ་འཐབ་མོ་ལ་སོགས་པའི་རྐྱེན་མེད་དམ། དགེ་སློང་མ་ཁྱེད་ཅག་ལ་དགེ་སློང་གི་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འགའ་ཞིག་ཐུག་ཐུབ་ཏུ་སྟོན་པར་མི་བྱེད་དམ། དགེ་སློང་མ་ཁྱོད་ཅག་ལ་ཆོས་སྟོན་པའི་གང་ཟག་ནི་འགའ་ཞིག་དགེ་སློང་གི་དགེ་འདུན་གྱིས་བསྐོས་པ་ལས་འོང་གི་གཞན་ལས་མི་འོང་ངོ་། །དེ་ཡང་དགེ་འདུན་གྱིས་བསྐོས་ཏེ་འོངས་པར་ཟད་ཀྱི། རང་གར་འོངས་པ་ནི་མ་ཡིན་པས་དགེ་སློང་མ་ཁྱེད་ཅག་ལ་དགེ་སློང་གཞན་འགའ་ཡང་ཆོས་སྟོན་པར་མི་སྤྲོའོ། །དགེ་སློང་མ་ཁྱོད་ཅག་གི་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་དང་། དགག་དབྱེའི་དུས་ལ་སོགས་པར་གདམས་ངག་སྟེ། ལམ་གྱི་ཚོགས་སྒོམ་པར་ལུང་འབོགས་པ་དང་། འདི་ནི་བྱ་བ་དང་བྱ་བ་མིན་པའོ་ཞེས་རྗེས་སུ་བསྟན་པ་ནི་དགེ་འདུན་ལས་འཐོབ་བོ། །དེ་ཡང་དངོས་སུ་མི་འོང་ཡང་བརྒྱུད་ནས་འོངས་ཏེ་དགེ་འདུན་གྱིས་བསྐོས་ནས་འོང་ངོ་། །སྲིང་མོ་དག་གིས་བསླབ་པའི་གཞི་བླངས་པ་དག་བག་ཡོད་པར་སྒྲུབས་ཤིག །ཅེས་སྟོན་པ་སྙིང་བརྩེ་བ་ཅན་གྱིས་སྙིང་བརྩེ་བའི་ཕྱིར་དགེ་སློང་མའི་དགེ་འདུན་ལ་གདམས་ཤིང་རྗེས་སུ་བསྟན་པའི་ཚིག་ཡིན་ནོ་ཞེས་བྱ་བ་སྟེ། སྟོན་ནུས་པའི་དགེ་སློང་དགེ་སློང་མའི་སྟོན་པར་བསྐོའོ། །མིའི་ཆོས་དགྲ་བཅོམ་པ་བླ་མའི་མཐུ་ཉོན་མོངས་པ་སྤངས་པ་དང་ལྡན་པ་ནི་མ་བསྐོས་པར་དགེ་སློང་མ་ལ་ཆོས་སྟོན་ན་ཡང་ཉེས་པ་བསྐྱེད་པ་མ་གཏོགས་སོ། །འདི་ནི་འཕགས་པ་ལམ་ཆུང་བའི་གླེང་གཞིའི་དབང་གིས་ཡིན་གྱི། གཞན་དུ་དགྲ་བཅོམ་པ་མ་ཐོབ་ཀྱང་བསམ་གཏན་དང་པོའི་དངོས་གཞི་ཐོབ་པ་ཡན་ཆད་ནི་ཆོས་བླ་མའི་མཐུ་དང་ལྡན་པ་ཡིན་ནོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །(༥༦ན)


K8Z003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་མ་བསྐོས་པར་དགེ་སློང་མ་ལ་ཆོས་སྟོན་པ་ལ་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གང་དགེ་སློང་མའི་སྟོན་པར་ཚུལ་བཞིན་དུ་བསྐོས་པ་མ་ཡིན་པས་དགེ་སློང་མ་ལ་ཆོས་སྟོན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་ལས། གང་ལ་བསྟན་པའི་ཡུལ་ནི། སྔར་འཁྲུར་འཇུག་གི་སྐབས་སུ་དགེ་སློང་མ་ཆོས་བདུན་ལྡན་སྔར་བཤད་ཟིན་པ་དེ་ལས་འདིར་ཉེ་དུ་མ་ཡིན་པ་མ་གཏོགས་པ་ཆོས་དྲུག་ལྡན་ནོ། །གང་བསྟན་པའི་ཆོས་ནི། སངས་རྒྱས་ཀྱི་བཀའ་འམ་དེ་གཏན་ལ་འབེབས་པའི་བསྟན་བཅོས་ཡིན་པ་སྟེ། ལུང་ལས། སྟོན་ན་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་བོ་ཞེས་སོ། །སེལ་བ་སྒྲ་རིག་པ་ལྟ་བུ་བསྟན་ན་ན་སྨད་དོ། །ཚིག་བཞིར་ལོངས་པ་སྟེ། མ་རྣམས་ཀྱི་ཊཱི་ཀ། གླུ་ལེན་པ་ལ་བཤད་པའི་གནད་ཀྱིས་ཤེས་སོ། །ཞེས་སོ། །གང་གིས་སྟོན་པའི་རྟེན་ནི། དགེ་སློང་མའི་སྟོན་པར་བསྐོས་པ་མ་ཡིན་པ་དང་། ཆོས་བླ་མའི་མཐུ་དང་མི་ལྡན་པ་དང་། དགེ་འདུན་དུ་མ་ལོངས་ཤིང་འོས་པ་ལ་གསོལ་བ་མ་ཡིན་པ་སྟེ་གཞུང་དུ་སྟོན་པར་འགྱུར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་དགེ་སློང་མའི་སྟོན་པར་མ་བསྐོས་པར་རང་གར་དགེ་སློང་མ་ལ་ཆོས་སྟོན་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཆོས་སྟོན་པར་ཞུགས་པའོ། །མཐར་ཐུག་ནི་དགེ་སློང་མས་དོན་གོ་བའོ། །གཉིས་པ་ནི། དགེ་སློང་མའི་སྟོན་པར་བསྐོས་ཀྱང་དེས་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་འདི་བསྐྱེད་པ་ཡོད་དེ། དགེ་སློང་(༥༦བ)


K8Z003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྟོན་པར་བསྐོས་ཀྱང་ཕམ་པར་འགྱུར་བ་མ་བྱུང་བ་སོགས་སྔར་སྨྲོས་པ་དེ་དག་ལས་གང་རུང་བ་གཅིག་དང་ཡང་མི་ལྡན་པ་དང་ཞེས་པ་ནི། བདུན་པོ་དེ་དག་ལས་གཅིག་དང་ཡང་མི་ལྡན་པ་སྟེ། ལུང་ལས་དོན་འདི་ལྟར་གསུངས་ཏེ། ཕམ་པ་མ་བྱུང་མཁས་པའི་ཡན་ལག་ལྡན། །བསྙེན་པར་རྫོགས་ནས་ལོ་གྲངས་ཉི་ཤུ་ལོན། །གྲོང་ཁྱེར་སྐད་སྨྲ་རིག་པའི་ལྟུང་བ་མེད། །བཅོ་ལྔའི་དུས་དང་མཚམས་ཀྱི་ནང་དང་བདུན། །དེ་དག་གང་རུང་གཅིག་དང་མི་ལྡན་ན། །གཞན་དྲུག་ལྡན་ཀྱང་བསྐོ་བའི་ལས་མི་ཆགས། །ཞེས་སོ། །དེ་ཡང་ལུང་རྣམ་འབྱེད་ལས། ཚུལ་ཁྲིམས་དང་ལྡན་པ་མ་ཡིན་པ་བསྐོ་བ་ན་སྐོ་བར་བྱེད་པ་དེ་དག་ལ་ཉེས་བྱས་སུ་འགྱུར་ལ། བསྐོས་པ་དེས་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་རེ་རེ་ནས་གསུངས་སོ། །རྣམ་འབྱེད་འགྲེལ་པ་ལས། མི་རིགས་པའི་རྣམ་པ་བྱས་པ་ནི་མ་བྱས་པ་ཉིད་ཡིན་པའི་ཕྱིར། དེ་མ་བསྐོས་པ་ཉིད་ཡིན་པས་དངོས་གཞིའི་ལྟུང་བར་འགྱུར་རོ་ཞེས་སོ། །དགེ་སློང་མའི་སྟོན་པར་མ་བསྐོས་པའི་དགེ་སློང་གིས་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །གསུམ་པ་ནི། བཅོ་ལྔའི་གསོ་སྦྱོང་གི་ཚེ་དགེ་སློང་དང་དགེ་སློང་མའི་སྟོན་པར་དགེ་འདུན་གྱིས་སྔར་བསྐོས་པ་ནི་ཕྱིས་འཆད་པའི་ཚེ་བསྐོ་མི་དགོས་ཏེ། སྔར་མ་བསྐོས་པ་ཉིད་མ་ཡིན་པའི་ཕྱིར་ལན་གཅིག་བསྐོས་པས་ཇི་སྲིད་འཚོ་བའི་བར་དུ་བསྟན་པར་བྱའི། ཡང་བསྐོ་བར་མི་བྱའོ། །ཊཱི་ཀར། ཆོས་བཤད་པས་གསོལ་བ་ལ་ཡང་རྣམ་པ་འདི་ཉིད་ཡིན་པར་གསུངས་ཏེ། འདིར་གཞུང་ནི་དགེ་སློང་མ་གསོལ་བར་ཆོས་སྨྲ་ལ་ལྟུང་བར་ཡང་མི་འགྱུར་བ་འགའ་མཆིས་སམ། ཡོད་དེ། སྔར་གསོལ་ཟིན་པའི་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །དགེ་སློང་མའི་སྟོན་པ་བསྐོ་བའི་དགེ་སློང་བཞིར་གྲངས་མ་ཚང་སྟེ་དགེ་འདུན་དུ་མ་ལོངས་(༥༧ན)


K8Z003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དགེ་སློང་མའི་སྟོན་པར་འོས་པའི་དགེ་སློང་ལ་དགེ་སློང་མ་རྣམས་ཀྱིས་གསོལ་བ་འདེབས་ན། དགེ་སློང་མའི་སྟོན་པར་མ་བསྐོས་པས་དགེ་སློང་མ་ལ་ཆོས་སྟོན་ཀྱང་ཉེས་པ་མེད་དོ། །དེ་ལྟར་གསོལ་བ་འདེབས་པའི་དགེ་སློང་མ་དེ་དག་ལ་ཡང་ཉེས་པ་མེད་དོ། །འགྲེལ་ཆུང་ལས། ཆོས་བཤད་པར་ཅི་གནང་ཞེས་དགེ་འདུན་མས་གསོལ་ཀྱང་ཉེས་པ་མེད་དོ་ཞེས་བཤད་ཅིང་། དེ་ལྟར་གསོལ་ན་དགེ་འདུན་གྱིས་མ་བསྐོས་པ་ལ་དགེ་སློང་མས་ཆོས་ཉན་ན་ཡང་ཉེས་པ་མེད་པའོ། །སྤྱིར་བཏང་ལ་དགེ་འདུན་གྱིས་མ་བསྐོས་པ་ལ་དགེ་སློང་མས་ཆོས་མ་ཉན་ན་ཉེས་བྱས་བསྐྱེད་པར་ཡང་མདོ་འདིའི་ཤུགས་ཀྱིས་གསལ་ལོ། །མ་བསྐོས་པར་སྟོན་པའི་ལྟུང་བྱེད་དོ། །གཉིས་པ་ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དགའ་བྱེད་ཀྱིས་ཉི་མ་ནུབ་ཀྱི་བར་དུ་དགེ་སློང་མ་ལ་ཆོས་སྟོན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཉི་མ་ནུབ་པའི་དུས་སུ་དགེ་སློང་མ་ལ་ཆོས་བསྟན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ། །དེ་ལ་གང་ལ་བསྟན་པའི་ཡུལ་ནི། དགེ་སློང་མ་ཆོས་དྲུག་ལྡན་སྔ་མ་བཞིན་ནོ། །གང་བསྟན་པའི་ཆོས་ནི་གཉིས་ཏེ། ཆོས་ཡིན་པ་དང་། ཚིག་བཞིར་ལོངས་པ་སྟེ་སྔ་མ་བཞིན་ནོ། །གང་གི་ཚེ་བསྟན་པའི་དུས་ནི། ཉི་མ་ནུབ་པའི་དུས་ཡིན་པ་དང་། མཚན་ཐོག་ཐག་ཆོས་བསྟན་པའི་དུས་མ་ཡིན་པ་སྟེ་གཞུང་དུ་སྟོན་པར་འགྱུར་རོ། །གང་དུ་བསྟན་པའི་གནས་ནི། འཇིགས་པའི་ཉེན་མེད་ཡིན་པ་སྟེ་དེའི་ཚེ་གལ་ཏེ་སྒོ་ཕྱེ་ཞིང་ཞེས་པས་སོ། །གཞན་དུ་མཚན་མི་མཐུན་པའི་ཉེ་བར་འཚེ་བ་བྱུང་ན་གཙུག་ལག་ཁང་དུ་བྲོས་(༥༧བ)


K8Z003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆོག་པས་རང་རིས་ཀྱི་བསླབ་པ་དང་བྲལ་བར་བྱེད་པའི་དགག་བྱ་མེད་པའི་ཕྱིར་ཞེས་འཆད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཉི་མ་ནུབ་ནས་རང་གར་དགེ་སློང་མ་ལ་ཆོས་སྟོན་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཆོས་སྟོན་པར་ཞུགས་པའོ། །མཐར་ཐུག་ནི་དགེ་སློང་མས་དོན་གོ་བའོ། །གཉིས་པ་ནི། ལྟུང་བྱེད་འདི་ལ་བྱེད་པ་པོ་གང་ཞེ་ན། འདུ་ཤེས་གཙོའོ། །ཡུལ་གང་ལ་ཤེས་གཙོ་ཞེ་ན། ཉི་མ་ནུབ་པ་ཉིད་ལ་ཤེས་གཙོའོ་ཞེས་སྦྱར་ཏེ། དུས་དེ་ལ་བསམ་པས་དེར་འདུ་ཤེས་པ་ནི་ཡན་ལག་གི་གཙོ་བོའོ། །ཅི་ཞིག་རྗེས་སུ་བསྒྲུབས་ན་ལྟུང་བྱེད་དུ་འགྱུར་ཞེ་ན། གྲེལ་ཆུང་ལས། གཙུག་ལག་ཁང་དུ་དུས་ཀྱིས་མི་མང་པོ་འདུས་ཤིང་མཚན་ཐོག་ཐག་ཏུ་ཆོས་སྟོན་པ་དང་བསྟན་པ་ནི་ཉི་མ་ནུབ་ཀྱང་ལྟུང་བར་མི་འགྱུར་རོ། །དེ་མ་གཏོགས་པར་ཉི་མ་ནུབ་པའི་ཚེ་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །ཅི་གནས་ཐམས་ཅད་དུའམ་ཞེ་ན། ཆོས་སྟོན་པ་དེའི་ཚེ་གལ་ཏེ་སྒོ་ཕྱེ་ཞིང་སྒོ་ཕྱེ་བ་དེ་ལྟ་བུའི་གཙུག་ལག་ཁང་གི་མདུན་ན་དབྱར་ཁང་འདུག་པ་མ་ཡིན་པར་ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་ན་ལྟུང་བྱེད་དོ། །དེ་ལྟ་བུ་ཡིན་ན་ནི་ལྟུང་བར་མི་འགྱུར་ཏེ་དེའི་ཚེ་མྱུར་དུ་ཐག་ཐོགས་མེད་པར་རང་གི་གནས་སུ་འཇུག་ཏུ་ཡོད་པའི་ཕྱིར་རོ། །ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པའི་ལྟུང་བྱེད་དོ། །གསུམ་པ་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཏོ་ཞེས་སྐུར་བ་འདེབས་པ་ལ། བསླབ་པར་བྱ་བ་བརྗོད་པ་དང་། །ལྟུང་བའི་རྣམ་པར་བཞག་པའོ། །དང་པོ་ནི། དགེ་སློང་མ་ཅི་ཞིག་གི་ཕྱིར་ཞེ་ན། ཆོས་དྲི་བ་ལ་མི་འཇིགས་ཤིང་བག་མི་ཚ་བ་དང་འདྲི་བ་སྤོབས་པར་བྱ་བའི་ཕྱིར་དགེ་སློང་ལ་ཟས་དབུལ་བར་བྱའོ། །དགེ་སློང་མས་ཆོས་འདྲི་བ་ལ་མི་འཇིགས་པར་བྱ་བའི་ཕྱིར་དགེ་(༥༨ན)


K8Z003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ལ་རྒྱ་ཅང་དང་ཤུར་བུ་དང་ལྕག་པོད་དང་ཤུར་བུ་ཕྲའུ་ཡང་དབུལ་བར་བྱའོ། །དགེ་སློང་གིས་ཟས་ལ་སོགས་པ་དེ་དག་དགེ་སློང་མ་དག་ལས་བླང་བར་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ཟས་ཅུང་ཟད་ཙམ་གྱི་ཕྱིར་དུ་ཆོས་སྟོན་ཏོ་ཞེས་དགའ་བྱེད་ལ་སྐུར་བ་བཏབ་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ཟས་ལ་སོགས་པའི་ཆེད་དུ་ཆོས་སྟོན་པ་མ་ཡིན་པ་ལ། ཟས་ལ་སོགས་པའི་ཆེད་དུ་དགེ་སློང་མ་ལ་ཆོས་སྟོན་ཏོ་ཞེས་སྐུར་བ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ། །དེ་ལ་གསུམ་ལས། གང་ལ་སྐུར་བ་གདབ་པའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ཟང་ཟིང་གི་ཆེད་དུ་ཆོས་སྟོན་པ་མ་ཡིན་ཏེ། དགེ་སློང་དེ་ལྟར་གྱུར་པ་མ་ཡིན་པ་ལ་ཞེས་བཤད་པ་དང་། ལུང་རྣམ་འབྱེད་ལས། ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་པ་བདེན་ན་ལྟུང་བ་མེད་དོ་ཞེས་གསུངས་ལ། བདེན་པ་འདི་ལ་དེར་བརྗོད་ན་སྐྱོན་སྨྲའི་ལྟུང་བ་ནི་འབྱུང་སྲིད་དོ། །གང་གིས་སྐུར་བ་འདེབས་པའི་དངོས་པོ་ནི། ཟས་གོས་སམ་ལྷུང་བཟེད་ཀྱི་ཆེད་དུ་དགེ་སློང་མ་ལ་ཆོས་སྟོན་ཏོ་ཞེས་སྐུར་པ་འདེབས་པ་སྟེ། ཟས་ཅུང་ཟད་ཙམ་གྱི་ཕྱིར་ཞེས་པ་དང་། གོས་དང་ལྷུང་བཟེད་ལའང་གནད་ཀྱིས་སྦྱར་ཏེ། འགྲེལ་ཆུང་ལས། ཡོ་བྱད་དག་དང་ཁ་ཟས་ཙམ་གྱི་ཕྱིར་ཆོས་འཆད་དོ། །ཞེས་སྐུར་བའི་ཚིག་སྨྲ་ན་ལྟུང་བའོ། །གང་ལ་གོ་བར་བྱ་བའི་ཡུལ་ནི། ཐ་སྙད་ལྔ་ལྡན། ལུས་ཐ་མལ་པར་གནས་པ། བདག་ལས་ཐ་དད་པ་ཞེས་ཡུལ་ཆོས་གསུམ་ལྡན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་(༥༨བ)


K8Z003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཟས་ལ་སོགས་པའི་ཆེད་དུ་དགེ་སློང་མ་ལ་ཆོས་སྟོན་ཏོ་ཞེས་པའི་སྐུར་བ་འདེབས་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྐུར་བ་འདེབས་པ་འདི་ལ་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །གཉིས་པ་ནི། ཅི་ཞིག་སྒྲུབ་ན་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མ་ལ་ཆོས་སྟོན་པའི་དགེ་སློང་དེ་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་པ་དེ་ལྟར་གྱུར་པ་མ་ཡིན་པ་ལ། ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་ཏེ་ཞེས་སྨྲ་ནའོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་པའི་ལྟུང་བྱེད་དོ། །བཞི་པ་གོས་བཟོ་བྱེད་པའི་ལྟུང་བྱེད་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། སོ་སོར་ཐར་པའི་མདོ་ལས། གོས་སྦྱིན་པའི་རྗེས་སུ་གོས་བྱེད་པ་འདི་གསུངས་ཀྱང་། འདིར་གོ་རིམ་བསྒྱུར་ཏེ་གསུངས་པ་ནི་གོས་བྱེད་པ་ནི་གོས་སྦྱིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེས་ན་འདི་ལ་གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་མའི་གོས་བཟོ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་ཉེ་དུ་མ་ཡིན་པའི་དགེ་སློང་མའི་གོས་བཟོ་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་གི་བྱ་བའི་ཡུལ་དང་། གང་བྱ་བའི་དངོས་པོའོ། །དང་པོ་ནི། དགེ་སློང་མ་ཆོས་བདུན་ལྡན་སྔར་འཁྲུར་འཇུག་གི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་ལ་ལྔ་ལས། གོས་ཡིན་པ་སྟེ་གོས་བྱ་ནའོ། །ཞེས་སོ། །དགེ་སློང་མ་དེ་ཉིད་ཀྱི་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་སྟེ་སྔར་བཤད་ཟིན་པ་བཞིན་ནོ། །ལུང་ཞུ་བ་ལས། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་(༥༩ན)


K8Z003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གོས་ཚད་ལས་ཆུང་བ་ཞིག་བཟོ་བགྱིས་ལ་བྱིན་གྱིས་བརླབ་ཏུ་མི་རུང་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་ཆོས་གོས་ཚད་ལྷག་པར་བཟོ་བགྱིས་ནས་བྱིན་གྱིས་བརླབ་ཏུ་མི་རུང་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གང་དགེ་སློང་མའི་གོས་བཟོ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གོས་ཀྱི་བཟོ་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བཟོ་ཟིན་པའོ། །གཉིས་པ་ནི། ལྟུང་བྱེད་འདི་ལ་འདུ་ཤེས་གཙོའོ། །ཡུལ་གང་ལ་ཞེ་ན། དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལ་འདུ་ཤེས་གཙོའོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བཟོ་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །གོས་བྱེད་པའི་ལྟུང་བྱེད་དོ། །ལྔ་པ་གོས་བྱིན་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཚོང་དཔོན་ལས་རབ་ཏུ་བྱུང་བའི་དགེ་སློང་གིས་དགེ་སློང་མ་ལ་གོས་བྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་དགེ་སློང་རང་དབང་བའི་ངག་གི་རིག་བྱེད་ཀྱིས་བྱིན་ནས་ཡུལ་དེས་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་སྦྱིན་པའི་ཡུལ་དང་། གང་སྦྱིན་པའི་དངོས་པོའོ། །དང་པོ་ནི། སྔར་བཞིན་དགེ་སློང་མ་ཆོས་བདུན་གྱི་སྟེང་དུ་དགེ་འདུན་མ་སྤྱི་ལ་གོས་འབུལ་བ་ན་དེའི་ཁོངས་སུ་གཏོགས་པ་མ་ཡིན་པ་དང་། དགེ་སློང་མའི་ཆོས་གོས་ཚང་བར་ཡོད་པ་དང་། དགེ་སློང་མས་དགེ་སློང་ལ་ཆོས་ལེགས་པར་སྨྲ་བ་མ་ཡིན་པ་དང་། བསྙེན་པར་རྫོགས་(༥༩བ)


K8Z003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་མ་ཡིན་པ་དང་། གོས་འབུལ་བ་མ་ཡིན་པའོ། །གལ་ཏེ་བོར་བརླག་བྱུང་བ་དང་། ལེགས་པར་སྨྲ་བ་དང་། བསྙེན་པར་རྫོགས་པར་བྱེད་པ་དང་ཞེས་སོ། །དགེ་འདུན་མ་སྤྱི་ལ་གོས་འབུལ་བ་ཡིན་ན་མཛའ་ངོ་ལ་བརྟེན་པའི་ཆགས་པའི་རྒྱུར་འགྱུར་བའི་དགག་བྱ་མེད་པའི་ཕྱིར་དང་། དགེ་སློང་མའི་གོས་བོར་བརླག་བྱུང་བ་དང་། དགེ་སློང་མས་ཆོས་ལེགས་པར་སྨྲ་བ་ལ་སོགས་པ་ཡིན་ན་རྐྱེན་དེ་ལ་ལྟོས་ནས་གོས་སྦྱིན་པ་གནང་བའི་ཕྱིར་ན་ལྟུང་བ་མེད་དོ། །གཉིས་པ་གང་སྦྱིན་པའི་དངོས་པོ་ལ་བཞི་ལས། གོས་ཡིན་པ་སྟེ། གོས་བྱིན་ནའོ་ཞེས་སོ། །རང་གི་ཡིན་པ་སྟེ། གཞན་གྱི་གོས་གཞན་གྱིས་སྟེར་བ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །རུང་བ་དང་ཚད་དང་ལྡན་པ་ནི་སྤྱིར་བསྟན་པ་ལས་སོ། །ལུང་ཞུ་བ་ལས། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་བསྩལ་ཀྱང་ནོངས་པ་ལྟུང་བྱེད་དུ་མི་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། ཁྲུ་གང་བས་ཆུང་བའི་གོས་དང་། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཆེད་དུ་འགྱུར་བ་བྱིན་ནའོ་ཞེས་གསུངས་སོ། །འདིས་ནི་གོས་ཁྲུ་གང་དུ་ལོངས་ཤིང་གོས་རང་ཚད་ལས་མ་ལྷག་པ་ཡན་ལག་ཏུ་དགོས་པར་བསྟན་ཏོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་གོས་བརྗེ་བ་ལས་གཞན་པའི་རང་གར་དགེ་སློང་མ་ལ་གོས་སྟེར་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་གོས་སྟེར་བ་ལ་ཞུགས་པའོ། །མཐར་ཐུག་ནི་ཡུལ་དེས་ཐོབ་བློ་སྐྱེས་པའོ། །གཉིས་པ་ནི། ཊཱི་ཀ་ལས། ཤེས་གཙོའོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལའོ། །ཞེས་སྔ་མར་སྦྱར་ཏེ། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་བྱིན་ན་ལྟུང་བྱེད་དོ། །དགེ་སློང་གིས་དགེ་སློང་(༦༠ན)


K8Z003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དགེ་འདུན་ལ་གོས་འབུལ་བ་མ་ཡིན་པ་དགེ་སློང་མ་གང་ཟག་ལ་གོས་བྱིན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་འདུན་མ་ལ་གོས་དང་ཟས་ཕུལ་བ་ནི་ཉེས་པ་མེད་དོ། །གལ་ཏེ་དགེ་སློང་མའི་གོས་འཕྲོགས་སམ་བོར་བརླག་བྱུང་བ་དང་། ལེགས་པར་སྨྲ་བ་དགེ་སློང་མས་ཆོས་ལེགས་པར་བཤད་པའི་ཕྱིར་དགེ་སློང་གིས་ཡོན་ཕུལ་བ་དང་། བསྙེན་པར་རྫོགས་པར་བྱེད་པའི་མཁན་མོ་བྱེད་པ་དེ་ལ་དགེ་སློང་གིས་གོས་བྱིན་པ་ལ་ཉེས་པ་མེད་ཅེས་གསུངས་ལ། འགྲེལ་ཆུང་ལས་ནི། དགེ་ཚུལ་མ་ཞིག་བསྙེན་པར་རྫོགས་པར་བྱེད་པའི་ཚེ་གོས་མེད་པ་ལ་གོས་བྱིན་པ་དང་ཞེས་བཤད་དེ། བསྙེན་རྫོགས་ཀྱི་སྡོམ་པ་ལེན་པའི་དགེ་ཚུལ་མའམ་དགེ་སློབ་མ་ལ་དགེ་སློང་གིས་གོས་བྱིན་ཀྱང་གོས་སྦྱིན་པའི་ཉེས་བྱས་མི་བསྐྱེད་པ་དང་། དགེ་སློང་མའི་གོས་ཀཪྵ་པ་ཎ་ཉི་ཤུ་རི་བ་དང་། དགེ་སློང་གི་གོས་ཀཪྵ་པ་ཎ་བཅུ་གཉིས་རི་བ་གཉིས་བརྗེ་བ་ལྟ་བུ་བརྗེ་བའི་ཕྱིར་དང་བཞི་པོ་དེ་དག་ལ་བྱིན་པ་ལ་ནི་ལྟུང་བ་མེད་དོ། །བཞི་པོ་དེ་དག་མ་ཡིན་པ་ལ་གོས་བྱིན་ན་ལྟུང་བྱེད་དུ་འགྱུར་རོ། །གོས་སྦྱིན་པའི་ལྟུང་བྱེད་དོ། །དྲུག་པ་མགྲོན་པོ་ལམ་འཇུག་པ་ལ། བསླབ་པར་བྱ་བའི་གནས་སྐབས་བརྗོད། །འདི་ཡི་ལྟུང་བ་མེད་པ་འཆད། །ལྟུང་བའི་རྣམ་པར་བཞག་པའོ། །དང་པོ་ནི། དགེ་སློང་མགྲོན་ལམ་དུ་འགྲོ་བས་ལམ་རྒྱགས་རིན་པོ་ཆེ་ལྔའམ་བཟའ་བ་ལྔ་ལ་སོགས་པ་བསྐུར་བར་བྱའོ། །སུ་དག་གིས་བསྐུར་ཅེ་ན། ལྷ་འབངས་ཀྱི་ནང་གི་རྩེ་རྒོད་དང་། རྩེ་རྒོད་མོ་དང་། དགེ་ཚུལ་དང་། དགེ་ཚུལ་མོ་དག་གིས་སོ། །དགེ་སློང་དང་། དགེ་སློང་མ་རྣམས་ཀྱི་རང་གི་འཁོར་མེད་ན་ཕན་ཚུན་གཅིག་གི་ལམ་རྒྱགས་གཅིག་གིས་བསྐུར་དུ་རུང་ངོ་སྟེ། མཚན་གཞན་ཕྱོགས་ཀྱི་ཟས་ལ་རེག་པས་ལག་ཉར་མི་འགྱུར་བའི་ཕྱིར་རོ། །དགེ་སློང་དང་དགེ་སློང་མ་གཉིས་ཕན་(༦༠བ)


K8Z003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་གཅིག་གིས་གཅིག་གི་བྱིན་ལེན་སྟོབ་པ་ཡང་རུང་ངོ་སྟེ། མཚན་གཞན་ཕྱོགས་དཔང་པོར་འོས་པའི་ཕྱིར་རོ། །དགེ་སློང་ལམ་དུ་འགྲོ་བ་དག་གིས་ཚངས་པ་མཚུངས་པར་སྤྱོད་པ་ན་བ་ལམ་དུ་དོར་བར་མི་བྱའོ། །ན་བ་དེ་དགེ་སློང་ལམ་དུ་འགྲོ་བ་དག་གིས་བསྐུར་བར་བྱའོ། །དགེ་སློང་མ་ལ་ཡང་དོར་བར་མི་བྱ་བ་དང་བསྐུར་བར་བྱ་བ་དེ་བཞིན་ནོ་སྟེ། དགེ་སློང་མ་རྣམས་ཀྱིས་ཀྱང་དགེ་སློང་མ་ཚངས་པ་མཚུངས་པར་སྤྱོད་པ་ན་བ་ལམ་དུ་དོར་བར་མི་བྱའོ། །དེ་བསྐུར་བར་བྱའོ། །ནད་པ་བསྐུར་བ་དེ་ལ་དགེ་སློང་ཕ་མ་རྣམས་ཕན་ཚུན་གྲོགས་བྱའོ། །གྲོགས་ཇི་ལྟར་བྱ་ཞེ་ན། དགེ་སློང་ཞིག་ན་ན་དགེ་སློང་མས་མགོ་ལོགས་ནས་བཟུང་ཞིང་། དགེ་སློང་མ་ན་ན་དགེ་སློང་གིས་མགོ་ལོགས་ནས་བཟུང་བས་སོ། །རྐང་པ་ལ་སོགས་ནས་ནི་རིས་མཐུན་པས་བཟུང་བར་བྱའོ། །དགེ་སློང་དང་དགེ་སློང་མ་དག་གིས་ནད་པ་ཁྲིད་དེ་གྲོང་དུ་ཕྱིན་པ་ཉིད་ན་ནད་པ་བཞག་སྟེ་གཞན་དུ་སོང་ཡང་ཉེས་པ་མེད་དོ། །ཅི་དུས་ཐམས་ཅད་དུ་འགྲོ་བ་ལ་ཉེས་པ་མེད་དམ་ཞེ་ན། ནད་པའི་སྨན་སྦྱར་བ་དང་། ཟས་ལེགས་པར་སྦྱར་ཏེ་མཚན་གྱི་རང་བཞིན་མཐུན་པའི་ནད་གཡོག་གཅིག་ཀྱང་བཞག་ནས་སོ། །སྐྱེས་པ་ལ་སྐྱེས་པ་དང་བུད་མེད་ལ་བུད་མེད་བཞག་པར་བྱའོ། །གཉིས་པ་ནི། ཆོམ་རྐུན་ལ་སོགས་པས་འཇིགས་པ་དང་བཅས་པའི་ལམ་ཉིད་དུ་དགེ་སློང་དང་དགེ་སློང་མ་མགྲོན་ཐབ་གཅིག་འགྲུལ་ཚོམས་གཅིག་ཏུ་ཞུགས་ཤིང་ལམ་ཐ་མི་དད་པར་ལྷན་ཅིག་ཏུ་འགྲོ་བ་ཉིད་ཡིན་ན་ཉེས་པ་བསྐྱེད་པ་ལ་མ་གཏོགས་པར་རོ། །གསུམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་མ་བཅུ་གཉིས་སྡེ་དང་ལྷན་ཅིག་ཏུ་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དགེ་སློང་ཕོ་མོ་ལམ་དུ་འགྲོགས་པ་དེ་མི་མཛེས་ཤིང་མ་དད་པ་སྐྱེ་བ་དང་། ཆགས་(༦༡ན)


K8Z003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྐྱེན་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་སའི་ལམ་རྒྱང་གྲགས་ལས་འདས་པར་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དང་འགྲོགས་པའི་ཡུལ་དང་། གང་དུ་འགྲོ་བའི་ལམ་དང་། གང་གིས་འགྲོ་བའི་རྟེན་ནོ། །དང་པོ་ནི། མ་བསྐོས་པར་ཆོས་སྟོན་པའི་སྐབས་སུ་བཤད་པའི་དགེ་སློང་མ་ཆོས་དྲུག་ལྡན་གྱི་སྟེང་དུ་ངོ་མ་སྤོས་པ་དང་། ཕན་གདགས་བྱ་འདོགས་བྱེད་མ་ཡིན་པ་སྟེ། ངོ་སྤོས་ནས་བལ་ཁུར་བ་ལ་ན་སྨད་དུ་གསུངས་པའི་གནད་ཀྱིས་དང་། བསེལ་ཕན་འདོགས་པ་ཡིན་བྱེད་པ་ནི་མ་གཏོགས་སོ་སྟེ། མི་ནུས་པ་ཁྲིད་པ་ཡོད་དོ་ཞེས་གསུངས་པའི་གནད་ཀྱི་ཤེས་ལ། དེ་ལ་ཕན་ཚུན་གྲོགས་བྱའོ་ཞེས་གསུངས་སོ། །གཉིས་པ་གང་དུ་འགྲོ་བའི་ལམ་ནི་སའི་ལམ་ཡིན་པ་སྟེ། ཆུའི་ལམ་ཡིན་ན་ནི་གྲུར་འཇུག་པའི་ལྟུང་བྱེད་གཞན་དུ་འགྱུར་ཞིང་། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ན་ཉེས་བྱས་སུ་འགྱུར་བས། འདིར་སའི་ལམ་ཡིན་པ་དང་། རྒྱང་གྲགས་ཀྱི་མཐའ་པ་ཡིན་པ་དང་། འཇིགས་པའི་ཉེན་ཅན་མ་ཡིན་པ་སྟེ་ལམ་ལས་འདས་ཤིང་འགྲོ་ནའོ་ཞེས་པ་དང་། རྒྱང་གྲགས་རེའོ་ཞེས་པ་དང་། འཇིགས་པ་དང་བཅས་པའི་ལམ་ཉིད་དུ་མ་གཏོགས་ཞེས་གསུངས་པས་སོ། །གསུམ་པ་གང་གིས་འགྲོ་བའི་རྟེན་ནི། བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་སྟེ། ལུང་ཞུ་བ་ལས། དགེ་སློང་གིས་དགེ་སློང་མ་དང་འཐམས་ནས་ཤུལ་དུ་ཞུགས་ཏེ་མཆིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ་ལམ་དུ་བར་ཆད་བརྒྱད་པོ་ལས་གང་ཡང་རུང་སྟེ་བར་ཆད་གཅིག་བྱུང་བར་གྱུར་བའོ་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་(༦༡བ)


K8Z003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཀུན་སློང་ནི་རང་གར་དགེ་སློང་མ་དང་ལྷན་ཅིག་འགྲོགས་ཏེ་ལམ་གཅིག་ནས་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཉི་མ་ཐ་དད་ལ་རྒྱང་གྲགས་ཕྱེད་ཕྱེད་དུ་འགྲོ་བ་ལྟ་བུ་སྦྱོར་བ་ཐ་དད་ན་བྱ་བ་དུ་མའི་འབྲས་བུ་ལྟུང་བ་གཅིག་ཏུ་རྣམ་པར་མི་བཞག་པས་སྦྱོར་བ་གཅིག་གིས་རྒྱང་གྲགས་ལས་འདའ་ཞིང་རྫུ་འཕྲུལ་ལས་གཞན་པས་འགྲོ་བར་ཞུགས་པའོ། །ཞུ་བ་ལས། དགེ་སློང་གིས་དགེ་སློང་མ་དང་འཐམས་ནས་ལྷན་ཅིག་ཏུ་རྫུ་འཕྲུལ་གྱིས་མཆིས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་སོ། །མཐར་ཐུག་ནི་ལམ་རྒྱང་གྲགས་ལས་འདས་པའོ། །གཉིས་པ་ནི། དགེ་སློང་མ་གཅིག་དང་ཡང་སའི་ལམ་ནས་འདའ་ཞིང་འགྲོ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་གཅིག་དང་ཡང་ཞེས་པ་ནི་དགེ་སློང་མ་དུ་མ་དང་ལམ་དུ་འགྲོགས་ན་ཉེས་པ་བསྐྱེད་པར་མ་ཟད་ཅེས་བསྟན་ཏེ། ཁྲིམས་གྲོགས་ཀྱིས་ཉེས་པ་འདི་མི་ཁེགས་པའོ། །ཊཱི་ཀ་ལས། དགེ་སློང་མ་གཅིག་གམ་གཉིས་སམ་མང་པོ་གང་ཡང་རུང་ངོ་། །ཞེས་སོ། །ལུང་ཞུ་བ་ལས། དགེ་སློང་གང་དགེ་སློང་མའི་མགྲོན་པོ་མང་བ་དང་ལྷན་ཅིག་ལམ་དུ་ཞུགས་ན་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །ཇི་སྲིད་དུ་འདས་ན་ཞེ་ན། རྒྱང་གྲགས་རེ་རེ་ལ་ལྟུང་བྱེད་རེ་རེའོ། །རྒྱང་གྲགས་དེའི་ཕྱེད་རེ་རེར་ནི་ཉེས་བྱས་སོ། །ཊཱི་ཀར། རྒྱང་གྲགས་ཕྱེད་ཕྱེད་ཅིང་ཉེས་བྱས་རེ་རེར་འགྱུར་རོ། །ཞེས་སོ། །དགེ་སློང་མ་དང་ལྷན་ཅིག་ལམ་དུ་འཇུག་པའི་ལྟུང་བྱེད་དོ། །བདུན་པ་གྲུར་འགྲོ་བ་ལ། ལྟུང་བ་མེད་པར་བརྗོད་པ་དང་། །ལྟུང་བའི་རྣམ་པར་བཞག་པ་བསྟན། །ལྟུང་མེད་གཞན་ཡང་བསྟན་པའོ། །དང་པོ་ནི། ཆུའི་འགྲམ་གཉིས་ཆོམ་རྐུན་ལ་སོགས་པས་འཇིགས་པ་དང་བཅས་པ་ཉིད་ཡིན་ན་ཉེས་པ་བསྐྱེད་པ་ལ་མ་གཏོགས་པར་རོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་(༦༢ན)


K8Z003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དུ་དྲུག་སྡེས་དགེ་སློང་མ་བཅུ་གཉིས་སྡེ་དང་ལྷན་ཅིག་གྲུར་འཇུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྔ་མ་དང་འདྲའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་ཆུའི་ལམ་གྲུ་གདལ་བ་གཅིག་པ་ཡན་ཆད་དུ་རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་ཞིང་རྒྱང་གྲགས་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་འགྲོ་བའི་ཡུལ་དང་། གང་དུ་འགྲོ་བའི་ལམ་དང་། གང་གིས་འགྲོ་བའི་རྟེན་ནོ། །དང་པོ་ནི། དགེ་སློང་མ་ཆོས་བརྒྱད་ལྡན་ཏེ་སྔ་མ་དང་འདྲའོ། །གཉིས་པ་ལ་བཞི་སྟེ། ཆུའི་ལམ་ཡིན་པ་དང་། གྲུ་གདལ་གཅིག་ཡིན་པ་དང་། འགྲམ་གཉིས་འཇིགས་པའི་ཉེན་ཅན་མ་ཡིན་པ་དང་། རྒྱང་གྲགས་ཀྱི་མཐའ་ཡིན་པའོ། །དེ་ཡང་། ཊཱི་ཀ་ལས། ཆུའི་ལམ་ནས་འདས་ཤིང་འགྲོ་ན་ཞེས་པ་དང་། ཅིག་ཅར་གྲུ་གཅིག་གིས་ཞེས་པ་དང་། འགྲམ་གཉིས་འཇིགས་པ་དང་བཅས་པ་ཉིད་མ་གཏོགས། ཞེས་པ་དང་། ལུང་རྣམ་འབྱེད་ལས། རྒྱང་གྲགས་རེ་རེར་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །གསུམ་པ་གང་གིས་འགྲོ་བའི་རྟེན་ནི། བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་སྟེ། ལུང་ཞུ་བ་ལས། ལམ་དུ་ཞུགས་པ་དེ་བཞིན་དུ་གྲུར་བརྒལ་བ་ཡང་ཤེས་པར་བྱའོ། །ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་གར་ཆུའི་ལམ་དུ་གྲུ་གཅིག་གིས་རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་སྦྱོར་བ་གཅིག་གིས་རྒྱང་གྲགས་ལས་འདའ་ཞིང་རྫུ་འཕྲུལ་ལས་གཞན་པས་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་རྒྱང་གྲགས་ལས་འདས་(༦༢བ)


K8Z003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གཉིས་པ་ནི། འཐམས་ནས་ཞེས་བྱ་བ་ནི་ལུང་རྣམ་འབྱེད་ལས་བརྡ་བྱས་ནས་སོ་ཞེས་འབྱུང་ལ། བམ་པོ་ལྔ་བཅུ་ལས། ལྟུང་བྱེད་འདི་བསྐྱེད་པ་ལ་འཐམས་པ་ཡན་ལག་ཏུ་དགོས་ཏེ་འཐམས་པ་མ་ཚང་ན་ན་སྨད་དུ་བཤད་ཀྱང་། ཊཱི་ཀ་ལས། དགེ་སློང་མ་གཅིག་དང་ཡང་སྔར་འཐམས་ཀྱང་རུང་མ་འཐམས་ཀྱང་རུང་སྟེ་རྒྱང་གྲགས་རེ་རེར་ནི་དངོས་གཞིའོ། །ཞེས་གསུངས་པས། འཐམས་ནས་ཞེས་པ་འདི་ནི་གླེང་གཞི་ལས་བྱུང་བ་ཙམ་མོ། །འོ་ན་ལྟུང་བྱེད་སྔ་མ་དང་འདི་གཉིས་ཀ་ལ་ལུང་ཞུ་བ་ལས། དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་འཕྲིན་གྱིས་འཐམས་ནས་ཤུལ་དུ་ཞུགས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་ལག་བརྡ་ལ་སོགས་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མཐའ་འཁོབ་པའི་སྐད་དུ་འཐམས་པ་དང་དགེ་སློང་མ་དེས་མཐའ་འཁོབ་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་བྱ་བ་གསུངས་པ་དང་འགལ་ཅེ་ན། དེ་དག་ནི་མགྲོན་ལམ་དང་གྲུར་འགྲོ་བའི་མཐར་ཐུག་གྲུབ་པ་ན་ལྟུང་བ་བསྐྱེད་ཅིང་འཐམས་པ་ཡན་ལག་ཏུ་མི་དགོས་ཀྱང་། འཐམས་པར་གྱུར་ན་འཐམས་པ་ཙམ་གྱི་གནས་སྐབས་ན་ཉེས་བྱས་བསྐྱེད་པ་ལ་དགོངས་ཞེས་བརྗོད་པར་བྱའོ། །ཅིག་ཅར་ནི་དུས་གཅིག་པའོ། །གྲུ་ངོ་བོ་གཅིག་ཡིན་ཀྱང་རུང་གྲུ་ངོ་བོ་ཐ་དད་པ་དུ་མ་གྲུ་བཙས་གཅིག་པ་ཡིན་ཀྱང་རུང་སྟེ། རྣམ་འབྱེད་ལས། གྲུ་གཅིག་ཏུ་བྱ་བ་ནི་གྲུ་བཙས་གཅིག་པར་རོ་ཞེས་གསུངས་སོ། །ལམ་ལས་འདའ་ཞིང་འགྲོ་ནའོ་ཞེས་པ་ནི་སོ་སོར་ཐར་པའི་མདོ་དང་རྣམ་འབྱེད་ལས་གྱེན་དུ་འགྲོའམ་ཐུར་དུ་འགྲོ་ན་ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གསུངས་སོ། །གསུམ་པ་ནི། ཅི་ཐམས་ཅད་དུའམ་ཞེ་ན། ཆུའི་རྒྱུན་ཕྱོགས་སམ། རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་ན་ལྟུང་བ་འདིར་(༦༣ན)


K8Z003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི། ཐད་ཀར་ཕ་རོལ་ཏུ་འགྲོ་བ་ནི་ལྟུང་བ་བསྐྱེད་པ་ལ་མ་གཏོགས་པས་སོ། །ཐད་ཀར་ཕ་རོལ་ཏུ་འགྲོ་བ་དེའི་ཕྱིར་ཞུགས་ན་ཆུའི་གཞུང་ཡོ་བ་དང་། ཆུ་ཀླུང་གི་འགྲམ་གཏིབས་ཆད་པ་དང་། དབའ་ཀློང་ལས་བཟུར་བ་དང་། རུས་སྐྱ་དང་ཞེས་པ་གྲུ་སྨད་ཀྱི་སྐྱ་བ་ཆེན་པོར་བཤད་ལ། གདོས་པ་ནི་གཙོག་ཤིང་སྟེ་དེ་གཉིས་ཆག་པ་དང་། རུ་སྐྱ་འཛིན་པ་ཞེས་བྱ་བ་ནི་རླུང་གཡོར་ཐོགས་པའོ་ཞེས་ཊཱི་ཀ་དང་རྣམ་འབྱེད་འགྲེལ་པ་ལས་ཏེ། རླུང་གཡོར་ལག་འཕན་ཅེའུ་ལྔ་པ་ལ་སོགས་པ་ལག་ན་ཐོགས་པའི་མཉན་པ་ཁྱིམ་ལ་ཉེ་བའི་ཕྱིར་གྲུ་ཐད་ཀར་གཏོང་དུ་མ་བཏུབ་པའི་དབང་གིས་ཐད་ཀར་འཇུག་པ་ལས་གཞན། ཆུའི་རྒྱུན་ཕྱོགས་སམ་བཟློག་ཕྱོགས་ཉིད་དུ་སོང་བ་ལ་ནི་ཉེས་པ་མེད་དོ། །དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་དོ། །འདུལ་བའི་མདོ་བམ་པོ་བཞི་པ། བརྒྱད་པ་དབེན་པར་འདུག་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བུད་མེད་གཅིག་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་དུ་འདུག་པ་ལ་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྲིམས་གྲོགས་མེད་པར་བུད་མེད་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་གཉིས་ཀ་འདུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་འདུག་པའི་ཡུལ་དང་། གང་དུ་འདུག་པའི་གནས་དང་། གང་གིས་འདུག་པའི་རྟེན་ནོ། །དང་པོ་ལ་བདུན་ཏེ། སྔར་འཁྲིག་ཚིག་སྨྲ་བའི་སྐབས་སུ་ཡུལ་བུད་མེད་ཆོས་ལྔ་ལྡན་བཤད་པ་དེ་འདིར་ཡང་ཐུན་མོང་ཡིན་ལ། དེའི་སྟེང་དུ་འདིར་བུད་མེད་གཅིག་པུ་ཡིན་པ་དང་། ཉེ་དུ་མ་ཡིན་པ་སྟེ་བུད་མེད་གཅིག་པུ་ཉིད་དང་ཞེས་དང་། དབེན་པ་ན་འདུག་འགྲེང་(༦༣བ)


K8Z003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀའི་སྐབས་སུ། བམ་པོ་ལྔ་བཅུ་པ་ལས། ཉེ་དུ་ལ་ལྟུང་བ་མེད་དོ་ཞེས་བཤད་པའོ། །གཉིས་པ་གང་དུ་འདུག་པའི་གནས་ནི། དབེན་པ་ཡིན་པ་དང་། སྐྱབས་དང་བཅས་པ་དང་། འདོམ་གང་ཚུན་ཆད་པ་སྟེ་གཞུང་དུ་སྟོན་པར་འགྱུར་ལ། བམ་པོ་ལྔ་བཅུ་པ་ལས་ཀྱང་། ཕར་འདོམ་གང་བས་རིང་བ་ལ་ཉེས་བྱས་སོ་ཞེས་སོ། །གསུམ་པ་གང་གིས་འདུག་པའི་རྟེན་ནི། དགེ་སློང་གཅིག་པུ་ཡིན་པ་སྟེ་གཅིག་པུ་འདུག་པའི་ལྟུང་བྱེད་ཅེས་གསུངས་པས་སོ། །ཁྲིམས་གྲོགས་ཡོད་ན་ལྟུང་བ་མེད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་སྔར་བཞིན། ཀུན་སློང་ནི་རང་གར་འདུག་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འདུག་པར་ཞུགས་པའོ། །མཐར་ཐུག་ནི་འདུག་པ་རྫོགས་པའོ། །གཉིས་པ་ནི། འདུལ་བའི་མདོ་བམ་པོ་བཞི་པ་ཞེས་སྨོས་ནས་གང་དུ་འདུག་ཡུལ་བུད་མེད་གཅིག་པུ་ཉིད་དང་ཞེས་པའི་ཞར་ལ། ཊཱི་ཀར། དགེ་སློང་ནི་གཅིག་པུ་ཉིད་ཡིན་པར་སྐབས་ཀྱིས་ཁོངས་སུ་ཆུབ་པར་བྱའོ། །ཞེས་སོ། །གང་དུ་འདུག་གནས་ནི་སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱི་ཕྱོགས་དབེན་པ་ཉིད་དང་ཞེས་གསུངས་ལ། འདིའི་སེལ་བ་ནི་སྒོ་ཁང་ན་འདུག་པ་དང་། སྨན་འཐག་ཏུ་འདུག་པ་དང་། སྒོམ་བཅད་པར་འདུག་པ་དང་། གཞན་དག་འཇུག་ཅིང་གཞན་དག་འབྱུང་ན་ལྟུང་བ་མེད་དོ་ཞེས་གསུངས་ལ། དུལ་ལྷས། དབེན་པ་ཉིད་མ་ཡིན་པས་ལམ་ཀ་དང་འདྲ་བའི་ཕྱིར་ཞེས་སོ། །ལུང་ལས། རྩིག་པའམ། སབ་མོའམ། ཡོལ་བའམ། ནགས་ཐིབ་པོའམ། མུན་ནག་གི་སྐྱབས་དང་བཅས་པ་ཉིད་དང་ཞེས་པའི་སེལ་བ་ནི། བམ་པོ་ལྔ་བཅུ་པ་ལས། སྐྱབས་ལྔ་པོ་དེ་དག་གིས་མ་བསྐྱབས་པ་ལ་ལྟུང་བ་མེད་དོ་ཞེས་བཤད་དོ། །འོན་ཀྱང་སྐྱབས་ལྔ་པོས་མ་བསྐྱབས་ཀྱང་ཐང་ཆེན་པོའི་དབུས་སུ་མི་གཞན་གྱིས་མི་མཐོང་བ་དེར་ཉིན་མོར་བུད་མེད་དང་དབེན་པར་འདུག་འགྲེང་བྱེད་ན་ནི་ལྟུང་བྱེད་བསྐྱེད་པར་རིགས་ཏེ་(༦༤ན)


K8Z003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཀྱི་ནང་དུ་ལྟུང་བ་བསྐྱེད་ཅིང་། དེ་དང་དགག་བྱའི་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དབེན་པ་ན་འདུག་པ་འདི་བུད་མེད་སྤྱིས་བསྐྱེད་པ་ཡིན་ཏེ། ཁྱིམ་པ་མོ་དང་། མུ་སྟེགས་མོ་དང་། རབ་བྱུང་མོ་གང་དུ་འདུག་ཀྱང་ལྟུང་བྱེད་བསྐྱེད་པར་གསུངས་སོ། །དེས་ན་བུད་མེད་དང་བར་འདོམ་གང་ཚུན་ཆད་ན་འདུག་པ་ཉིད་ནི་ལྟུང་བ་འདི་སྐྱེད་པའི་བྱེད་པ་པོ་དག་ཡིན་ནོ། །དགེ་སློང་དང་བུད་མེད་གཉིས་ཀ་འདུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །དེའི་ཚད་ཇི་ཙམ་ཞེ་ན། འདུག་པ་དེ་ན་རྐུབ་ཚོས་ཙམ་ས་ལ་བཞག་མ་ཐག་ལྟུང་བྱེད་དུ་འགྱུར་རོ། །གཅིག་པུ་འདུག་པའི་ལྟུང་བྱེད་དོ། །དགུ་པ་དབེན་པར་འགྲེང་བ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འགྲེང་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྲིམས་གྲོགས་མེད་པར་དགེ་སློང་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་གཉིས་ཀ་འགྲེང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ། །དེ་ལ་གསུམ་ལས། གང་དང་འགྲེང་བའི་ཡུལ་ནི། སྔར་འཁྲུར་འཇུག་གི་སྐབས་སུ་བཤད་ཟིན་པའི་དགེ་སློང་མ་ཆོས་བདུན་ལྡན་གྱི་སྟེང་དུ་དགེ་སློང་མ་གཅིག་པུ་ཡིན་པ་སྟེ། ཊཱི་ཀ་ལས། དགེ་སློང་མ་གཅིག་པུ་ཉིད་དང་། ཞེས་སོ། །གང་དུ་འགྲེང་བའི་གནས་ནི། འདུག་པའི་སྐབས་དང་འདྲའོ། །གང་གིས་འགྲེང་བའི་རྟེན་ནི། དགེ་སློང་གཅིག་པུ་ཡིན་པ་སྟེ་གཅིག་པུ་འགྲེང་བའི་ལྟུང་བྱེད་ཅེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་འགྲེང་བར་འདོད་པ་རྒྱུན་མ་(༦༤བ)


K8Z003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པའོ། །སྦྱོར་བ་ནི་འགྲེང་བར་ཞུགས་པའོ། །མཐར་ཐུག་ནི་འགྲེང་བ་རྫོགས་པའོ། །གཉིས་པ་ནི། དགེ་སློང་མ་དང་ངོ་ཞེས་པ་ནི་སྔར་བུད་མེད་གཅིག་པུ་ཉིད་དང་ཞེས་པ་ལས་འདིར་བྱེ་བྲག་བཟུང་བ་ཡིན་ལ། ཚ་རོང་བ་ན་རེ། འདི་ཡང་བུད་མེད་སྤྱིས་བསྐྱེད་ཡིན་ཏེ་བུད་མེད་གཞན་དང་འགྲེང་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཟེར་རོ། །འགྲེལ་ཆུང་ལས། བུད་མེད་དང་འགྲེང་ན་ལྟུང་བར་འགྱུར་ཞེས་བཤད་དོ། །དེ་ནི་མི་རིགས་ཏེ། ཉིད་བཤད་ལས། འདིར་དགེ་སློང་མ་གཅིག་པུ་ཉིད་བྱེད་པ་པོ་ཉིད་ཡིན་གྱི། བུད་མེད་ཙམ་པོ་གཅིག་པུ་ཉིད་ནི་མ་ཡིན་ཅེས་གསུངས་སོ། །ཊཱི་ཀ་ལས། འདིར་དགེ་སློང་མ་ཉིད་བྱེད་པ་པོ་ཡིན་གྱི། བུད་མེད་ནི་མ་ཡིན་ནོ། །ཞེས་གསུངས་ལ། དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་ཞེས་སྤྱིར་བསྟན་པ་དེ་དབེན་པ་ན་འགྲེང་བ་ལ་ཡང་སྦྱར་བར་རང་གི་རྣམ་བཤད་དང་ཊཱི་ཀ་ལས་བཤད་དོ། །བམ་པོ་ལྔ་བཅུ་པ་ལས་ཀྱང་། བསྙེན་པར་མ་རྫོགས་པ་དགེ་ཚུལ་མོ་དང་འགྲེང་བ་ཉེས་བྱས་སོ། །ཞེས་སོ། །དེ་ཡང་དགེ་སློང་མ་ལས་གཞན་པའི་བུད་མེད་དང་འགྲེང་བ་ལ་ནི་ཉེས་བྱས་སུ་འགྱུར་གྱི། ལྟུང་བྱེད་དུ་མི་འགྱུར་རོ། །འགྲེང་བ་ལའོ་ཞེས་པ་འདི་ལ་བསྡུས་པ་ལས་འགྲེང་བའི་སྤྱོད་ལམ་འདི་ཡང་བྱུང་བའི་དབང་དུ་མཛད་པ་ལས་དེ་སྐད་གསུངས་ཀྱི། འགྲེང་འདུག་གཉིས་ཀ་ལ་ཡང་ལྟུང་བ་གཉིས་སུ་འགྱུར་རོ་ཞེས་བཤད་ཀྱང་། དགེ་སློང་མ་དང་འདུག་པའི་ལྟུང་བྱེད་ནི་ལྟུང་བྱེད་སྔ་མར་འདུས་ཏེ་དབེན་པ་ན་འདུག་པའི་ལྟུང་བྱེད་ནི་བུད་མེད་སྤྱིས་བསྐྱེད་ཡིན་པའི་ཕྱིར་རོ། །དགེ་སློང་མ་དང་འགྲེང་བ་འདི་ལ་རྣམ་འབྱེད་འགྲེལ་པ་ལས། འགྲེང་ན་ཞེས་བྱ་བ་ནི་མཚོན་པ་སྟེ་སྤྱོད་ལམ་བཞི་གང་ཡང་རུང་བས་ལྷན་ཅིག་ནའོ་ཞེས་བཤད་ཀྱང་། གཉིས་ཀ་འགྲོ་བར་བྱེད་ན་ཉེས་བྱས་སུ་རིགས་སོ། །གཅིག་པུ་འགྲེང་བའི་(༦༥ན)


K8Z003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བྱེད་དོ། །བཅུ་པ་སྦྱོར་བཅུག་ཟས་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །དེ་ཡིན་སྨད་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་བརྫུན་དང་དུ་ལེན་པའི་བྱ་བ་དང་འབྲེལ་ནས་གྲོགས་ཀྱི་འཚོ་བ་ལ་གནོད་པ་དང་ཆགས་པའི་རྐྱེན་བྱས་ནས་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་དགེ་སློང་བདག་ཉིད་ཀྱི་ཡང་དག་པ་མ་ཡིན་པའི་ཆོས་ཀྱི་ཡོན་ཏན་དགེ་སློང་མས་ཁྱིམ་པ་ལ་བརྗོད་པའི་སྒོ་ནས་སྦྱོར་དུ་བཅུག་པའི་ཟས་བཅས་ལྡན་དགེ་སློང་གིས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། དགེ་སློང་མ་གང་གི་སྦྱོར་དུ་བཅུག་པ་དང་། དངོས་པོ་གང་སྦྱོར་དུ་བཅུག་པ་དང་། སྦྱིན་བདག་གང་ལ་སྦྱོར་དུ་བཅུག་པ་དང་། སྦྱོར་དུ་བཅུག་པ་དེ་གང་གིས་ཟ་བའི་རྟེན་ནོ། །དང་པོ་ནི། སྔར་འཁྲུར་འཇུག་གི་སྐབས་སུ་བཤད་ཟིན་པའི་དགེ་སློང་མ་ཆོས་བདུན་ལྡན་གྱིས་ཏེ། དེའང་དགེ་སློང་མ་དེ་སྦྱིན་བདག་དེའི་ཉེ་དུ་མ་ཡིན་པས་ཁྱད་པར་དུ་བྱས་ཏེ། བསྡུས་པ་ལས། དགེ་སློང་མ་དེའི་ཉེ་དུའི་ཁྱིམ་ཡིན་ན་ལྟུང་བ་མེད་དོ་ཞེས་སོ། །གཉིས་པ་ནི་བརྒྱད་ལས། དེ་ལྟར་ཆོས་བདུན་ལྡན་གྱི་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཡིན་པ་སྟེ་དགེ་སློང་མས་སྦྱོར་དུ་བཅུག་པ་ཉིད་ལའོ། །ཞེས་སོ། །དེའང་དགེ་སློང་མ་དེས་བརྫུན་གྱི་སྒོ་ནས་དགེ་སློང་གི་ཆོས་ཀྱི་ཡོན་ཏན་བརྗོད་པས་སྦྱོར་དུ་བཅུག་པ་ཡིན་པ་སྟེ། ཡང་དག་པ་མ་ཡིན་པའི་ཡོན་ཏན་དག་གིས་སོ་ཞེས་གསུངས་ཤིང་། ལུང་རྣམ་འབྱེད་ལས། བདེན་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །ཆོས་ཀྱི་ཡོན་ཏན་ལས་གཞན་བརྗོད་པས་(༦༥བ)


K8Z003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་དུ་བཅུག་པ་ལ་ནི་ན་སྨད་དེ། ཊཱི་ཀ་ལས། བྲོ་གར་དང་གླུ་གླིང་ལ་མཁས་པ་ལ་སོགས་པ་གཞན་དག་གིས་སྦྱོར་དུ་བཅུག་པ་ལ་ནི་ཉེས་བྱས་སོ། །ཞེས་རིག་པར་བྱའོ། །ཞེས་སོ། །དེའང་ངག་གི་རིག་བྱེད་ཀྱིས་སྦྱོར་དུ་བཅུག་པ་ཡིན་པ་སྟེ། ཊཱི་ཀ་ལས། ངག་གི་རྣམ་པར་རིག་བྱེད་ཀྱིས་སྦྱོར་དུ་བཅུག་པ་ཡིན་ན་སྟེ། ཞེས་པ་དང་། ཞུ་བ་ལས། སྤྲིང་ཡིག་ལ་སོགས་པས་སྦྱོར་དུ་བཅུག་པ་ཟོས་ན་ཉེས་བྱས་སོ་ཞེས་གསུངས་སོ། །དགེ་སློང་རང་གི་དོན་དུ་སྦྱོར་དུ་བཅུག་པ་ཡིན་པ་སྟེ་གཞན་གྱི་དོན་དུ་ན་སྨད་ཅེས་གསུངས་པས་སོ། །དུས་སུ་རུང་བ་ཡིན་པ་སྟེ་བཟའ་བར་བྱའོ། །ལུང་ཞུ་བ་ལས། དགེ་སློང་གིས་ཟས་དུས་རུང་བ་མ་གཏོགས་པ་དེ་ལས་གཞན་པའི་བཅའ་བ་དང་རྩ་བ་དང་འབྲས་བུ་ལ་སོགས་པ་སྦྱོར་དུ་བཅུག་ན་འཚལ་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་སོ། །འོ་ན་ཡང་ལན་ཚ་ནི་འཚོ་བའི་བར་དུ་བཅད་པ་ཡིན་ལ། ལུང་རྣམ་འབྱེད་ལས། ལན་ཚ་སྦྱོར་དུ་བཅུག་པ་ཟོས་ན་ལྟུང་བྱེད་དུ་གསུངས་པ་དང་། ཞུན་མར་དང་བཏུང་བ་སྦྱོར་དུ་བཅུག་པ་ལས་ཀྱང་ལྟུང་བྱེད་དུ་གསུངས་པ་ཇི་ལྟར་དྲངས་ཞེ་ན། དེ་ནི་དུས་སུ་རུང་བའི་ཟས་ལན་ཚ་དང་བཅས་པའམ་དུས་སུ་རུང་བའི་ཟས་ཞུན་མར་ལ་སོགས་པ་དང་བཅས་པ་ལ་དགོངས་ཞེས་བརྗོད་དོ། །སྦྱིན་པ་དག་དེ་ཉིད་ཀྱི་ཡིན་པ་སྟེ་གཞན་གྱི་ཟས་དང་ནོར་ཏེ་ཟོས་ན་ཉེས་བྱས་སོ། །རུང་བ་དང་ཚད་དང་ལྡན་པ་ནི་སྤྱིར་བསྟན་པ་ལས་སོ། །གསུམ་པ་ནི། ཁྱིམ་པ་ཆོས་ལྔ་ལྡན་ཏེ་གོས་སློང་བའི་སྐབས་སུ་བཤད་ཟིན་པའི་ཆོས་དྲུག་ལྡན་ལས་ཅི་བདེར་སྟོབ་པ་མ་ཡིན་པ་མི་བགྲང་སྟེ་འདིར་ནི་དེ་ཡིན་མིན་འདྲའོ། །བཞི་པ་ནི། མགྲོན་དུ་མ་བོས་པའམ་བོས་པ་ལ་ཡང་ལྷག་པ་ཟ་བ་པོ་ཡིན་པ་སྟེ་འདི་ཉིད་ལས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་སྔར་བཞིན། (༦༦ན)


K8Z003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སློང་ནི་སྦྱོར་དུ་བཅུག་སྟེ་རང་གར་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་སྦྱོར་དུ་བཅུག་པ་དེ་ཟ་བར་ཞུགས་པའོ། །མཐར་ཐུག་ནི་མགུལ་དུ་མིད་པ་སྟེ། དེ་མིད་ན་དེའིའོ་ཞེས་སོ། །གཉིས་པ་ནི། དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད་འདིའི་བྱེད་པོ་ནི་འདུ་ཤེས་གཙོའོ། །ཡུལ་གང་ལ་ཤེས་གཙོ་ན། དགེ་སློང་མས་དགེ་སློང་གི་ཡོན་ཏན་སྦྱིན་བདག་ལ་བརྗོད་ནས་བཟའ་བ་སྦྱོར་དུ་བཅུག་པ་ཉིད་ལ་ཤེས་གཙོའོ། །དགེ་སློང་འདི་ནི་དགྲ་བཅོམ་ཡིན་ཞེས་ཡང་དག་པ་མ་ཡིན་ཏེ་བརྫུན་པའི་ཡོན་ཏན་དག་གིས་སྦྱོར་དུ་བཅུག་པས་སོ། །དགེ་སློང་གང་ལ་ལྟུང་བྱེད་དུ་འགྱུར་ཞེ་ན། སྔར་དགེ་སློང་མགྲོན་དུ་མ་བོས་པ་ལ་དགེ་སློང་མས་དགེ་སློང་གི་ཡོན་ཏན་བརྗོད་ཅིང་སྦྱོར་དུ་བཅུག་པ་སྟེ་ཟོས་ན་ལྟུང་བྱེད་དོ། །སྔར་མགྲོན་དུ་བོས་པ་ལ་ཡང་སྦྱིན་པར་བསྔོས་པ་ལས་ལྷག་ན་དེ་ཟོས་ན་ལྟུང་བྱེད་དོ། །ཅི་ཞིག་སྦྱོར་དུ་བཅུག་པ་ཞེ་ན། བཟའ་བར་བྱ་བའོ། །གོས་ལ་སོགས་པ་ནི་མ་ཡིན་ནོ། །བརྫུན་པ་ཇི་ལྟར་བརྗོད་ཅེ་ན། སྒྲུབ་པའི་ཡོན་ཏན་ཕུན་སུམ་ཚོགས་པའོ། །བརྫུན་པ་དེ་ནི་སྒྲུབ་པའི་ཡོན་ཏན་ཁོ་ནར་མ་ཟད་ཀྱི་ཐོས་པ་ཕུན་སུམ་ཚོགས་པས་ཀྱང་རུང་ངོ་སྟེ། འགྲེལ་ཆུང་ལས་ཀྱང་། སྡེ་སྣོད་གསུམ་མང་དུ་ཐོས་པ་ཡིན་ནོ་ཞེས་བརྫུན་དུ་བསྟོད་ནའང་ལྟུང་བར་འགྱུར་ཞེས་བཤད་དོ། །སྦྱར་བ་དེ་ཟོས་ནའོ། །ཟོས་པ་དེ་ནི་མིད་ན་ལྟུང་བ་དེའོ། །གཉིས་པ་ནི། ཤཱ་རིའི་བུ་ལྟ་བུ་གཞན་གྱི་དོན་དུ་སྦྱོར་དུ་བཅུག་པ་དེ་ཤེས་བཞིན་དུ་མཽངྒལ་གྱི་བུ་ལྟ་བུ་གཞན་གྱིས་ཟོས་ན་ན་སྨད་པར་བྱ་བ་ཉིད་དོ། །དགེ་སློང་བསོད་སྙོམས་ལ་ཞུགས་པ་ན་དགེ་སློང་མས་ཁྱིམ་བདག་ལ་འདི་སྐད་ཅེས་དགེ་སློང་འདི་ལ་བསོད་སྙོམས་བྱིན་ཅིག་ཅེས་ཟེར་བ་དགེ་སློང་གིས་བླངས་ཏེ་ཟོས་ན་ཡང་ན་སྨད་དོ། །སྨྲས་པ། བསྟན་པའི་གཟུགས་བརྙན་ཆགས་(༦༦བ)


K8Z003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་གིས་མནར་བ། །དགེ་བའི་མགོན་བྲལ་འཐབ་རྩོད་ལྷུར་བྱེད་ཅིང་། །ཉོན་མོངས་ལས་བྱུང་ལས་འདི་འབྲས་བུ་ངན། །དེས་ན་སྲིད་པ་འགོག་ཕྱིར་ངས་འདི་སྤངས། །ཆོས་བརྒྱད་བུམ་པར་ཆུད་པའི་བླ་མ་ཡིས། །བུང་བའི་གཤོག་རྩེ་མི་དགེ་དག་གིས་སྤྲུགས། །རང་བཞིན་མི་བརྟན་སྟོན་ཀའི་སྤྲིན་ལ་འགྲན། །བཟང་པོར་འགྲོ་ལ་ནན་གྱིས་གེགས་བྱེད་འདྲ། །འདི་ཚུལ་འབྱོར་པ་གློག་གི་གར་འཕྲེང་སྟེ། །རི་གཟར་ཆུ་བོའི་རྒྱུན་ལས་ཆེས་ཆེར་མགྱོགས། །བླུན་པོའི་དབང་གིས་ངང་ཚུལ་འདི་མ་རིག །སྙིང་རྗེའི་གཞན་དབང་བློ་ཅན་འདིར་དགོངས་ཤིག །དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད་དོ།། །།བཅུ་ཚན་བཞི་པའི་དང་པོ་ཡང་ཡང་ཟ་བ་ལ། བསླབ་པར་བྱ་བ་བརྗོད་པ་དང་། །ལྟུང་བའི་རྣམ་པར་བཞག་པ་བསྟན། །དེ་ཡི་ལྟུང་བ་མེད་པའོ། །དང་པོ་ནི། གཙུག་ལག་ཁང་འབའ་ཞིག་ཏུ་མ་ཟད་ཀྱི་ཁྱིམ་གཞན་ཏེ་གཙུག་ལག་ཁང་ལས་གཞན་དུ་ཡང་ནར་མའི་ཟས་ཀྱི་སྟེང་དུ་ཟན་ལ་བོས་པ་དང་དུ་བླང་བར་བྱའོ། །དགེ་འདུན་ནམ་གང་ཟག་མགྲོན་དུ་བོས་པར་འགྲོ་ན་སྔ་ཕྱི་རན་པར་དུས་ཤེས་པར་བྱ་སྟེ་འཇུག་པར་བྱའི་ཧ་ཅང་སྔ་ཚོམས་དུ་འཇུག་པར་མི་བྱའོ། །ཁྱིམ་གཞན་དུ་མགྲོན་དུ་བོས་པ་དེའི་ཕྱིར་གཎྜི་བརྡུངས་ཏེ་མཁན་སློབ་དང་གནས་བརྟན་གྱིས་རང་གི་འཁོར་ལ་བལྟ་བར་བྱའོ། །དགེ་སློང་གློ་བུར་དུ་འོངས་པ་ལ་ནི་གནས་བརྟན་གྱིས་སོ། །ནད་པ་ལ་སོགས་ལ་རྒྱུ་མེད་པར་ཁྲོ་བ་དང་། ལེ་ལོ་ལ་སོགས་པས་གྱ་ཚོམ་སུ་ཟན་བཅད་པར་མི་བྱའོ། །གྲོང་དུ་མཆོད་སྟོན་ཟོས་ཟིན་ན་དོན་མེད་པར་རིང་དུ་མི་འཁོད་དེ། སྦྱིན་བདག་ན་རེ། ཕྱེ་འཕྲེད་རྒྱུན་ཆབ་ལ་སོགས་པ་གསོལ་ཅེས་སྐོམ་གྱི་ཕྱིར་གསོལ་བ་དག་འདེབས་ན་བསྡད་པར་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་གླེང་གཞི་(༦༧ན)


K8Z003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས་ལས། བྱུང་ལ་མ་བཅས་པའི་གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་ཁྱིམ་བདག་ཕྲལ་ལ་མཐོའི་བྱུང་བ་ལས་སོ། །བྱུང་ལ་བཅས་པའི་གླེང་གཞི་ནི། ཡངས་པ་ཅན་དུ་དྲུག་སྡེས་ཡང་ཡང་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ལུང་གི་གླེང་གཞི་ལས་སྦྱིན་བདག་ཕྱི་མ་མ་དད་པར་གསུངས་ཀྱང་། འདིའི་དགག་བྱ་ནི་སྦྱིན་བདག་སྔ་མ་མ་དད་པ་སྟེ་ཟས་ཕྱི་མ་ལ་གོས་ཀྱི་རྙེད་པ་ཡོད་ན་ལྟུང་མེད་དུ་གསུངས་པས་སོ། །འདོད་པ་ཆེས་པ་ཡང་འདི་ཉིད་ཀྱི་དགག་བྱ་ཡིན་ཏེ་རྒྱུ་མཚན་བཤད་མ་ཐག་པ་དེའི་ཕྱིར་རོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དུས་ཉི་མ་གཅིག་ལ་ཁྱིམ་པས་མགྲོན་དུ་བོས་པ་ལན་གཉིས་ཡན་ཆད་བྱུང་བ་ན་ཟས་ཕྱི་མ་ལ་གོས་སམ་གོས་ཀྱི་རིན་རྙེད་པ་མེད་པའི་ཟས་ཕྱི་མ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་གིས་ཟ་བའི་སྦྱིན་བདག་དང་། གང་ཟ་བའི་དངོས་པོ་དང་། གང་གི་ཚེ་ཟ་བའི་དུས་དང་། གང་གིས་ཟ་བའི་རྟེན་ནོ། །དང་པོ་སྦྱིན་བདག་ཆོས་དགུ་ལྡན་ཏེ། ཁྱིམ་པ་ཡིན་པ་དང་། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་གསུམ་ནི་སྔར་གོས་སློང་བ་ལ་སོགས་པའི་སྐབས་སུ་བཤད་པ་བཞིན་ནོ། །རང་ལས་རྫས་ཀྱི་སྒོ་ནས་ཐ་དད་ཅིང་། སྦྱིན་བདག་སྔ་ཕྱི་དེ་གཉིས་ཀྱང་རྫས་ཀྱི་སྒོ་ནས་ཐ་དད་པ་སྟེ་ནོར་གཅིག་ཡིན་ན་འདིའི་ལྟུང་བ་མེད་དེ། འདིའི་དགག་བྱ་མེད་པའི་ཕྱིར་རོ། །བཤམས་པས་མགྲོན་དུ་འབོད་པ་པོ་མ་ཡིན་པ་སྟེ། བཤམ་པ་ནི་མགྲོན་དུ་བོས་པ་ཉིད་མ་ཡིན་ནོ་ཞེས་གསུངས་ལ། བཤམས་པ་ནི་ནར་མའི་ཟས་དང་འདྲ་བས་སྦྱིན་བདག་མ་དད་པ་སྐྱེ་བའི་དགག་བྱ་མེད་པའི་ཕྱིར། བཤེས་པའི་དབང་གིས་ཀུན་ཏུ་ལྟ་བ་པོ་མ་ཡིན་པ་སྟེ། ཀུན་ཏུ་ལྟ་བ་པོ་ཡང་ངོ་ཞེས་གསུངས་ལ། བཤེས་པའི་དབང་གིས་(༦༧བ)


K8Z003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་དུ་འབོད་པ་པོ་ཡིན་ན་སྦྱིན་བདག་མ་དད་པ་སྐྱེ་བའི་དགག་བྱ་མེད་པའི་ཕྱིར་རོ། །བསམ་པ་ཐག་པ་ནས་མགྲོན་དུ་འབོད་པ་པོ་ཡིན་པ་སྟེ། ཐོ་འཚམས་པ་བྱས་པ་ནི་མ་ཡིན་པ་ཉིད་དོ་ཞེས་གསུངས་ལ། ཐོ་འཚམས་པ་དེ་མགྲོན་དུ་འབོད་པ་པོ་ཉིད་མ་ཡིན་པས་མགྲོན་དུ་བོས་པ་གཉིས་པ་ཟོས་པའི་དགག་བྱ་མེད་པའི་ཕྱིར་རོ། །ཟས་རུང་བ་ལ་མགྲོན་དུ་འབོད་པ་པོ་ཡིན་པ་སྟེ། མི་རུང་བ་ལ་བོས་པ་ཡང་ངོ་ཞེས་གསུངས་པས་གྲུབ་བོ། །རང་གཙོ་བོར་མ་བྱས་ན་དགེ་འདུན་མགྲོན་དུ་འབོད་པ་པོ་མ་ཡིན་པ་སྟེ། དེའི་ཕྱིར་མ་ཡིན་པར་དགེ་འདུན་ཡང་ངོ་ཞེས་གསུངས་ལ། དགེ་འདུན་མཆོད་སྟོན་ལ་བོས་པ་ཡིན་ན་གང་ཟག་རང་ཉིད་ལ་བལྟོས་པའི་མགྲོན་དུ་བོས་པ་གཉིས་པ་ཟོས་པའི་དགག་བྱ་མེད་པའི་ཕྱིར་རོ། །གཉིས་པ་གང་ཟ་བའི་དངོས་པོ་ལ་བདུན་ལས། བཟའ་བ་ལྔའི་ཁོངས་སུ་གཏོགས་པ་ཡིན་པ་སྟེ། ལྔའི་ཁོངས་སུ་གཏོགས་པ་ལའོ་ཞེས་གསུངས་པས་སོ། །ཕན་ཚུན་ཁོངས་སུ་གཏོགས་པ་མ་ཡིན་པ་སྟེ། སྨན་གྱི་གཞི་ལས། གཞན་གྱིས་མགྲོན་དུ་བོས་པ་ན་འདུག་པ་ན་དེས་གནང་ན་ཞེས་གསུངས་པས་སོ། །ཟས་ཕྱི་མ་ལ་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་མེད་པ་སྟེ། གོས་ཀྱི་རྙེད་པ་མེད་པའི་ཞེས་གསུངས་ལ། ཟས་ཕྱི་མ་ལ་གོས་ཀྱི་རྙེད་པ་ཡོད་ན་གོས་ཀྱི་རྙེད་པ་ལ་དམིགས་ནས་འགྲོ་བར་གསལ་གྱི། ཟས་སྔ་མས་མ་ཆོག་ནས་ཟ་བར་མི་གསལ་བས་སྦྱིན་བདག་སྔ་མ་མ་དད་པ་སྐྱེ་བའི་དགག་བྱ་མེད་པའི་ཕྱིར། རང་གི་ནར་མའི་ཟས་མ་ཡིན་པ་སྟེ། མགྲོན་དུ་བོས་པ་གཉིས་པ་རྙེད་ནའོ་ཞེས་གསུངས་ལ། རང་གི་ནར་མའི་ཟས་ཟ་བ་ལ་ནི་མགྲོན་དུ་བོས་པ་ཟ་བའི་ཐ་སྙད་མེད་པའི་ཕྱིར། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་རུང་བ་དང་ཚད་དང་ལྡན་པ་གསུམ་ནི་སྐབས་གཞན་དུ་བཤད་པ་དང་འདྲའོ། །གསུམ་པ་གང་གི་ཚེ་ཟ་བའི་(༦༨ན)


K8Z003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ནི། ཉིན་ཞག་གཅིག་གི་དུས་ཡིན་པ་དང་། མུ་གེའི་དུས་མ་ཡིན་པ་སྟེ། ཉི་མ་རེ་རེ་ལ་མགྲོན་དུ་བོས་པ་རེ་བྱུང་སྟེ་ཉི་མ་ཐ་དད་ལ་མགྲོན་དུ་བོས་པ་གཉིས་ཟ་བ་ལ་དགག་བྱ་མེད་པའི་ཕྱིར་དང་། མུ་གེ་བྱུང་ན་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་དག་བདག་གིར་བྱ་ཞེས་གསུངས་པས་སོ། །བཞི་པ་གང་གིས་ཟ་བའི་རྟེན་ནི། འདི་ཉིད་ལས། ནམ་མ་ཡིན་པ་དང་། ལས་མ་བྱས་པ་དང་། ལམ་དུ་མ་སོང་བ་ཞེས་གསུངས་པས་དེ་གསུམ་དང་། སྲ་བརྐྱང་མ་བཏིང་བ་སྟེ། སྲ་བརྐྱང་གི་གཞི་ལས་སྲ་བརྐྱང་བཏིང་ན་ཡང་ཡང་ཟ་བའི་ལྟུང་བ་མི་འབྱུང་བར་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་ཡང་ཡང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཡང་ཡང་ཟ་བར་ཞུགས་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །གཉིས་པ་ནི། འདི་ལ་བྱེད་པ་པོ་གང་ཞེ་ན། ཉི་མ་གཅིག་ལ་མགྲོན་དུ་འབོད་པ་གཉིས་ཅིག་ཅར་ཡང་རུང་། མགྲོན་དུ་འབོད་པ་སྔ་མའི་རྗེས་སུ་ཕྱིས་རྙེད་ཀྱང་རུང་སྟེ། ཟས་སྔ་མ་ལ་གོས་ཀྱི་རྙེད་པ་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། ཟས་ཕྱི་མ་ལ་གོས་ཀྱི་རྙེད་པ་སྟེ་གོས་དང་གོས་ཀྱི་རིན་མེད་པའི་མགྲོན་དུ་བོས་པ་གཉིས་པ་རྙེད་པ་ནི་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོའོ། །གང་ལ་མགྲོན་དུ་བོས་པ་ལ་ལྟུང་བར་འགྱུར་ཞེ་ན། བཟའ་བར་བྱ་བ་ལའོ། །བཅའ་བ་ལན་གཉིས་ཟོས་ཀྱང་ལྟུང་བ་མེད་དོ། །བཟའ་བྱ་ཇི་ལྟ་བུ་ཞེ་ན། འབྲས་ཆན་ཟན་དྲོན་ལྡེ་གུ་ཤ་དང་སྣུམ་ཁུར་དང་ལྔའི་ཁོངས་སུ་གཏོགས་པ་ལའོ། །གལ་ཏེ་མགྲོན་དུ་བོས་པ་སྔ་མ་ལས་གཞན་ཕྱི་མ་ཡང་བཟའ་བ་ལྔའི་ཁོངས་སུ་གཏོགས་པ་དེ་ཉིད་ཡིན་ན་དེ་ཐོས་ན་ལྟུང་བར་འགྱུར་རོ། །དགེ་སློང་ཇི་ལྟ་བུ་ལ་ལྟུང་བ་འདི་འབྱུང་ཞེ་ན། ན་བ་མ་ཡིན་པ་དང་། ལས་མ་ཡིན་པ་དང་། ལམ་དུ་མ་སོང་བ་ལའོ། །(༦༨བ)


K8Z003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་དུ་བོས་པ་གཉིས་པ་དེ་ནི་ཡིད་ཀྱིས་དང་དུ་བླངས་ན་བསྡམ་བྱའི་ཉེས་བྱས་དང་། ངག་གིས་ཁས་བླངས་ན་བཤགས་བྱའི་ཉེས་བྱས་ཀྱིའོ། །ཊཱི་ཀར། ཁར་ཟ་བའི་མདུན་རོལ་དུ་མགྲོན་དུ་འགྲོ་བ་ལ་སོགས་པ་ཡང་བཤགས་བྱའི་ཉེས་བྱས་སོ། །ཞེས་སོ། །མགྲོན་དུ་བོས་པ་གཉིས་པ་ཟོས་ན་དངོས་གཞིའོ། །གསུམ་པ་ལ། ལྟུང་མེད་བྱེད་པའི་ཚད་བཟུང་བསྟན། །མགྲོན་པོས་སེལ་བའི་བསླབ་བྱ་བརྗོད། །དུས་ཀྱི་ལྟུང་མེད་བསླབ་བྱའོ། །དང་པོ་ནི། གོས་ཀྱི་རྙེད་པ་མེད་པའི་ཞེས་སྔར་སྨོས་ན་ཡང་ཡང་ཟ་བའི་སྐབས་འདིར་ཉེས་པ་ནི་ཁེགས་པའི་གོས་ཀྱི་ཚད་ཆུང་བའི་མཐར་ཐུག་པ་ནི་གོས་ཀྱི་ཁྲུ་གང་གི་ཁྱོན་ནོ། །ལམ་དུ་མ་སོང་བ་ལའོ་ཞེས་སྨོས་ནས་དགེ་སློང་གི་ལམ་གྱི་ཐག་ཇི་ཙམ་དུ་ཕྱིན་ན་ཡང་ཡང་ཟ་བའི་ཉེས་པ་ཁེགས་ཞེ་ན། ལམ་ནི་དཔག་ཚད་ཕྱེད་དོ། །འདི་རྐྱང་པ་དགོས་སམ་ཁུག་པས་གྲུབ་ཅེ་ན། ཡང་ཡང་ཟ་བ་དང་འདུས་ཤིང་ཟ་བའི་ལུང་རྣམ་འབྱེད་ལས། ལམ་དུས་སོ་ཞེས་བྱ་བ་ནི་དགེ་སློང་དཔག་ཚད་ཕྱེད་དུ་སོང་ངམ་དེའི་ཕྱེད་དུ་སོང་སྟེ་ཕྱིར་ལོག་ནའོ་ཞེས་གསུངས་ལ། ལུང་དེའི་འགྲེལ་པ་ལས། དེའི་ཕྱེད་དུ་སོང་སྟེ་ཕྱིར་ལོག་ན་ཞེས་བྱ་བ་ནི་དཔག་ཚད་ཕྱེད་ཀྱི་ཕྱེད་དེ་དཔག་ཚད་ཀྱི་བཞི་ཆར་སོང་སྟེ་ཕྱིར་ཡང་ལོག་ནའོ་ཞེས་བཤད་དོ། །འགྲེལ་ཆུང་ལས། རྟ་དང་ཤིང་རྟ་ལ་སོགས་པ་ལ་ཞོན་པ་ནི་དཔག་ཚད་ཕྱེད་དུ་ཕྱིན་ཀྱང་དུས་སུ་མི་ཆུད་དེ་བཟར་མི་དབང་ངོ་ཞེས་བཤད་པ་ནི་མི་རིགས་ཏེ། དཔག་ཚད་ཕྱེད་གྲུར་འགྲོ་བས་ནི་ཉེས་པ་ཁེགས་ལ། དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཡང་ཡང་ཟ་བ་ལས་གཞན་འདུས་ཤིང་ཟ་བ་དང་ཁྲུས་བྱས་པ་ལ་ཡང་ལམ་ནི་དཔག་ཚད་ཕྱེད་དོ། །ལམ་དུ་ཕྱིན་པའི་ཚད་འདི་ལ་ལུང་ལས་འདི་ལྟར་གསུངས་ཏེ། ཡང་ཡང་ཟ་བ་དང་འདུས་ཤིང་ཟ་བའི་སྐབས་སུ་ནི་དཔག་ཚད་ཕྱེད་རྐྱང་པར་ཕྱིན་པས་(༦༩ན)


K8Z003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ལ། ཁྲུས་བྱེད་པའི་སྐབས་སུ་ནི་དཔག་ཚད་ཕྱེད་ཁུག་པར་ཕྱིན་པ་དགོས་པར་གསུངས་ཏེ། དེ་ལྟར་འོང་བ་ནི་བཅོམ་ལྡན་འདས་ཀྱིས་བཅས་པའི་དབང་གིས་ཏེ། ཁྲུས་བྱེད་པའི་སྐབས་ཀྱི། ལུང་རྣམ་འབྱེད་ལས། ལམ་དུས་སོ་ཞེས་བྱ་བ་ནི་དགེ་སློང་དཔག་ཚད་གཅིག་ཏུ་སོང་ངམ་དཔག་ཚད་ཕྱེད་དུ་སོང་སྟེ་ཕྱིར་འོངས་ནའོ་ཞེས་གསུངས་ལ། ལུང་དེའི་འགྲེལ་པ་ལས། དཔག་ཚད་གཅིག་ཏུ་སོང་ངམ་ཞེས་བྱ་བ་ནི་དཔག་ཚད་རྐྱང་པར་སོང་བའོ། །དཔག་ཚད་ཕྱེད་དུ་སོང་སྟེ་ཕྱིར་འོངས་པ་ནི་དཔག་ཚད་གཅིག་རངས་པར་སོང་བའི་ཚད་དང་མཉམ་པར་ཤེས་པར་བྱའོ། །ཞེས་བཤད་དོ། །སྐམ་ལ་འགྲོ་པའི་ལམ་འདིར་རམ་ཆུ་ལ་འགྲོ་བའི་ལམ་དུ་གྲུར་འགྲོ་བ་ཡང་ལམ་ནི་དཔག་ཚད་ཕྱེད་དོ། །ལས་མ་བྱས་པ་དང་ཞེས་སྨོས་ན་ལས་ཇི་ཙམ་ཞིག་བྱས་ན་ཉེས་པ་ཁེགས་ཞེ་ན། ལས་ཕྱགས་བདར་རེ་ལྡེ་ཙམ་ཞིག་ཅེས་བྱ་བ་ནི་ཁྲུ་བཞི་ཙམ་ཕྱགས་ཞེས་བྱ་བའི་ཐ་ཚིག་གོ་ཞེས་རྣམ་འབྱེད་འགྲེལ་པ་ལས་བཤད་ཅིང་། གཞི་འགྲེལ་ལས། གསེགས་ནི་སྨིག་མ་ལ་སོགས་པའི་ཐགས་མ་གྲུ་བཞིའོ། །རེ་ལྡེ་ནི་དེ་ཉིད་ཁྲུན་རིང་པོའོ་ཞེས་སོ། །དཀྱིལ་འཁོར་པ་མལ་ནི་བ་ལང་གཅིག་གི་གནས་སོ་ཞེས་རྣམ་འབྱེད་འགྲེལ་པ་ལས་བཤད་ཅིང་། འགྲེལ་ཆུང་ལས་ནི་བའི་ཀོ་བ་ཙམ་ཞེས་སྨོས་པའི་ཚད་དེ་ཙམ་ཡིན་ནོ། །གཞན་ལ་ཡང་ངོ་ཞེས་འདིར་ཡང་སྦྱར་ཏེ། ཊཱི་ཀར། འདུས་ཤིང་ཟ་བ་ལ་སོགས་པ་དག་ལ་ཡང་ལས་ཀྱི་ཚད་འདི་ཡིན་ནོ། །ཞེས་སོ། །ཕྱགས་བདར་སོགས་ཀྱི་ལས་དེ་ཡང་དགེ་འདུན་གྱི་ཉིད་དམ་མཆོད་རྟེན་གྱི་ཉིད་དམ་དེ་ཡིན་ནའོ། །གཞན་དུ་བྱས་པ་ནི་ལས་སུ་མི་ཆུད་དོ། །ན་བ་མ་ཡིན་པ་དང་ཞེས་སྨོས་ནས་ན་བའི་ཚད་ཇི་ཙམ་གྱིས་ཉེས་པ་ཁེགས་ཞེ་ན། ན་བ་ཉིད་ཀྱི་ཚད་ནི་མི་ནུས་པ་སྟེ། ན་བ་མགྲོན་དུ་བོས་པ་གཅིག་གིས་འཚོ་བར་མི་ནུས་པ་(༦༩བ)


K8Z003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཊཱི་ཀས་བཤད་ཅིང་། ན་སྟེ་ལས་བྱེད་པར་མི་ཕོད་པ་ན་ཞེས་འགྲེལ་ཆུང་ལས་ཏེ། གསུང་རྒྱུན་ལས་ན་སྟེ་ནར་མའི་དགེ་སྦྱོར་ལ་སོགས་བྱེད་མི་ནུས་པ་ནི་དེའི་ཚད་ཉིད་དོ་ཞེས་གསུངས་ལ། གཞན་ལ་ཡང་ངོ་ཞེས་པ་འདི་ལའང་སྦྱར་རོ། །གཉིས་པ་ནི། ཡོན་བདག་གིས་དགེ་སློང་ལ་ལོ་དྲུག་གམ་ཚེ་གཅིག་ཏུ་ཟན་སྦྱར་བ་ལྟ་བུ་ཞེས་འགྲེལ་ཆུང་ལས་བཤད་པ་ལྟ་བུའམ། ཟླ་བ་བཞི་ལྟ་བུར་ཉིན་རེ་བཞིན་ཟས་རྒྱུན་དུ་འདྲེན་པར་བཤམས་པའི་ཟས་ནར་མ་ཟོས་པ་ནི་ལྟུང་བ་འདི་བསྐྱེད་པའི་མགྲོན་དུ་བོས་པ་ཉིད་མ་ཡིན་ནོ་སྟེ། དེ་ཟོས་ནས་གཞན་ཟ་བ་ལ་ཉེས་པ་མེད་དོ། །འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་ངམ་བཤེས་པའི་དབང་གིས་ཁྱིམ་དུ་ཀུན་ཏུ་ལྟ་བ་དེ་ལ་མགྲོན་དུ་བྱས་པ་ཟོས་པ་ཡང་མགྲོན་དུ་བོས་པ་ཉིད་མ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ལས། འདིར་སྤྱན་གཟིགས་ཙམ་གསོལ་ལ། གདུགས་ཚོད་ནི་གཞན་དུ་གསོལ་ཅིག་ཟེར་བ་ལ་ལྟུང་བ་མེད་དོ། །ཞེས་སོ། །དགེ་སློང་ཉི་མ་གཅིག་ལ་མགྲོན་དུ་བོས་པ་སྔ་མ་ལས་གཞན་མགྲོན་དུ་བོས་པ་ཕྱི་མ་གོས་དང་བཅས་པ་ཡོད་ན་དགེ་སློང་དེས་ཟས་སྔ་མ་ལ་ཟས་སྤོང་བ་བསྲུང་བ་སྟེ་ཟས་སྤོང་བར་མི་བྱ་ཞིང་ཟས་ཕྱི་མ་ལ་འཇུག་པར་བྱའོ། །འདིར་སྤོང་བ་བསྲུང་ཞེས་པ་ལ་ཟས་སྤོང་བ་ནི་འགྲངས་པར་ཟོས་ནས་བདག་གིས་བཟའ་བར་མི་བྱའོ་ཞེས་བལྟོས་པ་མེད་པའི་བསམ་པས་སྟན་ལས་ལྡང་བ་ནི་ཟས་སྤོང་བ་སྟེ། སྤོང་བ་དེ་བསྲུང་བ་ནི་སྤོང་བ་དེ་མི་བྱ་བའོ། །ཐོ་འཚམས་པས་མགྲོན་དུ་འབོད་པ་བྱས་པ་ནི་ལྟུང་བ་འདི་བསྐྱེད་པའི་མགྲོན་དུ་བོས་པ་མ་ཡིན་པ་ཉིད་དོ། །བྱིན་ལེན་མ་བྱས་པ་དང་། རྨིག་པ་གཅིག་པའི་ཤ་ལ་སོགས་པ་མི་རུང་བ་ལ་བོས་པ་ཡང་ལྟུང་བྱེད་འདི་བསྐྱེད་པའི་མགྲོན་དུ་བོས་པ་མ་ཡིན་ནོ་ཞེས་སྔ་མར་སྦྱར་རོ། །མགྲོན་གྱི་གཙོ་བོར་བོས་པའི་དགེ་སློང་དེའི་ཕྱིར་མ་ཡིན་པར་དགེ་འདུན་སྤྱིར་དྲངས་པ་ཡང་ལྟུང་བ་འདི་བསྐྱེད་པའི་མགྲོན་དུ་བོས་པ་ཉིད་(༧༠ན)


K8Z003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ་ཞེས་སྔ་མར་སྦྱར་ཏེ་ལྟུང་བ་མེད་དོ། །དགེ་སློང་ཁྱིམ་གཉིས་སུ་མགྲོན་དུ་བོས་པ་ན་ཁྱིམ་གཅིག་ཏུ་བདག་ཉིད་ཟ་ཞིང་དེ་ལས་གཞན་པའི་ཁྱིམ་དུ་རབ་ཏུ་བྱུང་བ་སྡེ་ལྔ་པོ་འཇོག་པ་ཡང་ལྟུང་བ་འདི་བསྐྱེད་པའི་མགྲོན་དུ་བོས་པ་ཉིད་མ་ཡིན་ནོ་ཞེས་སྔ་མར་སྦྱར་ཏེ་ལྟུང་བ་མེད་པའོ། །འདི་ནི་ལུང་སིལ་བུ་ལས། དགེ་སློང་ཟན་གཉིས་ལ་མགྲོན་དུ་བོས་པ་གཅིག་དགེ་སློང་གཞན་ལ་རྣམ་པར་སྟོབ་པར་བྱེད་ན་ལྟུང་བ་མེད་དོ། །དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་ལ་རྣམ་པར་སྟོབ་པར་བྱེད་ན་ལྟུང་བ་མེད་དོ་ཞེས་སོ། །མགྲོན་དུ་བོས་པ་གཞན་དུ་རབ་ཏུ་བྱུང་བ་སྡེ་ལྔ་པོ་འཇོག་པ་དེ་ནི་ཆོས་དང་ལྡན་པ་ཉིད་དོ། །གཞན་དུ་ལྔ་པོ་འཇོག་པ་དེ་ལ་བདག་ཉིད་ཀྱིས་མགྲོན་གཉིས་པ་ཟོས་པ་མེད་ཀྱང་མགྲོན་གཉིས་པ་དང་དུ་བླངས་པའི་ཉེས་བྱས་བསྐྱེད་དམ་ཞེ་ན། མགྲོན་དུ་བོས་པ་གཞན་དང་དུ་བླངས་པ་ཡོད་པ་ལ་ཡང་གཞན་ལྔ་པོ་འཇོག་པ་ཆོས་དང་ལྡན་པ་ཉིད་དོ། །འདི་ལ་རང་གི་རྣམ་བཤད་དང་། ཊཱི་ཀ་ལས། མགྲོན་དུ་བོས་པ་གཞན་བླང་བ་ཡོད་པ་ལ་ཡང་འཇོག་པ་ཆོས་དང་ལྡན་པ་ཉིད་དོ། །ཞེས་གསུངས་སོ། །འདི་ལ། འགྲེལ་ཆུང་ལས། དགེ་སློང་དང་དགེ་འདུན་ལ་སྦྱིན་པའི་ཕྱིར་བླངས་ཀྱང་ཉེས་པ་མེད་དོ་ཞེས་བི་ཛ་ཡ་ཝརྨས་བཤད་ཅེས་འབྱུང་སྟེ་པཎྜིཏ་བི་ཛ་ཡ་ཝརྨས་མཁས་པ་རྣམ་རྒྱལ་གོ་ཆས་བཤད་དོ། །གསུམ་པ་ནི། མུ་གེ་བྱུང་ན་ཉི་མ་གཅིག་ལ་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་དག་བདག་གིར་བྱའོ། །མུ་གེ་བྱུང་ན་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་ཟོས་ན་ཡང་ལྟུང་བ་མེད་དོ། །མུ་གེའི་ཚེ་ཁ་མང་པོ་ཞིག་ཏུ་སྤྱན་དྲངས་ཏེ། བདག་གིས་མི་ཁྱབ་ན་དགེ་སློང་ལ་སོགས་པ་ལྔ་པོ་བདག་གི་ཚབ་མར་བཀྱེ་བ་དང་། ལྔ་པོ་ལ་སྦྱིན་དུ་ཡང་རུང་ངོ་། །སྦྱིན་པ་པོས་དགེ་སློང་རང་ཉིད་ལ་སྦྱིན་པའི་ཟས་དེ་སྡེ་ལྔ་པོ་ལ་སྦྱིན་པར་བྱེད་ན་སྦྱིན་པ་པོ་མངོན་པར་མི་དགའ་བར་(༧༠བ)


K8Z003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ལྟ་ན། དགེ་སློང་གིས་ཁམ་གཉིས་སམ་གསུམ་ཟོས་པའི་འོག་ཏུ་སྦྱིན་པ་པོ་དེ་ལ་ཁྱིམ་བདག་ཅེས་བོས་ནས། དགེ་སློང་མ་དགེ་ཚུལ་ལ་སོགས་པ་འདི་བསོད་སྙོམས་ཀྱིས་འཕོངས་པ་ཡིན་གྱི། རྗེས་སུ་ཡི་རང་བར་གྱིས་ཤིག་དང་། འདི་ལ་སྦྱིན་པར་བྱའོ་ཞེས་བརྗོད་པས་མངོན་པར་དགའ་བར་བྱས་ནས་སོ། །ཊཱི་ཀར། དེའི་འོག་ཏུ་ལྔ་པོ་དག་ལ་སྦྱིན་པར་བྱའོ། །ཞེས་སོ། །ཡང་ཡང་ཟ་བའི་ལྟུང་བྱེད་དོ།། །།གཉིས་པ་འདུག་གནས་སུ་ཟ་བ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བ་དེ་ཡི་ན་སྨད་དེ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་དུ་བཞུགས་པའི་ཚེ་ན་དྲུག་སྡེས་རི་བྲག་གི་འདུག་གནས་སུ་གནས་ཏེ་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྩོད་པ་རྒྱས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་མུ་སྟེགས་ཅན་གྱི་འདུག་གནས་སྦྱིན་བདག་ཁྱིམ་པས་བྱས་ཤིང་། མཆོད་གནས་མུ་སྟེགས་ཡོད་པའི་གནས་དེར་ཞག་གཅིག་གནས་ཏེ་ཟས་གཉིས་ཀས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་ལྔ་སྟེ། གང་དུ་ཟ་བའི་གནས་དང་། དེར་ཟ་བའི་གནས་ཀྱི་བདག་པོ་དང་། གང་གིས་ཟ་བའི་སྦྱིན་བདག་དང་། གང་ཟ་བའི་དངོས་པོ་དང་། གང་གིས་ཟ་བའི་རྟེན་ནོ། །དང་པོ་ལ་གསུམ་ལས། མུ་སྟེགས་ཅན་ཁོ་ནའི་འདུག་གནས་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། མུ་སྟེགས་ཅན་གྱི་འདུག་གནས་ཞེས་པ་དང་། འདི་ཉིད་ལས། ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་སོ་ཞེས་གསུངས་པས་སོ། །གནས་ཀྱི་ངོ་བོ་ཉིད་དུ་གྲུབ་པ་དང་། སྤྱོད་ལམ་བཞི་ཡན་ཆད་ཤོང་བ་སྟེ་སྔར་བཤད་པ་བཞིན་ནོ། །གཉིས་པ་དེར་ཟ་བའི་གནས་ཀྱི་བདག་པོ་ནི་མུ་སྟེགས་པ་ཡིན་པ་ནི། རྣམ་འབྱེད་(༧༡ན)


K8Z003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལས། མུ་སྟེགས་ཅན་གྱི་འདུག་གནས་སུ་ཞེས་གསུངས་སོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ་སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་བཞིན་ནོ། །གསུམ་པ་གང་གིས་ཟ་བའི་སྦྱིན་བདག་ནི། སྔར་གོས་སློང་བའི་སྐབས་སུ་བཤད་པའི་ཁྱིམ་པ་ཆོས་དྲུག་ལྡན་གྱི་སྟེང་དུ་མུ་སྟེགས་ཅན་ཁོ་ནའི་སྦྱིན་བདག་ཡིན་པ་སྟེ། ཆོས་འདི་པ་མ་ཡིན་པ་ཞེས་པ་དང་། ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་ཞེས་གསུངས་པས་སོ། །བཞི་པ་གང་ཟ་བའི་དངོས་པོ་ནི། དུས་སུ་རུང་བ་ཡིན་པ་དང་། མུ་སྟེགས་པའི་སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པའོ། །ལྔ་པ་གང་གིས་ཟ་བའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་དང་། གནས་དེར་ཞག་གཅིག་ཡན་ཆད་ཀྱིས་གནས་པ་ཡིན་པ་སྟེ། མི་ན་བ་ལའོ་ཞེས་པ་སྟེ། མཚོ་སྣ་པའི་ཞལ་ནས། ནར་མའི་བྱ་བ་རྣམས་ནི་བསྒྲུབ་ནུས་ན། །ཅུང་ཟད་ན་ཡང་གནང་བའི་རྐྱེན་ཅན་མིན། །ན་བ་ཉིད་ཀྱི་ཚད་ནི་མི་ནུས་པའོ། །དེ་ནི་གནང་བའི་རྐྱེན་ཅན་ནད་པ་ཡིན། །ཅེས་གསུངས་སོ། །སོ་སོར་ཐར་པའི་མདོ་ལས། ཞག་ལོན་པའི་དགེ་སློང་གིས། ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན་ལས། ཀུན་སློང་ནི་རང་གར་ཟན་གཉིས་པ་སློང་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སློང་ཞིང་ཟ་བར་ཞུགས་པའོ། །མཐར་ཐུག་མགུལ་དུ་མིད་པའོ། །གཉིས་པ་ནི། ལྟུང་བྱེད་འདིའི་བྱེད་པ་པོ་གང་ཞེ་ན། ཆོས་འདི་པའི་འདུག་གནས་མ་ཡིན་པ་འདུག་གནས་དེའི་བདག་པོ་སྦྱིན་བདག་ཁྱིམ་པ་དང་བཅས་པ་ལ་ཡ་མཚན་ཅན་ཅེས་པ་ནི་གཉིས་ཏེ། མུ་སྟེགས་ཀྱི་མིང་དང་། རབ་ཏུ་བྱུང་བའི་སྤྱི་མིང་ངོ་། །དང་པོ་ནི། ཡ་མཚན་ཅན་ཅེས་མུ་སྟེགས་ཅན་གྱི་མིང་གི་(༧༡བ)


K8Z003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་ཏེ། དཔེར་ན་རྡོའི་རྒྱབ་ལ་མྱུ་གུ་མི་སྐྱེ་བ་དང་འདྲ་བས་མུ་སྟེགས་ཅན་ལ་ཐར་པའི་མྱུ་གུ་སྐྱེ་བར་འདོད་པ་ཡ་མཚན་ཅན་ཡིན་པའི་ཕྱིར་ཏེ། སཾ་སྐྲྀ་ཏའི་སྐད་དུ་ཡ་མཚན་ཅན་རྡོའི་རྒྱབ་ལ་འཇུག་པར་མཐོང་སྟེ། དེ་ཡང་རྣམ་འབྱེད་འགྲེལ་པ་ལས། ཡ་མཚན་ཅན་ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་རབ་ཏུ་བྱུང་བའི་སྤྱི་མིང་ཡིན་ཏེ། ཅིའི་ཕྱིར་ཡ་མཚན་ཅན་ཅེས་བྱ་ཞེ་ན། འདུལ་བ་བྱེ་བྲག་ཏུ་བཤད་པ་ལས་པཥྞ་ཌི་ཀ་ཞེས་བྱ་བ་ནི་རྡོའི་རྒྱབ་ཡིན་ཏེ། ཇི་ལྟར་རྡོའི་རྒྱབ་ཏུ་ས་བོན་བཏབ་པས་མྱུ་གུ་མི་སྐྱེ་བ་དེ་བཞིན་དུ་མུ་སྟེགས་ཅན་དག་གིས་ཀྱང་ཐར་པའི་མྱུ་གུ་བསྐྱེད་མི་ནུས་པས་རྡོའི་རྒྱབ་ཅེས་བྱ་བར་གསུངས་སོ། །གཉིས་པ་ནི། གཞུང་འདིར་ཡ་མཚན་ཅན་ཞེས་གསུངས་པ་དེ། ཊཱི་ཀ་ལས། ཡ་མཚན་ཅན་ཅེས་བྱ་བ་ནི་ཆོས་འདི་པ་དང་མུ་སྟེགས་ཀྱི་རབ་ཏུ་བྱུང་བ་སྤྱིའི་མིང་ངོ་། །ཞེས་བཤད་ལ། འདི་ནི་ཆ་ཤས་ཀྱི་མིང་གིས་སྤྱི་ལ་བཏགས་ཏེ་མུ་སྟེགས་ཀྱི་རབ་བྱུང་གི་མིང་གིས་རབ་བྱུང་སྤྱི་ལ་སྦྱར་བའོ། །ཆོས་འདི་པའི་རབ་བྱུང་ཐམས་ཅད་ཀྱི་མ་ཡིན་པ་སྟེ་མུ་སྟེགས་ཅན་ཁོ་ནའི་རབ་ཏུ་བྱུང་བའི་འདུག་གནས་བྱེད་པ་ཉིད་དོ། །རྟེན་གང་ལ་ན་མི་ན་བ་ལའོ། །སྦྱིན་བདག་གིས་དགེ་སློང་དེ་ལ་མ་བསྟབས་པ་ལའོ། །ཊཱི་ཀ་ལས། སྦྱིན་བདག་གིས་བསྟབ་པ་དེར་འདུག་པ་དང་བཟའ་བར་རྗེས་སུ་གནང་ངོ་། །སྦྱིན་བདག་ནི་དེ་ལ་བདག་པོ་ཡིན་ཏེ་ངེས་པར་མ་ཕུལ་བའི་ཕྱིར་རོ། །ཞེས་སོ། །དེའི་ལན་གཉིས་ཟོས་ན་ཟོས་པ་ལ་ལྟུང་བྱེད་དངོས་གཞིའོ། །འགྲེལ་ཆུང་ལས། མུར་འདུག་གི་གནས་སུ་ཟས་ལན་གཅིག་ཟོས་པས་ནི་ལྟུང་བར་མི་འགྱུར་གྱི། ཟན་ལན་གཉིས་ཟོས་ན་ལྟུང་བར་འགྱུར་ཞེས་བཤད་ཅིང་། སོ་སོར་ཐར་པ་ལས་འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་མི་ན་བས་བསོད་སྙོམས་གཅིག་བཟའ་བར་བྱའོ། །དེ་ལས་ལྷག་པ་ཟོས་ན་ལྟུང་(༧༢ན)


K8Z003_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ་ཞེས་གསུངས་སོ། །ཊཱི་ཀ་ལས། ཉི་མ་དང་པོ་ལ་གནས་པ་དང་པོ་ཟོས་པ་ལ་ནི་ལྟུང་བ་མེད་དོ། །ཞེས་སོ། །ལུང་རྣམ་འབྱེད་ལས། གཞན་དུ་གནས་ཤིང་འདུག་གནས་དེར་ཟ་ན་གཞན་དུ་གནས་པ་ལ་ལྟུང་བ་མེད་ལ། དེར་ཟ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་ནི་ཡན་ལག་གཞན་ཚང་གི་དབང་དུ་མཛད་དོ། །གཉིས་པ་ནི། དགེ་སློང་གི་མུ་སྟེགས་ཀྱི་འདུག་གནས་དེར་ཞག་གཅིག་གནས་པ་ལ་ལྟུང་བ་མེད་ཀྱང་། ཉི་མ་གཉིས་སུ་གནས་ན་ཟན་མ་ཟོས་ཀྱང་སྔར་ཞག་གཅིག་ལོན་པར་གནས་ཟིན་པའི་དགེ་སློང་ལ་ཞག་གཉིས་པར་གནས་ན་ཉེས་བྱས་ཀྱི་བྱེད་པ་པོའོ། །འགྲེལ་ཆུང་ལས། ཞག་རེ་རེར་ཉེས་བྱས་རེ་རེའོ་ཞེས་བཤད་དོ། །བདག་པོ་ཁྱིམ་པ་དང་བཅས་པ་ཞེས་སྨོས་ན། དེ་མེད་པ་ལ་ཅིར་འགྱུར་ཞེ་ན། བདག་པོ་སྦྱིན་བདག་ཁྱིམ་པ་མེད་པར་མུ་སྟེགས་ཅན་ཉིད་ཀྱི་བྱས་པ་ལ་ཡང་ཉེས་བྱས་ཀྱིའོ། །དེར་ལན་གཉིས་ཟོས་པ་ནི་ཉེས་བྱས་ལྕི་བ་དང་། ཟན་མ་ཟོས་ན་ཞག་གཉིས་ལོན་པ་ལ་ནི་ཉེས་བྱས་ཡང་བའོ་ཞེས་བི་མ་ལས་སོ། །བསླབ་པའི་གཞི་འདི་ལ་དགེ་སློང་ལ་སོགས་པ་རབ་ཏུ་བྱུང་བ་འདི་པ་འདུག་གནས་ཀྱི་བདག་པོ་ཡིན་པ་ནི། མུ་སྟེགས་ཅན་བདག་པོ་ཡིན་པ་དང་འདྲ་བ་སྟེ། ཉེས་བྱས་ཀྱི་བྱེད་པ་པོ་ཉིད་དོ། །དགེ་སློང་དེའི་ཉེ་དུས་རྩིག་ཏུ་བཅུག་པའི་འདུག་གནས་ཉེ་དུ་བདག་པོ་གང་ཡིན་པ་དེར་ཞག་གཅིག་ལས་ལྷག་པར་གནས་ཤིང་བསོད་སྙོམས་གཅིག་ལས་ལྷག་པར་ཟོས་ན་ཡང་ངོ་ཞེས་ཏེ། མུ་སྟེགས་ཅན་དང་འདྲ་བར་ཉེས་བྱས་སོ། །འདིར་གཞུང་ནི་བདག་པོ་ཉེ་དུས་བཙལ་ལགས་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་ཀྱི་བྱེད་པ་པོར་འགྱུར་རོ། །ཁ་ཅིག་འདི་ལ་ལྟུང་བ་མེད་ཅེས་ཟེར་ཏེ། མི་རིགས་ཞེས་ཉིད་བཤད་ལས་སོ། །འདུག་གནས་སུ་ཟ་བའི་ལྟུང་(༧༢བ)


K8Z003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ།། །།གསུམ་པ་ལྷུང་བཟེད་དོ་གསུམ་ལས་ལྷག་པ་ལེན་པ་ལ། ལྟུང་བ་རྣམ་པར་བཞག་པ་དང་། །དེ་ཡི་ལྟུང་བ་མེད་པ་བསྟན། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་བསོད་སྙོམས་བླང་ཚད་ལས་ལྷག་པ་བླངས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་ཚོད་མི་ཤེས་པའོ། །རྣམ་འབྱེད་འགྲེལ་པ་ལས། བསླབ་པའི་གཞི་ནི་ཚོད་མི་ཤེས་པ་དགག་པའི་ཕྱིར་བཅའ་བ་མཛད་དོ་ཞེས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་ལ་ཁྱིམ་པས་བསོད་སྙོམས་བསྟབས་ཤིང་ཅི་བདེར་མ་བྱས་པར་ཚད་ཡོངས་སུ་མ་སྤགས་པ་ལས་དུས་སུ་རུང་བ་ལྷུང་བཟེད་དོ་གསུམ་ལས་ལྷག་པར་བླངས་ཏེ་གནས་གཞན་དུ་ཁྱེར་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ། །དེ་ལ་གསུམ་ལས། གང་ལས་བླང་བའི་ཡུལ་ནི། ཁྱིམ་པ་ཆོས་དྲུག་ལྡན་གྱི་སྟེང་དུ་ཚད་ཡོངས་སུ་དཔོགས་པ་པོ་མ་ཡིན་པ་སྟེ། ཡོངས་སུ་མ་སྤགས་པར་རོ་ཞེས་གསུངས་སོ། །སྦྱིན་བདག་གིས་ཚད་ཡོངས་སུ་སྤགས་ན་ནི་ལྷུང་བཟེད་དོ་གསུམ་ལས་ལྷག་ཀྱང་ལྟུང་བ་མེད་དེ། སྦྱིན་བདག་གི་བསམ་པ་ལ་གནོད་པའི་དགག་བྱ་མེད་པའི་ཕྱིར། གང་བླངས་ཏེ་ཟ་བའི་དངོས་པོ་ནི། དུས་སུ་རུང་བ་ཡིན་པ་དང་། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་། ལྡམ་ལྡུམ་ལ་སོགས་མོད་པ་མ་ཡིན་པ་སྟེ་གསུམ་དང་། རུང་བ་དང་། ཚད་དང་ལྡན་པ་ལྔའོ། །གང་དུ་ཟ་བའི་གནས་ནི། གང་དུ་བླངས་པའི་གནས་དེ་ནས་གཞན་དུ་ཁྱེར་བའི་གནས་ཡིན་པ་སྟེ། མནོས་པའོ་ཞེས་སོ། །གང་དུ་བླང་བ་དེ་ཉིད་དུ་ཟ་བ་ལ་ནི་ལྟུང་བ་མེད་དེ། གཞན་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་(༧༣ན)


K8Z003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། འདུ་ཤེས་སྔར་བཞིན། ཀུན་སློང་ནི་རང་གར་བླང་ཚད་ལས་ལྷག་པར་བླངས་ནས་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཚད་ལས་ལྷག་པར་ལེན་ཅིང་གནས་གཞན་དུ་ཁྱེར་ཏེ་ཟ་བར་བྱེད་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །གཉིས་པ་ནི། ལྟུང་བྱེད་འདི་ལ་བྱེད་པ་པོ་གང་ཞེ་ན། སྟོབ་པའི་བསོད་སྙོམས་བྱེད་པ་པོའོ། །མི་སྟོབ་པ་ཉིད་བཟུང་བས་མ་བྱིན་པར་ལེན་པ་བསྐྱེད་པའོ་ཞེས་རང་འགྲེལ་དང་ཊཱི་ཀ་ལས་བཤད་དོ། །ཇི་ལྟར་སྟོབ་པ་ཞེ་ན། ཚད་འདི་ཙམ་ཞིག་ཁྱེར་ཅིག་ཅེས་ཚད་ཡོངས་སུ་བཅད་དེ་མ་སྤགས་པར་བསྟབས་པའི་བསོད་སྙོམས་བྱེད་པ་པོའོ། །ཊཱི་ཀར། གལ་ཏེ་ཡོངས་སུ་བཅད་དེ་སྟོབ་ན་ནི་ཆོས་དང་ལྡན་པའི་དགོས་པ་ཡོད་ན་ལྷུང་བཟེད་བརྒྱ་བླངས་ཀྱང་ཉེས་པ་མེད་དོ། །བསོད་སྙོམས་ཡོངས་སུ་མ་སྤགས་པར་སྟོབ་པ་ཐམས་ཅད་བྱེད་པ་པོ་ཡིན་ན་ཅི་བདེར་མ་བྱས་པའོ་སྟེ། ཅི་ཙམ་འདོད་པ་ཁྱེར་ཅིག་མ་བྱས་པའོ་ཞེས་བི་མ་ལས་སོ། །རབ་ཏུ་བྱུང་བས་སྟོབ་པ་ལས་ཀྱང་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། སྦྱིན་པ་པོ་ཁྱིམ་པའ་ིའོ། །བསོད་སྙོམས་ཅི་ཙམ་ཞིག་ལྟུང་བའི་བྱེད་པ་པོ་ཡིན་ཅེ་ན། བླང་དུ་གནང་བའི་བྲེའུ་ཆུང་དག་གི་གངས་ཀྱི་ཚད་དང་། ཚད་དེ་ལས་ལྷག་ན་ལྟུང་བ་བསྐྱེད་པའི་བྲེའུ་ཆུང་དག་གི་གྲངས་ཀྱི་ཚད་ནི་འབྲས་ཐུག་པོ་ཆེ་ཡུལ་མཱ་ག་ངྷའི་བྲེའུ་ཆུང་ཕྱེད་དང་ལྔ་ཆན་དུ་བཙོས་པའི་དེ་ཙམ་ཞིག་བླང་དུ་གནང་ངོ་། །ཚོད་མ་མ་གཏོགས་པ་དེ་ལས་ལྷག་པ་བླངས་ཏེ་ཟོས་ན་ལྟུང་བྱེད་དོ་ཞེས་སྟོན་པ་ནི། ཚོད་མ་མ་གཏོགས་པ་ཞེས་པ་ནི་དེར་ཚོད་མ་བརྩི་བར་མི་བྱ་སྟེ། དེ་ལས་ལྷག་པའི་བསོད་སྙོམས་ནི་ལྟུང་བ་འདི་སྐྱེད་པའི་བྱེད་པ་པོ་སྟེ། གྲོགས་དགེ་སློང་མང་པོ་ཡོད་ན་དགེ་སློང་རེ་རེས་ཀྱང་ཚད་དེ་ཙམ་རེ་རེ་བླང་དུ་རུང་ངམ་ཞེ་ན། གྲོགས་ཀྱི་སྐལ་བ་དང་ཡང་(༧༣བ)


K8Z003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཡིན་ནོ། །གྲོགས་དགེ་སློང་མང་པོ་ཡོད་ཀྱང་ཚད་དེ་ཙམ་ཞིག་བླང་བར་བྱའི། དེ་ལས་ལྷག་པར་མི་བླང་ངོ་། །བྲེའུ་ཆུང་ཞེས་པ་འདིའི་གཞུང་ནི། སོ་སོར་ཐར་པའི་མདོ་ལས། འདོད་ན། དགེ་སློང་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ། །དེ་བས་ལྷག་པར་ལེན་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །ཞེས་སོ། །འདི་ལ་གང་བ་ནི་ལྷུང་བཟེད་རབ་ཚད་གང་དང་ཐ་ཚད་གང་བ་སྟེ་གཉིས་ཀ་ལ་འཇུག་པས་སྔ་མའི་དབང་དུ་བྱས་ཏེ་ལྷུང་བཟེད་རབ་ཚད་དོ་ནི་འབྲིང་ཚད་ཀྱི་གསུམ་དུ་འགྱུར་ལ། ལྷུང་བཟེད་ཐ་ཚད་ཀྱི་གསུམ་ནི་འབྲིང་ཚད་ཀྱི་དོར་འགྱུར་བས། དེའི་ཕྱིར་བུ་སྟོན་རིན་པོ་ཆེས་ལྷུང་བཟེད་འབྲིང་ཚད་གསུམ་ལས་ལྷག་ན་ལྟུང་བ་འདིར་འགྱུར་བར་འཆད་དོ། །གང་གིས་ལྟུང་བྱེད་དུ་འགྱུར་ཞེ་ན། ཟོས་པ་ནའོ། །ཟོས་སོ་ཅོག་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། མནོས་པ་སྟེ་གནས་དེ་ནས་བླངས་ཏེ་གནས་དེ་ནས་གུད་དུ་ཁྱེར་བའོ། །ལྷག་པར་མནོས་པ་དེ་ལ་ནི་ཉེས་བྱས་ཀྱིའོ། །སོ་ཐར་འགྲེལ་པ་ལས། བླངས་ནས་ཁྱེར་ཏེ་འགྲོ་བའི་ཚེ་ཡང་ཉེས་བྱས་སོ་ཞེས་སོ། །གཞན་གྱིས་ལེན་དུ་བཅུག་སྟེ་གཞན་གྱིས་མནོས་པ་ཡང་ཉེས་བྱས་ཀྱིའོ། །གཉིས་པ་ནི། མནོས་པའོ་ཞེས་པའི་སེལ་བ་ནི་མནོས་ཏེ་ཁྱེར་བ་ལས་གཞན་གནས་དེ་ཉིད་དུ་འདུག་སྟེ་ཟ་བ་ལ་ནི་ལྟུང་བ་མེད་དོ། །ལྷུང་བཟེད་དོ་གསུམ་ལས་ལྷག་པ་ཟོས་ཀྱང་ལྟུང་བ་མེད་པ་སྟེ། དགེ་སློང་གཅིག་གིས་སམ་དུ་མས་ཟོས་ཀྱང་རུང་ངོ་། །འབྲས་ལ་སོགས་པ་རྡོ་འཐག་གིས་བྲས་སུ་མ་བྱས་པ་མནོས་ཏེ་ཟ་བ་ལ་ཡང་ལྟུང་བ་མེད་དོ། །ཊཱི་ཀར། སྐབས་འདིའི་ཉེས་པ་མེད་པ་ལ་དགོངས་པ་ཡིན་གྱི། འབྲུ་ཙམ་ལེན་པའི་ཉེས་པ་གཞན་ནི་ཡོད་དོ། །ཞེས་སོ། །གསུམ་པ་ནི། བླང་བར་བྱ་བའི་བསོད་སྙོམས་དེ་གལ་ཏེ་དགེ་སློང་གཅིག་གིས་ལྷུང་(༧༤ན)


K8Z003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་གང་བ་གཉིས་སམ་གསུམ་བླངས་པ་ལ་སོགས་པ་རང་བཟའ་བ་ལས་ལྷག་ཅིང་མང་བ་ཉིད་ན་གདོན་མི་ཟ་བར་དགེ་སློང་དག་ལ་བགོ་བཤའ་བྱའོ། །ལྷུང་བཟེད་དོ་་གསུམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་དོ། །བཞི་པ་སྤངས་པ་ཟ་བའི་ལ། བསླབ་པར་བྱ་བ་སྤྱིར་ཡང་བརྗོད། །བརྩམས་ལྡང་བསླབ་བྱ་རྒྱས་པར་བསྟན། །སྤང་དང་ལྷག་པོར་བྱེ་བྲག་བཤད། །ལྟུང་བའི་དངོས་གཞི་བསྟན་པའོ། །དང་པོ་ནི། ཇི་ཙམ་གྱིས་ཆོག་པ་སྟེ་བཀྲེས་པ་སེལ་བར་བཟའ་བར་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དགག་བྱ་ནི་སྤངས་ཟའི་རྒྱུར་འགྱུར་བ་དགག་པའི་བསླབ་བྱའོ། །བརྩམས་ལྡང་གཉིས་པའི་ངོ་ཏི་ནི་བཅས་ལྡན་དགེ་སློང་གི་སྨན་གཞི་ལས་གང་ཡང་རུང་བ་གནས་དེ་ཉིད་དུ་བཟའ་བའི་བྱིན་ལེན་བྱས་ནས་ཟོས་མ་ཟིན་པའི་བར་སྐབས་སུ་ལངས་པ་ལས་གྱུར་པའི་ཉེས་བྱས་སོ། །འདི་ལ་ཡན་ལག་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་བཟང་བར་རྩོམ་པའི་དངོས་པོ་དང་། གང་གི་ཚེ་ལྡང་བའི་དུས་དང་། གང་གིས་ལྡང་བའི་རྟེན་ནོ། །དང་པོ་ནི། སྨན་གཞི་ལས། གང་ཡང་རུང་བ་ཡིན་པ་དང་། གནས་དེ་ཉིད་དུ་བཟའ་བའི་བྱིན་ལེན་བྱས་པ་ཡན་ལག་ཏུ་དགོས་ཏེ། ཊཱི་ཀ་ལས། གཞན་དུ་བཙལ་བར་བྱ་བ་གང་ཡིན་པ་དེ་ནི་བྱིན་ལེན་བྱེད་པས་ཡིན་གྱི། ཟས་ཙམ་པ་ཉིད་ནི་མ་ཡིན་ནོ། །ཞེས་གསུངས་སོ། །རུང་བ་དང་། ཚད་དང་ལྡན་པ་སྟེ་བཞིའོ། །གཉིས་པ་གང་གི་ཚེ་ལྡང་བའི་དུས་ནི། གནས་དེ་ཉིད་དུ་བཟའ་བའི་བྱིན་ལེན་བྱས་ཟིན་པ་དང་། ཆོག་པར་ཟོས་མ་ཟིན་པའི་སྐབས་ཡིན་པ་དང་། མུ་གེའི་དུས་མ་ཡིན་པའོ། །གསུམ་པ་གང་གིས་ལྡང་བའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་དང་། ཆོག་པར་མ་ཟོས་པ་སྟེ། ནད་པ་ནི་ལུས་སྲོག་གི་རྐྱེན་དང་ལྡན་ཅིང་ཆོག་(༧༤བ)


K8Z003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཟོས་ན་བར་སྐབས་སུ་ལྡང་བའི་ཐ་སྙད་མེད་པའི་ཕྱིར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་ལྡང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ལྡང་བར་བྱེད་པ་སྟེ། མཐར་ཐུག་ནི་ལངས་པ་རྫོགས་པའོ། །འདིར་འབེར་སྤོས་ནག་པ་ན་རེ། བྱིན་ལེན་བཤིགས་པས་བརྩམས་ལྡང་གི་ཉེས་བྱས་སུ་འབྱུང་བ་ཁེགས་ཏེ། བརྩམས་ལྡང་གི་རྒྱུ་བཤིགས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་བརྟགས་ཏེ། ཟས་བརྩམས་པར་འགྱུར་བའི་རྒྱུ་བཤིགས་པའི་ཕྱིར་ཞེས་ཟེར་རམ། བརྩམས་ལྡང་གི་ཉེས་པ་བསྐྱེད་པའི་རྒྱུ་བཤིག་པའི་ཕྱིར་ཞེས་ཟེར། དང་པོ་ལྟར་ན་ཁྱབ་པ་མ་གྲུབ་ཅིང་། གཉིས་པ་ལྟར་ན་རྟགས་མ་གྲུབ་སྟེ། དེ་ཉིད་དུ་ཟ་བའི་དམ་བཅའ་རལ་བའི་སྒོ་ནས་བརྩམས་ལྡང་གི་ཉེས་པར་འགྱུར་བའོ། །གཉིས་པ་ནི། དགེ་སློང་ཟས་ཟ་བར་བརྩམས་པས་ཆོག་པར་མ་ཟོས་པའི་དེ་སྲིད་དུ་ལྡང་བར་མི་བྱའོ། །འོ་ན་ཟས་བརྩམས་པའི་ཚད་ནི་གང་ཞེ་ན། ཐ་ན་འཚོ་བའི་བར་དུ་བཅང་བའི་སྨན་ལན་ཚྭ་ཡན་ཆད་བཟའ་བར་བྱ་བ་དང་། བཅའ་བར་བྱ་བ་སྨན་བཞི་པོ་གང་ཡང་རུང་བ་ཅུང་ཟད་གཅིག་གནས་དེ་ཉིད་དུ་ཟ་བའི་ཕྱིར་བྱིན་ལེན་བླངས་ན་ཟས་རྩོམ་པ་ཞེས་བྱ་བ་རྣམ་པ་དེ་ཉིད་ཡིན་ནོ། །གསུམ་པ་ལ། སྤངས་པ་བྱེ་བྲག་ཉིད་དུ་བསྟན། །ལྷག་པོར་བྱེ་བྲག་ཉིད་དུ་བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། ཟས་སྤངས་པ་རྫོགས་པར་བྱེད་པའི་གཞིའི་ཡན་ལག་ལ་ལྔ་སྟེ། གང་སྤང་པའི་དངོས་པོ་དང་། གང་ལ་སྤང་བའི་ཡུལ་དང་། གང་དུ་སྤངས་པའི་གནས་དང་། གང་གི་ཚེ་སྤང་བའི་དུས་དང་། གང་གི་སྤང་བའི་རྟེན་ནོ། །དང་པོ་ལ་གསུམ་ལས། དུས་སུ་རུང་བའི་བཟའ་བ་དང་བཅའ་བ་ཡིན་པ་སྟེ། དུས་སུ་རུང་བའི་སྐྱོ་མ་དང་ཐུག་པ་དག་ནི་སྤང་བར་མི་འགྱུར་བས་སོ། །རུང་བ་ཚད་དང་ལྡན་པ་སྟེ། ལུང་(༧༥ན)


K8Z003_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འབྱེད་ལས། མི་རུང་བ་ཉིད་ནི་སྤངས་པར་མི་འགྱུར་རོ་ཞེས་གསུངས་པ་དང་། ཚད་དང་མི་ལྡན་པ་སྟེ་ཟས་ཁམ་དུ་མ་ལོངས་པའི་བྲལ་བྲུལ་དག་ལ་ནི་སྤང་བའི་ཐ་སྙད་མི་རྫོགས་པའི་ཕྱིར། གཉིས་པ་གང་ལ་སྤང་བའི་ཡུལ་ལ་དྲུག་ལས། བསླབ་པ་ལྟ་བ་མཚན་གྱི་སྒོ་ནས་བྱིན་ལེན་སྟོབ་པར་འོས་པ་སྟེ། བྱིན་ལེན་སྟོབ་པ་འཐོབ་པའི་ཕྱོགས་ན་འགྲེང་བ་ཞེས་གསུངས་པས་སོ། །བསམ་པ་ཐག་པ་ནས་འདྲེན་པར་འདོད་པ་སྟེ། ཐོ་འཚམས་པ་ནི་བྱིན་ལེན་སྟོབ་པ་ཉིད་མ་ཡིན་ནོ་ཞེས་གསུངས་སོ། །ཟས་དེ་གྱེན་དུ་འདེགས་པར་ནུས་པ་སྟེ། མི་ནུས་ན་བྱིན་ལེན་སྟོབ་པ་པོ་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །ཟས་དང་བཅས་པ་སྟེ། ལུང་རྣམ་འབྱེད་ལས། ཟས་ཡོད་པ་དང་ཞེས་གསུངས་ལ། ལུང་དེའི་འགྲེལ་པ་ལས། ཟས་མེད་ན་དོན་མེད་པས་སྤངས་ཀྱང་མ་སྤངས་པ་ཉིད་ཡིན་ནོ་ཞེས་སོ། །ལུས་ཐ་མལ་པར་གནས་པ་དང་། ཐ་སྙད་ལྔ་ལྡན་གྱི་གནད་ཀྱིས་སྦྱར་ཞེས་སྔ་མ་རྣམས་འཆད་དོ། །འོན་ཀྱང་མ་ནིང་དང་། མཚན་གཉིས་ཅན་མ་ཡིན་པ་ནི་འདིར་ཁས་མི་བླངས་ཏེ། ལུང་རྣམ་འབྱེད་ལས། ཟས་སྟོབ་པ་པོ་ཡོད་པ་ནི་སྐྱེས་པའམ་བུད་མེད་དམ་མ་ནིང་ཡོད་པའོ་ཞེས་གསུངས་སོ། །དེས་ན་འདིར་ཐ་སྙད་བཞི་ལྡན་ཅེས་རིགས་སོ། །གསུམ་པ་གང་དུ་སྤངས་པའི་གནས་ནི། མངོན་སུམ་ཡིན་པ་དང་། མཚམས་ཀྱི་ནང་ཡིན་པ་དང་། འཐོབ་པའི་ཕྱོགས་ན་གནས་པ་སྟེ་བྱིན་ལེན་ལ་བཤད་པས་གྲུབ་ཅིང་། གཞན་དུ་ན་སྤངས་པར་མི་འགྱུར་བའི་ཕྱིར་རོ། །བཞི་པ་གང་གི་ཚེ་སྤང་བའི་དུས་ནི། སྔ་དྲོ་ཡིན་པ་དང་། ཆོག་པར་ཟོས་པའི་དུས་ཡིན་པ་དང་། མུ་གེའི་དུས་མ་ཡིན་པ་སྟེ། ཕྱི་དྲོ་ལ་སོགས་པ་ཡིན་ན་དུས་སུ་རུང་བའི་ཟས་སྟོབ་པ་འབྱུང་རིང་བའི་ཕྱིར་དང་། ཆོག་པར་མ་ཟོས་ན་ཟས་སྤོང་བར་མི་འགྱུར་བའི་ཕྱིར་དང་། མུ་གེའི་ཚེ་ན་སྨན་གྱི་(༧༥བ)


K8Z003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལས། སྤངས་ཟའི་ཉེས་པ་མི་འབྱུང་བར་གསུངས་པས་ཤེས་སོ། །ལྔ་པ་གང་གིས་སྤང་བའི་རྟེན་ནི། ཆོག་པར་ཟོས་པ་དང་། མི་ཟ་བར་བརྟག་པ་བྱས་པའོ། །བསམ་པའི་ཡན་ལག་ལ། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་བསམ་པ་ཐག་པ་ནས་གནས་སྐབས་དེར་ཟས་སྤོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཚིག་ལྷག་མ་མེད་པར་སྤང་བར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་ཞིང་རང་གིས་ཟ་བའི་གནས་བཏང་བ་སྟེ། སྤངས་པ་ནི་གནས་བཏང་བའོ་ཞེས་གསུངས་ལ། རྣམ་འབྱེད་འགྲེལ་པ་ལས། གནས་བཏང་བ་མེད་ན་སྤང་བར་མི་འགྱུར་བས་མ་སྤངས་པ་ཡིན་ནོ་ཞེས་སོ། །ཚིག་གིས་སྤོང་བར་མ་བྱས་པ་དང་། གནས་བཏང་བ་མེད་པར་མི་ཟ་བར་བརྟགས་པར་བྱས་པས་ཟ་ན་ནི་སྤངས་པ་མ་རྫོགས་པའི་ཕྱིར་ན་སྤངས་ཟའི་ལྟུང་བྱེད་དུ་མི་འགྱུར་ཡང་ཉེས་བྱས་སུ་འགྱུར་ཏེ། རྣམ་འབྱེད་འགྲེལ་པ་ལས། བཟའ་བར་མི་བྱ་བ་ནི་ཡིད་ཀྱིས་སྤངས་པའི་ཕྱིར་ཉེས་བྱས་སུ་གྱུར་ན་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །གཉིས་པ་ནི། མི་ཟ་བར་བརྟག་པ་བྱས་ཙམ་གྱིས་སྤང་བར་འགྱུར་རམ་སྙམ་ན་མ་ཡིན་ཏེ། སྤངས་པ་ནི་དགེ་སློང་ཟས་ཟ་ཞིང་འདུག་པའི་གནས་བཏང་བའོ། །ཊཱི་ཀ་ལས། ཟས་ཟོས་ཟིན་ནས་ད་མི་ཟའོ་ཞེས་སྤངས་ཏེ་སྟན་ལས་ལངས་པ་སྟེ་ཞེས་སོ། །ལུང་རྣམ་འབྱེད་ལས་ཀྱང་། སྟན་གང་ལ་འདུག་པ་དེ་ལས་ལངས་པའོ་ཞེས་གསུངས་སོ། །འདུག་པའིའོ་ཞེས་པ་ནི་འདུག་པའི་གནས་བཏང་བ་སྟེ། དགེ་སློང་ཟས་ཟ་ཞིང་འདུག་པའི་གནས་དེའི་ཉེ་འཁོར་འདོམ་གང་འདས་པའོ་ཞེས་གསུངས་སོ། །གང་གི་ཆེད་དུ་འདུག་པའི་གནས་བཏང་བ་ཞེ་ན། རྩ་བ་ལ་སོགས་ཀྱི་སྡོང་བུ་འདབ་མ་མེ་ཏོག་འབྲས་བུ་བཅའ་བར་བྱ་བ་དག་བསྡུས་པ་ལ་བཅའ་བར་བྱ་བ་ལྔ་པོ་དེ་དག་ལ་སོགས་ཀྱིས་བཟའ་བ་ལྔ་བསྡུས་པའི་ཟས་(༧༦ན)


K8Z003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ་འདུག་པའི་གནས་བཏང་ནའོ། །བཅའ་བ་སྤངས་པས་བཟའ་བ་སྤང་བར་མི་འགྱུར་ཡང་བཅའ་བ་སྤངས་པས་བཅའ་བ་ཉིད་སྤངས་པར་འགྱུར་བས་བཅའ་བ་ལྔ་ཡང་འདིར་སྨོས་པའོ། །དགེ་སློང་གིས་འདུག་པའི་གནས་བཏང་བ་དེ་ཙམ་གྱིས་སྤངས་པར་འགྱུར་རམ་ཞེ་ན། རྩ་བ་ལ་སོགས་པ་བཅའ་བ་ལྔ་པོ་སྤངས་པས་ནི་བཟའ་བ་སྤངས་པར་མི་འགྱུར་བས། རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་ནི་བཅའ་བར་བྱ་བ་ལྔ་པོ་དག་དང་སྟེ་དེ་ལས་གཞན་པ་བཟའ་བར་བྱ་བ་སྤང་བར་བྱས་ན་ཞེས་སྦྱར་རོ། །ཐུག་པ་སྤངས་པས་ནི་བཟའ་བ་སྤང་བར་མི་འགྱུར་བས་ཐུག་པ་ལས་གཞན་པ་བཟའ་བར་བྱ་བའི་ཁྱད་པར་ཅི་ལྟ་བུ་སྤངས་ན་སྤངས་པར་འགྱུར་ཞེ་ན། རུང་བ་དང་མི་རུང་བ་དག་མ་འདྲེས་པའི་དངོས་པོའི་ཟས་འབྲིམ་པ་པོ་གང་ལ་ཟས་སྤངས་ན་སྤང་བར་འགྱུར་ཞེ་ན། བྱིན་ལེན་སྟོབ་པ་འཐོབ་པའི་ཕྱོགས་མངོན་སུམ་ན་འགྲེང་བ་ལ་སྤང་བར་བྱས་ན་འདུས་པའི་གནས་བཏང་བའོ་ཞེས་གོང་དུ་སྦྱར་རོ། །འདིར་འབལ་ན་རེ། བྱིན་ལེན་ཐོབ་པ་ལ་བྱིན་ལེན་སྟོབ་པ་པོ་འགྲེང་བ་ཡན་ལག་ཏུ་དགོས་ཏེ། ཊཱི་ཀ་ལས། བྱིན་ལེན་སྟོབ་པ་འབྲིམ་མཁན་གྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཐོབ་པའི་ཕྱོགས་ན་འགྲེང་བ་ཞེས་བཤད་ཅིང་། རེག་པས་ཀྱང་འགྲེང་བ་ནི་གུས་པའི་སྤྱོད་ལམ་ཡིན་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི་འདྲེན་པ་པོ་འདུག་སྟེ། འདྲེན་པ་ལས་མི་ཐོབ་ན། མེ་ཏོག་ཕྲེང་རྒྱུད་ལས། འདྲེན་པ་ཉེ་བར་གནས་པ་དང་། །མདུན་ན་འདུག་དང་ཆོ་ག་ཤེས། །ཞེས་པ་དང་འགལ་ལོ། །འགྲེལ་ཆུང་གི་མདོ་རྩ་བ་ལས། བྱིན་ལེན་སྟོབ་པ་འཐོབ་པའི་ཕྱོགས་ན་གནས་པ་ལ་སྤང་བར་བྱས་ནས་སོ་ཞེས་འདུག་པ་ལ་སྤང་བར་བྱས་ནས་སྤངས་པར་(༧༦བ)


K8Z003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བར་གསུངས་པས། འདུག་པ་ལས་བྱིན་ལེན་ཐོབ་པར་ཤེས་སོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། འགྲེང་བ་སྤང་བར་བྱས་ནས་སོ་ཞེས་པ་འདི་ནི་ཟས་སྤང་བའི་ཡུལ་བསྟན་པ་སྟེ། དེ་ཡང་འགྲེང་བ་མཚོན་པ་ཙམ་སྟེ་འདུག་པ་ལ་སྤངས་ན་ཡང་སྤངས་པར་འགྱུར་ཏེ། འགྲེལ་ཆུང་ལས། གནས་པ་ལ་སྤང་བར་བྱས་ན་ཞེས་བཤད་དོ། །འགྲེང་བ་ནི་གུས་པའི་སྤྱོད་ལམ་ཡིན་པའི་ཕྱིར་ཞེས་སྒྲུབ་བྱེད་དུ་བཀོད་པ་དེ་ལྟར་ན་ཕྱག་འཚལ་ཞིང་འདྲེན་པ་དེ་ཡང་གུས་པའི་སྤྱོད་ལམ་ཡིན་པའི་ཕྱིར། བྱིན་ལེན་ཐོབ་པའི་ཡན་ལག་ཏུ་དགོས་པར་ཐལ་བར་འགྱུར་རོ། །དེས་ན་འདྲེན་པའི་སྤྱོད་ལམ་བཞི་པོ་གང་གིས་དྲངས་ཀྱང་བྱིན་ལེན་ཐོབ་བོ། །གསོལ་ཅིག་ཅེས་བྱ་བ་ཡང་ཟས་སྤངས་པ་དེ་ཡིན་ནོ། །ཊཱི་ཀ་ལས། གསོལ་ཅིག་ཅེས་བྱ་བའི་སྒྲ་འདི་ནི་ཁ་ཅིག་ཏུ་གཞན་གྱི་ཡུལ་ལ་བྱ་བའི་ཚུལ་གྱིས་འཇུག་པ་ཡང་ཡིན་པས། འདི་ནི་གཞན་དག་ལ་བྱིན་ཅིག་ཅེས་བྱ་བར་སྟོན་ཏོ། །ཞེས་པ་ནི་གསོལ་ཅིག་ཅེས་བྱ་བ་འདི་སྐབས་ཁ་ཅིག་ཏུ་དགེ་སློང་གཞན་ལ་ཟས་འདྲེན་དུ་འཇུག་པ་ལ་གོ་བས་གཞན་ལ་བྱིན་ཅིག་པར་སྟོན་ཏོ། །ཞེས་པའོ། །ཊཱི་ཀ་ལས། གལ་ཏེ་རང་ཉིད་མི་ལེན་ན་འོ་ན་རང་གི་ཡུལ་ལ་བཀག་པའི་འབྲས་བུར་མི་འགྱུར་རམ། ཞེས་པ་ནི་རང་དང་ཆོ་ག་གཅིག་པའི་ཕྱིར་དགེ་སློང་གཞན་ལ་སྤངས་ན། སྤངས་པ་ལ་སྟོབ་པའི་ཉེས་པར་མི་འགྱུར་རམ་ཞེས་པའོ། །དེའི་ལན་ནི། ཊཱི་ཀ་ལས། འགྲིམ་པ་གང་ཡིན་པ་དེ་ཉི་ཚེ་རང་གི་ཡུལ་ལས་ཕྱིར་བཀག་པར་ཟད་ཀྱི། ཟན་ཐམས་ཅད་བཀག་པ་ནི་མ་ཡིན་ནོ། །ཞེས་པ་རང་འབའ་ཞིག་གིས་སྤངས་པར་ཟད་ཀྱི། དགེ་སློང་ཐམས་ཅད་ཀྱིས་སྤངས་པ་ནི་མ་ཡིན་ནོ། །ཞེས་པའི་དོན་ཏོ། །ཕྱག་ཚང་བ་ཟས་འབྲིམ་མཁན་ལ་སོང་ཞིག་ཅེས་བྱ་བ་སྨྲས་པ་ཡང་སྤང་བ་ཡིན་ནོ། །ཟོས་ཟིན་པའི་དོན་ཏེ། འཚལ་ལགས་སོ་ཞེས་བྱ་བ་སྨྲས་པས་ཀྱང་སྤངས་པ་(༧༧ན)


K8Z003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །རེ་ཞིག་གསོལ་ཅིག །རེ་ཞིག་སོང་ཞིག །རེ་ཞིག་འཚལ་ལགས་སོ་ཞེས། རེ་ཞིག་ཅེས་བྱ་བའི་སྒྲ་ཉེ་བར་སྦྱར་ན་ནི་སྤངས་པ་མ་ཡིན་ནོ། །ཆོག་གོ་ཞེས་བྱ་བ་ཡང་རེ་ཞིག་ཅེས་བྱ་བའི་སྒྲ་ཉེ་བར་སྦྱར་ན་ནི་སྤངས་པ་མ་ཡིན་ནོ། །ཐུག་པ་ལས་གཞན་པ་ཞེས་སྔར་སྨོས་པས་དེའི་ཚད་ནི་གང་ཞེ་ན། ཐུག་པའི་ནང་དུ་ཁ་གཟར་གྱེན་དུ་འགྲེང་དུ་མ་བཏུབ་པ་དག་གི་ཐུག་པ་དག་ནི་ཐུག་པ་ཉིད་དོ། །སྐྱོ་མའི་སྟེང་དུ་སོར་མོ་ལྔ་མི་མངོན་པ་ནི་སྐྱོ་མའི་ཐུག་པའོ། །དགེ་སློང་ལ་ཐོ་འཚམས་པའི་བསམ་པས་ཟས་མེད་པར་བྱིན་ལེན་སྟོབ་པ་ལྟར་བྱེད་ལ། དགེ་སློང་གིས་ཀྱང་དེ་ལྟར་ཤེས་ནས། ཁོ་བོ་ལ་འདི་མི་དགོས་ཀྱི། སོང་ཞིག་ཅེས་སྨྲས་པས་ནི་ཟས་སྤངས་བར་མི་འགྱུར་ཏེ་ཟས་སྤངས་པའི་ཡུལ་དེ་བྱིན་ལེན་སྟོབ་པ་ཉིད་མ་ཡིན་ནོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། ལྷག་པོར་བྱ་བའི་དངོས་ཀྱི་དགོས་པ་ནི། སྤངས་ཟའི་ཉེས་པ་མི་འབྱུང་བ་སྟེ། བརྒྱུད་པའི་དགོས་པ་ནི་བཅས་པའི་ས་མཚམས་ཟིན་པའོ། །བསྡུས་པའི་དོན་ལ་བརྒྱད་ལས། དང་པོ་ལྷག་པོར་བྱེད་པར་ཞུ་བ་པོ་གང་གིས་ཞུ་བ་ནི། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། གནས་ནས་མ་ཕྱུང་བ་སྟེ་ཆོ་ག་རྣམ་བཞག་གི་ཐུན་མོང་བ་བཞིའི་སྟེང་དུ་སྤངས་པ་ཡིན་པ་དང་གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། ཐ་མ་གཉིས་ལས་གཞན་དུ་ན་སྤང་ཟའི་ལྟུང་བ་འགེགས་པའི་དགོས་པ་མེད་པའི་ཕྱིར་རོ། །གཉིས་པ་ལྷག་པོར་བྱེད་པ་པོ་གང་གིས་བྱ་བ་ནི། ཐུན་མོང་བ་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་མཚམས་ཀྱི་ནང་ན་གནས་པ་དང་། ཟ་བའི་གནས་མ་བཏང་བས་བྱ་སྟེ། མཚམས་ཀྱི་ཕྱི་རོལ་དང་ཞེས་པ་དང་། གནས་མ་བཏང་བས་བྱ་བ་ཉིད་དོ་ཞེས་གསུངས་ཤིང་། (༧༧བ)


K8Z003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་གསོལ་བ་འདེབས་པོའི་དགེ་སློང་ཡིན་པ་སྟེ། གསོལ་བས་བྱ་བ་ཉིད་ཡིན་ནོ་ཞེས་གསུངས་པས་སོ། །གསུམ་པ་དངོས་པོ་གང་ལ་ལྷག་པོར་བྱ་བ་ནི། དངོས་པོ་ཆོས་དྲུག་ལྡན་ཏེ་སྔར་སྤངས་པའི་སྐབས་སུ་ཇི་སྐད་བཤད་པའི་དངོས་པོ་དུས་རུང་གི་བཟའ་བཅའ་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་སྟེ་ཆོས་གསུམ་ལྡན་གྱི་སྟེང་དུ་ཟས་སྤོང་བའི་དགེ་སློང་རང་ངམ་རང་དང་ཆོག་གཅིག་པ་དབང་བ་མིན་པ་སྟེ། ཟས་སྤངས་པའི་དགེ་སློང་དེ་ཟས་མི་དབང་ཡང་རང་དང་འདྲ་བའི་དགེ་སློང་གཞན་གྱི་ཟས་ལ་ཡང་ལྷག་པོར་བྱ་རུང་སྟེ། སྤངས་པ་ལ་སྟོབ་པའི་གླེང་གཞིས་ཤེས་སོ། །བྱིན་ལེན་བྱས་པ་དང་འབྲེལ་བ་དང་། སྔར་ལྷག་པོར་བྱས་པ་དང་མ་འབྲེལ་བ་སྟེ། གཞན་དུ་ན་ལྷག་པོར་གྱི་ཆོ་ག་མི་འཆགས་པའི་ཕྱིར་དང་། ལྷག་པོར་འཆགས་པའི་རྟེན་མེད་པའི་ཕྱིར་དང་། ལྷག་པོར་གྱི་ཆོ་ག་དོན་མེད་པའི་ཕྱིར་ཏེ་གོ་རིམ་བཞིན་ནོ། །བཞི་པ་གནས་གང་དུ་ལྷག་པོར་བྱ་བ་ནི། མངོན་སུམ་ཡིན་པ་དང་། མཚམས་ཀྱི་ནང་ཡིན་པ་དང་། འཐོབ་པའི་ཕྱོགས་ན་གནས་པ་སྟེ། གནས་ཆོས་གསུམ་ལྡན་ཏེ་སྔར་སྤངས་པའི་སྐབས་སུ་བཤད་པ་བཞིན་ནོ། །ལྔ་པ་དུས་གང་གི་ཚེ་ལྷག་པོར་བྱ་བ་ནི། སྔ་དྲོ་ཡིན་པ་དང་། སྤང་བའི་དུས་ཡིན་པ་དང་། མུ་གེའི་དུས་མ་ཡིན་པ་སྟེ། ཕྱི་དྲོ་ལ་སོགས་པའི་དུས་སུ་རུང་བ་ལོངས་སྤྱོད་པ་བཀག་པའི་ཕྱིར་རོ། །མ་སྤངས་པའི་དུས་དང་། མུ་གེའི་དུས་ཡིན་ན་སྤངས་ཟ་གནང་བས་ལྷག་པོར་བྱ་མི་དགོས་པའི་ཕྱིར་རོ། །དྲུག་པ་ཚུལ་ཇི་ལྟར་ལྷག་པོར་བྱ་བ་ནི། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི་ལག་པ་བཀྲུས་ཏེ་བྱིན་ལེན་བྱས་ནས་ལྷག་པོར་བྱེད་པར་ཞུ་བའི་སྔགས་ལན་གཅིག་བརྗོད་པ་དང་། ལྷག་པོར་བྱེད་པ་པོ་དེས་ཁམ་གཉིས་སམ་གསུམ་ཟ་བ་དང་། ལུང་རྣམ་འབྱེད་ལས། ཁམ་གཉིས་སམ་གསུམ་ཟོས་ནས་ལྷག་པོར་བྱའོ་ཞེས་(༧༨ན)


K8Z003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ལྷག་པོར་བྱ་བའི་དངོས་གཞི་ནི། ཊཱི་ཀ་ལས། ལྷག་པོར་བྱེད་པས་ལྷག་པོར་ཇི་ལྟར་ཞེ་ན། ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བྱ་བའི་ཚིག་གིས་བྱའོ། །ཞེས་སོ། །རྗེས་ཀྱི་བྱ་བ་ནི། ཟས་དེ་ལྷག་པོར་བྱེད་པ་པོས་ཞུ་བ་པོ་ལ་གཏད་ཅིང་ཞུ་བ་པོས་བླང་བའོ། །བདུན་པ་ལྷག་པོར་གྱི་སྒྲ་བཤད་པ་ནི། ཟོས་པའི་ལྷག་མར་བྱས་ཤིང་བོར་བས་ན་ལྷག་པོར་ཞེས་བྱ་སྟེ། ཊཱི་ཀ་ལས། ལྷག་པོར་ཅེས་བྱ་བ་ནི་ལྷག་མར་བྱས་ཤིང་བོར་བ། ཞེས་བཤད་དོ། །བརྒྱད་པ་ལྷག་པོར་བྱས་པ་འཇིག་པའི་རྒྱུ་ནི། བྱིན་ལེན་འཇིག་པའི་རྒྱུ་ཀུན་གྱི་ལྷག་པོར་འཇིག་སྟེ་ལྷག་པོར་འཆགས་པའི་རྟེན་ཞིག་པའི་ཕྱིར་རོ། །གནས་སྐབས་བསྐ་བ་ལས་སླ་བར་གྱུར་ཀྱང་འཇིག་སྟེ། སྤངས་ཟ་དགག་དགོས་པའི་གནས་སྐབས་མ་ཡིན་པར་གྱུར་པའི་ཕྱིར་རོ། །འདིར་མཚོ་སྣ་པ་ཆེན་པོའི་ཞལ་ནས། ལྷག་པོར་བྱེད་པ་ཞུ་བའི་ཆོ་ག་ལ། །དངོས་གཞིའི་ཆོ་ག་ཡིན་ཅེས་འཁྲུལ་པ་མེད། །ལྷག་པོར་བྱེད་པའི་དངོས་གཞིའི་ཆོ་ག་ལ། །མཇུག་གི་ཆོ་གར་འཁྲུལ་པ་ཤིན་ཏུ་མང་། །ཞུ་བ་པོ་ལ་བྱེད་པ་པོར་འཁྲུལ་ཞིང་། །བྱེད་པ་པོ་ལ་ཡུལ་དུ་འཁྲུལ་པ་མང་། །འཁྲུལ་པ་བཞི་པོ་དེ་དག་བསལ་བྱས་ནས། །ལུང་དང་བསྟན་བཅོས་རྣམས་ལ་གཏུགས་པར་བྱོས། །ཞེས་གདམས་སོ། །གཉིས་པ་ནི། ལྷག་པོར་མ་བྱས་པ་ཉིད་ཅེས་འོག་ཏུ་འབྱུང་བས་ལྷག་པོར་གྱི་སྐབས་བསྟན་པར་བྱ་སྟེ། ལྷག་པོར་བྱེད་པའི་གསོལ་བ་འདེབས་པ་པོ་དང་། ལྷག་པོར་བྱེད་པོའི་དགེ་སློང་དེ་གཉིས་ཀྱི་བར་དུ་ཆུ་ལ་སོགས་པས་ཆོད་པ་མཚམས་ཀྱི་ཕྱི་རོལ་དང་སྟེ། ཊཱི་ཀར། ནམ་མཁའ་ལ་ཡང་མི་འབྱུང་ངོ་ཞེས་བྱ་བ་ནི་མཚམས་ཀྱི་ཕྱི་རོལ་ཞེས་བྱ་བ་འདིའི་ཁོང་དུ་གཏོགས་པ་ཉིད་ཡིན་ནོ་ཞེས་སོ། །མི་ཐོབ་པའི་ཕྱོགས་ནི་ཁྲུ་གང་བས་མཐོ་བ་ཡན་ཆད་ནི་འདུག་པ་དང་། མདུན་ན་མ་ཡིན་པ་ན་འདུག་པ་ལས་ལྷག་པོར་བྱ་བ་མི་(༧༨བ)


K8Z003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ངོ་། །ལྷག་པོར་བྱ་བའི་ཟས་ལག་ཏུ་མ་བླངས་པར་ཐུ་བ་དང་བྱུགས་རིས་སུ་བཞག་པ་ལ་ཡང་ལྷག་པོར་མི་འབྱུང་ངོ་། །སྒོག་པ་དང་། དགེ་སློང་གིས་བཙོས་པ་ལ་སོགས་པའི་ཟས་རུང་མ་ཡིན་པ་དང་། རུང་མིན་དེ་དང་འདྲེས་པ་ལ་ནི་ལྷག་པོར་མི་བྱ་བ་ཉིད་དོ། །འདི་ལ་གད་པ་ན་རེ། བྱས་ན་འཆགས་པ་ཉིད་ཡིན་ཏེ་མདོ་སྔ་མ་གཉིས་ལ་མི་འབྱུང་ཞེས་སྨོས་ནས། འདིར་མི་འབྱུང་ངོ་ཞེས་མ་སྨོས་པར་མི་བྱ་བ་ཉིད་དོ་ཞེས་བཤད་པས་ཤེས་ཞེས་ཟེར་རོ། །འོ་ན་མི་རུང་བ་ལོངས་སྤྱོད་པ་མ་བཀག་པར་ཐལ། ལྷག་པོར་ནི་ལོངས་སྤྱོད་པའི་དོན་དུ་ཡིན་ལ། མི་རུང་བ་ལ་ཡང་ལྷག་པོར་འཆགས་པའི་ཕྱིར། རྟགས་ཟུར་ཕྱི་མ་ཁས་བླངས་པས་སོ། །འོན་ཀྱང་ལག་ཉར་བླངས་པ་ལ་སོགས་པ་མི་རུང་བ་ལ་བྱིན་ལེན་ནི་འཆགས་ཏེ། བཟའ་བར་བྱ་བ་རུང་བ་མ་ཡིན་པ་ཉིན་མཚན་འདས་པར་ནི་ཟོས་པ་དང་འདྲའོ་ཞེས་གསུངས་པས། མི་རུང་བ་བྱིན་ལེན་བྱས་པས་གསོག་འཇོག་ཏུ་འཇོག་པའི་ཉེས་བྱས་བསྐྱེད་པར་གསུངས་པས་ཤེས་ལ། གོས་མི་རུང་བ་ལ་ཡང་རྐྱེན་དབང་གི་བྱིན་རླབས་འཆགས་པ་ཡོད་དོ། །ལྷག་པོར་དེ་ཡུལ་སུས་བྱ་ཞེ་ན། དགེ་སློང་ཟས་ཟ་བའི་གནས་མ་བཏང་བས་ལྷག་པོར་བྱ་བ་ཉིད་དོ། །ལུས་ཀྱི་སྒོ་ནས་ཟ་བའི་གནས་མ་བཏང་ན་བསམ་པའི་སྒོ་ནས་མི་ཟ་བར་བརྟག་པ་བྱས་པས་ཀྱང་ལྷག་པོར་བྱ་བ་ཉིད་དོ། །དེས་ན་མི་ཟ་བར་མ་བརྟགས་ན་ལྟ་ཅི་སྨོས་སོ། །ལྷག་པོར་བྱེད་པ་པོ་དགེ་སློང་གང་གིས་ལྷག་པོར་བྱ་ཞེ་ན། ལྷག་པོར་བགྱིས་ཏེ་སྩལ་དུ་གསོལ་ཞེས་ལྷག་པོར་བྱེད་པ་ཞུ་བའི་ཆོ་གས་དགེ་སློང་གང་ལ་གསོལ་བ་བཏབ་པའི་དགེ་སློང་དེས་ལྷག་པོར་བྱ་བ་ཉིད་ཡིན་ནོ། །ལྷག་པོར་བྱེད་པ་པོ་དེས་ལྷག་པོར་ཇི་ལྟར་བྱ་ཞེ་ན། ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བྱ་བའི་ཚིག་དག་གིས་བྱ་བའོ། །སློབ་དཔོན་ཁ་ཅིག་ནི་ཅི་བདེར་གསོལ་ཅིག་ཅེས་བརྗོད་པར་(༧༩ན)


K8Z003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་ཞེས་ཀྱང་ཟེར་ཏེ། འདིར་དོན་གཙོ་ཆེ་བ་ཡིན་གྱི་ཚིག་ནི་ངེས་པ་མེད་པས་ལྷག་པོར་བྱ་བའི་ཚིག་འདི་གཉིས་སམ་དེ་དང་མཐུན་པ་གཞན་གྱིས་ཀྱང་བྱར་རུང་ངོ་ཞེས་ཊཱི་ཀའི་དགོངས་པའོ། །ཚིག་ཙམ་ཁོ་ནས་ལྷག་པོར་བྱ་བ་ཟད་དམ་ཞེ་ན། ཁམ་གཉིས་སམ་གསུམ་ཟོས་ཏེ་ལྷག་མར་བྱས་ནས། དེའི་འོག་ཏུ་ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བརྗོད་པས་ལྷག་པོར་བྱའོ། །ཁམ་གཉིས་གསུམ་ཟ་བ་དེ་ངེས་པར་བྱའམ་ཞེ་ན། བྱ་བ་བཏང་བ་ནི་ཟས་ཀྱི་བྱ་བ་སྤངས་པ་དེ་མི་ཟ་བར་བརྟགས་པ་བྱས་པས་ནི་བཟའ་བར་མི་བྱའོ། །དེ་ཡང་ཡིད་ཀྱིས་སྤངས་པའི་ཕྱིར་ཉེས་བྱས་སུ་གྱུར་ན་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་རྣམ་འབྱེད་འགྲེལ་པ་ལས་སོ། །འདི་ལ་ལྟུང་བྱེད་དུ་མི་འགྱུར་བ་ནི། མི་ཟ་བར་བརྟགས་ཀྱང་སྟན་ལས་མ་ལངས་བས་སྤངས་པ་མ་རྫོགས་པའི་ཕྱིར་རོ། །དགེ་སློང་གཅིག་གིས་ལྷག་པོར་བྱས་པའི་ཟས་དེ་ནི་ཟས་སྤངས་པའི་དགེ་སློང་གཞན་གྱིས་ཀྱང་བཟའ་བར་བྱའོ། །དེས་ན་མ་སྤངས་པ་རྣམས་ལྟ་ཅི་སྨོས་སོ། །བཞི་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ཟས་སྤངས་ནས་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཟས་ལ་འདོད་པ་ཆེ་བའི་ཚུལ་གྱིས་གཞན་དག་མ་དད་པ་སྐྱེ་བའོ། །འགྲེལ་ཆུང་ལས། སྤངས་ནས་ལངས་ཤིང་། ཡང་འདུག་ནས་ཟ་བ་གཞན་གྱི་མིག་ཏུ་མི་མཛེས་པའི་ཕྱིར་ལྟུང་བྱེད་དུ་བཅས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་ཟས་སྤངས་པ་རྫོགས་པས་དུས་སུ་རུང་བའི་བཟའ་བའམ་བཅའ་བ་ལྷག་པོར་མ་བྱས་པ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་བཟའ་བའི་དངོས་པོ་དང་། གང་གི་ཚེ་བཟའ་བའི་དུས་དང་། གང་གིས་ཟ་བའི་རྟེན་ནོ། །དང་པོ་ནི། སྔར་སྤངས་པའི་སྐབས་སུ་(༧༩བ)


K8Z003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་བཤད་པའི་དངོས་པོ་ཆོས་གསུམ་ལྡན་གྱི་སྟེང་དུ་རང་ངམ་རང་དང་ཆོ་ག་གཅིག་པས་ལྷག་པོར་བྱས་པ་དང་མ་འབྲེལ་བ་དང་། མིད་པ་གཉིས་པ་ལ་སྒྲེགས་པའི་ཟས་མ་ཡིན་པ་སྟེ། ལྷག་པོར་མ་བྱས་པ་ཉིད་ལའོ། །ཞེས་པ་དང་། མིད་པ་གཉིས་པ་དུས་མ་ཡིན་པའི་སྒྲེགས་པ་ཞེས་པ་ནས། དེའི་ཕྱིར་གཞན་གྱི་དུས་མ་ཡིན་པ་སྤང་བའི་ཚེ་ཞེས་གསུངས་པས་ཤེས་སོ། །གཉིས་པ་སྤངས་པའི་དུས་ཡིན་པ་དང་། མུ་གེའི་དུས་མ་ཡིན་པ་སྟེ། སྤངས་པ་ཉིད་དང་ཞེས་པ་དང་། པདྨོའོ་ཞེས་བྱ་བ་ཡན་ཆད་ནི་མུ་གེའོ་ཞེས་གསུངས་པས་སོ། །གསུམ་པ་ནི། ཟས་སྤངས་པ་རྫོགས་པ་སྟེ། སྤངས་པ་ཉིད་དང་ཞེས་སོ། །གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། གསོ་བའི་དོན་ཉིད་མ་གཏོགས་སོ་ཞེས་གསུངས་སོ། །སྒྲེགས་པའི་ཟས་ལ་མིད་པ་གཉིས་པ་མ་ཡིན་པ་དང་གསུམ་མོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་སྤངས་པ་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་སྤངས་པ་ཟ་བར་ཞུགས་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །གཉིས་པ་ནི། འདི་ལ་བྱེད་པ་པོ་ནི་འདུ་ཤེས་གཙོའོ། །ཡུལ་གང་ལ་ཤེས་གཙོ་ཞེ་ན། རང་གི་ཟས་སྤངས་ཟིན་པ་ཉིད་དང་། ཟས་ལྷག་པོར་མ་བྱས་པ་ཉིད་དག་ལ་ཤེས་གཙོའོ། །ཟས་སྤངས་ནས་ལྷག་པོར་མ་བྱས་པའི་ཟས་ཟོས་ནའོ་སྟེ་ལྟུང་བྱེད་དུ་འགྱུར་རོ། །བཟའ་བ་ཁོ་ན་ཟོས་པ་ལས་འདིའི་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། བཟའ་བ་དང་བཅའ་བ་གཉིས་ཀྱི་སྤྱི་བཟུང་བ་དེའི་ཕྱིར་བཟའ་བ་དང་བཅའ་བ་གང་ཡང་རུང་བའི་ཟས་ཙམ་མོ། །བཟའ་བ་སྤངས་པས་ནི་བཟའ་བ་ཟོས་ན་ཡང་ལྟུང་བྱེད་དུ་འགྱུར་ལ། བཅའ་བ་ཟོས་ན་ཡང་ལྟུང་བྱེད་དུ་འགྱུར་བས་ཟས་ཙམ་ཟོས་ནའོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས། ཟས་ཙམ་མོ་ཞེས་བྱ་བ་སྨོས་ཏེ་བཅའ་བར་བྱ་བ་ཙམ་ཡང་ཞེས་(༨༠ན)


K8Z003_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཐ་ཚིག་གོ། །ཞེས་བཤད་དོ། །བཟའ་བ་སྤངས་པས་ནི་བཅའ་བ་སྤངས་པར་འགྱུར་ཡང་། བཅའ་བ་སྤངས་པས་བཟའ་བར་སྤངས་པར་མི་འགྱུར་བས་བཅའ་བ་སྤངས་པས་བཟའ་བ་ཟ་བས་ནི་སྤངས་ཟའི་ཉེས་པར་མི་འགྱུར་རོ། །འདིའི་འགྲེལ་ཆུང་ལས། ཁམ་གཅིག་ཡན་ཆད་ཙམ་ཞེས་ཀྱང་བཤད་དོ། །ལུང་ལས། དགེ་སློང་དག་སྟན་གཅིག་པའི་ཟས་ཟོ་ཞིག་དང་ཞེས་པས་དང་པོར་གསུངས་པའི་རྗེས་སུ་ལྟུང་བྱེད་འདི་བཅས་པ་ཡིན་པས། སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དོ། །ཞེས་གསུངས་ཏེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས། འདིར་སྟན་གཅིག་པའི་ཟས་དང་པོར་བཅས་པས། ཞེས་བཤད་དོ། །ལྔ་པ་སྤངས་པ་སྟོབ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་རྒན་ཞུགས་སློབ་མས་སྤངས་པ་ལ་ཟས་བསྟབས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་ཉེས་པ་ལ་འཇུག་པའི་རྒྱུར་འགྱུར་བའོ། །རང་གི་རྣམ་བཤད་ལས། ཐམས་ཅད་དུ་ཡང་རུང་བ་མ་ཡིན་པ་སྟོབ་པ་ལས་ཉེས་པ་བྱ་བ་ནི་འདིའི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །ཞེས་གསུངས་པས་དགེ་སློང་ལ་ཕྱི་དྲོའི་ཁ་ཟས་སྟོབ་པ་ལྟ་བུ་ལ་ཡང་ཉེས་བྱས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཟས་སྤངས་པའི་དགེ་སློང་གཞན་ལ་དུས་སུ་རུང་བའི་བཟའ་བ་དང་བཅའ་བ་ངག་གི་རིག་བྱེད་ཀྱིས་བསྟབས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བཏབ་པའི་ཡུལ་དང་། གང་གིས་སྟོབ་པའི་དངོས་པོ་དང་། གང་གི་ཚེ་སྟོབ་པའི་དུས་སོ། །དང་པོ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ཟས་སྤངས་པ་ཡིན་པ་སྟེ། སྤངས་པ་ལ་སྟོབ་པ་ཞེས་གསུངས་པས་སོ། །གཉིས་པ་ནི། སྔར་སྤངས་ཟའི་སྐབས་ཀྱི་དངོས་པོ་ཆོས་ལྔ་ལྡན་ལས། སྒྲེགས་པའི་ཟས་མ་(༨༠བ)


K8Z003_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཅེས་པ་མ་གཏོགས་པ་བཞིའོ། །གསུམ་པ་ནི། སྔར་སྤངས་ཟའི་སྐབས་དང་འདྲ་སྟེ། སྤངས་པའི་དུས་ཡིན་པ་དང་མུ་གེའི་དུས་མ་ཡིན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་སྤངས་པ་ལ་སྟོབ་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱི་སྟོབ་པར་ཞུགས་པའོ། །ལུང་ཞུ་བ་ལས། དགེ་སློང་གིས་ལུས་ཀྱི་རིག་བྱེད་དང་ཕྲིན་པ་དང་སྤྲིང་ཡིག་དང་ལག་བརྡ་དང་གཞན་ཟེར་བ་དང་གཅིག་ནས་གཅིག་བརྒྱུད་དུ་ཟ་བ་བསྟབས་པ་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །རྣམ་འབྱེད་འགྲེལ་པ་ལས་ཀྱང་། ངག་གི་རྣམ་པར་རིག་བྱེད་ཀྱིས་བསྟབས་ན་ལྟུང་བྱེད་དུ་འགྱུར་བར་རིག་པར་བྱའོ་ཞེས་སོ། །མཐར་ཐུག་ནི་དོན་གོ་བའོ། །གཉིས་པ་ནི། གང་ལ་སྟོབ་པའི་ཡུལ་དེས་ཟས་སྤངས་ཟིན་པ་ཉིད་དང་། གང་སྟོབ་པའི་ཟས་དེ་ལྷག་པོར་མ་བྱས་པ་ཉིད་དག་ལའོ་ཞེས་སྔ་མར་སྦྱར་ཏེ། ཟོས་ཤིང་ཟས་སྤངས་པ་དེ་ལ་ཟས་ཙམ་སྟོབ་ན་ལྟུང་བྱེད་དོ། །གང་ལ་ན་དགེ་སློང་ལའོ། །སྤངས་པ་ལ་སྟོབ་པའི་ལྟུང་བྱེད་དོ།། །།དྲུག་པ་འདུས་ཤིང་ཟ་བ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །དེ་ཡི་ན་སྨད་ཉེས་བྱས་བསྟན། །ལྟུང་བ་མེད་པར་བརྗོད་པ་དང་། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་རྣམས་ལས་ལོགས་ཤིག་ཏུ་འདུས་ཤིང་ཟ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཟས་ཐ་དད་ཀྱི་སྒོ་ནས་དགེ་འདུན་གཉིས་སུ་བྱེ་བར་འགྱུར་བ་སྟེ། ཉིད་བཤད་ལས། དགེ་འདུན་གཉིས་སུ་བྱེ་བའོ་ཞེས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་བཞིན་གྱི་མཚམས་གཅིག་གི་ནང་དུ་དགེ་འདུན་རྣམས་ཟས་ཟ་བའི་གནས་ཚང་མང་ལྟ་བུ་ལས་ལོགས་ཤིག་དགེ་སློང་བཞིར་ལོངས་པ་འདུས་ཤིང་ཟ་བ་(༨༡ན)


K8Z003_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་དུ་ཟ་བའི་གནས་དང་། གང་ཟ་བའི་དངོས་པོ་དང་། གང་གིས་ཟ་བའི་རྟེན་དང་། གང་དག་དང་ལྷན་ཅིག་ཟ་བའི་གྲོགས་སོ། །དང་པོ་ལ་བཞི་སྟེ། སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་ཡིན་པ་དང་། ཚང་མང་ལྟ་བུ་དེ་ན་དགེ་སློང་བཞི་ཡན་ཆད་ཡོད་པའི་གནས་ཡིན་པ་དང་། རང་བཞིན་གྱི་མཚམས་གཅིག་གི་ནང་ཡིན་པ་དང་། དགེ་སློང་བཞི་ཡན་ཆད་ཡོད་པ་དེ་དང་གནས་ལྷན་ཅིག་མ་ཡིན་པའོ། །དེ་ཡང་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལ་གཞན་པ་ཞེས་པའི་མདོ་འདིས་རིམ་པ་བཞིན་དུ་བསྟན་ཏོ། །གཉིས་པ་གང་བཟའ་བའི་དངོས་པོ་ལ་བདུན་ལས། དུས་སུ་རུང་བ་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་སྟེ་གསུམ་ནི་སྐབས་གཞན་དུ་བཤད་པ་བཞིན་ནོ། །འདུས་པ་ཆེན་པོའི་དུས་མ་ཡིན་པ་དང་། ཕྱི་རོལ་པའི་དགེ་སྦྱོང་གི་ཟས་མ་ཡིན་པ་དང་། བསྲུལ་བ་ལ་སོགས་པའི་ཟས་གཅིག་པ་མ་ཡིན་པ་སྟེ། དུས་སྟོན་ཆེན་པོ་ལས་གཞན་པ་ལའོ་ཞེས་དང་། རྟགས་འདི་མེད་པའི་རབ་ཏུ་བྱུང་བའི་ཞེས་དང་། གང་ཡང་རུང་བ་ཅུང་ཟད་ཅིག་བྲིམས་ན་ཡང་ཟན་གཅིག་པ་ཞེས་གསུངས་སོ། །ལྡམ་ལྡུམ་ལ་སོགས་མོད་པ་མ་ཡིན་པ་སྟེ། ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་ནི་མ་གཏོགས་སོ་ཞེས་གསུངས་པའི་གནད་ཀྱིས་སྦྱར་རོ། །གསུམ་པ་གང་གིས་ཟ་བའི་རྟེན་ལ་བཞི་སྟེ། ན་བ་མིན་པ་དང་། ལས་མ་བྱས་པ་དང་། ལམ་དུ་མ་སོང་བ་དང་། སྲ་བརྐྱང་མ་བཏིང་བ་སྟེ་སྔར་ཡང་ཡང་ཟ་བའི་སྐབས་སུ་བཤད་པ་བཞིན་ནོ། །བཞི་པ་གང་དག་དང་ལྷན་ཅིག་ཟ་བའི་གྲོགས་ལ་བརྒྱད་ལས། ཐུན་མོང་བ་དགེ་སློང་ཆོས་དྲུག་ལྡན་ལ་བདག་ལས་ཐ་དད་པ་མ་བགྲང་བ་ལྔའི་སྟེང་དུ་བདག་མ་གཏོགས་པ་གསུམ་ཡན་ཆད་ཡོད་པ་སྟེ། (༨༡བ)


K8Z003_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་སོགས་པ་དང་ངོ་ཞེས་སོ། །གནས་ལྷན་ཅིག་ཏུ་ཟ་བ་ཡིན་པ་དང་། དུས་གཅིག་ཅར་ཟ་བ་ཡིན་པ་སྟེ་ལྷན་ཅིག་པའིའོ། །གཅིག་ཅར་ཟ་བ་དང་ངོ་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་སྔར་བཞིན། ཀུན་སློང་ནི་རང་གར་འདུས་ཤིང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འདུས་ཤིང་ཟ་བར་འདོད་པ། མཐར་ཐུག་ནི་མགུལ་དུ་མིད་པའོ། །གཉིས་པ་ནི། འདི་ལ་འདུ་ཤེས་གཙོའོ། །ཡུལ་གང་ལ་ཤེས་གཙོ་ཞེ་ན། རྣམ་འབྱེད་ལས། གནས་སོ་སོར་ངེས་པ་ཞེས་པ་དང་། ཊཱི་ཀ་ལས། ཟས་སོ་སོར་ངེས་པ་ཡོན་བདག་གིས་དགེ་འདུན་སོ་སོས་ཟ་བར་རྒྱུ་སྦྱར་བའི་ཟས་ཀྱི་གནས་ཅན་དག་ནི་མ་གཏོགས་ཏེ། དེ་ལས་གཞན་པའི་དགེ་སློང་བཞི་ཡན་ཆད་དགེ་འདུན་དུ་གྱུར་པ་མཚམས་ཀྱི་ནང་ན་གནས་པ་དག་གི་ཟན་ལྷན་ཅིག་མ་ཡིན་པ་སྟེ་དགེ་འདུན་ལས་གནས་ཐ་དད་དུ་ཟ་བ་ཉིད་ལའོ་ཞེས་སོ། །མཚམས་ནང་གི་དགེ་འདུན་དང་ལྷན་ཅིག་མ་ཡིན་པར་དགེ་སློང་རང་གཅིག་པུ་ཟ་བ་ལ་ཡང་ལྟུང་བ་འདིར་འགྱུར་རམ་ཞེ་ན། གྲོགས་གཞན་དང་ལྷན་ཅིག་པའི་ཟས་ཟོས་ནའོ། །ཞེས་པ་ལྟར་རོ། །གྲོགས་གཞན་དང་སྔ་ཕྱིར་ཟ་བ་ལ་ཡང་ལྟུང་བ་འདིར་འགྱུར་རམ་ཞེ་ན། གཅིག་ཅར་ཟ་བ་དང་ངོ་། །ཞེས་པ་ལྟར་རོ། །གྲོགས་དུ་དང་ལྷན་ཅིག་ཟོས་ན་ལྟུང་བ་འདིར་འགྱུར་ཞེ་ན། གསུམ་ལ་སོགས་ཀྱིས་བཞི་ཡན་ཆད་བསྡུས་པ་དང་ངོ་། །ཞེས་པ་ལྟར་རོ། །ལུང་རྣམ་འབྱེད་ལས། བཞི་པོ་དག་ལས་གཅིག་གིས་ཞལ་ཏ་བྱེད་ཅིང་གསུམ་གྱིས་ཟ་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་སོ། །དགེ་སློང་རང་དང་དགེ་སློང་གྲོགས་གསུམ་སྟེ་དགེ་སློང་བཞི་དུས་གཅིག་ཟ་ན་ལྟུང་བ་འདིར་འགྱུར་རོ། །འགྲེལ་ཆུང་ལས་ཀྱང་། ལོགས་ཤིག་ཟ་བ་དེའང་དགེ་འདུན་དུ་ཚང་བ་ལྷན་ཅིག་ཏུ་འདུས་ཤིང་ཟ་བ་ལས་ལྟུང་བར་འགྱུར་རོ་ཞེས་སོ། །(༨༢ན)


K8Z003_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་བསྙེན་པར་རྫོགས་པའམ་མ་རྫོགས་པ་གང་གི་གསུམ་ལ་སོགས་པ་ཞེ་ན། དགེ་སློང་རྣམས་ཀྱིའོ་སྟེ། ལུང་རྣམ་འབྱེད་ལས། གསུམ་བསྙེན་པར་རྫོགས་པ་ཡིན་ལ། གཅིག་བསྙེན་པར་མ་རྫོགས་པ་ཡིན་པ་ལ་ལྟུང་བ་མེད་དོ་ཞེས་སོ། །དགེ་སློང་ན་བ་མ་ཡིན་པ་དང་། ལས་མ་བྱས་པ་དང་། ལམ་དུ་མ་སོང་བའི་རྣམ་པ་ཅི་ལྟ་བུས་ཟས་ཕྱི་མ་ལ་གོས་མེད་པའི་ཟས་གཉིས་པ་རྙེད་པ་ཡང་ཡང་ཟ་བའི་བྱེད་པ་པོ་ཉིད་ཡིན་པ་བཞིན་ནོ། །དོང་ཀའི་མེ་ཏོག་ཁ་དོག་སེར་པོ་ཁྱད་པར་ཅན་ཞིག་རྔ་བ་ལ་སོགས་པའི་དུས་སྟོན་ཆེན་པོ་ལ་མི་ཕལ་མོ་ཆེ་འདུས་ནས་བཀང་ས་གཅིག་ཏུ་མི་ཤོང་སྟེ་ཁང་པ་སོ་སོར་ཆད་ཅིང་ཟོས་པ་ནི་ཉེས་པ་མེད་དོ། །དེ་ལས་གཞན་པ་ལ་ལྟུང་བ་འདིར་འགྱུར་རོ། །ནང་པ་སངས་རྒྱས་པའི་རྟགས་འདི་མེད་པའི་མུ་སྟེགས་པ་རབ་ཏུ་བྱུང་བའི་ཟས་དགེ་སློང་ལ་བྱིན་ན་དེ་ཟ་བ་ལ་ཉེས་པ་འདི་མེད་དེ། དད་པར་དཀའ་བའི་གནས་ནས་དད་པ་ཡིན་པས་གནང་བའོ། །དེ་ལས་གཞན་པ་ལ་ལྟུང་བ་འདིར་འགྱུར་རོ། །མཐར་ཐུག་ནི་ཟོས་ནའོ། །གཉིས་པ་ནི། ཚང་མང་ལ་སོགས་པ་གང་དུ་དགེ་འདུན་གྱི་བཀད་ས་བྱེད་པ་དེར་འོང་པར་བྱ་བའི་གནས་དེ་ཉིད་དུ་གནས་པའི་དགེ་སློང་མཚམས་ཀྱི་ནང་བཀད་ས་ན་འཁོད་པ་དག་གིས་ཁང་ཁྱིམ་ན་གནས་པའི་དགེ་སློང་དག་འོངས་སམ་ཞེས་དྲི་བར་བྱའོ། །དེར་འོང་བ་ཉིད་མ་དྲིས་པར་ཟ་ན་ལྟུང་བྱེད་ཀྱི་བཅས་པ་ལས་འདའ་བའི་ཕྱེད་ཉེས་བྱས་ཉིད་དོ། །ཊཱི་ཀ་ལས། ཁང་ཁྱིམ་ན་གནས་པའི་དགེ་སློང་དག་གིས་ཀྱང་གཞིའི་འདུག་གནས་ན་གནས་པའི་དགེ་སློང་དག་འོང་བ་དྲི་བར་བྱའོ། །མ་དྲིས་པར་ཟ་ན་ལྟུང་བྱེད་དོ། །འདི་ལ་མི་འདྲི་བ་ནི་ཟས་ལྷན་ཅིག་མ་ཡིན་པའི་དཔེ་ཙམ་དུ་ཟད་ཀྱི། ལྟུང་བའི་རྒྱུ་ནི་ཟན་ལྷན་ཅིག་མ་ཡིན་པ་ཁོ་ན་ཡིན་པར་བཤད་དེ། གསུམ་པ་ནི། (༨༢བ)


K8Z003_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བར་བྱ་བ་གང་ཡང་རུང་བ་ལུང་ལས་ཐ་ན་ལན་ཚྭ་ཚུམས་གང་ཙམ་ཅུང་ཟད་ཅིག་ལོགས་ཤིག་ན་ཟ་བ་ལ་དགེ་འདུན་གྱིས་བྲིམས་སམ། ཟན་ལོགས་ཤིག་ཟ་བས་དགེ་འདུན་ལ་བྲིམས་ན་ཡང་འདུས་ཤིང་ཟ་བའི་ལྟུང་བར་མི་འགྱུར་ཏེ་ཟན་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །བཞི་པ་ནི། ཟན་གྱི་དུས་ལས་སྔར་རིངས་པར་འགྲོ་བར་ཆས་པ་དང་། གློ་བུར་དུ་འོངས་པ་ལམ་རིང་པོ་ནས་འོངས་ཏེ་བཀྲེས་པ་དང་། ནད་པ་དང་། ནད་གཡོག་དང་། དགེ་འདུན་གྱི་ལས་དང་འབྲེལ་བ་དགེ་སྐོས་ལས་གཞན་པ་དེར་གཏོགས་པའི་དགེ་སློང་གྲལ་དུ་ཆགས་པ་ཐམས་ཅད་ཀྱིས་མ་ཟོས་པར་ཚང་མང་ལ་སོགས་པ་གཡོས་མལ་ཟས་ཁང་དང་། སྤྱི་སྤུངས་ཏེ་དགེ་འདུན་སྤྱིའི་ཟས་ཀྱི་ཕུང་པོ་ལས་རང་གིས་སྐལ་པ་མནོས་ཏེ་ཟ་བར་མི་བྱའོ། །འདུས་ཤིང་ཟ་བའི་ལྟུང་བྱེད་དོ།། །།བདུན་པ་དུས་མིན་ཟ་བ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་བཅུ་བདུན་སྡེས་ནུབ་མོ་ཟས་ཟོས་པ་ལ་ལྟུང་བྱེད་དུ་བཅས་སོ། །ལུང་ལས། སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེ། །ཞེས་སོ། །རྣམ་འབྱེད་འགྲེལ་པ་ལས། སྐྱེས་ཕྲན་ཞེས་བྱ་བ་ནི་སྐྱེས་མ་ཐག་པ་ཉིད་དགག་པ་བསྟན་ཏེ་དབང་པོ་ལས་སུ་རུང་ཞིང་གསལ་བའོ། །ཞེས་སོ། །དགག་བྱ་ནི་ལུས་རྒྱགས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་དེར་དུས་སུ་རུང་བའི་ཟས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་བཟའ་བའི་དངོས་པོ་དང་། གང་གི་ཚེ་ཟ་བའི་དུས་དང་། གང་གིས་ཟ་བའི་རྟེན་ནོ། །དང་པོ་ལ་བཞི་སྟེ། དུས་སུ་རུང་བ་ཡིན་པ་དང་། མིད་པ་གཉིས་པ་ལས་སྒྲེགས་པའི་ཟས་མ་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པའོ། །གཉིས་པ་གང་གི་ཚེ་ཟ་བའི་དུས་ནི། (༨༣ན)


K8Z003_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་དང་པོ་འཆར་བའི་བར་ཡིན་པའོ། །གསུམ་པ་གང་གིས་ཟ་བའི་རྟེན་ལ་གསུམ་ལས། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། གསོ་བའི་ཕྱིར་ནུབ་མོ་ཟ་བ་ནི་ཞེས་སོ། །ཟས་ཀྱིས་ཤིན་ཏུ་ཕོངས་པའི་རྐྱེན་དང་ལྡན་པ་མ་ཡིན་པ་སྟེ། དུས་མ་ཡིན་པར་ཡང་བཟའ་བར་བྱ་བ་ཉིད་དོ། །ཤིན་ཏུ་བཀྲེས་པ་ཉིད་ནའོ་ཞེས་གསུངས་སོ། །ཕོངས་པ་ལ་ནི་དུས་མིན་མེད་པ་ཡིན་ཅེས་སུམ་བརྒྱ་པ་ལས་སོ། །སྒྲེགས་པའི་ཟས་ལ་མིད་པ་གཉིས་མ་ཡིན་པ་སྟེ། མིད་པ་གཉིས་པས་དུས་མ་ཡིན་པའི་སྒྲེགས་པ་དག་ཅེས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་དུས་མ་ཡིན་པར་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དུས་མ་ཡིན་པར་ཟ་བར་བྱེད་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །གཉིས་པ་ནི། དགེ་སློང་རང་ཉིད་གང་ན་གནས་པའི་གླིང་སྟེ་རང་གི་གླིང་ནི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་དང་པོ་འཆར་བའི་བར་ནི་རྐྱེན་མེད་པར་དགེ་སློང་གི་བཟར་རུང་བའི་དུས་མ་ཡིན་ནོ། །འོ་ན་དགེ་སློང་རྫུ་འཕྲུལ་ཐོབ་པས་གླིང་གཞན་དུ་གནས་ན་སྐྱེས་པའི་གླིང་དང་། གནས་པའི་གླིང་གང་གིས་རྣམ་པར་བཞག་ཅེ་ན། ཁ་ཅིག་ན་རེ། སྐྱེས་པའི་གླིང་གིས་བཞག་སྟེ། ཞུ་བ་ལས། དགེ་སློང་གི་དུས་མ་ལགས་པར་བཅའ་བ་དང་བཟའ་བ་འཚལ་ལམ་འཚལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། གླིང་གསུམ་དང་ལྷའི་གནས་སུ་ཡང་འཛམ་བུའི་གླིང་གི་དུས་སུ་ཟོས་པའོ་ཞེས་གསུངས་པ་དང་། སྔ་ན་སངས་རྒྱས་དགེ་འདུན་དང་བཅས་པས་དབྱར་ཟླ་བ་གསུམ་ལྷ་ཡུལ་དུ་ཚུལ་ཞུགས་མཛད་པ་ལྟར་རིགས་པས་ཀྱང་གང་དུ་སྐྱེས་པའི་གླིང་གིས་མི་འཇོག་ན་དགེ་སློང་ལྷ་ཡུལ་ལྟ་བུར་གནས་པ་ན། ཕྱི་དྲོ་ཁ་ཟས་ཀྱི་ཉེས་པར་འགྱུར་མི་འགྱུར་གནས་གང་གི་ཆ་ནས་འཇོག་མི་ཤེས་པའི་(༨༣བ)


K8Z003_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། འོད་ལྡན་དུ་ལུང་དྲངས་ཏེ། གཏམ་གྱི་གཞི་ལས། དགེ་སློང་གིས་ཤར་གྱི་ལུས་འཕགས་གླིང་དུ་ཟས་འཚལ་ན་དེ་དུས་གང་གི་ཚེ་འཚལ་བར་བགྱི། དེ་རྣམས་ཀྱི་དུས་གང་ཡིན་པས་སོ་ཞེས་གནས་པའི་གླིང་གིས་བཞག་པར་གསུངས་པ་དང་། རང་གི་རྣམ་བཤད་དང་། ཊཱི་ཀ་ལས། འཛམ་བུ་གླིང་ལ་སོགས་པ་གནས་གང་ན་དགེ་སློང་གནས་པ་དེ་ལ་དགོངས་ནས་འདིར་རང་གི་ཞེས་བྱ་བ་སྨོས། ཞེས་གསུངས་པ་དང་། འོད་ལྡན་ལས། འཛམ་བུ་གླིང་ལ་སོགས་པ་གནས་གང་ན་འདུག་པ་དེ་ནི་རང་གི་གླིང་ཞེས་བྱ་སྟེ། ཞེས་སོ། །འགྲེལ་ཆུང་ལས། བདག་ཤར་ལྷོ་ནུབ་བྱང་གི་གླིང་གང་ན་གནས་པའི་ཡུལ་དེའི་ཉི་མ་ཕྱེད་ཡན་ཆད་ཅེས་བཤད་དོ། །ཁྱེད་ཀྱིས་ལུང་ཞུ་བ་ཁུངས་སུ་དྲངས་པ་དེ་ནི། འོད་ལྡན་ལས། འཛམ་བུའི་གླིང་དུ་གནས་པ་ལ་མཚོན་པ་ཡིན་ཅེས་བཤད་དོ། །དེས་ན་ལུང་ལས། གླིང་གསུམ་དང་ལྷའི་གནས་སུ་ཡང་ཞེས་གསུངས་པ་དེ་གླིང་གསུམ་དང་། ལྷའི་མཚན་མོའི་གནས་སྐབས་སུ་ཡང་འཛམ་བུའི་གླིང་གི་སྔ་དྲོའི་དུས་སུ་ཟོས་པའོ་ཞེས་དགོངས་པའོ། །གལ་ཏེ་དགེ་སློང་ལྷའི་ཡུལ་དང་གླིང་བར་དང་མུན་པ་ལྟ་བུར་གནས་ཏེ་ཟ་ན་ནི་སྐྱེས་པའི་གླིང་གིས་བཞག་སྟེ་དམིགས་བསལ་དུ་བྱས་སོ། །དུས་མ་ཡིན་པ་དེ་ཉིད་ལ་དེ་ཉིད་དུ་འདུ་ཤེས་གཙོའོ། །བུ་རམ་ཤིང་ངམ་ཉུང་མ་ལྟ་བུ་བཅའ་བར་བྱ་བ་དང་འབྲས་ཆན་ནམ་ཟན་དྲོན་ལྟ་བུ་བཟའ་བར་བྱ་བ་ཟོས་ཏེ་མིད་ན་ལྟུང་བྱེད་དུ་འགྱུར་རོ། །ཞོའམ་འོ་མ་ལྟ་བུ་དུས་སུ་རུང་བའི་བཏུང་བ་འཐུང་ན་ཡང་ལྟུང་བྱེད་བསྐྱེད་དེ། ཞུ་བ་ལས། ཞོ་ནི་དུས་སུ་རུང་བའོ་ཞེས་སོ། །དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་དོ།། །།བརྒྱད་པ་གསོག་འཇོག་ལ། དང་པོར་མདོ་ཙམ་ཉིད་དུ་བསྟན། །དེ་ནས་རྒྱས་པར་བཤད་པའོ། །དང་པོ་ལ། གསོག་འཇོག་དངོས་ཀྱི་མདོར་བསྟན་(༨༤ན)


K8Z003_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཆ་ལ་བརྟེན་པའི་མདོར་བསྟན་ཏེ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་ནག་པོས་གསོག་འཇོག་བྱས་པ་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཟས་ལ་སྲེད་པ་ཆེ་བའི་སྒོ་ནས་གཞན་དག་མ་དད་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྨན་བཞི་ལས་གང་ཡང་རུང་བ་རང་གིས་གསོག་འཇོག་ཏུ་བཞག་པའམ་རང་དང་ཆོ་ག་གཅིག་པས་གསོག་འཇོག་ཏུ་བཞག་པ་ཁམ་གང་ཡན་ཆད་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་ལས། དང་པོ་གང་ཟ་བའི་དངོས་པོ་ནི་དྲུག་ལས། སྨན་བཞི་ལས། གང་ཡང་རུང་བ་ཡིན་པ་སྟེ། སྔ་དྲོ་བའི་ཟས་བྱིན་ལེན་བྱས་པ་ལ་སོགས་པ་གསུངས་པས་སོ། །རང་ངམ་རང་དང་ཆོ་ག་གཅིག་པས་གསོག་འཇོག་བྱས་པ་དང་འབྲེལ་བ་སྟེ། སྡོམ་པ་མཉམ་པ་ལྟ་བ་ཐ་མི་དད་པ་དག་གིས་གསོག་འཇོག་བྱས་པ་དག་ནི་གཅིག་པ་ཉིད་ཡིན་ནོ་ཞེས་པ་དང་། ཐུན་ཚོད་ལས་འདས་པ་ལྟ་བུ་ནི་གསོག་འཇོག་བྱས་པ་ཡིན་ནོ་ཞེས་གསུངས་པས་སོ། །སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་སྟེ་ལན་ཚྭ་ལ་སོགས་པ་ཚྭ་ཆུ་ནི་ཕྱེད་ཉིད་དོ་ཞེས་གསུངས་པས་སོ། །མིད་པ་གཉིས་པ་ལ་སྒྲེགས་པའི་ཟས་མ་ཡིན་པ་སྟེ་གོང་དུ་བཤད་པ་བཞིན་ནོ། །གཞི་གཞན་གྱི་སྒོ་ནས་རུང་བ་དང་། ཚད་དང་ལྡན་པ་སྟེ་དྲུག་གོ། གཉིས་པ་གང་གི་ཚེ་བཟའ་བའི་དུས་ནི། མུ་གེའི་དུས་མ་ཡིན་པ་སྟེ། ལག་ཉར་བླངས་པ་ལ་སོགས་པ་མུ་གེའི་ཚེ་བཟར་གནང་བའི་གནད་ཀྱིས་སྦྱར་རོ། །གསུམ་པ་གང་གིས་ཟ་བའི་རྟེན་ནི། གནང་བའི་རྐྱེན་ཅན་མ་ཡིན་པས་སྟེ་སྔར་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་གསོག་འཇོག་ཏུ་སོང་བ་(༨༤བ)


K8Z003_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

རང་གར་ཟ་འདོད་པའོ། །སྦྱོར་བ་ནི་ཟ་བར་བྱེད་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །གཉིས་པ་ནི། འབྲས་ཆན་ལ་སོགས་པ་སྔ་དྲོ་བའི་ཟས་དུས་སུ་རུང་བ་བྱིན་ལེན་བྱས་པ་བྱིན་ལེན་དེ་མ་ཞིག་པར་ཕྱི་དྲོ་བའི་ཟས་ཀྱི་དུས་སུ་བཞག་སྟེ། ཉི་མ་གུང་ཚིགས་ཡོལ་བ་དང་ཕྱི་དྲོ་བའི་ཟས་དེ་ཞེས་ཏེ་ཐུན་ཚོད་དུ་རུང་བ་དེ་བྱིན་ལེན་བྱས་པ་ཐུན་ཚོད་ལས་འདས་པ་སྟེ། ཉི་མ་ནུབ་སྟེ་དམར་ཐག་ཆ་དང་ལྟ་བུ་ཞེས་པས་སྨན་ལྷག་མ་གཉིས་མཚོན་ཏེ་དེ་དག་ནི་གསོག་འཇོག་བྱས་པ་ཉིད་ཡིན་ནོ། །གསོག་འཇོག་བྱས་པ་དེ་ཉིད་ལ་ཤེས་གཙོའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། ལག་ཉ་སོགས་གསོག་འཇོག་ལ་བརྟེན་ཏེ། ཊཱི་ཀར། དེ་དག་ནི་གསོག་འཇོག་བྱེད་པའི་ཆ་ལ་བརྟེན་པ་ཡིན་པས་ཞེས་སོ། །ཆ་ལ་བརྟེན་པ་རང་དེ་གང་ཞེ་ན། རྒྱུའི་ཆ་འདྲ་བ་ལ་བརྟེན་པ་ཡིན་ཏེ། གསོག་འཇོག་བྱས་པ་ཟ་བའི་ཉེས་པ་ནི་རྒྱུ་རང་ངམ་རང་དང་འདྲ་བས་གསོག་འཇོག་བྱས་པ་ལས་བྱུང་བ་ལྟར་ལག་ཉར་བླངས་པ་ལ་སོགས་པའི་ཉེས་པ་ཡང་རྒྱུ་རང་ངམ་རང་དང་འདྲ་བས་ལག་ཉར་བླངས་པ་ལ་སོགས་པ་འདི་དག་བྱས་པ་ལས་བྱུང་བའོ། །ཆ་ལ་བརྟེན་པ་འདི་ལ་བརྒྱད་དེ། ལག་ཉ་ལ་སོགས་པའི་ཉེས་བྱས་བཞི་དང་། དེ་དག་ཟ་བའི་ཉེས་བྱས་བཞིའོ། །དང་པོ་ལག་ཉར་བླངས་པའི་ཉེས་བྱས་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་རང་ངམ་རང་དང་འདྲ་བ་དབང་བའི་ཟས་སམ་ཉེ་བའི་སྟ་གོན་དུ་གནས་པ་བྱིན་ལེན་མ་བྱས་པ་ལ་རེག་པའི་ཉེས་པ་ཡོངས་སུ་རྫོགས་པའོ། །དེའི་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་རེག་པའི་ཡུལ་དང་། གང་གིས་རེག་པའི་རྟེན་ནོ། །དང་པོ་ལ་བརྒྱད་ལས། ཟས་སམ་ཉེ་བའི་སྟ་གོན་དུ་གནས་པ་སྟེ། ཟས་དངོས་དང་ནས་དང་འབྲས་ལ་སོགས་པའོ། །དགེ་སློང་རང་ངམ་རང་དང་འདྲ་བས་(༨༥ན)


K8Z003_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བ་སྟེ། དགེ་ཚུལ་དག་གི་རེག་པ་ནས་སྦེད་པའི་བར་ལ་ཞེས་པ་དང་། སྐྱེས་པ་དང་བུད་མེད་དག་ནི་ཕན་ཚུན་ཁྱིམ་པ་དང་འདྲ་ཞེས་གསུངས་པས་སོ། །སྨན་ཆུང་ཟ་བའི་རྐྱེན་དང་མི་ལྡན་པ་སྟེ། ཤས་མ་ནོད་པ་དང་བྲུབ་པའི་ཕྱིར་ཞེས་པ་དང་། མ་རུང་བར་འགྱུར་བའི་རྒྱུ་བྱུང་ན་རང་གིས་བྲུབ་པར་བྱའོ་ཞེས་གསུངས་པས་སོ། །སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་སྟེ་ལན་ཚྭ་ལ་སོགས་པ་ཚྭ་ཆུ་ནི་ཕྱེད་ཉིད་དོ་ཞེས་གསུངས་པས་སོ། །སྨན་གྱི་ངོ་བོ་མ་རྫོགས་པ་ལ་རེག་ན་ཉེས་བྱས་ཕྲ་མོ་ཙམ་ལས་མི་བསྐྱེད་དོ། །བྱིན་ལེན་སྟོབ་པར་འོས་པ་དང་མ་འབྲེལ་བ་སྟེ་བྱིན་ལེན་སྟོབ་པར་འོས་པ་དང་འབྲེལ་བ་མ་བྲལ་བ་བླང་བ་ཡང་མ་ཡིན་ནོ། །དེས་བཟུང་བའི་ཐག་པ་ལ་སོགས་པ་དང་འབྲེལ་བ་ཉིད་ཡིན་ནོ་ཞེས་གསུངས་པས་སོ། །བྱིན་ལེན་གྱི་ཆོ་ག་དང་མི་ལྡན་པ་སྟེ། ཊཱི་ཀ་ལས། ལག་ཉར་བླངས་པ་ཞེས་བྱ་བ་ནི་བྱིན་ལེན་མ་བྱས་པར་དགེ་སློང་རང་གིས་བླངས་པའི་ཟས་ཏེ། ཞེས་བཤད་པས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས་སོ། །གཞན་དུ་ན་ལག་ཉར་བླངས་པའི་ཉེས་བྱས་ཕྲ་མོར་འགྱུར་རོ། །དགེ་འདུན་གྱི་ཞིང་ལས་སྐྱེས་བཞིན་པའི་སྙེ་མ་ལ་རེག་པས་ནི་ལག་ཉའི་ཉེས་པར་མི་འགྱུར་རོ། །སྐབས་འདིར་ཁ་ཅིག་ན་རེ། ལག་ཉའི་ཉེས་པར་འགྱུར་བ་ལ་གང་ལ་རེག་པའི་དངོས་པོ་དེ་རྫས་བརྟན་པོ་དང་འབྲེལ་བ་ཡན་ལག་ཏུ་དགོས་ཏེ། ཕན་ཚུན་དུ་བསྐྱོད་པའི་སྒོ་ནས་དོན་དང་བྱ་བ་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །དེས་ན་ཕྱེ་རྐྱལ་ཀ་བ་ལ་བཅིང་བ་ལ་རེག་པ་ལྟ་བུ་ལ་ལག་ཉའི་ཉེས་བྱས་རྫོགས་པ་ཡིན་ཅེས་ཟེར་བ་ནི་བརྟག་གོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་སྦྱོར་བ་དེས་ཟ་བ་ལས་གཞན་པའི་དོན་དུ་རེག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་དེས་ཟ་བར་(༨༥བ)


K8Z003_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ལས་རེག་ན་ནི་བྱིན་ལེན་མ་བྱས་པར་ཟ་བའི་སྦྱོར་བའི་ཉེས་བྱས་སུ་འགྱུར་གྱི། ལག་ཉའི་ཉེས་པར་མི་འགྱུར་ཏེ་ལྟུང་བ་གཞན་གྱིས་ཀུན་སློང་ལས་ལྟུང་བ་གཞན་མི་འབྱུང་བའི་ཕྱིར་རོ་ཞེས་གསུངས་སོ། །སྦྱོར་བ་ནི་ཟས་དེ་ལ་རེག་པར་བྱེད་པ་སྟེ། མཐར་ཐུག་ནི་རེག་པར་རྫོགས་པའོ། །འདི་བྱིན་ལེན་གྱི་ཆོ་ག་དང་ལྡན་ན་ཟས་དེ་ལ་རེག་ཀྱང་ལག་ཉའི་ཉེས་པ་མེད་པས་ལག་ཉ་བསྲུང་བའི་ཆེད་དུ་བྱིན་ལེན་བྱས་ན་ཡང་ངོ་། །འདི་ལ་ཉང་བྲན་པ་ན་རེ། ལག་ཉ་བསྲུང་བའི་ཆེད་ཀྱི་བྱིན་ལེན་མེད་དེ། ལུང་ལྔ་ཚན་པ་ལས། རྣམ་པ་ལྔས་ནི་བྱིན་ལེན་བྱས་ཀྱང་བྱིན་ལེན་བྱས་པར་མི་འགྱུར་ཏེ། མ་བཏང་བཞིན་ལེན་པ་དང་། བཟའ་བར་མི་སེམས་པར་ལེན་པ་དང་། གཞན་དུ་འདུ་ཤེས་ཏེ་ལེན་པ་དང་། མདུན་དུ་མི་འདུག་པར་ལེན་པ་དང་། ཤེས་པ་རང་བཞིན་ཅན་མ་ཡིན་པ་ལས་བླངས་པའོ་ཞེས་བཟའ་བར་མི་སེམས་པ་ལ་བྱིན་ལེན་མེད་པར་གསུངས་པ་དང་། གལ་ཏེ་ལག་ཉའི་ཉེས་པ་བསྲུང་བའི་བྱིན་ལེན་ཡོད་ན་བྱིན་ལེན་བྱས་ན་དགེ་སློང་གིས་ཁུར་བར་རིག་པ་ལས་བྱིན་ལེན་བྱ་བར་མ་གསུངས་པས་བསྙེན་པར་མ་རྫོགས་པས་ཐག་པ་ནས་བཟུང་བར་གསུངས་པས། ལག་ཉའི་ཉེས་པ་བསྲུང་བའི་བྱིན་ལེན་མེད་པར་ཤེས་ཏེ། མདོ་རྩ་བ་ཉིད་ལས། ཆོ་ག་མ་འབྱོར་རམ་ཞེས་ཆུ་ཀླུང་བརྒལ་བ་ན་འབྲས་ཀྱི་ཁུར་ཚའི་ཐག་པ་བཏགས་ཏེ་བསྙེན་པར་མ་རྫོགས་པས་ཐག་པ་ནས་བཟུང་བར་གསུངས་པས་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། གནོད་བྱེད་བརྗོད་པ་ནི། བམ་པོ་ལྔ་བཅུ་པ་ལས། གལ་ཏེ་དུས་མ་ཡིན་པར་རུང་བའི་རྫས་ལ་རུང་བ་དེ་སྦྱོར་ན་ནི་བསྙེན་པར་རྫོགས་པས་ཀྱང་རྫས་དེ་ཉིད་བྱིན་ལེན་བྱས་ཏེ་སྦྱར་ཞིང་བཙགས་ལ། གང་གི་ཚེ་འཐུང་བའི་ཚེ་ན་ཆུ་གྲང་མོས་གདབ་པ་དང་། བྱིན་ལེན་སྟོབ་ཏུ་བཅུག་ནས་བཏུང་ཞེས། བཤད་པས་བྱིན་ལེན་(༨༦ན)


K8Z003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བྱ་བར་གསུངས་ཏེ་བྱིན་ལེན་སྔ་མ་དེ་ལག་ཉ་བསྲུང་བའི་བྱིན་ལེན་ནོ། །གཞན་ཡང་མདོ་རྩ་བ་དེ་ཉིད་ལས། གལ་ཏེ་དུས་སུ་རུང་བ་ཡིན་ན་བསྙེན་པར་མ་རྫོགས་པས་སྦྱར་ཞིང་ཚགས་ཀྱིས་བཙག་པར་བྱའོ་ཞེས་གསུངས་པས། རྒྱུ་དུས་མ་ཡིན་པར་རུང་བའི་རྫས་ལས་བཏུང་བ་དེ་སྦྱོར་ན་ནི་བསྙེན་པར་རྫོགས་པས་ཀྱང་སྦྱར་ཞིང་བཙག་ཏུ་རུང་ཞེས་མདོ་རྩ་བའི་ཤུགས་ཀྱིས་བསྟན་ལ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་དངོས་སུ་གསུངས་ཏེ། དུས་མ་ཡིན་པར་རུང་བ་ཉིད་ཡིན་ན་ནི་བསྙེན་པར་རྫོགས་པས་སྦྱར་ཞིང་བཙགས་པ་ལ་ཉེས་པ་མེད་དོ་ཞེས་བཤད་དོ། །དེ་ཡང་རྫས་དེ་ལ་མ་རེག་པར་ནི་སྦྱར་ཞིང་ཚགས་ཀྱིས་བཙག་པར་མི་ནུས་ལ། ཆུད་འཛའ་བ་ལ་སོགས་པའི་རྐྱེན་མེད་པར་དགེ་སློང་གིས་རེག་ན་ནི་ལག་ཉའི་ཉེས་པར་འགྱུར་བས་ལག་ཉ་བསྲུང་བའི་བྱིན་ལེན་བྱས་ནས་སྦྱར་ཞིང་བཙག་པར་གྲུབ་བོ། །གལ་ཏེ་ལག་ཉ་བསྲུང་བའི་ཆེད་ཀྱི་བྱིན་ལེན་མེད་ཀྱང་བཟའ་བའི་ཆེད་ཀྱི་བྱིན་ལེན་བྱས་ནས་སྦྱར་ཞིང་བཙགས་པའོ་སྙམ་ན། དེའི་ཚེ་ན་བཟའ་བའི་ཆེད་ཀྱི་བྱིན་ལེན་ནི་མི་རུང་སྟེ། དེ་ལྟ་བུ་ཉིད་ཀྱི་མདུན་རོལ་དུ་བསྙེན་པར་རྫོགས་པ་མཚན་མཐུན་པས་རེག་ཏུ་མི་རུང་ངོ་ཞེས་བཀག་པའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། ལུང་ལས། བཟའ་བར་མི་སེམས་པ་ལ་བྱིན་ལེན་མེད་ཅེས་གསུངས་པ་ནི་བཟའ་བའི་ཆེད་ཀྱི་བྱིན་ལེན་མེད་པ་ལ་དགོངས་ཏེ། དེ་ལྟར་མ་ཡིན་ན་སྣར་བླུགས་པ་ལ་བྱིན་ལེན་མི་ཐོབ་པར་ཐལ། བཟའ་བར་མི་སེམས་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །འདོད་ན། ཕྲན་ཚེགས་ལས། བྱིན་ལེན་བྱས་ན་སྣར་བླུག་པར་བྱའོ་ཞེས་གསུངས་སོ། །ཐག་པ་ནས་བཟུང་བར་གསུངས་པ་དེ་ཡང་འབྲས་ཀྱི་ཁུར་ཚའི་ཐག་པ་ནས་དགེ་ཚུལ་ཆུང་ངུས་བཟུང་བ་སྟེ་འབྲས་ཀྱི་ཁུར་དགེ་སློང་གིས་ཁུར་ཏེ་ཆུ་ཀླུང་བརྒལ་བ་ལྟ་བུ་ལ་(༨༦བ)


K8Z003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་འདེགས་མི་ནུས་པས་བྱིན་ལེན་བྱ་བར་མི་ནུས་ལ་ཐག་པ་ནས་འཛིན་ནུས་པའི་ཕྱིར་དང་། བྱིན་ལེན་སྟོབ་པར་མི་སྤྲོ་ཡང་ཐག་པ་ནས་འཛིན་པར་སྤྲོ་བ་ཡང་སྲིད་པས་སྐྱོན་མེད་ཅེས་མཚོ་སྣ་བ་ཆེན་པོས་གསུངས་ཀྱང་། འདི་ཙམ་གྱིས་དེ་ལྟར་རེག་པའི་ཚེ་ལག་ཉའི་ཉེས་བྱས་བསྐྱེད་པའི་སྐྱོན་སེལ་དུ་མ་བཏུབ་པས་དམིགས་བསལ་གཅིག་ཏུ་འོང་བ་འདྲའོ། །གཉིས་པ་མཚམས་སུ་བཅོས་པའི་ཉེས་བྱས་འཆད་དེ། འདིའི་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གནས་ཀྱི་ཁྱད་པར་རང་ངམ་རང་དང་འདྲ་བས་དབང་ཞིང་རུང་ཁང་མ་ཡིན་པའི་རང་བཞིན་གྱི་མཚམས་དེའི་ཉེ་འཁོར་དུ་དངོས་པོའི་ཁྱད་པར་རང་ངམ་རང་དང་འདྲ་བ་དབང་བའི་རྗེན་པ། ཆེད་དུ་བྱ་བའི་ཁྱད་པར་རང་ངམ་རང་དང་འདྲ་བས་ལོངས་སྤྱད་པའི་ཆེད་དུ་མེ་དང་འབྲེལ་བས་རེག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །དེའི་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་བཙོ་བའི་གནས་དང་། གང་བཙོ་བའི་དངོས་པོ་དང་། གང་གིས་འཚེད་པའི་རྟེན་ནོ། །དང་པོ་ལ་གསུམ་ལས། རང་བཞིན་གྱི་མཚམས་སམ་དེའི་ཉེ་འཁོར་ཡིན་པ་སྟེ་འོག་ཏུ་རྒྱས་པར་འཆད་པར་འགྱུར་རོ། །དགེ་སློང་རང་ངམ་རང་དང་འདྲ་བས་དབང་བ་སྟེ། ཁྱིམ་པ་ལ་སོགས་གཞན་དབང་བར་ནི་མཚམས་བཙོས་སུ་མི་འགྱུར་ཏེ་གཞན་གནས་པ་ཉིད་ནི་གཞན་གྱི་གནས་ཉིད་མ་ཡིན་ཅེས་གསུངས་སོ། །རུང་ཁང་བྱིན་གྱིས་བརླབས་པ་མ་ཡིན་པ་སྟེ། རུང་བ་ཉིད་དུ་བྱིན་གྱིས་བརླབས་པར་བཙོས་པ་དང་ཞེས་གསུངས་པས་སོ། །གཉིས་པ་གང་བཙོ་བའི་དངོས་པོ་ལ་བདུན་ལས། སྨན་བཞི་ལས། གང་ཡང་རུང་བ་ཡིན་པ་དང་། དགེ་སློང་རང་ངམ་རང་དང་འདྲ་བ་དབང་བ་དང་། སྨན་ཆུད་འཛའ་བའི་རྐྱེན་དང་མི་ལྡན་པ་དང་། སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་དང་། རུང་བ་དང་ཚད་དང་ལྡན་པ་(༨༧ན)


K8Z003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ནི་སྔར་བཤད་པ་བཞིན་ཡིན་ལ། རྗེན་པ་ཡིན་པ་སྟེ། འདིར་རྗེན་པ་བཙོས་པ་གང་ཡིན་པ་ནི་དེའོ་ཞེས་གསུངས་སོ། །གསུམ་པ་གང་གིས་འཚེད་པའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་རང་ངམ་རང་དང་འདྲ་བས་ལོངས་སྤྱོད་པའི་ཆེད་དུ་འཚེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་མཚམས་སུ་འཚེད་པར་ཞུགས་པའོ། །མཐར་ཐུག་ནི་མེས་རེག་པའོ། །གསུམ་པ་ཞག་ལོན་པའི་ཉེས་བྱས་འཆད་དེ། འདིའི་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ངམ་རང་དང་འདྲ་བས་དབང་བའི་གནས་ཡིན་ཅིང་། རུང་ཁང་མ་ཡིན་པའི་རང་བཞིན་གྱི་མཚམས་དེའི་འཁོར་དུ་སྨན་བཞི་ལས་གང་ཡང་རུང་བ་བཞག་སྟེ་མཚན་མོ་འདས་པའི་ཉེས་བྱས་ཡོངས་སུ་རྫོགས་པའོ། །དེའི་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་བཞག་པའི་གནས་ནི་སྔ་མ་བཞིན་ནོ། །གང་བཞག་པའི་དངོས་པོ་ནི། དངོས་པོ་ཆོས་དྲུག་ལྡན་ཏེ། སྔར་མཚམས་བཙོས་ཀྱི་དངོས་པོ་ཆོས་བདུན་ལྡན་ལས་འདིར་རྗེན་པ་མ་གཏོགས་པ་དྲུག་སྔར་བཞིན་ནོ། །གང་གིས་འཇོག་པའི་རྟེན་ནི། གནང་བའི་རྐྱེན་ཅན་མ་ཡིན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་མཚམས་དེར་འཇོག་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འཇོག་པར་བྱེད་པའོ། །མཐར་ཐུག་ནི་མཚན་མོའི་མཐའི་སྐད་ཅིག་གོ། །བཞི་པར་དགེ་སློང་གིས་རྗེན་པ་བཙོས་པའི་ཉེས་བྱས་འཆད་དེ། འདིའི་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རྗེན་པ་མཚན་ཉིད་དང་ལྡན་པ་དགེ་སློང་རང་ངམ། རང་དང་འདྲ་བས་བཟའ་བའི་དོན་དུ་མེས་རེག་པ་ལས་གྱུར་པའི་ཉེས་བྱས་ཡོངས་སུ་རྫོགས་པའོ། །དེའི་ཡན་ལག་ལ་བཞི་ལས། (༨༧བ)


K8Z003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་ཡན་ལག་གོ། །དེ་ལ་གཉིས་ལས། གང་བཙོ་བའི་དངོས་པོ་ཆོས་བདུན་ལྡན་སྔར་མཚམས་བཙོས་དང་འདྲའོ། །གང་གིས་འཚེད་པའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་རང་ངམ། རང་དང་འདྲ་བས་ལོངས་སྤྱོད་པའི་ཆེད་དུ་འཚེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རྗེན་པ་འཚེད་པར་བྱེད་པའོ། །མཐར་ཐུག་ནི་མེས་རེག་པའོ། །ལྔ་པ་ལག་ཉར་བླངས་པ་ལ་སོགས་བཞི་པོ་དེ་རྣམས་ཟ་བའི་ཉེས་བྱས་བཞི་འཆད་དེ། འདི་རྣམས་ཀྱི་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྨན་བཞི་ལས་གང་ཡང་རུང་བ་ལག་ཉ་ལ་སོགས་པའི་སྐྱོན་ཆགས་པ་མགུལ་དུ་མིད་པ་ལ་སོགས་པའི་ཉེས་བྱས་ཡོངས་སུ་རྫོགས་པའོ། །དེའི་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ། །དེ་ལ་གསུམ་ལས། གང་ཟ་བའི་དངོས་པོ་ལ་ལྔ་སྟེ། སྨན་བཞི་ལས་གང་ཡང་རུང་བ་ཡིན་པ་དང་། སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་ཡིན་པ་དང་། གཞི་གཞན་གྱི་སྒོ་ནས་རུང་བ་དང་། ཚད་དང་ལྡན་པ་སྟེ་བཞི་ནི་སྔར་བཤད་པ་བཞིན་དང་། འདིར་ལག་ཉ་ལ་སོགས་པ་རང་རང་གི་སྐྱོན་ཆགས་པ་མ་ཡིན་པ་སྟེ་སྐབས་ཀྱིས་གྲུབ་བོ། །གང་གི་ཚེ་བཟའ་བའི་དུས་ནི་མུ་གེའི་དུས་མ་ཡིན་པའོ། །གང་གིས་བཟའ་བའི་རྟེན་ནི། ཟས་ཀྱིས་ཤིན་ཏུ་ཕོངས་པའི་རྐྱེན་ལྡན་མ་ཡིན་པ་དང་། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། སྔ་མའི་གཞུང་ནི་ཤིན་ཏུ་བཀྲེས་པ་ཉིད་ནའོ་ཞེས་དགེ་སློང་ལུང་སྟོང་དུ་ཞག་གྲངས་མང་པོར་ཟས་མེད་པར་འཁྱམས་པ་ཤིན་ཏུ་བཀྲེས་པ་ཉིད་ལ་ལག་ཉར་བླངས་པ་ལ་སོགས་པ་བཟར་གནང་བར་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཟ་(༨༨ན)


K8Z003_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པ་སྟེ། མཐར་ཐུག་ནི་མགུལ་དུ་མིད་པའོ། །འདིར་སྨྲས་པ། བུང་བའི་གདུབ་ཀོར་གཡོ་བའི་ཨུཏྤལ་བུ་མོའི་གཞིར། །མ་རྒད་ལས་ཀྱང་འཚེར་བའི་གཙུག་གི་ནོར་བུ་གང་། །ལེགས་པར་བརྟགས་ན་ནོར་བུར་མ་འཚལ་འཕགས་མའི་ཞབས། །རྡོ་རྗེ་སྒྲོལ་མར་ལགས་ན་བདག་ལ་ངག་དབང་སྩོལ། །གཉིས་པ་ནི། ལག་ཉར་བླང་བ་ནི་བྱིན་ལེན་མ་བྱས་པར་དགེ་སློང་གིས་དགེ་སློང་གི་ཟས་ལ་རེག་པ་སྟེ་ཟས་དེ་དགེ་སློང་གིས་མིད་པར་མི་བྱའོ། །རུང་ཁང་ལས་གཞན་པ་དགེ་སློང་གི་གནས་རང་བཞིན་གྱི་མཚམས་ཀྱི་ནང་དུ་རྗེན་པ་བཙོས་པ་དང་ཞག་ལོན་པ་ཡང་མིད་པར་མི་བྱའོ་ཞེས་སྦྱར་རོ། །སྐབས་འདིར་ཊཱི་ཀ་ལས་འབྱུང་བའི་དགོངས་པ་བཤད་ན་རུང་ཁང་མ་བཅད་པའི་གཙུག་ལག་ཁང་ལྟ་བུ་རུང་བ་མ་ཡིན་པའི་ས་གཞིར་སྦྱིན་བདག་གིས་བཙོས་པའམ་དེར་ཞག་ལོན་པར་བཞག་པ་འབུལ་བར་བྱེད་པ་དེ་ལ་ནི་ཉེས་པ་མེད་དོ། །རུང་ཁང་ཡིན་པའི་གཙུག་ལག་ཁང་དུ་སྦྱིན་བདག་གིས་མར་དང་འབྲས་ལ་སོགས་པ་བསམ་པ་ཐག་པ་ནས་ཕུལ་ལ། རང་འོངས་ནས་བྲིམ་མོ་ཞེས་ཟེར་བ་ལས་གཙུག་ལག་ཁང་དུ་བཙོས་པ་དང་། ཞག་ལོན་པར་བཞག་པ་དགེ་འདུན་ལ་འབྲིམ་པར་བྱེད་པ་དེ་ལ་ནི་མཚམས་བཙོས་ཞག་ལོན་ཟ་བའི་ཉེས་པར་འགྱུར་ཏེ། དང་པོ་ཁོ་ནར་དགེ་འདུན་གྱིས་བདག་གིར་བྱས་པའི་ཕྱིར་རོ། །དགེ་སློང་གིས་གྲོང་དུ་མཛོད་དང་བང་བ་ལ་སོགས་པ་བྱས་ཏེ་གྲོང་དེར་དགེ་སློང་གིས་ཉིན་མཚན་དུ་གནས་ན། དེ་ནི་དགེ་སློང་གི་གནས་ཉིད་ཡིན་པས་དེར་བཙོས་པ་དང་ཞག་ལོན་དུ་བཞག་པ་ལ་ཉེས་པ་བསྐྱེད་ལ། གྲོང་དེར་དགེ་སློང་མི་གནས་ན་ནི་དེར་བཙོས་པ་དང་ཞག་ལོན་པར་བཞག་ཀྱང་དེ་དགེ་སློང་གིས་ཟ་བ་ལ་ཉེས་པ་མེད་དོ། །གཙུག་ལག་ཁང་གི་གནས་ཁང་འགའ་ཞིག་ཏུ་ཁང་པའི་བདག་པོ་ཁྱིམ་པས་གནས་(༨༨བ)


K8Z003_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དགེ་སློང་སུ་ཡང་གནས་པར་མི་བྱའོ། །ཞེས་བྱ་བ་དེ་ནི་དགེ་སློང་གི་གནས་ཉིད་མ་ཡིན་པས་དེར་བཙོས་པ་དང་ཞག་ལོན་པར་བཞག་ཀྱང་ཉེས་པ་མེད་དོ། །གཙུག་ལག་ཁང་སྟོང་པར་ནི་ངལ་གསོ་བའི་ཕྱིར་ཞག་འགའ་ཙམ་དགེ་སློང་གནས་ན་དགེ་སློང་གི་གནས་ཡིན་པས་དེར་མཚམས་བཙོས་དང་ཞག་ལོན་དུ་འགྱུར་ལ། མི་གནས་ན་དེ་ལྟར་མ་ཡིན་པའོ་ཞེས་འབྱུང་བ་ཡིན་ནོ། །དགེ་སློང་གིས་བཙོས་པ་ཡང་མིད་པར་མི་བྱའོ་ཞེས་སྦྱར་ཏེ་མཚམས་ཀྱི་ནང་ཡང་རུང་ཕྱི་རོལ་ཡང་རུང་སྟེ་དགེ་སློང་གིས་བཙོས་ནའོ། །མཚམས་ཀྱི་ནང་དུ་བཙོས་པ་དང་དགེ་སློང་གིས་བཙོས་པའི་སྐབས་གཉིས་པོ་འདིར་རྗེན་པ་བཙོས་པ་གང་ཡིན་པ་ནི། མཚམས་བཙོས་དང་དགེ་སློང་གིས་བཙོས་པ་དེ་ཡིན་པའོ། །འདིར་རྒྱ་ན་རེ། འོ་མ་བསྐོལ་བ་རྗེན་པ་དང་བྲལ་ཡང་དེ་ལས་ཕྱུང་བའི་མར་དེ་རྗེན་པར་གྱུར་པ་ཡིན་ཏེ། སྨན་གྱི་དངོས་པོར་གྱུར་པས་སྔར་གྱི་བཙོས་པ་ཞིག་པའི་ཕྱིར་ཏེ། དཔེར་ན་འོ་མ་བྱིན་ལེན་བྱས་པ་ལས་མར་ཕྱུང་ན་སྨན་གྱི་དངོས་པོར་གྱུར་པས་སྔར་གྱི་བྱིན་ལེན་ཞིག་པ་དང་མཚུངས་སོ། །དེས་ན་འོ་མ་བསྐོལ་བ་ལས་བྱུང་བའི་མར་དེ་དགེ་སློང་གིས་བསྐོལ་ན་རྗེན་འཚེད་ཀྱི་ཉེས་པ་བསྐྱེད་དོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། ཆོ་གའི་རྣམ་གཞག་དང་དངོས་པོའི་ཆོས་གཉིས་ཐ་དད་དེ། འོ་མ་ལས་མར་དུ་གྱུར་ན་བྱིན་ལེན་ལ་སོགས་པ་ཆོ་གའི་རྣམ་བཞག་ཞིག་མོད་ཀྱང་བཙོས་པ་ཞིག་པ་མི་འཐད་དེ། སྔར་འོ་མའི་དུས་ན་བཙོས་པས་རྗེན་པ་དང་བྲལ་བ་དེ་ཕྱིས་རྗེན་པར་གྱུར་པ་མི་འཐད་པའི་ཕྱིར་དང་། རྗེན་པ་ཡིན་མིན་ནི་ཆོ་གའི་རྣམ་གཞག་མ་ཡིན་གྱི། དངོས་པོའི་ཆོས་ཡིན་པའི་ཕྱིར་རོ། །སྦྱིན་པའི་བྱེ་བྲག་ཤ་བཙོས་པ་དེ་བསྲེགས་ཏེ་ཐལ་བར་གྱུར་པ་ཆོས་ཅན། རྗེན་པར་གྱུར་པ་ཡིན་པར་ཐལ། སྨན་གྱི་དངོས་པོར་གྱུར་པས་སྔར་གྱི་བཙོས་པ་ཞིག་པའི་ཕྱིར་ཞེས་(༨༩ན)


K8Z003_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་སོ། །འདོད་ན། ཤ་བཙོས་པ་རྗེན་པར་འགྱུར་བ་འགལ་ལོ། །མེས་བསྲེགས་པའི་ཐལ་བ་བཙོས་པས་རྗེན་འཚེད་ཀྱི་ཉེས་པ་བསྐྱེད་པ་འགལ་ཅེས་གསུངས་སོ། །གཉིས་པ་ལ། ཆ་ལ་བརྟེན་པའི་བྱེ་བྲག་བརྗོད། །ཆ་དང་ཆ་ཅན་ཟུང་དུ་བསྟན། །སེལ་བ་ཞར་བྱུང་བཅས་ཏེ་བརྗོད། །དོགས་གཅོད་ཞར་བྱུང་དང་བཅས་བསྟན། །དམིགས་བསལ་ཞར་གྱུར་དང་བཅས་པའོ། །དང་པོ་ནི། ཏིལ་དང་འབྲས་དང་ཤ་སྐམ་ལ་སོགས་པ་མི་སྙི་བ་སྲ་བ་རྣམས་ཀྱི་རྗེན་པའི་ཚད་ནི་སུམ་ཆ་བངས་པ་ཞེས་ཆུ་གྲང་གིས་སུམ་ཆ་བངས་པས་མ་ཡིན་གྱི། མེ་དང་འབྲེལ་བས་བཙོས་པས་སུམ་ཆ་བངས་པ་ཉིད་ཀྱི་མདུན་རོལ་དུ་རྗེན་པ་དེ་ཉིད་ཡིན་ནོ། །སུམ་ཆ་ཞེས་པ་འདི་ཕྱོགས་གཅིག་ཏུ་བསྡུས་པའི་སུམ་ཆ་ཡིན་ཅེས་ཚ་རོང་བ་ཟེར་ཡང་མི་རིགས་ཏེ། འཇིག་རྟེན་པའི་གྲགས་པ་དང་། འཕགས་པའི་གྲགས་པ་གཉིས་ཀ་དང་མི་མཐུན་པའི་ཕྱིར། ཊཱི་ཀ་ལས། བྱེད་བྱས་པ་ནི་བྱས་པ་ཉིད་ཡིན་ནོ་ཞེས་འཇིག་རྟེན་པའི་གྲགས་པ་ཡིན་ལ། ཕལ་ཆེར་བྱས་པ་ནི་བྱས་པ་ཉིད་ཡིན་ནོ་ཞེས་འཕགས་པའི་གྲགས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། དེས་ན་ཤ་དང་། རྒྱ་རྣམས་ན་རེ། འདི་ནི་ཕྱོགས་ཕྱོགས་ནས་སུམ་ཆ་བངས་པ་སྟེ་ཕལ་ཆེར་བངས་པ་ཡིན་པའི་ཕྱིར། འཕགས་པའི་གྲགས་པ་དང་མཐུན་ཅིང་། ཡོན་ཏན་འོད་མར། སུམ་གཉིས་ཚོས་ཤིང་འཇམ་པོ་མུལ་མུལ་པོར་འགྱུར་བ་ཞེས་བཤད་དོ། །ལོ་མ་ལ་སོགས་པ་སྙི་བ་རྣམས་ཀྱི་རྗེན་པའི་ཚད་ནི་ཁ་དོག་འགྱུར་བའི་མདུན་རོལ་དུ་རྗེན་པ་དེ་ཉིད་ཡིན་ནོ། །འོ་མ་ལ་སོགས་པ་ཁུ་བ་རྣམས་ཀྱི་རྗེན་པའི་ཚད་ནི་ལན་གཉིས་ཁོལ་བར་གྱུར་པ་ཉིད་ཀྱི་མདུན་རོལ་དུ་རྗེན་པ་དེ་ཉིད་ཡིན་ནོ། །རྒུན་འབྲུམ་ལ་སོགས་པ་མེས་རུང་བ་བྱས་པ་ནི་མ་བཙོས་པ་མ་ཡིན་ནོ། །དེས་ན་མཚམས་ཀྱི་ནང་དུ་མེས་རུང་བ་མི་བྱ་ཞིང་དགེ་སློང་གིས་མེས་རུང་བ་མི་བྱ་སྟེ། (༨༩བ)


K8Z003_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བཙོས་དང་དགེ་སློང་གིས་བཙོས་པའི་ཉེས་བྱས་སུ་འགྱུར་བའི་ཕྱིར། དེ་ཡང་མེས་རུང་བར་བྱས་ན་མེས་རེག་པ་ཙམ་གྱིས་རྗེན་པ་བཙོས་པའི་ཉེས་པར་འགྱུར་གྱི། ཚོས་ཟིན་པ་ལ་ནི་མི་བལྟོས་སོ། །ཤིང་ཏོག་ལ་སོགས་པ་རུང་ཁང་བཅད་པའི་ས་ན་འདུག་པའི་རུང་བའི་སར་འགྲུབ་པ་ཉིད་རྩ་བ་དང་སྡོང་བུ་རུང་ཁང་མ་བཅད་པའི་ས་ན་འདུག་པ་ལས་སྐྱེ་བ་ལ་རག་ལས་པ་ནི་འབྲས་བུ་དེ་ཞག་མ་ལོན་པ་ཉིད་མ་ཡིན་ནོ་ཞེས་པས། འབྲས་བུ་དེ་ཞག་ལོན་པ་ཉིད་ཡིན་ཏེ། མི་རུང་བའི་ས་ན་ཞག་མང་དུ་གནས་པའི་རྩ་བ་ལ་རག་ལས་པའི་ཕྱིར། དེ་བཞིན་དུ་མཚམས་ཀྱི་ནང་དུ་ཞག་ལོན་པའི་བ་ལས་བྱུང་བའི་འོ་མ་ཡང་ཞག་ལོན་པ་ཉིད་ཡིན་ནོ། །ཞག་ལོན་པའི་འོ་མ་ལས་གྱུར་པའི་ཞོ་ཡང་ཞག་ལོན་པ་ཉིད་ཡིན་ཏེ། དུས་སུ་རུང་བའི་གནས་སྐབས་ལས་གཞན་དུ་མ་གྱུར་པའི་ཕྱིར། ཞག་ལོན་པའི་འོ་མ་དང་ཞོ་ལས་གྱུར་པའི་མར་དང་ཆུར་ཁུ་ནི་ཞག་ལོན་ཞིག་པ་སྟེ། སྨན་གྱི་རིགས་གཞན་དུ་གྱུར་བའི་ཕྱིར་རོ། །མཚམས་ནང་དུ་ཞག་ལོན་པའི་ས་བོན་མཚམས་ཕྱི་རོལ་དུ་བཏབ་པ་ལས་མྱུ་གུ་སྐྱེས་པ་དེ་ནི་ཞག་ལོན་ཞིག་པ་སྟེ་སྐྱེ་བ་གཞན་ཡིན་པའི་ཕྱིར་རོ། །ཞེས་བཤད་པ་དེ་རྣམས་ཊཱི་ཀ་ལས་འབྱུང་བ་ལྟར་རོ། །འཚེད་པར་བྱེད་པའི་གང་ཟག་དེ་མཚམས་ཀྱི་ཕྱིར་རོལ་ན་འདུག་གམ་རུང་ཁང་ན་འདུག་ཀྱང་བཙོ་བར་བྱ་བའི་རྫས་ཀྱི་སྣོད་ནི་རུང་ཁང་མ་བཅད་པའི་མཚམས་ནང་གི་ཕྱོགས་ན་འདུག་ན་རྒྱུ་དེས་ཀྱང་མཚམས་ནང་གི་ས་དེར་རྫས་དེ་བཙོས་པའི་ཉེས་པར་འགྱུར་བ་ཉིད་ཡིན་ནོ། །འཚོད་པར་བྱེད་པའི་གང་ཟག་དང་། བཙོ་བར་བྱ་བའི་རྫས་གཉིས་ཀ་མཚམས་ནང་ན་འདུག་པ་ཁོ་ནར་མ་ཟད་པའོ། །ཊཱི་ཀར། བརྒྱུད་པའི་ཚུལ་གྱིས་ཀྱང་རུང་བ་མ་ཡིན་པའི་སར་བཙོས་པར་འགྱུར་བ་ཡོད་དེ། དཔེར་ན་རུང་བ་མ་ཡིན་པའི་སར་འདབ་མ་དག་གི་སྟེང་དུ་སྒྱེད་པོ་(༩༠ན)


K8Z003_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་ལྕགས་སྒྱེད་རྐང་པ་གསུམ་པ་ལ་སོགས་པ་བཙུགས་པའི་སྟེང་དུ་ཕྲུ་བ་ལ་སོགས་པའི་སྣོད་བཞག་པའི་ནང་དུ་ཤ་ལ་སོགས་པ་བཙོས་ན་དེ་ཡང་རུང་བ་མ་ཡིན་པར་འགྱུར་བ་ལྟ་བུའོ་ཞེས་སོ། །བཙོ་བྱ་རྫས་དེ་མཚམས་ཀྱི་ཕྱི་རོལ་ན་འདུག་པ་བཙོས་ན་ཕྱེད་པར་བྱེད་པའི་གང་ཟག་མཚམས་ཀྱི་ནང་དེ་ན་འདུག་པ་ཉིད་ཀྱིས་ནི་རྫས་དེ་མཚམས་ཀྱི་ནང་དུ་བཙོས་པར་མི་འགྱུར་རོ། །མེ་མདག་ནི་སྣོད་དང་འདྲ་བ་མ་ཡིན་པ་ཉིད་མ་ཡིན་ནོ། །དེའང་མཚམས་ཀྱི་ནང་ན་འདུག་པའི་མེ་མདག་གི་སྟེང་དུ་རྫས་བསྲེགས་པ་ནི་མཚམས་ཀྱི་ནང་དུ་བཙོས་པ་ཉིད་ཡིན་ནོ། །མེ་ལྕེའི་སྟེང་དུ་བསྲེག་པ་ནི་མ་ཡིན་ཏེ་མེ་ལྕེ་ནི་ནམ་མཁའ་དང་འདྲ་བ་ཉིད་ཡིན་པའི་ཕྱིར་ཞེས་ཊཱི་ཀ་ལས་བཤད་དེ། བམ་པོ་ལྔ་བཅུ་པ་ལས་ཀྱང་། མེ་ལྕེ་ལ་བསྲེགས་པ་ནི་ནང་དུ་བཙོས་པ་ཉིད་མ་ཡིན་པས་ཉེས་པ་མེད་དོ་ཞེས་སོ། །མཚམས་ནང་གི་མེ་དེ་ལས་རྩོལ་བས་ཕྱིར་ཕྱུང་བ་སྟེ་བོང་བ་ལ་སོགས་པ་དག་གིས་མེ་ཕྱིར་ཕྱུང་བ་དང་། མེ་མདག་དྲིལ་ཏམ་མེ་ལྕེ་རླུང་གིས་ཁྱེར་ཏེ་བྱུང་བ་སྟེ་མེ་དེ་མཚམས་ཕྱི་རོལ་དུ་བྱུང་བའམ་རུང་ཁང་དུ་བྱུང་བའི་མེ་དེས་དེར་བཙོས་པ་དག་ནི་མཚམས་ཀྱི་ནང་དུ་བཙོས་པའི་ཉེས་པར་མི་འགྱུར་ཏེ། གང་དུ་བཙོས་པའི་གནས་དེ་མི་རུང་བའི་གནས་དེ་ཉིད་མ་ཡིན་པའི་ཕྱིར་རོ། །ངག་དོན་མེ་དང་པོ་མཚམས་ནང་ནས་བྱུང་ཡང་དེའི་མཚམས་གཞན་དུ་བཙོས་པས་མཚམས་བཙོས་ཀྱི་ཉེས་པ་མེད་དོ། །རུང་ཁང་མ་བཅད་པའི་མཚམས་ནང་གི་ཉེ་འཁོར་ནི་གནས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །དེའི་ཕྱིར་ཉེ་འཁོར་དུ་ཟས་བཙོས་ན་མཚམས་བཙོས་དང་། དེར་ཟས་བཞག་ན་ཡང་ཞག་ལོན་དུ་འགྱུར་རོ། །ཉེ་འཁོར་གྱི་ཚད་ནི་རྩིག་པའི་ཕྱི་རོལ་འདོམ་གང་ཚུན་ཆད་དོ། །གལ་ཏེ་རུང་ཁང་བཅད་ན་ནི་ཉེ་འཁོར་འདོམ་གང་ཡང་རུང་ཁང་ཉིད་ཡིན་ཏེ། ནང་མཚམས་(༩༠བ)


K8Z003_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱིའོ་ཞེས་ལས་ཀྱི་ཆོ་ག་ལས་གསུངས་སོ། །རྩིག་པས་བསྐོར་ཏེ་སྟེང་གཡོགས་མེད་པའི་གནས་ལ་ནི་སྟེང་དུ་ནམ་མཁའ་ལ་མགོ་བོས་སླེབས་པ་མན་ཆད་གནས་ཡིན་ཏེ། དེ་མན་ཆད་དུ་མཚམས་བཙོས་དང་ཞག་ལོན་དུ་འགྱུར་ལ། དེ་ཡན་དུ་དེ་དག་ཏུ་མི་འགྱུར་རོ། །སྟེང་གཡོགས་པའི་གནས་ཀྱི་ནང་གི་ནམ་མཁའ་ཡང་ངོ་སྟེ་གནས་ཡིན་པས་དེར་ཉེས་བྱས་དེ་དག་བསྐྱེད་དོ། །འོག་ཁང་རུང་བའི་ཁང་པ་ལགས་ན་སྟེང་གི་ཡང་ཐོག་གཞན་ཡང་རུང་བའི་ཁང་པ་དེ་ཉིད་ཡིན་ནོ། །འོག་ཁང་དགེ་སློང་དབང་ལ་སྟེང་གི་ཡང་ཐོག་ཁྱིམ་པ་དབང་བ་ལྟ་བུ་མ་ཡིན་ནོ། །དགེ་སློང་གི་གནས་སམ་དགེ་འདུན་གྱི་གནས་སུ་གཞན་ཁྱིམ་པ་ཁ་དྲག་པོ་ཞིག་གིས་དབང་བྱས་ཏེ་ཁྱིམ་པ་དེ་གནས་པ་ཉིད་ནི་དགེ་སློང་དག་གནས་དེ་ན་གནས་ཀྱང་ཁྱིམ་པ་ལས་གཞན་དགེ་སློང་གི་གནས་ཉིད་མ་ཡིན་པས་དེར་ཡང་མཚམས་བཙོས་དང་ཞག་ལོན་གྱི་ཉེས་བྱས་མི་བསྐྱེད་དོ། །གཞུང་འདི་ནི་བསྙེན་པར་རྫོགས་པ་དང་མ་རྫོགས་པ་ཐུན་མོང་གི་གནས་ལ་བསྙེན་པར་མ་རྫོགས་པ་དབང་ཆེ་བའི་དབང་དུ་མཛད་དོ། །འོན་ཀྱང་ཊཱི་ཀ་ལས། དགེ་སློང་གི་གནས་སམ་དགེ་སློང་གི་དགེ་འདུན་གྱི་གནས་ན་དགེ་ཚུལ་ཇི་ཙམ་གནས་ཀྱང་དགེ་སློང་གི་གནས་ཉིད་ཡིན་ཏེ། དགེ་ཚུལ་རྣམས་ནི་དགེ་སློང་གི་འཁོར་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གཞུང་འདིའི་དངོས་ཤུགས་ཀྱི་བཅས་པ་བཞི་བསྟན་ཏེ། འདི་ལྟར་ལག་ཉར་བླངས་པ་དང་། ནང་དུ་བཙོས་པ་དང་། དགེ་སློང་གིས་བཙོས་པ་དེ་དག་མུ་གེ་མ་བྱུང་བའི་དུས་ཀྱི་ཕྱིར་དགག་པ་མཛད་ཅེས་པས་མུ་གེའི་དུས་ཀྱི་ཕྱིར་གནང་བ་མཛད་ཅེས་ཤུགས་ཀྱིས་བསྟན་ཏོ། །གསོག་འཇོག་ཏུ་འཇོག་པ་ནི་མུ་གེའི་དུས་ཡིན་པའི་དུས་ཀྱི་ཕྱིར་ཡང་དགག་པ་མཛད་དེ། གསོག་འཇོག་(༩༡ན)


K8Z003_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཉེས་པ་བསྐྱེད་པར་འགྱུར་བ་ཡིན་ལ། འཚོ་བའི་བར་དུ་བཅང་བ་བྱིན་གྱིས་བརླབས་པ་དག་ནི་མ་བསྡུས་པ་ཉིད་ཡིན་ཏེ། བྱིན་གྱིས་བརླབས་པས་གསོག་འཇོག་གི་ཉེས་པ་ཁེགས་པའི་ཕྱིར་རོ། །ཐུན་ཚོད་དུ་རུང་བ་དང་ཞག་བདུན་པ་བྱིན་གྱིས་བརླབས་པ་ལ་ཡང་དེ་དང་མཚུངས་ཞེས་ཤ་སྦལ་དག་འཆད་དོ། །གསུམ་པ་ལ། ཚད་ཀྱི་སེལ་བ་ཞན་བྱུང་བསྟན། །ངོ་བོའི་སེལ་བ་ཞར་བྱུང་བརྗོད། །དང་པོ་ནི། ལྷུང་བཟེད་ལ་སོགས་པ་ལ་ཟས་གསོག་འཇོག་བྱས་པའི་སྐྱོ་མ་ལྟ་བུ་ཅུང་ཟད་ཙམ་གྱིས་འབགས་ཏེ་འབྱར་བ་ནི་ཟས་ཚད་ལོངས་ཀྱི་ཕྱེད་ཉིད་ཡིན་པས་དེ་དགེ་སློང་གིས་ཟན་ལྟུང་བྱེད་ཀྱི་ཕྱེད་ཉེས་བྱས་བསྐྱེད་པའོ། །འདི་ནི་ལུང་རྣམ་འབྱེད་ལས། དགེ་སློང་གིས་ལྷུང་བཟེད་དང་ཁ་བཟར་དང་ལྡེའུ་མིག་ཀྱོག་པོ་གསོག་འཇོག་ཏུ་བྱས་ནས་འབགས་པ་ཟ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་ཏེ། ལྟུང་བྱེད་དུ་མི་འགྱུར་བ་ནི་ཟས་ཁམ་དུ་མ་ལོངས་པས་ཚད་དང་ལྡན་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །དེང་སང་བཟའ་བཏུང་བྱེད་པ་ན་སྔ་ཆབ་ལེན་པ་དང་། ཕྱི་ཆབ་ལེན་པ་སོགས་ཀྱི་ཆོ་ག་མདོ་གསུམ་གྱིས་རྒྱས་པར་སྟོན་ཏེ། ཁའི་དྲི་མ་དང་ཁ་ཟས་ཀྱི་ཚིགས་མ་ཁའི་གསེབ་ཏུ་ཆགས་པ་ཐུན་འདས་ན་གསོག་འཇོག་ཏུ་འགྱུར་བའི་ཁའི་ནང་མ་དག་པ་ཁ་དྲི་མ་ཅན་གྱི་བཟའ་བཟོས་པ་དང་བཏུང་བ་འཐུངས་པ་དག་ཀྱང་ཟས་ཀྱི་ཕྱེད་ཉིད་དེ་ཉེས་བྱས་སོ། །འདི་ནི་ལུང་རྣམ་འབྱེད་ལས། དགེ་སློང་གིས་ཁ་མ་བཀྲུས་པར་སྐོམ་འཐུངས་ན་ཉེས་བྱས་སོ་ཞེས་གསུངས་སོ། །ཁ་དེའི་ཕྱི་རོལ་མཆུ་གཉིས་ནི་ལྕི་བའི་སས་ཀུན་ནས་དྲུད་དེ་ཆུ་བཤལ་ན་དག་པ་ཡིན་ནོ། །ཁའི་ནང་གི་ཆུ་ཁུར་བ་དོའམ་གསུམ་གྱིས་བཤལ་ན་དག་པ་ཡིན་ནོ། །བི་མ་ལས། ཁའི་ནང་ནི་ནངས་པར་དང་དྲོ་ཟོས་པའི་འོག་ཏུ་སོ་(༩༡བ)


K8Z003_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཟོས་ལ་ལན་གསུམ་ཆུས་དག་པར་བཀྲུའོ། །ཕྱི་དྲོ་སྐོམ་འཐུངས་ནའང་ཁ་ལན་གསུམ་དུ་ཆུས་དག་པར་བཀྲུའོ་ཞེས་སོ། །ལྷུང་བཟེད་ནི་བསམ་པ་དག་པས་ལན་གཉིས་ལན་གསུམ་བཀྲུ་བཤལ་བྱས་ན་ལྷུང་བཟེད་ལ་སོར་མོས་སྒྲ་འབྱིན་པར་བྱེད་པ་ན་སྒྲ་མི་སྙན་ཏེ་སྒྲ་སྙན་ཅིང་སང་སང་པོ་མ་བྱུང་དུ་ཟིན་ཀྱང་དག་པ་ཡིན་ནོ། །ལྷུང་བཟེད་དག་པར་བྱས་པས་རྩི་ལངས་པ་ནི་ཆུད་ཟ་བ་མ་སྤངས་པའི་ཉེས་པ་མེད་དོ། །ལྷུང་བཟེད་ལ་ཟས་ཀྱིས་གོས་པའམ་འབགས་པ་མེད་པར་ནི་བཟའ་བར་བྱ་བ་ལ་ལྷུང་བཟེད་རེག་པ་ལ་ཡང་ཉེས་པ་མེད་དོ། །ལྷུང་བཟེད་འདག་རྫས་བུལ་ཏོག་གིས་སམ། ལྕི་བའམ། ས་གང་ཡང་རུང་བས་ལན་གསུམ་བཀྲུས་པ་ལ་སྣུམ་པ་ཉིད་ཡོད་ཀྱང་ཉེས་པ་མེད་དེ་ཐ་སྙད་དུ་བྱ་རིན་མི་ཆོག་པའི་ཕྱིར་རོ། །རྩི་ལངས་པ་ལ་ནི་ཉེས་པ་མེད་དོ་ཞེས་སྨོས་ན་ལངས་པ་དེ་ཇི་ལྟར་བྱ་ཞེ་ན། ཊཱི་ཀ་ལས། ལྷུང་བཟེད་དག་པར་བྱས་པ་ལ་སྣུམ་བག་གམ་ཚོན་རྩི་ལངས་པ་བསལ་བར་བྱ་བ་ཉིད་དོ། །འདིར་གཞུང་ནི་དགེ་སློང་ཞིག་ལ་ལྷུང་བཟེད་འཕན་ཅན་ཞིག་ཡོད་ནས་དེར་ཁུར་བ་བྱིན་ལེན་བྱས་པ་ན་སྣུམ་བག་འཐོན་ཅིང་། སྟེང་དུ་ཞག་གི་ཉ་མིག་ཆགས་ཤིང་འདུག་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་གི་སྣུམ་བག་བསལ་ཏེ་བཏུང་བར་བྱའོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །འབགས་པ་མེད་པར་རེག་པ་ལ་ཡང་ངོ་ཞེས་སྨོས་ན་འབགས་པར་གྱུར་ན་ཅི་ལྟར་བྱ་ཞེ་ན། ཊཱི་ཀ་ལས། ལྷུང་བཟེད་ཀྱི་ཕྱོགས་གང་དུ་ཟས་ལ་སོགས་པས་འབགས་ན་འབགས་པའི་ཕྱོགས་དེ་ཉི་ཚེ་བཀྲུ་བར་་ཉིད་དོ། །འདག་རྫས་སམ་ལྕི་བའམ་ས་གང་ཡང་རུང་བས་ལན་གསུམ་བཀྲུས་པ་ལ་སྣུམ་པ་ཉིད་ཀྱང་ངོ་། །ཞེས་སྨོས་ན་སྣོད་སྤྱད་སྣུམ་ཅན་དེ་སྣུམ་མེད་(༩༢ན)


K8Z003_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཐབས་གང་ཞེ་ན། བུམ་པ་དང་ལྷུང་བཟེད་ལ་སོགས་པ་མར་གྱི་སྣོད་བྱེད་པ་སྣུམ་ཅན་དག་སྣུམ་མེད་པར་བྱ་བའི་ཕྱིར་ཆུའི་རྫིང་བུ་ཟབ་མོ་གཏིང་རིང་པོའི་ནང་དུ་བཅངས་ཏེ་གཞུག་གོ། །ཡུན་ཇི་སྲིད་དུ་བཞག་ཅེ་ན། ཉའམ། རུས་སྦལ་ལམ། སྦལ་པའམ། ཆུ་སྲིན་བྱིས་པ་གསོད་དམ། ཉ་ཕྱི་བ་དག་གིས་སྣུམ་བག་མ་ལུས་པར་འདགས་ཀྱི་བར་དུ་ཞག་གཉིས་སམ་གསུམ་དུ་བཞག་གོ། །བུམ་པ་ལ་སོགས་པ་རྫ་མ་སྣུམ་ཅན་དག་ལ་ཡང་མེར་བསྲེགས་པས་ཀྱང་སྣུམ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟར་ལྡོག་པའམ་བསྲེགས་པས་སྣུམ་བག་མེད་པར་གྱུར་བ་ནི་ཇི་ལྟར་དག་ཅིང་གཙང་བར་བྱ་ཞེ་ན་བཀྲུ་བས་སོ། །དེ་གང་གིས་བཀྲུ་ཞེ་ན། འདག་རྫས་སམ་ལྕི་བས་དག་པ་ཉིད་དོ། །གཉིས་པ་ལ། ལྷན་སྐྱེས་ཞར་བྱུང་དང་བཅས་བརྗོད། །སྒྲུབ་པའི་དབང་བྱས་ཞར་བྱུང་ངོ་། །དང་པོ་ནི། འདི་ནི་ལན་ཚྭ་ལ་སོགས་པ་ཆུ་ལ་བཏབ་པ་མ་ཡིན་གྱི། ལྷན་ཅིག་སྐྱེས་པའི་དབང་དུ་བྱས་ནས་ལན་ཚྭ་དང་ཁ་རུ་ཚྭ་ལ་སོགས་པ་ཚྭ་ཆུ་རང་གི་བྱ་བ་བྱེད་པ་དང་། འགྱུར་བྱེད་ཀྱི་ཆུ་འདི་ལ་ཁ་ཅིག་མཐའི་རྒྱ་མཚོའི་ཆུ་ཡིན་ཏེ། འགྲེལ་ཆུང་ལས། བ་ཚྭ་ཅན་གྱི་ཆུར་བཤད་པས་ཤེས་ཞེས་ཟེར་ཀྱང་། ཁ་ཅིག་གོས་ཀྱི་ཁ་དོག་འགྱུར་བྱེད་པ་མཚུངས་ཀྱི། ཆུ་རང་གི་བྱ་བ་བྱེད་པ་དང་གཟུགས་བརྙན་མི་འབྱུང་བ་རྙོག་ཆུར་གྱུར་པ་གསོག་འཇོག་བྱས་པའམ། བྱིན་ལེན་མ་བྱས་པར་འཐུང་བ་ནི་ལྟུང་བྱེད་ཀྱི་ཕྱེད་ཉེས་བྱས་བསྐྱེད་པ་ཉིད་དོ། །ཧུབ་གང་ཡན་ཆད་ལོངས་པས་ཚད་དུ་ཆོག་ཀྱང་སྨན་གྱི་ངོ་བོ་མ་རྫོགས་པའོ། །གསུམ་པོ་དེ་ནི་ན་བ་དང་མིན་པ་ཐམས་ཅད་ལ་དུས་མ་ཡིན་པར་བྱིན་ལེན་བྱས་ནས་མ་བཙགས་པར་ཡང་རུང་བ་ཉིད་དོ། །འགྲེལ་ཆུང་ལས། ལན་ཚྭ་(༩༢བ)


K8Z003_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དང་བ་ཚྭ་ཅན་གྱི་ཆུ་ནི་བཙགས་ན་དུས་མ་ཡིན་པ་དང་བྱིན་ལེན་མ་བྱས་པར་བཏུང་དུ་རུང་ཞེས་གསུངས་ཀྱང་བརྟག་གོ། །ལན་ཚྭའི་ཆུ་དང་འགྱུར་བྱེད་ཀྱི་ཆུ་རང་གི་བྱ་བ་མི་བྱེད་པ་རང་རང་གི་རོ་བྲོ་བ་མི་མངོན་པ་དག་ལ་ནི་བྱེད་ཉིད་ཀྱང་མེད་པ་སྟེ་ལྟུང་བ་མེད་པ་ཉིད་དོ། །ལན་ཚྭའི་ཆུ་ནི་ཆུ་དེ་ཉིད་ཀྱི་ནང་དུ་ཚོད་མའམ་ཐུག་པ་བཙོས་ཏེ་ལན་ཚྭ་གུད་ནས་གདབ་མི་དགོས་ན་ལན་ཚྭ་ཅན་གྱི་ཆུར་བརྩིའོ། །ཚད་འདིར་མ་ཕྱིན་པ་སྔ་དྲོར་དང་ཕྱིར་དྲོ་བྱིན་ལེན་མ་བྱས་པར་འཐུངས་ཀྱང་ཉེས་པ་མེད་ཅེས་འབྱུང་ཡང་། ལན་ཚྭ་གུད་ན་གདབ་དགོས་ཀྱང་ལན་ཚྭའི་རོ་བྲོ་བ་མངོན་པ་བྱིན་ལེན་མ་བྱས་པར་འཐུངས་ན་ཉེས་བྱས་སོ། །ཚྭ་ཆུ་འགྱུར་བྱེད་རྙོག་པ་ཆུ་གསུམ་གྱི་ཐ་མ་ལ་ནི་བཞིན་གྱི་གཟུགས་བརྙན་འབྱུང་ན་མེད་པ་ཉིད་དོ་ཞེས་སྦྱར་ཏེ། ཕྱེད་ཉིད་ཀྱང་མེད་པའོ། །རྙོག་ཆུ་དེའི་ནང་དུ་ཤིང་ཀེ་ཏ་ཀའི་འབྲས་བུ་བཅུག་ན་དེས་ཆུ་ཤིན་ཏུ་དྭངས་པར་འགྱུར་རོ། །འགྱུར་བྱེད་ཀྱིས་ཀྱང་ངོ་ཞེས་པ། བི་མ་ལས། ཆུ་རྙོག་མ་ཅན་གྱི་ནང་དུ་ཐལ་བ་བཏབ་ན་རྙོག་མ་དྭངས་པར་འགྱུར་རོ་ཞེས་སོ། །མཚོ་མཆན་དུ་སོག་མའི་ཐལ་བ་ལ་སོགས་པ་འགྱུར་བྱེད་ཀྱིས་ཀྱང་ངོ་ཞེས་འབྱུང་ལ། རྗེ་བཙུན་ཕྲིན་ལས་དབང་པོའི་ཞལ་ནས། འགྱུར་བྱེད་ནི་ཆུ་ཚན་ཡིན་པར་འཆད་ཅེས་གསུང་ངོ་། །ཟན་གྱིས་ཀྱང་ངོ་ཞེས་པ་ཆུ་རྙོག་མ་ཅན་གྱི་ནང་དུ་ཟན་བཅུག་ནའང་རྙོག་མ་དྭངས་པར་འགྱུར་རོ། །ཆུ་ཤིན་ཏུ་དྭངས་པར་བྱ་བའི་ཕྱིར་གཞུག་པའི་ཟན་དེ་མི་འཇིག་པར་བྱ་བའི་ཕྱིར་སྣུམ་གྱིས་བསྐུའོ། །གཉིས་པ་ནི། ཆུའི་འབྱུང་ཁུངས་ཁྲོན་པའམ་ཆུ་མིག་ལ་སོགས་པ་དག་ཏུ་ལན་ཚྭ་ལ་སོགས་པའི་ཟས་བཏབ་པ་མི་མངོན་པ་ནི་ཡོད་པའི་གྲངས་ཉིད་མ་ཡིན་པས་བྱིན་ལེན་བྱ་མི་དགོས་སོ། །དེ་ལ་ལག་ཉ་ལ་སོགས་(༩༣ན)


K8Z003_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉེས་པ་ཡང་མི་འབྱུང་བ་ཡིན་ནོ། །རང་འགྲེལ་དང་ཊཱི་ཀ་ལས། འདི་ནི་ལུང་ལས་དགེ་བསྙེན་དག་གིས་ཁྲོན་པ་དག་ཏུ་མར་སར་དང་། འབྲུ་མར་དང་། ཞོ་ལ་སོགས་པའི་བུམ་པ་དག་འཁྲུ་བར་བྱེད་པས་ཆུའི་སྟེང་དུ་སྣུམ་གྱི་ཞག་ཉ་མིག་ཆགས་པར་གྱུར་ནས་དགེ་སློང་དག་མི་འཐུང་བ་ལ་བཀའ་སྩལ་པ། དེ་དག་གིས་འབགས་པ་དེས་ཟས་ཀྱི་བྱ་བ་བྱར་མི་རུང་གིས་བསལ་ལ་བཏུང་བར་བྱ། ཞེས་གསུངས་ཏེ། སྣུམ་གྱི་ཞག་དེ་བསལ་ཡང་སྣུམ་གྱི་བག་ཆགས་པ་ཡོད་མོད་ཀྱི། ཡོད་པ་མི་མངོན་ན་བཏུང་བ་དེ་ནི་མཚོན་པ་ཙམ་ཡིན་ཏེ། ཁྲོན་པ་ལ་སོགས་པའི་ནང་དུ་ལན་ཚྭ་དང་ཟན་ལ་སོགས་པ་བཅུག་པ་ཆུ་ལ་ཁ་ཟས་ཀྱི་བག་ཆགས་པ་ཡོད་པར་མི་མངོན་ན་ཆུ་དྭངས་པའི་ནང་དུ་བརྩི་སྟེ་ཉེས་པ་མེད་དོ། །ཟས་ཀྱི་ཕྱོགས་གཅིག་ཏུ་ཟས་རུང་བ་མ་ཡིན་པའམ་ཟས་བྱིན་ལེན་མ་བྱས་པ་འདྲེས་པར་གྱུར་ན་འདྲེས་པའི་ཕྱོགས་དེ་ཉི་ཚེ་བསལ་བ་ཉིད་ཡིན་ནོ། །ཟས་ལ་ཁའི་མཆུས་རེག་པ་ལ་ནི་རེག་པའི་ཕྱོགས་དེ་དང་། དེའི་ཐན་ཀོར་ཡང་བསལ་བར་བྱ་བ་ཉིད་ཡིན་ནོ། །རིལ་བ་ལ་སོགས་པ་དེ་དང་འབྲེལ་བ་འོ་མ་ལ་སོགས་པའི་རྒྱུན་གྱིས་ལྷུང་བཟེད་ཟས་ཀྱིས་སྦགས་པ་ལ་རེག་པ་ནི་རིལ་བ་ལ་སོགས་པ་དེ་ལ་རེག་པ་ཉིད་མ་ཡིན་ལ། རིལ་བ་ལ་སོགས་པའི་འོ་མ་ལ་སོགས་པ་དག་བཙོགས་པ་ཉིད་དུ་གྱུར་པ་མ་ཡིན་ནོ། །ལུང་ལས། དགེ་སློང་དག་ཁུ་བ་ཐམས་ཅད་ཀྱི་རྒྱུན་ནི་ཐུར་དུ་བབས་ཀྱི། སྟེང་དུ་མི་འགྱུར་བས་འཐུང་ལ། དེ་ལ་ཐེ་ཚོམ་མ་བྱེད་ཅིག་ཅེས་སོ། །བཞི་པ་ནི། ནོར་བ་བྱེ་བྲག་ལ་འཁྲུལ་བ་སྟེ། འབྲུ་མར་གྱི་བུམ་པ་ལ་ཚོན་རྩིའི་བུམ་པར་ནོར་བ་ལྟ་བུ་དང་། བརྗེད་པ་ནི་སྤྱི་ལ་འཁྲུལ་བ་སྟེ་འབྲུ་མར་གྱི་བུམ་པ་ལ་བུམ་པ་སྟོར་པར་(༩༣བ)


K8Z003_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་འཁྲུལ་བ་ལྟ་བུ། ནང་ན་རྫས་ཡོད་པ་བརྗེད་པས་བཟའ་བ་ལ་སོགས་པ་ལ་རེག་པས་ཀྱང་ལག་ཉའི་ཉེས་པར་འགྱུར་བའི་རེག་པ་ཉིད་མ་ཡིན་ནོ། །ནོར་བ་དང་བརྗེད་པ་དེ་གཉིས་ཀྱིས་བཟའ་བ་ལ་སོགས་པ་གནས་ནས་སྤོས་པ་གྱེན་དུ་རེག་པ་སྟེ། ཆུད་མི་ཟ་བའི་ས་ཕྱོགས་སུ་བཞག་པའི་ཕྱིར་རེག་པ་ཡང་ལག་ཉའི་ཉེས་པར་འགྱུར་བའི་རེག་པ་ཉིད་མ་ཡིན་ནོ། །ནོར་བ་དང་བརྗེད་པ་དེ་གཉིས་ཀྱི་བཟའ་བ་གནས་ནས་སྤོས་པ་དེ་ཕྱིར་བཞག་པའི་དོན་དུ་བསྐུར་བ་ཡང་གནས་ཀྱི་ཐག་ཤིན་ཏུ་ཉེ་བར་ཏེ་ཐག་ཉེ་ཤོས་སུ་བསྐུར་བར་བྱ་སྟེ། གནས་ཀྱི་ཐག་རིང་བར་ཁྱེར་ན་དེ་ལ་རེག་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །འདི་ནི་ལུང་སིལ་བུ་ལས། དགེ་སློང་གིས་ཚོན་རྩིའི་བུམ་པ་ཡིན་ནོ་སྙམ་ནས་འབྲུ་མར་གྱི་བུམ་པ་བཏེགས་ཏེ་ཁྱེར་བ་དང་ངོ་ཤེས་ནས་འགྲེང་བཞིན་དུ་བོར་ཏེ་ཆག་པ་ལ་བརྟེན་ནས་བཀའ་སྩལ་པ། སྐས་ལ་འཛེགས་པ་ལས་ཅུང་ཟད་ཙམ་འཛེགས་ལ། མང་དུ་ལུས་ན་སླར་བོབས་ལ་གནས་བདེ་བར་ཞོག་ཅིག །མང་དུ་འཛེགས་ན་སྟེང་དུ་འཛེགས་ལ་གནས་བདེ་བར་མ་འགྱེལ་བར་ཞོག་ཅིག །དེ་ལ་ཐེ་ཚོམ་མེད་པར་ཟོ་ཞིག་ཅེས་གསུངས་སོ། །ཕམ་པ་མ་བྱུང་ཡང་ལྷག་མ་དང་ལྟུང་བྱེད་སོགས་ལ་ལྷོད་ཅིང་། འདུལ་བ་ལ་མི་མོས་ཤིང་ཐེ་ཚོམ་ཟ་བ་བསླབ་པ་ཐམས་ཅད་ལ་གཡེལ་བས་ལག་ཉར་བླངས་པ་ཉིད་དང་། བྱིན་ལེན་བླངས་པ་ཉིད་ནི་མི་གཡེལ་བའི་ལག་ཉ་དང་བྱིན་ལེན་མ་ཡིན་ནོ། །གཡེལ་བས་ལག་ཉར་བླངས་པས་དེ་དགེ་སློང་གཞན་གྱི་བཟར་རང་ལ། གཡེལ་བས་བྱིན་ལེན་བླངས་པ་དེས་དགེ་སློང་གཞན་གྱི་བྱིན་ལེན་གོ་མི་ཆོད་པའོ། །བྱིན་ལེན་སྟོབ་པར་འོས་པ་དགེ་ཚུལ་ལ་སོགས་པ་དང་ཟས་དེ་འབྲེལ་བ་མ་བྲལ་(༩༤ན)


K8Z003_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བར་དུ་ནི་དགེ་སློང་གིས་ཟས་ལ་རེག་ཅིང་། ཟས་བླང་བ་ཡང་ལག་ཉར་བླངས་པ་མ་ཡིན་ལ་བྱིན་ལེན་བྱས་པ་ཡང་མ་ཡིན་ནོ། །བྱིན་ལེན་སྟོབ་པར་འོས་པའི་གང་ཟག་དེས་ཟས་མ་ཟས་ཀྱི་སྣོད་ལ་རེག་པར་མ་ཟད་ཀྱི། དེས་བཟུང་བའི་ཐག་པ་ལ་སོགས་པ་དང་ཟས་སུ་འབྲེལ་བ་ཉིད་ནི་ཟས་དང་འབྲེལ་བ་ཉིད་ཡིན་ནོ། །སྡོམ་པས་མཉམ་པ་ལྟ་བ་ཐ་མི་དད་པ་མཚན་མཐུན་པ་དག་གི་གསོག་འཇོག་བྱས་པ་དང་། བྱིན་ལེན་བྱས་པ་དང་། ལག་ཉར་བླངས་པ་དག་ནི་ཆོ་ག་གཅིག་པ་ཉིད་ཡིན་ཏེ། དགེ་སློང་གཅིག་གིས་བྱིན་ལེན་བྱས་པ་ནི་སྡོམ་པས་མཉམ་ཞིང་ལྟ་བ་མཐུན་པའི་དགེ་སློང་ཀུན་གྱིས་བཟར་རུང་ལ། དགེ་སློང་གཅིག་གིས་གསོག་འཇོག་བྱས་པའམ་ལག་ཉར་བླངས་པ་ནི་སྡོམ་པས་མཉམ་ཞིང་། ལྟ་བ་མཐུན་པའི་དགེ་སློང་ཀུན་གྱིས་བཟར་མི་རུང་ངོ་། །དགེ་སློང་མ་རྣམས་ཀྱིས་ཀྱང་དེ་བཞིན་ནོ། །དགེ་སློང་མ་རྣམས་ཀྱང་གསོག་འཇོག་དང་བྱིན་ལེན་གྱི་ཆོ་ག་ཕན་ཚུན་གཅིག་པ་ཉིད་ཡིན་ནོ། །སྡོམ་པ་མི་མཉམ་ཡང་སྡོམ་པ་མཆོག་དང་མཆོག་མ་ཡིན་པར་རོ་ཞེས་པ་ལ་གཅིག་པ་ཉིད་ཡིན་ནོ་ཞེས་སྔ་མར་སྦྱར་ཏེ། བྱིན་ལེན་ལ་སོགས་པའི་ཆོ་ག་གཅིག་པ་ཉིད་དོ། །དེས་ན་དགེ་སློང་རང་བཞིན་དུ་གནས་པས་བྱིན་ལེན་བྱས་པ་ནི་དགེ་སློང་བསླབ་པ་བྱིན་པས་བཟར་རུང་ལ། དགེ་སློང་རང་བཞིན་དུ་གནས་པས་གསོག་འཇོག་བྱས་པ་དང་། ལག་ཉར་བླངས་པ་ནི་དགེ་སློང་བསླབ་པ་བྱིན་པས་ཀྱང་བཟར་མི་རུང་ངོ་། །དེ་བཞིན་དུ་དགེ་སློང་མ་རང་བཞིན་དུ་གནས་པ་དང་། དགེ་སློང་མ་བསླབ་པ་བྱིན་པ་དང་། དགེ་སློབ་མ་དང་གསུམ་པོ་སྔ་མ་སྔ་མའི་སྡོམ་པ་མཆོག་ཡིན་ལ། ཕྱི་མ་ཕྱི་མའི་སྡོམ་པ་མཆོག་མ་ཡིན་པས་སྔ་མ་སྔ་མས་བྱིན་ལེན་བྱས་པ་ནི་(༩༤བ)


K8Z003_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་ཕྱི་མས་བཟར་རུང་ལ། སྔ་མ་སྔ་མས་གསོག་འཇོག་བྱས་པ་ནི་ཕྱི་མ་ཕྱི་མས་བཟར་མི་རུང་ངོ་། །དགེ་སློང་མ་རང་བཞིན་དུ་གནས་པས་ལག་ཉར་བླངས་པ་ཡང་དགེ་སློང་མ་བསླབ་པ་བྱིན་པས་བཟར་མི་རུང་བའོ། །མཆོག་དང་མཆོག་མ་ཡིན་པར་གཅིག་པ་ཉིད་ཡིན་ནོ་ཞེས་དངོས་སུ་སྨོས་པས་མཆོག་མ་ཡིན་པ་དང་། མཆོག་ཏུ་ནི་གཅིག་པ་ཉིད་མ་ཡིན་ནོ་ཞེས་ཤུགས་ཀྱིས་བསྟན་ཏེ། དགེ་སློབ་མས་བྱིན་ལེན་བླངས་ན་དེས་དགེ་སློང་མའི་བྱིན་ལེན་གྱི་གོ་མི་ཆོད་ཅིང་། དགེ་སློང་མས་གསོག་འཇོག་ཏུ་བཞག་པ་ཡང་དགེ་སློང་མས་བཟར་རུང་བ་ལྟ་བུའོ། །སྡོམ་པ་མཉམ་ཞིང་ལྟ་བ་ཐ་མི་དད་ཀྱང་སྐྱེས་པ་དགེ་སློང་ཕ་དང་བུད་མེད་དགེ་སློང་མ་དག་ནི་ཕན་ཚུན་ལག་ཉ་ལ་སོགས་པའི་ཆོ་ག་གཅིག་པ་མ་ཡིན་ཏེ། དཔེར་ན་ཁྱིམ་པ་དང་འདྲའོ། །ཊཱི་ཀ་ལས། དཔེར་ན་ཁྱིམ་པས་ལག་ཉར་བྱས་པ་དང་བྱིན་ལེན་བྱས་པ་དང་། གསོག་འཇོག་བྱས་པ་དགེ་སློང་གིས་ལག་ཉེར་བླངས་པ་ལ་སོགས་པ་མ་ཡིན་པ་དེ་བཞིན་དུ་བཤད་པས། དཔེ་དེ་བཞིན་དུ་དགེ་སློང་གིས་ལག་ཉར་བླངས་པ་དང་། གསོག་འཇོག་བྱས་པ་དགེ་སློང་མས་བཟར་རུང་ལ། དགེ་སློང་གིས་བྱིན་ལེན་བྱས་པ་དེས་དགེ་སློང་མའི་བྱིན་ལེན་གྱི་གོ་མི་ཆོད་པའོ། །དགེ་སློང་མས་ལག་ཉ་ལ་སོགས་པ་དེ་དག་བྱས་པ་ཡང་དགེ་སློང་གིས་ལག་ཉ་ལ་སོགས་པ་དེ་དག་མ་ཡིན་ནོ། །མཆོག་དང་མཆོག་མ་ཡིན་པར་རོ་ཞེས་སྨོས་པས་ཀྱང་དགེ་སློང་གིས་གསོག་འཇོག་དང་བྱིན་ལེན་བྱས་པས། དགེ་སློང་མའི་གསོག་འཇོག་དང་བྱིན་ལེན་དུ་མི་འགྱུར་རོ། །དགེ་ཚུལ་དབང་བ་དག་གི་བཟའ་བར་བྱ་བ་ལ་དགེ་སློང་གིས་རེག་པ་ནས་ནོམ་པ་དང་། ཉུག་པ་དང་སྦེད་པའི་བར་ལ་དགེ་སློང་ལ་ཉེས་པར་འགྱུར་རམ་མི་འགྱུར་བ་ནི་དགེ་ཚུལ་གྱིས་(༩༥ན)


K8Z003_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་གང་ལ་རེག་ཀྱང་ལག་ཉའི་ཉེས་པར་མི་འགྱུར་བ་དེ་བཞིན་ནོ། །དགེ་ཚུལ་ཕ་མ་དབང་བའི་བཟའ་བ་ལ་དགེ་སློང་ཕ་མས་རེག་པ་ལ་ལག་ཉའི་ཉེས་པར་མི་འགྱུར་རོ། །གསོག་འཇོག་བྱས་པ་དང་ལག་ཉར་བླངས་པ་ལ་སོགས་པའི་རྫས་དེ་བསྙེན་པར་མ་རྫོགས་པ་ལ་བྱིན་ལ། ཕྱིས་བླང་ངོ་སྙམ་པ་བལྟོས་པ་དང་བཅས་པས་བྱིན་པ་ནི་བཏང་བ་ནི་མ་ཡིན་ནོ་སྟེ་བསམ་པ་ཐག་པ་ནས་མ་བཏང་བའི་ཕྱིར་རོ། །དེས་ན་བལྟོས་བཅས་སུ་བྱིན་པ་ནི་གསོག་འཇོག་དང་ལག་ཉ་ལ་སོགས་མི་འཇོག་གོ་ཞེས་པའོ། །ཚིག་འོག་མའི། ཊཱི་ཀ་ལས། གསོག་འཇོག་བྱས་པ་དང་ལག་ཉར་བླངས་པ་ལ་སོགས་པ་དག་ཀྱང་བསམ་པ་ཐག་པ་ནས་གཞན་ལ་བཏང་ན་རུང་བ་མ་ཡིན་པ་ཉིད་དང་བྲལ་བར་གྱུར་ཏེ། དེའི་ཕྱིར་དེ་ཟོས་ན་ཉེས་པ་མེད་དོ། །ཞེས་སོ། །གསོག་འཇོག་བྱས་པ་དང་། ལག་ཉར་བླངས་པ་ལ་སོགས་པའི་རྫས་དེ་བསྙེན་པར་མ་རྫོགས་པ་ལ་བལྟོས་པ་མེད་པར་བཏང་བ་ལ་ཕྱིར་བློ་ལོག་སྟེ། བལྟོས་པ་དང་བཅས་པའི་སེམས་ཀྱིས་ཕྱིར་བླངས་པ་ཉིད་ནི་བྱིན་ལེན་བྱས་ཏེ་ཟོས་ན་ཉེས་པ་ཕྱེད་ཉིད་དོ། །འདི་ནི་བསླབ་བྱའི་ཉེས་བྱས་ཡིན་གྱི། གསོག་འཇོག་དང་ལག་ཉ་ལ་སོགས་པའི་ཉེས་པ་བསྐྱེད་པ་ནི་མ་ཡིན་ཏེ། བལྟོས་པ་མེད་པར་བཏང་བ་ན་གསོག་འཇོག་དང་ལག་ཉ་ལ་སོགས་པ་ཞིག་པའི་ཕྱིར་རོ་ཞེས་བླ་མ་རྣམས་འཆད་དོ། །དེས་བླངས་ན་ཉེས་པ་ཕྱེད་བསྐྱེད་པ་དེའི་ཕྱིར་སྔར་བལྟོས་པ་མེད་པར་བཏང་བ་དེ་བཟའ་བའི་ཕྱིར་བླང་བར་མི་བྱའོ། །གསོག་འཇོག་བྱས་པ་དང་ལག་ཉར་བླངས་པ་ལ་སོགས་པའི་ཟས་དེ་བསྙེན་པར་མ་རྫོགས་པ་ལ་བལྟོས་པ་མེད་པར་བཏང་བ་ན། དགེ་སློང་ལ་སྔར་བྱིན་ན་ནི་རང་གི་སྔར་བཏང་བའི་ཟས་དེ་ཡིན་པར་ཤེས་བཞིན་(༩༥བ)


K8Z003_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱིར་མི་བླང་ངོ་། །འདིའི་ཤུགས་ཀྱིས་མི་ཤེས་ན་བླངས་ཀྱང་ཉེས་པ་མེད་དོ། །ལྔ་པ་ལ། རེག་བཟར་མི་རུང་བ་དག་གི། །རིམ་བཞིན་དམིགས་བསལ་ཞར་བྱུང་བརྗོད། །དང་པོ་ནི། ཞིང་གི་ཐོག་ཤས་ནོད་པ་དང་། ཐོག་ཤས་ནོས་པ་དེར་བང་བ་ལ་སོགས་པ་དག་ཏུ་བྲུབ་པར་བྱ་བའི་ཕྱིར་འབྲས་ལ་སོགས་པ་ལ་དགེ་སློང་གིས་རེག་པ་ནི་དུས་ཐམས་ཅད་དུའམ་ཞེ་ན། ཆུད་ཟ་བའི་རྐྱེན་བྱུང་བའམ་འགྲུབ་པར་བྱེད་པ་གཞན་མེད་པ་ལ་སོགས་པ་རྐྱེན་དེ་ལྟ་བུ་དག་ཡོད་ན་རུང་བ་མ་ཡིན་པ་ལག་ཉར་བླངས་པའི་ཉེས་པ་ཉིད་དུ་མི་འགྱུར་རོ། །བཟའ་བར་བྱ་བ་བཀལ་བའི་ཤིང་རྟ་ལ་ནི་རྐྱེན་དེ་ལྟ་བུ་དག་ཡོད་ན་ཞེས་གོང་དུ་བསྙེགས་ཏེ། ཤིང་རྟ་ཟས་དང་བཅས་པ་ལ་རེག་ཏུ་གནང་ཡང་ཁ་ལོ་པའི་སྟན་འབའ་ཞིག་ནི་རེག་ཏུ་གནང་བ་ལ་མ་གཏོགས་པ་ཉིད་དོ། །ཊཱི་ཀ་ལས། ཁ་ལོ་པའི་སྟན་ལ་ནི་རྐྱེན་ཡོད་ཀྱང་རེག་པར་མི་བྱ་སྟེ། དེ་ལ་དགེ་སློང་གིས་བརྡོས་པར་གྱུར་ན་ཤིང་རྟ་ཡན་པར་མི་ནུས་པའི་ཕྱིར་རོ། །ཞེས་སོ། །བམ་པོ་ལྔ་བཅུ་པ་ལས། རྐྱེན་ཡོད་དུ་ཟིན་ཀྱང་བཟའ་བ་བཀལ་བའི་ཤིང་རྟའི་ཁ་ལོ་པའི་སྟན་ཉིད་ལ་དགེ་སློང་གིས་རེག་པ་ནི་ལག་ཉར་བླངས་པ་ཉིད་ཡིན་ནོ་ཞེས་བཤད་ཀྱང་ཊཱི་ཀ་ལྟར་བཟུང་ངོ་། །འབྲས་ལ་སོགས་པས་གང་བའི་ཤིང་རྟ་ལ་ཡང་ཁ་ལོ་པའི་སྟན་མ་གཏོགས་པ་ཉིད་དོ་ཞེས་སྔ་མ་སྦྱར་ཏེ། དགེ་སློང་གིས་མི་རེག་ཏུ་མི་རུང་བའི་རྐྱེན་དེ་ལྟ་བུ་དག་ཡོད་ན་ཞེས་གོང་དུ་བསྙེགས་ཏེ། ཤིང་རྟ་ཟས་དང་བཅས་པ་ལ་རེག་ཏུ་གནང་ཡང་ཁ་ལོ་པའི་སྟན་ལ་རེག་པར་མི་བྱའོ། །ཟས་ཀྱིས་སྟོང་པའི་ཤིང་རྟ་ནད་པས་ཞོན་ཏེ་ནད་པ་བསྐྱོན་པ་ལ་ཡང་ཁ་ལོ་པའི་སྟན་མ་གཏོགས་པ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ། དགེ་སློང་གིས་མི་རེག་ཏུ་མི་རུང་བའི་རྐྱེན་དེ་ལྟ་བུ་(༩༦ན)


K8Z003_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཡོད་ན་ཞེས་གོང་དུ་བསྙེགས་ཏེ། ཤིང་རྟ་ལ་རེག་ཏུ་རུང་བ་ཡང་ཁ་ལོ་པའི་སྟན་ནི་རེག་ཏུ་གནང་བ་ལ་མ་གཏོགས་པ་ཉིད་དོ། །བཟའ་བ་བཅུག་པའི་གྲུ་དང་། འབྲས་ལ་སོགས་པས་གང་བའི་གྲུ་དང་། ནད་པ་དང་མིན་པ་གཞུག་པའི་གྲུ་ལ་ནི་དགེ་སློང་གིས་མི་རེག་ཏུ་མི་རུང་བའི་རྐྱེན་དེ་ལྟ་བུ་དག་ཡོད་ན་ཞེས་གོང་དུ་བསྙེགས་ཏེ། གྲུ་ཟས་དང་བཅས་པ་ལ་རེག་ཏུ་གནང་ཡང་རུ་སྐྱ་མ་གཏོགས་པ་ཉིད་དོ་ཞེས་སྔ་མར་སྦྱར་རོ། །ཊཱི་ཀར། གྲུ་སྐྱ་ནི་གྲུ་སྨད་ཀྱི་སྐྱ་བ་ཆེན་པོའོ་ཞེས་སོ། །རུ་སྐྱ་དེ་ལག་ཏུ་འཛིན་པའི་མིའི་སྟན་ལ་ཡང་མ་གཏོགས་པ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ། རེག་ཏུ་གནང་ལ་མ་གཏོགས་པ་ཉིད་དོ། །ཊཱི་ཀ་ལས། རུ་སྐྱ་དང་རུ་སྐྱ་འཛིན་པའི་སྟན་ལ་ནི་རྐྱེན་ཡོད་ཀྱང་རེག་པར་མི་བྱ་སྟེ། དེ་དག་ལ་དགེ་སློང་གིས་བརྡོས་པར་གྱུར་ན་གྲུ་ཡིན་པར་མི་འགྱུར་རོ་ཞེས་སོ། །དགེ་འདུན་གྱི་དང་། གང་ཟག་གི་སྨན་བུ་རམ་གྱི་ཁུ་བ་ལ་སོགས་པ་དག་བསྐོལ་བས་གྱེན་དུ་ལུད་པ་ན་བསྐྱམ་པ་དང་། ཊཱི་ཀ་ལས། གནས་ནས་ཕྱིར་དབྱུང་བ་ཞེས་པས་བུ་རམ་ལ་སོགས་པ་དེ་ཁ་དབྱེ་བའི་ཕྱིར་སྣོད་ནས་ཕྱིར་དབྱུང་བ་དང་། བླ་མ་རྣམས་གནས་ནས་སྒྱེད་པོའི་སྟེང་དུ་དབྱུང་བར་འཆད་དོ། །གཟར་བུའི་ལས་ནི་འཕྱར་བ་དང་དབོག་པ་དག་གི་ཆེད་དུ་དགེ་སློང་གིས་རེག་པ་ལ་ཡང་ངོ་སྟེ། མི་རུང་བ་ཉིད་དུ་མི་འགྱུར་རོ་ཞེས་སྔ་མར་སྦྱར་ཏེ། དེ་དག་ནི་རྫས་ཆུད་མི་ཟོས་པའི་ཕྱིར་རོ། །བསྐྱམ་ལ་སོགས་པ་དེ་ནི་དང་པོ་ཉིད་ནས་བྱའམ་ཞེ་ན། དང་པོར་ཤིང་དབྲི་བ་དང་། མེ་བསད་པ་དང་། གོས་ཀྱི་ཐུ་བ་ལ་སོགས་པས་རླུང་གཡབ་པ་ལ་འབད་པར་བྱའོ། །ཊཱི་ཀར། འོན་ཀྱང་ཞི་བར་མ་གྱུར་ན་གཟོད་བསྐྱམ་པ་ལ་སོགས་རེག་པར་བྱའོ། །ཞེས་སོ། །གཉིས་པ་ནི། དགེ་སློང་གི་ལམ་(༩༦བ)


K8Z003_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱགས་དེ་ཁུར་ཚ་བ་དགེ་ཚུལ་ཆུང་ངུ་ལྟ་བུས་ཁུར་ནས། དེས་ཆུ་ཀླུང་ལ་མི་ཐར་ན་ཆུ་ཀླུང་བརྒལ་བའི་ཕྱིར་འགྲོ་བར་ཆས་པའི་དགེ་སློང་རང་ཉིད་འདུག་པའི་གནས་དེ་ལས་གཞན་ཞིག་ན་ཁུར་ཚ་བ་ཡོད་ན། ཁུར་ཚ་བ་དེའི་གན་དུ་མི་སླེབས་པའི་བར་དུ་དགེ་སློང་རང་ཉིད་ཀྱིས་ལམ་རྒྱགས་ཁུར་དུ་རུང་ངོ་ཞེས་བསྟན་པའི་ཕྱིར། ཁུར་ཚ་བསྙག་པའི་ཕྱིར་ལག་ཉར་བླངས་པའི་ལམ་རྒྱགས་ཁུར་དུ་རུང་ཞིང་དེ་བཟར་རུང་སྟེ། གང་གི་ཚེ་ཁུར་དུ་རུང་ཞེ་ན། བརྒལ་བ་དང་བསྙགས་པ་དེར་དགེ་སློང་གིས་ཁུར་ན་ཁུར་དེ་ལ་ཐག་བཏགས་ཏེ། བསྙེན་པར་མ་རྫོགས་པས་ཐག་པ་ནས་འཛིན་པ་ལ་སོགས་པའི་ཆོ་ག་མ་འབྱོར་རམ། ལམ་རྒྱགས་གཞན་མེད་ན་ལག་ཉར་བླངས་ཏེ་རང་གིས་ཁུར་བ་དང་། ལག་ཉར་བླངས་ཏེ་བཟའ་བར་བྱའོ། །ལམ་རྒྱགས་དེ་ཁུར་བའི་ཁུར་ཚ་བ་གཞན་མེད་ན་སྦྱིན་བདག་ལ་ཁྱོད་ཀྱིས་བསྐུར་དུ་ཅིས་གནར་ཞེས་སྤྲོ་བར་བྱའོ། །སྦྱིན་བདག་ལ་བཅོལ་ཡང་མ་གྲུབ་སྟེ་ཁུར་ཁྱེར་བ་མེད་ཅིང་། བདག་འགྲོ་བའི་ཆེད་སྡེ་སྣོད་གསུམ་ཐོས་པར་འགྱུར་བ་ལྟ་བུ་སྟེ། མི་འགྲོར་མི་རུང་ན་དགེ་སློང་རང་གིས་ལམ་རྒྱགས་བསྐུར་རོ། །དེ་ལྟར་རང་གིས་ཁུར་བའི་ལམ་རྒྱགས་དེ་ཉིད་ལས་བསྙེན་པར་མ་རྫོགས་པའི་སྐལ་བ་བྱིན་པས་བསྙེན་པར་རྫོགས་པའི་སྐལ་བ་དང་བརྗེ་ཞིང་། བསྙེན་པར་མ་རྫོགས་པའི་སྐལ་བ་དེ་བླངས་ཏེ་བཟའ་བ་བསྒྲུབ་པར་བྱའོ། །འགྲེལ་ཆུང་ལས། རང་གིས་ཁྱེར་བའི་ཟས་དེ་བཟར་མི་རུང་བའི་ཕྱིར་མགྲོན་པོ་གཞན་ལ་ཟས་ཉིས་རིམ་གྱིས་ཀྱང་བརྗེ་སྟེ་བཟའོ་ཞེས་སོ། །ལུང་ལས། བདག་ཉིད་ཀྱིས་ཁྱེར་བ་དེ་ཁྱིམ་པ་དང་བརྗེས་ལ་ཟོ་ཞིག །དེ་སྟེ་དེ་ལ་མེད་ན་སྐལ་བ་གཉིས་སུ་ཆོད་ལ། གཅིག་ཁྱིམ་པ་ལ་བྱིན་ཏེ་དེས་ཁྱེར་ན་ནི་དེའི་སྐལ་བ་སླར་(༩༧ན)


K8Z003_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཏེ་ཟོ་ཞིག །བདག་གི་སྐལ་བ་ནི་དེ་ལ་བྱིན་ཅིག་ཅེས་གསུངས་ཤིང་། ཊཱི་ཀ་ལས་ཀྱང་དེ་ལྟར་བཤད་དོ། །རང་གིས་ཁྱེར་བ་དེ་ཉིད་ལས་བརྗེ་ཞིང་བླང་བ་དེ་ཡང་མ་གྲུབ་ན་རང་གིས་ལམ་རྒྱགས་ཁྱེར་བ་དེ་བཟའ་བར་བྱ་བ་ཉིད་དོ། །ལམ་དུ་ཞུགས་ཏེ་འབྲོག་དགོན་པར་ཕྱིན་པ་ལྟ་བུ་ལ་བྱིན་ལེན་སྟོབ་པ་པོ་མེད་ན་བྱིན་ལེན་མ་བྱས་པ་ལག་ཉར་བླངས་པ་དེ་བཟའ་བར་བྱ་བ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ། རང་གིས་ལམ་རྒྱགས་ཁྱེར་ཏེ་ལག་ཉར་བླངས་པ་དེའམ། རང་གིས་ཁྱེར་བ་དེ་ལས་གཞན་ལག་ཉར་མ་བླངས་པ་ཡང་བྱིན་ལེན་མ་བྱས་པར་བཟའ་བ་ཉིད་དོ། །ལག་ཉར་བླངས་པ་དང་བྱིན་ལེན་མ་བྱས་པ་དེ་གཉིས་གང་གིས་བཟའ་བར་བྱ་ཞེ་ན། དགེ་སློང་སྔར་ཉིན་གཅིག་ཟན་བཅད་པར་བྱ་བའི་དགེ་སློང་གིས་བཟའ་བར་བྱའོ། །ཉི་མ་གང་ལ་ཇི་ཙམ་བཟའ་ཞེ་ན། སྔར་ཉིན་གཅིག་ཟན་བཅད་ན་ཕྱི་དེ་ཉི་མ་དང་པོ་ལ་སྤར་གང་ངོ་། །སྤར་གང་ཞེས་བྱ་བ་ནི་ལག་པ་ཁ་སྦུབས་པའི་སོར་མོ་དགུ་པོར་བཀྲམ་པ་དག་གིས་ཕྱེ་ལ་སོགས་པ་ཇི་ཙམ་བཟུང་བར་ནུས་པ་ལ་ཡིན་ཅེས་ཊཱི་ཀར་རོ། །ཉི་མ་གཉིས་པ་ལ་ནི་སྤར་བདོའོ། །གསུམ་པ་ལ་ནི་ཇི་ཙམ་གྱིས་ཆོག་པར་བཟའོ། །དགེ་སློང་ཟན་ཆད་པས་ཤིང་ཐོག་རུང་བར་མ་བྱས་པ་དང་། བྱིན་ལེན་མ་བྱས་པ་དང་། ལག་ཉར་བླངས་པ་དག་ཀྱང་དུས་མ་ཡིན་པར་ཡང་བཟའ་བར་བྱ་བ་ཉིད་དེ། དེ་ལྟར་བཟའ་བ་ཡང་དགེ་སློང་ཟན་མེད་པའོ། །གནས་སྐབས་ཐམས་ཅད་དུའམ་ཞེ་ན། ཤིན་ཏུ་བཀྲེས་པ་སྲོག་ལ་ཐུག་པ་ཉིད་ནའོ། །དགེ་སློང་ཟས་མེད་པ་ཤིན་ཏུ་བཀྲེས་པ་ཉིད་ན་གྲོ་མ་ལྟ་བུ། རྩ་བ་དག་ཀྱང་ངོ་སྟེ་རུང་བ་མ་བྱས་པ་སོགས་སྦྱར་རོ། །དགེ་སློང་ཟན་མེད་པར་ཤིན་ཏུ་བཀྲེས་པ་ཉིད་ན་རང་གིས་ཀྱང་ཤིང་ཏོག་སོགས་(༩༧བ)


K8Z003_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འཐོག་པ་ཉིད་དང་། རྩ་བ་སོགས་དབྱུང་བ་ཉིད་དང་། བཙོ་བར་བྱ་བ་དང་། བསྒྲུབ་པར་བྱ་བ་ཉིད་ཀྱང་ངོ་སྟེ། ཊཱི་ཀར། གཞན་བྱེད་དུ་གཞུག་ཀྱང་རུང་ཞེས་སོ། །དགེ་སློང་ཟན་མེད་པ་ཤིན་ཏུ་བཀྲེས་པ་ཉིད་ན་བྱིན་ལེན་མ་བསྟབས་པ་དང་། རུང་བ་མ་བྱས་པ་དང་། དུས་མ་ཡིན་པར་ཟ་བ་ལ་སོགས་པ་རྐྱེན་དབང་གིས་བཟར་རུང་བར་བྱ་བ་དག་ལ་རྩོམ་པའི་མདུན་རོལ་དུ་རྩོམ་པར་འདོད་པ་ན། བྱང་གི་སྒྲ་མི་སྙན་ན་བདག་གི་ཞེའམ། གཞན་གྱི་ཞེས་བྱེ་བྲག་ཏུ་རྟོག་པ་མེད་པར་གྲགས་པ་ཡིན་པ་དེ་ལྟ་བུ་ཡིད་ལ་བྱེད་པ་བྱ་བའོ། །བྱང་གི་སྒྲ་མི་སྙན་པའི་ཁ་ཟས་བདག་པོ་མེད་པར་བསམས་ལ་བཟའོ། །ལག་པ་བསྙལ་འདི་ལག་པ་བཀྲུས་པ་ལ་ཟེར་བ་དང་། ཤིང་གིའམ་སྔོའི་འདབ་མ་དག་ཡོད་ན་ལག་པའི་ཁྱོར་བའམ་འདབ་མའི་ནང་ནས་ཆུ་བཏུང་བར་བྱའི། བྱ་སྐྱོགས་ཀྱིས་སྐོམ་མི་བཏུང་ངོ་། །འདིའི་སྐྱོགས་ནི་བྱ་མ་བུམ་གྱི་མིང་སྟེ། ཊཱི་ཀ་ལས། བྱ་སྐྱོགས་ཞེས་སྨོས་ལ། སྐབས་འདིའི་འོད་ལྡན་ལས་བྱ་མ་བུམ་ཞེས་བཤད་དོ། །སྐབས་འདི་ཉིད་ཀྱི་ལུང་སིལ་བུ་ལས། བུམ་པའི་ནང་ནས་ཆུ་མ་འཐུང་ཞིག་ཅེས་གསུངས་ལ། འདིར་འོད་ལྡན་ལས་ཁར་རིལ་བ་སྤྱི་བླུགས་བཟློག་ནས་ཆུ་བཏུང་བར་མི་བྱའོ་ཞེས་བཤད་དོ། །མདོ་འོག་མ་བཞིའི་སྐབས་སུ་སྐྱོགས་ཞེས་སྨོས་པ་ཐམས་ཅད་བྱ་སྐྱོགས་ཏེ་བྱ་མ་བུམ་ཡིན་ནོ། །ལུང་ལས། ཆུ་ཉུང་བས་ལག་པ་བསྙལ་བ་མེད་ཅིང་། འདབ་མ་དག་མེད་ན་ནི་སྐྱོགས་ཀྱིས་ཆུ་བཏུང་བ་དེ་མ་བསྒྲིབས་པར་མི་བྱའོ། །སུམ་བརྒྱ་པ་ལས། འཕགས་པའི་རྗེས་སུ་འབྲང་བས་འཇིག་རྟེན་པའི་མདུན་དུ་རིལ་བ་སྤྱི་བླུགས་དག་ལ་ཁ་བཟློག་སྟེ་གཏན་ནས་ཆུ་མི་བཏུང་། ཞེས་སོ། །སྐྱོགས་དེ་ཆུ་དང་བཅས་པ་ཉིད་ཡིན་ན་ཞེས་མཚོན་པ་སྟེ། ཁ་མ་བཅད་པ་(༩༨ན)


K8Z003_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་མི་བཞག་གོ། །སྐྱོགས་དེའི་ཁ་གབ་ནི་རྣམ་པ་གསུམ་སྟེ། ཤིང་ལས་བྱས་པ་དང་། རྡོ་ལས་བྱས་པ་དང་། ས་ལས་བྱས་པའོ། །གང་དུ་བཞག་པའི་སྐྱོགས་ཀྱི་གཞི་ཤིང་ལས་བྱས་པའམ་རྡོ་ལས་བྱས་པ་བཅང་བར་བྱའོ། །འདབ་མ་དག་ཟས་ཀྱི་སྣོད་སྡེར་ཉིད་དུ་སྤྱོད་པ་ནི་བྱིན་ལེན་མ་བྱས་པ་ཉིད་ལ་ཉེས་པ་མེད་དོ་ཞེས་གསུངས་པ་ལ་བརྟེན་ནས། འདིར་ནེལ་པ་ན་རེ། ལྷུང་བཟེད་ལ་སོགས་པ་ཟས་ཀྱི་སྣོད་ཀྱང་བྱིན་ལེན་དགོས་ཏེ། འདབ་མ་དག་སྣོད་དུ་སྤྱོད་པ་ན་བྱིན་ལེན་མ་བྱས་པ་ཉིད་ལ་ཉེས་པ་མེད་ཅེས་བསྟན་པ་ཡིན་པས། འདབ་མ་དམིགས་ཀྱིས་བསལ་བའི་ཕྱིར་དང་། ལུང་ལས་ཀྱང་། ལྷུང་བཟེད་དང་ལྷུང་བཟེད་ཆུང་ངུ་གསོག་འཇོག་བྱས་པ་ཞེས་གསུངས་པས་ཤེས་སོ་ཞེས། ལྷུང་བཟེད་ལ་བྱིན་ལེན་ཡོད་པར་བཤད་དོ། །དེ་དགག་པ་ལ་གཉིས་ལས་དང་པོ་གནོད་བྱེད་བརྗོད་པ་ནི། མེ་ཏོག་ཕྲེང་རྒྱུད་ལས། མགུལ་དུ་མིད་པ་མ་ཡིན་པ། །འདི་ལ་བྱིན་ལེན་མི་དགོས་སོ། །ཞེས་གསུངས་པ་དང་། མདོ་འདི་ཉིད་ལས། ཁྲི་དང་ཁྲིའུ་དང་ཐུ་བ་དང་ལེན་པའི་སྣོད་ཁྲི་ཡིས་བྱིན་ལེན་སྣོད་དུ་རུང་བར་གསུངས་ལ། ཁྲི་ནི་བྱིན་ལེན་བྱ་བར་མི་ནུས་ཏེ། གྱེན་དུ་འདེགས་མི་ནུས་པའི་ཕྱིར་དང་། ཆུ་དང་སོ་ཤིང་མ་གཏོགས་པ་ཞེས་པ་ལས། རྣམ་འབྱེད་འགྲེལ་པ་ལས། ཆུ་ནི་ཟས་མ་ཡིན་པའི་ཕྱིར་ཞེས་པ་དང་། ཊཱི་ཀ་ལས། སོ་ཤིང་ནི་མིད་པ་མ་ཡིན་པའི་ཕྱིར་ཞེས་གསུངས་པས། ལྷུང་བཟེད་ལ་སོགས་པ་ཡང་ཟས་མ་ཡིན་པའི་ཕྱིར་དང་། མིད་པར་བྱ་བ་མ་ཡིན་པའི་ཕྱིར་ཞེས་མཚུངས་པའི་ཕྱིར། གཉིས་པ་སྒྲུབ་བྱེད་གཞིག་པ་ནི། འདབ་མ་དམིགས་ཀྱིས་བསལ་བ་དེ་འདབ་མ་དག་ཟས་ཉིད་དུ་སྤྱོད་ན་བྱིན་ལེན་དགོས་ཀྱང་། འདབ་མ་དག་སྣོད་(༩༨བ)


K8Z003_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་སྤྱོད་པ་ནི་བྱིན་ལེན་མི་དགོས་སོ་ཞེས་བསྟན་པ་ཡིན་གྱི། ལྷུང་བཟེད་ལ་སོགས་པ་སྣོད་ཉིད་དུ་སྤྱོད་པ་ན་བྱིན་ལེན་དགོས་ཞེས་བསྟན་པ་ནི་མ་ཡིན་ལ། ལུང་རྣམ་འབྱེད་ལས། ལྷུང་བཟེད་གསོག་འཇོག་བྱས་ཞེས་གསུངས་པས་ལྷུང་བཟེད་ལ་བྱིན་ལེན་དགོས་ན། ལུང་ལས། ལྡེའུ་མིག་ཀྱོག་པོ་གསོག་འཇོག་བྱས་ཞེས་གསུངས་པས། ལྡེའུ་མིག་ཀྱང་བྱིན་ལེན་དགོས་སམ་ཅི། དེས་ན་ལུང་ལས། ལྷུང་བཟེད་གསོག་འཇོག་བྱས་ཞེས་གསུངས་པ་ནི་ལྷུང་བཟེད་ལ་ཟས་ཅུང་ཟད་འབགས་པ་གསོག་འཇོག་བྱས་པ་སྟེ། དེ་ལ་དགོངས་ནས་འབགས་པ་ནི་ཟས་ཀྱི་ཆེད་ཉིད་དོ་ཞེས་གསུངས་སོ། །ཟས་ཀྱི་སྣོད་ལ་བྱིན་ལེན་མེད་ན། མེ་ཏོག་ཕྲེང་རྒྱུད་ལས། ལྷུང་བཟེད་བྱིན་ལེན་བྱས་པར་ནི། །བཟའ་བ་གང་ཞིག་ལྷུང་གྱུར་པ། །ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །བྱིན་ལེན་བྱས་ཡིན་དེ་བཟར་རུང་། །ཞེས་བཤད་པ་དེ་ཅི་ཞེ་ན། དེ་ནི་ཉན་ཐོས་སྡེ་པ་གཞན་གྱི་ལུགས་སོ། །འདབ་མ་དག་སྣོད་ཉིད་དུ་སྤྱོད་པ་འདི་ལ་འདབ་མ་བརྔས་པ་དང་། མ་བརྔས་པའི་ནང་དུ་ཟས་བླུགས་པ་ཉིད་ལ་བྱིན་ལེན་སྟོབ་པ་ཉིད་ཀྱི་ཕྱིར་ཁྱད་པར་མེད་དོ། །བརྔས་པ་དང་སྣོད་གཞན་མེད་ན་འདབ་མ་མ་བརྔས་པ་དག་སྡེར་དུ་སྤྱད་དོ། །ཊཱི་ཀ་ལས། གཞན་ཡོད་ན་ནི་དེ་ལྟར་མི་བྱ་སྟེ། ཤིང་ལྗོན་པ་ལ་སོགས་པ་དང་འབྲེལ་པའི་འདབ་མས་སྐོམ་འཐུང་བ་ལ་སོགས་པ་བྱེད་ན་བཞད་གད་དུ་འགྱུར་བས་མི་བྱའོ། །ཞེས་སོ། །གསོག་འཇོག་གི་ལྟུང་བྱེད་དོ། །། །དགུ་པ་བྱིན་ལེན་མ་བྱས་པར་ཟ་བ་ལ། འཕོངས་པའི་དུས་ཀྱི་དམིགས་བསལ་བཤད། །བྱིན་ལེན་བྱ་བའི་ཚུལ་དངོས་དང་། །ཟས་བརྟག་འབྲིམ་དང་ནོད་པའི་ཚུལ། །བྱིན་ལེན་ཞིག་དང་མ་ཞིག་བསྟན། །བྱིན་ལེན་བྱས་པའི་དོགས་པ་(༩༩ན)


K8Z003_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བསལ། །ལྟུང་བའི་རྣམ་པར་བཞག་པ་དང་། །དེ་ཡི་ལྟུང་བ་མེད་པའོ། །དང་པོ་ནི། བྱིན་ལེན་བྱས་ཟིན་པའི་ཟས་གཞན་དང་དགེ་ཚུལ་ལ་སོགས་པ་བྱིན་ལེན་སྟོབ་པ་མེད་ལ། གདུགས་ཚོད་མི་ཡོལ་བའི་དུས་ཀྱིས་ཀྱང་མི་ཐུབ་ན། སྦྱིན་བདག་གིས་བསམ་པ་ཐག་པས་བཏང་བའི་ཟས་དེ་ནི་བྱིན་ལེན་མ་བྱས་པར་དགེ་སློང་རང་གིས་བླངས་ཏེ། བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབ་ཅིང་བཟའ་བར་བྱ་བ་ལ་ཉེས་པ་མེད་དོ། །ཉིད་བཤད་དང་། ཊཱི་ཀ་ལས། གཞན་དང་བྱིན་ལེན་སྟོབ་པ་དང་། དེ་གཉིས་གང་ཡང་རུང་བ་གཅིག་ཡོད་ན་ནི་ཉེས་པར་འགྱུར་རོ། །ཞེས་སོ། །གཞན་དང་ཞེས་པ་འདི་བསོད་སྙོམས་པའི་བྱུང་བ་ལས་ཏེ། ཕྱིས་བླུགས་པ་དེ་བསལ་ཅིང་སྔ་མ་ཤོས་བཟའ་བར་བྱ་སྟེ་ཞེས་གསུངས་སོ། །སྔ་མ་ཤོས་ལ་ཡང་ཁྱིམ་བདག་གིས་རེག་པ་ན་བྱིན་ལེན་ཞིག་པས་ཟས་སྔ་ཕྱི་གཉིས་ཀ་ལ་བྱིན་ལེན་མེད་པར་འདྲ་ཡང་སྔ་མ་བཟར་གནང་ལ། ཕྱི་མ་བཟར་མི་གནང་བ་ནི་ཟས་ལ་དཔང་པོ་ཡོད་མེད་ཀྱི་ཁྱད་པར་རོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་གཉིས་ལས། བྱིན་ལེན་བྱས་པའི་དགོས་པ་ནི། བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བ་མི་འབྱུང་བ་དང་། ཟས་ལ་དཔང་པོར་འགྱུར་བ་སྟེ། རྣམ་འབྱེད་ལས། བྱིན་ལེན་བྱེད་དུ་བཅུག་སྟེ་ཟ་ན་དེ་ཉིད་ཟས་ལ་དཔང་པོར་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་བསྡུས་པའི་དོན་ལ་དྲུག་ལས། དང་པོ་སྟོབ་པ་པོ་གང་ལས་བླང་བ་ལ་གསུམ་སྟེ། བསླབ་པ་ལྟ་བ་མཚན་གྱི་སྒོ་ནས་བྱིན་ལེན་སྟོབ་པར་འོས་པ་དང་། བསམ་པ་ཐག་པ་ནས་འདྲེན་པར་འདོད་པ་དང་། ཟས་དེ་གྱེན་དུ་འདེགས་ནུས་པའོ། །གཉིས་པ་ལེན་པ་པོ་གང་གིས་བླང་(༩༩བ)


K8Z003_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། བསྙེན་པར་རྫོགས་པའམ་དགེ་སློབ་མའི་སྡོམ་ལྡན་ཡིན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པའོ། །དོན་ལ་དགེ་ཚུལ་ཉིད་ཡིན་པའམ། སྡོམ་པ་གཏན་ནས་མེད་པས་བྱིན་ལེན་བྱ་དགོས་པ་ཡོད་ཅིང་། དེས་བྱིན་ལེན་མ་བྱས་པར་ཟ་ན་ཉེས་བྱས་བསྐྱེད་པ་ཡོད་དེ། མ་སྐྱེས་པ་ལྟུང་བ་ལ་སྦྱོར་བའི་ཉེས་བྱས་བསྐྱེད་པའི་ཕྱིར་རོ། །གསུམ་པ་དངོས་པོ་གང་ལ་བྱིན་ལེན་བྱ་བ་ནི། སྨན་གཞི་ལས། གང་ཡང་རུང་བ་ཡིན་པ་དང་། རང་ངམ་རང་དང་ཆོ་ག་གཅིག་པས་བྱིན་ལེན་བྱས་པ་དང་མ་འབྲེལ་བ་ལའོ། །བྱིན་ལེན་བྱས་པ་ཡིན་ཀྱང་ཐེ་ཚོམ་ཟ་ན་བྱིན་ལེན་བྱེད་དགོས་ཏེ། བྱིན་ལེན་བྱས་པའི་བྱིན་ལེན་སྟོབ་པ་ནི་ཞེས་གསུངས་པས་སོ། །བཞི་པ་གནས་གང་དུ་བྱིན་ལེན་བྱ་བ་ནི། མངོན་སུམ་ཡིན་པ། མཚམས་ཀྱི་ནང་ཡིན་པ་འཐོབ་པའི་ཕྱོགས་ཡིན་པ་སྟེ། མངོན་སུམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྔ་པ་ཚུལ་ཇི་ལྟར་བྱིན་ལེན་བྱ་བ་ནི། བྱིན་ལེན་བྱ་བའི་བསམ་པ་དང་བཅས་ཏེ་ལག་གཉིས་བཀན་པས་བླངས་ཏེ། ལུང་ཕྲན་ཚེགས་ལས། བྱིན་ལེན་གྱི་སེམས་ནི་ཉེ་བར་བཞག་པར་བྱའོ་ཞེས་གསུངས་པ་དང་། ཊཱི་ཀ་ལས། ལག་པ་གཉིས་བཀན་པ་སྟེ། དེས་བླངས་ན་བྱིན་ལེན་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་སོ། །དྲུག་པ་བྱིན་ལེན་འཇིག་པའི་རྒྱུ་ནི་བཅུ་སྟེ། འཕྲོག་པ་དང་། ལག་ནས་ཤོར་ཏེ་འདྲིལ་བ་དང་། བོར་བ་དང་། བབས་པ་དང་། ཤི་བ་དང་། དགེ་ཚུལ་གཞན་གྱིས་རེག་པ་དང་། སྨན་གྱི་རིགས་གྱུར་པ་སྟེ་བྱིན་ལེན་བྱས་པའི་འོ་མ་ལས་མར་དུ་གྱུར་ན་བྱིན་ལེན་ཞིག་པ་དང་། སྐྱེ་བར་གྱུར་པ་བྱིན་ལེན་བྱས་པའི་སྲན་མ་ལྟ་བུ་ལ་མྱུ་གུ་སྐྱེས་ན་བྱིན་ལེན་ཞིག་པ་དང་། དགེ་(༡༠༠ན)


K8Z003_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལ་སོགས་པ་གཞན་ལ་བསྔོས་པ་དང་། དགེ་བའི་རྩ་བ་ཆད་པ་ལ་སོགས་པ་མཚུངས་པ་གཞན་དང་བཅུའོ། །དང་པོ་ལྔ་ནི། ལུང་ལྔ་ཚན་པ་ལས། རྣམ་པ་ལྔས་བྱིན་ལེན་འཇིག་པར་འགྱུར་ཏེ། འཕྲོག་པ་དང་། ཤོར་བ་དང་། བོར་བ་དང་། སླར་བབས་པ་དང་། དུས་བྱས་པའོ་ཞེས་གསུངས་སོ། །དྲུག་པ་ནི་གཞུང་འདི་ཉིད་ནས་སོ། །བདུན་པ་ནི་ཐ་དད་པ་མ་ཡིན་པ་ཉིད་ལ་ནི་ཡོད་པ་ཉིད་མ་ཡིན་ནོ་ཞེས་གསུངས་སོ། །བརྒྱད་པ་ནི་ཊཱི་ཀ་ནས་སྐྱེ་བར་གྱུར་ན་ཞག་ལོན་པ་ཞིག་པའི་གནད་ཀྱིས་སྦྱར་རོ། །དགུ་པ་ནི་དེ་ནི་བསྔོས་པ་ཉིད་ན་བྲལ་བ་ཉིད་དོ་ཞེས་གསུངས་པས་སོ། །བཅུ་པ་ནི་བྱིན་ལེན་བྱས་པའི་ཟས་ཀྱི་བདག་པོ་དགེ་སློང་དེ་དགེ་བའི་རྩ་བ་ཆད་པ་དང་། མཚན་གཉིས་ཅིག་ཅར་དུ་བྱུང་བ་དང་། མཚན་ལན་གསུམ་དུ་གྱུར་པ་ལྟ་བུ་སྟེ། བབས་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། མངོན་སུམ་དུ་ཞེས་པ་ལ་དཔལ་ཤཱཀྱ་མཆོག་ལྡན་ན་རེ། གཞན་དག་མདུན་དྲང་ཐད་དུ་བྱིན་ལེན་སྟོབ་པ་པོ་འོང་དགོས་པར་འདོད་པ་ཡང་མ་གོ་བ་ཡིན་ཏེ། གཞུང་ལས། མངོན་སུམ་དུ་ཞེས་གསུངས་པ་ནི་བྱིན་ལེན་ནོད་པོ་སྟོབ་པའི་མདུན་ན་འདུག་པ་ལ་བཤད་པའི་ཕྱིར་དང་། དེའི་དོན་ཡང་སྟོབ་པ་པོའི་རྒྱབ་དང་གློ་གཡས་གཡོན་ན་འདུག་པ་མ་ཡིན་པ་ལ་འཆད་དགོས་པའི་ཕྱིར། དེ་ལྟར་ན་ནོད་པོའི་རྒྱབ་ན་སྟོབ་པོ་འདུག་ཀྱང་ཡན་ལག་གཞན་རྣམས་ཚང་ན་བྱིན་ལེན་ཐོབ་པ་ཡིན་ནོ་ཞེས་ཟེར་རོ། །སྒྲུབ་བྱེད་དེ་ལྟར་ན་གཞན་དག་མདུན་དྲང་ཐད་དུ་བྱིན་ལེན་ནོད་པོ་འོང་དགོས་པར་འདོད་པ་མ་གོ་བ་ཡིན་ཏེ། གཞུང་དུ་མངོན་སུམ་དུ་ཞེས་གསུངས་པ་ནི། བྱིན་ལེན་སྟོབ་པོ་ནོད་པའི་མདུན་ན་འདུག་པ་ལ་བཤད་པའི་ཕྱིར་དང་། དེའི་(༡༠༠བ)


K8Z003_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ནོད་པོའི་རྒྱབ་དང་གློ་གཡས་གཡོན་ནས་འདུག་པ་མ་ཡིན་པ་ལ་འཆད་དགོས་པའི་ཕྱིར། དེ་ལྟར་ན་སྟོབ་པོའི་རྒྱབ་ན་ནོད་པ་པོ་འདུག་ཀྱང་ཡན་ལག་གཞན་རྣམས་ཚང་ན་བྱིན་ལེན་ཐོབ་པ་ཡིན་ཅེས་མཚུངས་ན། ཅིས་དགག་འདོད་པ་ལ་གནོད་བྱེད་ཡོད་པ་ནི། འདིའི། ཊཱི་ཀར་དྲང་ཐད་ནས་བླངས་ན་བྱིན་ལེན་ཡིན་གྱི། གློའམ་རྒྱབ་ནས་བླངས་པ་ནི་བྱིན་ལེན་མ་ཡིན་ནོ། །ཞེས་གསུངས་པས། ནོད་པ་པོའི་མངོན་སུམ་ནས་ཚུར་བླངས་པ་ལ་འཆད་པ་ཡིན་ལ། ཁྱོད་ལྟར་སྟོབ་པ་པོའི་མངོན་སུམ་ཡིན་ན། ཊཱི་ཀར། དྲང་ཐད་ནས་བླངས་ན་བྱིན་ལེན་ཡིན་གྱི། ཞེས་སོགས་འདོན་དགོས་པར་ཡང་འགྱུར་རོ། །དེས་ན་ཁྱོད་ཅག་འདོད་པ་ཐམས་ཅད་མི་གཞན་པས་མི་ཟློ་བ་ཞིག་བཟླས་ནས་འབུར་དོད་དུ་རེ་བ་ལས་བྱུང་བའི་སྐྱོན་ཡིན་ནོ། །མཚམས་ཀྱི་ནང་དུ་ཞེས་པ་ལ། དཔལ་ཤཱཀྱ་མཆོག་ལྡན་ན་རེ། གཞན་དག་ཅོག་ཚེ་ལྟ་བུ་རགས་པ་མཚམས་གཞན་དུ་འདོད་པ་མི་འཐད་དེ། ཁྲི་དང་ཁྲིའུ་སོགས་བྱིན་ལེན་ནོད་པའི་སྣོད་དུ་རུང་བའི་ཕྱིར། དཔེར་ན་ལྷུང་བཟེད་བཞིན་ཅེས་བྲིས་གདའ་བ་ལས། དགེ་སློང་གིས་ཅོག་ཚེ་ལག་པར་ཁྱེར་ནས་བསོད་སྙོམས་ལ་རྒྱུར་འགྲོ་ན་དེར་ཟས་བཞག་ན་བྱིན་ལེན་ཐོབ་པའི་འཐད་པར་ཁྲི་དང་ཁྲིའུ་སོགས་ཀྱི་བྱིན་ལེན་ནོད་པའི་སྣོད་དུ་རུང་བའི་མཐུན་དཔེ་དང་བཅས་པ་གྲུབ་ཏུ་ཆུག་ཀྱང་། ལྷུང་བཟེད་དང་ཕོར་བུའི་ནང་དུ་བཟའ་བཏུང་ལེན་པ་ལྟ་བུའི་དབང་དུ་བྱས་ཏེ། རྟགས་དཔེ་དེས་ཅོག་ཚེ་རགས་པ་མཚམས་གཞན་དུ་མི་འགྲོ་བར་བསྒྲུབས་ན་ཆེས་འཁྲུལ་པ་ཡིན་ཏེ། རྣམ་འབྱེད་ལས། བདག་པོ་མཚམས་གཞན་དང་། མེ་དང་། ཆུ་དང་། ནམ་མཁའ་དང་། རགས་པ་མཚམས་གཞན་དང་ལྔའོ་ཞེས་པའི་ཐ་མའི་ཊཱི་ཀར། སྒོ་འཕར་ལ་(༡༠༡ན)


K8Z003_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་བར་དུ་ཆོད་པའོ་ཞེས་སོ། །རྣམ་འབྱེད་འགྲེལ་པར། སྒོ་འཕར་ཞེས་བྱ་བ་ནི་སྒོ་དྲུང་གི་ཐེམ་པའོ། །ཞེས་འབྱུང་ན་སྒོ་འཕར་དང་སྒོ་ཐེམ་ལ་རགས་པ་མཚམས་གཞན་ཞེས་རྣམ་པར་བཞག་ཅིང་། ཅོག་ཚེ་ལ་དེར་མི་འཇོག་པའི་རྒྱུ་མཚན་ཀྱང་གསུངས་ཤིང་། དེར་མ་ཟད་ཊཱི་ཀར། སྒོ་འཕར་སོགས་ཀྱི་སོགས་ཁོངས་ནས་ཀྱང་གང་འདོན་བསམ་དགོས་སོ། །ཡང་ཅོག་ཚེ་རགས་པ་མཚམས་གཞན་དུ་འགྱུར་ལ། གོས་ཀྱང་རགས་པ་མཚམས་གཞན་དུ་འགྱུར་ཞེས་སྨྲ་བ་ཐོས་ལ། འདི་འདྲ་ནི་བཅས་མཚམས་མ་གོ་བའི་ལོག་པ་ཡིན་ཏེ། ཁྱེད་ལྟར་ན་ཆུ་མཚམས་གཞན་དུ་འགྱུར་ན་ལུས་ཀྱི་པགས་པ་ལ་གནས་པའི་ཆུ་ཡང་དེར་འགྱུར་དགོས་སོ་ཞེས་སྨྲ་དགོས་པས། འདི་འདྲའི་རིགས་པ་ཐམས་ཅད་འཁྲུལ་པར་ཤེས་པར་བྱའོ། །ཐོབ་པའི་ཕྱོགས་ནི་ཟས་ལེན་པ་པོ་དེ་ཟས་སྟོབ་པ་པོ་བས་ཁྲུ་གང་དུ་ལོངས་པས་དམའ་བ་ན་འདུག་པ་མ་ཡིན་པ་སྟེ། དེ་ལྟར་ཟས་ལེན་པ་པོ་དེ་འཐོབ་པའི་ཕྱོགས་ན་གནས་པའི་དགེ་སློང་གིས་བླངས་ན་བྱིན་ལེན་ཡིན་གྱི། ཁང་སྟེང་ལ་སོགས་པ་ན་འདུག་པ་ལས་འོག་ན་འདུག་པའི་དགེ་སློང་གིས་བླངས་པ་ནི་མ་ཡིན་ནོ། །ལེན་པ་པོའི་ལག་པ་བཀན་པས་དང་། ལེན་པ་པོའི་ལུས་ལག་པ་ལ་སོགས་པས་མནོས་པས་སམ། ལུས་དེ་དང་འབྲེལ་བ་ལག་པ་དང་འབྲེལ་བའི་ལྷུང་བཟེད་ལ་སོགས་པར་ཞེས་སོ། །དེ་ཡན་ཆད་དུ་ལེན་པ་པོའི་རྣམ་གཞག་བསྟན་ནས། ད་ནི་སྟོབ་པ་པོའི་རྣམ་གཞག་སྟོན་ཏེ། དེའང་ཟས་དེ་གྱེན་དུ་འདེགས་ནུས་པ་དགེ་ཚུལ་ལ་སོགས་པ་བསྙེན་པར་མ་རྫོགས་པ་དང་། སྤྲེའུ་ཅང་ཤེས་ལ་སོགས་པ་མི་མ་ཡིན་པ་ལས་ཀྱང་བསམ་པ་སྦྱིན་པར་འདོད་པས་བྱིན་པ་མནོས་པ་ནི་བྱིན་(༡༠༡བ)


K8Z003_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ཡིན་གྱི། སྦྱིན་པར་མི་འདོད་པས་ནི་མ་ཡིན་ཏེ། རང་དབང་མེད་པས་སྦྱིན་པར་བྱེད་པས་ནི་མ་ཡིན་ནོ། །ཞེས་ཊཱི་ཀ་ལས་བཤད་དོ། །ཟས་སྟོབ་པ་པོའི་ཡན་ལག་གིས་ཏེ། ལག་པས་སམ། ལག་པ་དེ་དང་འབྲེལ་བ་གཟར་བུ་ལ་སོགས་པས་བྱིན་པ་མནོས་པ་སྟེ་བླངས་པ་ནི་བྱིན་ལེན་ནོ། །བུ་སྟོན་རིན་པོ་ཆེས་རགས་པ་མཚམས་གཞན་ན་སོར་བཞིའོ། །མི་ཐོབ་པའི་ཕྱོགས་ཁྲུ་གང་བས་མཐོ་བ་ཡན་ཆད་དུ་གནས་པ་ཡིན་ཟེར་ལ། ལག་པ་ཁ་སྦུབ་ནི་ལེན་པ་ལ་མི་ཕྱོགས་པའི་ཕྱིར་མི་ཐོབ་པར་བཤད། ཐམས་ཅད་ཡོད་སྨྲས་ལག་པ་གཉིས་ཀས་བཀན་ནས་ལེན། ཕལ་ཆེན་སྡེ་པས་ལྷུང་བཟེད་སྟོང་པ་ལ་བྱིན་ལེན་བྱེད། གནས་བརྟན་པས་འཕྲོག་ཐབས་སུ་བྱེད། མང་པོས་བཀུར་བས་བསྒྱུར་ཐབས་སུ་བྱེད་ཅེས་གསུངས་སོ། །ཡུལ་གྱིས་མི་སྨད་པར་བྱ་བ་ཉིད་ན་ཞེས་པ་ནི། ལུང་དགེ་སློང་མའི་རྣམ་འབྱེད་ལས། སྨད་པ་ཞེས་བྱ་བའི་ཡུལ་ཡོད་དེ། དེ་དག་ནི་མ་ལ་ཡང་ཉལ་པོ་བྱེད་པ་ཡིན་ནོ་ཞེས་གསུངས་ཤིང་། དགེ་སློང་ཕའི་རྣམ་འབྱེད་ལས། སྨད་པ་ཞེས་བྱ་བའི་ཡུལ་གྱི་མི་དག་ཡོད་དེ། དེ་དག་ཕ་མ་ཡང་སྨོད་པར་བྱེད། ཕུ་ནུ་དང་བུ་སྲིང་ཡང་སྨོད་པར་བྱེད། དགེ་སློང་གང་ཡུལ་དེར་འགྲོ་བ་དེས་དཀྱིལ་འཁོར་བྱས་ཏེ་འདིར་ཞོག་ཅིག་ཅེས་བརྗོད་པར་བྱ་ཞིང་། དེ་དག་གིས་དེ་བཞག་པ་དེ་བྱིན་ལེན་བྱས་པར་བརྗོད་པར་བྱ་ཞིང་། བྱང་གི་སྒྲ་མི་སྙན་གྱི་དུས་བྱིན་གྱིས་བརླབས་ཏེ་བཟང་བར་བྱའོ་ཞེས་གསུངས་པས། ཡུལ་དེར་དཀྱིལ་འཁོར་དེ་ཞལ་ཞལ་གྱི་སྟེང་དུ་ཞོག་ཅིག་ཅེས་བསྟན་ན་ཡང་བྱིན་ལེན་མནོས་པ་ཡིན་གྱི། ལུས་སམ་ལུས་ཀྱི་ལས་དང་འབྲེལ་བར་མནོས་པ་འབའ་ཞིག་ཏུ་མ་ཟད་དོ། །འགྲེལ་ཆུང་ལས། ཡུལ་ལ་ལ་ཞིག་ན་ཡུལ་(༡༠༢ན)


K8Z003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱིས་གཅིག་ལ་གཅིག་བཙོག་པར་འཛིན་ཅིང་རེག་ཏུ་མི་འདོད་དེ། བྱིན་ལེན་དུ་མི་འདོད་པ་ནི་ཟས་འབྲིམ་པ་པོས་མཎྜལ་གྱི་སྟེང་དུ་སྤུངས་ཏེ་བཞག་པ་ལ་བྱིན་ལེན་ལྷག་མ་ལྟར་མ་བྱས་པར་ཟོས་ཀྱང་ཉེས་པ་མེད་དོ་ཞེས་སོ། །འདི་ལ་རྒྱ་ན་རེ། བཟར་གནང་བ་དམིགས་བསལ་ཡིན་གྱི། བྱིན་ལེན་མཚན་ཉིད་པ་ཉིད་མ་ཡིན་ཏེ། ཡིན་ན་དུས་བྱིན་གྱིས་བརླབ་མི་དགོས་པ་ལས། ལུང་ལས། བྱང་གི་སྒྲ་མི་སྙན་གྱི་དུས་བྱིན་གྱིས་བརླབས་ཏེ་ཞེས་གསུངས་པ་དང་། བྱིན་ལེན་མ་བསྟབ་པར་རུང་བ་བྱས་བ་དག་ལ་རྩོམ་འདོད་པ་ན། བྱང་གི་སྒྲ་མི་སྙན་དག་ན་གྲགས་པའི་ཡིད་ལ་བྱེད་པ་བྱའོ་ཞེས་གསུངས་པས་ཤེས་ཞེས་ཟེར་རོ། །འོན་ཀྱང་བཅས་པའི་ས་མཚམས་འཛིན་བྱེད་དུ་དུས་བྱིན་གྱིས་བརླབས་པ་དེ་བྱེད་དགོས་ཀྱང་འདི་བྱིན་ལེན་མཚན་ཉིད་པ་མ་ཡིན་ཏེ། ལུང་རྣམ་འབྱེད་ལས། བྱིན་ལེན་ནི་རྣམ་པ་ལྔ་སྟེ། ལུས་ཀྱི་ལུས་སུ་དང་། ལུས་དང་འབྲེལ་བས་ལུས་སུ་དང་། ལུས་ཀྱིས་ལུས་དང་འབྲེལ་བ་དང་། ལུས་དང་འབྲེལ་བས་ལུས་དང་འབྲེལ་བར་དང་། བཞག་པའི་ཆོ་ག་ཉིད་ནི་ལྔའོ་ཞེས་གསུངས་ལ། དཀྱིལ་འཁོར་གྱི་སྟེང་དུ་བཞག་པ་འདི་ལ་བྱིན་ལེན་གྱི་མཚན་ཉིད་མེད་ན་བྱིན་ལེན་ལྔ་མི་ཚང་བའི་ཕྱིར་རོ། །དཀྱིལ་འཁོར་གྱི་སྟེང་དུ་བཞག་པ་འདི་བྱིན་ལེན་མཚན་ཉིད་པ་མ་ཡིན་པ་ལྟར་ན་བྱིན་ལེན་ཞིག་མི་དགོས་ལ། གསོག་འཇོག་ཏུ་མི་འགྱུར་བ་དང་། ལྷག་པོར་གྱི་སྔོན་འགྲོ་དང་། སྨན་བྱིན་གྱིས་རློབ་པའི་སྔོན་འགྲོའི་བྱིན་ལེན་གྱི་གོ་མི་ཆོད་ལ། འདི་བྱིན་ལེན་མཚན་ཉིད་པ་ཡིན་པ་ལྟར་ན་དེ་དག་ལས་བཟློག་པ་ཉིད་དོ། །ལྷུང་བཟེད་དུ་ཟས་ནོས་པ་ལས་ལྷུང་བཟེད་ཀྱི་འོག་གཞིར་ལྷུང་ན་བྱིན་ལེན་དུ་འགྱུར་རམ་ཞེ་ན། ལྷུང་བཟེད་(༡༠༢བ)


K8Z003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷུང་བཟེད་དེའི་གཞི་ཤིང་གི་ལོ་མའམ་གཞོང་བ་ལྟ་བུ་དག་ནི་བྱིན་ལེན་ནོད་དུ་རུང་བའི་སྣོད་ཙམ་དུ་གཅིག་པ་ཉིད་དོ། །ལུང་ཕྲན་ཚེགས་ལས། ལྷུང་བཟེད་བཟེད་པ་ལས་ལྷུང་བཟེད་ཀྱི་གཞིའི་སྟེང་དུ་ལྷུང་ན་བྱིན་ལེན་བྱས་པ་ཞེས་བྱ། ལྷུང་བཟེད་ཀྱི་གཞི་བཟེད་པ་ལས་ལྷུང་བཟེད་ཀྱི་ནང་དུ་ལྷུང་ངམ། ལྷུང་བཟེད་བཟེད་པ་ལས་ཟས་ལྷུང་བཟེད་ཀྱི་ནང་དུ་ལྷུང་ངམ། ལྷུང་བཟེད་ཀྱི་གཞི་བཟེད་པ་ལས་ལྷུང་བཟེད་ཀྱི་གཞིའི་ནང་དུ་ལྷུང་ན་བྱིན་ལེན་བྱས་པ་ཞེས་བྱ་སྟེ། འོན་ཀྱང་བྱིན་ལེན་གྱི་སེམས་ནི་ཉེ་བར་བཞག་པར་བྱའོ་ཞེས་གསུངས་སོ། །འགྲེལ་ཆུང་ལས། ལྷུང་བཟེད་ཀྱི་གཞི་ཤིང་གི་ལོ་མའམ་གཞོང་པ་ལྟ་བུ་བྱ་སྟེ། དེའི་འོག་ནས་ལག་པས་བཟུང་ན་ཞེས་སོ། །འཐོབ་པའི་ཕྱོགས་ན་གནས་པ་ཞེས་སྔར་སྨོས་པའི་སྤྲོས་པ་ནི་སྤྲེའུ་རྣམས་ཀྱི་སྤྱོད་ཡུལ་འདི་ནི་ཤིང་གི་ཡལ་ག་ཡིན་པས། སྤྲེའུས་ཤིང་ཏོག་ལྟ་བུ་བྱིན་ན་དྲུང་དུ་འོང་དུ་ནི་འཇིགས་ཀྱི། ཤིང་གི་ཡལ་ག་དེ་ནས་དེའི་འོག་ན་གནས་པའི་དགེ་སློང་ལ་བྱིན་ན་ནི། དེའི་ཕྱིར་སྤྲེའུ་ལས་བྱིན་ལེན་མི་འཐོབ་པའི་ས་ཉིད་མ་ཡིན་ནོ། །ཤིང་ཏོག་དག་དང་མན་ཤེལ་དང་ཞེས་པའི་མན་ཤེལ་ནི་མ་རྣམས་ལས་གཞོང་པར་བཤད་དོ། །ཁྲི་དང་ཞེས་པ་ཤིང་གི་ཁྲི་གྱེན་དུ་འདེགས་པར་མི་ནུས་པ་ལའང་དགེ་སློང་གིས་ལག་པ་གཉིས་བཀན་པས་བཟུང་སྟེ། འབྲིམ་པ་པོས་ཁྲི་དེར་ཤིང་ཏོག་ལ་སོགས་པ་བླུགས་ན་བྱིན་ལེན་ཐོབ་པའོ། །ཁྲིའུ་དང་ཐུ་བ་དང་ལྷུང་བཟེད་ཀྱི་གཞི་དག་གིས་བྱིན་ལེན་ནོད་དུ་མི་རུང་བ་ཉིད་མ་ཡིན་ནོ། །གསུམ་པ་ནི། ཤིང་ཏོག་དེ་དག་གནས་པ་སློབ་མ་དང་ཉེ་གནས་དག་གིས། འགྲེལ་ཆུང་ལས། མཆིལ་མའི་ཟེར་མས་རེག་པ་དང་། སེམས་མི་འཕྱར་བའི་ཕྱིར་ཅང་མི་སྨྲ་བས། ལུང་ལས། སྲོག་(༡༠༣ན)


K8Z003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སོ་སོར་བརྟག་པར་བྱའོ་ཞེས་གསུངས་སོ། །མི་སྙོམས་པར་འབྲིམ་པའི་གང་ཟག་དེ་ཟས་འབྲིམ་དུ་མི་གཞུག་གི། སྙོམས་པར་འབྲིམ་པར་བྱེད་པ་དེ་འབྲིམ་པར་མོས་པ་བསྐྱེད་པར་བྱའོ། །དགེ་སློང་བྱིན་ལེན་བྱས་པས་དགེ་སློང་གི་ཟས་བྲིམ་པ་ཉིད་ནི་རུང་བ་ཉིད་ཡིན་ནོ། །ཊཱི་ཀར། ཚུལ་དང་མི་མཐུན་པ་མ་ཡིན་ནོ། །ཞེས་སོ། །ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བའི་བུམ་པ་དག་བྱིན་ལེན་བྱས་ཏེ་དགེ་སློང་གིས་འབྲིམ་ན་ཞུན་མར་ལ་སོགས་པས་ཆོས་གོས་ལ་མ་རུང་བར་མི་འགྱུར་བར་བྱ་བའི་ཕྱིར། འབྲིམ་པར་བྱེད་པའི་དགེ་སློང་གིས་རྩྭ་དང་ལོ་མ་ལ་སོགས་པ་དག་གིས་གོས་དག་བསྐྱབ་པར་བྱའོ། །བྲིམ་པར་བྱ་བ་རྒུན་འབྲུམ་སོགས་ཞེས་པ་དང་བར་མ་དང་ཐ་མ་དག་མི་བསྲེ་བར་སོ་སོར་བྱའོ། །དེའི་སྤྲོས་པ་ནི་དཔེར་ན། ཨ་མྲ་མཆོག་དམན་རྣམས་ལས་ཞིབ་པོ་རྣམས་ལོགས་ཤིག་ཏུ་བསལ་ཏེ་བྲིམ་པར་བྱའོ། །འབྲིམ་པར་བྱེད་པའི་སྐལ་བ་ནི་མཁན་པོའམ་སློབ་དཔོན་གྱིས་མནོད་པར་བྱའོ། །སྐལ་བ་དེ་མཁན་སློབ་ཀྱིས་བླངས་ནས་འབྲིམ་བྱེད་ཀྱིས་མི་ཐོབ་པ་སྟེ། མི་འོས་པ་བཟང་པོ་འཐོབ་ན་འབྲིམ་པོའི་གྲལ་གར་བབ་པའི་ལྟག་འོག་དྲུང་ན་འདུག་པ་གྲལ་ཟླ་སུ་ཡིན་པས་མནོད་པར་བྱའོ། །བདག་གི་ལྟག་འོག་ནས་དགེ་སློང་མང་ཞིག་ཟན་འབྲིམ་དུ་དོང་སྟེ། འབྲིམ་བྱེད་དུ་མ་ཉིད་ཡིན་ན་དྲུང་ན་འདུག་པའི་དགེ་སློང་སྟན་ལས་མ་འཕགས་པས་དེ་དག་གི་སྐལ་བ་ཇི་ཙམ་ལེན་ནུས་པ་ནོད་ཀྱི། གཞན་ནི་མ་ཡིན་ནོ། །དེ་ཡང་ལག་གིས་མ་ཁྱབ་པ་ནི་ཉེས་པ་མེད་དོ། །བཞི་པ་ནི། བྱིན་ལེན་བྱས་པའི་ཟས་འབྲིམ་པ་ནི་རང་གི་འདུག་གནས་སམ་སྟན་ནས་མ་འཕགས་པས་ལེན་ནུས་པ་ཉིད་ཡིན་ན་བྱིན་ལེན་མ་ཞིག་གོ། །(༡༠༣བ)


K8Z003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཊཱི་ཀར། མི་ནུས་ན་ཞིག་པ་ཁོ་ན་ཡིན་ནོ། །ཞེས་སོ། །སྦྲང་བུ་དང་གྲོག་སྦུར་ལ་སོགས་པའི་སྒྲས་ནི། ཊཱི་ཀར། བྱི་ཕྲུག་བྱུང་མ་ཐག་པའི་ཚད་བས་ཆུང་བའི་སྐྱེ་བོ་ཕྲ་མོ་དག་གིས་རེག་པ་ཡང་བྱིན་ལེན་མི་ཞིག་གོ། །ཞེས་སོ། །དགེ་སློང་གིས་འཛིན་པ་མ་བཏང་བ་ལ་དགེ་སློང་ལས་གཞན་སྦྲང་བུ་སོགས་ལས་གཞན་གྱིས་ཏེ། མི་ཡིས་རེག་པས་ཀྱང་ངོ་སྟེ་བྱིན་ལེན་མི་ཞིག་གོ། །བྱི་མང་ལ་སོགས་པའི་བྱི་བ་ཙམ་ཡན་ཆད་ཀྱིས་རེག་པས་ནི་བྱིན་ལེན་ཞིག་པར་བྱེད་དོ། །བྱི་མང་ནི་ཚང་བསག་ནུས་པའོ། །ལྔ་པ་ནི། བྱིན་ལེན་བྱས་ཟིན་པ་ལ་གཞན་གྱིས་རེག་གམ། བྱིན་ལེན་བྱས་མ་བྱས་ཐེ་ཚོམ་ཟ་བའི་བྱིན་ལེན་སྟོབ་པ་ནི་མི་རིགས་པ་ཉིད་མ་ཡིན་ནོ། །ཊཱི་ཀར། འདི་ལ་གཞན་དག་གིས་རེག་གམ་སྙམ་པའི་ཐེ་ཚོམ་བསལ་བའི་ཕྱིར། ཞེས་སོ། །དྲུག་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དེང་སང་འདུལ་འཛིན་ཕལ་ཆེ་བ་རྣམས་ན་རེ། ལྟུང་བྱེད་འདི་ནི་དགེ་སློང་ནག་པོ་ཆེན་པོ་ལ་བརྟེན་ནས་བཅས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ལུང་རྣམ་འབྱེད་ལས། དགེ་སློང་ནག་པོ་ཆེན་པོ་མི་ཤ་ཟ་བར་གྲགས་པའི་བྱུང་བ་ལས། བྱིན་ལེན་བྱེད་དུ་བཅུག་སྟེ་ཟ་ན་དེ་ཉིད་ཟས་ལ་དཔང་པོར་འགྱུར་རོ། །དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་གསུངས་ཀྱི། ལྟུང་བྱེད་དུ་བཅས་པ་ནི་མ་མཛད་པས་ལྟུང་བྱེད་འདིའི་གླེང་གཞི་ནི་མ་ཡིན་ནོ། །འདིའི་གླེང་གཞི་ནི། ལུང་ལས་མཉན་ཡོད་དུ་དྲུག་སྡེས་བྱིན་ལེན་མ་བྱས་པར་ཟ་བ་ལ་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་བྱིན་པར་ལེན་པའི་རྒྱུར་འགྱུར་བ་དང་། ཟས་བཀག་པ་ལ་ལོངས་སྤྱོད་པའི་རྒྱུར་འགྱུར་བ་སྟེ། དེ་ཉིད་ལས། སྒྲ་མི་སྙན་དུ་ལྟུང་བ་མེད་པར་གསུངས་པ་དང་། ལུང་ལས་(༡༠༤ན)


K8Z003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ལ་དཔང་པོར་འགྱུར་རོ་ཞེས་གསུངས་པས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བྱིན་ལེན་འཇུག་པའི་ཟས་ལ་རང་ངམ་རང་དང་ཆོ་ག་གཅིག་པས་བྱིན་ལེན་དང་མི་ལྡན་པས་ཁམ་གཅིག་ཡན་ཆད་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་བཟའ་བའི་དངོས་པོ་དང་། གང་དུ་ཟ་བའི་གནས་དང་། གང་གིས་ཟ་བའི་རྟེན་ནོ། །དང་པོ་ལ་ལྔ་ལས། སྨན་གཞི་ལས། གང་ཡང་རུང་བ་ཡིན་པ་སྟེ། ཆུ་དང་སོ་ཤིང་མ་གཏོགས་པ་ཞེས་དེ་གཉིས་དམིགས་ཀྱིས་བསལ་བས་ཤེས་སོ། །རང་ངམ་རང་དང་ཆོ་ག་གཅིག་པས་བྱིན་ལེན་བྱས་པ་མ་ཡིན་པ་སྟེ། བྱིན་ལེན་མ་བསྟབ་པ་ཉིད་ལའོ་ཞེས་སོ། །སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་སྟེ། ལན་ཚྭ་ལ་སོགས་པའི་ཚྭ་ཆུ་དང་ཞེས་གསུངས་པས་སོ། །རུང་བ་དང་ཚད་དང་ལྡན་པ་གཉིས་ཏེ་ལྔའོ། །གཉིས་པ་གང་དུ་ཟ་བའི་གནས་ནི། བྱང་གི་སྒྲ་མི་སྙན་མ་གཏོགས་པར་རོ་ཞེས་སོ། །གསུམ་པ་གང་གིས་ཟ་བའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་དང་། ཟས་ཀྱིས་ཤིན་ཏུ་ཕོངས་པའི་རྐྱེན་ལྡན་མ་ཡིན་པ་སྟེ། ནད་གསོ་བ་འདི་ལ་བྱིན་ལེན་མ་བྱས་པ་ཉིད་དང་ཞེས་པ་དང་། ཤིང་ཏོག་རུང་བར་མ་བྱས་པ་དང་། བྱིན་ལེན་མ་བྱས་པ་དང་ངོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་སྔར་བཞིན། ཀུན་སློང་ནི་རང་གར་བྱིན་ལེན་མ་བྱས་པར་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཟ་བར་བྱེད་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །གཉིས་པ་ནི། ལྟུང་བྱེད་འདི་ལ་ཤེས་གཙོའོ། །ཡུལ་གང་ལ་ན་བྱིན་ལེན་མ་བསྟབས་པ་ཉིད་ལའོ། །གང་མ་བསྟབས་ཤེ་ན། ཆུ་དང་སོ་(༡༠༤བ)


K8Z003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མ་གཏོགས་པར་བཟའ་བར་བྱའོ། །གང་དུ་ན་ཁར་རོ། །སྣར་བླུགས་ན་ཉེས་བྱས་སུ་ཕྲན་ཚེགས་ལས་བཤད་ཅིང་། ཊཱི་ཀར། སྣར་བླུགས་པ་སོགས་ལ་མ་ཡིན་པར་གསུངས་སོ། །ཅི་ཞིག་བསྒྲུབས་ན་ཟོས་ནའོ། །ཡུལ་ཐམས་ཅད་དུའམ་ཞེ་ན། བྱང་གི་སྒྲ་མི་སྙན་མ་གཏོགས་པར་རོ། །བདུན་པ་ནི། དགེ་སློང་ནད་པས་རང་གིས་བྱིན་ལེན་མི་ནུས་ན་དགེ་སློང་གཞན་གྱིས་བྱིན་ལེན་བྱས་ནས་ནད་པའི་ཁར་བསྙོད་པར་བྱ་བ་ཡིན་ཡང་། དགེ་སློང་ནད་པ་བསྙེན་པར་རྫོགས་པ་མཚན་མཐུན་པ་གཞན་མེད་ན་བསྙེན་པར་མ་རྫོགས་པ་ལས་ནད་པའི་ཁར་ཟས་བསྙོད་པ་མནོད་པར་བྱའོ། །ཊཱི་ཀར། བསྙེན་པར་རྫོགས་པ་ཡོད་ན་ནི་ནད་པས་ཀྱང་མི་སྡུག་པའི་ཕྱིར་འདི་མི་བྱ་བ་ཉིད་དོ། །ཞེས་སོ། །ནད་པ་བསྙེན་པར་མ་རྫོགས་པ་ནི་བསྙེན་པར་མ་རྫོགས་པས་ཁར་བསྙོད་པ་བཟའ་བར་བྱའོ། །བྱིན་ལེན་མ་བྱས་པར་བཟའ་བའི་ལྟུང་བྱེད་དོ། །བཅུ་པ་བསོད་པ་བླང་བ། ལ། དངོས་གཞི་ན་སྨད་བཅས་ཏེ་སྟོན། །ཅི་བདེར་སྟོབ་ཀྱི་ཚད་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་གླེང་གཞི་ནི། སེར་སྐྱའི་གནས་སུ་དྲུག་སྡེས་ཟས་བསོད་པ་བླངས་ཏེ། ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་འདོད་པ་ཆེ་བ་དང་། སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས། ཡུལ་དུས་དེ་ན་ཟས་བསོད་པར་གྲགས་པ་ངག་གི་རིག་བྱེད་ཀྱིས་བསླངས་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་ལས། དང་པོ་གང་ལ་བླང་བའི་ཡུལ་ནི། ཁྱིམ་པ་ཆོས་དྲུག་ལྡན་སྔར་སྨོས་སོ། །གཉིས་པ་གང་བླང་(༡༠༥ན)


K8Z003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས་པོ་ལ་ལྔ་ལས། སྨན་གཞི་ལས། གང་ཡང་རུང་བ་ཡིན་པ་སྟེ། འོ་མ་དང་ཞོ་དང་ཤ་སྐམ་ལ་སོགས་པ་དུས་སུ་རུང་བ་བསྟན་ཅིང་། མར་དང་ཞེས་པས་ཞག་བདུན་པ་བསྟན་ལ། ལྟ་བུ་ཞེས་པས་ནི་ཐུན་ཚོད་དུ་རུང་བ་དང་། འཚོ་བའི་བར་བཅང་བ་གཉིས་བསྟན་ཏོ། །སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་སྟེ་སྔར་བཤད་པ་བཞིན་ནོ། །ཡུལ་དུས་དེ་ན་ཟས་བསོད་པར་གྲགས་པ་སྟེ། འོ་མ་དང་ཞོ་དང་ཞེས་པ་ལ་སོགས་པས་གསུངས་ལ། བྱང་ཕྱོགས་ཤ་ཟན་གྱི་ཡུལ་ན་ཤ་ནི་ནར་མའི་ཟས་ཉིད་ཡིན་ལ། ནས་ཀྱི་རྩམ་པ་ནི་དཀོན་ཅིང་བསོད་པ་ཉིད་དུ་གྲགས་པས། ཡུལ་དེར་དགེ་སློང་གིས་རྩམ་པ་བསླངས་ན་ཡང་ཟས་བསོད་པ་སློང་བའི་ལྟུང་བྱེད་བསྐྱེད་དེ། འདིར་གཞུང་ནི་རྫས་བཀག་པ་དེ་དང་འདྲ་བ་ལ་ཡང་ངོ་ཞེས་གསུངས་སོ། །གསུམ་པ་གང་གིས་སློང་ཞིང་ཟ་བའི་རྟེན་ནི་གནང་བའི་རྐྱེན་ཅན་མིན་པ་སྟེ། ཊཱི་ཀར། ན་བ་ལ་ནི་ལྟུང་བ་མེད་དོ། །ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་གི་དོན་དུ་བསླངས་ཏེ་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་བསླངས་ཏེ་ཟ་བར་ཞུགས་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །གཉིས་པ་ནི། ད་ནི་ཟས་བསོད་པ་སློང་བའི་ལྟུང་བྱེད་འཆད་དོ། །བསོད་པ་གང་ཞེ་ན། འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་ལྟ་བུ་ནི་ཟས་བསོད་པ་ཡིན་ནོ། །བསོད་པ་དེ་ནི་ལྟུང་བ་འདི་བསྐྱེད་པའི་བྱེད་པ་པོའོ། །བྱེད་པ་པོ་དེ་ཙམ་དུ་ཟད་དམ་ཞེ་ན། སྦྱིན་པར་བྱེད་པ་ཉིད་དུ་མ་ཡིན་པ་ཁྱིམ་པ་ཉིད་ཀྱང་ངོ་། །ཞུ་བ་ལས། ཟས་བསོད་པ་ཉེ་དུ་ལས་བསླངས་ཏེ་ཟ་ན་ལྟུང་བ་མེད་དོ། །ཆོས་འདི་པའི་(༡༠༥བ)


K8Z003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་བའི་སྦྱིན་བདག་ཡིན་ན་ལྟུང་བ་མེད་དོ། །ཕྱི་རོལ་པའི་རབ་ཏུ་བྱུང་བའི་སྦྱིན་བདག་ཡིན་ན་ནི་ཉེས་བྱས་སོ་ཞེས་སོ། །དགེ་སློང་རང་གིས་བསོད་པ་བསླངས་ཏེ་རང་གིས་ཟོས་ན་ལྟུང་བྱེད་བསྐྱེད་པའོ། །མ་ཟོས་པར་སློང་བ་ཙམ་ལ་ཅིར་འགྱུར་ཞེ་ན། དགེ་སློང་མིན་པས་བསླངས་པ་དང་སློང་དུ་བཅུག་པ་ཉིད་ལ་ནི་ཉེས་བྱས་ཀྱིའོ་སྟེ། སྔ་མ་ལ་སྦྱོར་བའི་ཉེས་བྱས་དང་། ཕྱི་མ་ལ་ཉེས་བྱས་ཕྲ་མོར་འགྱུར་རོ། །སྦྱིན་བདག་གིས་ཅི་བདེར་བསྟབ་པ་མ་བྱས་པ་ལ་ལྟུང་བ་འདིར་འགྱུར་རོ། །ཟས་བསོད་པ་གཞན་བསྟབས་པ་ན་ཟས་བསོད་པ་གཞན་བསླངས་ཏེ་ཟོས་ན་ལྟུང་བྱེད་དུ་འགྱུར་བ་བསྟན་པའི་ཕྱིར། དེ་ཡང་འོ་མ་བསྟབས་ན་འོ་མ་འབའ་ཞིག་སློང་བའི་ལྟུང་བ་ཁེགས་ཀྱི། བསོད་པ་གཞན་སློང་བའི་ལྟུང་བ་མི་ཁེགས་ལ། ཞོ་བསྟབས་ན་ཡང་ཞོ་འབའ་ཞིག་སློང་བའི་ལྟུང་བ་ཁེགས་ཀྱི། བསོད་པ་གཞན་དུ་སློང་བའི་ལྟུང་བ་མི་ཁེགས་པས། ཊཱི་ཀ་ལས། བསྟབས་པ་ཁོ་ན་འབའ་ཞིག་ལྟུང་བ་ལས་འབྱིན་པ་ཡིན་པས། དེའི་ཕྱིར་བསོད་པའི་ནང་ནས་ངན་པའམ། བསོད་པའི་ནང་ན་ཅུང་ཟད་བཟང་བ་བསོད་པའམ། བསོད་པའི་ནང་ན་འབྲིང་པོ་ཐ་མལ་པའམ། བསོད་པའི་ནང་ན་བཟང་པོ་སྟེ་ངན་པ་ནི་རའི་འོ་མའོ། །བསོད་པ་ནི་འབྲས་ཀྱིའོ་ཐུག་དང་ཤ་ཁ་ར་བསྲེས་པའོ། །ཐ་མལ་པ་ནི་བའི་འོ་མའོ། །བཟང་པོ་ནི་གོང་མ་སྲེག་ལ་སོགས་པའི་ཤ་ལ་བལ་པོ་སེའུའི་ཁུ་བ་དང་ན་ལེ་ཤམ་ལ་སོགས་པ་སྤྱོད་དང་སྦྱར་བའོ། །ཞེས་སོ། །དེས་ན་ཟས་བསོད་པ་རིགས་བཞི་སྟེ། དེ་ལས་འགའ་ཞིག་སྟོབ་པར་བྱེད་ཅིང་ཐོབ་མ་ཟིན་ལ་འཐོབ་པར་ཕྱོགས་པ་ན། གལ་ཏེ་བསླངས་ན་ཡང་ངོ་ཞེས་པ་འདི་ནི་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་སྐབས་ཀྱི་ལུང་རྣམ་(༡༠༦ན)


K8Z003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་དང་། སྐབས་འདི་ཉིད་ཀྱི་འགྲེལ་ཆུང་ལས་དོན་འདི་ལྟར་གསུངས་ཏེ། གལ་ཏེ་ཟས་བསོད་པ་གང་སྟོབ་པར་བྱེད་པ་དེ་དང་མཉམ་པའམ། དེ་བས་ལྷག་པའི་ཟས་བསོད་པ་གཞན་བསླངས་ན་ཡང་ཐོབ་སྟེ་ཟོས་པ་ན་ལྟུང་བྱེད་འབྱུང་ངོ་། །དེ་ཡང་དཔེར་ན་འོ་མ་བསྟབས་པ་ན་འོ་མ་དང་མཉམ་པ་ཞོ་བླངས་ན་ཡང་ཐོབ་སྟེ་ཟོས་པས་ན་ལྟུང་བྱེད་འབྱུང་ལ། འོ་མ་བསྟབས་པ་ན་འོ་མ་ལས་ལྷག་པར་གོང་མ་སྲེག་གི་ཤ་བསླངས་ན་ཡང་ཐོབ་སྟེ་ཟོས་པ་ན་ལྟུང་བྱེད་དུ་འབྱུང་བ་ལྟ་བུའོ། །འདི་ནི་ལུང་ལས། ངན་པ་ལ་མགྲོན་དུ་བོས་པ་ན་བསོད་པ་བསླངས་ན་དགེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། ཟོས་པ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་རྣམ་འབྱེད་ལས་གསུངས་པ་དེ་སྐབས་འདིར་བསྡུས་པའོ། །ངན་པ་འདི་ལ་ཞེས་པ་ལ་ཊཱི་ཀས་ནི་མདོ་སྔ་མ་དེ་དང་ཕྱི་མ་འདིའི་ཁུངས་བསྲེས་ཏེ་དྲངས་པས་གོ་ཤིན་ཏུ་མི་བདེ་ཡང་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་སྐབས་ཀྱི་ལུང་རྣམ་འབྱེད་ལས་དོན་འདི་ལྟར་གསུངས་ཏེ། ཟས་བསོད་པའི་བཟང་ཤོས་སྟོབ་པ་ན་ཟས་བསོད་པའི་ངན་ཤོས་བསླངས་ཏེ། ཟོས་པ་འདི་ལ་ནི་ལྟུང་བྱེད་ཀྱི་ཕྱེད་ཉེས་བྱས་བསྐྱེད་པ་ཉིད་དོ། །དཔེར་ན་ཟས་བསོད་པའི་ནང་ན་བཟང་ཤོས་གོང་མ་སྲེག་གི་ཤ་བསྟབ་པ་ན། ཟས་བསོད་པའི་ནང་ནས་ངན་པ་འབྲུ་མར་བསླངས་ཏེ་འཐུངས་ན་ཉེས་བྱས་བསྐྱེད་པ་ལྟ་བུའོ། །ལུང་ལས། བསོད་པ་ལ་མགྲོན་དུ་བོས་པ་ན་ངན་པ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ཡང་ཉེས་བྱས་ཉིད་དུ་འགྱུར་རོ་ཞེས་མགྲོན་དུ་གཉེར་པ་ལས་རིང་དུ་འདུག་པའི་རྣམ་འབྱེད་ལས་གསུངས་པ་དེ་སྐབས་འདིར་བསྡུས་པའོ། །གཉིས་པ་ནི། ཅི་བདེར་སྟོབ་པའི་ཚད་ནི་བསོད་(༡༠༦བ)


K8Z003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ལ་རྒྱུ་བ་ན་སྦྱིན་བདག་ཟས་ཁྱེར་ཏེ་ཕྱིར་བྱུང་བས་དགེ་སློང་གིས་ཟས་མི་ལེན་པར་ཅང་མི་སྨྲ་བའམ་ཁོ་བོ་ལ་འདི་མི་དགོས་སོ་ཞེས་ཕྱིར་སྤོང་བ་ལ། འོ་ན་ཅི་སློང་ཞེས་དྲིས་པ་ནི་སྦྱིན་བདག་གིས་ཟས་ཅི་བདེར་བསྟབ་པ་ཉིད་ཡིན་ནོ། །འདིར་སྨྲ་པ། བདག་གིས་དྭགས་པོའི་བསྟན་པ་རིན་ཆེན་འདི། །ལོང་བས་ཕྱགས་དར་ཕུང་པོ་ལས་རྙེད་བཞིན། །སྟབས་ལེགས་ཉིད་ཀྱིས་ཐོབ་པའི་དོན་ཆེན་པོ། །རང་གཞན་ལེགས་སྤྱད་གསོ་བའི་ཕྱིར་འདིར་འབད། །སངས་རྒྱས་གྲངས་མེད་འདས་པས་ངན་བུ་ལ། །གསོ་བའི་སྤྱོད་ཡུལ་མ་འཚལ་བདག་པོར་ཀྱང་། །བརྩེ་ཆེན་རྒྱས་པ་ཕྲིན་ལས་དབང་ཕྱུག་གིས། །བདག་ལ་སྨན་པའི་སྦྱོར་བ་ཅི་ཡང་བསྟན། །འཇིག་རྟེན་དཀོན་མཆོག་དག་གིས་གང་ན་ཡང་། །བདག་གི་སྐྱབས་མཆོག་ཁྱོད་ལགས་ཉེ་བར་དགོངས། །གཅམ་བུའི་ངོ་ཟོལ་ཙམ་གྱིས་མ་ཡིན་པའི། །སློབ་མ་ཡོད་ན་ཁོ་བོའི་རྣམ་ཐར་གཟིགས། །བསོད་པ་སློང་བའི་ལྟུང་བྱེད་དོ། །། །བཅུ་ཚན་ལྔ་པའི་དང་པོ་སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པ་ལ། ལུང་རྣམ་འབྱེད་ཀྱིས་བརྗོད་པ་དང་། །ཕན་ཚེགས་སོགས་ཀྱིས་བརྗོད་པའོ། །དང་པོ་ལ། ལྟུང་བ་རྣམ་པར་བཞག་པ་དང་། །ཆེད་དུ་བྱ་བའི་བྱེ་བྲག་བསྟན། །སྦྱོར་བའི་ཡན་ལག་ཟུར་དུ་བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་ཡུལ་ཀཽ་ཤཱམྦཱི་འདུན་པས་སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དུད་འགྲོའི་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ཁོ་ནའི་དོན་དུ་ཆུ་དང་ས་བར་ཤིང་ལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་མ་བལྟོས་པའི་བསམ་པས་གཞི་མའི་ཞར་ལ་སྤྱད་པས་དུད་འགྲོ་ཤི་བ་(༡༠༧ན)


K8Z003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། སྔར་གྱི་སྲོག་ཆགས་དང་བཅས་པའི་སྐབས་དང་འདྲའོ། །འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་ཁོ་ནའི་དོན་དུ་སྲོག་ལ་མ་བལྟོས་པར་གཞི་མའི་ཞར་ལ་སྲོག་ཆགས་དང་བཅས་པ་ལ་སྤྱོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་སྲོག་ཆགས་དང་བཅས་པ་ལ་སྤྱོད་པར་ཞུགས་པའོ། །མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་དུད་འགྲོ་ཤི་བའོ། །གཉིས་པ་ནི། འདི་ལྟུང་བྱེད་དུ་ཇི་ལྟར་འགྱུར་ན་རང་ཁོ་ན་ལོངས་སྤྱོད་པའི་དོན་ཉིད་ལ་བདག་ཉིད་འཇུག་པ་དང་གཞན་འཇུག་ཏུ་འཛུད་པ་དག་ལའོ། །འདི་ལ་ཤེས་གཙོའོ། །ཡུལ་གང་ལ་ན་སྲོག་ཆགས་དང་བཅས་པ་ཉིད་ལའོ། །སྲོག་ཆགས་དང་བཅས་པ་གང་ལ་ལོངས་སྤྱོད་ན་ལྟུང་བྱེད་དུ་འགྱུར་ཞེ་ན། སྲོག་ཆགས་དང་བཅས་པའི་ཆུ་དང་ཞུན་མར་དང་འབྲུ་མར་དང་སྦྲང་མ་དང་བུང་བའི་རྩི་དང་བུ་རམ་གྱི་དབུ་བ་དང་འོ་མ་དང་ཞོ་དང་མར་དང་བཅོས་ཆང་ལས་ཉམས་པའི་ཚ་དང་། འབྲུའི་ཆང་ལས་ཉམས་པའི་འབྲུའི་ཚ་དང་། ཞོག་ཆུ་དང་རྩ་བ་མོ་དང་ཤིང་ཏོག་དང་བཅའ་བར་བྱ་བ་ལ་སོགས་ཀྱི་བཟའ་བྱའང་བསྡུས་པ་ལུས་ཀྱི་ཡོ་བྱད་དག་ཏུ་ཉེ་བར་སྦྱར་བར་བྱ་བའི་སྲོག་ཆགས་དང་བཅས་པ་ཉིད་ལའོ། །སྲོག་ཆགས་ཇི་ལྟ་བུ་ཞེ་ན། ཐ་མལ་པའི་མིག་ལ་སྣང་བ་དག་གིས་སོ། །སྲོག་ཆགས་དེ་དག་ཤི་ནའོ། །སྲོག་ཆགས་རེ་རེའི་བཞིན་ལྟུང་བྱེད་དོ། །གཉིས་པ་ནི། རང་སྤྱད་པའི་དོན་ཉིད་ལ་ཞེས་སྔར་སྨོས་ན་སྤྱད་པ་ནི་གང་ཞེ་ན། སྤྱད་པ་ནི་ཁྲུས་དང་ལྟུང་བ་ལ་སོགས་པར་རང་གི་ལུས་ཀྱི་ཉེ་བར་སྤྱད་པའོ། །དུལ་བའི་ལྷས། ནང་གིར་སྤྱད་པ་ནི་ལུས་ཀྱི་(༡༠༧བ)


K8Z003_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་སྤྱད་པའོ་ཞེས་སོ། །དེ་གང་ཞེ་ན། འདི་ལྟ་སྟེ། སྲོག་ཆགས་དང་བཅས་པའི་ཆུས་ཁྲུས་དང་། བཏུང་བ་དང་། སོ་ཤིང་དོར་བ་དང་། ལག་པ་དང་རྐང་པ་བཀྲུ་བའོ། །དེ་རྣམས་ཁོ་ནར་ཟད་དམ་ཞེ་ན། ཡོ་བྱད་དག་ཏུ་སྲོག་ཆགས་དང་བཅས་པ་ལ་ཉེ་བར་སྤྱད་པ་གང་ཡིན་པ་དེ་ནི་ལུས་ཀྱི་ཉེ་བར་སྤྱད་པ་ཡིན་ནོ། །ལུས་ཀྱི་ཡོ་བྱད་དེ་དག་གང་ཞེ་ན། བཟའ་བར་བྱ་བ་དང་། ལྷུང་བཟེད་དང་། ཆོས་གོས་དང་། གནས་དང་། སོ་བཀྲུ་བ་དང་། མེ་དང་སོགས་ཀྱིས་ཁྲི་དང་ཁྲིའུ་བསྡུས་པ་ནི་ལུས་ཀྱི་ཡོ་བྱད་དག་ཡིན་ནོ། །འོ་ན་ལུས་ཀྱི་ཡོ་བྱད་དེ་དག་བསྒྲུབ་པ་ལ་ཅི་དགོས་ཞེ་ན། ལུས་ཀྱི་ཡོ་བྱད་དེ་དག་ཏུ་སྤྱད་པའི་དངོས་པོ་ནི་ས་དང་། གཅི་བ་དང་། ཚོན་དང་། རྩ་དང་། ཤིང་ལ་སོགས་ཀྱིས་ཆུའང་བསྡུས་པའོ། །ལུས་ཀྱི་ཡོ་བྱད་དེ་དག་ཏུ་དགོས་པ་ནི་འདི་ལྟ་སྟེ། བྱི་དོར་བྱ་བ་དང་། བཀྲུ་བ་དང་། ཁ་བསྒྱུར་བ་དང་། ཆག་ཆག་གདབ་པ་དང་། ཕྱགས་བདར་བྱ་བ་དང་། ཞལ་ཞལ་བྱ་བ་དང་། འུ་ཤ་དང་། ཐང་དང་། ཐུག་པ་དག་ཏུ་བྱ་བའོ། །གསུམ་པ་ནི། འབབ་ཆུའི་ལམ་སྲོལ་དགག་པ་དང་། སྔར་མི་འབབ་པའི་ཕྱོགས་བསལ་བ་དག་ཀྱང་སྦྱོར་བ་དག་ཡིན་ནོ་ཞེས་འོག་གི་མདོ་ལས་འབྱུང་བ་འདིར་ཡང་སྦྱོར་རོ་ཞེས་སྔ་འགྲེལ་ལས་སོ། །ལུང་ལས། དགེ་སློང་གིས་སྲོག་ཆགས་དང་བཅས་པའི་ཆུ་ཡུར་བ་འགོག་གམ། སེལ་བར་བྱེད་ན་སྲོག་ཆགས་ཤི་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ་ཞེས་སོ། །ཤིང་དང་གཡེང་བ་ནི་ཆུ་ལོན་ལ་སོགས་པ་ཆུར་གཡེང་བ་དག་གོ། །དེ་དག་ནི་དཔེ་ཙམ་དུ་ཟད་དེ། དེ་ལྟ་བུ་དང་འདྲ་བ་གཞན་དག་ཆུའི་ནང་དུ་གཞུག་པ་དང་དྲང་བ་དང་བཤལ་བ་དག་ཀྱང་སྤྱོད་པ་ཡིན་ནོ། །གོས་རིམ་པ་གཅིག་པ་ལས་གཞན་པ་སྤུ་ཅན་ལ་སོགས་(༡༠༨ན)


K8Z003_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལྷན་པ་ཅན་བསྡུས་པ་བཀྲུ་བར་ཡང་སྦྱོར་བའོ། །འོད་ལྡན་རྩ་བ་ལས། ཁྲུས་རས་སྤུ་བཅས་གོས་དང་ཉིས་རིམ་དག་གིས་ནི། སྲོག་ཆགས་བཅས་པའི་ཆུ་ལ་ལུས་ཀྱི་ཁྲུས་བྱ་བཀག །གང་ན་ཆུ་བས་སྲོག་ཆགས་མང་བ་དེར་ཁྲུས་ཀྱང་། །རིམ་པ་གཅིག་པུས་ལུས་ཀྱི་ཁྲུས་ནི་མི་བྱའོ། །ཞེས་སོ། །ཤེས་རིམ་པ་གཅིག་པ་དེ་ཡང་སྲོག་ཆགས་ཀྱི་ཁམས་ཉུང་བའི་ཆུར་ནི་བཀྲུ་བར་བྱའོ་ཞེས་ལུང་ལས་དངོས་སུ་གསུངས་པ་ནི་མདོ་འདིའི་ཤུགས་ཀྱིས་བསྟན་ཏེ། གོས་རིམ་པ་གཅིག་པ་དེ་ཡང་སྲོག་ཆགས་ཀྱི་ཁམས་ལྷག་པར་མང་བའི་ཆུར་འཁྲུ་བ་ལྟ་བུ་ཡང་ལྟུང་བྱེད་འདིའི་སྦྱོར་བ་དག་ཡིན་ནོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པ་རྣམ་པར་འབྱེད་པའོ། །། །གཉིས་པ་ལ། སྲོག་ཆགས་གནོད་སྤང་ཚགས་བསྲེལ་བྱ། །ཚགས་མེད་མི་འགྲོ་ཞར་བྱུང་བསྟན། །སྲོག་ཆགས་བརྟགས་ནས་ཡིད་ཆེས་སྒྲུབ། །སྲོག་ཆགས་གནོད་སྤང་ཞར་བྱུང་བསྟན། །རུང་བ་མ་བརྟགས་སྤྱད་དུ་གནང་། །ཆུ་དང་འབྲེལ་བའི་བསླབ་བྱའོ། །དང་པོ་ནི། ལག་པས་ཆུ་ཚགས་འཛིན་པ་ངལ་བས་དཔྱོང་ཚགས་ཤིང་བུ་གསུམ་ལ་དཔྱོངས་པའི་ཆུ་ཚགས་བཅང་བར་བྱའོ། །ཆུ་ཚགས་དེ་གང་དུ་བཞག་པར་བྱ་ཞེ་ན། ས་ལ་བཞག་པའི་བུམ་པ་ལ་སོགས་པ་ཆུ་བཟེད་སྣོད་ཀྱི་སྟེང་གི་ནམ་མཁར་ཤིང་བུ་གསུམ་མདུང་ཁྱིམ་དུ་ཕུབ་པའི་ནམ་མཁའ་ལ་ཆུ་ཚགས་དེ་དཔྱོངས་ཏེ་བཞག་པར་བྱ་ཞིང་། ཆུ་ཚགས་དེ་ཡང་ཆུ་བཟེད་པར་བྱེད་པ་སྟེ། ཆུ་དེ་ཡང་དགང་བ་ཆུ་ཚགས་སུ་བླུག་པར་བྱ་བ་དང་། བླུགས་ནས་བཙགས་པར་བྱ་བའི་ཆུ་བཟེད་པར་བྱེད་པ་རས་ལ་སོགས་པའི་ཚགས་གདགས་པར་བྱ་བའི་ལྕགས་གཟེར་དག་ཤིང་བུ་གསུམ་གྱི་ཡ་ཏོག་ཏུ་བཏབ་པའི་ཤིང་བུ་གསུམ་བསྣོལ་མར་(༡༠༨བ)


K8Z003_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲེལ་བ་དང་ལྡན་པ་ནི་དཔྱོང་ཚགས་དེ་ཞེས་བྱའོ། །འོད་ལྡན་ལས། དབྱུག་གུ་གསུམ་ལ་ཆུ་ཚགས་གྲུ་གསུམ་གྱི་གྲྭའི་སྲད་བུས་བཏགས་ནས་བཙག་ཅེས་སོ། །ཊཱི་ཀ་ལས། དཔྱོང་ཚགས་ཞེས་བྱ་བ་ནི་ཆུ་ཚགས་གྲུ་གསུམ་ལ་སོགས་པའི་རྫས་ཡིན་པར་རིག་པར་བྱའོ། །ཞེས་སོ། །ཆུ་གནས་པར་བྱ་བའི་ཕྱིར་ཆུ་ཚགས་སུ་གཅལ་གཞུག་པར་བྱའོ། །ཊཱི་ཀ་ལས། ཆུ་ཚགས་ཀྱི་ནང་ནས་ཆུ་མྱུར་དུ་ཟགས་ན་དེར་གནས་པའི་སྲོག་ཆགས་རྣམས་འཆི་བའི་དངངས་སྐྲག་འབྱུང་བ་སྤང་བའི་ཕྱིར། ཞེས་སོ། །གཅལ་ཅི་གཞུག་ན་བྱེ་མའམ་ལྕི་བའོ། །ཆུ་གནས་པར་བྱ་བའི་ཕྱིར་ཆུ་ཚགས་ལ་ཡང་ན་ཚགས་རྟེན་སྣོད་གཞུག་གོ། །ཚགས་རྟེན་སྣོད་དེ་ནི་ས་དང་ཟངས་མ་ལས་བྱས་པ་གང་ཡང་རུང་ངོ་། །ཚགས་རྟེན་སྣོད་དེ་ནི་ཤིང་བུ་གསུམ་གྱི་ཐོག་མ་རྩེ་མོ་ལ་གདགས་སོ། །ཡ་ཐོག་ཏུ་ལྕགས་གཟེར་གདབ་པར་བྱའོ་ཞེས་ཊཱི་ཀ་ལས་ལུང་དྲངས་སོ། །འགྲེལ་ཆུང་གི་རྩ་བ་ལས། ཤིང་བུ་གསུམ་གྱི་ཡུ་བ་ལ་གདགས་སོ། །ཞེས་བྱ་བ་ནི་ཤིང་བུ་སྤྱི་སྤྲོད་གསུམ་གྱི་སྐེད་པ་ལ་གདགས་སོ་ཞེས་བཤད་ཀྱང་། ཤིང་བུ་གསུམ་རྩེ་མོ་བསྣོལ་མར་སྦྲེལ་བའོ། །རྩེ་མོ་གསུམ་ལ་གདགས་སོ། །ཐབས་གང་གིས་གདགས་ཤེ་ན། སྣོད་དེ་ལ་བུ་གུར་ལུང་བྱས་ཏེ་གདགས་སོ། །ཚགས་རྟེན་སྣོད་དེ་ནི་ངོས་གཉིས་ནས་བུ་གུ་གཅིག་ལ་ལུང་ཐག་གཅིག་ཀྱང་བྱ། བུ་གུ་གཅིག་ལ་ལུང་ཐག་ཁ་གཉིས་སུ་གྱེས་པ་བྱས་ཏེ། ཤིང་བུ་གསུམ་ལ་བཏགས་ན་ཡང་འདུག་ཏུ་བཏུབ་བོ། །ཆུ་ཚགས་ཀྱི་ནང་དུ་ཚགས་རྟེན་སྣོད་བཞག་ན་ནི་ཚགས་རྟེན་སྣོད་ཀྱི་འོག་ཏུ་སོང་བའི་སྲོག་ཆགས་རྣམས་འཆི་བར་འགྱུར་སྲིད་པས། ཆུ་ཚགས་ཀྱི་ཕྱི་རོལ་གྱི་དངོས་སུ་ཚགས་རྟེན་སྣོད་བཞག་པར་བྱའོ། །དེ་ཅི་ཞིག་གིས་བཏགས་ཤེ་ན། སྔ་(༡༠༩ན)


K8Z003_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནི་ས་ལས་བྱས་པའི་ཚགས་རྟེན་སྣོད་ཐ་གུས་གདགས་སོ། །ཕྱི་མ་ཟངས་ལས་བྱས་པའི་ཚགས་རྟེན་སྣོད་ནི་ལྕགས་ཐག་འཇམ་པོས་གདགས་སོ། །ཚགས་རྟེན་སྣོད་དེ་གང་ཟག་གིས་ཀྱང་བཅང་བར་བྱའོ། །ཆུ་ཚགས་ལའང་ཆུ་མི་འཛག་ན་ཤིང་ལེབ་ཀྱིས་ཆུ་ཚགས་ལ་དལ་བུས་དལ་བུས་ཡང་ཡང་དུ་གདབ་པར་བྱའོ། །བུམ་ཚགས་གཅེའུ་སྦུ་གུ་ཅན་ནི་དེ་ནས་ཆུའི་སྒྲ་ཏི་ཏིག་སྒྲོག་ཅིང་འཛག་པའམ། ཡང་ན་དེའི་ནང་དུ་ཆུ་སྒྲ་སྒྲོག་ཅིང་འགྲོ་བར་འགྱུར་བའི་ཕྱིར་སྒྲ་སྒྲོག་ཅེས་ཀྱང་བྱའོ། །དེ་ནི་ཚེགས་ཆུང་བས་དེ་ལ་འདོད་པ་བསྐྱེད་པའི་ཐ་ཚིག །དེ་གང་ཟག་གིས་ཀྱང་བཅང་བར་བྱའོ། །དེ་ཅི་ལས་བྱས་པ་བཅང་ཞེ་ན། སའམ་ཟངས་མ་ལས་བྱས་པའོ། །དེའི་དབྱིབས་ཅི་འདྲ་ཞེ་ན། བུམ་ཚགས་ལྕེའུ་ཅན་དེ་ནི་ཕྱི་བུམ་པའི་དབྱིབས་ཅན་ནང་པདྨའི་སྙིང་པོའི་ནང་ན་གནས་པའི་བུ་གུ་ལྟ་བུའི་བུ་ག་དང་ལྡན་པ། བུ་གུ་དེ་དག་གིས་ངོས་འོག་མ་རྣམས་ལ་ལྕེའུ་ལྟ་བུའི་སྦུབས་ཅན་ཡིན་ནོ། །ནང་གི་བུ་གུ་དེ་དག་ཏུ་ཆུ་ཚགས་སུ་རུང་བའི་རས་མ་དགབ་པར་བྱའོ། །ཆུ་ཚགས་གང་ཟག་གིས་ཀྱང་ཉེ་བར་བཞག་པར་བྱའོ། །ཆུ་ཚགས་གྲུ་གསུམ་མམ་ཞེས་པ་ལ་བུ་ཊཱིཀ་ཏུ། རས་ལ་ཁ་ལ་སོགས་པ་གྲུ་གསུམ་པ་ཞབས་འཕྱངས་བྱིན་གྱིས་ཕྲ་བར་བཙེམས་པ་སྨྱུག་མའམ་འཁར་བ་ལ་སོགས་པ་གྲུ་གསུམ་ཡུ་བ་ཅན་ལ་བུ་གུ་ཕུག་པ་ལས་དཔྱོངས་པའོ། །རིལ་བ་ཞབས་ཚགས་ཅན་ནམ་ཞེས་པའི་བུ་ཊཱིཀ་ཏུ། སའམ་ཤིང་ངམ་ཟངས་ལས་བྱས་པའི་རིལ་བ་ཞབས་རིལ་གྱིས་ཟོ་བ་ཞབས་མ་བཅུག་པ་དང་འདྲ་བར་གསང་སྟོད་དུ་བཞག་ལ། དེ་རས་བཟང་པོས་ནང་རོལ་ནས་བཀབ་སྟེ། ཁའི་མཐོངས་ཕྱེ་སྟེ་རླུང་གིས་གསང་བཏོད་ལ་ཞབས་ཆུའི་ནང་དུ་བཅིངས་ཏེ་བཙིར་ནས་ཆུ་ནང་དུ་གཞིབ་(༡༠༩བ)


K8Z003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་བཙགས་ལ། ཕྱིར་འབྱུང་ཁར་ཁའི་མཐོངས་བཀག་སྟེ་རླུང་གིས་བསུབ་སྟེ་ཆུ་རང་གང་དང་བཅས་ཏེ་འབྱུང་བའོ་ཞེས་གསུངས་སོ། །བསལ་ཚགས་ནི་བུ་ཊཱིཀ་ཏུ། བསལ་ཚགས་ནི་རས་མ་རྐྱང་པ་དང་རས་ལེབ་ལེབ་པོ་ཞེས་བཤད་ལ། ཆུ་ཚགས་ཀྱི་ནང་དུ་སྲོག་ཆགས་ཟིན་པ་ཆུའི་གཞིར་བསྐྱལ་བའི་སྣོད་ཟོ་བའམ་བུམ་པའི་དབྱིབས་འདྲ་བ་ཁ་དང་ཞབས་ན་དཔྱོང་ཐག་རེ་རེ་བཏགས་ལ་ཐུར་དུ་གཏོང་ཚེ་ཁའི་དཔྱོང་ཐག་བསྡམ་ཞིང་ཞབས་ཀྱི་དཔྱོང་ཐག་གློད་ལ་འཇིངས་སུ་འབོར་བའི་ཚེ་ན། ཁའི་དཔྱོང་ཐག་གློད་ལ་ཞབས་ཀྱི་དཔྱོང་ཐག་བསྡམས་ཏེ། ཁ་ཕུབ་ལ་སྲོག་ཆགས་དལ་བུར་ཆུར་བཏང་བའི་སྣོད་ཡིན་ནོ་ཞེས་གསུངས་སོ། །དེའི་ལུགས་ཀྱི་དཔེའུ་རིས་ནི་འདི་སྟེ། གཞན་ཡང་། འོད་ལྡན་ལས། བསལ་ཚགས་ནི་གོས་ཀྱི་དུམ་བུའོ་ཞེས་སོ། །བསྡུས་པ་ལས། ཆོས་གོས་ཀྱི་གྲྭ་སྟེ་བསལ་ཚགས་ཞེས་བྱ་བ་ཞེས་བཤད་དོ་ཞེས་པ་ལྟར་ན། རས་ལྟ་བུ་ལ་སྟེང་འོག་ཏུ་ཐིག་གུ་བཏགས་པ་འདྲ་ཞིག་ལ་འཆད་དགོས་པ་འདྲའོ། །ཀྱང་ངོ་ཞེས་པ་ཉེ་བར་བཞག་པར་བྱའོ། །དེ་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །ཞེས་འོག་ནས་འབྱུང་བ་དེའི་དམིགས་བསལ་ནི། དགེ་སློང་ལམ་དུ་འགྲོ་བ་ན་ཆུ་ཚགས་མེད་ཀྱང་བྱ་མ་བུམ་དང་རིལ་བ་དག་གིས་ཆུ་རུང་བ་སྲོག་ཆགས་མེད་པ་བཅུས་པ་ཉིད་དང་། ལམ་དུ་འབབ་ཆུ་ལ་སོགས་པ་ཆུ་རུང་བ་བཅུར་ཡོད་པ་ཉིད་ཀྱང་ཆུ་ཚགས་དེ་དང་ལྡན་པ་ཉིད་དོ། །གཉིས་པ་ནི། ཆུ་ཚགས་དེ་མེད་ཁང་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །འགྲེལ་ཆུང་ལས། ཆུ་ཚགས་དང་གྷཱུནྡྷེ་མེད་པར་ཡུལ་རྒྱུ་བར་མི་སྤྱད་ཅེས་བཤད་དེ། གྷཱུནྡྷེ་ཞེས་པ་ནི་རིལ་བ་སྤྱི་བླུགས་བསྡུས་པར་གསལ་ཏེ་འགྲེལ་ཆུང་གི་སྐབས་གཞན་ནས་བཤད་དོ། །དགེ་སློང་ནང་དེ་ཞེ་འགྲས་(༡༡༠ན)


K8Z003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་པ་དང་ལྷན་ཅིག་ཏུ་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །གལ་ཏེ་དེ་དང་འགྲོགས་ཏེ་མི་འགྲོར་མི་རུང་བའི་རྐྱེན་དེ་ལྟ་བུ་ཡོད་ན། ནད་དང་བཅས་པ་དེ་ལ་བཟོད་པ་གསོལ་ཏེ་ལྷན་ཅིག་ལྗོངས་རྒྱུ་ཞིང་འགྲོ་བར་བྱའོ། །ཆུ་འཚག་པའི་བྱ་བ་བྱེད་པའི་དུས་ན་ཆུ་ཚགས་ཡོད་པ་ཉིད་ནི་ཡོད་པ་ཡིན་གྱི། སྔར་ཡང་མ་ཡིན་ནོ། །ཕྱིས་ཀྱང་མ་ཡིན་ནོ། །ཡོ་བྱད་གཞན་ཡང་རང་རང་གི་བྱ་བ་བྱེད་པའི་དུས་ན་ཡོད་པ་ཉིད་ནི་ཡོད་པ་ཉིད་དོ་ཞེས་མདོ་འདིས་སྤྱིར་བསྟན་པའི་ཊཱི་ཀས་བཤད་དོ། །རང་ལ་ཆུ་ཚགས་མེད་ཀྱང་གཞན་གྱིས་འདི་ལྟར་ཆུ་འཚག་པའི་དུས་དེར་ཆུ་ཚགས་གཡར་པོར་སྦྱིན་ནོ་ཞེས་ཁས་བླངས་པ་ནི་ཆུ་ཚགས་དེ་དང་ལྡན་པ་ཉིད་ཡིན་ནོ། །དགེ་སློང་གཉིས་ལྗོངས་རྒྱུ་བའི་ཚེ་ལམ་དུ་མི་འབྲལ་ན་སྦྱིན་པར་ཁས་བླངས་ཀྱང་དེ་གཉིས་ལམ་ཐ་དད་དུ་འབྲལ་བ་ན། གཡར་པོར་སྦྱིན་པར་ཁས་མ་བླངས་ན་མ་འབྲལ་བའི་དུས་སུ་ཡང་གཞན་གྱི་ཆུ་ཚགས་དེ་ལ་བརྟེན་པར་མི་བྱའོ། །ཆུས་ཕོངས་པར་མི་འགྱུར་བའི་ཉེ་འཁོར་ནི་རྒྱང་གྲགས་ལྔ་ཉིད་ཡིན་པས་ལམ་གྱི་ཐག་དེ་ཙམ་དུ་འགྲོ་བ་ནི་ཆུ་ཚགས་མེད་ཀྱང་ལྗོངས་རྒྱུ་བའི་ཉེས་པ་འབྱུང་བ་མ་ཡིན་ནོ། །ཆུས་ཕོངས་པར་མི་འགྱུར་བའི་ཉེ་འཁོར་དེ་ནི་རྒྱང་གྲགས་ལྔ་ཉིད་ཡིན་ནོ། །ཕོངས་པར་མི་འགྱུར་བའི་ཉེ་འཁོར་དུ་འགྲོ་བ་ནི་རྒྱུ་བ་མ་ཡིན་ནོ་ཞེས་སྨོས་པའི་དམིགས་བསལ་ནི། དགེ་སློང་རང་གི་གནས་སུ་ཆུ་ཚགས་བཞག་སྟེ། གནས་གཞན་དུ་སོང་བ་ལམ་དུའམ་འགྲོ་ས་དེ་ན་ཆུ་ཚགས་དེ་དང་ལྡན་པ་ཉིད་མ་ཡིན་པ་ནི་རང་གར་བྱེད་པ་མ་ཡིན་པ་མ་ཡིན་ཏེ། རང་གར་བྱེད་པ་ཉིད་ཡིན་པས་ཉེས་བྱས་སུ་འགྱུར་རོ། །བདག་གནས་གཞན་དེར་སོང་ན་ཆུ་ཚགས་ཡོད་པར་འགྱུར་རོ་ཞེས་དེ་(༡༡༠བ)


K8Z003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ངེས་པ་མེད་ན། དེའི་ཚེ་ཆུ་ཚགས་མེད་པར་དེར་འགྲོ་བར་མི་བྱའོ་ཞེས་ཊཱི་ཀ་ལས་བཤད་དོ། །གནས་གཞན་དེར་ཆུ་ཚགས་བརྙན་རྙེད་པའི་གདེང་ཡོད་ན་ཉེས་པ་མེད་ཅེས་འགྲེལ་ཆུང་ལས་སོ། །ཆུ་ཚགས་གཅིག་གིས་དགེ་ཚུལ་མན་ཆད་དགེ་སློང་དུ་མ་ཆུ་ཚགས་མེད་པའི་ཉེས་པ་ཁེགས་པས་ཆུ་ཚགས་དེ་དང་ལྡན་པ་ཉིད་མ་ཡིན་པར་མི་འགྱུར་རོ། །འབབ་ཆུའི་རྒྱུན་མགྱོགས་པ་ལ་ཡང་རྒྱང་གྲགས་ཡན་ཆད་ཀྱི་ཆུས་ཕོངས་པར་མི་འགྱུར་བ་ཉིད་མ་ཡིན་པ་ཉིད་མ་ཡིན་པས། འབབ་པའི་ཆུ་དྲག་པོའི་འགྲམ་ལ་འགྲོ་ཡང་རྒྱང་གྲགས་ལྔ་ཡན་ཆད་ཆུ་ཚགས་མེད་པར་འགྲོ་བར་མི་བྱའོ། །ཆུའི་རྒྱུན་མགྱོགས་པ་དེ་ལ་རྒྱུན་ཕྱོགས་སུ་འགྲོ་ན་རུང་གིས། རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་བས་ནི་མ་ཡིན་ནོ། །དེ་ཡང་བརྟགས་པའི་ཆུ་དེའི་རྒྱུན་སོང་བ་དང་ལྷན་ཅིག་ཏུ་རྗེས་སུ་འབྲེལ་བར་འགྲོ་བའི་དགེ་སློང་གིས་ནི་སྔར་རྒྱང་གྲགས་ཀྱི་འགོར་ཆུ་བརྟགས་པ་དེས་རྒྱང་གྲགས་ཀྱི་བར་དུ་ཆུ་བརྟག་མི་དགོས་པས་འཇུག་ཏུ་རུང་ངོ་། །དེའི་དམིགས་བསལ་ནི། གལ་ཏེ་ཆུ་རྒྱུན་མགྱོགས་པ་དེ་ཆུ་གཞན་དང་འདྲེས་པར་གྱུར་ན་དེ་ཡན་ཆད་དུ་བརྟག་མི་དགོས་སོ། །གསུམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། བརྟག་པའི་དངོས་ཀྱི་དགོས་པ་ནི་མ་བརྟགས་པའི་ཉེས་བྱས་ཁེགས་པ་དང་། སྲོག་ཆགས་ཡོད་མེད་རྟོགས་པའོ། །བརྒྱུད་པའི་དགོས་པ་ནི་སྲོག་ཆགས་ལ་གནོད་པ་སྤོང་བའོ། །གཉིས་པ་བསྡུས་པའི་དོན་ལ་དགུ་ལས། དངོས་པོ་གང་བརྟག་པ་ནི་ཆུ་ལ་གནས་པའི་སྲོག་ཆགས་སོ། །གཞི་གང་ལ་བརྟག་པ་ནི་ཆུ་མི་གཡོ་ཞིང་རྙོག་པ་མེད་པ་ལའོ། །སྣོད་གང་དུ་བརྟག་པ་ནི་གསལ་བར་རྟོགས་པའི་སྣོད་དུ་སྟེ། ཀཱ་རི་ཀཱ་ལས། ཉ་ཕྱིས་ལ་སོགས་(༡༡༡ན)


K8Z003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བརྟགས་ཏེ། །ཞེས་སོ། །གང་ཟག་གང་གིས་བརྟག་པ་ནི་སྙིང་རྗེ་ཅན་གྱིས་ཏེ། ཀཱ་རི་ཀཱ་ལས། སྙིང་རྗེ་ཅན་གྱིས། །ཞེས་སོ། །དགེ་འདུན་མང་བ་ཉིད་ན་ཆུ་ལ་སྲོག་ཆགས་རྟོག་པ་ནི་སྙིང་རྗེ་ཅན་ལ་བསྒོ་སྟེ་རྟོག་ཏུ་གཞུག་པའོ། །མིག་གང་གིས་བརྟག་པ་ནི་ཐ་མལ་པའི་མིག་ནད་མེད་པས་སོ། །ཚུལ་ཇི་ལྟར་བརྟག་པ་ནི། ཆུའི་སྟེང་དང་བར་དང་གཏིང་རིམ་པ་བཞིན་དུ་བརྟགས་ཏེ། ཀཱ་རི་ཀཱ་ལས། སྟེང་དང་བར་དང་གཏིང་རིམ་བཞིན། ཞེས་སོ། །ཡུན་ཇི་སྲིད་དུ་བརྟག་པ་ནི། ལུང་ལས། བ་ལང་དྲུག་དང་ལྡན་པའི་ཤིང་རྟ་བག་ཡངས་ཀྱིས་འཁོར་བར་གྱུར་པའི་ཡུན་ཇི་སྲིད་དུ་བརྟག་པར་བྱའོ་ཞེས་གསུངས་སོ། །དེ་ནི་མཚོན་པ་ཙམ་སྟེ། ཡུན་རིང་ཡང་རུང་ཐུང་ཡང་རུང་སྟེ། ལུང་ལས། ཇི་སྲིད་ཀྱི་སེམས་དག་པར་འགྱུར་བ་དེ་སྲིད་དུ་བརྟག་པར་བྱའོ་ཞེས་གསུངས་སོ། །ཆུ་བརྟག་པའི་ཉེ་འཁོར་གྱི་ཚད་ནི། འདོམ་གང་ཁོར་ཡུག་སྟེ། བརྟགས་པ་ནས་འདོམ་གང་ཁོར་ཡུག་ནི་དེ་ཉིད་ཡིན་ནོ་ཞེས་སོ། །ལོངས་སྤྱོད་པའི་དུས་ནི། ཆུ་ལན་གཅིག་བརྟགས་ནས་ཕྱི་དེ་ཉིན་བར་གྱི་ཉི་མ་འཆར་ཀ་ཚུན་ཆད་དུ་ལོངས་སྤྱད་དུ་རུང་ངོ་། །གཉིས་པ་ནི། ཆུ་བརྟགས་པའི་གནས་ནས་འདོམ་གང་ཁོར་ཡུག་ནི་བརྟགས་པ་དེ་ཉིད་ཡིན་ནོ། །མིག་གིས་དག་པ་ཉིད་ཀྱི་ཆུ་ནི་དག་པ་ཡིན་ནོ། །མིག་ཀྱང་ཐ་མལ་པས་སོ། །བརྟག་བྱའི་ཆུ་མི་གཡོ་བ་ཉིད་དང་། རྙོག་པ་མེད་པ་ལ་བརྟག་པར་བྱའོ། །བུམ་པ་མ་གང་བ་ལ་བརྟགས་པས་སྲོག་ཆགས་མ་རྟོགས་ན་ཆུས་བུམ་པ་གང་བ་ཉིད་ལ་བརྟག་པར་བྱའོ། །ཆུ་བརྟག་པ་དེ་ལ་བྱ་བ་ལས་འདས་པ་ཡིན་ནོ་ཞེས་པར་ཡུན་རིང་བ་ཉིད་ཀྱི་གྲངས་སུ་བགྲངས་པའི་ཡུན་རིང་པོ་ཉིད་དུ་བརྟག་པར་མི་བྱའོ། །ཊཱི་ཀ་ལས། ལ་ལ་(༡༡༡བ)


K8Z003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་སྲོག་ཆགས་ལ་ཐེ་ཚོམ་ཟའམ། མི་མཐོང་ན་དེའི་ཚེ་ཐུར་མའམ་ཤིང་བུ་འཇམ་པོའི་བསྟན་པར་བྱའོ། །རྩ་ལ་སོགས་པའི་རྩེ་མོ་འཇམ་པོས་སྲོག་ཆགས་དག་གཞན་ལ་ཡང་བསྟན་སླའོ། །བཞི་པ་ནི། ཆུའི་སྲོག་ཆགས་དེ་དག་ཁྲོན་པ་ལ་སོགས་པར་རྒྱང་བསྐྱུར་བྱས་ན་ལམ་གྱི་ཐག་ཇི་སྲིད་ཀྱིས་འཆི་བར་འགྱུར་བའམ། འགྲེལ་ཆུང་ལས། མྱོས་པར་འགྱུར་བའི་ལམ་གྱི་ཐག་དེ་སྲིད་དུ་མི་འདོར་རོ་སྟེ། རྒྱང་བསྐྱུར་དུ་འཕང་བར་མི་བྱའོ། །ཞེས་སོ། །ཆུའི་སྲོག་ཆགས་ལས་གཞན་ཡང་སྟེ། ཤིག་དང་། རྩྭ་ཤིག་དང་། གྲོག་སྦུར་ལ་སོགས་པ་ཡང་འཆི་བར་འགྱུར་བའམ། མྱོས་པར་འགྱུར་བའི་ལམ་གྱི་ཐག་དེ་སྲིད་དུ་རྒྱང་བསྐྱུར་དུ་མི་དོར་རོ། །གལ་ཏེ་མར་མེའི་ནང་དུ་སྲོག་ཆགས་ལྷུང་ན་མར་མེ་དེ་སྣང་བར་བྱེད་པ་སྟེ། མར་མེ་ལ་མི་སྒྲིབ་པའི་འོད་ཁང་གིས་གཡོགས་པར་བྱའོ། །འོད་ཁང་ཇི་ལྟ་བུ་ཞེ་ན། སྨྱིག་ཚལ་གྱི་གཟེབ་དར་དཀར་པོས་གཡོགས་པའི་ལྷང་ཚེར་སྲབ་མོས་གཡོགས་པ་ནི་འོད་ཁང་དེ་ཞེས་བྱའོ། །འོད་ཁང་མིག་བརྒྱ་པ་ཡང་རུང་ངོ་ཞེས་པ་ནི་མཚོན་པའོ། །མིག་བརྒྱ་པ་དེ་དང་པོ་ནས་རྫ་མཁན་གྱིས་བྱས་པའི་སྣོད་བུམ་པའི་དབྱིབས་འདྲ་བ་ལ་ཚགས་དང་འདྲ་བར་བུ་གུ་མང་པོ་བཏོད་ནས་སོ་བཏང་བའམ། བུམ་པ་ལ་སོགས་པའི་སྣོད་ལ་ཕྱིས་བུ་གུ་མང་པོ་བཏོད་པ་ཅན་ནོ། །སྐྲ་དང་རྔ་མ་དང་རྔོག་མ་ལ་སོགས་པའི་རྙིས་སྦྲུལ་བཟུང་བར་མི་བྱའོ། །ཊཱི་ཀར། འདི་ནི་སྦྲུལ་གནད་པར་འགྱུར་བ་སྤང་བའི་ཕྱིར་རོ། །ཞེས་སོ། །སྦྲུལ་ཇི་ལྟར་བསལ་ན་སེ་གོལ་གྱི་སྒྲ་ཕྱུངས་ཏེ། དེའི་འོག་ཏུ། ཀྱེ་བཞིན་བཟང་ཞེས་བོས་ནས་མིག་ལམ་ན་མ་འདུག་ཅིག་ཅེས་བརྗོད་པར་བྱའོ། །དེ་སྐད་བརྗོད་ཀྱང་དེ་མི་སྣང་བའི་ཕྱོགས་ན་མི་འདུག་ན་དབྱུག་གུ་སྐམ་ཁས་དལ་བུས་རྫ་མའམ་བུམ་པར་བཅུག་སྟེ་ཁ་བཅད་ནས་(༡༡༢ན)


K8Z003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དབྱུང་བའི་རྫ་མའམ་བུམ་པ་དེ་ལ་བུ་གུ་དག་བཏོད་དེ་སྦྲུལ་བསལ་པར་བྱའོ། །ཐབས་དེ་རྣམས་མ་འགྲུབ་ན་ལྕག་པོད་དམ། ཤུར་བུའམ། ཤུར་བུ་ཕྲེའུས་སམ་ཐ་གུ་རས་མས་དཀྲིས་པའི་ཞགས་མིག་གིས་སྦྲུལ་གྱི་མགུལ་པར་བཅིངས་ཏེ་དོར་བར་བྱའོ། །ལྕག་པོད་ལ་སོགས་པས་བཅིང་ཐབས་དེ་དག་ནི་དོར་བ་འབའ་ཞིག་ལ་བྱ་བར་མ་ཟད་ཀྱི། རྫ་མའམ་བུམ་པའི་དུ་གཞུག་པ་ལ་ཡང་བྱའོ། །སྦྲུལ་དེ་ནགས་དང་རྩྭ་ལ་སོགས་པ་ཚང་ཚིང་གི་ནང་དུ་དོར་བར་མི་བྱའོ། །ཊཱི་ཀར། དེ་ནི་མེ་གཏོང་བའི་ཉེས་པ་སྤང་བའི་ཕྱིར། ཞེས་སོ། །སྦྲུལ་དེ་ཁུང་དུ་ཞུགས་ཀྱི་བར་དུ་ཁྱེར་བའི་མི་དེས་བསྡད་པར་བྱའོ། །ཊཱི་ཀར། དེ་ནི་འོལ་བ་ལ་སོགས་པས་ཁྱེར་བའི་ཉེས་པ་སྤང་བའི་ཕྱིར་རོ། །ཞེས་སོ། །ཤིག་རྣམས་ནི་རས་མར་གཞུག་པར་བྱའོ། །རས་མ་དེ་ནི་ཀ་བ་དང་རྩིག་གསེབ་དག་ཏུ་གཞུག་གོ། །འདུལ་འཛིན་རྣམས་ཀྱི་མན་ངག་ལྟར་ན་རས་གྲང་ཚོས་བྱས་པ་ཁ་དོག་ཡལ་ནས། གོས་རྙིང་པ་ཁ་བསྒྱུར་བའི་ཚེ་ཤིག་རྣམས་རས་མར་གཞུག་ཅིང་ཁ་བསྒྱུར་ནས་གོས་དེ་ཉིད་ལ་བཏབ་སྟེ་གོན་པའོ་ཞེས་གསུངས་སོ། །རྩ་ཤིག་ནི་འཇུ་བ་སྟེ་མད་ཀུན་ཀ་རྣམས་ནི་གསིང་མར་རྩྭ་སྔོན་པོ་ཡོད་པའི་ཕྱོགས་སུ་བཞག་པར་བྱའོ། །ཡང་ན་ཕྱོགས་བསིལ་བར་རོ། །འདི་ནི་ཉི་མས་ཚིག་པའི་ཕྱོགས་སུ་འཇོག་པ་བཀག་པའོ། །སྔ་མ་ཆུའི་སྲོག་ཆགས་རྣམས་ཁྲོན་པ་ལ་སོགས་པ་གཏིང་རིང་པོར་གཞུག་པའི་ཕྱིར་གང་ཟག་གིས་ཀྱང་བསལ་སྣོད་བཅང་བར་བྱའོ། །བསལ་སྣོད་ནི་བུམ་པ་གང་བཞིན་དུ་གཞུག་ཅིང་སྟོང་པར་དབྱུང་དུ་རུང་བ་སྟེ། མགྲིན་པ་དང་ཞབས་གཉིས་ཀར་དཔྱོང་ཐག་གཉིས་བཏགས་ཤིང་། ཁྲོན་པའི་ནང་དུ་ཕྱིན་པ་ན་མགྲིན་པར་(༡༡༢བ)


K8Z003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པའི་དཔྱོང་ཐག་གློད་ཅིང་། ཞབས་ནས་བཏགས་པའི་དཔྱོང་ཐག་འཐེན་པས་ཁ་སྦུབས་སུ་འགྱུར་རོ་ཞེས་སོ། །ཡང་ན་ཆུ་ཚགས་དེ་ཉིད་ལ་ཁ་ཞབས་གཉིས་ཀར་དཔྱོང་ཐག་གཉིས་བཏགས་པ་ཉིད་ཀྱིས་ཆུའི་སྲོག་ཆགས་རྣམས་ཁྲོན་པ་ལ་སོགས་པའི་ནང་དུ་གཞུག་པར་བྱའོ། །ཆུ་ཚགས་ལ་སྲོག་ཆགས་ཐམས་ཅད་ཆགས་པ་བསལ་བའི་ཐབས་ཆུས་བཤལ་བ་ཡིན་ནོ། །སེན་མོས་བཟུང་བ་ནི་མ་ཡིན་ནོ། །ཆུ་ཚགས་ལ་ཆགས་པའི་དྲི་མ་ནི་བཀྲུ་བས་སོ། །ཆུ་ཚགས་རུལ་བ་ཉིད་དུ་མི་འགྱུར་བ་ནི་སྐམ་པའོ། །དྲི་མ་བསལ་བ་དང་རུལ་བར་མི་འགྱུར་བ་དེ་གཉིས་ཀ་ལ་ཡང་ཆུ་ཚགས་དམ་དུ་བཙིར་ན་སྟེ། ཆུ་བླུགས་ན་ཕན་པ་ཉིད་དོ། །ལྔ་པ་ནི། ཆུ་བཙགས་ཀྱང་མ་བརྟགས་ན་འཐུང་དུ་མི་རུང་ངོ་། །འོན་ཀྱང་ཆུ་རུང་བ་ལྔ་སྟེ། དང་པོ་དགེ་འདུན་གྱིས་རུང་བ་ནི། ལུང་ལས། དགེ་འདུན་མཐུན་པར་བསྐོས་པའི་དགེ་སློང་གི་ཆུ་བཙགས་པར་གྱུར་པ་སྟེ་ཞེས་གསུངས་ཏེ། མདོར་ན་བསླབ་པ་ལ་གུས་པའི་དགེ་འདུན་འདིའི་ཆུ་སྣོད་ཀྱི་ཆུ་ལ་ནི་སྲོག་ཆགས་མེད་པར་ངེས་སོ་ཞེས། ཡིད་ཆེས་པ་དགེ་འདུན་དང་གང་ཟག་གིས་རུང་བ་ནི་བསླབ་པ་ལ་གུས་པའི་གང་ཟག་འདིའི་ཆུ་སྣོད་ཀྱི་ཆུ་ལ་ནི་སྲོག་ཆགས་མེད་པར་ངེས་སོ་ཞེས། ཡིད་ཆེས་པའི་གང་ཟག་དང་ཆུ་ཚགས་ཀྱིས་རུང་བ་ནི་ཆུ་ཚགས་དམ་པོ་འདིས་བཙགས་པའི་ཆུ་ལ་ནི་སྲོག་ཆགས་མེད་པར་ངེས་སོ་ཞེས། ཡིད་ཆེས་པའི་ཆུ་ཚགས་དང་ཁྲོན་པ་ལ་སོགས་པའི་རུང་བ་ནི་ཁྲོན་པའམ་ཆུ་མིག་གམ་འབབ་ཆུ་འདི་ལ་ནི་ནམ་ཡང་སྲོག་ཆགས་དང་བཅས་པར་མ་གྱུར་ཏོ་ཞེས་ཡིད་ཆེས་པའི་ཆུ་ལ་ཚགས་མ་རྙེད་པའི་ཤེས་པས་འཇུག་པ་ལ་ཁ་ན་མ་ཐོ་བ་མེད་དོ། །ལྔ་པ་ཉིན་ཞག་གཅིག་ཏུ་རུང་བ་ནི་ཆུ་(༡༡༣ན)


K8Z003_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བཅུས་པ་ཆུ་རའམ་བུམ་པ་ལ་སོགས་པར་བཞག་པ་དང་། ཁྲོན་པ་དག་ནི་སྔ་དྲོ་ལྟ་བུ་ལན་གཅིག་བརྟགས་ནས་སང་གི་ཉི་མ་འཆར་ཀ་ཚུན་ཆད་ནི་ལོངས་སྤྱོད་པའི་ཚེ་མ་བརྟགས་པར་སྤྱད་དུ་རུང་བ་སྟེ། སྔར་ལན་གཅིག་བརྟགས་པ་ཉིད་ཀྱི་རྗེས་སུ་འཇུག་གོ། །འདི་ལ་ཡང་ལུང་ལས་ནི་ཁྲོན་པས་རུང་བ་ཞེས་མིང་བཏགས་སྣང་སྟེ་བཅུས་པ་དང་། ཁྲོན་པ་དག་ནི་ཞེས་པའི་ཁྲོན་པའི་ཆ་ནས་མིང་བཏགས་སོ། །སུམ་བརྒྱ་པ་དང་ལོ་དྲི་བ་ལས། ཡིད་ཆེས་པའི་རུང་བ་ཞེས་མིང་དེ་སྐད་ཀྱང་གདགས་སོ། །དྲུག་པ་ནི། རྐང་ཁྲུས་སྣོད་ནི་དགེ་འདུན་ལ་དགོས་པ་རྐང་པ་ལ་སོགས་པ་ཆུས་འཁྲུ་བའི་རིལ་བ་དེ་སྣོད་དེ་ཆུ་མེད་པ་སྟོང་པར་མཐོང་ན་ཆུས་དགང་བར་བྱའོ། །ཆུ་དང་འབྲུ་མར་ལ་སོགས་པ་གཞན་གྱི་སྣོད་ཀྱང་དགེ་འདུན་གྱིས་ཉེ་བར་བཞག་པར་བྱའོ། །དགེ་འདུན་གྱི་ཆུའི་སྣོད་དང་འབྲུ་མར་ལ་སོགས་པ་གཞན་གྱི་སྣོད་དེར་གཏོགས་པའི་སྣོད་སྤྱད་བྲུབ་པ་ནི་སྣོད་སྤྱད་འབྲུབ་པར་བསྐོས་པའི་དགེ་སློང་དེའི་ལས་ཡིན་ནོ། །སྣོད་སྤྱད་འབྲུབ་པའི་ལས་བསྟན་པ་འདིར་དགེ་འདུན་གྱི་སྣོད་སྤྱད་གཡར་པོར་སྦྱིན་པ་དང་། དེ་ནས་བླངས་པ་དག་ཀྱང་མ་བསྡུས་པ་མ་ཡིན་ནོ། །ཁྱིམ་པ་དགེ་འདུན་གྱི་སྣོད་སྤྱད་རྙིང་པ་བརྙན་པ་ཉིད་ལ་སྣོད་སྤྱད་རྙིང་པ་དེ་ཡོད་པ་ཉིད་ན་དགེ་སློང་སྣོད་སྤྱད་འབྲུབ་པ་དེས་གཡར་པོར་སྦྱིན་པར་བྱ་བ་ཡིན་ནོ། །ཁྱིམ་པའི་རྙིང་པ་བརྙན་པ་ཉིད་ལ་དེ་ཡོད་པ་ཉིད་ན་སྦྱིན་ཞེས་བྱ་བའི་ཚིག་དེས་གཙུག་ལག་previous hit ཁང་དུ་འོངས་པའི་ཡོན་བདག་སྣོད་སྤྱད་གཡར ་བ་རྣམས་ལ་དགེ་འདུན་གྱི་སྣོད་སྤྱད་རྙིངས་པ་གཡར་པོར་སྦྱིན་པར་བྱ་བ་ཉིད་ཀྱང་མ་བསྟན་པ་མ་ཡིན་ནོ། །དགེ་འདུན་ལ་སྣོད་སྤྱད་(༡༡༣བ)


K8Z003_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཡར་རམ་སློང་བའི་དགེ་སློང་ལ་ནི་དགེ་འདུན་ལ་སྣོད་སྤྱད་གསར་པ་ཡོད་ན་དེ་ཕྱིར་བླང་བ་མེད་པ་གཏན་སྦྱིན་པ་ཉིད་དུ་འོང་སྟེ་སྣོད་སྤྱད་འབྲུབ་པས་སྦྱིན་ནོ། །སྣོད་སྤྱད་བཞག་པའི་གནས་ཀྱི་ཆེད་དུ་མཛོད་ཁང་བསྐོ་བར་བྱའོ། །ས་དང་ཟངས་མའི་སྣོད་སྤྱད་དག་མཛོད་ཐ་དད་དུ་བཞག་ཅིང་། མཛོད་གཅིག་ཏུ་ཡང་སོ་སོར་བཞག་པར་བྱའོ། །དགེ་འདུན་གྱི་དོན་དུ་ཆུ་ཉེ་བར་བཞག་པར་བྱའོ། །ཆུ་དེ་གནས་སྐབས་གང་དུ་བཞག་ཅེ་ན། གར་བབ་བབ་ཏུ་མི་བཞག་གོ། །ཆུ་དེའི་ཆེད་དུ་ཆུ་ཁང་བྱའོ། །དེ་གང་དུ་བྱ་ན། གཙུག་ལག་ཁང་གི་ནང་གི་ལྷོ་ནུབ་ཀྱི་མཚམས་སུའོ། །ཊཱི་ཀར། དེར་རྟག་ཏུ་གྲིབ་མ་འབབ་པའི་ཕྱིར་རོ། །ཞེས་སོ། །མུན་གནག་པར་གྱུར་པ་ན་ཆུ་ཁུང་དེ་ལ་སྐར་ཁུང་གདོད་པ་དང་། སོ་ཕག་གི་གཅལ་དགྲམ་པ་དང་། ཆུ་ཁུང་དོད་པ་དང་། ཆུ་ཁུང་དེ་ལ་སྒོ་གདོད་པ་དང་། སྒོ་གླེགས་དང་དེ་ལ་ལག་བཟུང་ལྕགས་ཀྱི་ཡང་མིག་གཞུག་པར་བྱའོ། །ཆུ་ཚགས་བཞག་པའི་ཕྱིར་ཆུ་ཁང་དེའི་ནང་དུ་གདང་བུ་བྱའོ། །ཆུ་སྣོད་ནི་ཤིང་གི་ཁྲིའུ་དག་ལ་བཞག་གོ། །ཡང་ན་ཆུ་སྣོད་དེ་སོ་ཕག་གི་སྟེགས་བུའི་སྟེང་དུའོ། །སོ་ཕག་གི་སྟེགས་བུ་ཉི་ཚེ་བའི་སྟེང་དུ་བཞག་ཏུ་མི་རུང་སྟེ། སོ་ཕག་གི་སྟེགས་བུའི་སྟེང་དུ་ཤིང་ལེབ་བམ། ལྕུག་སྒོར་ལ་སོགས་པའི་གཞི་དག་ལ་ཆུ་སྣོད་བཞག་པར་བྱའོ། །བདག་ཉིད་ཀྱི་དང་། དགེ་འདུན་གྱི་ཆུ་སྣོད་ནི་རུང་བའི་ཆུ་སྣོད་ཡན་ཆད་ནས་ཕྱི་རོལ་ཆེ་དྲི་ཆེན་ཆུང་དྲི་ཆུ་དུ་འགྲོ་བའི་ཁྲུས་ཆུའི་ཕྱེད་ཀྱི་བར་ཡན་ཆད་ཀྱང་དྲི་མ་མེད་པ་གཙང་སྦྲ་བྱའོ། །དྲི་མ་མེད་པར་བྱ་བ་བསྟན་ནས། ད་ནི་གཙང་བར་བྱ་བ་བསྟན་པའི་ཕྱིར་གཙང་བར་བྱའོ། །གཙང་སྦྲ་བྱའོ་ཞེས་དང་། (༡༡༤ན)


K8Z003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་བར་རོ་ཞེས་པ་དེ་ཉིད་ཀྱི་ཁྱད་པར་ཅི་ཞེ་ན། གཙང་སྦྲ་བྱའོ་ཞེས་པ་ནི་སྔར་དྲི་མ་ལ་སོགས་པས་གོས་ཟིན་པ་བཀྲུ་བ་སྟེ། འདིའི་འགྲེལ་ཆུང་ལས། ཆུ་སྣོད་ལ་ཁ་ཟས་དང་དྲི་མས་འབགས་པ་དག་པར་བཀྲུ་ཞིང་ཕྱི་བདར་བྱའོ་ཞེས་བཤད་དོ། །གཙང་བར་རོ་ཞེས་པ་ནི་ཕྱིས་དྲི་མ་སོགས་མི་གོས་པར་བྱ་བ་སྟེ། འདིའི་འགྲེལ་ཆུང་ལས། སྣོད་སྤྱད་ཀུན་དྲི་མ་དང་ཁ་ཟས་དང་མི་གཙང་བ་ལ་སོགས་པས་མ་འབགས་པར་གཙང་སྦྲ་བྱ་ཞེས་བཤད་དོ། །རྣམ་པ་གཅིག་ཏུ་ན་གཙང་བར་ཞེས་པ་ནི་ཆུ་སྣོད་དེས་གཞི་གཙང་བར་བཞག་པ་དང་། དྲི་མ་ལས་གཞན་ཟས་ལ་སོགས་པའི་སྦགས་པས་རེག་ན་བྱི་དོར་བྱ་བ་སྟེ། ཊཱི་ཀ་ལས། གནས་ཐམས་ཅད་དུ་བཞག་པ་བཀག་པའི་ཕྱིར་དང་། སས་བྱི་དོར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཞེས་བཤད་དོ། །བཏུང་བར་བྱ་བའི་ཆུ་ཡང་གཙང་སྦྲ་དང་གཙང་བར་བྱའོ། །བཏུང་ཆུ་དེ་ལག་པ་དང་གོས་ཁ་ཟས་དང་དྲི་མས་འདི་ཟག་པ་ཆེ་ཆུང་ལ་ཟེར། འབགས་པ་འགོས་པ་ལ་ཟེར། འབགས་པ་རུང་བ་མ་ཡིན་པ་དག་གིས་བྲིམ་པར་མི་བྱའོ། །ཕྱི་རོལ་སྦྱང་བ་ནི་གཙང་སྦྲ་བྱའོ་ཞེས་པས་གོ་ལ། ཆུ་སྣོད་རྣམས་ཀྱི་ནང་དུ་དུས་དུས་སུ་སྦྱང་བར་བྱའོ། །ཆུ་སྣོད་ཟབ་མོ་ལག་པས་མི་སླེབས་པ་རྣམས་ཀྱི་ནི་ནང་སྤུ་ཤེལ་རྩིའི་ཁྲུར་ཤིང་ངམ་ཞེས་པ། སྤུ་ཤེལ་རྩི་ནི་དྲེས་མའི་རྩ་བ་ཡིན་པར་མའི་སོ་ཐར་འགྲེལ་པ་ལས་བཤད་དོ། །གཞན་ཡང་ཤིང་ངམ། འདབ་མའི་ཆང་བུའམ། རས་མ་ཤིང་བུའི་རྩེ་མོ་ལ་བཏགས་པས་དྲུད་ཅིང་བཤལ་བར་བྱའོ། །དྲེས་མའི་རྩ་བ་སོགས་ལ་ཟས་ཀྱི་འགྲམ་ཟེར་ཏེ་དུམ་གྲུགས་འཐོར་བ་མི་བསྲུང་བ་ཉིད་དུ་མི་བྱའོ། །ཆུ་སྣོད་བཀྲུས་པ་རྣམས་བསྐམ་པར་བྱ་བ་ཡང་ངོ་། །བཀྲུ་བ་དང་སྐམ་པ་དེའི་ཚེ་སྣོད་སྤྱད་ཀྱིས་བྲེལ་བར་མི་འགྱུར་བར་བྱ་བའི་ཕྱིར་ཅིག་ཅར་(༡༡༤བ)


K8Z003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་མི་བྱའོ་སྟེ་རེས་མོས་སོ། །ཆུ་དང་འབྲེལ་བའི་ལས་ནི་གནས་པ་སློབ་མ་དང་ཉེ་གནས་ཀྱི་བྱ་བ་ཡིན་ནོ། །སྲོག་ཆགས་དང་བཅས་པའི་ཆུ་དང་འབྲེལ་བ་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་དོ། །། །གཉིས་པ་ཉལ་པོ་བྱེད་པའི་ཁྱིམ་ན་འདུག་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བདག་སོང་ལ་རེ་བ་མེད་པར་བྱའོ་སྙམ་ནས་ཉལ་པོ་བྱེད་པར་འདོད་པའི་ཁྱིམ་ན་འདུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་གྱི་འཁྲིག་པའི་ལོངས་སྤྱོད་ལ་གནོད་པ་སྟེ། ཊཱི་ཀར། ཉེས་པ་འདི་ནི་དེ་གཉིས་ལ་གནོད་པར་འགྱུར་བ་ལས་བཞག་པ་ཡིན་ནོ། །ཞེས་གསུངས་པ་དང་རང་ཆགས་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་པ་ཕོ་མོ་ཉལ་པོ་བྱེད་པ་ལ་ཞུགས་པའམ། དེའི་སྟ་གོན་དུ་གནས་པ་དེ་དང་སྐྱབས་མེད་པར་མངོན་སུམ་དུ་འདོམ་གང་གི་ནང་དུ་འདུག་པ་རྫོགས་པའམ། ཚོར་བྱ་དང་ཚོར་བྱེད་ཀྱིས་ཚོར་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དང་འདུག་པའི་ཡུལ་དང་། གང་གིས་འདུག་པའི་རྟེན་དང་། གང་དུ་འདུག་པའི་གནས་སོ། །དང་པོ་ལ་བདུན་ལས། ཁྱིམ་པ་ཕོ་མོ་ཡིན་པ་སྟེ་སྐྱེས་པ་ཉིད་དོ། །བུད་མེད་ཀྱིའོ་ཞེས་སོ། །སེལ་བ་ནི་གཉིས་ཏེ། ཁྱིམ་པ་ཡིན་ཀྱང་ཕོ་མོ་མ་ཡིན་པ་དང་། ཕོ་མོ་ཡིན་ཀྱང་ཁྱིམ་པ་མ་ཡིན་པའོ། །སེལ་བ་དང་པོ་སྐྱེས་པས་སྐྱེས་པའི་བཤང་ལམ་དུ་ཉལ་པོ་བྱེད་པའི་ཁྱིམ་དུ་དགེ་སློང་གིས་འདུག་འགྲེང་བྱེད་ན་ཉེས་བྱས་ཏེ། བམ་པོ་ལྔ་བཅུ་པ་ལས། གཉིས་ཀ་སྐྱེས་པ་ཡིན་ན་ཉེས་བྱས་སོ་ཞེས་བཤད་དོ། །བླ་མ་རྣམས་སྐྱེས་པ་ཉལ་པོ་(༡༡༥ན)


K8Z003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ན་བཤང་ལམ་མ་ཡིན་ཀྱང་ཕན་ཚུན་ཁུ་བ་ཅིག་ཅར་རམ་རིམ་ཅན་དུ་འབྱིན་ནའང་དེར་ཉེས་བྱས་སོ་ཞེས་གསུངས་སོ། །སེལ་བ་གཉིས་པ་ནི། ཊཱི་ཀ་ལས། སྦྱོར་ཟླ་གཅིག་མུ་སྟེགས་ཅན་གྱི་དགེ་སློང་ལ་སོགས་པ་ཁྱིམ་པ་མ་ཡིན་ན་ཉེས་བྱས་སོ་ཞེས་སོ། །འཕྲོད་པ་ལ་དངོས་སུ་ཕྱོགས་པའམ་ཉེ་བར་ཞུགས་པ་ཡིན་ཏེ། ཞུགས་པའམ་ཕྱོགས་པ་ལའོ་ཞེས་སོ། །སྐྱེས་པ་དང་བུད་མེད་གཉིས་ཀའི་མཚན་དོན་ཡོད་པ་དང་། གཉིས་ཀའི་མཚན་བསྟེན་རུང་བ་སྟེ་སྐྱེས་པ་དང་བུད་མེད་ཀྱིའོ་ཞེས་དང་། གཞན་ཡང་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་པ་ཉིད་ཡིན་ན་དངོས་གཞིའོ་ཞེས་སོ། །རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་སྟེ། སྤྱིར་བསྟན་པ་ལས་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ནི། རེག་པ་མ་ཡིན་པའི་ཡན་ལག་ཡིན་ཅེས་སོ། །ཐ་སྙད་བཞི་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ་གོང་དུ་བཤད་པ་དང་འདྲའོ། །གཉིས་པ་གང་གིས་འདུག་པའི་རྟེན་ནི། འཇིགས་པའི་རྐྱེན་ཅན་མ་ཡིན་པ་སྟེ་འོག་མ་ལ་བཤད་པའི་གནད་ཀྱིས་སྦྱར་རོ། །གསུམ་པ་གང་དུ་འདུག་པའི་གནས་ལ་ལྔ་ལས། དགེ་སློང་རང་མི་དབང་བའི་གནས་ཡིན་པ་སྟེ་གནས་གཞན་ཉིད་ནའོ་ཞེས་སོ། །གནས་གཅིག་ཡིན་པ་སྟེ་ཁྱིམ་གཞན་དུ་ནི་ཐ་དད་པ་ཉིད་དོ་ཞེས་སོ། །གནས་དེ་ན་གེགས་བྱེད་གཞན་མེད་པ་སྟེ། གཞན་མེད་པ་ཉིད་ཀྱིས་ཞེས་སོ། །དེ་གཉིས་དང་དགེ་སློང་གི་བར་ན་སྐྱབས་མེད་པ་སྟེ། མངོན་སུམ་དུའོ་ཞེས་སོ། །འདོམ་གང་གི་ནང་དུ་གནས་པ་སྟེ། རྣམ་འབྱེད་ལས། འདུག་པ་ཞེས་བྱ་བ་ནི་འདོམ་གང་གི་ནང་དུ་རྐུབ་ཚོས་བཞག་ནའོ་ཞེས་གསུངས་ཤིང་། དེའི་འགྲེལ་པར། འདོམ་གང་གི་ཕྱི་རོལ་དུ་ནི་ཉེས་བྱས་ཏེ། མཐོང་བ་དང་ཐོས་(༡༡༥བ)


K8Z003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚུན་ཆད་དོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་སྔར་བཞིན། ཀུན་སློང་ནི་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་རང་གར་འདུག་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་མངོན་སུམ་དུ་འདུག་པར་རྩོམ་པའོ། །མཐར་ཐུག་ནི་མངོན་སུམ་དུ་འདུག་པ་རྫོགས་པ་སྟེ། མཐར་ཐུག་ཚོར་བྱ་ཚོར་བྱེད་ཀྱིས་ཚོར་བའོ་ཞེས་ཀྱང་གསུངས་སོ། །གཉིས་པ་ནི། འདི་ལ་ཤེས་གཙོའོ། །གང་ན་ཉལ་པོར་ཞུགས་པའམ་དེར་ཕྱོགས་པ་ལའོ། །ཅི་ལ་ཞུགས་ན་སྤྲོད་པ་ལའོ། །གང་གིས་ན་སྐྱེས་པ་དང་བུད་མེད་ཀྱིའོ། །ཁྱད་པར་ཁྱིམ་པ་ཉིད་དོ། །གནས་དགེ་སློང་རང་གི་གནས་ལས་གཞན་ཉིད་ནའོ། །དེ་གཉིས་ནི་དྲུང་དུ་དགེ་སློང་མ་གཏོགས་མི་གཞན་མེད་པ་ཉིད་ཀྱིས་དེ་གཉིས་སྤྲད་དུ་རུང་བ་ཉིད་ཡིན་ན་ལྟུང་བྱེད་འདིའོ། །མངོན་སུམ་དུ་བརྣག་པས་འདོམ་གང་གི་ནང་དུ་འདུག་ན་ལྟུང་བྱེད་དོ། །ཊཱི་ཀར། དབེན་པར་བརྣག་པས་འདུག་ན་ཉེས་བྱས་སོ། །ཞེས་སོ། །བརྣག་པའི་དོན་སོ་སོར་ཐར་པར་ནན་གྱིས་ཐོན་ཏེ་སྟན་ལ་འདུག་ན་ལྟུང་བྱེད་དོ་ཞེས་པས་བསྡུས་པ་ཊཱི་ཀར་བཤད་དོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་དོ། །། །གསུམ་པ་ཉལ་ཤོམ་དུ་འགྲེངས་བ། ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །དེ་ཡི་ལྟུང་བའི་ན་སྨད་བསྟན། །གནས་གཅིག་ཐ་དད་བྱེ་བྲག་གོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བདག་སོང་ལ་བལྟའོ་སྙམ་ནས་ཉལ་པོ་བྱེད་པའི་ཁྱིམ་དུ་འགྲེངས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་དང་ངོ་ཏི་ཡན་ལག་རྣམས་གཞན་དང་འདྲ་བ་ལ། ཁྱད་པར་ནི་འདུག་ནའོ་ཞེས་པའི་གནས་སུ་འགྲེང་བའོ་ཞེས་གསུངས་ལ། སྔར་སྐྱབས་མེད་པ་མངོན་སུམ་(༡༡༦ན)


K8Z003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞེས་པའི་གནས་སུ་འདིར་ནི་དེ་གཉིས་དང་དགེ་སློང་གི་བར་ན་སྐྱབས་ཡོད་པར་རོ་ཞེས་པ་དང་། དབེན་པར་རོ་ཞེས་གསུངས་སོ། །འདིའི་མཐར་ཐུག་ནི་ཚོར་བྱ་ཚོར་བྱེད་ཀྱིས་ཚོར་བའོ། །གཉིས་པ་ནི། ཤེས་གཙོ་ཞེས་སྔར་བསྟན་པ་ཡང་འདིར་སྦྱར་ལ། སྔ་མ་དང་འདིའི་ཁྱད་པར་ནི་དབེན་པར་བརྣག་པས་འགྲེང་ནའོ། །དེ་གཉིས་དང་དགེ་སློང་གི་བར་ན་སྐྱབས་ཡོད་པར་རོ། །གལ་ཏེ་འགྲེང་བ་དེ་གླང་པོ་ཆེ་ལ་སོགས་པའི་འཇིགས་པའི་དབང་གིས་མ་ཡིན་ནའོ། །གཉིས་པ་ནི། ཚོར་བྱ་དག་དང་ཚོར་བྱེད་ཉིད་ཀྱིས་མ་ཚོར་ན་ཉེས་བྱས་ཀྱིའོ། །སྤྲོད་པའི་གནས་ལས་གཞན་དགེ་བའི་ལུང་མ་བསྟན་ལ། དགེ་སློང་སེམས་གཏོད་ནས་འདུག་པ་དང་འགྲེང་བར་བྱེད་པ་ཡང་ཉེས་བྱས་ཀྱི་བྱེད་པ་པོའོ། །གསུམ་པ་ནི། ཉལ་པོ་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་གཉིས་པོ་འདི་ལ་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ནི་ལྟུང་བྱེད་བསྐྱེད་པའི་གནས་ཀྱི་མཐའ་ཡིན་ནོ་ཞེས་བམ་པོ་ལྔ་བཅུ་པའི་བཤད་ལུགས་ཏེ། བམ་པོ་ལྔ་བཅུ་པ་ལས། དེ་ཉིད་ལས་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ལ་ན་སྨད་པ་མེད་དོ་ཞེས་སོ། །འོན་ཀྱང་ལུང་རྣམ་འབྱེད་དང་དེའི་འགྲེལ་པ་ལས། ལྟུང་བྱེད་འདི་ལ་འདོམ་གང་གི་ནང་ཡན་ལག་ཏུ་གསུངས་པ་སྔར་བཤད་པ་དེའི་རྗེས་སུ་འབྲངས་ཏེ། འདུག་འགྲེང་གཉིས་པོ་འདི་ལ་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ནི་ཉེས་པ་ཙམ་བསྐྱེད་པའི་གནས་ཀྱི་མཐའ་ཡིན་ནོ་ཞེས་བཤད་པར་བྱའོ། །མཛོད་ནི་དེ་དང་འབྲེལ་བའི་ཁྱམས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །དེ་ནས་མཛོད་དུ་ཉལ་པོ་བྱེད་པའི་ཁྱམས་སུ་དགེ་སློང་འདུག་གམ་འགྲེང་ན་ལྟུང་བྱེད་དོ། །ཉལ་པོ་བྱེད་པའི་ཁྱིམ་དེ་ལས་ཐ་(༡༡༦བ)


K8Z003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་ཁྱིམ་གཞན་ནི་ཐ་དད་པ་ཉིད་དོ། །ཊཱི་ཀར། གལ་ཏེ་བཟའ་གཅིག་ཉིད་ཡིན་ན་ནི་གནས་ཀྱང་གཅིག་པ་ཉིད་ཡིན་ནོ། །ཞེས་སོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་དོ། །། །བཞི་པ་གཅེར་བུ་ལ་སྦྱིན་པའི་ལ། དངོས་གཞི་ལྟུང་མེད་བཅས་ཏེ་སྟོན། །དངོས་གཞི་ན་སྨད་བཅས་ཏེ་བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཀུན་དགའ་བོས་མ་བརྟགས་པར་གཅེར་བུ་མ་ལ་ཟས་སྦྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཁྱིམ་པ་རྣམས་ཀྱི་དགེ་སློང་མཆོད། དགེ་སློང་རྣམས་ཀྱིས་མུ་སྟེགས་མཆོད་ཅེས་མུ་སྟེགས་པ་ཆེས་མཆོད་པའི་གནས་སུ་བྱེད་དོ་ཞེས་གཞན་དག་མ་དད་པ་སྐྱེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་མུ་སྟེགས་ཀྱི་རབ་ཏུ་བྱུང་བ་ལ་དགོས་པ་ཁྱད་པར་ཅན་ལ་མ་བལྟོས་པར་ངག་གི་རིག་བྱེད་ཀྱིས་ཟས་བྱིན་ཅིང་། དེས་བླངས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་སྦྱིན་པའི་ཡུལ་དང་། གང་སྦྱིན་པའི་དངོས་པོའོ། །དང་པོ་ལ་བདུན་ལས། མུ་སྟེགས་ཀྱི་རབ་བྱུང་ཡིན་པ་སྟེ། རབ་ཏུ་བྱུང་བ་འདི་མེད་པའི་གཅེར་བུའོ་ཞེས་གསུངས་སོ། །རང་གི་ཉེ་དུ་མ་ཡིན་པ་དང་། གདུལ་བྱ་ལ་བལྟོས་པ་མ་ཡིན་པ་དང་། ནད་པ་མ་ཡིན་པ་སྟེ། ཉེ་དུ་དང་རབ་ཏུ་བྱུང་བ་ལ་བལྟོས་པ་དང་ནད་པ་མ་གཏོགས་སོ་ཞེས་གསུངས་པས་སོ། །བདག་ལ་རྫས་ཀྱི་སྒོ་ནས་ཐ་དད་པ་སྟེ་དགག་བྱའི་གནད་ཀྱིས་སྦྱར་རོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ་སྔར་སྐབས་གཞན་དུ་བཤད་པ་བཞིན་ནོ། །གཉིས་པ་གང་སྦྱིན་པའི་དངོས་པོ་ལ་བཞི་ལས། དུས་སུ་རུང་བ་ཡིན་པ་སྟེ། བཅའ་བར་བྱ་བ་དང་(༡༡༧ན)


K8Z003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བར་བྱ་བ་དག་གོ་ཞེས་གསུངས་པས། རང་གི་ཡིན་པས་ཏེ། རང་གིས་སྦྱིན་ནའོ་ཞེས་གསུངས་པའི་གནད་ཀྱིས་སྦྱར་རོ། །རང་དང་མུ་སྟེགས་ཅན་དེ་ལ་རུང་བ་དང་ཚད་དང་ལྡན་པ་སྟེ་བཞིའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་གར་མུ་སྟེགས་ཅན་ལ་ཟས་སྦྱིན་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་བརྗོད་ཅིང་། ལུས་སམ་ལུས་དང་འབྲེལ་བར་སྦྱིན་པར་ཞུགས་པའོ། །སྐབས་འདི་ཉིད་ཀྱི་ཞུ་བ་ལས། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱིན་ན་ཐམས་ཅད་ཉེས་བྱས་སུ་འགྱུར་བ་དང་། ལུང་རྣམ་འབྱེད་ལས། རང་གིས་ལག་ནས་བྱིན་ན་ཞེས་གསུངས་ཤིང་། འདི་ཉིད་ལས། ལུས་སམ་ལུས་དང་འབྲེལ་བར་རོ་ཞེས་སོ། །མཐར་ཐུག་ནི་སྦྱིན་ཡུལ་དེས་ཐོབ་བློ་སྐྱེས་པའོ་ཞེས་གསུངས་སོ། །གཉིས་པ་ནི། མུ་སྟེགས་གཅེར་བུ་ཕོ་ཡང་རུང་མོ་ཡང་རུང་བ་ལ་ཟས་སྦྱིན་ན་ལྟུང་བྱེད་དོ། །གཅེར་བུ་དེ་དགེ་སློང་རང་གི་ཉེ་དུ་དང་། དེ་རབ་ཏུ་བྱུང་བ་བྱེད་པ་ལ་བལྟོས་པ་དང་། ནད་པ་མ་གཏོགས་སོ། །སངས་རྒྱས་པའི་རྟགས་འདི་དང་རབ་ཏུ་བྱུང་བ་འདི་མེད་པའི་གཅེར་བུའོ། །གཅེར་བུའོ་ཞེས་པ་ནི། སོ་སོར་ཐར་པ་དང་རྣམ་འབྱེད་ལས། གཅེར་བུའམ་གཅེར་བུ་མ་ཀུན་ཏུ་རྒྱུའམ། ཀུན་ཏུ་རྒྱུ་མོ་ལ་བཅའ་བ་དང་བཟའ་བ་སྦྱིན་ན་ལྟུང་བྱེད་དོ། །ཞེས་གསུངས་ལ། རྣམ་འབྱེད་འགྲེལ་པ་ལས། ཀུན་ཏུ་རྒྱུ་དང་ཀུན་ཏུ་རྒྱུ་མོ་ཞེས་སྨོས་པ་ནི་གཅེར་བུའི་ཡི་དམ་ཡང་དག་པར་བླང་བ་སྔོན་དུ་བཏང་བ་ཡིན་པར་བསྟན་ཏོ། །དེ་དག་ལས་གཞན་པའི་ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སློང་གིས་(༡༡༧བ)


K8Z003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་བྱིན་ན་ཉེས་བྱས་སུ་ཞུ་བ་ལས་བཤད་དོ། །བླ་མ་རྣམས་གཅེར་བུ་པ་ནི་མུ་སྟེགས་ཀྱི་ནང་ནས་ཀྱང་འཛེམ་པ་མེད་པར་ཐ་ཆད་པར་རྒྱུ་བ་ཞིག་ཡིན་པས་བོད་དུ་རུང་མཐུན་སྦྱར་ན། རུས་རྒྱན་གོན་ནས་གཅེར་བུར་རྒྱུ་བ་དང་། ཁྱི་ལྤགས་གོན་ནས་གཅེར་བུར་རྒྱུ་བ་རྣམས་ལ་དགེ་སློང་གིས་ཟས་བྱིན་ན་ལྟུང་བྱེད་འདི་འགྱུར་རོ་ཞེས་གསུངས་སོ། །གཅེར་བུ་དེའི་ལུས་སམ་དེའི་ལུས་དང་འབྲེལ་བར་བྱིན་ན་ལྟུང་བྱེད་དོ། །ལུས་དང་མ་འབྲེལ་བར་སློང་ཕོར་ས་ལ་བཞག་པར་བླུགས་ཏེ་སྟོབ་ན་ཉེས་བྱས་སུ་ཟད་དོ། །སྦྱིན་བྱ་ནི་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་དག་གོ། །དེ་ཡང་མ་བཀག་ཅིང་བཟར་རུང་བ་དག་གོ། །སུ་ལ་རུང་ན་དགེ་སློང་རང་དང་གཅེར་བུ་དེ་ལ་རུང་བའི་ཟས་སོ། །གཅེར་བུ་དེའི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་བྱིན་པ་ནི་ལྟུང་བ་བསྐྱེད་པ་ལ་མ་གཏོགས་སོ། །གཉིས་པ་ནི། གཞན་མ་བརྒྱུད་པར་དགེ་སློང་རང་གིས་བྱིན་ན་ལྟུང་བྱེད་བསྐྱེད་པའོ། །རང་དང་དེ་ལ་མི་རུང་བའི་ཟས་དག་བྱིན་ན་ནི་ཉེས་བྱས་སོ། །རང་གི་ཞལ་ཏ་བྱས་ཏེ་གཞན་སྦྱིན་དུ་འཇུག་ན་ཡང་ངོ་ཞེས་འདིར་ཉེས་བྱས་སུ་བཤད་པ་དང་། ལུང་རྣམ་འབྱེད་ལས། གཞན་སྦྱིན་དུ་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་དང་འགལ་ཅེ་ན། དེ་ནི་རང་གི་ཞལ་ཏ་པ་བྱས་པར་ལྐོག་ཏུ་སྦྱིན་དུ་འཇུག་ན་ལྟུང་བ་མེད་པ་ཡིན་གྱི། འདིར་ཉེས་བྱས་སུ་གསུངས་པ་ནི་མངོན་སུམ་དུ་རང་གི་ཞལ་ཏ་བྱས་ནའོ། །ཟས་ལ་བགོ་བཤའ་བྱེད་པའི་ཚུལ་གྱིས་གཅེར་བུ་དེའི་ལུས་སམ། དེའི་ལུས་དང་འབྲེལ་བ་མ་ཡིན་པའི་ཕྱོགས་སུ་རང་གིས་འཇོག་ན་ཡང་ཉེས་བྱས་སོ། །མའི་དགེ་སློང་མའི་ལུང་རྣམ་འབྱེད་ལས། གལ་ཏེ་སློང་ན་དེ་ལ་འདི་སྐད་ཅེས་སློང་ཕོར་(༡༡༨ན)


K8Z003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་ཞོག་ཅིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བཞག་ན་སྦྱིན་པར་བྱའོ། །འོན་ཏེ་མ་བཞག་ན་སྦྱིན་པར་མི་བྱའོ་ཞེས་གསུངས་པས། མུ་སྟེགས་ནད་པ་ལ་སྦྱིན་ན་ཡང་ཚུལ་དེ་བཞིན་ནོ། །གཞན་ཡང་། ཊཱི་ཀ་ལས། ཞན་པའི་བློས་གདོལ་པ་བཞིན་དུ་འཇོག་པ་ལ་ནི་ལྟུང་བ་མེད་དོ། །ཞེས་སོ། །གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་དོ། །། །ལྔ་པ་དམག་ལ་བལྟ་བ་ལ། དངོས་གཞི་དམིགས་ཀྱིས་བསལ་བ་དང་། །མཐར་ཐུག་བྱེ་བྲག་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དམག་ལ་བལྟས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་གཞན་གྱི་ལུས་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་རྒྱལ་པོ་ལ་སོགས་པས་བོས་པ་མེད་པར་དམག་ལ་མཚན་ཉིད་དང་ལྡན་པ་དངོས་སུ་འཐབ་པའམ། འཐབ་པའི་སྟ་གོན་དུ་གནས་པ་ལ་དགེ་སློང་རང་ཉིད་གནས་ཁང་ན་འདུག་གམ། དབྱེ་ཐང་ཀ་ན་འདུག་ཀྱང་རུང་སྟེ། རང་གང་ན་འདུག་པ་དེའི་ཉེ་འཁོར་ལས་འདས་ཏེ་བལྟས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བལྟ་བའི་ཡུལ་དང་། གང་ན་བལྟ་བའི་གནས་དང་། གང་གིས་ལྟ་བའི་རྟེན་ནོ། །དང་པོ་ལ་དྲུག་ལས། དངོས་སུ་འཐབ་པའམ་འཐབ་པའི་སྟ་གོན་དུ་གནས་པ་སྟེ། གཡུལ་ལ་མངོན་པར་དགའ་བའི་ཞེས་གསུངས་སོ། །བཞི་ཡན་ཆད་དུ་ལོངས་པས་དམག་གི་མཚན་ཉིད་གྲུབ་པ་སྟེ། དམག་ལ་ཞེས་གསུངས་པས་སོ། །རེ་རེའམ་གཉིས་གསུམ་ཙམ་འཐབ་པ་ལ་བལྟས་ན་ཉེས་བྱས་སོ། །དེ་དག་ཁྱིམ་པ་སྐྱེས་པ་ཡིན་པ་སྟེ། རབ་བྱུང་གིས་དམག་བྱེད་པ་དང་། བུད་མེད་(༡༡༨བ)


K8Z003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་གིས་དམག་བྱེད་པ་འབྱུང་རིང་བས། དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་དེ་དག་ལ་ལྟ་ན་ཉེས་བྱས་སོ། །ཐ་སྙད་ལྔ་ལྡན་དང་ལུས་ཐ་མལ་བར་གནས་པ་སྐབས་གཞན་དུ་བཤད་པ་བཞིན་ནོ། །གཉིས་པ་གང་ནས་བལྟ་བའི་གནས་ལ་གཉིས་ལས། རང་གང་ན་འདུག་པ་དེ་ནས་འཕགས་ཤིང་ཉེ་འཁོར་ལས་འདས་པ་ཡིན་པ་སྟེ། འཕགས་པའི་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་ཞེས་གསུངས་ཤིང་། ཊཱི་ཀ་ལས། ཉེ་འཁོར་གྱི་མཐའ་ལས་མ་འདས་པར་དགེ་སློང་གོས་གཞན་ནི་བསྒྱུར་བ་ཙམ་གྱིས་མཐོང་བ་ལ་ནི་ཉེས་བྱས་སུ་འགྱུར་རོ། །ཞེས་སོ། །ཐང་ཆེན་པོ་ཉིན་ལམ་གཉིས་ཙམ་ནས་དམག་འོང་བ་ལ་ལྟ་བ་ལྟ་བུ་མ་ཡིན་གྱི། དམག་ལ་བལྟས་སོ་ཞེས་ལེགས་པར་ཐ་སྙད་གདགས་སུ་རུང་བ་སྟེ། གཞན་དུ་ན་དགག་བྱ་མི་རྫོགས་པའི་ཕྱིར་རོ། །གསུམ་པ་གང་གིས་ལྟ་བའི་རྟེན་ནི། རྒྱལ་པོ་ལ་སོགས་པས་བོས་པ་མ་ཡིན་པ་སྟེ། རྒྱལ་པོ་དང་བཙུན་མོ་དང་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་དམག་ལ་ལྟ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ལྟ་བར་ཞུགས་པའོ། །མཐར་ཐུག་ནི་དམག་མཐོང་བའོ། །གཉིས་པ་ནི། གང་བྱས་ན་དམག་ལ་བལྟ་བའི་ལྟུང་བར་འགྱུར་ཞེ་ན། གཡུལ་ལ་མངོན་པར་དགའ་བའི་དམག་ལ་དགེ་སློང་གི་ལྟད་མོ་ལྟ་བའི་དོན་ཉིད་ཀྱིས་སོ། །ཐམས་ཅད་དུའམ་ཞེ་ན། རྒྱལ་པོ་དང་། བཙུན་མོ་དང་། གཞོན་ནུ་སྟེ་རྒྱལ་པོའི་བུ་ཐུ་བོ་དང་། ཞང་བློན་ནི་གུང་བློན་ཆེན་པོ་དང་། དམག་གི་ཁྲོམ་གྱི་རུ་སྣ་ནི་གཡུལ་འགྱེད་པའི་མིའོ་ཞེས་རྣམ་འབྱེད་འགྲེལ་པ་ལས་བཤད་དེ། དམག་དཔོན་ཆེན་པོའོ། །དར་པོ་ནི་ཟླས་(༡༡༩ན)


K8Z003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེའོ། །གྲོང་ཁྱེར་དང་གྲོང་རྡལ་ལྗོངས་དང་གསུམ་གྱི་འབྲུ་གནོན་ནི་འདུལ་བའི་གཞུང་རྣམས་ན་མི་སྣང་ཡང་། བརྒྱད་སྟོང་འགྲེལ་ཆེན་ལས། གྲོང་ཁྱེར་ནི་བཟོའི་བྱེ་བྲག་བཅོ་བརྒྱད་ཡོད་པའི་གནས་སོ། །གྲོང་རྡལ་ནི་ཚོང་པ་མང་པོ་ཡོད་པའི་གནས་ཀྱི་ཁྱད་པར་རོ། །ལྗོངས་ནི་མི་རིགས་བཞི་གནས་པའི་ས་ཕྱོགས་སུ་ཞེས་བཤད་དོ། །གྲོང་རྡལ་གྱི་མི་དང་ལྗོངས་ཀྱི་མིས་དགེ་སློང་བཀུག་པ་དང་། ཚུལ་ཁྲིམས་དང་སྲོག་ལ་སོགས་པའི་བར་ཆད་བྱུང་བའི་དབང་ཉིད་ཀྱིས་དགེ་སློང་དེར་མི་འགྲོར་མི་རུང་ཞིང་། དམག་མཐོང་ངམ་ལྟ་བ་ནི་མ་གཏོགས་སོ། །གཉིས་པ་ནི། གང་གི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་གིས་དམག་ལ་བལྟ་བའི་ཕྱིར་བདག་ཉིད་གང་ན་འདུག་པའི་གནས་ནས་འཕགས་པ་སྟེ། གཙུག་ལག་ཁང་ངམ། གྲོང་ངམ། དབྱེ་ཐང་ཀ་ལ་སོགས་པ་གང་ན་དགེ་སློང་རང་ཉིད་འདུག་པའི་གནས་དེ་ནས་འཕགས་ཏེ། གནས་དེའི་ཉེན་ཀོར་གྱི་ཚད་ནི་ཆོས་གོས་དང་འབྲལ་བའི་ཉེ་འཁོར་སྔར་བསྟན་པ་དེ་ཉིད་ཀྱི་མཐའ་ལས་འདས་ཏེ་མཐོང་ན་ལྟུང་བྱེད་བསྐྱེད་པའོ། །དམག་ལ་ལྟ་བའི་ལྟུང་བྱེད་དོ། །། །དྲུག་པ་དམག་གི་ནང་དུ་གནས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་དྲུག་སྡེས་མཉན་ཡོད་ནས་སོང་སྟེ་རི་བྲག་པ་དང་ཉེ་བར་དམག་གི་ནང་ན་གནས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་གཞན་གྱི་ལུས་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དམག་གི་མཚན་ཉིད་དུ་གྲུབ་པའི་ནང་དུ་གནས་པ་སྟེ། དགོས་པ་མེད་པའི་མཚན་མོ་གཅིག་ཡན་ཆད་ལས་འདས་པར་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་གོ། །དེ་ལ་གསུམ་(༡༡༩བ)


K8Z003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། གང་དང་གནས་པའི་ཡུལ་དང་། གང་དུ་གནས་པའི་གནས་དང་། གང་གི་ཚེ་གནས་པའི་དུས་སོ། །དང་པོ་ལ་ལྔ་སྟེ། འཐབ་པའམ་སྟ་གོན་དུ་གནས་པ་ཡན་ལག་ཏུ་མི་དགོས་ལ། གཞན་ལྔ་པོ་སྔ་མ་དང་འདྲའོ། །གཉིས་པ་ནི། དམག་དེའི་ནང་ཁོངས་སུ་གཏོགས་པ་སྟེ། རྣམ་འབྱེད་ལས། དམག་དེའི་ནང་དུ་ཞེས་བྱ་བ་ནི་དམག་ཆས་པ་དེའི་ནང་དུའོ་ཞེས་གསུངས་པས་སོ། །གསུམ་པ་ནི། དམག་གི་ནང་དེར་གནས་པ་ལ་དགོས་པ་མེད་པའི་དུས་ཡིན་པ་སྟེ། དེ་དག་མེད་པ་དེར་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་དམག་གི་ནང་ན་གནས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དེར་གནས་པར་བྱེད་པའོ། །མཐར་ཐུག་ནི་དགོས་པ་མེད་པའི་དུས་ཀྱི་མཚན་མོ་མཐའི་སྐད་ཅིག་གོ། །གཉིས་པ་ནི། རྒྱལ་པོ་སོགས་ཀྱིས་བཀུག་པ་དང་། བར་ཆད་ཀྱི་རྐྱེན་དེ་དག་མེད་པར་དམག་གི་ནང་དེར་དགེ་སློང་ཉིན་མཚན་གཉིས་ལས་ལྷག་པ་སྟེ། ཉིན་མཚན་གསུམ་པའི་སྐྱ་རེངས་ཤར་བར་འདུག་ན་ལྟུང་བྱེད་བསྐྱེད་པའོ། །ཊཱི་ཀ་ལས། དེ་ཕྱིན་ཆད་ནི་ཞག་རེ་རེ་ཞིང་ལྟུང་བྱེད་རེ་རེར་འགྱུར་ལ། མདུན་རོལ་ཏུ་ནི་སྦྱོར་བའི་ཉེས་བྱས་རེ་རེར་འགྱུར་རོ། །ཞེས་སོ། །ཉིན་མཚན་གཉིས་ལས་ལྷག་པར་ཞེས་ལུང་རྣམ་འབྱེད་ལས་མཚན་གཉིས་ཀྱི་མཐའ་ཚུན་ཆོད་དུ་གནས་པར་བྱའོ། །ཞེས་གསུངས་པ་ནི་མཚོན་པ་ཙམ་སྟེ། ཆོས་ལྡན་གྱི་དགོས་པ་ཁྱད་པར་ཅན་ཡོད་ན་ཉིན་མཚན་བརྒྱ་འདས་ཀྱང་ཉེས་པ་མེད་ལ། དགོས་པ་ཁྱད་པར་ཅན་མེད་པར་ནི་ཞག་གཅིག་གནས་ན་ཡང་ལྟུང་བྱེད་དུ་འགྱུར་བའོ་ཞེས་གསུངས་སོ། །དེའི་ཕྱིར་མདོ་འོག་མ་དང་(༡༢༠ན)


K8Z003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ལོ་སྙམ་དུ་མི་བྱའོ། །ཆོས་དང་ལྡན་པའི་དགོས་པ་མེད་ན་ཉིན་མཚན་གསུམ་པའི་སྔ་མ་ཉིན་མཚན་གཉིས་པོ་ལ་ཡང་ཉི་མ་རེ་རེ་ཞིང་སྔར་བཞིན་ཁ་ན་མ་ཐོ་བར་འགྱུར་རོ། །དམག་གི་ནང་ན་གནས་པའི་ལྟུང་བྱེད་དོ། །། །བདུན་པ་དཔུང་གི་ཡན་ལག་ཉམས་སུ་མྱོང་བ་ལ། དངོས་གཞི་ན་སྨད་བཅས་ཏེ་བསྟན། །སྐབས་ཀྱི་བསླབ་པར་བྱ་བའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་དྲུག་སྡེས་མཉན་ཡོད་ནས་སོང་སྟེ། རི་བྲག་པ་དང་ཉེ་བར་དམག་བཤམས་པ་དཀྲུག་པ་ལ་སོགས་པ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་གཞན་གྱི་ལུས་སྲོག་ལ་གནོད་པའོ། །ངོ་ཏི་ནི་དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བ་དངོས་གཞིའོ། །ལྟུང་བྱེད་འདི་ལ་གསུམ་སྟེ། དམག་ལ་རེག་པ་དང་། བཤམས་པ་དཀྲུག་པ་དང་། དམག་ལ་ལྟ་བའོ། །དང་པོ་གཉིས་ནི་རྒྱལ་པོ་ལ་སོགས་པས་བོས་ཀྱང་རུང་། མ་བོས་ཀྱང་རུང་སྟེ། བཅས་ལྡན་དགེ་སློང་གིས་དམག་ལ་རེག་པ་དང་། གཡུལ་བཤམས་པ་དཀྲུགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གསུམ་པ་ནི། དགེ་སློང་དེ་རྒྱལ་པོ་ལ་སོགས་པས་བོས་པའི་ཚེ་ན་འཕགས་ཤིང་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་དམག་ལ་ལྟ་ན་དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་དོ། །འོ་ན་ལྟུང་བྱེད་འདི་དང་སྔར་གྱི་དམག་ལ་ལྟ་བའི་ལྟུང་བྱེད་ཀྱི་ཁྱད་པར་ཅི་ཞེ་ན། འདི་ནི་དགེ་སློང་དེ་རྒྱལ་པོ་ལ་སོགས་པས་བོས་པའི་དགེ་སློང་གིས་དམག་ལ་བལྟ་བ་ཡིན་ལ། སྔ་མ་ནི་རྒྱལ་པོ་ལ་སོགས་པས་མ་བོས་པའི་དགེ་སློང་གིས་དམག་ལ་བལྟ་བ་སྟེ། ལུང་གི་གླེང་གཞི་ལས། རྒྱལ་པོས་མ་བོས་པ་དང་། བོས་པར་གསུངས་པ་དེ་ཤེས་བྱེད་ཡིན་ནོ། །ཡན་ལག་ལ་(༡༢༠བ)


K8Z003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། རེག་པ་དང་བཤམས་པ་དཀྲུག་པ་གཉིས་ཀྱི་གཞིའི་ཡན་ལག་དང་། སྐབས་འདིའི་དམག་ལ་བལྟ་བའི་གཞིའི་ཡན་ལག་གོ། །དང་པོ་ནི། རེག་པ་དང་བཤམས་པ་དཀྲུག་པའི་ཡུལ་དེ་དམག་ཆོས་དྲུག་ལྡན་ཏེ། སྔར་དམག་ལ་ལྟ་བའི་ཡུལ་དང་འདྲའོ། །གཉིས་པ་ལ་གསུམ་སྟེ། གང་ལ་བལྟ་བའི་ཡུལ་དང་། གང་ནས་ལྟ་བའི་གནས་དང་། གང་གིས་ལྟ་བའི་རྟེན་ནོ། །དང་པོ་གཉིས་སྔར་གྱི་དམག་ལ་བལྟ་བ་དང་འདྲའོ། །གསུམ་པ་ནི། དགེ་སློང་དེས་རྒྱལ་པོ་ལ་སོགས་པས་བོས་པ་ཡིན་པ་སྟེ། ལུང་གི་གླེང་གཞི་ལས། རྒྱལ་པོས་བོས་པ་ལས་འདི་གསུངས་པས་སོ། །མ་བོས་པས་དམག་ལ་ལྟ་བ་ནི་དམག་ལྟུང་དང་པོར་འགྱུར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་སྔར་བཞིན། ཀུན་སློང་ནི་རང་གར་རེག་པའམ། བཤམས་པ་དཀྲུག་པའམ། ལྟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རེག་པའམ་བཤམས་པ་དཀྲུག་པའི་ལྟ་བར་ཞུགས་པའོ། །མཐར་ཐུག་ནི་དམག་ལ་རེག་པ་ཉམས་སུ་མྱོང་བའོ། །གཉིས་པ་ནི། དཔུང་གི་ཡན་ལག་རྣམས་ནི་ལྟུང་བ་འདིའི་བྱེད་པ་པོ་ཉིད་དོ། །འདིར་དཔུང་གི་ཡན་ལག་བཞིའི་འབྲུ་གནོན་ནི་འདུལ་བའི་འགྲེལ་པ་རྣམས་ལས་མ་བྱུང་མོད་ཀྱི། བརྒྱད་སྟོང་འགྲེལ་པ་ལས། རྟའི་དཔུང་ནི་རྟ་པ་གཅིག་རྐང་པ་སྲུང་བ་བཞི་དང་བཅས་པའོ། །གླང་པོ་ཆེ་སྲུང་མ་བརྒྱད་དང་བཅས་པའོ། །ཤིང་རྟའི་དཔུང་ནི་ཤིང་རྟ་སྲུང་མ་བཅུ་དྲུག་དང་བཅས་པའོ། །དཔུང་བུ་ཆུང་ནི་རྐང་ཐང་བཅུ་དྲུག་གོ་ཞེས་བཤད་དེ། མི་དེ་དག་ཐམས་ཅད་ནི་སྐྱེས་པ་གོ་ཆ་གྱོན་པ་མཚོན་ཆ་ཐོགས་པའོ་ཞེས་སོ། །ལུས་སྲོག་སོགས་ཀྱི་བར་ཆད་དབང་གིས་འགྲོ་བ་མ་ཡིན་པ་ལ་ལྟུང་བར་འགྱུར་རོ། །འགྲེལ་(༡༢༡ན)


K8Z003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ལས། དཔུང་གི་ཡན་ལག་བཞི་པོ་ཀུན་བསྡུས་པ་དང་བཞི་པོ་ཀུན་བསྡུས་པ་དང་བཞི་པོ་གང་རུང་རེ་རེ་སོ་སོ་དག་བྱེད་པ་ཉིད་དོ་ཞེས་སོ། །འཐབ་པའི་སྟ་གོན་བྱས་པ་ལ་གོ་བསྐོན་པ་དང་། གཞུ་བརྡུངས་པ་དང་། རལ་གྲི་ཕྱུང་བ་ལ་སོགས་པ་རྣམས་ཀྱི་རེག་པ་དང་བཤམས་པ་དཀྲུགས་པ་དང་མཐོང་བ་དང་གསུམ་གྱི་དངོས་པོ་ལ་ནི་ལྟུང་བྱེད་དངོས་གཞིའོ། །སྦྱོར་བ་ནི་ཉེས་བྱས་ཀྱིའོ། །ཞེས་པ་འདི་ལ་བཤད་ལུགས་གཉིས་ལས། འགྲེལ་ཆུང་ལས། དམག་ལ་ལྟ་བར་འགྲོ་བར་སེམས་ཤིང་སྦྱོར་བ་ནི་ཉེས་བྱས་སོ་ཞེས་བཤད་དོ། །སྐབས་འདིར་རང་གི་རྣམ་བཤད་དང་། ཊཱི་ཀ་ལས། འཐབ་པའི་སྟ་གོན་བྱས་པའི་སྦྱོར་བ་སྟ་གོན་མ་བྱས་པ་དེ་ལ་ནི་དངོས་པོ་དང་སྦྱོར་བ་གཉིས་ཀ་ལ་ཉེས་བྱས་ཀྱི་བྱེད་པོའོ། །ཞེས་གསུངས་ལ། དེ་དང་མཐུན་པར་སྐབས་འདིའི་རྣམ་འབྱེད་ལས་གོ་མ་བསྐོན་པའམ་བཤམས་པ་འཁྲུག་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་སོ། །འོ་ན་སྦྱོར་བ་ལ་ནི་ཞེས་པ་འདི་དང་། མ་ཆས་པ་ཉིད་ལ་ནི་ཞེས་པ་ལ་ཁྱད་པར་ཅི་ཞེ་ན། འདིས་ནི་དམག་ལྟུང་འདི་ཉིད་ཀྱི་ན་སྨད་པ་བསྟན་ལ། འོག་མས་ནི་དམག་ལྟུང་གསུམ་ཀའི་ན་སྨད་བསྟན་པའོ། །དངོས་པོ་ལ་དངོས་གཞིའོ་ཞེས་སྨོས་ནས། དངོས་པོ་ལ་ཞེས་པ་དེ་ཅི་ཡིན་ཅེ་ན། དགེ་སློང་གིས་དམག་ལ་རེག་པ་ནི་གླང་པོ་ཆེའི་དཔུང་ལ་སོགས་པ་འཐབ་པའི་སྟ་གོན་བྱས་པ་རྣམས་ལ་རེག་པ་སྟེ་ཞེས་ཊཱི་ཀ་ལས་བཤད་ཅིང་། འགྲེལ་ཆུང་ལས། དམག་མི་རྒོལ་བར་བཤམས་ཤིང་ཆས་ཏེ་འདོང་བ་ལ་རྟ་དང་གླང་པོ་ཆེ་ལ་སོགས་པ་ཕྱུགས་ལ་ཀུ་རེ་བྱེད་ཅིང་ཀླན་ཀ་བཙལ་བའི་ཕྱིར་རེག་པས་ཀྱང་ལྟུང་ཞེས་སོ། །འོ་ན་དམག་མིའི་མཚོན་ཆ་ལ་རེག་ན་ཅིར་འགྱུར་ཞེ་ན། ཉིད་བཤད་ལས། རིན་པོ་(༡༢༡བ)


K8Z003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་སྨོས་པ་ཞེས་བྱ་བས་མཚོན་ཆ་ལ་རེག་པའི་ལྟུང་བ་དེ་ནི་འཆང་བར་འགྱུར་ཏེ། དེ་ལས་ཡུལ་གཞན་ཡིན་པ་དེ་རྟོགས་པར་བྱའོ། །ཞེས་བཤད་ཅིང་། དོན་དེ་ལྟར་ཊཱི་ཀ་ལས་ཀྱང་ངོ་། །དང་ནི་འབྱེད་པའོ། །དམག་གི་གཡུལ་བཤམས་པ་དཀྲུག་པ་དང་ཞེས་པ། ཊཱི་ཀར། གླང་པོ་ཆེ་ལ་སོགས་གནས་ནས་བསྐྱོད་པ་ཞེས་སོ། །དགེ་སློང་གིས་དམག་ལ་བལྟ་བའི་ཕྱིར་གནས་དེ་ནས་འཕགས་ཤིང་། གནས་དེའི་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་དམག་མཐོང་བ་དང་གསུམ་པོ་ལྟ་བུ་ནི་ལྟུང་བྱེད་འདིའི་དངོས་རྒྱུའི་དངོས་པོ་དག་ཡིན་ནོ། །མ་ཆས་པ་འཐབ་པའི་སྟ་གོན་མ་བྱས་པ་ཉིད་ལ་ནི་དམག་ལྟུང་གསུམ་ཀ་ལ་ན་སྨད་པ་ཉིད་དོ། །གཉིས་པ་ནི། དཔུང་གི་ཡན་ལག་མིན་པའི་གླང་པོ་ཆེ་དང་། རྟ་དང་། བྱ་གག་དང་། བྱ་ལ་པ་ཀ་དང་ཞེས་པ་སྲན་ཞིང་ལ་གནས་པ་གོང་མོ་སྟེ་འུར་བ་ཆེ་བའོ། །བྱ་བརྟྟི་ཀ་དང་ཞེས་པ་ཐི་བ་སྟེ་བུར་ཆུང་ངོ་། །བཞིར་མ་ཚོགས་པའི་སྐྱེས་པ་དང་བུད་མེད་འཐབ་པ་ལ་སོགས་པའི་བྱ་བ་དང་། བྱེད་དུ་གཞུག་པ་དང་བལྟ་བར་མི་བྱའོ། །དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་དོ། །། །བརྒྱད་པ་བརྡེག་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བ་དེ་ཡི་ན་སྨད་བསྟན། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་ལ་བརྡེག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིས་ཀྱི་ལུས་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རྙོག་པ་ཅན་གྱི་སེམས་ཀྱིས་བརྡེག་པར་འདོད་པས་དགེ་སློང་གཞན་ལ་བརྡེགས་ཏེ་ཕོག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །སེལ་བ་ནི་རྩེད་མོར་(༡༢༢ན)


K8Z003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ཏེ་བརྡེགས་ན་ནི་རྒོད་བག་གི་ཉེས་བྱས་སུ་འགྱུར་ལ། གསོད་སེམས་ཀྱིས་བརྡེགས་ན་ནི་སྲོག་གཅོད་པའི་སྦོམ་པོར་འགྱུར་ཏེ། དེ་ལ་དགོངས་ནས་ལུང་ཞུ་བ་ལས། དགེ་སློང་ལ་བརྡེག་ཀྱང་ལྟུང་བྱེད་དུ་མི་འགྱུར་བ་མཆིས་སམ། ཡོད་དེ། རྩེད་མོར་བསམས་ཏེ་བརྡེགས་སམ། བསད་པར་སེམས་པའོ་ཞེས་གསུངས་པའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ནི་གང་ལ་བརྡེག་པའི་ཡུལ་དགེ་སློང་ཆོས་དྲུག་ལྡན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་རྙོག་པ་ཅན་གྱི་སེམས་ཀྱིས་བརྡེག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རྡེག་པར་བྱེད་པའོ། །མཐར་ཐུག་ནི་ལུས་ལ་ཕོག་པའོ། །གཉིས་པ་ནི། གང་བྱས་ན་བརྡེག་པའི་དེར་འགྱུར་ཞེ་ན། བསམ་པ་རྙོག་པ་ཅན་གྱི་སེམས་ཉིད་ཀྱིས་དགེ་སློང་ཕ་རོལ་ལ་ལུས་སམ་དེས་འཕངས་པ་བོང་བ་ལ་སོགས་པའམ། དེ་དང་འབྲེལ་བ་དབྱུག་པ་ལ་སོགས་པ་གང་ཡང་རུང་བ་ཐ་ན་རྐང་པའི་མཐེ་བོང་ངམ། ཡུངས་ཀར་རམ་རྩྭ་དག་གིས་བརྡེགས་ན་ལྟུང་བྱེད་བསྐྱེད་པའོ། །བརྡེག་པ་ལས་གཞན་གཟས་པ་དང་གནས་ངན་ལེན་འཆབ་པ་དང་། ཟན་གཅོད་དུ་འཇུག་པ་དག་ལ་ཡང་དགེ་སློང་ཕ་རོལ་ལ་ཞེས་སྦྱར་རོ། །རྡེག་སྤྱད་ཀྱིས་རེག་ན་དངོས་གཞིར་འགྱུར་རོ། །རྡེག་སྤྱད་རེ་རེ་ལ་ལྟུང་བྱེད་རེ་རེའོ། །གཉིས་པ་ནི། རྡེག་སྤྱད་དག་གིས་མ་ཕོག་ན་རྡེག་སྤྱད་རེ་རེ་ལ་ཉེས་བྱས་རེ་རེའོ། །གསུམ་པ་ནི། དགེ་སློང་ཞིག་ཡན་ལག་ལས་སུ་རུང་ནས་ཡན་ལག་རྡོ་བས་བརྡུངས་པ་ལས་གསུངས་པ་ནི་བརྡེག་པར་བྱ་བ་ལུས་ལས་གཞན་སེམས་ཡིན་ལ། སེམས་ལས་གཞན་རང་གི་ལུས་སེམས་རྙོག་པ་ཅན་གྱིས་བརྡེག་པར་མི་བྱའོ། །(༡༢༢བ)


K8Z003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ལྡན་རྩ་བར། རྡོ་སོགས་ཡན་ལག་འཁྲི་ཤིང་མི་བརྡུང་སྟེ། །འདོད་ཆགས་མེ་ནི་མི་སྡུག་ཆུས་ཞིར་འགྱུར། །ཞེས་སོ། །རྙོག་པ་ཅན་གྱི་སེམས་ཀྱིས་ཀ་བ་ལ་བརྡེག་པར་མི་བྱའོ། །རྩིག་པ་དང་ས་དང་ཤིང་ལྗོན་པ་དང་སྒོ་གླེགས་སོགས་གཞན་ལ་ཡང་བརྡེག་པར་མི་བྱའོ། །རྡེག་པའི་ལྟུང་བྱེད་དོ། །། །དགུ་པ་རྡེག་གཟས་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་ལ་བརྡེག་པར་གཟས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱིས་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རྙོགས་པ་ཅན་གྱི་སེམས་ཀྱིས་དགེ་སློང་གཞན་ལ་རྡེག་པར་གཟས་པར་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ནི་གང་ལ་གཟས་པའི་ཡུལ་དགེ་སློང་ཆོས་དྲུག་ལྡན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྙོགས་པ་ཅན་གྱི་སེམས་ཀྱིས་རྡེག་པར་གཟས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རྡེག་པར་གཟས་པར་ཞུགས་པའོ། །མཐར་ཐུག་ནི་གཟས་པ་རྫོགས་པའོ། །གཉིས་པ་ནི། ཡན་ལག་སྔ་མ་དང་འདྲ་བར་རྡེག་པར་གཟས་ན་ལྟུང་བྱེད་དོ། །རྡེག་པར་གཟས་པའི་རྫས་རེ་རེ་ལ་ལྟུང་བྱེད་རེ་རེའོ། །གཟས་པའི་ལྟུང་བྱེད་དོ། །། །བཅུ་པ་གནས་ངན་ལེན་འཆབ་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བའི་ན་སྨད་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་གླེང་གཞི་ནི་མཉན་ཡོད་དུ་ཉེར་དགས་གནས་ངན་ལེན་བཅབས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ཚུལ་ཁྲིམས་ལ་གནོད་པའོ། །ངོ་ཏི་ནི་(༡༢༣ན)


K8Z003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལྡན་དགེ་སློང་གིས་མཐོལ་ཡུལ་མཚན་ཉིད་དང་ལྡན་པ་ཡོད་པའི་གནས་སུ་དགེ་སློང་གཞན་གྱིས་ཕམ་པའམ། དགེ་འདུན་ལྷག་མ་བཅབས་ཏེ་མཚན་མོ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ། །དེ་ལ་བཞི་སྟེ། གང་འཆབ་པའི་དངོས་པོ་དང་། གང་གིས་འཆབ་པའི་ལྟུང་བའི་བདག་པོ་དང་། གང་དུ་འཆབ་པའི་གནས། གང་གིས་འཆབ་པའི་རྟེན་ནོ། །དང་པོ་ལ་གསུམ་སྟེ། ཕམ་པའམ་ལྷག་མའི་དངོས་གཞི་ཡིན། དགེ་སློང་གཞན་དེའི་རྒྱུད་དང་འབྲེལ་བར་ཡོད། ངོ་བོ་ཤེས་སམ་ཡིད་གཉིས་ཟ་བ་སྟེ། ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དག་ཅེས་པ་དང་། ཞུ་འགྲེལ་དང་ལུང་ཞུ་བ་ལས། བདག་ཉིད་ཀྱིས་བདག་ཉིད་ཀྱི་གནས་ངན་ལེན་བརྗོད་ན་ཉེས་བྱས་སུ་གསུངས་པ་ནི། གཞན་གྱི་ཡིན་པ་ཉིད་མེད་པའི་ཕྱིར་ཏེ། བདག་ཉིད་ཀྱི་གནས་ངན་ལེན་གྱི་ལྟུང་བ་འཆབ་པ་བཞིན་ནོ་ཞེས་བཤད་པས་ཤེས་སོ། །ངོ་བོ་ཤེས་སམ་ཡིད་གཉིས་ཟ་བ་སྟེ། འཆབ་པ་ལ་དགེ་འདུན་ལྷག་མ་ཉིད་ལ་ཡིད་གཉིས་ཟ་བ་ནི་ལྷག་མ་དང་འདྲའོ་ཞེས་གསུངས་པས་སོ། །གཉིས་པ་གང་གི་འཆབ་པ་ལྟུང་བའི་བདག་པོ་ནི་དགེ་འདུན་ལྷག་མ་འཆབ་པའི་ཆ་ནས་དགེ་སློང་ཆོས་དྲུག་ལྡན་ཡིན་ལ། ཕམ་པ་འཆབ་པ་ལ་ནི་ཡུལ་དེ་ཕམ་པས་གོས་པ་ཡན་ལག་ཏུ་དགོས་པས། དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཡན་ལག་མ་ཡིན་གྱི། དགེ་སློང་གི་སྡོམ་པ་ཙམ་པོ་དང་ལྡན་པའོ། །མཚན་མཐུན་ལྟ་བ་མཐུན་པ་ལ་སོགས་ལྔ་ནི་སྔར་བྱིན་འཕྲོག་གི་སྐབས་སུ་བཤད་པ་དང་འདྲའོ། །གསུམ་པ་གང་དུ་བཅབ་པའི་གནས་ནི། མཐོལ་ཡུལ་མཚན་ཉིད་དང་ལྡན་པ་ཡོད་(༡༢༣བ)


K8Z003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་ཡིན་པ་སྟེ། བརྗོད་པའི་ཡན་ལག་མེད་ན་ཞེས་གསུངས་པས་སོ། །བཞི་པ་གང་གིས་འཆབ་པའི་རྟེན་ནི། བར་ཆད་སྤང་བ་ལ་བལྟོས་པ་མ་ཡིན་པ་སྟེ། བདེ་བ་ལ་མི་རེག་པ་དང་། དགེ་སྦྱོང་གི་ཚུལ་དང་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་འཆབ་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འཆབ་པར་ཞུགས་པའོ། །མཐར་ཐུག་ནི་མཚན་མོའི་མཐའི་སྐད་ཅིག་སྟེ། ཉིན་མཚན་གྱི་མཐར་རོ་ཞེས་པ་དང་། དེའི་ཊཱི་ཀ་ལས། སྐྱ་རེངས་འཆར་ཀ་ཚུན་ཆད་ཅེས་བྱ་བའི་ཐ་ཚིག་གོ། ཞེས་སོ། །འོ་ན་སྐབས་འདིར་ལུང་རྣམ་འབྱེད་ལས། སྐྱ་རེངས་ཤར་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང་འགལ་ཅེ་ན། དེའི་ཚེ་ན་ལྟུང་བྱེད་དུ་གྱུར་པ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པའོ། །གཉིས་པ་ནི། གང་བྱས་ན་ལྟུང་བྱེད་དུ་གྱུར་ཞེ་ན། དགེ་སློང་གཞན་གྱི་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དག་ཤེས་བཞིན་དུ་བཅབ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གཞན་དེའི་ཉེས་ལྟུང་བདག་གིས་བརྗོད་ན་རང་གཞན་གྱི་ལུས་སེམས་བདེ་བ་ལ་མི་རེག་པ་དང་། དགེ་སྦྱོང་གི་ཚུལ་དང་ཞེས་པ་ནི་འཕགས་པའི་ལམ་མོ། །ཚངས་པར་སྤྱོད་པའི་བར་ཆད་དང་། དགེ་འདུན་འཁྲུག་ཏུ་དོགས་པའི་དབང་ཉིད་མ་གཏོགས་པར་འཆབ་ན་ལྟུང་བྱེད་དུ་འགྱུར་རོ། །དུས་གང་གི་ཚེ་འཆབ་པས་ཞེ་ན། ཉིན་མཚན་གྱི་མཐར་རོ། །གཉིས་པ་ནི། ཉིན་མཚན་གྱི་མཐའི་སྔ་རོལ་དུ་ནི་བཅབས་ན་ཉེས་བྱས་སོ། །ལྟུང་བ་ཕམ་ལྷག་ལས་གཞན་སྦོམ་པོ་དང་ལྟུང་བྱེད་བཅབས་ན་ཡང་ཉེས་བྱས་སོ། །འདིར་སྨྲས་པ། ཀརྨ་པ་ཡི་ཕྲིན་ལས་དབང་(༡༢༤ན)


K8Z003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་དང་། །གསོན་པའི་སྐབས་འདིར་བྲལ་བའི་མེ་ཡིས་ནི། །བསམ་རྒྱུ་རྗེ་བཙུན་ལས་གཞན་མེད་པའི་སྙིང་། །དམྱལ་བའི་འབྱུང་བས་ཆད་པ་བཅད་ལྟར་མནར། །དེ་སླད་མགོན་ཁྱོད་དང་བྲལ་ཡིད། །གཟུགས་བརྙན་བླ་མར་མ་བསྟེན་པས། །ཆོས་ཀྱིས་ཕོངས་པའི་དབུགས་འབྱིན་ཀྱང་། །བཀའ་དྲིན་བཟང་པོར་མ་རྟོགས་སོ། །སློབ་མ་རྣམ་པར་འཁྲུལ་པ་ཡི། །དད་པའི་མཇུག་ནི་སྡང་བ་ཡིན། །མཐོང་ཚད་བླ་མར་ལེན་བྱེད་པ། །བླུན་པོ་བསམ་མེད་རྒྱུག་ཆུ་འདྲ། །གཡོན་ཅན་ཆགས་སྡང་སྤུངས་པ་ལ། །དགེ་བའི་བཤེས་སུ་བསྙད་པ་ནས། །རྩོད་པ་གཡོ་བའི་དོགས་པ་ཅན། །སྡིག་ཅན་ཕྱོགས་འདིར་མ་རྩེན་ཅིག །གནས་ངན་ལེན་འཆབ་པའི་ལྟུང་བྱེད་དོ། །། །བཅུ་ཚན་དྲུག་པའི་དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེར་དགས་ཆེད་དུ་བསམས་ཏེ། དགེ་སློང་གིས་ཟན་གཅོད་དུ་འཇུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་འཚོ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་ཁྱིམ་པས་ཟས་འདྲེན་པ་དེ་དག་གི་རིག་བྱེད་ཀྱིས་ཟན་གཅོད་དུ་འཇུག་སྟེ། ཁྱིམ་པ་དེས་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་གོ། །དེ་ལ་བཞི་སྟེ། གང་གི་ཟན་གཅོད་དུ་འཇུག་པའི་ཡུལ་དང་། གང་ལ་གཅོད་དུ་གཞུག་པའི་ཡུལ་དང་། གང་གཅོད་དུ་གཞུག་པའི་དངོས་པོ་དང་། གང་གི་ཚེ་གཅོད་དུ་འཇུག་པའི་དུས་སོ། །དང་པོ་ནི་བདུན་ཏེ། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ཟན་བཅད་པས་ཕན་པའི་ནད་དང་མི་ལྡན་པ་སྟེ། ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པར་ཞེས་(༡༢༤བ)


K8Z003_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །གཉིས་པ་ལ་བཞི་ལས། ཁྱིམ་པ་ཡིན་པ་དང་། དགེ་སློང་གཞན་དེ་ལ་བསམ་པ་ཐག་པ་ནས་ཟས་སྦྱིན་པར་བསྔོས་པ་ཡིན་པ་སྟེ། ཁྱིམ་པ་སྦྱིན་པ་པོ་ཞེས་གསུངས་པས་སོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་གཉིས་སྔར་བཤད་པ་དང་འདྲའོ། །གསུམ་པ་ལ་བཞི་སྟེ། དུས་སུ་རུང་བ་ཡིན་པ་སྟེ། ཟན་གཅོད་དུ་ཞེས་པས་སོ། །དགེ་སློང་དེ་ལ་སྦྱིན་པར་བསྔོས་པ་སྟེ། སྦྱིན་པ་པོ་ཞེས་གསུངས་པའི་ཤུགས་ཀྱིས་གྲུབ་བོ། །རུང་བ་ཚད་དང་ལྡན་པ་གཉིས་ཏེ་བཞིའོ། །བཞི་པ་ནི། དུས་ཉི་མ་ཕྱེད་མ་ཡོལ་བ་སྟེ། ཕྱི་དྲོ་ཕན་ཆད་དུ་ནི་དགེ་སློང་གི་ཟན་གཅོད་དུ་འཇུག་པ་ལ་མི་རིགས་པ་མེད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་སྔར་བཞིན། ཀུན་སློང་ནི་རང་གར་ཟན་གཅོད་དུ་འཇུག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཟས་གཅོད་དུ་འཇུག་པར་ཞུགས་པའོ། །མཐར་ཐུག་ནི་ཁྱིམ་པ་དེས་དོན་གོ་བའོ། །གཉིས་པ་ནི། ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པར་དགེ་སློང་གིས་ཆེད་དུ་བསམས་ཏེ། ཁྱིམ་པ་སྦྱིན་པ་པོ་དེ་ལ་དགེ་སློང་ཕ་རོལ་གྱིས་ཁྱིམ་པ་ཟན་གཅོད་དུ་འཇུག་ན་ལྟུང་བྱེད་དོ། །རང་འགྲེལ་དང་ཊཱི་ཀ་ལས། རང་གི་ཚིག་གིས་བསྒོ་སྟེ་ཟན་གཅོད་དུ་བཅུག་ན་ལྟུང་བྱེད་དོ། །སྤྲིང་ཡིག་དང་ལག་ཡིག་དང་མངགས་པ་དང་བརྒྱུད་པ་དང་ཟུར་གྱིས་ཟན་གཅོད་དུ་བཅུག་ན་ཉེས་བྱས་སོ་ཞེས་སོ། །ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་དོ། །། །གཉིས་པ་མེ་རེག་ལ། སྐབས་དང་འབྲེལ་བའི་བསླབ་བྱ་བསྟན། །བྱིན་རླབས་དུས་ཀྱི་ལྟུང་མེད་བརྗོད། །དངོས་གཞིའི་ན་སྨད་བཅས་ཏེ་བསྟན། །ལོག་པར་བྱིན་རློབ་ཉེས་བྱས་སོ། །དང་པོ་ནི། མེ་དང་འདྲ་བ་ལ་རེག་པ་དགག་(༡༢༥ན)


K8Z003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་སེང་གེ་ལ་རེག་པར་མི་བྱའོ། །ཊཱི་ཀར། སེང་གེ་ནི་མེ་དང་འདྲ་བར་བསྙེན་པར་དཀའ་ཞིང་བཟོད་པར་དཀའ་བ་ཉིད་ཡིན་པའི་ཕྱིར། ཞེས་སོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་དུས་བྱིན་གྱིས་བརླབ་པ་འདིས་མཚོན་ནས་བྱིན་གྱིས་བརླབ་པ་སྤྱིར་བཤད་ན། འདུལ་བ་ལས་བྱིན་རླབས་བཅུ་གཅིག་གསུངས་ཏེ། གོས་དང་ལྷུང་བཟེད་རིན་པོ་ཆེ། །ལྟུང་བ་གསོ་སྦྱོང་དབྱར་དང་ནི། །དགག་དབྱེ་སྨན་དང་རུང་ཁང་དང་། །རྙེད་པ་དུས་ཀྱི་བྱིན་བརླབ་བོ། །དེ་ཡང་གཞན་རྣམས་སོ་སོའི་སྐབས་སུ་སྟོན་ལ། དུས་བྱིན་བརླབ་འདི་ལ། དགོས་པའི་དོན་དང་། བསྡུས་པའི་དོན་ནོ། །དང་པོ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། ཚ་རོད་པ་ན་རེ། ཆོས་ལྡན་གྱི་བྱ་བ་ལ་མེ་ལ་རེག་པ་ལ་དུས་བྱིན་གྱིས་མ་བརླབས་པར་མེ་ལ་རེག་ཀྱང་མེ་རེག་གི་ལྟུང་བའི་རྣམ་གཞག་ནི་མི་བསྐྱེད་དེ། ཆོས་ལྡན་གྱི་དོན་དུ་གནང་བའི་ཕྱིར་རོ། །དུས་བྱིན་གྱིས་མ་བརླབས་ན་དུས་དྲན་མི་བྱེད་པ་ཉིད་ཀྱི་བསླབ་བྱའི་ཉེས་བྱས་བསྐྱེད་དེ། རྣམ་འབྱེད་འགྲེལ་པ་ལས། དུས་ཡོད་པ་བྱིན་གྱིས་མ་བརླབས་པར་མེ་སྤར་བར་བྱེད་པ་ལ་ནི་ཉེས་བྱས་སུ་འགྱུར་ཞེས་པ་དང་། འདི་ཉིད་ལས། ཐམས་ཅད་ལ་དུས་དག་ཡོད་ཀྱང་བྱིན་གྱིས་མ་བརླབས་ནའོ་ཞེས་ཉེས་བྱས་སུ་གསུངས་པས་ཤེས་ཟེར་རོ། །དེ་དགག་པ་ལ་གནོད་བྱེད་བརྗོད་པ་ནི་ཆོས་ལྡན་གྱི་བྱ་བ་ཡིན་ཙམ་གྱིས་མེ་རེག་གནང་ན། མའི་དགེ་སློང་མའི་ལུང་རྣམ་འབྱེད་ལས། སངས་རྒྱས་ཀྱི་ཆེད་དུ་དུས་བྱིན་གྱིས་མ་བརླབས་པར་མེ་ལ་རེག་ན་ལྟུང་བྱེད་དོ། །དགེ་འདུན་གྱི་ཕྱིར་མེ་སྦོར་ན་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབ་པར་མེ་སྦར་ན་ལྟུང་བྱེད་དོ་ཞེས་གསུངས་(༡༢༥བ)


K8Z003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འགལ་ཅིང་། དགེ་སློང་གི་རྣམ་འབྱེད་ལས་ཀྱང་། དགེ་སློང་གིས་མེ་སྤར་བར་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབ་པར་སྤར་བར་བྱེད་ན་ལྟུང་བྱེད་དུ་འགྱུར་ཞེས་གསུངས་པ་དང་འགལ་ལོ། །དེ་ཡང་དུས་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པས། ཆེད་དུ་བྱ་བ་ཆོས་ལྡན་ཡིན་པར་གྲུབ་སྟེ། ཆོས་མི་ལྡན་པ་ལ་གནང་བའི་དུས་དག་ཡོད་མི་སྲིད་པའི་ཕྱིར་རོ། །དུས་བྱིན་གྱིས་མ་བརླབ་པར་མེ་སྦར་ན་ལྟུང་བྱེད་དུ་གསུངས་པས། དུས་བྱིན་གྱིས་རློབ་པ་དེ་ལྟུང་བྱེད་འགེགས་བྱེད་དུ་ཤེས་སོ། །རིགས་པ་ཡང་མི་འབྲལ་བའི་གནང་བ་ཆགས་པའི་གཞི་རྒན་པོ་དང་། ནད་པ་ལ་མི་འབྲལ་བའི་གནང་བ་མ་བྱིན་པར་ཆོས་གོས་སྣམ་སྦྱར་དང་འབྲལ་བར་བྱས་པ་ཆོས་ཅན། འབྲལ་བའི་ལྟུང་བ་རྣམ་གཞག་བསྐྱེད་མི་སྲིད་དུ་ཐལ། མེ་རེག་གི་དུས་དྲན་ཆགས་པའི་གཞི་ལ་དུས་དྲན་མ་བྱས་པར་མེ་ལ་རེག་ཀྱང་མེ་རེག་གི་ལྟུང་བའི་རྣམ་གཞག་མི་བསྐྱེད་ཅིང་། དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར། རྟགས་ཟུར་སྔ་མ་ཁས་བླངས། ཁྱབ་པ་མཚུངས་པས་གྲུབ་འདོད་ན་བྱིན་གྱིས་མ་བརླབས་པ་དང་། གནང་བ་མ་ཐོབ་པ་ནི་བྱེད་པ་པོ་ཉིད་དོ་ཞེས་པས་བསལ། སྒྲུབ་བྱེད་གཞིག་པ་ནི། རྣམ་འབྱེད་འགྲེལ་པ་ལས་ཉེས་བྱས་སུ་བཤད་པ་དེ་དང་། མདོ་རྩ་བ་ལས། དུས་དག་ཡོད་ཀྱང་བྱིན་གྱིས་མ་བརླབ་ནའོ། །ཞེས་ཉེས་བྱས་སུ་གསུངས་པ་དེ་ནི་དུས་བྱིན་གྱིས་མ་བརླབས་པར་མེ་རེག་ལྟ་བུ་བྱས་ན་ལྟུང་བ་རྣམ་གཞག་གི་ཉེས་པ་བསྐྱེད་པར་མ་ཟད་ཀྱི། དུས་བྱིན་གྱིས་མི་རློབ་པ་ཉིད་ཀྱི་བསླབ་བྱའི་ཉེས་བྱས་ཀྱང་བསྐྱེད་ལ། བསླབ་བྱའི་ཉེས་བྱས་བསྐྱེད་པ་དེའི་ཆ་ནས་ཉེས་བྱས་སུ་བསྟན་པ་ཡིན་ཏེ། ཆོ་ག་བཙན་པོ་ཡོད་བཞིན་དུ་སྦྱོར་(༡༢༦ན)


K8Z003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བ་བག་ཡངས་སུ་བྱས་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི། དུས་བྱིན་གྱིས་བརླབས་པས་ཉེས་པ་བཞི་ཁེགས་ཏེ། མེ་རེག་ལྟ་བུའི་སྦྱོར་བའི་ཉེས་བྱས་ཕྲ་མོ་དང་། སྦྱོར་བའི་ཉེས་བྱས་དང་། དངོས་གཞིའི་ལྟུང་བ་སྟེ་ལྟུང་བ་རྣམ་གཞག་གི་ཉེས་པ་གསུམ་དང་། དུས་བྱིན་གྱིས་མི་རློབ་པ་ཉིད་ཀྱི་བསླབ་བྱའི་ཉེས་བྱས་དང་བཞི་ཁེགས་པའོ། །དེ་ལྟར་ན་ཉེས་པ་དེ་དག་ཁེགས་པ་ནི་དངོས་ཀྱི་དགོས་པའོ། །བཅས་པའི་ས་མཚམས་ཟིན་པ་ནི་བརྒྱུད་པའི་དགོས་པའོ། །གཉིས་པ་བསྡུས་པའི་དོན་ལ་བདུན་ལས། དང་པོ་གཞི་གང་ལ་དུས་དྲན་བྱ་བ་ནི། སྔར་བཀག་པའམ་སྒྲུབ་པ་ལས་གནང་བར་གྱུར་པ་ཡིན། ངེས་པ་བཞི་ལས་གཞན་ཡིན་པ་སྟེ། སྲོག་གཅོད་པ་ལྟ་བུ་གནང་བར་གྱུར་པ་མ་ཡིན་པ་ལ་དུས་དྲན་མི་འཆགས་ལ། ངེས་པ་བཞི་ལ་ཡང་སྤྱིར་བཏང་ལ་དུས་དྲན་མི་དགོས་ཏེ། ཊཱི་ཀ་ལས། ཞག་བཅོ་ལྔ་ལ་ཁྲུས་ཀྱི་ཉིན་མོ་ལ་ཁྲུས་བྱ་བ་གང་ཡིན་པ་དེ་ནི་གྲགས་པ་ཡིན་ཏེ། དེར་ཁྲུས་བྱ་བ་ལ་ནི་དུས་བྱིན་གྱིས་བརླབ་པར་བྱ་མི་དགོས་སོ། །ཞེས་དུས་ངེས་པ་ལ་དུས་དྲན་མི་དགོས་པར་གསུངས་པས། དངོས་པོ་ངེས་པ་དང་། གང་ཟག་ངེས་པ་དང་། ཡུལ་ངེས་པ་ལ་ཡང་རྒྱུ་མཚན་མཚུངས་པའི་ཕྱིར་དུས་དྲན་མི་དགོས་པར་གནད་ཀྱིས་སྦྱར་རོ། །དམིགས་བསལ་ནི། ཡུལ་ངེས་པ་བྱང་གི་སྒྲ་མི་སྙན་དུ་བྱིན་ལེན་མ་བྱས་པར་ཟ་བ་ལ་དུས་བྱིན་གྱིས་རློབ་དགོས་པར་ལུང་ལས་གསུངས་པ་དང་། ཡུལ་ངེས་པ་ཨསྨ་པ་རནྟར་ཁྲུས་བྱེད་པ་ལ་ཡང་། ཉིད་ཀྱི་རྣམ་བཤད་ལས། འདིར་ཡུལ་དེ་ཉིད་དུ་དུས་རིག་པར་བྱའོ་ཞེས་པ་དང་། ཊཱི་ཀ་ལས་ཀྱང་། དེར་ནི་བློས་སོ། །དེ་དེ་ཉེ་བར་བཞག་(༡༢༦བ)


K8Z003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དུས་མ་ཡིན་པར་ཡང་ཁྲུས་བྱའོ་ཞེས་བཤད་པའོ། །གཉིས་པ་རྟེན་གང་གིས་དུས་དྲན་བྱ་བ་ནི། རབ་བྱུང་སྡེ་ལྔ་གང་ཡང་རུང་བའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་སྟེ་གསུམ་དང་། འདིར་ནི་གནང་བའི་རྐྱེན་ཅན་ཡིན་པ་སྟེ། གནང་བའི་རྐྱེན་མེད་ན་དུས་དྲན་མི་འཆགས་སོ། །གསུམ་པ་ཆེད་གང་ལ་དུས་དྲན་པར་བྱ་བ་ནི། ཆོས་དང་ལྡན་པའི་བྱ་བའི་དོན་ཉིད་ཅེས་གསུངས་ལ། རང་གི་རྣམ་བཤད་ལས། ཆོས་དང་མི་ལྡན་པའི་དོན་ཉིད་ཀྱིས་ནི་འདིར་འཇུག་པ་རིགས་པ་མ་ཡིན་ཏེ་ཞེས་སོ། །བཞི་པ་དུས་གང་གི་ཚེ་དུས་དྲན་བྱ་བ་ནི། མེ་ལ་རེག་པར་འདོད་པའམ། གནང་དུས་སུ་བྱིན་ལེན་མ་བྱས་པར་ཟ་བར་འདོད་པ་ལྟ་བུ། བྱ་བ་དེ་ལ་འཇུག་པའི་སྔ་རོལ་དུ་རྩོམ་པ་ན་ཞེས་གསུངས་སོ། །ལྔ་པ་ཡུན་ཇི་སྲིད་དུས་དྲན་བྱ་བ་ནི། ཉིན་ཞག་གཅིག་གི་ཁོངས་སུ་གཏོགས་པའི་ཡུན་རིང་དུ་སྟེ། ལུང་རྣམ་འབྱེད་ལས། ཡང་ཡང་དུ་བརྗེད་ངས་པས་མེ་ལ་རེག་པས་འགྱོད་པ་སྐྱེ་བའི་སྐབས་ལས་དུས་ཡུན་རིང་དུ་བྱིན་གྱིས་བརླབས་པར་བྱའོ་ཞེས་པ་དང་། ལུང་མའི་དགེ་སློང་མའི་ལུང་རྣམ་འབྱེད་ལས། ཇི་ཙམ་དགོས་པ་མ་རྫོགས་ཀྱི་བར་དུ་དུས་རིང་པོར་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་སོ། །དྲུག་པ་ཚུལ་ཇི་ལྟར་དུས་དྲན་བྱ་བ་ལ་གཉིས་ཏེ། དགག་བྱ་ཉེས་དམིགས་འགེགས་པའི་དུས་དྲན་དང་། བརྒྱུད་པའི་རྒྱུར་འགྲོ་འགེགས་པའི་དུས་དྲན་ནོ། །དང་པོ་ལ་གསུམ་ལས། ནང་སེམས་ཅན་ལ་ཆགས་པའི་དགག་བྱ་ཉེས་དམིགས་འགེགས་པ་ནི། བུད་མེད་ཆུས་ཁྱེར་བ་འཛིན་པ་ན་མ་དང་སྲིང་མོའི་འདུ་ཤེས་ཉེ་བར་བཞག་པར་གསུངས་པ་ལྟ་བུའོ། །ཕྱི་ལོངས་སྤྱོད་ལ་ཆགས་པའི་དགག་བྱའི་ཉེས་(༡༢༧ན)


K8Z003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་འགེགས་པ་ནི། ཆོས་འཆད་པ་པོ་རིན་པོ་ཆེའི་ཁྲི་ལ་འདུག་པ་ན་མི་རྟག་པས་ཉེན་པར་འགྱུར་བ་ཡིད་ལ་བྱ་བར་གསུངས་པ་ལྟ་བུའོ། །ཞེ་སྡང་གི་དགག་བྱ་ཉེས་དམིགས་འགེགས་པ་ནི། ཉེས་པ་གླེང་བ་དང་དྲན་པར་བྱེད་པ་ནི་བྱམས་པའི་སེམས་ཉེ་བར་བཞག་པ་སྟེ། དྲན་པ་དང་ཤེས་བཞིན་ཉེ་བར་མ་བཞག་པས་མི་བྱའོ་ཞེས་གསུངས་པའི་གནད་ཀྱིས་ཤེས་སོ། །གཉིས་པ་བརྒྱུད་པའི་རྒྱུར་འགྲོ་འགེགས་པའི་དུས་དྲན་ནི། དགེ་སློང་གིས་མེ་ལ་རེག་པ་ན། སྤྱིར་དགེ་སློང་གིས་མེ་ལ་རེག་པ་བཀག་ཀྱང་ཆོས་ལྡན་གྱི་བྱ་བ་འདི་ལ་མེ་ལ་རེག་ཏུ་གནང་ངོ་སྙམ་དུ་སེམས་ཀྱིས་བརྟག་པར་བྱ་བ་ལྟ་བུའོ། །བདུན་པ་དུས་དྲན་འཇིག་པའི་རྒྱུ་ནི། རྟེན་བབས་པ་དང་། བྱ་བ་ཆོས་མི་ལྡན་དུ་གྱུར་པ་དང་། ཚོན་གྱི་ལས་ལྟ་བུ་བྱ་བ་མ་ཟིན་གྱི་བར་དུ་བྱིན་གྱིས་བརླབས་པ་ལ་བྱ་བ་ཟིན་པ་དང་། ཞག་འདས་པས་ཀྱང་སྟེ་དགེ་སློང་མའི་འདུན་པ་ཞག་ལོན་པའི་གནད་ཀྱིས་ཤེས་སོ། །གཉིས་པ་ནི། དུས་བྱིན་གྱིས་བརླབ་པར་སྔར་བྱས་ཏེ་མེ་ལ་རེག་པར་བྱའོ་ཞེས་ལུང་ལས་གསུངས་པས། དུས་བྱིན་གྱིས་བརླབ་པ་ནི། སྟོན་པ་དང་ཆོས་དང་དགེ་འདུན་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཆོས་དང་ལྡན་པའི་བྱ་བའི་དོན་ཉིད་དང་། ལྷུང་བཟེད་དང་ཚོན་གྱི་ལས་ལ་ཡིད་ཀྱིས་བརྟག་པ་ནི་བྱིན་གྱིས་བརླབ་པ་ཡིན་ནོ། །ཞག་གཅིག་གི་ཁོངས་སུ་གཏོགས་པའི་དུས་ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ། །གསུམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་མེ་ལ་རྩེ་ཞིང་རེག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དགེ་སློང་གིས་ཟས་ཀྱི་གཡོས་བྱེད་པ་ལ་སོགས་པ་ལ་ཞུགས་ན་རྣམ་པར་གཡེང་ཞིང་། དོན་(༡༢༧བ)


K8Z003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱ་བ་མང་བ་སྟེ། དེའི་མཐའ་དགག་པའི་ཕྱིར་མེ་རེག་བཀག་པ་སྟེ་རྗེན་འཚེད་བཀག་པ་བཞིན་ནོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བུད་ཤིང་གི་ཡུལ་ཅན་མེ་ཡོངས་སུ་རྫོགས་པ་ལ་དུས་དྲན་མ་བྱས་པར་རེག་གམ། རེག་ཏུ་བཅུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་རེག་པའི་ཡུལ་དང་། གང་གིས་རེག་པའི་རྟེན་ནོ། །དང་པོ་ལ་ལྔ་ལས། འཇིག་རྟེན་ལ་གྲགས་པའི་མེ་ཡིན་པ་སྟེ་མེས་སོ་ཞེས་སོ། །བུད་ཤིང་གི་ཡུལ་ཅན་ཡིན་པ་སྟེ། སྐྲ་དང་། སྤུ་དང་། རུས་པ་དང་། སེན་མོ་སྟེ་ཞེས་ཏེ་དེ་རྣམས་མེར་བསྲེགས་ཀྱང་ན་སྨད་དུ་གསུངས་པས་སོ། །མེ་ཡོངས་སུ་རྫོགས་པ་ཡིན་པ་སྟེ། མེ་མར་མུར་ནི་ཕྱེད་ཤི་བ་ཉིད་དོ་ཞེས་གསུངས་པས་སོ། །མེའི་རྡུལ་ལྟ་བུ་མ་ཡིན་གྱི། མེ་ལ་རེག་གོ་ཞེས་ཐ་སྙད་དུ་བྱར་རུང་གི་ཚད་དང་ལྡན་པ་སྟེ་དགག་བྱའི་གནད་ཀྱིས་ཤེས་སོ། །མི་མ་ཡིན་གྱི་མེ་ལས་གཞན་ཡིན་པ་སྟེ། སེལ་བ་ནི་འདྲེ་མེ་ལ་སོགས་པ་མི་མ་ཡིན་པའི་མེ་ལ་རེག་ན་ཉེས་བྱས་ཏེ། ལུང་ཞུ་བ་ལས། ལྷའི་རིན་པོ་ཆེ་ལ་རེག་ན་ཉེས་བྱས་སུ་གསུངས་པའི་གནད་ཀྱིས་སྦྱར་རོ། །གཉིས་པ་གང་གིས་རེག་པའི་རྟེན་ནི། དུས་བྱིན་གྱིས་བརླབ་པ་མ་ཡིན་པ་དང་། ནད་པ་མ་ཡིན་པ་སྟེ་དུས་བྱིན་གྱིས་མ་བརླབ་པའི་དགེ་སློང་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་མེ་ལ་རེག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་རེག་པར་ཞུགས་པའོ། །མཐར་ཐུག་ནི་རེག་པ་རྫོགས་པའོ། །གཉིས་པ་ནི། ཅི་ཞིག་བྱས་ན་ལྟུང་བྱེད་དུ་འགྱུར་ཞེ་ན། མེས་རྩེ་བ་ཉིད་ན་ལྟུང་བྱེད་དུ་འགྱུར་(༡༢༨ན)


K8Z003_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །འདིར་རྒྱང་ཆེན་ན་རེ། མེ་རེག་གི་ལྟུང་བྱེད་སྐྱེ་བ་ལ་རྩེ་བ་ཡན་ལག་ཏུ་དགོས་ཏེ། བམ་པོ་ལྔ་བཅུ་པ་ལས། འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མེ་ཉིད་དང་། མེས་རྩེ་བ་ཉིད་དང་། དུས་བྱིན་གྱིས་མ་བརླབ་པ་ཉིད་དང་། ན་བ་མ་ཡིན་པ་དང་། རང་ངམ་བསྒོ་བས་རེག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཞེས་བཤད་དོ་ཞེ་ན། རྩེ་བ་ཡན་ལག་ཏུ་བཤད་པ་དེའི་རྗེས་སུ་མི་འབྲང་སྟེ། སོ་སོར་ཐར་པ་དང་། ལུང་རྣམ་འབྱེད་ལས། མེ་ལ་རེག་གམ་རེག་ཏུ་འཇུག་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང་། འདི་ཉིད་ལས། སྤར་བ་དང་གསོད་པ་དང་རེག་པ་དང་ཞེས་གསུངས་པས་སོ། །བམ་པོ་ལྔ་བཅུ་པ་ལས་ཀྱང་། རྩེ་བ་འབའ་ཞིག་ལས་ལྟུང་བ་འདིར་འགྱུར་རམ་ཞེ་ན། དེ་འབའ་ཞིག་ཏུ་མ་ཟད་དེ། མེ་ལ་རེག་པར་བྱེད་པ་དག་ལ་ཡང་ན་སྨད་པ་མེད་དོ་ཞེས་བཤད་དོ། །རྩེ་བ་ཉིད་ནའོ་ཞེས་འདིར་གསུངས་པ་ནི་གླེང་གཞིའི་དབང་གིས་མཚོན་པ་སྟེ། གྲུར་འགྲོ་བ་ལ་མདོ་རྩ་བ་ལས། འཐམས་ནས་ཞེས་གསུངས་པ་བཞིན་ནོ། །གཞན་ཡང་སྐབས་འདིར། ཀ་ལྱཱ་ན་མི་ཏྲ་ན་རེ། མེ་རེག་གི་ལྟུང་བྱེད་བསྐྱེད་པ་ལ་རང་དོན་ཡན་ལག་ཏུ་དགོས་ཞེས་ཟེར་རོ། །དེའང་ཉིད་ཀྱིས་མཛད་པའི་དྲི་བ་རྒྱ་ཆེར་འགྲེལ་ལས། བདག་གི་ཕྱིར་མེ་ལ་རེག་གམ། རེག་ཏུ་འཇུག་ན་ལྟུང་བྱེད་དོ། །གཞན་གྱི་ཆེད་དུ་ནི་ཉེས་བྱས་སོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ་ཞེས་བཤད་དོ་ཞེས་མདོ་རྩ་བ་ཁུངས་སུ་དྲངས་སོ། །ལུང་ཁུངས་གཞན་ཡང་། སོ་སོར་ཐར་པ་ལས། ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ། རེག་ཏུ་འཇུག་ན་ལྟུང་བྱེད་དོ། །ཞེས་(༡༢༨བ)


K8Z003_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ལ། དེའི་སྐབས་ཀྱི་ལུང་དགེ་སློང་ཕའི་རྣམ་འབྱེད་ལས། བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཆེད་དུའོ་ཞེས་གསུངས་སོ། །མེ་རེག་གི་སྐབས་ཀྱི་ལུང་ཞུ་བ་ལས་ཀྱང་། བདག་གི་སླད་དུ་ཞུགས་བུས་སམ་འབུད་དུ་བསྩལ་ན་ཅིར་འགྱུར། ལྟུང་བར་འགྱུར་རོ། །དགེ་སློང་གིས་གཞན་གྱི་སླད་དུ་ཞུགས་འབུད་དུ་བསྩལ་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་སོ། །འོན་ཀྱང་བདག་ཉིད་ཀྱི་ཕྱིར་ཞེས་ལུང་ལས་གསུངས་པ་དེ་དག་ཐམས་ཅད་མཚོན་བྱེད་ཡིན་གྱི། རང་དོན་ངེས་བཟུང་གི་ཡན་ལག་མ་ཡིན་ཏེ། གཞན་དོན་དུ་མེ་ལ་རེག་ན་ཡང་ལྟུང་བྱེད་དུ་འགྱུར་བའི་ཕྱིར་ཏེ། མའི་དགེ་སློང་མའི་ལུང་རྣམ་འབྱེད་ལས། མཁན་པོའི་ཕྱིར་ཡང་དུས་བྱིན་གྱིས་མ་བརླབས་པར་མེ་ལ་རེག་ན་ལྟུང་བྱེད་དོ། །ཞེས་པ་དེ་གཙོ་བོར་བཟུང་ངོ་། །ཞུ་བ་ལས། གཞན་གྱི་དོན་དུ་ཉེས་བྱས་སུ་གསུངས་པ་དེ་ཡང་སྦྱོར་བའི་གནས་སྐབས་ཀྱི་ཉེས་བྱས་ལ་དགོངས་པའོ་ཞེས་རིགས་སོ། །རྣམ་པ་གང་གིས་རྩེ་ན་ལྟུང་བྱེད་དུ་འགྱུར་ཞེ་ན། ཤིང་བུ་མེ་སྦར་ཏེ་གཅིག་གི་ལག་ནས་གཅིག་གི་ལག་ཏུ་བཞག་པ་ལ་ཐོང་ཞིག་ཅེས་གཞན་ལ་གཏོང་བས་འགལ་མེ་ལ་ཟླ་བ་དང་ཉི་མའི་དབྱིབས་ལྟ་བུ་བྱེད་པ་དང་། འགལ་མེའི་འཁོར་ལོ་ལ་སོགས་པ་བྱས་པས་སོ། །ཅི་ཞིག་གིས་རྩེ་ན་མེས་སོ། །རྩེ་བ་ཁོ་ནས་མིན་ཏེ་མེ་རེག་གནང་བའི་དུས་བྱིན་གྱིས་མ་བརླབས་པའི་དགེ་སློང་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པ་ལ་མེས་རེག་ན་ལྟུང་བྱེད་དོ། །ཇི་ལྟར་རེག་ན་རང་ངམ་བསྒོ་བས་སོ། །རྩེ་བ་ཁོ་ནས་སམ་ཞེ་ན། སྤར་བ་དང་། གསོད་པ་དང་། རེག་པ་དང་། མ་རེག་པའི་བུད་ཤིང་མེའི་ནང་དུ་བསྐུལ་བ་དང་། མེ་དང་བཅས་པ་དང་། བུད་ཤིང་ཕྱིར་འདྲེན་པ་དང་། མདག་མ་སྦུང་བ་དང་། མདག་མ་འབྲུ་བ་དག་ལའོ། །མེ་མར་མུར་ནི་ཕྱེད་ཤི་བ་ཉིད་(༡༢༩ན)


K8Z003_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་རེག་ན་ཉེས་བྱས་སོ། །མེ་ལྕེ་དག་ཀྱང་ཕྱེད་ཤི་བས་ཉེས་བྱས་སོ། །མེ་མུར་དང་། མེ་ལྕེ་དེར་བུད་ཤིང་འཇུག་པ་དང་འབྱིན་པ་ནི་ཕྱེད་ཤི་བ་ཉིད་ལས་གཞན་མེ་ཡོངས་སུ་རྫོགས་པ་ཅན་གྱི་ཉེས་པ་ཡིན་ནོ། །ཊཱི་ཀར། དེ་ལྟ་བས་ན་མེ་མར་མུར་དང་མེ་ལྕེ་དག་ཏུ་བུད་ཤིང་འཇུག་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་སོ། །སྐྲ་དང་། སྤུ་དང་། རུས་པ་དང་། སེན་མོ་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། མོན་སྲན་སྡེའུ་བལ་སྲན་དང་། མོན་སྲན་གྲེའུ་རྒྱ་སྲན་དང་། ཏིལ་དང་འབྲུ་མར་དང་། སྦྲང་རྩི་དང་མར་དག་ནི་བུད་ཤིང་གི་ཕྱེད་ཉིད་དེ་ཉེས་བྱས་སོ། །སྨོས་པ་འདི་དག་དཔེ་ཙམ་སྟེ་རས་བལ་སོགས་ཀྱང་བསྡུས་སོ། །སྐྲ་ལ་སོགས་པ་འཇུག་པའི་ཉེས་བྱས་སྦྱོར་བའི་སེལ་བ་ཡིན་ཏེ། རེག་པ་དང་རེག་ཏུ་འཇུག་པ་གཉིས་ཀྱིས་བཅུག་པ་མེད་པའི་ཕྱིར་ཞེས་དུལ་ལྷས་འདོད་ཀྱང་། གཞིའི་སེལ་བ་སྟེ་བུད་ཤིང་གི་སེལ་བ་ཡིན་པ་འདི་དབང་བཙན་ནོ། །བཞི་པ་ནི། མཁན་པོ་ལ་སོགས་པ་གཞན་གྱི་བྱ་བ་སློབ་དཔོན་སོགས་གཞན་ལ་བྱིན་གྱིས་རློབ་པ་ནི་ཕྱེད་བྱིན་གྱིས་བརླབ་པ་ཡིན་ནོ། །ཞེས་པ་འདི་ལ་དུས་བྱིན་གྱིས་བརླབ་པ་ནི་འཆགས་ཏེ། འདི་ཉིད་ལས། ནན་ཏུར་གྱི་རྒྱུ་གཞན་ལ་དེའི་དོན་དུ་བསམ་པས་གཞན་བྱེད་པ་ནི་འཆགས་ཞེས་གསུངས་པ་དང་མཚུངས་སོ། །འདི་ལ་དུས་བྱིན་བརླབ་འཆགས་པས་མེ་རེག་གི་ལྟུང་བ་མི་བསྐྱེད་ཀྱང་། འདིར་ཉེས་བྱས་སུ་གསུངས་པ་ནི་ལོག་པར་བྱིན་གྱིས་རློབ་པ་དེ་མི་རིགས་པའི་བསླབ་བྱའི་ཉེས་བྱས་སོ། །མེ་ལ་རེག་པའི་ལྟུང་བྱེད་དོ། །། །གསུམ་པ་འདུན་པ་ཕྱིར་བསྒྱུར་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དགའ་བོས་དགེ་འདུན་(༡༢༩བ)


K8Z003_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདུན་པ་ཕུལ་ནས་ཕྱིར་བསྒྱུར་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་མཚན་ཉིད་དང་ལྡན་པས་བསྒྲུབ་བྱ་དགེ་སློང་སྒྲུབ་པ་ལ་རང་གིས་འདུན་པ་ཕུལ་ནས། ལས་དེ་བྱས་ཟིན་པའི་དུས་ན་རང་གིས་ཕུལ་བའི་འདུན་པ་ཕྱིར་བསྒྱུར་བའི་ཚིག་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་ལྔ་སྟེ། གང་ལ་འདུན་པ་འབུལ་བའི་ཡུལ་དང་། གང་གིས་འདུན་པ་འབུལ་བའི་ལས་དང་། གང་ཕྱིར་བསྒྱུར་བའི་དངོས་པོ་དང་། གང་གི་ཚེ་སྒྱུར་བའི་དུས་དང་། ཕྱིར་བསྒྱུར་གྱི་ཚིག་དེ་གང་ལ་སྨྲ་བའི་ཡུལ་ལོ། །དང་པོ་ནི། དགེ་འདུན་མཚན་ཉིད་དང་ལྡན་པ་ཡིན་པ་སྟེ། ལས་བྱས་པ་ལ་འདུན་པ་ཕུལ་ཞེས་གསུངས་པའི་ཤུགས་ཀྱིས་སོ། །གཉིས་པ་ལ་གསུམ་ལས། དགེ་འདུན་དང་འབྲེལ་བའི་ལས་ཀྱི་ཆོ་ག་ཡིན་པ་སྟེ། ལས་བྱས་པ་ལ་ཞེས་གསུངས་པས་སོ། །བསྒྲུབ་བྱ་དགེ་སློང་ལ་སྒྲུབ་པ་སྟེ། དགེ་སློང་གིས་དོན་གྱི་ཆེད་ཀྱི་ལས་ཞེས་སོ། །སེལ་བ་ནི་བམ་པོ་ལྔ་བཅུ་པ་ལས། དགེ་སློང་གི་དོན་ཆེད་མ་ཡིན་པའི་ལས་གཞན་ལ་ཉེས་བྱས་སོ་ཞེས་སོ། །ལས་ཆོས་དང་ལྡན་པ་སྟེ། ལུང་རྣམ་འབྱེད་ལས། ལས་ཆོས་དང་ལྡན་པ་ལའོ་ཞེས་སོ། །གསུམ་པ་ནི། རང་གིས་འདུན་པ་ཕུལ་བ་ཡིན་པ་སྟེ། འདུན་པ་ཕུལ་བ་ཕྱིར་བསྒྱུར་ཞེས་གསུངས་པས་སོ། །བཞི་པ་ནི། ལས་དེ་བྱས་ཟིན་པ་ན་སྟེ་ཕྱིར་བསྒྱུར་ཞེས་པའི་ཚིག་ཟུར་གྱིས་ཤེས་སོ། །ཞེས་གསུངས་སོ། །ལྔ་པ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ལས་དེ་ལ་གཏོགས་པ་སྟེ། དེ་ལས་གཞན་དུ་ལས་དེ་ལ་གཏན་ནས་མ་གཏོགས་པའི་དགེ་སློང་གློ་བུར་(༡༣༠ན)


K8Z003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱམས་པོ་ལ་འདུན་པ་ཕྱིར་བསྒྱུར་གྱི་ཚིག་སྨྲ་ན་དགག་བྱ་མི་རྫོགས་པའི་ཕྱིར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་འདུན་པ་ཕྱིར་བསྒྱུར་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འདུན་པ་ཕྱིར་བསྒྱུར་བའི་ཚིག་སྨྲ་བར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །གཉིས་པ་ནི། གང་བྱས་ན་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ལས་བྱ་བའི་ཡུལ་དགེ་སློང་གི་དོན་གྱི་ཆེད་ཀྱི་གསོལ་བ་འབའ་ཞིག་ལ་སོགས་པའི་ལས་བྱས་པ་ཟིན་པ་ལ་རང་གིས་སྔར་འདུན་པ་ཕུལ་ཟིན་པ་དེ་ཕྱིར་བསྒྱུར་བའི་ཕྱིར་སྨྲས་ནའོ། །ཊཱི་ཀ་ལས། འདུན་པ་སླར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ཞིང་ཕྱིར་འཕྲོག་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་སོ། །འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དོ། །། །བཞི་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་ལ། བསླབ་བྱའི་ཁྱད་པར་དོན་གཞན་བསྟན། །སྤྱོད་ལམ་དུས་ཀྱི་སེལ་བ་བརྗོད། །གནས་འགྱུར་རྣམས་ཀྱི་ཐུན་མོང་བསྟན། །དངོས་གཞི་ན་སྨད་བཅས་ཏེ་བརྗོད། །ལྟུང་མེད་བསླབ་བྱ་བསྟན་པའོ། །དང་པོ་ནི། ཟླ་བ་དང་ཉི་མ་མ་གཏོགས་པའི་སྣང་བ་དང་བཅས་པའི་གནས་ཀྱི་ཕྱོགས་སུ་ཉལ་བར་མི་བྱའོ། །དེར་ཉལ་ན་མཚན་མོའི་མཐར་ནི་དངོས་གཞིར་འགྱུར་བའི་ཉེས་བྱས་སོ། །སྣང་བཅས་སུ་ཉལ་བ་འདི་ལ་ཁ་ཅིག་གླེང་གཞི་ལས་བྱུང་བ་བཞིན་དུ་དངོས་པོར་མར་མེའི་སྣང་བ་དང་། གནས་གཙུག་ལག་ཁང་དང་། དུས་མཚན་མོ་དང་། གྲོགས་ཁྱིམ་པ་ཡོད་པ་དང་བཞི་ཡན་ལག་ཏུ་དགོས་ཞེས་ཟེར་བ་ནི་མི་རིགས་ཏེ། བཞི་ཚོགས་པ་དང་སྣང་བཅས་རྐྱང་པ་ལ་ལོངས་སྤྱོད་(༡༣༠བ)


K8Z003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བའི་དགག་བྱ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཉི་ཟླ་ནི་སྤྱི་མཐུན་གྱི་བསོད་ནམས་ལས་བྱུང་བ་ཡིན་པས་དགག་བྱ་མེད་ལ། སྣང་བ་དང་བཅས་པ་སྟེ་མར་མེ་དང་རིན་པོ་ཆེའི་འོད་དང་སྨན་ལ་སོགས་པ་རྫས་གཞན་གྱི་འོད་ཀྱི་སྣང་བ་དང་བཅས་པའི་ཕྱོགས་སུ་ཉལ་བར་མི་བྱ་སྟེ། ལོངས་སྤྱོད་འཕེལ་བའི་དགག་བྱ་ཡོད་པའི་ཕྱིར། འདི་ནི་ལོངས་སྤྱོད་ཅན་གྱི་ཡོ་ལང་སྤང་བའི་ཕྱིར་ཡིན་གྱི། བལྟ་བའི་ཕྱིར་བཀག་པ་ནི་མ་ཡིན་ནོ་ཞེས་ཊཱི་ཀ་ལས་བཤད་དོ། །འདིར་གླེང་གཞི་གཙོ་བོ་ལ་མ་ཡིན་ཏེ་ཞེས་རང་འགྲེལ་ལས་བཤད་དོ། །དམིགས་ཀྱིས་བསལ་བ་ནི། ནད་པ་དང་ནད་གཡོག་གི་དབང་ཉིད་ནི་སྣང་བ་དང་བཅས་པ་དེར་ཉལ་བ་ནི་ཉེས་པར་འགྱུར་བ་ལ་མ་གཏོགས་སོ། །སྣང་བ་དང་བཅས་པར་ཉལ་བ་འདི་ལ་ཁ་ཅིག་ནི་ལྟུང་བྱེད་བསྐྱེད་ཅེས་སྨྲའོ། །དེ་དགག་པ་ནི། རང་གི་རྣམ་བཤད་ལས། འདི་ལ་ལྟུང་བྱེད་རྣམས་མི་རིགས་པས་ཞེས་སོ། །འགྲེལ་ཆུང་ལས། ལྟུང་བྱེད་དགུ་བཅུ་རྩ་གཅིག་ཏུ་མི་འབྱུང་བས་ལྟུང་བྱེད་མ་ཡིན་གྱི། ཉེས་བྱས་སོ་ཞེས་བཤད་དོ། །དེ་ཐལ་འགྱུར་དུ་བཀོད་ན། ཁྱོད་ལྟར་ན་ལྟུང་བྱེད་འབའ་ཞིག་པ་གོ་གཅིག་ཡོད་པར་ཐལ། སྡོམ་གྱིས་བསྡུས་པའི་ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་སྟེང་དུ་སྣང་བ་དང་བཅས་པར་ཉལ་བ་འདི་ལ་ལྟུང་བྱེད་བསྐྱེད་པའི་ཕྱིར་ཞེས་པའོ། །འོན་ཀྱང་དཔེ་མི་ཁེགས་ཏེ། སྡོམ་གྱིས་བསྡུས་པ་གོ་གཅིག་ཡོད་པར་ཐལ་ཟེར་རམ། ངོ་བོ་དགུ་བཅུ་གོ་གཅིག་ཡོད་པར་ཐལ་ཟེར། སྔ་མ་ལྟར་ན་མ་ངེས་ལ། ཕྱི་མ་ལྟར་ན་འདོད་པ་ཡིན་ཏེ། ལྟུང་བྱེད་འབའ་ཞིག་པ་སྡོམ་གྱིས་བསྡུས་པའི་ཆ་ནས་དགུ་བཅུར་གྲངས་ངེས་ཀྱང་ལྟུང་བྱེད་ཀྱི་ངོ་བོའི་ཆ་ནས་དགུ་བཅུའི་གྲངས་ངེས་མེད་དེ། སྔ་མ་གཅིག་གིས་བསྡུས་ཀྱང་(༡༣༡ན)


K8Z003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་སྐྱེ་འཇིག་གི་ལྟུང་བྱེད་གཉིས་ཡོད་པ་བཞིན་ནོ། །འོ་ན་དགག་པ་ཇི་ལྟར་བྱ་ཞེ་ན། འདི་ལ་དངོས་བཅས་ལས་འདས་པའི་ལྟུང་བྱེད་བསྐྱེད་དམ། མདོར་བསྡུས་ལས་འདས་པའི་ལྟུང་བྱེད་བསྐྱེད། དང་པོ་ལྟར་ན་མར་མེ་ལ་སོགས་པའི་སྣང་བ་དང་བཅས་པར་ཉལ་བ་འདི་ལྟུང་བྱེད་དུ་ལུང་ལས་དངོས་སུ་གསུངས་པ་མེད་ཅིང་། ཕྱི་མ་ལྟར་ན་ནུབ་ལྷག་པར་ཉལ་བ་དང་། མར་མེ་ལ་སོགས་པའི་འོད་ལ་ཉལ་བ་ཆོས་ཅན། ལྟུང་བྱེད་ཀྱི་བཅས་པའི་དོད་མི་ཐུབ་པར་ཐལ། དགག་བྱའི་རྒྱུ་མཚན་དོད་མི་ཐུབ་པའི་ཕྱིར་ཏེ། ནུབ་ལྷག་གི་དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་དང་རྒོད་བག་འཕེལ་བ་གཉིས་ཀ་ཡིན་ལ། སྣང་བ་དང་བཅས་པ་ཉལ་བ་ནི་ལོངས་སྤྱོད་འཕེལ་བ་འབའ་ཞིག་ཡིན་པའི་ཕྱིར། གཞན་ཡང་ཁ་ཅིག་འདི་སྙམ་དུ། ནུབ་ལྷག་པར་ཉལ་བའི་ལྟུང་བྱེད་བསྐྱེད་པ་ལ་མར་མེ་ལ་སོགས་སྣང་བ་དང་བཅས་པ་ཡན་ལག་ཏུ་དགོས་ཏེ། རྣམ་འབྱེད་ལས། དགེ་སློང་གིས་སྣང་བ་དང་བཅས་པའི་ཁྱིམ་དུ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བར་མི་བྱའོ། །ཉལ་ན་ལྟུང་བྱེད་བསྐྱེད་དོ་ཞེས་གསུངས་སོ་ཞེ་ན། དེ་ལ་ཆོས་ཀྱི་བཤེས་གཉེན་གྱིས་དགག་པ་འདི་ལྟར་དུ་མཛད་དེ། ཊཱི་ཀར། དེར་སྣང་བ་ཞེས་པ་ནི་གླེང་གཞིའི་དབང་གིས་མཛད་དོ། །འདི་ཉིད་ཀྱི་ལུང་རྣམ་འབྱེད་ལས། ཕྱིས་སྣང་བ་མེད་པར་ལྟུང་བྱེད་བཅའ་བར་མཛད་དེ། ཡང་དགེ་སློང་གང་བསྙེན་པར་མ་རྫོགས་པ་དང་ཁྱིམ་པ་གཅིག་གི་ནང་དུ་ནུབ་གཉིས་ལས་ལྷག་པར་ཉལ་ན་ལྟུང་བྱེད་ཅེས་གསུངས་ཀྱི། སྣང་བ་དང་བཅས་པར་ཞེས་ནི་མ་གསུངས་སོ་ཞེས་དགག་པར་མཛད་དོ། །གཞན་ཡང་སྣང་བ་དང་བཅས་པ་ཆོས་ཅན། ནུབ་ལྷག་གི་ལྟུང་བྱེད་ཀྱི་ཡན་ལག་(༡༣༡བ)


K8Z003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པར་ཐལ། ནུབ་ལྷག་པར་ཉལ་བ་དང་བཅས་པའི་རིགས་ཐ་དད་པའི་ཕྱིར་ཏེ། ཊཱི་ཀ་ལས། འདི་གཉིས་ནི་རིགས་གཅིག་པ་ཉིད་མ་ཡིན་ཏེ། ཤིན་ཏུ་ཐ་དད་པའི་ཕྱིར། ཞེས་སོ། །བཅས་རིགས་ཐ་དད་པའི་རྒྱུ་མཚན་ནི་སྣང་བ་དང་བཅས་པར་ཉལ་བའི་ཉེས་པ་ནི་ནུབ་དང་པོ་ལ་བསྐྱེད་པར་བཅས་ལ། ནུབ་ལྷག་པར་ཉལ་བ་ནི་མཚན་མོ་གསུམ་པ་ལ་བསྐྱེད་པར་བཅས་པའི་ཕྱིར་རོ། །གཉིས་པ་ནི། མར་མེ་ལ་སོགས་པའི་སྣང་བ་ལ་ཉལ་བ་དང་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་དང་། སྤུངས་བསྙིལ་དང་། གནས་གཅིག་ཏུ་ཉལ་བ་དང་། བུད་མེད་དང་གནས་གཅིག་ཏུ་ཉལ་བ་སྟེ། དེ་རྣམས་ལ་དགེ་སློང་གློས་ཕབ་སྟེ་ཉལ་བ་མ་ཡིན་པ་འདུག་པའི་སྤྱོད་ལམ་སོགས་ཀྱིས་གཉིད་ལོག་པ་ནི་རང་རང་གི་ཉེས་པའི་ཕྱེད་ཉིད་དོ་སྟེ་ཉེས་བྱས་སོ། །ཉིན་མོ་ཉལ་བ་ནི་མཚན་མོའི་ལྟུང་བ་ལས་ཐ་དད་པ་ཉིད་ཀྱང་ཕྱེད་ཉིད་དོ་ཞེས་སྦྱར་ཏེ། མར་མེ་ལ་སོགས་པའི་སྣང་བ་ལ་ཉིན་མོ་ཉལ་བ་དང་། བསྙེན་པར་མ་རྫོགས་པ་དང་གནས་གཅིག་ཏུ་ཉི་མ་གཉིས་ལས་ལྷག་པར་ཉལ་བ་དང་། སྤུངས་བསྙིལ་དང་གནས་གཅིག་ཏུ་ཉིན་མོ་ཉལ་ན་ཡང་ཉེས་བྱས་ཏེ་མཚན་མོ་ཉལ་བ་ལས་ཉེས་བྱས་ཐ་དད་པའི་ཕྱིར་རོ། །གསུམ་པ་ནི། གནས་གཅིག་ཏུ་ཉལ་ན་ཞེས་འོག་ནས་འབྱུང་ན། གནས་ཀྱི་མཚན་ཉིད་གང་ཞེ་ན། ཕལ་ཆེར་གཡོགས་པ་སྟེ་སུམ་གཉིས་གཡོགས་པ་དང་བཅས་པས་ཕལ་ཆེར་བསྐོར་བ་ནི་གནས་བཞི་པོ་རྣམས་ཀྱི་མ་མཐའ་ཡིན་ནོ་ཞེས་དངོས་སུ་སྨོས་པ་གནས་རྣམ་པ་གསུམ་ཤུགས་ཀྱིས་བསྟན་ཏེ། ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བའོ། །དྲི་གཙང་ཁང་ལྟ་བུའི་གནས་དེའི་སྒོའི་ངོས་དང་། (༡༣༢ན)


K8Z003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་པོ་ཆེ་ལ་སོགས་པས་བར་དུ་མ་ཆོད་པར་གནས་དེའི་སྒོ་ངོས་དང་འབྲེལ་བའི་ཉེ་འཁོར་ཁྱམས་སྟོད་ལྟ་བུ་དེ་གནས་སུ་གྱུར་ཏེ། ཕལ་ཆེར་བསྐོར་ཅིང་གཡོགས་པ་ནི་གནས་དེའི་ཁོངས་སུ་གཏོགས་པ་སྟེ་གནས་གཅིག་པ་ཉིད་དོ། །འདི་ལས་འཕྲོས་པའི་དོན་ཅུང་ཟད་བརྗོད་ན། དབུ་རྩེ་དང་ཁྱམས་སྟོད་ལྟ་བུ་ལ་ནི་གནས་གཅིག་པའི་ཆོས་ལྔ་ཚང་ན་གནས་གཅིག་པ་སྟེ། དབུ་རྩེ་ལྟ་བུ་དེའི་སྒོ་ངོས་དང་འབྲེལ་བ་དང་། ཉེ་འཁོར་གནས་སུ་གྱུར་པ་དང་གཉིས་ཀ་གནས་ཀྱི་མཚན་ཉིད་དུ་གྲུབ་པ་དང་། ཉེ་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱིས་བར་དུ་མ་ཆོད་པ་དང་། སྒོ་རང་གི་ཕྱོགས་སུ་མ་བཅད་པ་དང་ལྔའོ། །དང་པོ་ནི། དེའི་སྒོ་ངོས་དང་འབྲེལ་བ་ཞེས་སོ། །སེལ་བ་ནི་དབུ་རྩེའི་སྐོར་ཁང་རྒྱབ་ངོས་སུ་བསྟན་པ་ལྟ་བུ་སྟེ། དབུ་རྩེ་དེའི་སྒོ་ངོས་དང་མ་འབྲེལ་བ་ནི་ལྟུང་བ་མེད་དོ། །དེའི་ཕྱིར་དེའི་སྒོ་ངོས་དང་མ་འབྲེལ་ན་ནི་དབུ་རྩེར་དགེ་སློང་ཉལ་ཞིང་ཁྱམས་སྟོད་དུ་དགེ་ཚུལ་ཉལ་བ་ལ་ལྟུང་བ་མེད་དེ། དགག་བྱ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཉེ་འཁོར་གནས་སུ་གྱུར་པ་ནི་དེའི་ཁོངས་སུ་གཏོགས་པ་ཞེས་སོ། །སེལ་བ་ནི་དབུ་རྩེའི་སྒོ་དྲུང་ཉེ་འཁོར་འདོམ་གང་སྟེང་གཡོགས་མེད་ཅིང་མ་བསྐོར་བ་ལམ་སྲང་ལྟ་བུ་ཡིན་ན། དགེ་སློང་དབུ་རྩེར་ཉལ་ཞིང་དགེ་ཚུལ་ཁྱམས་སྟོད་དུ་ཉལ་ན་དགེ་སློང་ལ་ཉེས་བྱས་སུ་འགྱུར་ལ། དབུ་རྩེའི་ཉེ་འཁོར་དུ་དགེ་ཚུལ་ཉལ་ནའང་དགེ་སློང་ལ་ཉེས་བྱས་སུ་འགྱུར་ཏེ། གཞན་གནས་མ་ཡིན་པ་ཉིད་ལ་ནི་ན་སྨད་དོ་ཞེས་སོ། །གསུམ་པ་ནི། ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་གནས་ཀྱི་མཐའ་ཡིན་ཅེས་སོ། །སེལ་བ་ནི་དབུ་རྩེ་དང་ཁྱམས་སྟོད་ལྟ་བུ་ནི་གཉིས་ཀ་གནས་ཀྱི་མཚན་ཉིད་(༡༣༢བ)


K8Z003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྲུབ་པ་མ་ཚང་སྟེ། གནས་དེ་གཉིས་གང་རུང་རེ་རེ་སྟེང་གཡོགས་མེད་ན་ཡང་དེར་ནུབ་ལྷག་པར་ཉལ་ན་ཉེས་བྱས་སུ་འགྱུར་རོ། །བཞི་པ་ནི་ཉེ་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱིས་ཞེས་སོ། །སེལ་བ་ལ་ཁྲུ་ཕྱེད་དང་དགུས་བར་དུ་བཅད་པ་ལ་ལྟུང་བ་མེད་དོ། །ལྔ་པ་ནི། རང་གི་ཆར་གཏོགས་པའི་སྒོ་མ་བཅད་པས་ཞེས་རང་དགེ་སློང་གི་ཕྱོགས་སུ་བཅད་ན་ལྟུང་མེད་དུ་གསུངས་སོ། །སྟེང་ཁང་དང་འོག་ཁང་ཁྱེར་གཞན་པ་ཡིན་ལ། ཁྱེར་གཞན་གྱིས་བར་དུ་མ་ཆོད་པ་སྒོ་དེ་དང་འབྲེལ་བ། ཁྱེར་གཞན་དེ་ཡང་གནས་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ་ཞེས་གོང་དུ་བསྙེགས་སོ། །ཁྱེར་གཞན་གྱིས་བར་དུ་ཆོད་པ་ནི་དེའི་ཁོངས་སུ་གཏོགས་པ་ཉིད་མ་ཡིན་ནོ་ཞེས་སོ། །གནས་ཆེན་པོ་གཅིག་གིས་སྟེང་གཡོགས་གཅིག་གིས་བཀབ་པ་དེའི་ནང་གི་གྲྭ་གཉིས་ན་བསྙེན་པར་རྫོགས་པ་དང་མ་རྫོགས་པ་གྲྭ་རེ་རེར་ཉལ་ན། དེ་གཉིས་ཀྱི་བར་ན་ཉེ་འཁོར་འདོམ་གང་ཙམ་དང་བཅས་པ་ལས་སྤྱོད་ལམ་བཞི་ཤོང་བའི་གནས་ཁང་གི་ཚད་ཙམ་གྱི་ཁྱོན་གྱི་ཕ་རོལ་ན་བསྙེན་པར་མ་རྫོགས་པ་དང་ཐ་དད་པར་གྱུར་ཅིང་གནས་པ་ནི་གནས་གཅིག་པ་མ་ཡིན་ཏེ། ནུབ་ལྷག་གི་ལྟུང་བ་བསྐྱེད་པ་མ་ཡིན་ནོ། །དགེ་སློང་དང་བསྙེན་པར་མ་རྫོགས་པ་ཉལ་བའི་ཕྱོགས་དེ་ཤིང་ལྗོན་པའི་དྲུང་དང་། རྩིག་པའི་བར་དང་། ནགས་གཞོན་ནུའི་ཚང་ཚིང་གི་དྲུང་ནི་དཔེ་ཙམ་དུ་ཟད་དེ། མ་བསྐོར་བ་དང་། མ་བཀག་པ་དང་། བསྐོར་བའི་སྣ་མ་ཕྲད་པ་དང་། བྱ་སྐྱིབས་ལ་སོགས་པ་དག་ནི་གནས་ཀྱི་ཕྱེད་ཉིད་དེ་ཉེས་བྱས་སུ་འགྱུར་བ་ཉིད་དོ། །དེ་ལ་གནས་གཅིག་ཏུ་ཉལ་བའི་ལྟུང་བྱེད་དུ་མི་འགྱུར་བ་ནི་གནས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་མདོ་འོག་མ་ལ་ཡང་སྦྱར་(༡༣༣ན)


K8Z003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །རྩྭའི་ནགས་འཐིབས་པོ་དང་བཅས་པ་ཕྱོགས་ཀུན་ནས་བསྐོར་ལ་སྟེང་མ་གཡོགས་པའམ། ཕྱེད་གཡོགས་པ་དག་ཏུ་བུད་མེད་དང་ལྷན་ཅིག་ཉལ་བ་ལ་ཡང་གནས་ཀྱི་ཕྱེད་ཉིད་དེ་ཉེས་བྱས་འབྱུང་ངོ་། །ཊཱི་ཀར། འདིས་ནི་ཕྱོགས་ཀུན་ནས་བསྐོར་བ་མ་གཡོགས་པ་གཞན་དག་ཀྱང་འཕངས་པར་རིགས་པར་བྱའོ། །ཞེས་སོ། །ཉེ་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་ནི་མ་ཡིན་ནོ་ཞེས་སྔར་བསྟན་པ་དེ་ལ་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར་བུད་མེད་དང་ལྷན་ཅིག་ཉལ་བ་འདི་ལ་ནི་བྱ་གག་འཕུར་ནས་བབས་པའི་ལམ་ནི་འདོམ་དགུ་ཙམ་དུ་ཆོད་པར་གྱུར་པ་ཉིད་ཡིན་ཏེ། གནས་གཅིག་པ་ཉིད་དུ་མི་འགྱུར་རོ་ཞེས་ཊཱི་ཀ་ལས་བཤད་ཅིང་། ཡོན་ཏན་འོད་མར། ཁང་མོ་ཆེ་ཞིག་ཏུ་ཉལ་ནའང་བྱ་གག་འཕུར་བའི་ལམ་ཚུན་ཆད་ལྟུང་བའོ་ཞེས་པ་འདི་ཡན་ཆད་ནི་སྟེང་གཡོགས་གཅིག་གི་ནང་དུ་ཉལ་བས་ནི་ལྟུང་མེད་དུ་ཤུགས་ཀྱིས་བསལ་ཡང་། རིགས་པས་ནི་ཉེས་བྱས་ཙམ་ཞིག་བསྐྱེད་པར་འཐད་ཅེས་རིགས་སོ། །ཁྱེར་གཞན་དུ་མ་ཆོད་པ་ཞེས་པ་ལ་སོགས་པའི་མདོ་ཚིག་ལྔ་པོ་ལས་གླེངས་ཏེ་ཅུང་ཟད་སྤྲོ་ན། སྟེང་ཁང་དང་འོག་ཁང་ལྟ་བུ་ལ་ཡང་གནས་གཅིག་པའི་ཆོས་ལྔ་ཚང་ན་གནས་གཅིག་པ་སྟེ་ཁྱེར་གཞན་ཡིན་ལ། ཁྱེར་གཞན་གྱིས་བར་དུ་མ་ཆོད་པ་ཡིན་པ་དང་། དེའི་སྒོའི་ངོས་དང་འབྲེལ་བ་དང་། གཉིས་ཀ་གནས་ཀྱི་མཚན་ཉིད་དུ་གྲུབ་པ་དང་། ཉེ་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱི་ཡས་མན་དུ་མ་ཆད་པ་དང་། སྒོ་རང་གི་ཕྱོགས་སུ་མ་བཅད་དམ། སྐས་རང་གི་ཕྱོགས་སུ་མ་བརྟུལ་བ་དང་ལྔའོ། །དང་པོ་ནི། ཁྱེར་གཞན་དུ་མ་ཆོད་པ་ཞེས་སོ། །སེལ་བ་ནི་(༡༣༣བ)


K8Z003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་པ་སུམ་ཐོག་ཅན་གྱི་སྟེང་ཁང་དུ་དགེ་སློང་ཉལ་ཞིང་བར་ཁང་སྟོང་པར་བཞག་སྟེ། འོག་ཁང་དུ་དགེ་ཚུལ་ཉལ་བ་སྟེ་ཁྱེར་གཞན་གྱིས་བར་དུ་ཆོད་པ་ལ་ནི་ལྟུང་བ་མེད་དོ། །གཉིས་པ་ནི། སྒོ་དེ་སྟེང་ཁང་གི་དང་འོག་ཁང་འབྲེལ་བ་སྟེ་གནས་གཅིག་ཡིན་ན་ཡང་ངོ་། །སེལ་བ་ནི་སྒོ་ཁང་གི་སྒོ་དེ་དང་མ་འབྲེལ་བ་ཡིན་ན་སྟེ། སྟེང་ཁང་དུ་དགེ་སློང་ཉལ་ཞིང་། འོག་ཁང་དུ་དགེ་ཚུལ་ཉལ་བ་ལ་ནི་ལྟུང་བ་མེད་དོ། །གསུམ་པ་དང་བཞི་པ་ནི་སྒྲུབ་བྱེད་ལ་སོགས་པ་སྔར་དང་འདྲ་བར་སྦྱར་རོ། །ལྔ་པ་ནི། རང་གི་ཆར་གཏོགས་པའི་ཞེས་སྒོ་བཅད་ན་ལྟུང་བ་མེད་པ་དང་། རིམ་ཁང་གཞན་ལ་སྐས་སྟེང་དུ་བརྟུལ་བ་ཉིད་དོ་ཞེས་སྟེང་དུ་བརྟུལ་ན་ལྟུང་མེད་དུ་གསུངས་སོ། །སྟེང་གཡོགས་གཅིག་པ་ལ་སོགས་པས་འབྲེལ་བའི་ཁང་པ་བརྒྱུད་མོ་ལ་སོགས་པ་ནང་གཅིག་ཏུ་རྒྱུ་ཞིང་། གནས་གཡས་གཡོན་གཉིས་ཀྱི་བར་ན་གནས་གཞན་མེད་པ་མ་ཡིན་པ་ཅན་ཉིད་ལ་ནི་སྟེང་གཡོགས་འབྲེལ་བ་ཐམས་ཅད་གནས་གཅིག་པ་ཉིད་ཡིན་ནོ། །བར་ན་གནས་གཞན་ཡོད་པའི་གནས་གཡས་གཡོན་གཉིས་པོ་རེ་རེར་དགེ་སློང་དང་དགེ་ཚུལ་ཉལ་ན་འདིའི་ལྟུང་བ་དངོས་གཞིར་འགྱུར་བ་ཡོད་པ་སྟེ། བར་ན་གནས་མེད་པ་མ་ཡིན་པ་ཉིད་ལ་ཞེས་པ་འདི་ཉིད་ཀྱི་ཊཱི་ཀ་ལས། གནས་གཞན་འགའ་ཞིག་ན་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་ན་དངོས་གཞིར་འགྱུར་བ་ཡོད་དོ། །ཞེས་སོ། །དགེ་སློང་རང་གི་ཆར་གཏོགས་པའི་སྒོ་ནི་དགེ་སློང་བདག་ཉིད་ཀྱི་དབང་བའི་སྒོ་དང་སྒོ་གླེགས་གཉིས་ཀ་ལ་འཇུག་ཀྱང་། ཕྱི་མ་གཙོ་བོར་བཟུང་བས་བཅད་པ་ལ་ནི་ཉེ་འཁོར་ཡང་གནས་ཐ་དད་པ་ཉིད་དོ། །སྒོ་རང་གི་ཕྱོགས་སུ་བཅད་ན་ནི་དགེ་སློང་ཉལ་བའི་གནས་དེའི་སྒོ་དྲུང་ཉིད་དུ་བུད་མེད་ལ་(༡༣༤ན)


K8Z003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཉལ་ན་ཡང་གནས་གཅིག་ཏུ་ཉལ་བའི་ཉེས་པ་མེད་དོ། །དེས་ན་ནང་གཅིག་སོགས་མདོ་གཉིས་ཀྱི་འཕྲོས་དོན་ནི། ཁང་པ་གསུམ་ཕན་ཚུན་འདབ་ཆགས་སུ་གྱུར་པའི་ཁང་པ་བརྒྱུད་མའི་མཐའ་ཁང་གཉིས་ལ་ཡང་གནས་གཅིག་པའི་ཆོས་ལྔ་ཚང་ན་གནས་གཅིག་པ་སྟེ། ནང་གཅིག་ཏུ་རྒྱུ་ཞིང་བར་ན་གནས་གཞན་མེད་པ་མ་ཡིན་པ་དང་། ཉེ་འཁོར་གནས་སུ་གྱུར་པ་དང་། གཉིས་ཀ་གནས་ཀྱི་མཚན་ཉིད་དུ་གྲུབ་པ་དང་། ཉེ་འཁོར་དང་བཅས་པ་ནས་གནས་ཙམ་གྱིས་བར་མ་ཆོད་པ་དང་། སྒོ་རང་གི་ཕྱོགས་སུ་མ་བསྡམས་པ་དང་ལྔའོ། །དང་པོ་ནི། ནང་གཅིག་ཏུ་རྒྱུ་ཞིང་བར་ན་གནས་གཞན་མེད་པ་མ་ཡིན་པ་ཉིད་ལ་ནི་ཞེས་སོ། །གཉིས་པ་ནས་ལྔ་པའི་བར་གྱི་སྒྲུབ་བྱེད་གོང་བཞིན་ནོ། །ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་དེ་ཁྲིམས་གྲོགས་དགེ་སློང་གིས་བསྲུངས་པ་ཉིད་དང་། བུད་མེད་བདག་པོས་བསྲུངས་པ་ཉིད་ནི་རང་གི་ཆར་གཏོགས་པའི་སྒོ་བཅད་པ་དེ་དང་འདྲའོ། །ཊཱི་ཀ་ལས། གནས་ཐ་དད་པ་ཉིད་ལ་ནི་བདག་པོས་བསྲུངས་པ་ཉིད་ལ་ལྟུང་བ་མེད་པ་ཡིན་གྱི། གནས་གཅིག་པ་ལ་ནི་བདག་པོས་བསྲུངས་པ་ཉིད་ལ་ཡང་སྤྲོད་པ་ལས་བྱུང་བའི་ཆ་དང་ལྷན་ཅིག་ཉལ་བའི་ཕྱིར་ཉེས་བྱས་སུ་འགྱུར་རོ་ཞེས་པ་ནི། བདག་པོ་བུད་མེད་བསྟེན་པའི་དོན་དུ་ཉེ་བར་ཕྱོགས་ན་ཉལ་པོ་ཤོམ་པའི་གནས་སུ་ཉལ་བའི་ཉེས་བྱས་སུ་འགྱུར་རོ། །སྟེང་ཁང་དང་འོག་ཁང་རིམ་ཁང་གི་ཁྱེར་གཞན་ལ་ནི་སྐས་སྟེང་དུ་བརྟུལ་བ་ཉིད་རང་གི་ཆར་གཏོགས་པའི་སྒོ་བཅད་པ་དེ་དང་འདྲ་བ་ཉིད་དོ་ཞེས་སྔ་མར་སྦྱར་བ་ཉིད་དོ། །ལུང་ལས། དགེ་སློང་སྟེང་ཁང་དུ་ཉལ་ཞིང་བུད་མེད་བར་ཁང་དུ་ཉལ་ན་དགེ་སློང་དེས་སྐས་བསྡུ་བར་བྱའོ་ཞེས་སྐས་བསྡུ་ན། གནས་གཅིག་ཏུ་ཉལ་བའི་ཉེས་(༡༣༤བ)


K8Z003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་གསུངས་སོ། །འགྲེལ་ཆུང་ལས་ཀྱང་། དགེ་སློང་ཡང་ཐོག་ཏུ་ཉལ་ན་བུད་མེད་དམ། དགེ་ཚུལ་འོག་ཁང་དུ་བསྙལ་བ་ལ་སྐས་སྟེང་དུ་དྲངས་ཏེ་ཉལ་ཀྱང་ཉེས་པ་མེད་ཅེས་བཤད་དོ། །གནས་གཞན་མ་ཡིན་པ་ཉིད་ལ་ནི་ཞེས་སྨོས་ན། དབྱེ་ཐང་ཀའི་སྟེང་ན་ཡོད་པའི་ཁང་བུ་སྒོ་མ་བཅད་པའི་ནང་ན་དགེ་སློང་ཉལ་ཏེ། དེའི་ཉེ་འཁོར་འདོམ་གང་ཚུན་ཆད་དུ་དགེ་ཚུལ་ཉལ་ན་ཅིར་འགྱུར་ཞེ་ན། འགྲེལ་ཆུང་ལས། ཁང་བུའི་སྒོའི་ཕྱི་རོལ་ཐོག་མེད་པ་ལ་འདོམ་གང་ཚུན་ཆད་དང་། ཉེ་འཁོར་གྱི་ཚད་ཐང་ངམ་དབྱེ་ལས་འདོམ་གང་ཚུན་ཆད་དུ་དགེ་ཚུལ་ཉལ་ན་ཞེས་པ་ནི་ན་སྨད་དོ་ཞེས་པའི་འབྲུ་གནོན་ཏོ། །ཊཱི་ཀ་ལས། དབྱེ་དགོན་པར་ནི་ལྷན་ཅིག་ཉལ་ཡང་ཉེས་པར་མི་འགྱུར་རོ། །ཞེས་པ་ནི་དངོས་གཞིའི་ཉེས་པར་མི་འགྱུར་བ་ཡིན་གྱི། ཉེས་བྱས་སུ་འགྱུར་བར་ཤེས་པར་བྱའོ། །སྐབས་འདིར་མཚོ་སྣ་པ་ཆེན་པོའི་ཞལ་སྔ་ནས། ཉེ་འཁོར་འདོམ་གང་ཚུན་དུ་བཤད་པ་ལས། །ནུབ་ལྷག་དངོས་གཞིའི་ས་ཐག་འདོམ་གང་ཞེས། །མས་དར་འདུལ་འཛིན་ཕལ་ཆེར་འཁྲུལ་མོད་ཀྱང་། །སྐབས་འདིར་ཡང་དག་ངེས་པ་ཁོ་བོས་རྙེད། །ཅེས་གདམས་སོ། །བཞི་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེར་དགས་བསྙེན་པར་མ་རྫོགས་པ་དང་། ནུབ་གཉིས་ལས་ལྷག་པར་ཉལ་བ་ལ་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བ་དང་རྒོད་བག་གི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བསྙེན་པར་མ་རྫོགས་པ་དང་གནས་གཅིག་ཏུ་གཉིས་ཀ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་ཅིང་། མཚན་མོ་གསུམ་པའི་མཐར་ཐུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་(༡༣༥ན)


K8Z003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དང་ཉལ་བའི་ཡུལ་དང་། གང་དུ་ཉལ་བའི་གནས་དང་། གང་གིས་ཉལ་བའི་རྟེན་ནོ། །དང་པོ་ལ་གསུམ་ལས། བསྙེན་པར་མ་རྫོགས་པའམ་ཕམ་པ་བྱུང་བ་ཡིན་པ་སྟེ། བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ་ཞེས་གསུངས་པས། བསླབ་པ་སྦྱིན་རུང་དང་། ཕམ་པ་འཆབ་བཅས་བྱུང་བ་ལ་ཡང་དེའི་གནད་ཀྱིས་སྦྱར་རོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་གཉིས་སྔར་བཤད་པ་བཞིན་ནོ། །འདིར་རྩིས་པ་ན་རེ། ངོ་མ་སྤོས་པ་ཡན་ལག་ཏུ་དགོས་ཏེ། ལུང་ཞུ་བ་ལས། དགེ་སློང་ལམ་དུ་ཞུགས་པ་ཞིག་གིས་ལུག་གི་བལ་ཞིག་རྙེད་ནས། དེས་དེ་དཔག་ཚད་གསུམ་གྱི་བར་དུ་རང་གིས་ཁྱེར་བ་དང་། དེས་ལུག་གི་བལ་གཞན་ཞིག་རྙེད་ནས་དེས་སྔ་བོར་ཏེ་ཕྱི་མ་ཁྱེར་ནས་སོང་བ་སྟེ། དེ་ལྟར་ན་ཉེས་བྱས་སོ། །ཞེས་ངོ་སྤོས་ན་ལྟུང་བ་མི་རྫོགས་པར་བལ་འཁུར་བ་ལ་གསུངས་པའི་གནད་ཀྱིས་སྦྱར་ཟེར་ཡང་། གཞན་གྱི་གནད་སྦྱོར་བ་བས་རང་ལ་དངོས་སུ་གསུངས་པ་གཙོ་ཆེ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀས་ལུང་ཞུ་བ་ཁུངས་སུ་དྲངས་ཏེ། དགེ་སློང་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་གུང་གསུམ་ཉལ་བ་ལ་ལྟུང་བྱེད་གཉིས་འབྱུང་བ་མཆིས་སམ། ཡོད་དེ་ཞག་གཉིས་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ་ཞག་གསུམ་པ་ལ་ཁྱིམ་པ་མོ་དང་ལྷན་ཅིག་ཉལ་བ་ལའོ་ཞེས་གསུངས་སོ། །གཉིས་པ་གང་དུ་ཉལ་བའི་གནས་ལ་གསུམ་ལས། གནས་ཀྱི་ངོ་བོ་ཉིད་གྲུབ་པ་སྟེ། ཕལ་ཆེར་གཡོགས་པ་དང་བསྐོར་བ་ཞེས་གསུངས་པས་སོ། །སེལ་བ་ནི་ཤིང་ལྗོན་པའི་དྲུང་དང་། རྩིག་པའི་བར་དང་། ཚང་ཚིང་གི་དྲུང་དག་ནི་ཕྱེད་ཉིད་དོ་ཞེས་(༡༣༥བ)


K8Z003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སྤྱོད་ལམ་བཞི་ཤོང་བ་སྟེ། གཞན་དུ་ན་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །གནས་གཅིག་ཡིན་པ་སྟེ་གནས་གཅིག་ཏུ་ཞེས་གསུངས་སོ། །གཞན་དུ་ན་ལྟུང་བ་མེད་དོ། །གང་གིས་ཉལ་བའི་རྟེན་ནི་ནད་པ་དང་ནད་གཡོག་གི་དབང་གིས་གནས་པ་མིན་པ་དང་། དབྱར་ཚུལ་ནང་ཟླ་བ་གཉིས་ཀྱི་ཚེ་ན་དགེ་སློང་སྡིག་ཅན་ཉེ་བར་གནས་པ་ན་དག་ཚུལ་དང་ལྡན་པའི་དགེ་སློང་མིན་པ་སྟེ། ནད་པ་དང་ནད་གཡོག་ལ་ཡང་ངོ་ཞེས་པ་དང་། དེ་དང་ལྡན་པ་ལའོ་ཞེས་པ་ལ་སོགས་པ་འདི་ཉིད་ལས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་སྔར་བཞིན་ནོ། །ཀུན་སློང་ནི་རང་གར་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་མཚན་མོ་གསུམ་པ་ཉལ་བར་ཞུགས་པའོ། །མཐར་ཐུག་ནི་མཚན་མོ་གསུམ་པའི་མཐའི་སྐད་ཅིག་གོ། །གཉིས་པ་ནི། གང་བྱས་ན་འདིའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་གིས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་གནས་གཅིག་ཏུ་མཚན་མོ་གསུམ་པ་ལ་ཉལ་ནའོ། །མཐར་ཐུག་གི་ཡན་ལག་ནི་མཐར་རོ་སྟེ། ཊཱི་ཀར། གང་ལས་ལྟུང་བྱེད་དུ་འགྱུར་ཞེ་ན། མཐར་རོ་ཞེས་བྱ་བ་སྨྲས་ཏེ། མཚན་མོའི་མཐར་རོ། །ཞེས་གསུངས་སོ། །འོ་ན་རྣམ་འབྱེད་ལས། སྐྱ་རེངས་འཆར་བར་བྱེད་ནའོ་ཞེས་གསུངས་པས་མཐར་རོ། །ཞེས་པ་དང་འགལ་ཅེ་ན། ཊཱི་ཀ་ལས། སྐྱ་རེངས་འཆར་བའི་སྐད་ཅིག་གི་མཚན་མོའི་མཐའི་སྐད་ཅིག་བདེ་བླག་ཏུ་གོ་བར་ནུས་པས་དེའི་ཕྱིར་དེ་སྐད་བསྟན་ཏོ། །ཞེས་བཤད་དོ། །སྐྱ་རེངས་འཆར་བར་བྱེད་ན་ཞེས་དེ་སྐད་བསྟན་ཏོ། །འོ་ན་མ་རྣམས་ལས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་(༡༣༦ན)


K8Z003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་ན་སྐྱ་རེངས་ཤར་ན་ལྟུང་བྱེད་དོ་ཞེས་གསུངས་པ་དང་འགལ་ཅེ་ན། མཚན་མོའི་མཐའི་སྐད་ཅིག་ལ་ལྟུང་བྱེད་དུ་འགྱུར་བ་དང་། སྐྱ་རེངས་ཤར་བ་ན་ལྟུང་བྱེད་དུ་གྱུར་པ་མི་འགལ་ཏེ། འགྱུར་བ་དང་གྱུར་པ་སྟེ་འདས་མ་འོངས་ཀྱི་ཁྱད་ཡོད་དོ། །མཚན་མོ་གསུམ་པའི་མཚན་མོའི་མཐའི་སྐད་ཅིག་གི་མདུན་རོལ་ཏུ་ནི་ཉེས་བྱས་སོ། །ཉིན་མཚན་གྱི་ཆ་སོ་སོར་ཉེས་བྱས་འབྱུང་བ་ཡིན་ནོ། །ལྔ་པ་ནི། མདུན་རོལ་དུ་ཉེས་བྱས་བསྐྱེད་པ་ཐམས་ཅད་དུའམ་ཞེ་ན། ལམ་གྱིས་དུབ་པས་རྨྱ་བ་ལ་ནི་མཚན་མོའི་མཐའི་མདུན་རོལ་དུ་གཉིད་ལོག་ཀྱང་ཉེས་པ་མེད་དོ། །དགེ་སློང་དེས་མཚན་མོའི་མཐའི་མདུན་རོལ་དུ་ནི་གཉིད་ལོག་པ་ཙམ་བྱས་ཀྱང་རྨྱ་བ་མ་སངས་ན་མཚན་མོའི་མཐར་ཡང་ཉེས་པ་མེད་པ་བཞིན་ནོ། །དགེ་སློང་གིས་བྱར་མི་རུང་བ་བྱིན་ལེན་སོགས་བྱ་དགོས་ཡོད་ན། དེ་སྒྲུབ་པར་བྱེད་པའི་མ་རྫོགས་པ་དེ་དང་ལྷན་ཅིག་པའི་ནད་པ་དང་། ནད་གཡོག་ལ་ཡང་མདུན་རོལ་དང་ཐ་མར་ཉེས་པ་མེད་དོ། །གནས་དེར་དགེ་སློང་སྡིག་ཅན་འོང་ན་རང་གི་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ་ཡང་མདུན་རོལ་དང་མཐར་ཉེས་པ་མེད་དོ། །དགེ་སློང་གང་ལ་ཉེས་པ་མེད་ཅེ་ན། ཉེ་གནས་དགེ་ཚུལ་དེ་དང་ལྡན་པ་ལ་ཡང་ཉེས་པ་མེད་དོ། །གང་གི་ཚེ་ཉེས་པ་མེད་ཅེ་ན། གནས་དེ་ན་དགེ་སློང་སྡིག་ཅན་ཉེ་བར་འོངས་པར་གྱུར་པ་དེས་རང་གི་དགེ་ཚུལ་སྡིག་ལྟ་ལ་འགོད་པར་འགྱུར་བའམ། འགྲེལ་ཆུང་ལས། སྡིག་ཅན་དེས་དགེ་ཚུལ་གྱི་བཤང་ལམ་དུ་མི་ཚངས་པར་སྤྱོད་པར་འགྱུར་བ་ཉིད་ན། བདག་གི་སློབ་མ་དགེ་ཚུལ་དང་ནུབ་གཅིག་ལས་ལྷག་པར་ཉལ་ན་ཉེས་པ་མེད་པའོ། །དེས་ན་དགེ་ཚུལ་ནི་ལོ་ཉི་ཤུར་མ་ལོན་ཅིང་། ཆགས་པ་སྐྱེ་བའི་དམིགས་(༡༣༦བ)


K8Z003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དུ་རེག་ལ། དགེ་སློང་ཡང་གཞོན་ནུ་ལོ་ཉེར་ལྔ་པ་ཕྱིན་ཆད་སོགས་ཡིན་ན་དགེ་སློང་སྡིག་ཅན་ལ་འཛེམ་པར་བྱའོ། །དེའི་ཚེ་ན་དགེ་ཚུལ་དེ་དང་ལྡན་པ་ཐམས་ཅད་ལ་ཉེས་པ་མེད་དམ་ཞེ་ན། དགེ་སློང་སྡིག་ཅན་དེ་གནས་དེ་ནས་གཞན་དུ་སྤྱུགས་པ་སྟེ། རེ་ཞིག་སྤྱུགས་པའམ་གཏན་སྤྱུགས་པ་ལ་འབད་པ་སྔར་བྱས་སམ། ད་ལྟ་བྱེད་པའི་དགེ་སློང་དེ་ལ་ཉེས་པ་མེད་པའོ། །དུས་ཐམས་ཅད་དུ་ཉེས་པ་མེད་དམ་ཞེ་ན། དབྱར་གནས་པར་ཁས་བླངས་ན་ཉེས་པ་མེད་དོ། །དེའང་དབྱར་སྔ་མ་ཁས་བླངས་ན་ནི་དེའི་ཟླ་བ་གསུམ་གྱི་དང་པོ་ཟླ་བ་གཅིག་མ་གཏོགས་པ་དུས་ཕྱི་མའི་ཟླ་བ་གཉིས་པོ་དག་ལ་བབས་ན་ཉེས་པ་མེད་དོ། །དང་ནི་ཟླས་དབྱེའོ། །དབྱར་ཕྱི་མ་ཁས་བླངས་ན་ནི་དེའི་ཟླ་བ་གསུམ་གྱི་ཐ་མ་ཟླ་བ་གཅིག་མ་གཏོགས་པ་སྔ་མའི་ཟླ་བ་གཉིས་པོ་དག་ལ་བབ་པ་ན་ཉེས་པ་མེད་དོ། །དབྱར་གནས་པར་ཁས་མ་བླངས་པ་ལ་ནི་དེར་ཡང་ཉེས་པར་འགྱུར་བས་གནས་པར་ཁས་བླངས་ན་ཞེས་སྨོས་སོ། །གནས་པར་ཁས་བླངས་ཀྱང་དབྱར་སྔ་མ་ཟླ་བ་གསུམ་གྱི་དང་པོ་ཟླ་བ་གཅིག་ལ་ནི་ཉེས་པར་འགྱུར་བས་དུས་ཕྱི་མ་ཞེས་སྨོས་སོ། །དབྱར་ཕྱི་མ་གསུམ་གྱི་ཐ་མ་ཟླ་བ་གཅིག་ལ་ཡང་ཉེས་པར་འགྱུར་བས་སྔ་མ་གཉིས་པོ་ཞེས་སྨོས་སོ། །དབྱར་གནས་པར་ཁས་བླངས་པའི་དགེ་སློང་དེས་ཟླ་བ་གཉིས་ལས་ལྷག་པར་གནས་པར་མི་བྱ་བ་ཉིད་དོ། །ཊཱི་ཀར། འདི་ནི་དབྱར་ཕྱི་མ་ཤོས་ཀྱི་དབང་དུ་བྱས་ཏེ་དབྱར་སྔ་མ་ཤོས་ལ་ནི་མ་སྨྲས་ཀྱང་གྲུབ་པའི་ཕྱིར་རོ། །ཞེས་སོ། །གནས་དེར་དགེ་སློང་སྡིག་ཅན་འོངས་ནས་དགེ་ཚུལ་དང་ལྡན་པའི་དགེ་སློང་དེས་དེར་དབྱར་གནས་པར་ཁས་བླང་བ་སྔ་མ་ཤོས་ཁས་བླང་བར་མི་བྱ་བ་ཉིད་དོ། །དབྱར་སྔ་མ་ཁས་བླངས་ཟིན་ན་(༡༣༧ན)


K8Z003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་གཉིས་ཀྱི་སྔ་མ་ཟླ་བ་གཅིག་ནི་དགེ་སློང་དེས་མི་བསྲུང་བར་བྱ་བ་ཉིད་དོ། །གནས་དེར་དགེ་སློང་སྡིག་ཅན་འོངས་ན་དགེ་སློང་དེས་དགེ་ཚུལ་སྔར་ཉེ་བར་མ་བཞག་པ་གནས་སྦྱིན་པ་ལ་སོགས་པས་ཉེ་བར་བཞག་པར་མི་བྱའོ། །དགེ་སློང་དེས་དགེ་ཚུལ་ཁྲིད་དེ་ལམ་དུ་འགྲོ་བ་ན་དགེ་ཚུལ་གཉིད་བྲོ་བས་རྨྱ་བར་གྱུར་ན་མདུན་དུ་བཏང་སྟེ་འགྲོ་བར་བྱའོ། །དགེ་ཚུལ་ལམ་དུ་ཞུགས་པ་དེ་གལ་ཏེ་བྲུ་བ་ཚ་བར་གྱུར་ན། དེ་ལ་ནངས་པར་གྱི་དུས་སུ་ཁ་ཟས་སྦྱིན་པར་བྱའོ། །གལ་ཏེ་དགེ་ཚུལ་དྲོ་ཀར་བཀྲེས་པ་ཡོང་ན་དྲོ་ཀ་དེའི་ཚེ་ཡང་ཁ་ཟས་སྦྱིན་པར་བྱའོ། །འདིར་སྨྲས་པ། སྔོན་བྱུང་སྟོན་པའི་བྱུང་བ་ཇི་བཞིན་ཤེས། །རྒྱ་ཆེར་བསྟན་པ་བསྲུང་བའི་ལུང་མང་བསླབས། །སྐྱེ་འཕགས་མང་པོའི་བསྟན་བཅོས་རོ་མྱོང་ནས། །ཚེགས་མེད་ཡིད་རབ་གཞུངས་པའི་སྦྱོར་བ་འཕེལ། །འཕགས་པའི་ཡུལ་ནས་བོད་འདིར་བྱོན་པ་ཡི། །སངས་རྒྱས་འཕགས་པའི་གསུང་འདི་ཕལ་མོ་ཆེ། །ཚིག་དོན་གཉིས་ཀ་ཉམས་སུ་བདེར་ལོན་ནས། །སངས་རྒྱས་དྭགས་པོའི་བསྟན་པ་འཛིན་འདིར་ཞུགས། །རྡོ་རྗེ་འཛིན་པ་བཞི་ཡི་ཞབས་པད་ལ། །བསྙེན་པའི་མཐུ་ལས་བདེ་བར་གཤེགས་པའི་བསྟན། །ལམ་རྫོགས་རྡོ་རྗེའི་ཁང་པར་ཞུགས་པ་ལས། །བདེ་ཆེན་དྭངས་མའི་གོང་བུ་ཅི་ཡང་མཐོང་། །ཁ་དོག་བཅོམ་པའི་རིང་བསྲེལ་ཅིར་ཡང་སྤྲུལ། །ཆོས་ཉིད་བཞེད་པའི་གཡུང་མོ་ཞུ་བས་འབར། །ལྟ་བའི་མཆེ་བ་དྲག་པོའི་དུག་གིས་བཏུས། །དབྱངས་ཅན་བླ་མ་དཔེ་མེད་སྡོམ་པར་མྱོང་། །བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དོ། །། །ལྔ་པ་སྡིག་ལྟ་མི་གཏོང་བ་ལ། ལྟུང་བའི་རྣམ་པར་བཞག་པ་དང་། །བསླབ་པར་བྱ་བ་བརྗོད་(༡༣༧བ)


K8Z003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆི་ལྟས་ཀྱིས་སྡིག་པ་ཅན་གྱི་ལྟ་བ་འཛིན་ཅིང་བཟློག་ཀྱང་མི་གཏོང་བ་ལས་ལྟུང་བྱེད་དུ་བཅས་སོ། །དགེ་སློང་འཆི་ལྟས་ལ་སྡིག་ལྟ་སྐྱེ་བའི་རྐྱེན་ཅིས་བྱས་པ་ཡིན་ཅེས་དྲི་ན། བསྡུས་པ་ལས། བཅོམ་ལྡན་འདས་ཀྱིས་ཁྱིམ་ན་གནས་པས་ཀྱང་ཕྱིར་མི་འོང་བའི་འབྲས་བུའི་བར་དུ་ཐོབ་པར་འགྱུར་རོ་ཞེས་གསུངས་པ་ལས་སོ་ཞེས་སོ། །དགག་བྱ་ནི་སྡིག་པ་ཅན་གྱི་ལྟ་བ་འཛིན་པ་ངོ་བོ་ཉིད་ཀྱི་དགག་བྱར་གྱུར་པ་དང་། དགེ་འདུན་གྱིས་བཟློག་ཀྱང་མི་གཏོང་བས་རང་རིགས་ཀྱི་དགེ་འདུན་ལ་གནོད་པའོ། །ངོ་ཏི་ནི་འདི་ལ་ཁ་ཅིག་ན་རེ། སྡིག་ལྟ་ཁ་ཙམ་ཚིག་ཙམ་སྨྲ་བ་ཡིན་གྱི། བསམ་པ་ཐག་པ་ནས་སྡིག་ལྟ་འཛིན་ཅིང་སྡིག་ལྟ་དོན་ལ་སྐྱེས་པ་ནི་མ་ཡིན་ཏེ། འདི་ཉིད་ལས། ཚིག་མི་གཏོང་བ་ལའོ་ཞེས་གསུངས་པ་དང་། ལོག་ལྟ་དོན་ལ་སྐྱེས་ན་སྡོམ་པ་གཏོང་བའི་ཕྱིར་དང་། སྡོམ་པ་བཏང་བ་ལ་ལྟུང་བྱེད་བསྐྱེད་པ་དང་འགལ་བའི་ཕྱིར་རོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། གནོད་བྱེད་བརྗོད་པ་ནི། སྡིག་ལྟ་དོན་ལ་སྐྱེས་པ་མ་ཡིན་ན། ལུང་རྣམ་འབྱེད་ལས། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་ཞེས་གསུངས་པ་དང་། འདི་ཉིད་ལས། ལྟ་བའི་རྣམ་པ་མི་གཏོང་བ་ཞེས་གསུངས་པ་དང་འགལ་ལོ། །སྒྲུབ་བྱེད་གཞིག་པ་ནི། ཚིག་མི་གཏོང་བ་ལའོ་ཞེས་པ་དེ་ལྟ་བ་ནི་ནང་གི་སེམས་བྱུང་ཡིན་པས་ཕྱི་རོལ་གྱི་ཚིག་གི་སྒོ་ནས་མཚོན་ཏེ། ཕྱི་རོལ་དུ་ཚིག་མི་གཏོང་བས་ནང་གི་ལྟ་བ་མི་གཏོང་བ་མཚོན་ནས་རྟོགས་པར་བྱ་བའི་ཕྱིར་རོ། །ལོག་ལྟ་ཆེན་པོ་སྐྱེས་ན་རྩ་བ་ཆད་པས་སྡོམ་པ་གཏོང་ཡང་། འདི་ནི་སྡིག་པ་ཅན་གྱི་ལྟ་བ་ཡིན་གྱི། ལོག་པའི་ལྟ་(༡༣༨ན)


K8Z003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་མ་ཡིན་ཏེ། རྣམ་འབྱེད་འགྲེལ་པ་ལས། སྡིག་པ་ཅན་གྱི་ལྟ་བ་ཞེས་བྱ་བ་ནི་བར་དུ་གཅོད་པའི་ཆོས་ལ་སྐུར་པ་འདེབས་པས་ལོག་པའི་ཤེས་པ་ཡིན་གྱི། ལོག་པའི་ལྟ་བ་ནི་མ་ཡིན་ཏེ། ལྟ་བ་ལོག་ན་སྡོམ་པ་ཡང་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བཤད་དོ། །འོ་ན་གང་ཞེ་ན། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཕྱོགས་འགའ་ཞིག་ལ་སྡིག་ལྟ་སྐྱེས་པ་དེ་གཞམས་བསྒོ་དང་། གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། སྦྱོར་བ་བརྩམ་པར་བྱ་བའི་གཞི་དང་། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ལ་གཉིས་ལས། གང་བརྗོད་པའི་དོན་ནི་ཆོས་ལ་ཆོས་མ་ཡིན་པའི་ཕྱོགས་འགའ་ལ་སྡིག་ལྟ་སྐྱེས་པ་སྟེ་ཇི་ལྟར་ཞེས་པ་ལ་སོགས་པས་སོ། །གང་ལ་བརྗོད་པའི་ཡུལ་ནི་ཆོས་གསུམ་ལྡན་ཏེ། སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་རྫོགས་པར་བྱེད་པའི་རྐྱེན་ནི་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་པར་བྱས་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་ལྟ་བ་ཕྱིན་ཅི་ལོག་ཏུ་འཛིན་ཆ་མ་གཏོགས་པ་གཞིའི་ཡན་ལག་དེ་དག་མ་འཁྲུལ་བའོ། །ཀུན་སློང་ནི་སྡིག་པ་ཅན་གྱི་ལྟ་བའི་ཚིག་སྨྲ་ཞིང་གོ་བར་འདོད་ལ། བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྡིག་ཚིག་སྨྲ་ཞིང་བར་དུ་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །མཐར་ཐུག་ནི་བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་བའོ། །གཉིས་པ་ནི། གང་བྱས་ན་འདིའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཚུལ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཐར་པའི་ལམ་(༡༣༨བ)


K8Z003_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་ཞེས་བྱ་བ་ནི་ལྟུང་བ་སྡེ་ལྔའོ་ཞེས་སྐབས་འདིའི་ལུང་ལས་གསུངས་ལ། འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་བསྙིལ་བ་སྡུད་པའི་ལུང་ལས་གསུངས་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་དེ་ནི་བར་དུ་མི་གཅོད་པ་དེ་ལྟར་བདག་གིས་གོ་ཞིང་ཤེས་སོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་སྡིག་ལྟ་གཞན་ཡང་བསྡུས་སོ་ཞེས་རང་འགྲེལ་དང་ཊཱི་ཀ་ལས་སོ། །སྡིག་ལྟ་དེ་དག་ཏུ་བརྗོད་པར་འཇུག་པའི་ཚིག་དེ་གཞམས་སྒོ་དང་། གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལ་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ནི། སྡིག་ལྟ་མི་གཏོང་བའི་དགེ་སློང་དེ་ལ་གསོལ་བ་དང་བཞིའི་ལས་བྱ་བས་སྤྱོ་ཞིང་སྨད་པ་ཉིད་དང་། གནས་ནས་དབྱུང་བ་གཉིས་ཆོ་ག་གཅིག་གིས་གཅིག་ཅར་དུ་བྱ་སྟེ། ལུང་དང་ཀརྨ་ཤ་ཏམ་ལས། གནས་ནས་དབྱུང་བའི་ལས་བགྱི་སྟེ་གདོལ་བུ་བཞིན་དུ་སྨད་པར་བགྱི་ཞིང་། མཆོག་ཏུ་སྨད་པར་བགྱིའོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གནས་ནས་དབྱུང་བ་དང་། སྨད་པའི་ཆོ་ག་གཅིག་ཅར་དུ་བྱ་བར་གསུངས་ལ། ཊཱི་ཀ་ལས་ཀྱང་། སྨད་པ་དང་གནས་ནས་དབྱུང་བ་གཅིག་ཅར་བྱའོ། །ཞེས་གསུངས་སོ། །སྨད་པ་དང་གནས་ནས་དབྱུང་བ་དེ་དུས་གང་གི་ཚེ་བྱ་ཞེ་ན། བསྒོ་བའི་ལས་བརྗོད་པ་གསུམ་པ་ལ་སྡིག་ལྟ་མི་གཏོང་བ་དེའི་འོག་ཏུ་བྱའོ། །ལྟུང་བྱེད་དུ་འགྱུར་བའི་ལྟ་བ་མི་གཏོང་བ་དེའི་འོག་ཏུའོ་ཞེས་ཊཱི་ཀ་ལས་བཤད་པ་ནི་མཚོན་པ་སྟེ། ལུང་ལས། དགེ་སློང་འཆི་ལྟས་ལས་དང་པོ་པ་ལ་ཡང་ལྟུང་བྱེད་དུ་མི་འགྱུར་ཡང་སྨད་པ་དང་གནས་ནས་དབྱུང་(༡༣༩ན)


K8Z003_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསུངས་པས་སོ། །ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དོ། །། །དྲུག་པ་སྤངས་པ་རྗེས་ཕྱོགས་ལ། ལྟུང་བ་རྣམ་པར་བཞག་པ་དང་། །ལྟུང་བ་མེད་པ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་གླེང་གཞི་ནི་མཉན་ཡོད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་གནས་ནས་ཕྱུང་བ་ལ་ཉེར་དགས་མཐུན་འཇུག་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། རང་རིས་ལ་གནོད་པའོ། །ངོ་ཏི་ནི་ནགས་ཚོ་ལོ་ཙཱ་བ་ན་རེ། སྡིག་ལྟ་མི་གཏོང་བ་གནས་ནས་ཕྱུང་བ་ཁོ་ནའི་རྗེས་སུ་ཕྱོགས་ན་ལྟུང་བྱེད་འདིར་འགྱུར་གྱི། གནས་དབྱུང་གཞན་གྱི་རྗེས་སུ་ཕྱོགས་ཀྱང་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བྱེད་དུ་མི་འགྱུར་ཏེ། འདི་ཉིད་ལས། སྡིག་ལྟ་མི་གཏོང་བའི་ཚིག་དེ་སྐད་སྨྲ་བས་སྤངས་པ་ཞེས་གསུངས་པས་ཤེས་ཤིང་། འདུལ་བ་བསྡུས་པ་ལས་ཀྱང་། ལྟུང་བ་མ་མཐོང་བ་དང་། ཕྱིར་མི་འཆོས་པས་གནས་ནས་ཕྱུང་བའི་དགེ་སློང་དང་ལྷན་ཅིག་ལོངས་སྤྱོད་ན་ཉེས་བྱས་སོ་ཞེས་བཤད་དོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་པ་གནས་ནས་ཕྱུང་བ་ལ་དགེ་སློང་གིས་མཐུན་འཇུག་བྱས་པ་ལས་གྱུར་པའི་ཁ་ན་མ་ཐོ་བ་ཆོས་ཅན། སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བྱེད་དུ་འགྱུར་བ་ཡོད་པ་མིན་པར་ཐལ། སྡིག་ལྟ་མི་གཏོང་བ་གནས་ནས་ཕྱུང་བ་ལ་རྗེས་ཕྱོགས་མ་ཡིན་པའི་ཕྱིར། རྗེས་འགྲོ་ལ་མ་ཁྱབ་ན་དམ་བཅའ་བུད། འདོད་ན། ཊཱི་ཀ་ལས། དགེ་སློང་མ་ཟློག་པའི་ཕམ་པར་འགྱུར་པ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་དུ་གྱུར་ན་བཟློག་པ་དེས་དགེ་སློང་དེ་ལ་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དུ་འགྱུར་རོ་(༡༣༩བ)


K8Z003_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། དེ་སྐད་སྨྲ་བས་སྤངས་པ་ཞེས་གསུངས་པ་དེ་གླེང་གཞིའི་དབང་གིས་མཚོན་བྱེད་དུ་བསྟན་ཏེ། གནས་ནས་ཕྱུང་བ་བདུན་པོ་ཐམས་ཅད་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །འདུལ་བ་བསྡུས་པ་ལས། སྡིག་ལྟ་མི་གཏོང་བ་གནས་ནས་ཕྱུང་བ་ལས་གཞན་པའི་སྤངས་པ་དང་རྗེས་སུ་ཕྱོགས་ན་ཉེས་བྱས་སུ་བཤད་ཀྱང་དེའི་རྗེས་སུ་མི་འབྲང་ངོ་། །དེས་ན་སྐབས་འདིའི་ལྟུང་བའི་ངོ་ཏི་ནི་དགེ་འདུན་གྱིས་གནས་ནས་ཕྱུང་བའི་དགེ་སློང་ལ་བཅས་ལྡན་དགེ་སློང་གི་ཆོས་དང་། ཟང་ཟིང་གི་ལོངས་སྤྱོད་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་གི་རྗེས་སུ་ཕྱོགས་པའི་ཡུལ་དང་། གང་དུ་ཉལ་བའི་གནས་སོ། །དང་པོ་ནི། དགེ་སློང་ཆོས་བརྒྱད་ལྡན་ཏེ། དགེ་སློང་ཆོས་དྲུག་ལྡན་ལས་ལྟ་བ་མཐུན་པ་མ་གཏོགས་པ་ལྔའི་སྟེང་དུ་སྤངས་པ་དང་འབྲེལ་བ་དང་། ནད་པ་མ་ཡིན་པ་དང་གདུལ་བྱ་ལ་བལྟོས་པ་མ་ཡིན་པ་སྟེ། སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པ་ཞེས་པ་དང་། ནད་པ་དང་ལྟ་བ་དང་འབྲལ་བར་གཏོགས་པའི་དོན་གྱིས་ནི་མ་གཏོགས་ཞེས་གསུངས་པས་སོ། །འདིར་ལྟ་བ་མཐུན་པ་ནི་ཡན་ལག་ཏུ་མི་དགོས་ཏེ། སྡིག་ལྟ་མི་གཏོང་བ་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་ན་ལྟ་བ་མི་མཐུན་པ་ཉིད་ལས་ལྟུང་བྱེད་འདིའི་རྣམ་གཞག་བྱས་པའི་ཕྱིར། གཉིས་པ་གང་དུ་ཉལ་བའི་གནས་ནི། གནས་ཆོས་གསུམ་ལྡན་ཏེ་སྔར་ནུབ་ལྷག་གི་སྐབས་སུ་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་པར་འདོད་པའམ། ཉལ་བའི་(༡༤༠ན)


K8Z003_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་གྱིས་གཉིད་ལོག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཆོས་དང་ཟང་ཟིང་གིས་ལོངས་སྤྱོད་བྱེད་པའམ་གནས་གཅིག་ཏུ་ལྷན་ཅིག་ཉལ་བར་བྱེད་པའོ། །མཐར་ཐུག་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱས་པའམ། ལྷན་ཅིག་ཉལ་བའི་མཚན་མོ་མཐའི་སྐད་ཅིག་གོ། །གཉིས་པ་ནི། ལྟུང་བྱེད་འདི་ལ་འདུ་ཤེས་གཙོའོ། །ཡུལ་གང་ལ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱི་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པར་འཇུག་པའི་ཚིག་དེ་སྐད་སྨྲ་བས་ཆོས་དང་ཟང་ཟིང་གི་སྤངས་པས་ནི་གནས་ནས་ཕྱུང་བའོ། །དེ་ལས་ཕྱིར་བཅོས་པ་ཉིད་ནི་བཟོད་པ་གསོལ་བ་སྟེ། དེ་མ་བྱས་པའི་དགེ་སློང་ལ་ཤེས་གཙོའོ་ཞེས་སྦྱར་ཏེ། ཡུལ་དེ་ལ་དེར་འདུ་ཤེས་པ་ནི་ཡན་ལག་གི་གཙོ་བོའོ། །གང་བྱས་ན་ལྟུང་མེད་དུ་འགྱུར་ཞེ་ན། དགེ་སློང་སྤངས་པ་དེ་ལ་ལུང་འབོགས་པ་སྦྱིན་པ་དང་། དམིགས་ཀྱིས་དྲི་བའི་ལན་སྦྱིན་པ་དང་། གནས་འཆའ་བ་སྦྱིན་པ་དང་། རྗེས་སུ་བསྟན་པ་དང་། གདམས་ངག་སྦྱིན་ནའོ། །སྤངས་པ་དེ་ལ་རང་གི་ལྟ་བ་སྨྲ་ན་ལྟུང་བྱེད་དུ་འགྱུར་རོ། །དེ་ལ་ཟང་ཟིང་གི་ལོངས་སྤྱོད་སྦྱིན་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་སྤངས་པ་དེས་རང་ལ་ཚུར་བསྙེན་བཀུར་བྱེད་པ་བདག་གིར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་སྤངས་པ་དེ་དང་གནས་གཅིག་གི་ཁོངས་སུ་ལྷན་ཅིག་ཉལ་ན་ཡང་ལྟུང་བྱེད་དུ་འགྱུར་རོ། །གང་གི་ཚེ་ནི་མཐར་རོ། །མཐའ་གང་ན་མཚན་མོའི་འོ། །ལོངས་སྤྱོད་ཆེ་བ་ལས་གཞན་ཐ་ན་ལྕི་སྐམ་ཙམ་གྱིས་འགྲུལ་སྤྲུལ་ཅེས་པ་འདི་ལ་ཡི་གེ་ལ་ལར་བསྲུལ་ཅེས་(༡༤༠བ)


K8Z003_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདུག །འགྲོགས་པའི་བརྡ་རྙིང་ལ་འགྲུལ་ཅེས་པ་འབྱུང་སྣང་བས་བསྲུལ་ཡང་འགྲོགས་པའི་དོན་ཡིན་པ་འདྲ། འོན་ཀྱང་རྒྱ་དཔེ་ལ་གཏུག་དགོས་སོ། །དམར་ཊཱ་ིཀ་ཏུ་བསྲུལ་ཅིང་འདུ་འཛིར་བྱེད་ན་ཞེས་བྲིས་གདའོ། །རང་མཆན་ན་ཡང་ལྟུང་བྱེད་དུ་འགྱུར་རོ་ཞེས་བསྙིལ་སྡུད་ཀྱི་ཊཱི་ཀ་ལས་སོ། །གཉིས་པ་ནི། གནས་ནས་ཕྱུང་བ་ནད་པ་དང་ལྟ་བ་དང་དབྲལ་བར་གཏོགས་པའི་དོན་གྱིས་ནི་མ་གཏོགས་སོ། །སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དོ། །། །བདུན་པ་བསྙིལ་སྡུད་དང་ལ། བསླབ་པར་བྱ་བ་བརྗོད་པ་དང་། །ལྟུང་བའི་རྣམ་པར་བཞག་པའོ། །དང་པོ་ནི། བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་བརྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཞེས་ཟེར་བའི་ཚིག་ནི་སྡིག་ལྟ་ཐམས་ཅད་ཀྱི་དཔེ་ཡིན་ནོ་ཞེས་ཊཱི་ཀ་ལས་བཤད་དེ། སྡིག་ཅན་གྱི་ལྟ་བའི་ཚིག་དེ་ཉིད་ལ་ཞུགས་པའི་དགེ་ཚུལ་དེ་ལ་གཞམས་བསྒོ་དང་། གསོལ་བའི་ལས་ཀྱིས་བཟློག་ཀྱང་མི་གཏོང་ན་དེའི་འོག་ཏུ་གསོལ་བཞིའི་ལས་ཀྱི་དགེ་ཚུལ་བསྙིལ་བར་བྱའོ། །དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བ་མི་གཏོང་ན་དགེ་ཚུལ་དེ་ལ་ནི་བསྡམ་བྱའི་ཉེས་བྱས་སུ་འགྱུར་རོ། །འདི་ལ་ནི་སྨད་པར་བྱ་བ་ཉིད་དུ་རྣམ་པར་བཞག་པར་བྱ་བ་ཡིན་གྱི། སྤང་བར་བྱ་བའི་ལས་ནི་མ་ཡིན་ཏེ། བསྟན་པ་ལ་ཞུགས་ལ་མ་རྫོགས་པའི་ཕྱིར་རོ། །ཊཱི་ཀ་ལས། མ་གོ་བ་དེའི་དགེ་ཚུལ་ལ་ནི་བཟློག་པ་ཉིད་ཀྱང་མ་ཡིན་ལ། བསྙིལ་བ་ཉིད་ཀྱང་མ་ཡིན་ཏེ། དགེ་ཚུལ་གྱི་ལས་བྱས་པ་ཙམ་གྱིས་ཀྱང་དགེ་ཚུལ་དེས་གོ་བར་མི་འགྱུར་བས་དེའི་ཕྱིར་གོ་བར་བྱ་བའི་ཆོ་ག་དེ་བསྟན་པའི་དགེ་སློང་དག་གིས་དགེ་ཚུལ་དེ་ལ་འདི་སྐད་ཅེས། ཁྱོད་ལ་དང་པོར་བཟློག་པའི་ཕྱིར་བསྒོ་བ་གསོལ་བ་དང་བཞིའི་ལས་མཛད་དོ། །ཞེས་བྱ་བའི་རྩོམ་པ་དང་། བཟློག་པའི་ཕྱིར་བསྒོ་བའི་ལས་དེ་བྱེད་པ་ན། དགེ་ཚུལ་དེ་ཐོས་པའི་(༡༤༡ན)


K8Z003_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་འཁོར་ནས་བཀར་ཏེ་མཐོང་བའི་ཉེ་འཁོར་དུ་བཞག་ནས་ལས་བྱ་སྟེ། བསྒོ་བའི་ལས་ཀྱིས་གསོལ་བར་བྱས་སོ། །ལས་བརྗོད་པ་དང་པོ་དང་གཉིས་པ་དང་གསུམ་པ་ཡང་བྱས་ཟིན་གྱི། སྡིག་ལྟ་འདི་ཐོང་ཞིག་ཅེས་རེ་རེའི་མཐར་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་བསྒྲག་པར་བྱའོ། །ཞེས་ལུང་དང་ཀར་ཤ་ལས་སོ། །དེའི་འོག་ཏུ་བསྙིལ་བ་རྩོམ་མོ་ཞེས་བསྒོ་བར་བྱ་བ་དང་བསྙིལ་བའི་གསོལ་བ་བྱས་སོ། །བསྙིལ་བའི་ལས་བརྗོད་པ་དང་པོ་དང་གཉིས་པ་ཡང་བྱས་ཟིན་གྱི། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་ཐོང་ཞིག་ཅེས་གསོལ་བ་ལ་སོགས་པའི་བརྗོད་པ་གཉིས་པོ་རེ་རེའི་མཐར། དགེ་འདུན་གྱིས་བསྐོས་པའི་དགེ་སློང་གིས་སྡིག་ལྟ་མི་གཏོང་བའི་དགེ་ཚུལ་དེ་ལ་བསྒྲག་པར་བྱའོ། །ཊཱི་ཀར། ལས་བརྗོད་པ་གསུམ་པ་བྱས་ཟིན་པའི་འོག་ཏུ་ནི་བསྒྲགས་ཀྱང་མི་ཕན་ཏེ། བསྙིལ་ཟིན་པའི་ཕྱིར་རོ། །ཞེས་པ་དང་ནི། གོང་དུ་ལུང་དང་ཀར་ཤ་ལས་གསུམ་པ་ཡང་བྱས་ཟིན་གྱི། ཞེས་སོགས་འབྱུང་བ་དང་འགལ་ཞེ་ན། དེ་ལ་མཚོ་སྣ་པ་ཆེན་པོས་ཡི་གེ་མ་དག་པར་འཆད་ལ། བདག་གི་རྟོག་པ་ལ་གསུམ་པ་ཡང་བརྗོད་པས་བསྙིལ་ཟིན་པ་གོ་བའི་ཆེད་དུ་སེམས་སོ། །དགེ་ཚུལ་དེ་ལ་གསོལ་བཞིའི་ལས་ཀྱིས་བཟློག་པ་དང་། གསོལ་བཞིའི་ལས་ཀྱིས་བསྙིལ་བ་སྟེ་དེ་གཉིས་ཀའི་སྐབས་སུ་གསོལ་བ་ལ་སོགས་པ་སྔ་མ་སྔ་མ་དག་གིས་སྡིག་ལྟ་དེ་བཏང་ན་བརྗོད་པའི་ཆོ་ག་ཚིག་ཕྱི་མ་མི་བྱའོ་སྟེ། དོན་གྲུབ་པ་དང་དབྱེན་བཟློག་པ་ལ་སོགས་པའི་སྐབས་དང་འདྲའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེར་དགས་དགེ་ཚུལ་བསྙིལ་བ་ཉེ་བར་འཇོག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆད་པ་མི་གཅོད་(༡༤༡བ)


K8Z003_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རྒྱུད་ལོང་དུ་སེལ་བས། ཡུལ་དགེ་ཚུལ་དེ་ལ་གནོད་ཅིང་དགེ་འདུན་གྱི་ནང་ཁྲིམས་དྲལ་བས་རང་རིགས་དགེ་འདུན་ལ་ཡང་གནོད་པའོ། །ངོ་ཏི་ནི་དགེ་ཚུལ་བསྙིལ་བ་ལ་བཅས་ལྡན་དགེ་སློང་གིས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་བསྡུ་བའི་ཡུལ་དང་། གང་དུ་ཉལ་བའི་གནས་སོ། །དང་པོ་ནི། དགེ་ཚུལ་ཆོས་བདུན་ལྡན་ཏེ། དེ་ཡང་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་སྟེ། སྤྱིར་བསྟན་པ་ལས་དགེ་སློང་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་ཞེས་སྤངས་པ་རྗེས་ཕྱོགས་ལ་གསུངས་པའི་གནད་ཀྱིས་སྦྱར་རོ། །མཚན་མཐུན་པ་དང་། ཐ་སྙད་གསུམ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་གསུམ་ནི་སྔར་བྱིན་འཕྲོག་གི་སྐབས་སུ་བཤད་པ་དང་འདྲའོ། །བསྙིལ་བ་དང་འབྲེལ་བ་དང་། ནད་པ་མ་ཡིན་པ་དང་། གདུལ་བྱ་ལ་བལྟོས་པ་མ་ཡིན་ཏེ་བསྙིལ་བ་ཉིད་དོ་ཞེས་པ་དང་། ལུང་རྣམ་འབྱེད་ཀྱི་བསྙིལ་བ་སྡུད་པའི་སྐབས་ལས། ན་བ་དང་སྡིག་པ་ཅན་གྱི་སྐབས་ལས་དབྲལ་བར་འདོད་པ་ལ་ལྟུང་བ་མེད་དོ་ཞེས་སོ། །གང་དུ་ཉལ་བའི་གནས་ནི་གནས་ཆོས་གསུམ་ལྡན་ཏེ་སྔ་མ་བཞིན་ནོ། །བསམ་པའི་ཡན་ལག་ལ། འདུ་ཤེས་སྔར་བཞིན། ཀུན་སློང་སྦྱོར་བ་མཐར་ཐུག་ནི་སྔར་སྤངས་པ་རྗེས་ཕྱོགས་དང་འདྲའོ། །གཉིས་པ་ནི། སྤངས་པ་རྗེས་ཕྱོགས་ཀྱི་གཞུང་སྔར་སྨོས་པ་དེ་རྣམས་ནི་འདིར་ཡང་ཐུན་མོང་ཡིན་ལ། འདིར་ཁྱད་པར་ནི་དགེ་སློང་སྤངས་པ་ཞེས་སྔར་སྨོས་པའི་ཤུལ་འདིར་ནི་དགེ་ཚུལ་བསྙིལ་བ་ཉིད་དོ། །དེས་ན་དགེ་ཚུལ་བསྙིལ་བ་དེ་ལ་དགེ་སློང་གིས་དེ་ལྟར་འདུ་ཤེས་ཏེ་ཆོས་དང་ཟང་ཟིང་གིས་ལོངས་སྤྱོད་བྱེད་པ་དང་། བསྙེན་བཀུར་(༡༤༢ན)


K8Z003_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིར་བྱེད་པ་དང་། གནས་གཅིག་ཏུ་མཚན་མོའི་མཐར་ཉལ་བ་དང་། ཐ་ན་ལྕི་སྐམ་ཙམ་གྱིས་བསྲུལ་ན་ཡང་ལྟུང་བྱེད་དུ་འགྱུར་རོ་ཞེས་དོན་དེ་ལྟར་ཊཱི་ཀ་ལས་སོ། །བསྙིལ་བ་སྡུད་པའི་ལྟུང་བྱེད་དོ། །། །བརྒྱད་པ་ཁ་མ་བསྒྱུར་བར་གོན་པ་ལ། ལྟུང་བའི་རྣམ་པར་བཞག་པ་དང་། །གང་གིས་རུང་བའི་དོགས་གཅོད་བསྟན། །བསླབ་པར་བྱ་བ་བརྗོད་པ་དང་། །དེ་ཡི་ལྟུང་བ་མེད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་གོས་དཀར་པོ་གྱོན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཁྱིམ་པའི་ཆ་ལུགས་དང་འདྲེས་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་དབང་བ་ལས་གྱུར་པའི་གོས་དཀར་པོ་ལ་སོགས་པ་བསྒོ་བར་ལོངས་སྤྱོད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་དྲུག་སྟེ། གོས་ཡིན་པ་དང་། རང་གི་ཡིན་པ་དང་། ཁ་མ་བསྒྱུར་བའི་དཀར་པོ་ཡིན་པ་སྟེ། ཁ་མ་བསྒྱུར་བའི་རང་གི་གོས་ཞེས་གསུངས་པས་མས་རིམ་བཞིན་ནོ། །གཞི་གཞན་གྱི་སྒོ་ནས་རུང་བ་དང་། རང་གི་ཚད་དང་ལྡན་པ་དང་། ཆུ་ཚགས་ལས་གཞན་ཡིན་པ་སྟེ། རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་། ཚད་དང་ལྡན་པ་ཞེས་པ་དང་། འོད་ལྡན་དང་ཊཱི་ཀ་ལས། ཆུ་ཚགས་ནི་ཁ་བསྒྱུར་བར་མི་རིགས་ཞེས་བཤད་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་སྔར་བཞིན། ཀུན་སློང་ནི་རང་གར་གོས་ཁ་མ་བསྒྱུར་བའི་དཀར་པོ་ལོངས་སྤྱོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དེ་ལ་ལོངས་སྤྱོད་པར་ཞུགས་པའོ། །མཐར་ཐུག་ནི་ལོངས་སྤྱོད་པ་རྫོགས་པའོ། །གཉིས་པ་ནི། སྔོན་པོའམ་ཞེས་པ་ནི། རྣམ་འབྱེད་ལས། (༡༤༢བ)


K8Z003_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་ཞེས་བྱ་བ་ནི་རམས་ཉིད་དོ་ཞེས་གསུངས་ལས། བམ་པོ་ལྔ་བཅུ་པ་དང་བསྡུས་པ་ལས་ཀྱང་། སྔོན་པོ་ནི་རམས་ཡིན་པར་བཞེད་དོ། །རམས་དང་ཁ་དོག་འདྲ་བའི་སྔོན་པོ་ཐམས་ཅད་བཟུང་སྟེ། འོད་ལྡན་ལས། སྔོན་པོ་ཞེས་བྱ་བ་ནི་སྔོན་པོ་ཐམས་ཅད་བཟུང་ངོ་། །དེ་ཉིད་ཀྱི་ཕྱིར་སྔོན་པོའི་མདོག་ཅེས་སྤྱིར་སྨོས་པ་ཡིན་ཏེ། རམས་འབའ་ཞིག་སྨོས་ན་མི་རུང་བས་སོ་ཞེས་སོ། །དམར་པོའམ་ཞེས་པ་ནི་བམ་པོ་ལྔ་བཅུ་པ་ལས། དམར་པོ་ཞེས་བྱ་བ་ནི་བཙག་སྟེ་སའི་ཁམས་དམར་པོ་གཞན་ཡང་བསྡུའོ། །ཞེས་སོ། །ངུར་སྨྲིག་གི་ཞེས་པ་ནི་སེར་པོ་ནོག་བག་ཆགས་པ་སྟེ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། གོས་ངུར་སྨྲིག་སེར་པོ་བགོས་ནས་སོ་ཞེས་པ་དང་། མའི་སོ་ཐར་འགྲེལ་པ་ལས། ངུར་སྨྲིག་ཅེས་བྱ་བ་ནི་སྟར་ཀ་དང་ཤིང་ཤུན་ལ་སོགས་པ་ལས་བཙོས་པ་སྟེ་ཁ་དོག་ནོག་བག་ཆགས་པའོ་ཞེས་སོ། །དེས་ན་ངུར་སྨྲིག་གི་དོན་ཚོས་སེར་པོ་དང་དམར་པོ་བྱས་ཟིན་པ་དེའི་འོག་ཏུ་ཁ་བཀུག་ན་ངུར་སྨྲིག་ཡིན་ཅེས་བརྗོད་པ་དང་། ཁ་བཀུག་བྱེད་ཀྱང་ཤུན་པ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ཁོ་ནས་བཀུག་པའོ་ཞེས་ཟེར་བ་དང་། ཁ་ཅིག་ངུར་སྨྲིག་ཟེར་བ་མིན། དུད་སྨིག་ཟེར་བ་ཡིན་ཟེར་བ་སོགས་མ་དག་པ་ཆེས་ཆེར་སྨྲ་བ་ཐམས་ཅད་ནི་འཁྲུལ་བའོ། །འམ་ཞེས་པ་ནི་འདམ་ཀའོ། །ཁ་མ་བསྒྱུར་བ་དཀར་པོའོ། །ཁ་མ་བསྒྱུར་བ་ནག་པོ་ནི་ཤ་ཟའི་གོས་ཡིན་པས་ཀག་པ་སྟེ་ཉེས་བྱས་སོ། །ཁ་མ་བསྒྱུར་ཡང་རང་བཞིན་གྱི་ཁ་དོག་རུང་བ་གསུམ་ཡིན་ན་ཉེས་པ་མེད་དེ། ལུང་ཞུ་བ་ལས། དགེ་སློང་གིས་ཁ་དོག་བསྒྱུར་བ་རྣམ་པ་གསུམ་ལས་གང་ཡང་རུང་བ་གཅིག་གིས་ཁ་དོག་མ་བསྒྱུར་བར་སྤྱད་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི་(༡༤༣ན)


K8Z003_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། དགེ་སློང་གིས་རང་བཞིན་གྱི་ཁ་དོག་ཅན་གྱི་གོས་བགོས་ནའོ་ཞེས་གསུངས་སོ། །རང་གི་གོས་ཞེས་པའི། ཊཱི་ཀ་ལས། གཞན་གྱི་གོས་སྤྱོད་པ་ལ་ནི་ན་སྨད་པར་འགྱུར་རོ། །ཞེས་སོ། །ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་དང་། སྣོད་དང་རྐང་པའི་འབོབ་ནི་རྐང་པ་བཀྲི་བ་དང་། སྐ་རགས་དག་གི་གོས་ལུས་ལ་བགོ་བ་ལ་སོགས་པ་ཞེས་པ་ནི་བགོ་བ་ཉི་ཚེར་མ་ཟད་སླེའུ་ལ་སོགས་པ་དག་ཀྱང་བཟུང་ངོ་ཞེས་སོ། །སླེའུ་ཞེས་པ་དེ་ཅི་ཞེ་ན། བསོད་སྙོམས་ཀྱི་སྣོད་ལྷུང་བཟེད་ལ་སོགས་པ་གཡོགས་པ་སྟེ། རང་གི་རྣམ་བཤད་ལས། བགོ་བ་ལ་སོགས་པ་ཞེས་བྱ་བ་ནི་བསོད་སྙོམས་སོ་སོར་གཡོགས་པ་ལ་སོགས་པ་ལ་ཡང་སྟེ་ཞེས་སོ། །དེས་ན་སྨོས་པ་དེ་དག་ལ་ཡོངས་སུ་ལོངས་སྤྱད་ན་ལྟུང་བྱེད་དོ། །ལུང་ཞུ་བ་ལས། དགེ་སློང་གིས་གོས་ཁྲུ་གང་ལས་ཆུང་བའམ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་གཅིག་ཁ་དོག་བསྒྱུར་བ་གསུམ་ལས་གང་ཡང་རུང་བ་གཅིག་གིས་ཁ་དོག་མ་བསྒྱུར་བར་སྤྱད་ན་ཅིར་འགྱུར། ལྟུང་བའོ་ཞེས་བཤད་ཀྱང་། དྲི་བ་རྒྱ་ཆེར་འགྲེལ་པར་ལུང་ཞུ་བ་ཁུངས་སུ་དྲངས་པ་ལས་ནི་དགེ་སློང་གིས་རས་ཁྲུ་གང་མ་འཚལ་བའམ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཁ་དོག་བསྒྱུར་བ་གསུམ་ལས་གང་ཡང་རུང་བ་གཅིག་གིས་ཁ་དོག་མ་བསྒྱུར་བར་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་བཤད་པ་དེ་ཤིན་ཏུ་ལེགས་སོ། །གཉིས་པ་ནི། རང་གིས་ཁ་མ་བསྒྱུར་པའི་གོས་ནི་གྱོན་དུ་རུང་བ་ཡོད་དེ། རབ་ཏུ་བྱུང་བ་སྡེ་པ་ལྔ་པོ་གཞན་དགེ་ཚུལ་ཕ་མ་དང་། དགེ་སློབ་མ་དང་། དགེ་སློང་མ་དང་། དགེ་སློང་གཞན་གྱི་གོས་ཁ་དོག་རུང་བའི་ཚོན་གྱིས་ཁ་བསྒྱུར་ཟིན་པ་དེ་དགེ་སློང་གིས་རྙེད་ན་ནི་ཡང་བསྐྱར་ཏེ། ཁ་(༡༤༣བ)


K8Z003_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དོག་རུང་བའི་ཚོན་གྱིས་ཁ་བསྒྱུར་བར་བྱ་བ་མི་དགོས་པ་ཉིད་ཡིན་ནོ། །ཁྱིམ་པས་གཞན་ལ་འཕྲོགས་པའམ་བརྐུས་པ་གོས་ཁ་དོག་རུང་བས་ཁ་བསྒྱུར་ཟིན་པ་ཞིག་དགེ་སློང་གིས་རྙེད་ན་དེ་ལ་ཡང་གཟོད་ཁ་བསྒྱུར་བའི་སྒོ་ནས་རུང་བར་བྱ་མི་དགོས་སོ། །གསུམ་པ་ནི། ཁ་དོག་ཆེན་པོར་ཞེས་ཏེ། ཚོན་ཆེན་པོ་བརྒྱད་ནི། མཚལ་དང་དེ་བཞིན་རྒྱ་སྐྱེགས་བཙོད་རྣམས་དང་། །གུར་གུམ་དག་དང་མཐིང་ཤུན་ལི་ཁྲི་དང་། །སྨན་ཤིང་ལེ་བརྒན་རྩི་རྣམས་མི་རུང་སྟེ། །བརྒྱད་པོ་ཚོས་ཆེན་ཡིན་པས་བཀག་ཕྱིར་རོ། །འོ་ན་གུར་གུམ་གྱི་མདོག་དང་མཐུན་པའི་མེ་ཏོག་ཤེ་བ་ལི་ཀས་ཁ་བསྒྱུར་བ་གནང་ངམ་བཀག་སྙམ་ན། འོད་ལྡན་གྱི་ཕྱོགས་སྔར་བཀོད་པའི་པཎྚི་ཏ་ཁ་ཅིག་ན་རེ། གནང་སྟེ་བཅོམ་ལྡན་འདས་ཀྱིས་སེར་པོ་ཁ་དོག་བཟང་པོ་ལོངས་སྤྱོད་པའི་ཕྱིར་རོ། །ངུར་སྨྲིག་རྩིའི་བྱེ་བྲག་ཡིན་པའི་ཕྱིར་དང་། ཤེ་བ་ལི་ཀ་ཚོན་ཆེན་པོ་བརྒྱད་དུ་མ་འདུས་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་གནོད་བྱེད་བརྗོད་པ་ནི། མེ་ཏོག་དེས་ཁ་བསྒྱུར་བ་ནི་ཁ་དོག་གསལ་ཆེས་པའི་སྒོ་ནས་གུར་གུམ་དང་འདྲ་བ་ཉིད་ཡིན་ལ། སྤྱིར་བསྟན་པ་ལས་འདྲ་བ་ལ་ཡང་ངོ་ཞེས་གསུངས་སོ། །དེས་ན་ཡུལ་འགའ་ཞིག་ན་བལ་ནག་པོ་དང་དཀར་པོ་དཀོན་ཅིང་རིན་ཆེ་བར་འདྲ་བ་བཀག་པ་དང་རྒྱུ་མཚན་མཚུངས་སོ། །འོད་ལྡན་ལས་ཀྱང་། སྡོམ་བརྩོན་རྣམས་ནི་ཁ་དོག་གསལ་བ་ཉིད་ཆ་མ་ཡིན་པའི་ཕྱིར། རྒྱ་སྐྱེགས་ལ་སོགས་པ་དང་ཁ་དོག་མཐུན་པར་ཡང་དགག་པར་བསྟན་ཏོ་ཞེས་སོ། །སྒྲུབ་བྱེད་གཞིག་པ་ནི། འོད་ལྡན་ལས། བཅོམ་ལྡན་འདས་ཀྱིས་ལོངས་སྤྱད་པ་ནི་གཏན་ཚིགས་སུ་མི་རུང་སྟེ། དེ་ནི་གདུལ་བྱའི་དབང་གིས་ཞུགས་པའི་ཕྱིར་རོ། །ཞེས་བཤད་ལ། སྒྲུབ་བྱེད་དུ་བཀོད་པའི་ཕྱི་མ་གཉིས་ལ་མ་(༡༤༤ན)


K8Z003_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་སྟེ། ངུར་སྨྲིག་དེའི་བྱེ་བྲག་ཡིན་ཀྱང་གནང་བའི་ཁྱབ་པ་མེད་དེ། གུར་གུམ་བཀག་པ་བཞིན་ནོ། །ཚོན་ཆེན་པོ་བརྒྱད་དུ་མ་འདུས་ཀྱང་གནང་བའི་ཁྱབ་པ་མེད་དོ། །ཚོན་ཆེན་པོ་བརྒྱད་དང་འདྲ་བ་གཞན་བཀག་པའི་ཕྱིར་ཏེ་འདྲ་བ་ལ་ཡང་ངོ་ཞེས་སོ། །སྨྲིག་ནི་བོད་ཀྱི་སྐད་རྙིང་ལས་འོད་ལ་འཇུག་སྟེ། བོན་གཞུང་ལས། སྨྲིག་གི་ན་བཟའ་བག་ལ་བཅུད། །ཅེས་དང་། སེམས་ཀྱི་རང་སྨྲིག་བདལ་དུ་མེད། །ཅེས་སོགས་བྲིས་སྣང་ངོ་། །དེ་ལྟར་བཤད་པའི་གྲུབ་དོན་རི་བོ་དགའ་ལྡན་པ་གང་དག་ངུར་སྨྲིག་གནང་བ་རྒྱུ་མཚན་དུ་བྱས་ནས། ལི་ཁྲི་དང་ཀུངྐུ་མའི་མདོག་ཅན་ཁོ་ན་ལ་ཤ་ཐང་དུ་འབད་པ་ཡང་གཞུང་འདི་རྣམས་དང་འགལ་བ་འདྲའོ། །དེའི་ཕྱིར་ཚོན་ཆེན་པོས་ཁ་བསྒྱུར་པའི་གོས་བསྟེན་པར་མི་བྱའོ། །ཁ་ཚར་དང་ཕུན་ཚར་མ་བཅད་པ་ནི་ཁྱིམ་པའི་གོས་ཏེ། དེ་དག་ཀྱང་དགེ་སློང་གིས་བགོ་བར་བསྟེན་པར་མི་བྱའོ། །ཊཱི་ཀར། ཁ་བསྒྱུར་བ་དང་ཁ་དོག་ཆེན་པོར་བསྒྱུར་བ་ཡང་མི་རུང་སྟེ། དེ་ལ་སོ་སོར་བཀག་པའི་ཕྱིར་རོ། །ཞེས་སོ། །དགེ་སློང་གིས་གཙུག་ལག་ཁང་གི་ནང་དུ་ཁྱིམ་པའི་གོས་དེའི་སྟེང་དུ་ངུར་སྨྲིག་གིས་གཡོགས་ཏེ་བསྟེན་པར་བྱའོ། །འགྲེལ་ཆུང་ལས། ཁྱིམ་པའི་གོས་ནི་འདྲ་བ་གྱོན་ཀྱང་ཉེས་བྱས་སུ་བཤད་དོ། །ལམ་དུ་གོས་བརྙས་པ་ནི་ཐུན་མོང་ཉིད་ཡིན་ནོ། །སུ་དང་ཐུན་མོང་ཞེ་ན། གྲོགས་དག་དང་ངོ་། །གྲོགས་ཀྱི་ཁྱད་པར་དགེ་སློང་དང་དགེ་ཚུལ་དག་དང་ངོ་། །གོས་བརྙས་པ་དེ་གོས་གཅིག་ཉིད་ཡིན་ན་བསླབ་པ་རྒན་རབས་ནས་བརྩམས་ཏེ་ཇི་སྲིད་དུ་སླེབས་པའི་སྟེང་དུ་གཡོག་གོ། །གོས་འདི་གང་ཟག་ཆེ་གེ་མོ་ལ་གཡར་པོར་སྦྱིན་ནོ་ཞེས་དམིགས་ཀྱིས་མ་བསྔོས་པར་སྤྱིར་གཡར་པོར་བྱིན་ན། གཞན་གོན་པ་ལས་བཤུས་ཏེ་རང་གིས་གྱོན་ཏེ་(༡༤༤བ)


K8Z003_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བཅག་པར་ཏེ་འཆག་ཏུ་འགྲོ་བར་མི་བྱའོ། །བཞི་པ་ནི། ཁྱིམ་པ་ལ་སོགས་པ་སྦྱིན་བདག་བསོད་ནམས་འདོད་པས་དགེ་སློང་མགྲོན་དུ་བོས་ན་རས་དཀར་པོ་ཁ་ཚར་མ་བཅད་པ་མན་ཆད་ནས་ཁ་ཚར་བཅད་ཅིང་གོས་བཟོ་བྱས་ཀྱང་གསར་པའི་ཐ་སྙད་འཐོབ་པ་ཡན་ཆད་སར་པ་ལ་གོས་འདིའི་སྟེང་དུ་བརྫིར་གསོལ་ཞེས་ཟེར་ན། དགེ་སློང་དེས་གོས་དེའུ་རི་མི་རྟག་པས་ཉེས་པར་འགྱུར་བའི་ཡིད་ལ་བྱེད་པས་སྟེང་དུ་རྐང་པ་གཉིས་ཀྱིས་བརྫི་བར་བྱའོ། །གསར་པར་མ་ཟད་གོས་དཀར་པོ་རྙིང་པ་ལ་ཡང་དེ་བཞིན་དུ་ཡིད་ལ་བྱེད་པ་བྱ་དགོས་ཏེ། གཞན་གྱི་གོས་དཀར་པོ་ལ་སྤྱད་ན་ལྟུང་བ་ན་སྨད་འབྱུང་བ་དེ་དག་དགོས་པའི་ཕྱིར་རོ། །ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དོ། །། །དགུ་པ་ལོངས་པའི་གཞིར་གཏོགས་ལ། དངོས་གཞི་ན་སྨད་བཅས་ཏེ་བསྟན། །ལྟུང་མེད་བསླབ་བྱ་དང་བཅས་བརྗོད། །ཡན་ལག་སེལ་བར་བཅས་ཏེ་བསྟན། །སྐབས་ཀྱི་བསླབ་པར་བྱ་བའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་ཡངས་པ་ཅན་དུ་དྲུག་སྡེས་རོལ་མོའི་སྒྲ་ཕྱུང་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བ་སྟེ། ལོངས་པའི་གཞིར་གཏོགས་ཞེས་གསུངས་ལ། ཊཱི་ཀ་ལས། ལོངས་པ་ནི་རྒྱགས་པ་ཡིན་ལ། ཞེས་གསུངས་པས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རིན་པོ་ཆེ་རང་གི་མ་ཡིན་པ་དང་། མཚོན་ཆ་དང་རོལ་མོའི་ཆ་བྱད་ལས་རང་ངམ་བསྐོས་པ་རེག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་རེག་པའི་ཡུལ་དང་། གང་གིས་རེག་པའི་རྟེན་ནོ། །དང་པོ་ནི། རིན་པོ་ཆེའི་ཆོས་བདུན་ལྡན་དང་། རིན་པོ་ཆེར་སྨོས་པ་ཆོས་བཞི་ལྡན་ནོ། །དང་པོ་ཆོས་བདུན་ནི། རིན་པོ་ཆེ་(༡༤༥ན)


K8Z003_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དང་། རང་གི་མ་ཡིན་པ་དང་། དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་དང་། ཆུད་འཛའ་བའི་རྐྱེན་དང་མི་ལྡན་པ་དང་། ཐོབ་པར་ལྕོགས་པ་ན་གནས་པ་དང་། མི་མ་ཡིན་པའི་གནས་ན་དེ་དག་གི་བསོད་ནམས་ལས་གྲུབ་པ་མ་ཡིན་པ་དང་། སྦྱིན་བདག་གི་བསོད་ནམས་འདོད་པས་བསྟབས་པ་མ་ཡིན་པ་སྟེ། རིན་པོ་ཆེ་རང་གི་མིན་པ་དང་ཞེས་པ་དང་། དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ནི་ཞེས་པ་དང་། ཆུད་མི་ཟ་བའི་ཕྱིར་སེམས་ཀྱིས་ནི་མ་གཏོགས་སོ་ཞེས་པ་དང་། ལྕོགས་པ་ཉིད་ན་དེ་རྫོགས་སོ་ཞེས་སྔར་གསུངས་པའི་གནད་ཀྱིས་སྦྱར་བ་དང་། མི་མ་ཡིན་པའི་གནས་ན་གལ་ཏེ་དེ་དག་གི་བསོད་སྙོམས་ཀྱི་བྱུང་བ་ཞེས་དང་། ཞུ་བ་ལས། ལྷ་རྫས་ཀྱི་རིན་པོ་ཆེའམ་རིན་པོ་ཆེར་གཏོགས་པ་ལ་རེག་ན་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་པ་དང་། ཆོས་ཉན་དུ་གཞུག་པའི་ཕྱིར་རིན་པོ་ཆེ་ལས་བྱས་པའི་སེང་གེའི་ཁྲི་ལ་ཞེས་གསུངས་པ་སྒྲུབ་བྱེད་དུ་སྦྱར་བ་སྟེ་གོ་རིམ་བཞིན་ནོ། །གཉིས་པ་རིན་པོ་ཆེར་སྨོས་པ་ཆོས་བཞི་ལྡན་ནི། མཚོན་དང་རོལ་མོའི་ཆ་བྱད་ཡིན་པ་དང་། དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་དང་། ཆུད་ཟ་བའི་རྐྱེན་དང་མི་ལྡན་པ་དང་། ཐོབ་པར་ལྕོགས་པ་ན་གནས་པ་སྟེ་གཡུལ་དུ་སྤྱད་པའི་མཚོན་ཆ་དང་རོལ་མོར་སྤྱད་པའི་ལག་ཆའོ། །དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ནི་ཞེས་གསུངས་པ་དང་། ཐ་མ་གཉིས་ནི་སྔ་མ་བཞིན་ནོ། །གཉིས་པ་གང་གིས་རེག་པའི་རྟེན་ནི། དོན་ཁྱད་པར་ཅན་སྒྲུབ་པ་མ་ཡིན་པ་སྟེ་ཆོས་ཉན་དུ་གཞུག་པའི་ཕྱིར་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་བཞིན་གྱིས་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་གིས་རེག་པའམ་གཞན་ལ་(༡༤༥བ)


K8Z003_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་རིག་བྱེད་ཀྱིས་བསྐོས་ཏེ་མངོན་སུམ་དུ་རེག་པར་གཞུག་པའོ། །མཐར་ཐུག་ནི་རེག་པ་རྫོགས་པའོ། །གཉིས་པ་ནི། གསེར་དངུལ་ལ་སོགས་པ་རིན་པོ་ཆེ་རང་གི་མ་ཡིན་པ་དང་ཞེས་གསུངས་ཏེ། གཞན་གྱི་རིན་པོ་ཆེ་དང་། བདག་པོ་གཏན་མེད་ཀྱི་རིན་པོ་ཆེ་དང་། རིན་པོ་ཆེ་རང་གི་མ་ཡིན་པ་ཉིད་དོ། །ཊཱི་ཀ་ལས། གཞན་གྱི་རིན་པོ་ཆེའོ། །ཞེས་བཤད་དོ། །དེ་ནི་མཚོན་པ་ཙམ་སྟེ་བདག་པོ་གཏན་མེད་ཀྱི་རིན་པོ་ཆེ་ཡང་འདིར་གཏོགས་ཏེ། རྩ་བ་ལས། རང་གི་མ་ཡིན་པ་ཞེས་གསུངས་པས་གཞན་གྱི་ཡིན་པ་དང་། བདག་པོ་གཏན་མེད་གཉིས་ཀ་ཡང་རང་གི་མ་ཡིན་པར་མཚུངས་པའི་ཕྱིར་རོ། །གཞན་ཡང་། ཊཱི་ཀ་ལས། རང་གི་ལ་ནི་སྤང་བའི་ལྟུང་བྱེད་དུ་བསྟན་པའི་ཕྱིར། ཞེས་གསུངས་ཏེ། རང་གི་ཡིན་པ་དམིགས་ཀྱིས་བསལ་བས་ཀྱང་གྲུབ་བོ། །འོ་ན་རང་གཞན་ཐུན་མོང་དུ་དབང་བའི་རིན་པོ་ཆེ་ལ་རེག་ན་ཅིར་འགྱུར་ཞེ་ན། སྤང་བའི་ལྟུང་བྱེད་དུ་རིགས་ཀྱི། ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་དུ་ནི་མི་འགྱུར་ཏེ། རིན་པོ་ཆེ་རང་གི་མ་ཡིན་པ་དང་ཞེས་རང་གི་མ་ཡིན་པ་ཡན་ལག་ཏུ་གསུངས་ལ། རང་གཞན་ཐུན་མོང་དུ་དབང་བ་ནི་རང་གི་ཡང་ཡིན་པའི་ཕྱིར་རོ། །དགེ་སློང་གིས་རིན་པོ་ཆེ་སྣ་བདུན་ལ་རེག་ན་ཅིར་འགྱུར་ཞེ་ན། ཞུ་བ་ལས། བུད་མེད་རིན་པོ་ཆེ་ལ་སོགས་པ་ལྔ་ལ་རེག་ན་གཞི་ཇི་ལྟ་བ་བཞིན་དུ་ཉེས་པར་འགྱུར་ལ། ནོར་བུ་རིན་པོ་ཆེ་དང་། འཁོར་ལོ་རིན་པོ་ཆེ་ལ་རེག་ན་ལྟུང་བྱེད་དུ་འགྱུར་ཞེས་གསུངས་སོ། །དྲི་བ་རྒྱ་ཆེར་འགྲེལ་པ་ལས། གཞི་ཇི་ལྟ་བ་བཞིན་གྱི་དོན་ནི་འདི་ཡིན་ཏེ། ཀུན་རྫོབ་ཏུ་ཆགས་པའི་སེམས་ཀྱིས་བུད་མེད་རིན་པོ་ཆེ་ལ་རེག་ན་དགེ་འདུན་ལྷག་མའོ། །གལ་ཏེ་མ་ཡིན་ན་ཉེས་བྱས་སོ། །ཁྱིམ་བདག་དང་བློན་པོ་རིན་པོ་(༡༤༦ན)


K8Z003_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་དག་ལ་འདོད་ཆགས་དང་ལྡན་པའི་སེམས་ཀྱིས་རེག་ན་སྦོམ་པོའོ། །གལ་ཏེ་མ་ཡིན་ན་ལྟུང་བ་མེད་དོ། །གླང་པོ་ཆེ་དང་རྟ་རིན་པོ་ཆེ་ལ་རེག་ན་ཀུན་ཏུ་ཆགས་པའི་སེམས་ཀྱིས་རེག་ན་ཉེས་བྱས་སོ། །གལ་ཏེ་མ་ཡིན་ན་ལྟུང་བ་མེད་དོ། །ཞེས་བཤད་དོ། །རིན་པོ་ཆེ་དེར་སྨོས་པ་རང་གི་ཡིན་ཡང་རུང་མ་ཡིན་ཡང་རུང་སྟེ། དེ་ལ་རང་གིས་རེག་གམ་གཞན་རེག་ཏུ་བཅུག་ན་ལྟུང་བ་འདིའི་བྱེད་པ་པོ་ཡིན་ནོ། །རིན་པོ་ཆེར་སྨོས་པ་དེ་ནི་གཡུལ་དུ་སྤྱད་པའི་མཚོན་ཆ་དང་། རོལ་མོར་སྤྱད་པའི་ལག་ཆའོ། །རིན་པོ་ཆེ་དང་མཚོན་ཆ་དང་རོལ་མོའི་ཆ་བྱད་དང་གསུམ་པོ་དེ་དག་ནི་རང་གི་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་མུ་ཏིག་མིག་ཕུག་པ་དང་། མདའ་མདེའུ་ཡོད་པ་དང་། པི་ཝཾ་རྒྱུ་དང་བཅས་པ་ལྟ་བུ་ནི་རེག་གམ། རེག་ཏུ་བཅུག་ན་ལྟུང་བྱེད་དངོས་གཞིའོ། །གསུམ་པོ་དེ་དག་ནི་རང་རང་གི་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་མ་ཡིན་པ་ནི་ཉེས་བྱས་ཀྱི་བྱེད་པ་པོའོ། །གཉིས་པ་ནི། རིན་པོ་ཆེ་དང་དེར་སྨོས་པ་དེ་གཉིས་གནས་གང་ཡང་རུང་བ་ན་འདུག་པ་ནི་ལྟུང་བའི་བྱེད་པ་པོ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གཙུག་ལག་ཁང་དང་དེའི་ཉེ་འཁོར་ན་འདུག་པ་ལ་རྫས་དེ་དགེ་སློང་རང་གིས་བདག་གིར་བྱ་བ་དང་མ་འབྲེལ་བའི་རྫས་ཆུད་མི་ཟ་བ་ཡོངས་སུ་བསྐྱང་བར་བྱ་བའི་སེམས་ཀྱིས་རེག་གམ། རེག་ཏུ་བཅུག་པ་ནི་ལྟུང་བ་བསྐྱེད་པ་ལ་མ་གཏོགས་སོ། །རིན་པོ་ཆེའམ་དེར་སྨོས་པ་བདག་པོ་ལས་འཁྱམས་ཏེ། གཙུག་ལག་ཁང་ངམ་དེའི་ཉེ་འཁོར་ན་འདུག་པ་དེ་ཡལ་བར་མི་འདོར་རོ། །ཡལ་བ་ཇི་ལྟར་མི་འདོར་ན་དངོས་པོ་དེ་ཞག་བདུན་ནམ་བརྒྱད་དུ་བསྡུ་སྐྱོགས་བྱའོ། །དགེ་སློང་དེས་བསོད་སྙོམས་ལ་སོགས་པའི་དོན་དུ་གཡོགས་སུ་དངོས་པོ་དེ་དག་འཁྱམས་ཏེ་(༡༤༦བ)


K8Z003_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཁང་དེའི་ཉེ་འཁོར་ན་འདུག་ན་སའམ་ལོ་མའི་ཚོགས་དག་གིས་གཡོག་པར་བྱའོ། །རྫས་དེའི་བདག་པོ་ང་ཡིན་ནོ་ཞེས་ཟེར་ཞིང་བསླངས་ན་དེའི་ཚིག་རྫས་དེའི་རྟགས་ཐམས་ཅད་ལ་མ་བབ་པར་ཁོ་བོའི་ཡིན་ནོ་ཟེར་བ་ལ་སྦྱིན་པར་མི་བྱའོ། །རྫས་དེའི་བདག་པོ་ཞག་བདུན་བརྒྱད་དུ་འོངས་པར་མ་གྱུར་ན། ཞག་བདུན་བརྒྱད་འདས་པ་དེའི་འོག་ཏུ་རྫས་དེ་དགེ་འདུན་གྱི་མཛོད་དུ་གཞུག་པར་བྱའོ། །དགེ་འདུན་གྱི་མཛོད་དུ་ཇི་སྲིད་བཞག་ཅེ་ན། ཟླ་བ་དྲུག་གི་མཐའ་ཚུན་ཆད་དུ་བཅང་བར་བྱའོ། །ཟླ་བ་དྲུག་གི་འོག་ཏུ་བདག་པོ་མ་འོངས་ན་རྫས་དེ་སངས་རྒྱས་སམ་དགེ་འདུན་གྱི་རིས་གང་ནས་རྙེད་པ་དེར་ལོངས་སྤྱད་དུ་རུང་ངོ་། །རྫས་དེ་སངས་རྒྱས་དང་དགེ་འདུན་ལ་རུང་བ་ཉིད་མ་ཡིན་ན་རྫས་རུང་བ་མ་ཡིན་པ་དེས་རུང་བ་བརྟན་པོ་ཉོ་བར་བྱའོ། །གལ་ཏེ་རྫས་མི་རུང་བས་རུང་བ་གཞན་ཉོས་སམ་རུང་ན་སྤྱད་པ་དེའི་ཚེ་བདག་པོ་འོངས་པར་གྱུར་ན་ཁྱོད་ཀྱི་རྫས་འདི་སངས་རྒྱས་དང་དགེ་འདུན་ལ་དབུལ་བར་རིགས་སོ། །ཞེས་རྗེས་སུ་གནང་བ་གསོལ་ཏེ་བདག་པོས་མི་སྟེར་ན་བདག་པོ་ལ་རྫས་དེ་ཕྱིར་སྦྱིན་པར་བྱའོ། །གལ་ཏེ་བདག་པོས་རྫས་དེའི་སྐྱེད་སློང་བ་ཁོ་བོ་ཅག་གིས་ཁྱོད་ཀྱི་རྫས་ཆུད་མ་ཟོས་པར་ཡོངས་སུ་བསྐྱངས་པ་གང་ཡིན་པ་དེ་ཉིད་དྲིན་ཆེ་བར་མི་སེམས་སམ་ཞེས་བརྗོད་པར་བྱའོ། །ཊཱི་ཀར། བསྐྱེད་སྦྱིན་མི་བྱའོ། །ཞེས་སོ། །གསུམ་པ་ལ། གཞི་ཡི་ཡན་ལག་བརྗོད་པ་དང་། །ཡན་ལག་དེ་ཡི་སེལ་བའོ། །དང་པོ་ནི། དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ནི་དངོས་གཞིའོ་ཞེས་སྔར་སྨོས་ན་རུང་བ་ཉིད་དེ་གང་ཞེ་ན། ནོར་བུ་དང་མུ་ཏིག་དང་བཻཌཱུཪྻ་ལ་སོགས་པ་དུང་གཡས་འཁྱིལ་གྱི་བར་ལ་ནི་བདར་བ་དང་ཕུག་པ་ཉིད་དགོས་པའི་ཕྱིར་རུང་བ་ཉིད་ཡིན་ནོ། །དེའི་ཕྱིར་དགེ་(༡༤༧ན)


K8Z003_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སློང་གིས་རེག་གམ། རེག་ཏུ་བཅུག་ན་ལྟུང་བྱེད་དོ། །གསེར་དངུལ་སོགས་རིན་པོ་ཆེ་ལས་བྱས་པའི་མགུལ་རྒྱན་དང་། ལག་ངར་ལ་བཀོན་པའི་གདུ་བུ་ཅན་དང་། དཔུང་རྒྱན་དང་། དོ་ཤལ་དང་ཞེས་པ་ནི་དུལ་ལྷས་མུ་ཏིག་གི་དོ་ཤལ་རིང་དུ་འཕྱང་བའོ། །སེ་མོ་དོ་ཞེས་པ་དུལ་ལྷས་མུ་ཏིག་གི་སེ་མོ་དོ་ནུ་མ་སླེབ་ཙམ་དུ་འཕྱང་བའོ་ཞེས་སོ། །དེའི་ཕྱིར་སེ་རལ་དུ་འཕྱང་བའི་དོ་ཤལ་ཉིད་དུ་གནས་པ་ཡང་དགོས་པའི་ཕྱིར་རུང་བ་ཉིད་ཡིན་ནོ་ཞེས་སྔ་མར་སྦྱར་ཏེ། དེ་ལ་དགེ་སློང་གིས་རེག་གམ་རེག་ཏུ་བཅུག་ན་ལྟུང་བྱེད་དངོས་གཞིའོ། །དེ་རྣམས་རང་རང་གི་དབྱིབས་ལས་ཉམས་པ་ལ་རེག་ན་ཉེས་བྱས་སོ། །པི་ཝཾ་དང་ཞེས་པ། ཕྲན་ཚེགས་ཊཱི་ཀ་ལས། པི་ཝཾ་ནི་སིལ་སྙན་གྱི་ཁྱད་པར་ལ་བྱ་སྟེ་ད་ལྟར་ནི་མི་སྣང་ངོ་། །ཁ་ཅིག་ནི་པི་ཝཾ་རབ་ཏུ་གྲགས་པ་ལ་ཡང་པི་ཝཾ་ཞེས་ཟེར་རོ་ཞེས་བཤད་དོ། །འོད་མ་དང་ཞེས་པ་ནི་ཀུ་བ་འོད་མ་ཅན་ལ་བྱའོ། །འོད་མ་ཞེས་བྱ་བའི་གླིང་བུ་ནི་མིན་ཏེ་དེ་ལ་རྒྱུད་མེད་པའི་ཕྱིར་རོ། །བ་ལ་རི་དང་མ་ཧ་ཏི་དང་སུཀྴོ་ཀ་རྣམས་ནི་རྒྱུད་དང་བཅས་པ་ཉིད་ན་རེག་པ་ལ་དངོས་གཞིའོ། །རྒྱུད་མེད་ན་ཉེས་བྱས་སོ། །དེས་ན་རྒྱུད་བཅས་ཀྱི་པི་ཝཾ་དང་གླིང་བུ་གཉིས་ཀྱི་ཁྱད་པར་ཡང་བརྟག་གོ། དུང་དང་། རྔ་བོ་ཆེ་དང་། རྔ་པ་ཊ་ཧ་དང་ཞེས་པ་ནི་རྔའི་ཕྱོགས་གཅིག་པགས་པས་གཡོགས་ལ། ཕྱོགས་གཅིག་མ་གཡོགས་པར་གསུངས་སོ། །རྫ་རྔ་ནི་རྫ་མ་ལ་པགས་པས་གཡོགས་པ་སྟེ་རྫ་ཡང་རྡོ་བའི་ཆ་ཤས་ཡིན་པས་བྲག་ཆ་ལས་སྒྲ་ཀླག་ཅོར་ཆེར་འབྱུང་བས་དེ་རྣམས་ནི་སྒྲ་འབྱིན་པ་ལ་རེག་ན་དངོས་གཞིའོ། །སྒྲ་མི་འབྱིན་ན་ཉེས་བྱས་སོ། །གཞུ་ནི་རྒྱུད་དང་བཅས་པ་ཉིད་ན་སྔ་མ་ལྟར་དངོས་གཞིའོ། །རྒྱུད་མེད་པ་ལ་རེག་ན་ཉེས་(༡༤༧བ)


K8Z003_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སོ། །རལ་གྲི་དང་། རལ་གྲི་སྐྱོག་པོ་དང་། རལ་གྲི་སོ་གཅིག་པ་དང་། མདུང་དང་། ཕན་ཚུན་དུ་འཕང་བའི་མདུང་དང་། ལྕགས་ཀྱུ་རྣམས་ནི་རང་རང་གི་དངོས་པོ་དེ་ཉིད་ཡིན་ན་རེག་ན་དངོས་གཞིའོ། །དངོས་པོ་ལས་ཉམས་པ་ལ་རེག་ན་ཉེས་བྱས་སོ། །མདའ་དང་། ལྕགས་མདའ་དང་། མདའ་ཕྱེད་ལྕགས་ལས་བྱས་པ་རྣམས་ནི་མདེའུ་དང་བཅས་པ་ཉིད་ལ་རེག་པ་ནི་ལྟུང་བ་དངོས་གཞིའོ། །སངས་རྒྱས་ཀྱི་སྐུ་གཟུགས་ནི་རྒྱུ་རིན་པོ་ཆེ་ལས་བྱས་པ། ནང་ན་སངས་རྒྱས་ཀྱི་སྐུ་གདུང་དང་བཅས་པ་ཉིད་ཡིན་ན་དེ་ལ་རེག་ན་ལྟུང་བྱེད་བསྐྱེད་དོ། །དེ་གཉིས་གང་རུང་རེ་རེ་མ་ཚང་བ་ལ་རེག་ན་ཉེས་བྱས་སོ། །མཆོད་རྟེན་ལ་ཡང་དེ་བཞིན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ་དེ་དག་གི་སྐུ་གདུང་དང་། སངས་རྒྱས་ཀྱི་སྐུ་གདུང་དང་བཅས་པ་ལ་ཡང་རུང་སྟེ་དེ་ལ་རེག་ན་ཉེས་བྱས་སོ། །རྒྱུ་རིན་པོ་ཆེ་མ་ཡིན་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྐུ་གདུང་དང་བཅས་ཀྱང་རེག་པ་ལ་ཉེས་པ་མེད་དོ། །སྲེད་མེད་ཀྱི་བུ་ལ་སོགས་པའི་གཟུགས་རིན་པོ་ཆེ་ལས་བྱས་པ་ལ་རེག་ན་གསེར་སིལ་མ་ལ་རེག་པ་དང་འདྲ་བ་སྟེ་རྫས་ཙམ་ལ་ཉེས་བྱས་སུ་འགྱུར་རོ། །ཉན་ཐོས་ལ་སོགས་པའི་གཟུགས་དེ་རིན་པོ་ཆེ་ལས་བྱས་པ་མིན་ན་དེ་དག་གི་རུས་པ་དང་བཅས་པ་ཡང་རུང་། སངས་རྒྱས་ཀྱི་སྐུ་གདུང་དང་བཅས་ཀྱང་རུང་སྟེ་རེག་པ་ལ་ཉེས་པ་མེད་དོ། །གཉིས་པ་ལ། ལྟུང་མེད་ན་སྨད་བཅས་ཏེ་བསྟན། །ལྟུང་མེད་བསླབ་བྱ་བཅས་ཏེ་བརྗོད། །ལྟུང་མེད་བྱེ་བྲག་གཞན་བསྟན་པའོ། །དང་པོ་ནི། རིན་པོ་ཆེ་ལས་བྱས་པའི་སྐུ་གཟུགས་དེ་ལ་ནི་སྟོན་པའི་འདུ་ཤེས་ཉེ་བར་བཞག་ན་དགེ་སློང་གིས་རེག་གམ་རེག་ཏུ་བཅུག་ཀྱང་ཉེས་པ་མེད་དོ། །དུལ་ལྷས། སྟོན་(༡༤༨ན)


K8Z003_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློས་རིན་པོ་ཆེའོ་བློ་བཟློག་ཀྱང་ཉེས་པ་མེད་དོ། །རྣམ་འབྱེད་འགྲེལ་པ་ལས། ནོར་བུ་མཆིང་བུ་ནི་ནོར་བུ་དང་འདྲ་བའི་ཕྱིར་རོ། །ནོར་བུ་མཆིང་བུ་དང་ཞེས་པ་ནི་དཔེ་ཙམ་དུ་ཟད་དེ། ས་ལས་བྱས་པའི་ནོར་བུ་དག་ཀྱང་ཕྱེད་ཉིད་དོ། །གསེར་ཆུས་བྱུགས་པའི་སོག་མའི་ཕྲེང་བ་དང་མཆུ་སྦྲེངས་དང་ཞེས་པ་ནི། དུལ་ལྷས། ཤིང་བུ་ལས་བྱས་པ་རྒྱུད་གཅིག་པར་འདུག་པ་བྱིས་པ་དག་རྩེ་བའི་ཆ་བྱད་དོ་ཞེས་སོ། །རྫ་རྔ་ཁ་ཅིག་པ་དང་ཞེས་པ་ནི། དུལ་ལྷས། དེ་ལ་རེག་པ་ནི་ཉེས་བྱས་ཏེ་སྒྲ་ཆུང་བའི་ཕྱིར་རོ་ཞེས་སོ། །གཞུའུ་ཆུང་དང་མདའ་ལྟར་བཅོས་པ་ལྟོང་ཙམ་བཏོད་ཅིང་འོལ་བྱི་མདའ་འདྲ་བ་ཉིད་ནི་དགེ་སློང་གིས་རེག་གམ། རེག་ཏུ་བཅུག་ན་ལྟུང་བྱེད་ཀྱི་ཕྱེད་ཉེས་བྱས་བསྐྱེད་པ་ཉིད་དོ། །དྲུག་པོ་འདི་རྣམས་ནི་རིན་པོ་ཆེ་ལ་རེག་པའི་ན་སྨད་གཉིས་དང་། རོལ་མོ་ལ་རེག་པའི་ན་སྨད་གཉིས་དང་། མཚོན་ཆ་ལ་རེག་པའི་ན་སྨད་གཉིས་ཏེ་གོ་རིམ་བཞིན་ནོ། །དགེ་སློང་གིས་གསེར་གྱི་སྟེགས་བུ་ལ་རེག་ན་ནི་ཉེས་བྱས་སུ་འགྱུར་གྱི། རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་དུ་ནི་མི་འགྱུར་ཏེ། མི་རུང་བ་ཉིད་དོ་ཞེས་པས་རུང་བ་ཉིད་དུ་གྱུར་པ་མ་ཚང་བའི་ཕྱིར། ཉིད་བཤད་ལས། རྣམ་པ་འདི་ལྟ་བུ་ཉིད་ནི་མཁོ་བའི་ཡོ་བྱད་དུ་གྱུར་པ་མ་ཡིན་པ་སྟེ་ཞེས་སོ། །གཉིས་པ་ནི། དམག་དང་རྐུན་པོ་ལ་སོགས་པས་འཇིགས་པར་གྱུར་ན། ལུང་ལས། གང་ཟག་ནི་ཕོངས་པར་འགྱུར་གྱི། དགེ་འདུན་ནི་མི་འགྱུར་བས་དགེ་སློང་གིས་དང་པོ་རང་གི་ཆོས་གོས་དང་ལྷུང་བཟེད་བསྐུར་བར་བྱ་ཞིང་། གལ་ཏེ་ནུས་ན་ཕྱིས་དགེ་འདུན་གྱི་དང་། མཆོད་རྟེན་གྱི་ལ་ཡང་འབད་པར་བྱའོ། །ཞེས་གསུངས་པས་རང་གི་ཆོས་དང་ལྡན་པའི་རྫས་སྦས་ནས་སམ། ཁྱེར་ཏེ་འགྲོ་བ་ལ་མི་(༡༤༨བ)


K8Z003_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་ན་དགེ་འདུན་གྱི་དང་། མཆོད་རྟེན་གྱི་དབྱིག་དངུལ་དང་། གསེར་སྦས་ནས་སམ་ཁྱེར་ཏེ་འགྲོ་བར་བྱའོ། །བྱེད་པ་པོ་གང་གིས་སྦས་ནས་སམ་ཁྱེར་ཏེ་འགྲོ་བར་བྱ་ཞེ་ན། ཁྱིམ་པ་དད་པ་ཅན་ནམ་དགེ་ཚུལ་ལ་ནི་དད་པ་མ་སྨྲས་ཀྱང་གྲུབ་ལ་བྱེད་པོ་དེ་དག་གིས་སོ། །དེ་གཉིས་གཅིག་ཀྱང་མེད་ན་དགེ་སློང་རང་གིས་སོ། །སྦ་བ་དང་བསྐུར་བ་དེར་ཁྱིམ་པ་དད་པ་ཅན་ནམ་དགེ་ཚུལ་གྱིས་ས་བརྐོ་བར་བྱའོ། །དེ་གཉིས་མེད་ན་དགེ་སློང་རང་གིས་ས་བརྐོ་བར་བྱའོ། །ཊཱི་ཀར། བསྐུར་བ་ལ་ཇི་ལྟར་བརྐོ་དགོས་སྙམ་ན། བརྒྱ་ལ་རྫས་དེ་སའི་འོག་ཏུ་སྦས་ཟིན་ན་དེ་བརྐོ་དགོས་པའི་ཕྱིར་རོ། །འཇིགས་པ་དང་བྲལ་ན་རྫས་སྦས་པའམ་ཁྱེར་བ་དེ་གནས་དེ་ཉིད་དུ་སྦྱིན་ནོ། །རྫས་དེ་སའི་འོག་ནས་བྲུ་ཞིང་དབྱུང་བ་ཡང་སྦ་བ་དང་བསྐུར་བ་དེ་དང་འདྲའོ། །ཊཱི་ཀར། དད་པ་ཅན་ནམ་དགེ་ཚུལ་གྱིས་བྲུའོ། །དེ་གཉིས་མེད་ན་རང་གིས་བྲུའོ། །ཞེས་སོ། །མི་མ་ཡིན་པའི་གནས་ན་གལ་ཏེ་མི་མིན་དེ་དག་གི་བསོད་ནམས་ཀྱིས་བྱུང་བ་རིན་པོ་ཆེའི་ས་གཞི་དང་ཐེམ་སྐས་ལ་སོགས་པ་ལ་ནི་ཉེས་པ་མེད་དོ། །ལུང་ཕྲན་ཚེགས་དང་རང་གི་རྣམ་བཤད་དང་། ཊཱི་ཀ་ལས། མི་མ་ཡིན་པའི་གནས་ན་ཟན་གྱི་ཕྱིར་སྣོད་གཞན་ཟངས་མ་ལས་བྱས་པ་ལ་སོགས་པ་མེད་ན། གལ་ཏེ་དེ་དག་གི་བསོད་ནམས་ཀྱིས་བྱུང་བ་རིན་པོ་ཆེ་གསེར་དངུལ་ལ་སོགས་པ་ལས་བྱས་པའི་སྣོད་དུ་ཟ་བ་ལ་ཡང་ཉེས་པ་མེད་དོ། །རེག་པ་ལ་ཡང་ཉེས་པ་མེད་དོ། །རང་གི་རྣམ་བཤད་ཀྱི་ཁུངས་དྲངས་པའི་ལུང་ཀོ་ལྤགས་ཀྱི་གཞི་དང་། ཊཱི་ཀ་ལས། མི་མ་ཡིན་པའི་གནས་ན་འདུག་པའི་ཕྱིར་མལ་ཆ་དང་སྟན་ལ་ཡང་ཉེས་པ་མེད་དོ། །རེག་པ་ལ་ཡང་ཉེས་པ་མེད་དོ། །དགེ་སློང་གླང་པོ་ཆེའམ་རྟ་ལ་སོགས་པའི་བཞོན་པས་འགྲོ་བར་བྱའོ། །(༡༤༩ན)


K8Z003_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུའམ་ཞེ་ན། ཆོས་དང་ལྡན་པའི་དོན་གྱི་དབང་ཉིད་ཀྱིས་སོ། །དེ་ལ་ཡང་གསེར་དང་རྒྱ་དར་ལ་སོགས་པ་ཆ་སྒེག་དང་ལྡན་པ་ཉིད་ཀྱིས་བཞོན་པ་ལ་ཞོན་ཅིང་འགྲོ་བར་མི་བྱའོ། །དགེ་སློང་དོགས་པ་དང་བཅས་པའི་དབང་གིས་ཀྱང་རྒས་པ་དང་ན་བ་དག་ལས་གཞན་པ་བཞོན་པས་འགྲོ་བར་མི་བྱའོ། །གསུམ་པ་ནི། ཉན་པ་པོ་ཆོས་ཉན་དུ་གཞུག་པའི་ཕྱིར་འཆད་པ་པོས་རིན་པོ་ཆེ་ལས་བྱས་པའི་སེང་གེའི་ཁྲི་ལ་མི་རྟག་པས་ཉེན་པར་འགྱུར་བའི་ཡིད་ལ་བྱེད་པས་འདུག་པར་བྱའོ། །ཁྱིམ་་དུ་ཁྱིམ་པ་དེས་བཤམས་པ་ན་གསེར་དངུལ་གྱིས་སྤྲས་པའི་དྲིལ་བུ་གཡེར་ཁས་གཤིབས་པའི་གོས་དག་ལ་ཁྱིམ་པའི་ཡིན་ནོ་སྙམ་དུ་ཤེས་པར་བྱས་ནས་ཀྱང་མི་རྟག་པར་ཉེན་པར་འགྱུར་བའི་ཡིད་ལ་བྱེད་པས་འདུག་པར་བྱའོ། །སེང་གེའི་ཁྲི་དེ་ལ་ནོར་བུས་སྤྲས་པ་གསེར་དངུལ་གྱིས་བརྒྱན་པ་དག་ལ་ཡང་མི་རྟག་པས་ཉེན་པ་ཡིད་ལ་བྱེད་པས་འདུག་པ་ལ་ཉེས་པ་མེད་དོ། །སེང་གེའི་ཁྲི་ལ་གོས་གསེར་དངུལ་གྱིས་བརྒྱན་པ་བཤམས་པ་དེ་དག་དགེ་སློང་གིས་དྲུབ་པར་བྱ་སྟེ་རེག་པའི་ཉེས་པར་མི་འགྱུར་རོ། །བི་མ་ལས། ཆར་པ་འབབས་ཏེ་དྲུང་ན་ཁྱིམ་པ་མེད་ནའོ། །ཁྱིམ་པ་དང་དགེ་ཚུལ་མེད་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག་པ་རྣམས་ཀྱིས་ཆོས་དང་ལྡན་པའི་དོན་གྱི་དབང་གིས་རེག་པ་ལ་མི་རུང་བ་ཉིད་མེད་དོ། །འདི་དང་དེ་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག་ན་ཉེས་པ་མེད་དོ། །ཞེས་སྔར་སྨོས་པའི་ཁྱད་པར་གང་ཞེ་ན། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དེས་མདོ་སྔ་མས་ནི་ཁྱིམ་པ་དང་དགེ་ཚུལ་ཡོད་མེད་གང་ཡང་མ་གསུངས་ལ། བྱ་བ་ཆོས་ལྡན་ཡིན་མིན་གསལ་བར་མ་གསུངས་པ་ལས། (༡༤༩བ)


K8Z003_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ཕྱི་མ་འདིར་ཁྱིམ་པ་དང་དགེ་ཚུལ་མེད་ན་ཞེས་པ་དང་། ཆོས་དང་ལྡན་པའི་དོན་གྱི་དབང་ཉིད་ཀྱིས་ཞེས་རྒྱས་པར་བཤད་པའོ། །ཁྱད་པར་གཞན་ཡང་མདོ་སྔ་མ་ནི་ལོངས་པའི་གཞིར་གཏོགས་ཀྱི་ལུང་རྣམ་འབྱེད་ལས་བསྡུས་པ་དང་། མདོ་ཕྱི་མ་ནི་གནས་མལ་མ་བསྡུས་པའི་ལུང་རྣམ་འབྱེད་ལས་བསྡུས་སོ། །སངས་རྒྱས་ཀྱི་སྐུ་གཟུགས་དེའི་རྫས་རིན་པོ་ཆེའི་རྒྱན་ལ་སོགས་པ་ཡང་རང་གིས་རེག་པ་ལ་མི་རུང་བ་ཉིད་དོ། །བཞི་པ་ལ། རྒྱགས་པ་དང་འབྲེལ་བསླབ་བྱ་དང་། །རྒོད་བག་དང་འབྲེལ་བསླབ་བྱའོ། །དང་པོ་ནི། དགེ་སློང་གིས་རྒྱན་གང་ཡང་གདགས་པ་བསྟེན་པར་མི་བྱའོ། །ལུང་ལས། དགེ་སློང་གིས་རྫས་གཞན་གྱིས་བརྐུས་ནས་ཇི་ཙམ་ལོན་མ་ཚོར་བ་ལ་གསུངས་པ་རྒྱ་བཅང་བར་བྱའོ། །རྒྱ་དེ་རྣམ་པ་ཇི་ལྟ་བུས་བཅང་ཞེ་ན། རྒྱན་གདགས་སུ་མི་རུང་བའི་རྣམ་པ་དེ་ལྟ་བུའི་རྒྱ་བཅང་བར་བྱའོ། །རྒྱ་དེ་ཅི་ལ་བྱ་ན་རོ་ཉེའམ་ཟངས་སམ་ར་གན་ནམ་མཁར་བའམ་རྒྱ་སྐྱེགས་ཀྱི་ཚིག་མའམ་ཤིང་ངམ་རྡོའམ་སའམ་བ་སོའམ་རྭ་དག་ལས་བྱས་པའོ། །ཊཱི་ཀར། དེ་ཡང་རིན་པོ་ཆེ་ལས་གཞན་པའི་རྫས་ཀྱི་དཔེ་ཡིན་ནོ། །ཞེས་སོ། །རྟགས་ནི་དགེ་འདུན་གྱི་རྒྱ་ལ་ནི་དབུས་སུ་འཁོར་ལོ་དང་། དེའི་ངོས་གཉིས་སུ་ནི་རི་དྭགས་གཉིས་བྲི་བར་བྱའོ་ཞེས་ཊཱི་ཀ་ལས་སོ། །རྒྱས་བཏབ་པའི་རི་དྭགས་ཀྱི་གཟུགས་དེ་ནི་དགེ་སློང་གིས་གཞིག་ཏུ་མི་རུང་སྟེ། སེམས་ཅན་གྱི་གཟུགས་སེམས་ཅན་མ་ཡིན་པ་ལ་ནི་ཉེས་བྱས་བྱེད་པ་ཉིད་དོ་ཞེས་པ་དང་། འགྲེལ་ཆུང་ལས། སྨན་རི་ཁ་ར་ལ་སེམས་ཅན་གྱི་གཟུགས་ཡོད་པ་དགེ་སློང་གིས་གཞིག་ཏུ་མི་རུང་བར་བཤད་པ་དང་མཚུངས་སོ། །དེས་ན་ཁྱིམ་པ་ལ་སོགས་པས་གཞིག་ཏུ་འཇུག་པར་དོན་གྱིས་གོའོ། །དེའི་འོག་ཏུ་གཙུག་(༡༥༠ན)


K8Z003_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་གི་བདག་པོའི་མིང་བྲིའོ། །གང་ཟག་གི་རྒྱ་ལ་ནི་མིའི་ཀེང་རུས་སམ་མིའི་མགོའི་ཐོད་པ་བྲི་བར་བྱའོ། །དགེ་སློང་གིས་སོ་མང་གིས་སྐྲ་ཤད་པར་མི་བྱའོ། །སོ་མང་དེ་ནི་དཔེའམ་མཚོན་པ་ཙམ་ཡིན་ཏེ། སྨྱུག་ཤད་ལ་སོགས་པ་སྐྲ་ཤད་པའི་རྫས་གཞན་གྱིས་ཀྱང་སྐྲ་ཤད་པར་མི་བྱའོ། །མེ་ལོང་གིས་བཞིན་བལྟ་བར་མི་བྱའོ། །ཐ་ན་ཆུ་ཡན་ཆད་ནས་འབྲུ་མར་དང་གཟུགས་བརྙན་སྣང་བའི་རིན་པོ་ཆེ་མན་ཆད་ཀྱིས་སོ། །ཆུ་ལ་སྲོག་ཆགས་ཡོད་མེད་བརྟག་པའི་ཆེད་ཉིད་དང་། རྨ་དང་། མཉེར་མ་དང་། སྐྲ་དཀར་ལྟ་བ་དང་། ལུས་ཀྱི་གནས་སྐབས་སྔ་ཕྱིའི་མཚན་མ་བཟུང་བའི་ཆེད་དུ་མེ་ལོང་ལ་བཞིན་ལྟ་བ་ལ་ནི་ལྟུང་བ་མེད་དོ། །གཞི་འགྲེལ་ལས། འཕྲལ་རིས་གསུམ་ནི་དཔྲལ་བའི་ཕྱོགས་སུ་ཐལ་བའི་རི་མོ་གསུམ་བྱས་པའོ་ཞེས་སོ། །དེའི་ཕྱིར་འཕྲལ་རིས་གསུམ་བལྟ་བར་མི་བྱའོ། །ཊཱི་ཀར། དཔྲལ་བར་ས་དཀར་གྱི་རི་མོ་གསུམ་བྲིས་པའོ། །ཞེས་སོ། །ལུགས་འདི་བྲམ་ཟེའི་ལུགས་ཡིན་ལ། མུ་སྟེགས་དབང་ཕྱུག་པ་དག་ཤ་ཁྲག་ཟོས་རིམ་གྱིས་ཞག་ཁར་ཆགས་པ་ཁའི་སྒོ་ནས་ལག་པའི་སོར་མོ་གསུམ་གྱིས་དཔྲལ་བ་སོགས་ལུས་ལ་བྱུག་པ་ཡོད་ཅིང་། དེའི་ཕྱིར་ཟོས་རིམ་གྱི་ཞག་མ་ཞག་གི་ཟོས་རིམ་ཞེས་བསྙད་པ་ཡིན་ཞེས་གྲུབ་པའི་སྐྱེས་ཆེན་ཀརྨ་པཀྵིས་མ་མོའི་ཡིན་ལུགས་སུ་གསུངས་པ་ཡང་ཡ་མཚན་པའི་གསུང་ཞར་ལས་འོངས་པའོ། །ལུང་ཕྲན་ཚེགས་ལས། གིའུ་ཝཾ་གི་ཐིག་ལེ་དག་གིས་བརྒྱན་པར་མི་བྱའོ་ཞེས་གསུངས་ཤིང་། ལུང་དེའི་འགྲེལ་པ་ལས། གིའུ་ཝཾ་གིས་དཔྲལ་བའི་ཕྱོགས་སུ་ཐིག་ལེ་བྱས་ནས་བྱས་སོ་ཞེས་སོ། །དེ་ནི་མཚོན་པ་སྟེ་རང་གི་ལུས་ཀྱི་ཕྱོགས་གང་དུ་ཡང་གིའུ་ཝང་གི་བསྐུ་བ་བསྟེན་པར་(༡༥༠བ)


K8Z003_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱའོ། །ཉིད་བཤད་དུ་གསོ་བའི་ཆེད་དུ་ནི་གིའུ་ཝང་གི་བསྐུ་བ་བསྟེན་པར་བྱའོ་ཞེས་སོ། །ཡོན་ཏན་འོད་མར། གི་ཝང་ནི་དྲི་བསུང་ཞིམ་པོ་གླང་པོ་ཆེའི་ལྟོ་ནས་འོངས་པའོ་ཞེས་བཤད་དོ། །གླང་གཞན་གྱི་ལྟོ་བ་ནས་འབྱུང་བས་ཀྱང་དེའི་གོ་ཆོད་མི་ཆོད་བརྟག་དགོས་ལ། གསང་སྔགས་བླ་མེད་དུ་བཞི་མཉམ་ཞེས་པའང་གིའུ་ཝང་སྟེ་རླུང་མཁྲིས་བད་ཀན་འདུ་བ་བཞི་ཆ་མཉམ་པར་བྱེད་པའི་ཕྱིར་བཞི་མཉམ་མོ། །ཁ་ཅིག་ཙནྡན་དཀར་པོ་དང་ག་བུར་དང་གླ་རྩི་དང་སིཧླ་དང་བཞི་དང་མཉམ་པས་བཞི་མཉམ་དུ་འཆད་པ་ནི་ནོར་རོ། །དེར་མ་ཟད་ཙནྡན་ལ་སོགས་པའི་དྲི་དག་གིས་ཀྱང་ལུས་ལ་བསྐུ་བར་མི་བྱའོ། །ཊཱི་ཀར། གསོ་བའི་ཆེད་ནི་མ་གཏོགས་སོ། །ཞེས་སོ། །སྦྱིན་བདག་བསོད་སྙོམས་འདོད་པས་དགེ་སློང་གི་རྐང་པ་གཉིས་ལ་ལུས་བསྐུ་བ་ཙནྡན་ལ་སོགས་པའི་དྲིས་བསྐུད་པ་བསྟེན་པར་མི་བྱའོ། །བདག་གི་རྗེ་བཙུན་གྱི་ཞལ་ནས། འདུལ་བའི་དགོངས་པ་གདུལ་བྱ་མ་དད་པ་བཟློག་པའི་ཆེད་ཡང་གཙོ་བོས་རྒྱ་གར་ལྟ་བུ་ན་རྐང་པ་ཙནྡན་གྱིས་བྱུག་པ་ལ་སོགས་ལ་མི་མཛེས་པ་མེད་པ་ཡུལ་ཆོས་ཀྱིས་སྲིད་མོད། བོད་སོགས་ན་དེ་ལྟར་བྱེད་པ་ཤིན་ཏུ་མི་མཛེས་ཤིང་། མ་དད་པ་སྐྱེ་བའི་རྒྱུར་འགྲོ་བས་དགག་པ་ལ་ནན་ཏན་དུ་བྱའོ་ཞེས་གསུངས་སོ། །སྦྱིན་བདག་བསོད་ནམས་འདོད་པ་དེའི་མདུན་དུ་དྲི་བཟང་དེ་འདོར་བར་མི་བྱའོ། །དྲི་བཟང་པོ་དེ་དག་ནི་སྦྱིན་བདག་གི་ངོར་རམ། ནད་གསོ་བའི་ཕྱིར་དགེ་སློང་གིས་ལུས་ལ་བསྐུས་པ་ན་དགེ་སློང་དེ་དགེ་འདུན་གྱི་ནང་དུ་འདུ་བར་མི་བྱའོ། །དེས་བསྐུས་ན་ཁྱིམ་བདག་ལ་ཆོས་བསྟན་པར་མི་བྱའོ། །དེས་བསྐུས་པ་ན་ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །བསྐུས་པའི་མཐར་མཇུག་ཏུ་ཁྲུས་བྱའོ། །ལུང་ལས། ནད་སོས་པ་ན་ཁྲུས་(༡༥༡ན)


K8Z003_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་ཞེས་སོ། །དྲི་བཟང་དེ་དག་སྦྱིན་བདག་གིས་ཕུལ་བ་ན་དགེ་སློང་གིས་བླང་བར་བྱའོ། །མེ་ཏོག་གི་ཕྲེང་བ་སྐུད་པ་ལ་རྒྱུ་བའམ་བརྒྱུས་པ་དག་ཀྱང་འབུལ་ན་བླང་ངོ་། །དྲི་བཟང་པོ་དང་ཕྲེང་བའི་རྒྱུད་བླངས་པ་དེ་གཉིས་ནི་མཆོད་རྟེན་ལ་དབུལ་བར་བྱའོ། །དྲི་བཟང་པོ་དང་མེ་ཏོག་གི་ཕྲེང་རྒྱུད་བླངས་པ་དེ་གཉིས་སུའི་མཆོད་རྟེན་ལ་དབུལ་ཞེ་ན། ཊཱི་ཀར། སངས་རྒྱས་ལ་མ་ཟད་ཉན་ཐོས་ཀྱི་ལ་ཡང་ངོ་། །དྲི་བཟང་དང་མེ་ཏོག་གི་ཕྲེང་རྒྱུད་དེ་གཉིས་མཆོད་རྟེན་ལ་ཕུལ་བས་སྦྱིན་པར་བྱེད་པ་མངོན་པར་མ་དད་ན་རང་གི་མགོ་ལོགས་སམ་རྐང་ལོགས་སུའོ་སྟེ། ལུང་དུ་སྔས་དང་ཉེ་བའམ། རྐང་པ་དང་ཉེ་བར་བཞག་པར་བྱའོ་ཞེས་སོ། །དྲི་བཟང་པོ་དང་ཕྲེང་རྒྱུད་དེ་གཉིས་ཕྱོགས་གང་དུ་བཞག་པར་བྱ་ཞེ་ན། སྒོའི་བྱང་གཏད་སྒོའི་དྲང་ཐད་དུ་མ་ཡིན་པར་རོ་ཞེས་པ་སྒོ་ཕྱེ་མ་ཐག་ཏུ་མཐོང་བར་འགྱུར་བ་མ་ཡིན་པ་སྟེ། སྒོའི་གཡས་ཕྱོགས་སམ་གཡོན་ཕྱོགས་ཀྱི་ངོས་སུ་བཞག་པར་བྱའོ། །དེ་གཉིས་གཞི་གང་ལ་བཞག་ན་རྩིག་པ་ལའོ། །དྲི་བཟང་པོ་ནི་གནས་ཁང་གི་རྩིག་པ་ལ་བྱུག་པར་བྱའོ། །མེ་ཏོག་གི་ཕྲེང་རྒྱུད་ནི་གནས་ཁང་གི་རྩིག་པ་དེར་ཁབ་བམ་ཚེར་མ་བཙུགས་པ་ལ་དཔྱོངས་ཏེ་བཞག་པར་བྱའོ་ཞེས་ལུང་ལས་གསུངས་པའོ། །དེའི་ཕྱིར་དེར་ཁབ་བམ་ཚེར་མ་བཙུགས་པ་ལ་ཕྲེང་བ་བརྒྱུས་པ་དག་དཔྱོང་བར་བྱའོ། །མིག་ལ་ཕན་པའི་སྨན་དྲི་ཞིམ་པོ་དུས་དུས་སུ་བསྣམ་པར་བྱའོ། །བྲམ་ཟེའི་སྲད་བུ་ཐོགས་པ་བསྟེན་པར་མི་བྱའོ། །སྐུད་པ་འདི་ལ་ཚངས་པའི་སྐུད་པ་ཟེར་ཏེ། མཆོད་སྦྱིན་གང་བྱས་ཚངས་པའི་གོ་འཕང་གི་དགེ་བ་ལ་འགྱུར་བའི་ཕྱིར་སྐུད་པ་འདི་ལུས་ལ་བཅང་བ་སྟེ། དེའི་ཕྱིར་སྐུད་པ་འདིའི་མིང་ལ་མཆོད་ཕྱིར་ཐོགས་སམ། མཆོད་སྦྱིན་དག་བྱེད་དུ་བསྙད་པ་ཡིན་ནོ། །ཊཱི་ཀར། མཆོད་སྦྱིན་གྱི་དག་(༡༥༡བ)


K8Z003_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སེ་རལ་ཕྲེང་བ་ཞེས་བཤད་ལ། སེ་རལ་ཞེས་པ་ནི་ག་ཤལ་དུ་གོན་པ་སྟེ། རོ་སྟོད་ལ་སྐུད་པ་ཁྲ་བོ་ག་ཤལ་དུ་བསྣོལ་མར་གྱོན་ཏེ་རྒྱ་གྲམ་གྱི་ཚུལ་དུའོ། །དེས་ན་བྲམ་ཟེའི་ཚངས་སྐུད་ལ་མཆོད་སྦྱིན་དག་པའི་སྔགས་ཆོག་ཡོད་པར་འདུག་གོ། །ཚོན་སྣ་ལྔའི་སྐུད་པ་ལ་སྔགས་བཏབ་པའི་སྔགས་སྐུད་ཀྱང་ཐོགས་པ་བསྟན་པར་མི་བྱའོ། །འདི་ཡང་བྲམ་ཟེའི་ལུགས་ཡིན་པས་བཀག་པར་ལུང་ལས་གསུངས་སོ། །འགྲེལ་ཆུང་ལས། སངས་རྒྱས་ཀྱི་ཆོས་ཀྱི་སྔགས་སྐུད་ལག་པར་མི་གདགས་ཞེས་སོ། །ནད་གསོ་བའི་ཕྱིར་ནི་རང་གི་དཔུང་པ་སྟེ། བར་ལྷུ་གཡོན་པར་སྔགས་སྐུད་གདགས་པར་བྱའོ། །ནད་སོས་པར་གྱུར་ནས་དེ་གར་བབ་བབ་ཏུ་མི་དོར་རོ། །གལ་ཏེ་ནད་ཀྱི་ལྷག་མ་དང་བཅས་པར་གྱུར་ན་སྔགས་སྐུད་དེ་ཆོས་གོས་ཀྱི་ཐ་མའམ་སྐེ་རགས་ལ་གདགས་སོ། །གལ་ཏེ་ནད་ཀྱི་ལྷག་མ་དང་བཅས་པར་མ་གྱུར་ན་ཀ་བའམ་རྩིག་པའི་གསེབ་ཏུ་གཞུག་གོ། །གཉིས་པ་ནི། དགེ་སློང་གིས་གར་དང་གླུ་དང་རོལ་མོ་ཀུན་ཏུ་སྤྱད་པར་མི་བྱའོ། །གར་ལ་སོགས་པ་བསླབ་པར་མི་བྱའོ། །བཟླས་པར་མི་བྱའོ། །ཞེས་པ་ནི་ལད་མོ་བཟླས་པར་མི་བྱ་ཞེས་གསུངས་སོ། །འོན་ཀྱང་འདི་ནི་གར་ལ་སོགས་པའི་བརྗེད་པ་དྲན་པར་བྱ་བའི་ཕྱིར་སྦྱང་བར་མི་བྱ་བ་སྟེ། སྐབས་འདི་ཉིད་ཀྱི་ལུང་ཕྲན་ཚེགས་དང་། དེའི་འགྲེལ་པ་ལས་བཤད་དོ། །གར་ལ་སོགས་པ་བལྟ་བའི་ཕྱིར་འགྲོ་བར་མི་བྱའོ། །དགེ་སློང་མ་ཀུན་ཏུ་གར་བྱེད་དུ་མི་གཞུག་གོ། །སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲགས་པ་དང་། རྒྱུད་ཆགས་གསུམ་པ་འདོན་པ་ལ་དབྱངས་ཀྱི་ང་རོ་བྱའོ། །ཊཱི་ཀར། གཞན་གྱི་དུས་སུ་ནི་མི་བྱ་སྟེ། གླུ་རྒྱང་གི་ཁོངས་སུ་གཏོགས་པའི་ཕྱིར་རོ། །ཞེས་སོ། །དབྱངས་ཀྱི་ང་རོ་དེ་དག་དབེན་པའི་ཕྱོགས་སུ་བསླབ་(༡༥༢ན)


K8Z003_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཐོ་འཚམས་པ་དང་། ཀུན་ཏུ་རྩེ་བ་དང་། ཀུན་དུ་ཅ་ཅོ་འདོན་པ་དང་། རྒོད་པ་དང་། དྲེགས་པ་དང་། ལུས་བསྒྱུར་བ་དང་། བརྡེག་པ་དག་མི་བྱའོ། །རྒོད་པའི་བསམ་པས་རྨ་བྱའི་ལག་འགྲོས་ལྟ་བུ་ལུས་དང་རོལ་མོའི་གླུ་དབྱངས་བྱེད་པ་ལྟ་བུ་ངག་གི་རྣམ་འགྱུར་མི་བྱའོ། །དགེ་སློང་གིས་སེམས་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་སེམས་འདྲེས་པ་ནི་རིགས་མཐུན་རྣམས་ཆ་ཆར་ཕྱོགས་གཅིག་ཏུ་སྡོམ་མོ། །དགེ་སློང་གིས་རྐང་པ་གཉིས་གྱེན་དུ་བསྒྲེང་ཞིང་། རྨ་བྱའི་ལག་འགྲོས་བྱེད་པ་ན་གནས་མལ་བསྐྱབ་པའི་བསམ་པ་དང་། རྒོད་བག་གི་བསམ་པ་སྤེལ་མར་བྱུང་ན་བསམ་པ་སྔ་མས་བྱས་པ་ཐམས་ཅད་ལྟུང་མེད་ཕྱོགས་གཅིག་ཏུ་བསྡོམ་པར་བྱ་ཞིང་། རྒོད་བག་གི་བསམ་པས་བྱས་པ་ཐམས་ཅད་ལྟུང་བ་གཅིག་ཏུ་འགྱུར་བ་ལྟ་བུའོ། །ཆང་འཐུང་བ་དག་ཕན་ཚུན་སྐམ་སྣོད་བརྒྱུད་པས་འཐུང་བ་ལྟར་དགེ་སློང་གིས་ཟས་ཀྱི་སྣོད་བརྒྱུད་པས་ཟས་ཀྱི་བྱ་བ་མི་བྱའོ། །སྣོད་གཅིག་གི་ནང་དུ་ཧུབ་རེས་མི་བྱའོ། །ཟས་བཟའ་བའི་ཚེ་གཅིག་ལ་གཅིག་ཁ་ཟས་དང་སྣོད་སྤྱད་པ་དང་བདར་ཞིང་མི་བཤུག་གོ། །མེ་ཏོག་རྣ་རྒྱན་སྐུད་པ་ལ་རྒྱུ་བར་མི་བྱའོ། །ཊཱི་ཀར། བཟོ་རྗེས་སུ་བསྒྲུབ་པར་མི་བྱའོ། །ཞེས་འབྱུང་བའི་སྤྲོས་པ་ཡིན་ནོ། །མེ་ཏོག་རྣ་རྒྱན་ལུས་ལ་གདགས་པར་མི་བྱེད་དོ། །ངོ་སོ་ལས་བྱུང་བ་གར་མཁན་གྱི་ངོར་བལྟ་ནས་བྱ་དགའ་སྦྱིན་པར་མི་བྱའོ། །དགེ་སློང་མི་རིངས་པར་བང་བརྒྱུག་པར་མི་བྱའོ། །རིངས་ན་ཉེས་པ་མེད་དོ། །མྱུར་བ་དང་མཆོང་བར་མི་བྱའོ། །བརླ་ཡ་གཅིག་བཙུགས་པ་དང་། ལག་པ་བཙུགས་པ་དང་། ཉ་ལྟར་ཕྱིས་གན་དུ་རྐྱལ་ཞིང་ལུས་བསྐོར་བ་བསྐོར་བར་མི་བྱའོ། །ཆུར་གསེག་མ་གདབ་པར་མི་བྱའོ། །ཆུར་རྫ་(༡༥༢བ)


K8Z003_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་ཁ་ཅིག་པ་ལྟར་ལག་གཅིག་གིས་བརྡུང་བ་དང་། རྔ་བོ་ཆེ་ལྟར་ལག་པ་གཉིས་ཀྱིས་བརྡུང་བར་མི་བྱའོ། །རྫ་བ་ལ་དཔྱིལ་མོ་ཉུག་པར་མི་བྱའོ་ཞེས་པ་ནི་རྫ་བ་འགྲེད་པ་མཐུར་དུ་གཞོལ་བ་ལ་ལུས་འགྲེད་ཐབས་སུ་མཐུར་དུ་གཞོལ་བར་ནུ་རུ་རུ་འགྲེད་ཅིང་འགྲོ་བར་མི་བྱ་སྟེ། འགྲེལ་ཆུང་ལས། ཆབ་རོམ་དང་ས་འགྲེད་མོ་ལ་སོགས་པ་ལ་དཔྱིལ་མོ་ཉུག་མི་བྱའོ་ཞེས་བཤད་དོ། །གླང་པོ་ཆེའི་ངུར་སྐད་དང་། རྟའི་འཚེར་སྐད་དང་། ཁྱུ་མཆོག་གི་འབོ་སྐད་དང་། རྨ་བྱའི་འགྱུར་སྐད་དང་། ཁུ་བྱུག་གི་སྐད་ལྟ་བུ་མི་དབྱུང་ངོ་། །ཁ་ནས་དུང་དང་སིང་ཀྲོལ་དང་རྔ་བོ་ཆེའི་སྐད་མི་བྱའོ། །དངོས་གཞིར་གཏོགས་པའི་ལྟུང་བྱེད་དོ། །། །བམ་པོ་ལྔ་བཅུ་པ་ལ་འཇུག་གོ། །འདུལ་བའི་མདོ་བམ་པོ་ལྔ་པ། བཅུ་པ་ཁྲུས་བྱེད་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །དེ་ཡི་སེལ་བའི་ཉེས་བྱས་བསྟན། །ལྟུང་བ་མེད་པ་བརྗོད་པ་དང་། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་ཐོ་འཚམས་པའི་སེམས་ཀྱིས་ཁྲུས་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་དད་པ་སྐྱེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྔར་ཁྲུས་བྱས་ནས་ཟླ་བ་ཕྱེད་མ་འདས་པར་འཇིག་རྟེན་ལ་གྲགས་པའི་ཆུས་ཁྲུས་བྱས་ཏེ། ལུས་ཕྱེད་ཁྱབ་པར་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ། །དེ་ལ་བཞི་སྟེ། གང་གིས་ཁྲུས་བྱ་བའི་དངོས་པོ་དང་། གང་གི་ཚེ་ཁྲུས་བྱ་བའི་དུས་དང་། གང་གིས་ཁྲུས་བྱེད་པའི་རྟེན་དང་། གང་དུ་ཁྲུས་བྱ་བའི་གནས་སོ། །དང་པོ་ལ་གཉིས་ཏེ། འཇིག་རྟེན་ལ་གྲགས་པའི་ཆུ་ཡིན་པ་དང་། ལུས་ཕྱེད་ཁྱབ་པའི་ཚད་དུ་ཆོག་པ་སྟེ། ཆུ་མ་ཡིན་པས་ཀྱང་ངོ་ཞེས་པ་དང་། ལྟེ་བར་སོན་ན་(༡༥༣ན)


K8Z003_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས་སོ། །གཉིས་པ་གང་གི་ཚེ་ཁྲུས་བྱ་བའི་དུས་ནི། ཚ་བའི་དུས་མ་ཡིན་པ་དང་། ཟླ་བ་ཕྱེད་ཕྱེད་ཀྱི་དུས་སུ་མ་ཡིན་པ་སྟེ། སོ་ག་རྣམས་ཀྱི་ལྷག་མ་ཟླ་བ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ལས་སོ་ཞེས་པ་དང་། ཊཱི་ཀ་ལས། ཟླ་བ་ཕྱེད་དང་གསུམ་པོ་དེ་དག་ལ་ཚ་བས་ཉེན་པའི་ཕྱིར་ཁྲུས་བྱེད་པ་རྗེས་སུ་གནང་སྟེ། དེ་ལས་གཞན་པའི་དུས་སུ་ཡང་ཉི་མ་དེ་ལ་ཚ་བ་སྐྱེས་ན་ཁྲུས་བྱའོ། །ཞེས་གསུངས་པ་དང་། ཞག་བཅོ་ལྔའི་མདུན་རོལ་དུ་ཁྲུས་བྱེད་ནའོ་ཞེས་གསུངས་པས་སོ། །གསུམ་པ་ལ་ལྔ་སྟེ། ན་བ་མ་ཡིན་པ་དང་། ལས་མ་བྱས་པ་དང་། ལམ་དུ་མ་སོང་བ་དང་། རླུང་གིས་མ་བསྐྱོད་པ་དང་། ཆར་གྱིས་མ་ཕོག་པ་སྟེ་གཞུང་དུ་ཤེས་པར་འགྱུར་རོ། །བཞི་པ་གང་དུ་ཁྲུས་བྱ་བའི་གནས་ནི། ཡུལ་ཨསྨ་པ་རནྟ་ལས་གཞན་ཡིན་པ་སྟེ། ཨསྨ་པ་རནྟའི་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་ཁྲུས་བྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཁྲུས་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་ཁྲུས་བྱེད་པའི་ཆུས་ལུས་ཕྱེད་ཁྱབ་པ་སྟེ། རྣམ་འབྱེད་འགྲེལ་པ་ལས། ལྟེ་བར་སོན་ནའོ་ཞེས་བྱ་བ་ནི་ལུས་ཀྱི་ཕྱེད་གཤེར་ན་ཁྲུས་རྫོགས་པ་ཡིན་པས་ལྟུང་བྱེད་དུ་བསྟན་ཏོ་ཞེས་སོ། །གཉིས་པ་ནི། གཞན་གྱི་དུས་སུ་ཞེས་སྐབས་འདིའི་འོག་ནས་འབྱུང་བས། གང་ལས་གཞན་གྱི་དུས་སུ་ཁྲུས་བྱེད་ན་ཞེ་ན། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས། དབྱར་ཟླ་ར་བའི་ཚེས་གཅིག་ནས་དབྱར་འབྲིང་ཉའི་བར་དང་། དབྱར་རྣམས་ཀྱི་དང་པོ་ནི་དབྱར་འབྲིང་པོའི་ཚེས་བཅུ་དྲུག་ནས་དབྱར་ཟླ་ཐ་ཆུང་གི་ཉའི་བར་ཟླ་བ་གཅིག་སྟེ། དེ་ལྟར་ན་ཚ་བའི་དུས་ཟླ་བ་ཕྱེད་དང་གསུམ་པོ་དེ་ལས་གཞན་གྱི་དུས་སུ་ཁྲུས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀར། ཟླ་བ་(༡༥༣བ)


K8Z003_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་གསུམ་པོ་དེ་དག་ལ་ཚ་བའི་གཉེན་པོའི་ཕྱིར་ཁྲུས་བྱེད་པ་རྗེས་སུ་གནང་སྟེ། དེ་ལས་གཞན་པའི་དུས་སུ་ཡང་ཉི་མ་དེ་ལ་ཚ་བ་སྐྱེས་ན་ཁྲུས་བྱའོ། །ཞེས་སོ། །དགེ་སློང་གང་ལ་འདིའི་ལྟུང་བར་འགྱུར་ཞེ་ན། གོས་མེད་པའི་ཟས་གཉིས་པ་རྙེད་པ་ཡང་ཡང་ཟ་བའི་རྣམ་པ་གང་ཡིན་པ་ལ་སྟེ། དགེ་སློང་གིས་ན་བ་མ་ཡིན་པ་དང་། ལས་མ་བྱས་པ་དང་། ལམ་དུ་མ་སོང་བར་ཁྲུས་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཟློག་པ་ལ་ཉེས་པ་མེད་དོ། །དགེ་སློང་ལ་རླུང་གིས་མ་བསྐྱོད་པ་ལ་ལྟུང་བ་འདིར་འགྱུར་རོ། །བསྐྱོད་པའི་ཚད་ནི་གོས་ཀྱི་མཐའི་གྲྭ་བསྒུལ་བ་ནི་བསྐྱེད་པ་དེའི་མཐའ་ཡིན་ནོ། །དགེ་སློང་ལ་ཆར་གྱིས་མ་ཕོག་པ་ལ་ལྟུང་བ་འདིར་རོ། །ཉིད་བཤད་ལས། ཆུ་ཀླུང་བརྒལ་བ་ལ་སོགས་དུས་དེ་ཉིད་དུ་ལྷག་པར་གནས་ཏེ་ཁྲུས་བྱའོ་ཞེས་སོ། །ཆར་ཕོག་ཚད་ནི་ཆར་དེའི་ཐིགས་པ་གཉིས་ཀྱིས་ཕོག་པའོ། །གོས་ལ་ཕོག་པས་མིན་ཏེ་ལུས་ལའོ། །གཞན་གྱི་དུས་སུ་ཁྲུས་གནང་བའི་དུས་ཀྱི་ཉིན་མོ་ནི་ཁྲུས་སྔ་མ་བྱས་ནས་ཞག་བཅོ་ལྔའི་ཉིན་མོའམ། དེའི་ཉིན་མོ་ཁྲུས་མ་བྱས་ན་དེའི་མཚན་མོ་ཡང་ཁྲུས་བྱེད་དུ་གནང་བའོ། །དེ་ལྟར་གནང་བའི་ཁྲུས་ཀྱི་ཉིན་མོ་མ་ཡིན་པ་སྟེ། ཁྲུས་སྔ་མ་བྱས་ན་ཞག་བཅོ་ལྔའི་མདུན་རོལ་ཁྲུས་བྱེད་ན་ལྟུང་བྱེད་བསྐྱེད་པའོ། །ཁྲུས་ཀྱི་ཚུལ་ཅིས་ལྟུང་བྱེད་དུ་འགྱུར་ཞེ་ན། བུམ་པ་ལ་སོགས་པས་སྤྱི་བོ་ནས་དབང་བསྐུར་བའི་ཚུལ་གྱིས་སམ། ཆུའི་ནང་དུ་རང་གི་ལུས་འཇུག་པས་སོ། །ལུས་ཀྱི་ཇི་ཙམ་དུ་སླེབས་ན་ལྟུང་བྱེད་དུ་འགྱུར་ཞེ་ན། ལྟེ་བར་སོན་ནའོ། །གཉིས་པ་ནི། ཉིད་བཤད་ལས། ལྟེ་བར་མི་ཕྱིན་པའི་མདུན་རོལ་དུ་ཅི་ཞིག་རྟོགས་པར་བྱ་ཞེ་ན། ལྟེ་བར་མ་ཕྱིན་པའི་མདུན་རོལ་དུ་ནི་སྦྱོར་བའི་ཉེས་བྱས་སོ། །འཇིག་རྟེན་ན་གྲགས་པའི་ཆུ་མ་ཡིན་པ་འབྲུ་མར་སོགས་(༡༥༤ན)


K8Z003_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་འཁྲུ་ན་ཉེས་བྱས་སོ། །གནང་བའི་རྐྱེན་ཅན་གྱི་བཅས་པ་ཐམས་ཅད་ལ་ལྟུང་བ་རྣམ་གཞག་གནང་བ་འབྱུང་བའི་དུས་དག་ཡོད་ཀྱང་། དུས་བྱིན་གྱིས་བརླབ་དགོས་པའི་ཚེ་ན་བྱིན་གྱིས་མ་བརླབས་ན་བསླབ་བྱའི་ཉེས་བྱས་བསྐྱེད་དོ། །གསུམ་པ་ནི། ཁྲུས་ལས་དོན་གཞན་ཆུ་བརྒལ་བ་སོགས་ལ་གཞོལ་བས་དྲི་མ་དག་ཀྱང་ཆུ་ཉམས་སུ་མྱོང་བ་ནི་ཁྲུས་མ་ཡིན་ནོ། །ཁྲུས་མ་ཡིན་པ་དེའི་ཕྱིར་མ་བསམས་པར་བརྒལ་བ་དང་། བརྒྱལ་བ་ལ་ཆུ་གྲང་མོ་གདབ་པ་དག་ལ་ནི་དྲི་མ་དག་ཀྱང་ལྟུང་བ་མེད་དོ། །ལུང་ལས། ཡུལ་རྡོ་ཅན་ཞེས་འབྱུང་བ་ཨསྨ་པ་རནྟའི་ཡུལ་དག་ན་ནི་རྟག་ཏུ་ཁྲུས་བྱེད་ཀྱང་ལྟུང་བ་འདི་མེད་པར་ཤེས་པར་བྱའོ། །བཞི་པ་ནི། ཊཱི་ཀ་ལས། འདི་ནི་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་ཏེ། ཞེས་སོ། །ཆོ་ག་བཙན་པོ་ནི་བཀས་བཅད་དམ་པོ་སྟེ་ཞེས་ཊཱི་ཀ་ལས་གསུངས་པས། དགག་སྒྲུབ་སྤྱིར་བཏང་ལ་བརྟེན་པར་ནུས་པ་ཡོད་ན་ཐམས་ཅད་དུ་ཡང་བག་ཡངས་སུ་བྱ་བ་གནང་བ་དམིགས་བསལ་ལ་བརྟེན་པར་མི་བྱའོ། །ཆར་གྱིས་ཕོག་ན་འཁྲུར་གནང་ངོ་ཞེས་བཅས་པའི་ཕྱིར། ཆེད་ཀར་ཆར་གྱིས་ཕོག་པར་བྱས་ཏེ་ཁྲུས་མི་བྱ། ཡུལ་མཐའ་འཁོབ་ཏུ་ལྔའི་ཚོགས་ཀྱིས་བསྙེན་རྫོགས་གནང་བ་ལས་བཅུ་ཚོགས་མཆིས་བཞིན་དུ། ལྔ་ཉི་ཚེས་ཆོག་ཅེས་ཏེ། ལྔ་ཚོགས་ཀྱིས་བསྙེན་རྫོགས་མི་བྱ། དཔེ་བཤད་པ་འདི་གཉིས་དང་འདྲ་བར་ཅི་བྱའོ་ཅོག་ཐམས་ཅད་ལ་གནང་བའི་ཚིག་ལ་བརྟེན་ཏེ་སླ་ཆོས་སུ་བསྒྲུབ་པར་མི་བྱའོ་ཞེས་ཡོན་ཏན་འོད་མར་རོ། །འདིར་སྨྲས་པ། གང་གིས་གྲོལ་དང་གྲོལ་བ་མ་ཡིན་པའི། །རྒྱུ་ལ་ནན་ཏན་བྱ་བ་ཉིད་དུ་བྱས། །དེ་སླད་བླུན་པོའི་ལམ་ལས་ཕྱིར་ཕྱོགས་ཏེ། །རྨོངས་མུན་ཁྲོད་དུ་ཡོངས་འཛིན་མ་བཙལ་ལོ། །ཚིག་རྩུབ་གཤིན་རྗེའི་ལྕེ་ལས་ཚ་བ་དང་། །ལྷ་མིན་དབང་པོ་ལས་ནི་ཕྲག་དོག་ཅན། །མེས་པོས་(༡༥༤བ)


K8Z003_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འགྲན་མེད་མངོན་པའི་ང་རྒྱལ་བྱེད། །འདི་འདྲས་དྲགས་པོའི་སྒྲུབ་བརྒྱུད་རྨེད་ནས་བརླག །ཙནྡན་ཡལ་འདབ་ལས་ནི་བརྩེ་བའི་གྲིབ། །ཟླ་ཤེལ་ལས་ནི་དྲི་བྲལ་བསམ་པ་གསལ། །དེ་ལྟས་སྲིད་པའི་ཉམ་ཐག་མ་བཟོད་ནས། །དྭགས་པོའི་རྗེས་འཇུག་བདག་གིས་འདུལ་བ་སྦྱངས། །ཁྲུས་བྱེད་པའི་ལྟུང་བྱེད་དོ། །། །བཅུ་ཚན་བདུན་པའི་དང་པོ་དུད་འགྲོ་གསོད་པ་ལ། ལྟུང་བའི་རྣམ་པར་བཞག་པ་དང་། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བྱ་རོག་བསད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དུད་འགྲོའི་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྲོག་ཆགས་དང་བཅས་པའི་ཆུ་ལྟ་བུ་གཞི་མའི་ཞར་ལ་སྲོག་ཆགས་འཆི་བར་འགྱུར་བའི་བྱ་བ་བྱེད་ཅིང་། ཤི་ན་དུད་འགྲོའི་འདེབས་སྤྱོད་ཀྱི་ལྟུང་བ་གཞན་དུ་འགྱུར་བས། འདིར་ནི་དུད་འགྲོ་དེ་གཞི་མ་ཆུ་དང་ཤིང་དང་ལྕི་བ་ལ་སོགས་པའི་ཞར་ལ་མ་ཡིན་པར་གསོད་སེམས་ཀྱིས་རང་ངམ་བསྐོས་པས་བསད་དེ། དུད་འགྲོ་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། དུད་འགྲོ་ཡིན་པ་དང་། གཞི་མའི་ཞར་ལ་སྲོག་ལ་མ་བལྟོས་པར་འཇུག་པའི་ཡུལ་ལས་གཞན་ཡིན་པ་སྟེ། གཞན་དུ་ན་དུད་འགྲོ་འདེབས་སྤྱོད་ཀྱི་ལྟུང་བ་གཞན་དུ་འགྱུར་བའི་ཕྱིར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ། གོས་འཆང་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །ཀུན་སློང་ནི་དུད་འགྲོ་གསོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་དུད་འགྲོ་གསོད་པར་ཞུགས་པའོ། །མཐར་ཐུག་ནི་དུད་འགྲོའི་སྲོག་གི་དབང་པོ་འགགས་པ་སྟེ་ཤི་ནའོ་ཞེས་སོ། །གཉིས་པ་ནི། གང་བྱས་ན་དུད་འགྲོ་(༡༥༥ན)


K8Z003_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། བསམ་པ་གསོད་པའི་སེམས་ཀྱིས་གཞི་དུད་འགྲོ་ལ་སྦྱོར་བ་མཚོན་བསྣུན་ན་སྟེ། དུག་ལ་སོགས་པས་ཀྱང་ངོ་། །མཐར་ཐུག་གཞི་འམ་སྦྱོར་བ་དེས་བསྣུན་པ་དེའི་ཚེའམ་དུས་ཕྱིས་གཞན་གྱི་ཚེ་ཤི་ནའོ། །གཉིས་པ་ནི། ཞུ་བ་ལས། སེམས་ཅན་གྱི་གཟུགས་ཤིང་ངམ་ས་ལས་བྱས་པའམ་རི་མོ་ལ་སོགས་པ་སེམས་ཅན་མ་ཡིན་པ་ལ་བསྣུན་ན་ནི་ཉེས་བྱས་ཀྱི་བྱེད་པོ་ཉིད་དོ། །དུད་འགྲོའི་གཟུགས་ལ་བསྣུན་ན་ནི་འདིར་གཏོགས་པའི་ཉེས་བྱས་སུ་འགྱུར་ལ། མི་དང་མི་མིན་གྱི་གཟུགས་ལ་བསྣུན་ན་ནི་མི་གསོད་པར་གཏོགས་པའི་ཉེས་བྱས་སུ་འགྱུར་རོ་ཞེས་ཊཱི་ཀ་ལས་སོ། །དེ་དག་ལྕི་ཡང་གཉིས་སུ་དབྱེ་སྟེ། བསམ་པའི་ཁྱད་པར་ཞེ་སྡང་གིས་བསྣུན་ན་ཉེས་པ་ལྕི་བ་དང་། དངོས་པོའི་ཁྱད་པར་འཕགས་པའི་སྐུ་གཟུགས་ལ་བསྣུན་ཅིང་འཇིག་ན་ཉེས་པ་ཆེས་ལྕི་བའོ། །གཞན་དུ་ན་ཡང་བའོ། །འདིར་སྨྲས་པ། ཐེག་ཆེན་འཕགས་པའི་གོ་འཕང་ཐོབ་བོ་ལོ། །ཁྱིམ་པའི་འཁོར་བསྡུས་མི་དགེ་བཅུ་ལ་སྤྱོད། །གང་དུ་གནས་ཀྱང་དུད་འགྲོ་གསོད་བྱེད་ན། །འདི་འདྲའི་ཐེག་ཆེན་འཕགས་པ་ངོ་མཚར་ཆེ། །རྡོ་རྗེ་ཐེག་པའི་བདེན་པ་གཟིགས་སོ་ཟེར། །གདོལ་པའི་རྗེས་ཞུགས་གླུ་གར་ལ་སོགས་བྱེད། །སྲོག་གི་མཆོད་སྦྱིན་དག་གིས་ཉེ་བར་འཚོ། །ཚུལ་འདིས་རྡོ་རྗེའི་གྲུབ་ཐོབ་ཀྱེ་མ་ཧུད། །འབགས་པ་བཀྲུས་ཤིང་སྡོམ་ལ་གནས་སོ་སྐད། །གྲྭ་ས་རང་ཡུལ་གཉིས་ཀར་གོ་མཚོན་ཐོགས། །ཉམ་ཆུང་དུད་འགྲོའི་ཚོགས་ནི་ཕྱེ་མར་བྱེད། །སྤྱད་པ་འདི་འདྲ་ཤཱཀྱའི་བསྟན་པ་ཅི། །ཐེག་ཆེན་ཚོགས་ལམ་ཆེན་པོ་ཐོབ་པ་ཡི། །སེམས་དཔའི་ལུས་ལས་བྱུང་བའི་རླུང་དག་གིས། །གར་ཁྱབ་སེམས་ཅན་གཅིག་གིས་གཅིག་ཤོས་ལ། །འཚེ་བ་མི་སྲིད་དུད་འགྲོ་དམྱལ་སོགས་ཅི། །གསང་ཆེན་གྲུབ་པའི་སྦྱོར་ལམ་ཐོབ་པ་(༡༥༥བ)


K8Z003_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །དུད་འགྲོ་ལ་སོགས་སྲོག་བྲལ་ཉེ་བ་ན། །ལྟ་སྟངས་ཙམ་གྱིས་ཀུན་ཀྱང་གསོ་བར་བཤད། །སྡུག་བསྔལ་གྱིས་མནར་དུད་འགྲོར་ཅི་ལ་འཚེ། །བསྟན་ལ་ཞུགས་ན་སེམས་ཅན་རེ་རེའི་ཕྱིར། །སྙིང་རྗེས་དྲངས་པའི་ཡིད་ཀྱི་མཆི་མ་དང་། །བཅས་ཏེ་ཕན་འདོགས་བྱེད་པ་མ་གཏོགས་པ། །གཞན་ལ་འཚེ་དེས་ཐར་པ་གང་ལས་གྲུབ། །ཆོས་འདི་ཆོས་བཞིན་བྱེད་པ་སུ་ཡང་མེད། །ཆོས་མིན་ཆོས་སུ་བཅོས་ནས་རང་གཞན་ཀུན། །ཆོས་པའི་ཆོས་སུ་འཁྲུལ་ནས་སྐྱེ་བོ་རྣམས། །ཆོས་པ་ཆོས་པའི་མཆོག་ཅེས་ཅལ་རྒྱུག་བྱེད། །དུད་འགྲོ་གསོད་པའི་ལྟུང་བྱེད་དོ། །། །གཉིས་པ་འགྱོད་པ་བསྐྱེད་པ་ལ། དངོས་གཞི་ལྟུང་བ་བརྗོད་པ་དང་། །ལྟུང་བའི་ན་སྨད་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ནི། མཉན་ཡོད་དུ་འཆར་ཀས་འགྱོད་པ་བསྐྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་རྣམ་དག་གི་དགེ་སློང་མ་ཡིན་པའི་དོན་གྱིས་འགྱོད་པ་བསྐྱེད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ། །དེ་ལ་གཉིས་ཏེ། གང་ལ་འགྱོད་པ་བསྐྱེད་པའི་ཡུལ་དང་། གང་གིས་འགྱོད་པ་བསྐྱེད་པའི་དངོས་པོའོ། །དང་པོ་ནི། ཡུལ་དགེ་སློང་ཆོས་དྲུག་ལྡན་ནོ། །གཉིས་པ་ནི། རྣམ་དག་དགེ་སློང་མ་ཡིན་པའི་དོན་གྱིས་ཏེ། ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ཅིང་ཞེས་པ་དང་། དགེ་སློང་མ་ཡིན་པའི་དོན་གྱིས་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་བཞད་གད་ཡན་ཆོད་ཀྱིས་འགྱོད་པ་བསྐྱེད་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འགྱོད་པ་བསྐྱེད་པར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །གཉིས་པ་ནི། གང་(༡༥༦ན)


K8Z003_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་འགྱོད་པ་བསྐྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ཅིང་ཕམ་པར་འགྱུར་བ་བྱུང་ངོ་ཞེས་བྱ་བ་ལ་སོགས་པས་དགེ་སློང་མ་ཡིན་པའི་དོན་གྱིས་འགྱོད་པ་བསྐྱེད་ན་ལྟུང་བྱེད་དུ་འགྱུར་རོ། །འདིར་མྱང་མཚམས་པ་ན་རེ། རྒྱ་ཆེར་འགྲེལ་མཁན་པོ་ནི་ཕམ་པས་སྡོམ་པ་མི་གཏོང་བ་ཉིད་དུ་བཞེད་དེ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་རྗེས་སུ་འབྲང་ཡང་། སློབ་དཔོན་ཡོན་ཏན་འོད་ནི་དབུས་པ་བྱེ་བྲག་ཏུ་སྨྲ་བའི་རྗེས་སུ་འབྲང་བ་སྟེ། ཕམ་པ་བྱུང་བ་ན་སྡོམ་པ་གཏོང་བར་བཞེད་པ་སྟེ། འདི་ཉིད་ལས། ཕམ་པར་འགྱུར་བ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་དགེ་སློང་མ་ཡིན་པའི་དོན་གྱིས་ཞེས་ཕམ་པ་བྱུང་བ་དེ་དགེ་སློང་མ་ཡིན་པར་གསུངས་པས་ཤེས་སོ་ཞེས་ཟེར་རོ། །དེ་ནི་ཡང་དག་པ་མིན་ཏེ། ཕམ་པར་འགྱུར་བ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་རྣམ་དག་གི་དགེ་སློང་མ་ཡིན་པ་ཞེས་དགོངས་པ་སྟེ། སློབ་དཔོན་ཡོན་ཏན་འོད་ཀྱི་བཞེད་པས་ཕམ་པ་བྱུང་བ་ཡང་དགེ་སློང་ཙམ་པོ་ནི་ཡིན་ཏེ། རང་གི་རྣམ་བཤད་ལས། ཕམ་པར་གྱུར་པ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི། དགོས་པ་མེད་པ་ཉིད་དུ་འགྱུར་ཏེ་ཞེས་གསུངས་སོ། །སུ་ལ་འགྱོད་པ་བསྐྱེད་ན་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་ལའོ། །དགེ་སློང་གིས་དགེ་སློང་མའམ་དགེ་ཚུལ་མ་སོགས་ལ་འགྱོད་པ་བསྐྱེད་ན་ཉེས་བྱས་སོ། །བསམ་པ་གང་གིས་ཞེ་ན། ཡིད་བདེ་བ་ལ་མི་རེག་པ་བསྐྱེད་པའི་སེམས་ཀྱིས་སོ། །བསམ་པ་ཐག་པས་སམ་ཞེ་ན། ཀུ་རེའམ་བཞད་གད་ཀྱིས་ཀྱང་འགྱོད་པ་བསྐྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དེས་འགྱོད་པ་མ་སྐྱེས་ན་ཡང་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ནི། དགེ་སློང་མ་ཡིན་པའི་དོན་ཞེས་སྔར་སྨོས་པ་དེ་ལ་གཞན་དགེ་འདུན་ལྷག་མ་ལ་སོགས་པའི་དོན་གྱིས་འགྱོད་པ་བསྐྱེད་ན་ནི་ཉེས་བྱས་སོ། །འགྱོད་པ་བསྐྱེད་པའི་ལྟུང་(༡༥༦བ)


K8Z003_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །གསུམ་པ་གག་ཚིལ་ལ། ལྟུང་བ་རྣམ་པར་བཞག་པ་དང་། །དེ་ཡི་ལྟུང་བ་མེད་པ་བསྟན། །ལྟུང་བ་སྐྱེད་པར་བྱེད་ཚུལ་ལོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་བཅུ་བདུན་སྡེའི་གཅིག་ལ་གཞན་བཅུ་དྲུག་གིས་གག་ཚིལ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་ལུས་དངོས་མ་ཉམས་པས་དགེ་སློང་གཞན་གྱི་ལུས་དངོས་མ་ཉམས་པ་ལ་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་རེག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་རེག་པའི་ཡུལ་དང་། གང་གིས་རེག་པའི་རྟེན་ནོ། །དང་པོ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ལུས་དངོས་ཡིན་པ་སྟེ། ལུང་ཞུ་བ་ལས། སེན་མོ་དང་སོ་དང་སྤུ་ལ་གག་ཚིལ་བགྱི་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་པས་སོ། །མ་ཉམས་པ་ཡིན་པ་སྟེ་གག་ཚིལ་བྱེད་པ་ལ་ཡང་ངོ་། །རིག་པར་བྱ་བ་ཉིད་ནི་མ་ཉམས་པའོ་ཞེས། དགེ་སློང་གཞན་གྱི་ལུས་དེ་རྨ་དང་ཁྱི་རྔོ་ལ་སོགས་པས་མ་ཉམས་པ་ཡན་ལག་ཏུ་དགོས་པ་སྤྱིར་བསྟན་ལ་གསུངས་པས་སོ། །ཕམ་པ་དངོས་སུ་བསྐྱེད་ནུས་རེག་པའི་ཆ་ནས་ལམ་གཉིས་ལས་གཞན་ཡིན་པ་སྟེ། ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་ཅེས་གསུངས་པའི་གནད་ཀྱིས་གག་ཚིལ་བྱེད་པའི་འདུན་པས་རེག་པ་ཐམས་ཅད་ལ་དགེ་སློང་གཞན་གྱི་ལམ་གཉིས་སུ་རང་གི་ཡན་ལག་གམ་མཚམས་ལས་འདས་ཏེ་རེག་ན་མཐའི་ཕམ་པ་ཉིད་ཅེས་སྦྱར་བས་སོ། །གཉིས་པ་གང་གིས་རེག་པའི་རྟེན་ནི། ལུས་དངོས་ཡིན་པ་དང་། མ་ཉམས་པ་ཡིན་པ་དང་། ཕམ་པ་དངོས་སུ་བསྐྱེད་ནུས་རེག་པའི་ཆ་ནས་རང་གི་ཡན་ལག་ལས་གཞན་ཡིན་པ་སྟེ། ཞུ་བ་ལས། (༡༥༧ན)


K8Z003_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་གིས་སེན་མོ་དང་སོ་དང་སྤུས་གག་ཚིལ་བགྱི་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་པ་དང་། ལུང་ཞུ་བ་ལས། དགེ་སློང་གིས་རྨས་གག་ཚིལ་བགྱིས་སམ། རྨ་ལ་གག་ཚིལ་བགྱི་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་ཤིང་། སྤྱིར་བསྟན་པའི་ཊཱི་ཀ་ལས། རྨ་དང་ཁྱི་རྔོ་ལ་སོགས་པ་རང་གི་ལུས་ཉམས་པས་གག་ཚིལ་བྱས་པ་ལ་ཉེས་བྱས་སུ་གསུངས་པ་དང་། ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་ཅེས་གསུངས་པའི་གནད་ཀྱིས་སྦྱར་ཏེ་སྔར་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ཏེ། འདུ་ཤེས་སྔར་བཞིན། ཀུན་སློང་ནི་རང་གར་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་གག་ཚིལ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རེག་པར་བྱེད་པའོ། །མཐར་ཐུག་ནི་རེག་པ་རྫོགས་པ་སྟེ། ཊཱི་ཀ་ལས། རེག་པ་དེ་གཉིས་ཀས་ཉམས་སུ་མྱོང་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཞེས་བཤད་དོ། །གཉིས་པ་ནི། དགེ་སློང་ལ་སོར་མོའམ། ཁུ་ཚུར་རམ། གྲུ་མོའམ། ཕྲག་པའམ། མགོའམ། གློའམ། རྒྱབ་བམ། རྐེད་པའམ། བརླའམ། པུས་མོའམ། བྱིན་པའམ། རྐང་པའི་མཐེ་བོ་ལ་སོགས་པ་དག་གིས་གག་ཚིལ་ཏེ་སྐྱི་གཡའ་བར་བྱེད་པས་རེག་ན་ལྟུང་བྱེད་དུ་འགྱུར་རོ། །འདི་ནི་ལུང་རྣམ་འབྱེད་ལས། མགོ་དང་། གློ་དང་། རྒྱབ་དང་། རྐེད་པ་དང་། བརླ་དང་། བྱིན་པ་དང་། ཐ་ན་རྐང་པའི་མཐེ་བོས་གག་ཚིལ་བྱེད་ན་ཡང་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་སོ། །འོ་ན་ཞུ་བ་ལས། དགེ་སློང་གིས་མཛུབ་མོས་གག་ཚིལ་བགྱིས་པ་མ་གཏོགས་པར་དེ་ལས་གཞན་པའི་ལུས་ཀྱི་ཕྱོགས་མགོའམ། ཕྲག་པའམ། གྲུ་མོའམ། པུས་མོ་ལ་སོགས་པ་རྣམས་ཀྱིས་གག་ཚིལ་བགྱི་ན་ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་པ་དང་། དྲི་བ་རྒྱ་ཆེར་(༡༥༧བ)


K8Z003_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་ལས་ཀྱང་། དགེ་སློང་གིས་སོར་མོས་གག་ཚིལ་བགྱིས་པ་མ་ལགས་པར་དེ་ལས་གཞན་པའི་ལུས་ཀྱི་ཕྱོགས་མགོའམ། གྲུ་མོ་ལ་སོགས་པ་རྣམས་ཀྱིས་གག་ཚིལ་བགྱི་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་སྦྱོར་བའི་ཉེས་བྱས་ལ་དགོངས་ཀྱི། འདིར་ནི་རྣམ་འབྱེད་དང་མདོ་བཏུས་གཙོའོ། །བསམ་པ་ནི་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་སོ། །གཉིས་པ་ནི། སྐྱི་གཡའ་བ་དེའི་ཕྱིར་རྨ་དང་སྒྲང་བུ་དང་འབྲུམ་བུ་དང་སྨེ་བ་དང་སྤུའི་ཚོམས་མཛུབ་མོ་བཙུགས་ཏེ་བསྟན་པ་ལ་ནི་ལྟུང་བ་མེད་དོ། །གསུམ་པ་ནི། སོར་མོ་གཅིག་ལྟ་བུ་རེག་བྱེད་གཅིག་གམ། སོར་མོ་ལྔ་ལྟ་བུ་རེག་བྱེད་དུ་མ་ཉིད་ལ་ལྟུང་བྱེད་གཅིག་ཏུ་འགྱུར་བའོ། །འདི་ནི་མདོ་རྩ་བའི་དགོངས་པ་སྟེ། ཉིད་བཤད་ལས། རེག་བྱ་དུ་མ་ཉིད་ལ་ཡང་ལྟུང་བ་གཅིག་ཁོ་ན་བསྐྱེད་པ་ཞེས་བྱ་བའི་དོན་ནོ། །ཞེས་བཤད་ཅིང་། ཊཱི་ཀ་ལས། སོར་མོ་ལ་སོགས་པ་རེག་བྱེད་གཅིག་ཉིད་ཀྱང་རུང་། དུ་མ་ཉིད་ཡིན་ཀྱང་རུང་སྟེ། ལྟུང་བ་གཅིག་ཁོ་ནར་འགྱུར། ཞེས་སོ། །འོ་ན་ལུང་། དགེ་སློང་མའི་རྣམ་འབྱེད་ལས། སོར་མོ་ལྔས་གག་ཚིལ་བྱེད་ན་ལྟུང་བྱེད་ལྔའོ། །ཞེས་གསུངས་པ་དང་། རང་གི་རྣམ་བཤད་ལས་ཀྱང་། སོར་མོ་ལྔ་དག་གིས་གག་ཚིལ་བྱེད་ན་ལྟུང་བ་ལྔར་འགྱུར་རོ། །ཞེས་བྱ་བའི་གཞུང་མཐོང་བ་ཡིན་ནོ། །རྡེག་པའི་བསླབ་པའི་གཞིའི་རྗེས་སུ་འབྲངས་ནས་སོ་སྙམ་དུ་བདག་སེམས་སོ། །ཞེས་བཤད་པ། བསྡུས་པ་ལས་ཀྱང་། གག་ཚིལ་བྱས་པ་ལ་ལྟུང་བྱེད་ཀྱང་དེ་སྙེད་དུ་འགྱུར་རོ། །ཞེས་བཤད་པ་དེ་རྣམས་ཇི་ལྟར་ཞེ་ན། མའི་རྣམ་འབྱེད་ལ་སོགས་པ་ལས་སོར་མོ་ལྔས་རེག་ན་ལྟུང་བྱེད་ལྔར་གསུངས་པ་དེ་ནི་ཀུན་སློང་ཐ་དད་ཅིང་། སྦྱོར་བ་ཐ་དད་ཀྱིས་རེག་པ་ལ་དགོངས་པ་ཡིན་ལ། ཀུན་སློང་གཅིག་ཅིང་སྦྱོར་བ་གཅིག་གིས་རེག་(༡༥༨ན)


K8Z003_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་དུ་བྱས་ན། རང་འགྲེལ་དང་ཊཱི་ཀ་ལས། རེག་བྱེད་དུ་མས་རེག་ཀྱང་ལྟུང་བ་གཅིག་ཁོ་ནར་འགྱུར། ཞེས་གསུངས་སོ། །དེ་ཡང་ལྟུང་བྱེད་གཅིག་ཁོ་ནར་འགྱུར་ཞེས་དགོངས་པ་ཡིན་གྱི། ལྟུང་བ་གཅིག་ཁོ་ནར་འགྱུར་བ་ནི་མ་ཡིན་ཏེ། སྦྱོར་བའི་ཉེས་བྱས་དང་། མཐར་ཐུག་གི་ལྟུང་བྱེད་དུ་འབྱུང་བས་ལྟུང་བ་ཐ་དད་དུ་འགྱུར་བ་མ་ཡིན་ནམ་ཅི་ཞེས་བརྗོད་དོ། །བམ་པོ་ལྔ་བཅུ་པ་ལས། རེག་བྱེད་གཅིག་གམ་དུ་མ་ཉིད་ལ་སྤྱིར་གག་ཚིལ་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞི་གཅིག་ཏུ་འགྱུར་རོ། །ཇི་སྲིད་དུ་གག་ཚིལ་བྱེད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ན་གཞི་ལ་ཐུག་གི་བར་ཉེས་བྱས། ཞེས་བཤད་དོ། །གག་ཚིལ་བྱེད་པའི་ལྟུང་བྱེད་དོ། །། །བཞི་པ་ཆུ་ལ་རྩེ་བ་ལ། ལྟུང་བའི་རྣམ་གཞག་བརྗོད་པ་དང་། །ལྟུང་བ་མེད་པ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་བཅུ་བདུན་སྡེས་ཆུ་ལ་རྩེབ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྒོད་བག་ལ་ཆགས་པ་འཕེལ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་འཇིག་རྟེན་ལ་གྲགས་པའི་ཆུ་ལྟེ་བ་ནུབ་པའི་ཚད་དུ་ཆོག་པ་ལ་རྩེའམ། རྩེར་བཅུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། འཇིག་རྟེན་ལ་གྲགས་པའི་ཆུ་ཡིན་པ་དང་། ལྟེ་བ་ནུབ་པའི་ཚད་དུ་ཆོག་པ་སྟེ། ཆུའི་ཡུལ་ལ་ཞེས་པ་དང་། ཊཱི་ཀ་ལས། ཆུའི་ནང་དུ་ལྟེ་བ་མན་ཆད་ཙམ་ནུབ་པར་ཞུགས་ཤིང། ཞེས་གསུངས་པས་ཤེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པས་རྩེ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་རྩེ་བར་ཞུགས་པའོ། །མཐར་(༡༥༨བ)


K8Z003_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་ནི་རྩེད་མོ་རྫོགས་པའོ། །གཉིས་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །དེ་ཡི་སེལ་བའི་ཉེས་བྱས་བསྟན། །གཉིས་ཀའི་སྦྱོར་བསམ་ཡན་ལག་གོ། །དང་པོ་ནི། གང་བྱས་ན་ཆུ་ལ་རྩེ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། འཇིག་རྟེན་ལ་གྲགས་པའི་ཆུའི་ཡུལ་ལ་སྦྱོར་བ་རྩེ་བ་རྗེས་སུ་བསྒྲུབས་ན་མདོར་བསྟན་པ་སྟེ་ལྟུང་བྱེད་དུ་འགྱུར་རོ། །རྒྱས་བཤད་ནི་ཞུགས་ཤིང་ནུབ་པའི་ཆུའི་འོག་ཏུ་བྱིའུ་ཟུལ་བྱེད་པ་དང་། ཆུའི་འོག་ནས་སྟེང་དུ་འབྱུང་བ་དང་། ཆུའི་ངོགས་གཞན་དུ་བརྒལ་བ་དང་། རྒྱུན་ཕྱོགས་སུ་དང་། རྒྱུན་ལས་ཟློག་པའི་ཕྱོགས་སུ་རྩོལ་བ་དང་། ཆུ་ལ་ལག་པ་གཉིས་ཀྱིས་བརྡབས་ཏེ་རྔ་བོ་ཆེ་འདྲ་བའི་སྒྲ་འབྱིན་པ་དང་། ཆུ་ལ་ལག་པ་གཅིག་གིས་བརྡབས་ཏེ་རྫ་རྔ་ཁ་ཅིག་པ་འདྲ་བའི་སྒྲ་འབྱིན་པ་དང་། ཆུར་ཞུགས་ཏེ་ཆུ་ནང་གི་གསེག་མ་ལག་པས་འཁྲབ་པ་དང་། འདི་ནས་བཟུང་སྟེ་ཆུ་སྲུབ་འདྲེན་ཅེས་པ་ཡན་ཆད་ཀྱི་བཤད་པ་འདི་དག་ནི། འགྲེལ་ཆུང་ལས། འཕེན་པ་སྟེ་ཆུ་ལ་ལག་ཆངས་ཀྱིས་གཏོར་བ་དང་། ཁོར་ཡུག་སྟེ་ཆུ་ལ་ལག་པས་བསྐོར་བ་དང་། རྡོ་རྗེ་དང་། ཞེས་པ་ཆུ་ལ་རྡོ་རྗེ་ཐབས་སུ་འཕངས་ཀྱང་རུང་། རྡོ་རྗེ་འདྲ་བར་བྲིས་ཀྱང་རུང་ངོ་། །ཁྲོན་པ་དང་ཞེས་པ་ཆུ་ལ་དྲག་ཏུ་བསྐོར་ནས་དབུས་སུ་བུ་གུ་འདྲ་བ་འབྱུང་བ་དང་། རྦ་ཀློང་སྟེ་ཆུ་འཁྱིལ་བར་བྱེད་པ་དང་། ཆུ་སྲུབ་འདྲེན་པ་སྟེ་ཆུ་ལ་རི་མོ་ཤུར་ཤུར་པོར་དྲངས་པའོ་ཞེས་བཤད་དོ། །དེ་ལྟ་བུ་དག་བྱེད་ན་སྟེ་དགེ་སློང་ཆུའི་ནང་དུ་ཞུགས་ཏེ་དེ་རྣམས་བྱེད་ན་ལྟུང་བྱེད་དངོས་གཞིའོ། །ཆུར་མ་ཞུགས་པར་སྤྱི་བོ་ནས་ཆུ་བླུགས་ཏེ་དབང་བསྐུར་བས་བུམ་པ་ལ་སོགས་པ་ཡོད་པ་ལ་ནི་དངོས་གཞིར་མ་བཞག་གོ་ཞེས་ཊཱི་ཀར་བཤད་དོ། །གཉིས་པ་ནི། ཆུར་ཞུགས་ཀྱང་བེམ་རྡོ་ལ་སོས་ལྡེར་གྱིས་བརྡེག་ན་ཉེས་བྱས་སོ། །རང་འགྲེལ་ལས། མ་ཞུགས་པ་དང་ཞུགས་(༡༥༩ན)


K8Z003_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ་ལ་བེམ་རྡོལ་གྱིས་རྡེག་པ་ལ་ནི་ཉེས་བྱས་སུ་གཏོགས་པར་བྱའོ། །ཞེས་གསུངས་སོ། །བུམ་པ་དང་། ཕྲུ་བ་དང་། རིལ་བ་དང་། ཁམ་ཕོར་ནས་འབྱུང་བའི་ཆུ་དང་། བུ་རམ་གྱི་ཁུ་བ་འཛག་པ་དང་། སྲན་ཚོད་དང་། འུ་ཤ་དང་ཤ་ཁུ་ཞེས་ལུང་དགེ་སློང་མའི་རྣམ་འབྱེད་ལས་སོ། །། ཐང་ཚ་བ་སྨན་བསྐོལ་བ་ཉིད་ཡོད་པ་ལ་རྩེ་བ་ཡང་ཉེས་བྱས་སོ། །ཆུ་མ་ཡིན་པ་ལ་རྩེ་བ་ཡང་ཉེས་བྱས་སོ། །གསུམ་པ་ནི། ཆུ་དང་ཆུ་མ་ཡིན་པ་དེ་ལྟ་བུ་ལ་རྩེ་བ་བྱེད་དུ་བཅུག་པ་ནི་རང་གི་རྩེ་བ་དེ་དང་འདྲ་བར་ཉེས་བྱས་སོ། །བསམ་པ་ནི་རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པས་སོ། །གཉིས་པ་ནི། རྒོད་པ་དགའ་བས་ཉམས་སུ་མྱོང་འདོད་རེས་བཟུང་གི་ཡན་ལག་ཏུ་དགོས་པ་དེའི་ཕྱིར་འདི་དག་ལ་ནི་རྩེ་བའི་བསམ་པ་མེད་པས་སིམ་པར་འདོད་པ་ཞེས་པ་ནི། དུལ་ལྷས། བསིལ་བར་འདོད་པས་ཆུ་ལ་བརྒལ་བ་ལ་སོགས་པས་ཆུའི་ནང་དུ་ནུབ་པ་དང་། འབྱུང་བ་བྱས་སམ། བྱེད་དུ་བཅུག་པ་ལ་ནི་ལྟུང་བ་མེད་དོ། །རྩེ་བའི་བསམ་པ་མིན་པས་ལྐོག་དབེན་པར་རྐྱལ་སློབ་པ་ཐད་ཀའམ། ལྟག་འོག་ཏུ་རྩོལ་བ་ལ་ཡང་ལྟུང་བ་མེད་དོ། །ཁུ་བ་ཚ་མོ་གྲང་བར་འདོད་པས་ཁུ་བ་ཚ་བ་དག་ལ་དཀྲུག་པ་ལ་སོགས་པས་ཆུ་ལ་རི་མོ་བྲི་བར་འདོད་པ་ལ་ཡང་ལྟུང་བ་མེད་དོ། །ཞེས་བཤད་དོ། །ཆུ་ལ་རྩེ་བའི་ལྟུང་བྱེད་དོ། །། །ལྔ་པ་བུད་མེད་དང་ལྷན་ཅིག་ཉལ་བ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །དེ་ཡི་ལྟུང་བའི་ན་སྨད་དོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ་མ་འགགས་པ་ལྗོངས་རྒྱུར་སོང་སྟེ། རི་བྲག་གི་གྲོང་དུ་བུད་མེད་དང་གནས་གཅིག་ཏུ་ཉལ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བུད་མེད་(༡༥༩བ)


K8Z003_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནས་གཅིག་ཏུ་གཉིས་ཀ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་ཅིང་། མཚན་མོ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་དུ་ཉལ་བའི་ཡུལ་དང་། གང་དུ་ཉལ་བའི་གནས་དང་། གང་གི་ཚེ་ཉལ་བའི་དུས་དང་། གང་གིས་ཉལ་བའི་རྟེན་ནོ། །དང་པོ་ནི། སྔར་འཁྲིག་ཚིག་གི་སྐབས་སུ་བཤད་པའི་བུད་མེད་ཆོས་ལྔ་ལྡན་གྱི་སྟེང་དུ་སྲུང་མ་དང་མི་ལྡན་པ་སྟེ། བུད་མེད་བདག་པོས་བསྲུངས་པ་ཉིད་ནི་ཞེས་གསུངས་པས་སོ། །གཉིས་པ་ནི། གནས་ཆོས་གསུམ་ལྡན་ཏེ། གཞན་ནི་སྔར་ནུབ་ལྷག་གི་གནས་དང་འདྲ་བ་ལས། བྱ་གག་འཕུར་ནས་འབབ་པའི་ལམ་དུ་ནི་བར་ཆོད་པར་གྱུར་པ་ཡིན་ནོ། །ཞེས་གསུངས་པ་ནི་འདིར་ཁྱད་པར་རོ། །གསུམ་པ་ནི། དུས་མཚན་མོ་ཡིན་པ་སྟེ་མཚན་མོའོ་ཞེས་སོ། །བཞི་པ་ནི། རྟེན་ཁྲིམས་གྲོགས་དང་མི་ལྡན་པ་སྟེ། ལྟུང་བ་འབྱིན་པར་བྱེད་པ་དགེ་སློང་གིས་སྲུང་བ་ཉིད་དང་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་བུད་མེད་དང་ལྷན་ཅིག་ཉལ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཉལ་ཞིང་གཉིད་ལོག་པའོ། །མཐར་ཐུག་ནི་མཚན་མོའི་མཐའི་སྐད་ཅིག་སྟེ། མཐར་རོ་ཞེས་སོ། །གཉིས་པ་ནི། གང་བྱས་པས་འདིར་འགྱུར་ན་དགེ་སློང་གིས་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་གཉིད་ལོག་ན་ལྟུང་བྱེད་དུ་འགྱུར་བའོ། །འདིར་ཤ་ལུགས་པ་ཁ་ཅིག་ན་རེ། དགེ་སློང་གིས་རང་གི་ཉེ་དུ་མོ་དང་ལྷན་ཅིག་ཉལ་བ་ལ་ཉེས་པ་མེད་དེ། རྒྱུ་མཚན་འཁྲུར་འཇུག་ལ་སོགས་པའི་མདོར་བསྡུས་སྦྱར་རོ་ཞེས་འཆད་ཀྱང་། འདི་ནི་འཁྲུར་འཇུག་ལ་སོགས་པའི་རྒྱུ་མཚན་དང་མི་མཚུངས་སོ། །དགེ་སློང་གིས་ཁྲིམས་གྲོགས་མེད་པར་རང་གི་ཉེ་དུ་མོ་དང་ལྷན་ཅིག་ཉལ་བ་(༡༦༠ན)


K8Z003_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ངོ་ཞེས་གཞུང་གང་ལས་ཀྱང་མ་གསུངས་ལ། ལུང་ཕྲན་ཚེགས་ལས། དགེ་སློང་མས་རང་གི་བུ་དེ་ཆེན་པོར་གྱུར་པ་དེའི་ཚེ་དེ་དང་ལྷན་ཅིག་ཉལ་བར་མི་རུང་སྟེ། ཇི་ལྟར་བསླབ་པ་བཅས་པ་བཞིན་སློབས་ཤིག །ཅེས་རྒྱུ་མཚན་མཚུངས་པས་སོ། །ལྷན་ཅིག་ཉལ་བ་དེ་ཡང་མཚན་མོའི་འོ། །དེའི་མཐར་རོ། །གཉིས་པ་ནི། མཚན་མོའི་མཐའི་མདུན་རོལ་སྲོད་དང་ནམ་ཕྱེད་དང་སྐྱ་རེངས་འཆར་ཀ་ཕན་ཆད་དུ་ནི་ཉེས་བྱས་སོ། །མིའི་བུ་མོ་དང་དུད་འགྲོ་མོ་ཆུང་ངུ་འཁྲིག་པ་སྤྱད་དུ་མི་རུང་བ་དག་དང་གནས་གཅིག་ཏུ་ཉལ་ན་ཉེས་བྱས་བསྐྱེད་ན། འོ་ན་ཆུང་ངུ་དེའི་ཚད་ཇི་ཙམ་གྱིས་ཉེས་བྱས་བསྐྱེད་ཅེ་ན། བྱ་གག་གི་ཚད་ནི་ཉེས་བྱས་སྐྱེད་པར་བྱེད་པ་ཉིད་ཀྱི་ཆུང་མཐའོ། །བསྡུས་པ་ལས། ཐ་ན་བྱ་གག་མོ་དེ་དང་ལྷན་ཅིག་ཉལ་ན་ཉེས་བྱས་སོ། །དེ་ལས་ཆུང་བ་ནི་ལྟུང་བ་མེད་དོ་ཞེས་སོ། །ལུང་ཞུ་བ་ལས། བྱོལ་སོང་མོ་དང་ལྷན་ཅིག་ཁྱིམ་དུ་ཉལ་ན་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་ན། དེ་ཅི་ལྟ་བུ་ལགས། བྱའི་ནང་ནས་ཁྱིམ་བྱ་མོའམ། ཁྱིམ་བྱ་མོ་དང་འདྲ་བའོ། །རྐང་བཞིའི་ནང་ནས་སྤྲེའུ་མོའམ། སྤྲེའུ་མོ་དང་འདྲ་བའོ། །མི་མ་ཡིན་མོ་དང་ལྷན་ཅིག་ཁྱིམ་གཅིག་ཏུ་ཉལ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་ན། དེ་ཇི་ལྟ་བུ་ལགས། ཡན་ལག་ཐམས་ཅད་ནས་བཟུང་དུ་རུང་ཞིང་བལྟར་ཡོད་པའོ་ཞེས་སོ། །བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དོ། །། །དྲུག་པ་སྔངས་པར་བྱེད་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བ་དེ་ཡི་ན་སྨད་བསྟན། །ལྟུང་བ་མེད་པ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་སྔངས་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། རང་རིས་ཀྱི་སེམས་བདེ་བ་ལ་གནོད་པའོ། །(༡༦༠བ)


K8Z003_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་འཇིགས་པའི་རྒྱུ་ཡིད་དུ་མི་འོང་བ་ཉེ་བར་སྒྲུབ་པ་རང་ངམ། བསྐོས་པའི་ངག་གི་རིག་བྱེད་ཀྱིས་སྔངས་པར་བྱེད་པའི་ཚིག་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་སྔངས་པར་བྱ་བའི་ཡུལ་དང་། གང་གིས་སྔངས་པར་བྱེད་པའི་དངོས་པོའོ། །དང་པོ་ནི། དགེ་སློང་ཆོས་དྲུག་ལྡན་ནོ། །གཉིས་པ་ནི། འཇིགས་པའི་རྒྱུ་ཡིད་དུ་མི་འོང་བ་སྟེ། འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བཞད་གད་ཡན་ཆད་ཀྱིས་སྔངས་པར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་ངག་གི་རིག་བྱེད་ཀྱིས་སྔངས་པར་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །སེལ་བ་ནི། ཞུ་བ་ལས། བཙུན་པ་དགེ་སློང་གིས་ལུས་ཀྱི་དམིགས་པས་དགེ་སློང་ལ་བསྡིགས་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་སོ། །གཉིས་པ་ནི། ལྟུང་བྱེད་འདིར་འགྱུར་བ་ནི་བསམ་པས་བཞད་གད་བྱ་བར་བསམས་པས་ཀྱང་རུང་སྟེ། ཞེས་པའི་ཀྱང་སྒྲས། ཊཱི་ཀར། ཁྲོ་བ་སྔོན་དུ་བཏང་བས་ཀྱང་རུང་བའོ། །ཞེས་སོ། །སྔངས་པར་འདོད་པས་འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བས་སྦྱོར་བ་འཇིགས་པར་བྱེད་པ་ཆེ་གེ་མོ་ཞིག་ཅེས། དགེ་སློང་ཕ་རོལ་པོ་ལ་བདག་དང་གཞན་གྱིས་ཀྱང་གོ་བར་བྱེད་པ་ན་འཇིགས་པ་མ་སྐྱེས་ཀྱང་ལྟུང་བྱེད་དུ་འགྱུར་རོ། །སྔངས་པར་འདོད་པས་ཡིད་དུ་མི་འོང་བ་སྒྲོགས་པ་རྣམས་ལ་ནི་ལྟུང་བྱེད་དངོས་གཞིའོ། །ཡིད་དུ་མི་འོང་བ་རང་གང་ཞེ་ན། འདི་ལྟ་སྟེ། དཔེར་ན་རྒྱུད་ཡིད་དུ་མི་འོང་བ་ནི་ཡི་དྭགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་(༡༦༡ན)


K8Z003_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། དེའི་གཟུགས་ཡིད་དུ་མི་འོང་བ་གཟུགས་ལྭ་བ་ནག་པོ་དང་། སོལ་བ་དང་། ཀ་བ་ཚིག་པ་ལྟ་བུ་དང་། སྒྲ་ཡིད་དུ་མི་འོང་བ་ནི་ཡི་དྭགས་སོགས་དང་། དེའི་སྒྲ་སེང་གེ་དང་། སྟག་དང་། གུང་དང་། མཚའ་དང་འཕར་བའོ། །། གཟིག་དང་། ཝའི་སྐད་ལྟ་བུ་དང་། དྲི་ཡིད་དུ་མི་འོང་ཡི་དྭགས་སོགས་ཀྱི་དྲི་བཤང་བ་དང་། གཅི་བ་དང་། ར་ཐུག་པོ་དང་། ར་ཐུག་དེའི་ཟེ་བའི་དྲི་ལྟ་བུ་དང་། རེག་པ་ཡིད་དུ་མི་འོང་བ་ནི་སེག་དང་། རེ་ལྡེ་དང་། ཕྱར་བའི་རེག་པ་ལྟ་བུའི་ཡི་དྭགས་སོགས་འདི་ན་ཡོད་པས་ཁྱོད་ཟ་བར་འགྱུར་ཞེས་པ་ཉིད་སྒྲོགས་པ་ལྟུང་བྱེད་དོ། །གཉིས་པ་ནི། སྔངས་འདོད་ཀྱིས་ཡིད་དུ་འོང་བ་སྒྲོགས་པ་ལ་ནི་ཉེས་བྱས་སོ། །ཡིད་འོང་རང་གང་ཞེ་ན། འདི་ལྟ་སྟེ། དཔེར་ན་རྒྱུད་ཡིད་འོང་ལྷ་དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གཟུགས་ཡིད་འོང་ལྷ་དེ་དག་གི་གཟུགས་ནོར་ཅན་དང་། ཚོང་དཔོན་དང་། དེད་དཔོན་ཏེ། རྣམ་འབྱེད་ལས། ནོར་ཅན་ནི་ནོར་བྱེ་བས་ཕྱུག་པའོ། །ཚོང་དཔོན་ནི་ཅོད་པན་བཅིངས་ཅོད་པན་བཅིངས་པ་ནི་རྒྱལ་པོའི་ཚོང་དཔོན་དུ་བསྐོས་པ་ལ་ཟེར། རང་མཆན་པའོ། །དེད་དཔོན་ནི་ཡུལ་གཞན་དུ་ལན་གསུམ་ལན་གཉིས་སུ་བཟླས་པའོ་སྟེ། མ་རྣམ་ལས། དེད་དེད་པ་ལན་དུ་མར་སོང་བའི་བརྡ་རྙིང་། མཆན་དཔོན་ནི་ཡུལ་གཞན་དུ་དོན་མཐུན་དེད་པའོ། །ཞེས་སོ། །ལ་སོགས་པ་ལྟ་བུས། ཊཱི་ཀར། རྒྱལ་པོ་དང་བློན་པོ་ཞེས་སོ། །སྒྲ་ཡིད་འོང་པི་ཝཾ་ལ་སོགས་པའི་སྒྲ་ལྟ་བུ། དྲི་ཡིད་འོང་ཨ་ག་རུ་དང་། ཙནྡན་དང་། གུར་གུམ་དང་། ཏ་མ་ལའི་ལོ་མའི་དྲི་ལྟ་བུ་དང་། རེག་ཡིད་འོང་དར་དང་། རས་ཡུག་ཆེན་དང་ཞེས་པ། ལུང་གཞིའི་ཊཱི་ཀར། རས་བལ་ལས་བྱས་པ་ཁྲུ་བཅུ་གཉིས་ཀྱི་ཚད་དུ་ལོངས་པའོ། །ཞེས་སོ། །བེའུ་རས་དང་ཞེས་པ་རས་སྤུ་(༡༦༡བ)


K8Z003_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ནོ། །དར་ལ་དང་ཞེས་པ། གཞི་ཊཱིཀ་ཏུ་དར་སྲབ་མོ་རྒྱུ་སྤུན་སེང་བག་ཅན་ནོ། །ཞེས་སོ། །རྩྭ་དུ་གུ་ལའི་རས་དང་། ཀོ་ཏམ་པའི་རས་ནི། གཞི་ཊཱིཀ་ཏུ། རྩྭའི་རྣམ་པ་ཀོ་ཏམ་པ་ལས་བྱས་པའི་རས་ཕྲན་ནོ། །ཞེས་སོ། །དེ་དག་གི་རེག་པ་ལྟ་བུ་ཉིད་སྒྲོག་པ་ནི་ཉེས་བྱས་བསྐྱེད་པའོ། །གསུམ་པ་ནི། འཁོར་བ་ལ་ཡིད་སྐྱོ་བར་བྱ་བའི་ཆེད་ཉིད་ནི་མ་གཏོགས་སོ། །སྐྱོ་བ་བསྐྱེད་པ་དེའི་ཕྱིར་སྐྱོ་བར་བྱ་བའི་ཆེད་ཉིད་དུ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་ཀྱི་གཏམ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །སྔངས་པར་བྱེད་པའི་ལྟུང་བྱེད་དོ། །། །བདུན་པ་སྦེད་པ་ལ། ལྟུང་བ་རྣམ་པར་བཞག་པ་དང་། །ལྟུང་བ་མེད་པ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་བཅུ་བདུན་སྡེའི་ཆོས་གོས་སྦས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་ལ་གནོད་པ་དང་། རང་མ་བྱིན་ལེན་གྱི་རྒྱུར་འགྲོ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རབ་ཏུ་བྱུང་བ་འདི་པ་དབང་བའི་ཆོས་གོས་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦེད་དམ། སྦེད་དུ་བཅུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་གིས་སྦ་བའི་བདག་པོ་དང་། གང་སྦ་བའི་དངོས་པོའོ། །དང་པོ་ལ་ལྔ་ལས། རབ་ཏུ་བྱུང་བ་སྡེ་ལྔ་ལས་གང་ཡང་རུང་བ་ཡིན་པ་སྟེ་ལུང་རྣམ་འབྱེད་ལས་གསུངས་སོ། །རང་རང་གི་སྡོམ་པ་དག་པ་སྟེ། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཞེས་གསུངས་ཤིང་། དེའི་གནད་ཀྱིས་དགེ་ཚུལ་ལ་སོགས་པ་ལ་ཡང་སྦྱར་རོ། །ལྟ་བ་མཐུན་པ་དང་། ཐ་སྙད་གསུམ་ལྡན་དང་། ལུས་ཐ་མལ་པར་གནས་པ་སྟེ་སྔར་བྱིན་འཕྲོག་གི་སྐབས་སུ་བཤད་པ་བཞིན་ནོ། །ཕ་རོལ་(༡༦༢ན)


K8Z003_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་དགེ་སློང་ཡིན་ན་ནི་བདག་ལས་ཐ་དད་པ་ཡང་ཡན་ལག་ཏུ་སྦྱར་རོ། །གཉིས་པ་ལ་བཞི་ལས། ཆོས་གོས་དང་ལྷུང་བཟེད་ལྟ་བུ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་ཡིན་པ་སྟེ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦེད་དམ་ཞེས་གསུངས་པས་སོ། །ཆུད་འཛའ་བའི་རྐྱེན་ཅན་མ་ཡིན་པ་སྟེ། ཕན་པར་འདོད་པ་ནི་མ་གཏོགས་ཞེས་གསུངས་པས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ། སྤྱིར་བསྟན་པ་ལས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་སྦེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་མངོན་སུམ་དུ་སྦེད་པར་ཞུགས་པའོ། །མཐར་ཐུག་ནི་སྦ་བ་རྫོགས་པའོ། །གཉིས་པ་ནི། གང་བྱས་ན་འདིར་འགྱུར་ན་རབ་ཏུ་བྱུང་བ་འདི་པ་དབང་བའི་ལྷུང་བཟེད་དང་། ཆོས་གོས་དང་། དྲྭ་བ་དང་། ཕོར་བུ་དང་། སྐ་རགས་ལ་སོགས་པ་དགེ་སློང་གི་འཚོ་བའི་ཡོ་བྱད་དུ་རུང་བ་དང་། ཚད་ལྡན་སྦེད་དམ། སྦེད་དུ་བཅུག་ན་ལྟུང་བྱེད་དུ་འགྱུར་བའོ། །འདི་ལ་ཟངས་ཚ་ན་རེ། བདག་པོ་དགེ་སློང་དབང་བ་ཡན་ལག་ཏུ་དགོས་ཏེ། ལུང་ཞུ་བ་ལས། དགེ་སློང་གིས་དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ཕའི་ལྷུང་བཟེད་དམ། གོས་སམ། དགེ་སྦྱོང་གི་ཡོ་བྱད་སྦས་སམ། སྦེད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་པས། དགེ་སློང་གིས་དགེ་ཚུལ་ལ་སོགས་པའི་ཡོ་བྱད་སྦས་ཀྱང་ལྟུང་བྱེད་དུ་མི་འགྱུར་རོ་ཞེས་ཟེར་རོ། །འོན་ཀྱང་སྐབས་འདིར་ལུང་ཞུ་བ་ལས་ཉེས་བྱས་སུ་གསུངས་པ་དེ་ནི་སྦྱོར་བའི་དུས་ཀྱི་ཉེས་བྱས་ལ་དགོངས་སོ་ཞེས་བརྗོད་ཅིང་། རྣམ་འབྱེད་སོ་ཐར་མདོ་རྩ་འགྲེལ་དང་བཅས་པ་ལས་རབ་ཏུ་བྱུང་བ་སྡེ་ལྔ་སྤྱིའི་ཡོ་བྱད་ལས་ལྟུང་བ་བསྐྱེད་པར་གསུངས་པའི་རྗེས་སུ་འབྲང་བར་རིགས་ཏེ། ཕའི་རྣམ་འབྱེད་ལས། དགེ་སློང་(༡༦༢བ)


K8Z003_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཇི་ཙམ་ཅུང་ཟད་དགེ་སློང་ངམ། དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ལམ། དགེ་ཚུལ་མའི་ལྷུང་བཟེད་དམ། གོས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ། སྦེད་དུ་འཇུག་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་ལ། ལུང་དགེ་སློང་མའི་རྣམ་འབྱེད་དང་། དགེ་སློང་ཕའི་སོ་སོར་ཐར་པའི་མདོ་གཉིས་ལས་དེ་ཁོ་ན་ལྟར་གསུངས་སོ། །མདོ་རྩ་བ་ཉིད་ལས་ཀྱང་། དགེ་སློང་ཁོ་ན་དབང་བ་ཞེས་མ་གསུངས་པར་རབ་ཏུ་བྱུང་བ་འདི་པ་དབང་བའི། ཞེས་སྤྱིར་གསུངས་ཤིང་། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཀྱང་། རབ་ཏུ་བྱུང་བ་འདི་སྨོས་པ་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ཞེས་བྱ་བ་ཐམས་ཅད་དོ། །ཞེས་སོ། །གཉིས་པ་ནི། བསམ་པའི་ཁྱད་པར་ཕན་པར་འདོད་པས་ནི་མ་གཏོགས་སོ། །སྦེད་པའི་ལྟུང་བྱེད་དོ། །། །བརྒྱད་པ་གདེང་མེད་པར་སྤྱོད་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེར་དགས་གདེང་མེད་སྤྱད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། རང་རིས་ཀྱི་ལོངས་སྤྱོད་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་བྱིན་པའི་གོས་སམ། ལྷུང་བཟེད་ལ་རྐུ་སེམས་སམ། ཡིད་གཅུགས་པ་ཁྱད་པར་ཅན་ལས་གཞན་ལ་ལོངས་སྤྱོད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་གིས་ལོངས་སྤྱོད་པའི་བདག་པོ་དང་། གང་ལོངས་སྤྱོད་པའི་དངོས་པོའོ། །དང་པོ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ལོངས་སྤྱོད་པས་དགའ་བར་གྱུར་པ་མ་ཡིན་པ་སྟེ། གཞི་དེས་དགའ་བར་མི་འགྱུར་ནའོ་ཞེས་གསུངས་པས་སོ། །གཉིས་པ་ནི། གོས་སམ་ལྷུང་བཟེད་ཡིན་པ་རུང་བ་ཚད་ལྡན་རང་གིས་བྱིན་(༡༦༣ན)


K8Z003_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པས་ད་ལྟ་དགེ་སློང་གཞན་དེ་དབང་བ་སྟེ། བསླང་བ་མེད་པར་བྱིན་པ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྐུ་སེམས་དང་། ཡིད་གཅུགས་ཁྱད་པར་ཅན་ལས་གཞན་པས་ལོངས་སྤྱོད་པར་འདོད་པ་རྒྱུན་མ་ཆད་པའོ། །གལ་ཏེ་རྐུ་སེམས་ཀྱིས་ལོངས་སྤྱོད་ན་ནི་མ་བྱིན་ལེན་གྱི་ཉེས་པར་འགྱུར་ལ། ཡིད་གཅུགས་ཁྱད་པར་ཅན་གྱིས་ལོངས་སྤྱོད་ན་ནི་ལྟུང་བ་མེད་དོ། །དེ་ལྟར་གདེང་ཡོད་པས་ཏེ་ཡིད་གཅུགས་པའི་སེམས་དག་གིས་བླངས་ན་ལྟུང་བ་མེད་དོ། །ཞེས་རྐུ་བའི་ལྟུང་མེད་དུ་གསུངས་པའི་གནད་ཀྱིས་ཀྱང་ངོ་། །སྦྱོར་བ་ནི་གདེང་མེད་པར་ལོངས་སྤྱོད་པར་ཞུགས་པའོ། །མཐར་ཐུག་ནི་སྤྱད་པ་རྫོགས་པའོ། །གཉིས་པ་ནི། ལྟུང་བྱེད་འདིར་ཇི་ལྟར་འགྱུར་ན། དགེ་སློང་ལ་གོས་ཕྱིར་བླང་བ་མེད་པར་གཏན་བྱིན་པ་གང་ལ་བྱིན་པ་དེས་གནང་བའི་གདེང་མེད་པར་ལོངས་སྤྱོད་ན་ལྟུང་བྱེད་དུ་འགྱུར་རོ། །འོ་ན་ལྷུང་བཟེད་གདེང་མེད་པར་སྤྱོད་ན་ཅིར་འགྱུར་ཞེ་ན། ཊཱི་ཀ་ལས་ནི། གོས་ལས་གཞན་པའི་ཡོ་བྱད་སྤྱོད་པ་ལ་ནི་ཉེས་བྱས་སོ། །ཞེས་སོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། དགེ་སློང་གིས་གོས་མ་གཏོགས་པ་དེ་ལས་གཞན་པའི་ཡོ་བྱད་སྩལ་ནས་སླར་མ་བླངས་པར་སྤྱོད་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་སོ། །རང་གི་རྣམ་བཤད་ལས་ནི། ལྷུང་བཟེད་ལ་ནི་ཡོངས་སུ་རྫོགས་པ་སྟེ། ལྷུང་བཟེད་ཆུང་བ་ལ་ནི་ན་སྨད་པར་རིག་པར་བྱའོ། །ཞེས་སོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། དགེ་སློང་ལ་ལྷུང་བཟེད་དང་ཆོས་གོས་སྦྱིན་པར་བྱས་ཏེ། དེའི་འོག་ཏུ་ལོངས་སྤྱོད་པར་བྱེད་ན་ཅིར་འགྱུར། ལྟུང་བྱེད་དོ་ཞེས་སློབ་དཔོན་ཡོན་ཏན་འོད་ཀྱི་ལུང་དྲངས་སོ། །ཊཱི་ཀར་ཁུངས་སུ་དྲངས་པའི་ཞུ་བ་ལས་ཉེས་བྱས་སུ་གསུངས་པ་དེ་ནི་གོས་ཞེས་སྨོས་(༡༦༣བ)


K8Z003_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལྷུང་བཟེད་ཀྱང་མཚོན་པ་སྟེ། གོས་དང་ལྷུང་བཟེད་ལས་གཞན་པའི་ཡོ་བྱད་གདེང་མེད་པར་སྤྱོད་ན་ཉེས་བྱས་སུ་དགོངས་སོ་ཞེས་བརྗོད་དོ། །གལ་ཏེ་བདག་གིས་ལོངས་སྤྱོད་པའི་གཞི་དེས་བདག་པོ་དེ་དགའ་བར་མི་འགྱུར་ན་ལྟུང་བྱེད་དོ། །ཊཱི་ཀར། རང་ཉིད་ཀྱིས་བྱིན་པ་རང་ཉིད་ཀྱིས་སྤྱོད་དོ་སྙམ་སྟེ། རང་གིས་བྱིན་པས་རང་གི་བློས་ཉེ་བར་འཚོ་བའི་ལྟུང་བྱེད་དོ་སྟེ། ཊཱི་ཀར། རང་གི་བློས་ཉེ་བར་འཚོ་བ་ལ་ལྟུང་བྱེད་འདིར་འགྱུར་གྱི། གཞན་གྱི་བློས་ཉེ་བར་འཚོ་ན་ནི་མ་བྱིན་པར་ལེན་པ་དང་ལྡན་པའི་སྦོམ་པོར་འགྱུར་རོ། །ཞེས་སོ། །། །དགུ་པ་ལྷག་མས་སྐུར་འདེབས་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་དགེ་འདུན་ལྷག་མས་སྐུར་བ་བཏབ་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྡོམ་པའི་སྒོ་ནས་རང་རིས་ཙམ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའམ། ལྟ་བ་གཞན་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་ཉམས་པ་དང་ལྡན་པ་ལ་དགེ་འདུན་ལྷག་མས་སྐུར་བ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་སྐུར་བ་གདབ་པའི་ཡུལ་དང་། གང་གིས་སྐུར་བ་གདབ་པའི་དངོས་པོ་དང་། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ནི། ཆོས་བཞི་ལྡན་ཏེ། རང་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའམ། ལྟ་བ་གཞན་ཕྱོགས་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་ཉམས་པ་དང་ལྡན་པ་དང་། ཐ་སྙད་གསུམ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། བདག་ལས་ཐ་དད་པ་སྟེ་སྔར་ཕམ་པ་སྐུར་བ་འདེབས་པའི་སྐབས་སུ་བཤད་པ་བཞིན་ནོ། །(༡༦༤ན)


K8Z003_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། དགེ་འདུན་ལྷག་མས་སྐུར་བ་འདེབས་པ་ཡིན་པ་དང་། གཞི་མེད་པ་ཡིན་པ་སྟེ། དགེ་འདུན་ལྷག་མས་སྐུར་བ་བརྗོད་ནའོ་ཞེས་དང་། སྦེད་དང་གདེང་མེད་གཞི་མེད་དང་། །ཞེས་སྡོམ་ཚིག་ལས་སོ། །གསུམ་པ་ནི། གོ་བྱའི་ཡུལ་ཆོས་གསུམ་ལྡན་ཏེ། ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་པར་གནས། བདག་ལས་ཐ་དད་པར་ཞེས་སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནས་མ་དག་པའི་ཕྱོགས་གཅིག་མ་གཏོགས་པ་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་དགེ་འདུན་ལྷག་མས་སྐུར་པ་འདེབས་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྐུར་པ་འདེབས་པར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །གཉིས་པ་ནི། ལྟུང་བྱེད་འདིར་ཇི་ལྟར་འགྱུར་ཞེ་ན། སྐུར་བ་འདེབས་པར་འདོད་པས་དགེ་སློང་ལ་འདུ་ཤེས་བསྒྱུར་ཏེ། དགེ་འདུན་ལྷག་མས་སྐུར་བ་བརྗོད་ན་ལྟུང་བྱེད་དུ་འགྱུར་རོ། །གསལ་བར་བརྗོད་པ་ཁོ་ནས་སམ་ཞེ་ན། བག་ཙམ་གྱིས་ཀྱང་ངོ་། །སྐུར་བ་འདེབས་པའི་ལྟུང་བྱེད་དོ། །། །བཅུ་པ་བུད་མེད་དང་ལྷན་ཅིག་འགྲོ་བ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བ་དེ་ཡི་ན་སྨད་བསྟན། །ལྟུང་བ་མེད་པ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ་རྒྱལ་པོའི་ཁབ་ནས་དགེ་སློང་ཞིག་བུད་མེད་དང་ལྷན་ཅིག་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་ཞིང་། རྒྱང་གྲགས་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །(༡༦༤བ)


K8Z003_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་འགྲོ་བའི་ཡུལ་དང་། གང་དུ་འགྲོ་བའི་ལམ་དང་། གང་གིས་འགྲོ་བའི་རྟེན་ནོ། །དང་པོ་ལ་བརྒྱད་ལས། བུད་མེད་ཆོས་ལྔ་ལྡན་འཁྲིག་ཚིག་གི་སྐབས་སུ་སྔར་བཤད་པའི་སྟེང་དུ་ཆོས་འདི་པའི་རབ་བྱུང་མོ་མ་ཡིན་པ་སྟེ། དེ་ཡང་དགེ་སློང་མ་དང་ལྷན་ཅིག་འགྲོ་ན་ལམ་དུ་འཇུག་པའི་ལྟུང་བྱེད་དང་། དགེ་སློབ་མའམ་དགེ་ཚུལ་མ་དང་ལམ་དུ་འགྲོ་ན་ལྟུང་བ་ན་སྨད་དུ་འགྱུར་བའོ། །ཕན་གདགས་བྱ་འདོགས་བྱེད་མ་ཡིན་པ་སྟེ། བསེལ་བྱེད་པ་ནི་མ་གཏོགས་སོ་ཞེས་གསུངས་པས་སོ། །ངོ་མ་སྤོས་པ་སྟེ་བལ་ཁུར་བ་ལ་བཤད་པའི་གནད་ཀྱིས་སོ། །གཉིས་པ་གང་དུ་འགྲོ་བའི་ལམ་ནི། ས་ལ་བརྟེན་པའི་ལམ་ཡིན་པས་གྲུ་ཡང་ས་ལ་བརྟེན་པའི་ལམ་ཡིན་པར་བསྡུ་བ་དང་། རྒྱང་གྲགས་ཀྱི་མཐའ་པ་ཡིན་པ་སྟེ། ཞུ་བ་ལས། དགེ་སློང་གིས་སྐྱེས་པ་མ་མཆིས་པར་བུད་མེད་དང་ལྷན་ཅིག་ནམ་མཁའ་ལ་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་པ་དང་། རྒྱང་གྲགས་རེར་རོ་ཞེས་གསུངས་པས་སོ། །གསུམ་པ་གང་གིས་འགྲོ་བའི་རྟེན་ནི། ཁྲིམས་གྲོགས་དང་མི་ལྡན་པ་སྟེ་རིག་པའི་སྐྱེས་པ་མེད་པའི་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་སྔར་བཞིན། ཀུན་སློང་ནི་རང་གར་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཚེས་གཅིག་ལ་རྒྱང་གྲགས་ཕྱེད་དུ་འགྲོ་ཞིང་། ཚེས་གཉིས་ལ་རྒྱང་གྲགས་ཕྱེད་དུ་འགྲོ་བ་ལྟ་བུ་མ་ཡིན་གྱི། སྦྱོར་བ་གཅིག་གིས་རྒྱང་གྲགས་ལས་འདའ་ཞིང་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་ལམ་རྒྱང་གྲགས་ལས་འདས་པའོ། །གཉིས་པ་ནི། རིག་པའི་སྐྱེས་པ་མེད་པའི་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའོ། །ཞེས་སྔར་སྨོས་པ་དེ་ཡང་དགེ་སློང་གིས་བུད་མེད་དང་ལམ་དུ་འགྲོ་བར་(༡༦༥ན)


K8Z003_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པས་རང་གར་ལམ་དུ་འགྲོ་བ་ལ་ལྟུང་བྱེད་དོ། །རྒྱང་གྲགས་རེ་རེར་ལྟུང་བྱེད་རེའོ། །གཉིས་པ་ནི། རྒྱང་གྲགས་དེའི་ཕྱེད་རེ་རེར་ནི་ཉེས་བྱས་སོ། །གསུམ་པ་ནི། བུད་མེད་ཀྱིས་དགེ་སློང་ལམ་དུ་འགྲོ་བའི་བསེལ་བྱེད་པ་ནི་མ་གཏོགས་སོ། །དགེ་སློང་དེ་ལམ་ནོར་བ་བུད་མེད་ཀྱི་ལམ་དུ་འཇུག་པར་བྱེད་ན་ཡང་མ་གཏོགས་སོ། །དགེ་སློང་ལམ་དུ་འགྲོ་མི་ནུས་པ་བུད་མེད་ཀྱིས་ཁྲིད་ན་ཡང་མ་གཏོགས་སོ། །འདིར་སྨྲས་པ། རྒྱལ་པོའི་སྤྱོད་པ་བྱེད་ཅིང་ངུར་སྨྲིག་བགོས། །ཁང་ཁྱིམ་ལ་སོགས་མཁོ་དགུའི་འབྱོར་པ་སྒྲུབ། །ཕ་རོལ་སྟོབས་ཀྱིས་གནོན་ལ་འབད་པ་ཅན། །བརྟུལ་ཕོད་ཅན་འགས་བདག་ལ་སྙིང་རྗེ་ཡང་། །རྒྱ་ཆེན་ལུང་ལས་འགལ་བ་སྤང་བ་དང་། །དོན་ལ་འཁྲུལ་མེད་དཔྱོད་པའི་བསམ་པས་བྲེལ། །བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དོ། །། །བཅུ་ཚན་བརྒྱད་པའི་དང་པོ་རྐུན་མ་དང་ལྷན་དུ་འགྲོ་བ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །དེ་ཡི་ལྟུང་བ་མེད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོའི་ཁབ་ནས་དགེ་སློང་ཞིག་ཤོ་གམ་འདྲལ་བའི་ཚོང་པ་དང་ལྷན་ཅིག་ལམ་དུ་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་བྱིན་པར་ལེན་པའི་རྒྱུར་འགྲོ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཆོམ་རྐུན་པའམ། ཤོ་གམ་འདྲལ་བའི་ཚོང་པ་དང་ལྷན་ཅིག་ལམ་དུ་འགྲོ་ཞིང་རྒྱང་གྲགས་ལས་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་དང་འགྲོ་བའི་ཡུལ་དང་། གང་དུ་འགྲོ་བའི་ལམ་མོ། །དང་པོ་ལ་བརྒྱད་ལས། ཆོམ་རྐུན་པའམཤོ་གམ་འདྲལ་བའི་ཚོང་པ་ཡིན་པ་སྟེ། གྲོང་འཇོམས་པར་བྱེད་པའི་(༡༦༥བ)


K8Z003_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཆོམ་རྐུན་པ་དག་གམ་ཞེས་གསུངས་པས་སོ། །རྐུ་བའི་བྱ་བ་བྱེད་བཞིན་པ་ཡིན་པ་སྟེ། རྐུན་མ་དང་ལྷན་ཅིག་འགྲོ་བ་ཞེས་པ་དང་། དགག་བྱའི་གནད་ཀྱིས་སོ། །ཁྱིམ་པ་ཡིན་པ་དང་སྐྱེས་པ་ཡིན་པ་སྟེ་སྐབས་ཀྱིས་གྲུབ་ཅིང་། རབ་ཏུ་བྱུང་བས་རྐུན་མ་བྱེད་པ་དང་། བུད་མེད་ཀྱིས་རྐུན་མ་བྱེད་པ་འབྱུང་རིང་བས། དེ་དག་རྐུན་མ་བྱེད་པ་ཞིག་བྱུང་ན་དེ་དང་དགེ་སློང་ལྷན་ཅིག་ལམ་དུ་འགྲོ་ན་ལྟུང་བ་ན་སྨད་དུ་རིགས་སོ། །ཕན་གདགས་བྱ་དང་འདོགས་བྱེད་མ་ཡིན་པ་སྟེ། ལུང་གི་རྣམ་འབྱེད་ལས། རྐུན་མ་བསེལ་བྱེད་དུ་འཛུད་པ་དང་། ལམ་ནོར་བ་རྐུན་མས་ལམ་དུ་འཛུད་པ་དང་། འགྲོ་མི་ནུས་པ་རྐུན་མས་ཁྲིད་པ་ལ་ལྟུང་བ་མེད་དོ། །ཞེས་གསུངས་པས་སོ། །ངོ་མ་སྤོས་པ་སྟེ་བལ་ཁུར་བ་ལས་བཤད་པའི་གནད་ཀྱིས་སོ། །ཐ་སྙད་བཞི་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་བརྒྱད་དེ། དེ་གཉིས་སྔར་བཤད་པ་བཞིན་ནོ། །གཉིས་པ་གང་དུ་འགྲོ་བའི་ལམ་ནི། ས་ལ་བརྟེན་པའི་ལམ་ཡིན་པ་དང་། རྒྱང་གྲགས་ཀྱི་མཐའ་ཡིན་པ་སྟེ། ཞུ་བ་ལས། དགེ་སློང་གིས་འགྲོན་པ་མང་པོ་རྐུ་བ་དང་ལྷན་ཅིག་ནམ་མཁའ་ལ་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་པ་དང་། ལུང་རྣམ་འབྱེད་ཀྱི་སྐབས་འདི་ཉིད་ལས། རྒྱང་གྲགས་རེ་རེར་ནི་ལྟུང་བྱེད་དུ་འགྱུར་རོ། །ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྐུན་མ་དང་ལམ་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་སྦྱོར་བ་གཅིག་གིས་རྒྱང་གྲགས་ལས་འདའ་ཞིང་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་ལམ་རྒྱང་གྲགས་ལས་འདས་པའོ། །གཉིས་པ་ནི། གྲོང་འཇོམས་པར་བྱེད་པའི་ཆོམ་རྐུན་པ་དག་གམ། ཤོ་གམ་འདྲལ་བའི་(༡༦༦ན)


K8Z003_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཚོང་པ་དག་དང་ལྷན་ཅིག་ཏུ་དགེ་སློང་ལམ་དུ་འགྲོ་བ་ལ་ལྟུང་བྱེད་དུ་བཅས་སོ། །གཉིས་པ་ནི། ཟོལ་བ་གཡོ་སྒྱུས་ཐ་སྙད་བྱེད་པ་དག་དང་། མཁན་པོ་དང་སློབ་དཔོན་མེད་པར་རྐུ་ཐབས་སུ་རབ་ཏུ་བྱུང་བར་རང་གིས་རྟགས་བླངས་པ་དག་དང་ལྷན་ཅིག་འགྲོ་བ་ལ་ནི་ཉེས་བྱས་སོ། །རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དོ། །། །གཉིས་པ་མ་ལོན་པར་རྫོགས་བྱེད་ལ། ལྟུང་བའི་རྣམ་པར་བཞག་པ་དང་། །དེ་ཡི་བསླབ་པར་བྱ་བ་བརྗོད། །སྡོམ་པའི་ཞིང་དང་ཞིང་མིན་བསྟན། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་མོངྒལ་གྱི་བུས་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེ་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དགེ་སློང་བྱ་མི་རན་པ་ལས་དགེ་སློང་བྱས་པས་སྡོམ་པ་མི་ཐོབ་ཅིང་། གཞན་གྱི་རྒྱུད་ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་མཁན་པོ་གང་ཞིག་གིས་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མ་ལོན་པ་དེ་ལས་བྱེད་པ་པོས་གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་ལས་གྱུར་པ་སྟེ། མཁན་པོ་ལ་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་བསྙེན་པར་རྫོགས་པའི་ཡུལ་དང་། གང་དག་གིས་བསྙེན་པར་རྫོགས་པར་བྱ་བའི་གྲོགས་དང་། ཇི་ལྟར་བསྙེན་པར་རྫོགས་པར་བྱ་བའི་ཆོ་ག་དང་། གང་གིས་བསྙེན་པར་རྫོགས་པར་བྱེད་པའི་རྟེན་ནོ། །དང་པོ་ལ་བདུན་ལས། བསྙེན་པར་མ་རྫོགས་པ་ཡིན་པ་དང་། བསམ་པ་ཐག་པ་ནས་བསྙེན་པར་རྫོགས་པ་འདོད་པ་ཡིན་པ་སྟེ། བསྙེན་པར་རྫོགས་པར་བྱ་བ་ཞེས་གསུངས་པས་སོ། །མངལ་དང་ཤོལ་གྱི་ཟླ་བ་དང་བཅས་ཀྱང་ལོ་ཉི་ཤུ་མ་ལོན་པ་སྟེ། ལོ་ཉི་ཤུ་མ་ལོན་པ་ཉིད་ལའོ་ཞེས་(༡༦༦བ)


K8Z003_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་སོ། །མཚན་མཐུན་པ་སྟེ་མཚན་དང་ཁས་བླངས་པ་དག་གིས་ནི་ཞེས་ལྟུང་བ་བསྐྱེད་པའི་ཡུལ་མཚན་མཐུན་ཡན་ལག་ཏུ་དགོས་པར་གསུངས་པའི་གནད་ཀྱིས་སྦྱར་རོ། །མཚམས་མེད་པ་ལ་སོགས་པ་བར་ཆད་གཙོ་བོ་གཞན་དང་མི་ལྡན་པ་སྟེ། དེ་དང་ལྡན་ན་གཞན་རྒྱུད་ཆུད་ཟོས་ཟིན་པས་བསྙེན་རྫོགས་བྱས་པ་དེ་ཉིད་ཀྱིས་གཞན་རྒྱུད་ཆུད་ཟོས་པར་འགྱུར་བའི་དགག་བྱ་མི་རྫོགས་པའི་ཕྱིར། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ་སྐབས་གཞན་དུ་སྔར་བཤད་པ་བཞིན་ནོ། །གཉིས་པ་གྲོགས་ནི། ལས་ཀྱི་སློབ་དཔོན་དགེ་འདུན་དང་བཅས་པ་སྟེ་སྐབས་དོན་གྱིས་སོ། །གསུམ་པ་ཆོ་ག་ནི། རྣམ་འབྱེད་ལས། རྫོགས་པར་བསྙེན་པར་བྱེད་ན་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། །ཞེས་གསུངས་པས། ཆོ་ག་གསོལ་བཞིའི་ལས་ཀྱིས་ཏེ། ཆོ་ག་གཞན་ཚུར་ཤོག་ལ་སོགས་ཀྱིས་ནི་མ་ཡིན་ནོ། །བཞི་པ་རྟེན་ནི། མཁན་པོ་ཉིད་ཀྱིས་ཏེ་མཁན་པོ་ཉིད་ཀྱིས་སོ་ཞེས་སོ། །དེ་ཡང་ལུང་གླེང་གཞི་ལས། མཁན་པོ་ལ་ལྟུང་བྱེད་བསྐྱེད་ལ། སློབ་དཔོན་དང་དགེ་འདུན་ལ་ནི་ཉེས་བྱས་སུ་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་མཁན་པོ་བྱས་ཏེ་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་ལས་བརྗོད་པ་གསུམ་པ་ཕལ་ཆེར་བྱས་པ་སྟེ། ཕལ་ཆེར་བྱས་པ་ཉིད་ནི་བྱས་པ་ཉིད་དོ་ཞེས་གསུངས་སོ། །གཉིས་པ་ནི། འདི་ལ་འདུ་ཤེས་གཙོའོ། །ཡུལ་གང་ལ་ཤེས་གཙོ་ན། བསྙེན་པར་རྫོགས་པར་བྱ་བ་ལོ་ཉི་ཤུ་མ་ལོན་པ་ཉིད་ལའོ། །འདུ་ཤེས་པོ་ནི་ལྟུང་བ་འབྱིན་པོ་མཁན་པོ་ཉིད་(༡༦༧ན)


K8Z003_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སོ། །བྱ་བ་ཅིས་ལྟུང་བྱེད་དུ་འགྱུར་ན་བསྙེན་པར་རྫོགས་པར་བྱས་ནའོ། །གཉིས་པ་ནི། མཁན་པོ་དེས་རྫོགས་བྱ་དེ་ལ་ལོ་ཉི་ཤུ་ལོན་པ་ཉིད་མི་དྲི་བར་མི་བྱའོ། །མཁན་པོ་ལས་གཞན་སློབ་དཔོན་སོགས་ཀྱིས་ཀྱང་ལོན་པ་ཉིད་མི་དྲི་བར་མི་བྱའོ། །དེས་ལོ་ཉི་ཤུ་ལོན་པ་ཉིད་དགེ་སློང་དག་གིས་ངེས་པར་མི་ཤེས་པར་དེ་བསྙེན་པར་རྫོགས་པར་མི་བྱའོ། །གསུམ་པ་ནི། སྡོམ་ལེན་དང་དགེ་སློང་དག་གིས་སྡོམ་ལེན་ཉི་ཤུ་མ་ལོན་པར་འདུ་ཤེས་པ་དང་། ལོན་པར་འདུ་ཤེས་པ་དང་། ཐེ་ཚོམ་ཟ་བ་དང་རྣམ་པ་གསུམ་སྟེ། རྣམ་པ་གསུམ་པོ་དེ་དག་ཐམས་ཅད་དུ་ལེན་པ་པོས་ལོ་ཉི་ཤུ་ལོན་པ་ལ་ནི་ན་ཚོད་ཀྱི་ཆ་ནས་བསྙེན་པར་རྫོགས་པར་ཆགས་སོ། །ཊཱི་ཀར། ལོ་ཉི་ཤུ་ལོན་པའི་ཞིང་ཉིད་ལས་ཉམས་པར་བྱ་མི་ནུས་པའི་ཕྱིར་རོ། །ལོ་ཉི་ཤུ་ལོན་པ་ཉིད་ཡིན་ན་ནི་དེའི་ཚེ་འདུ་ཤེས་གཙོ་ཆེར་བྱེད་པ་ཉིད་མེད་དོ། །ཞེས་སོ། །ལོ་ཉི་ཤུ་ལོན་པ་ལ་གཅིག་ཤོས་ལོ་ཉི་ཤུ་མ་ལོན་པ་ལ་ནི་བདག་ཉིད་ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་ཉིད་ན་བསྙེན་པར་རྫོགས་པ་འཆགས་སོ། །ཊཱི་ཀར། འདི་ལ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་ཉིད་ཡིན་ནོ། །ཞེས་སོ། །ལོ་ཉི་ཤུ་མ་ལོན་པ་ལ་ནི་བདག་ཉིད་ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་ཉིད་ན་མཁན་པོ་ལ་སོགས་པ་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ནི་ལོ་གྲངས་མི་ཤེས་པ་དང་། ལོ་ཚིགས་མི་དྲན་པ་དང་། ཡིད་གཉིས་ཟ་བ་དག་ལ་ཡང་བསྙེན་པར་རྫོགས་པ་འཆགས་སོ། །འདིར་ལུང་དང་རྒྱ་ཆེར་འགྲེལ་ལས་བཤད་ལུགས་ཐ་དད་པ་གཉིས་སྣང་སྟེ། ལུང་ལས། སྡོམ་པ་ལེན་པོས་མི་ཤེས་མི་དྲན་ཡིད་གཉིས་ཟ་བ་ལ། ཞེས་གསུངས་པའི། ཊཱི་ཀ་ལས། མཁན་པོ་ལ་སོགས་པས་མི་ཤེས་མི་དྲན་ཡིད་གཉིས་ཟ་བ་ལ་སྦྱར་རོ། །དེའང་ལུང་རྣམ་འབྱེད་ལས། ལོ་ཉི་ཤུ་མ་ལོན་པ་ལ་དེས་མི་ཤེས་མི་དྲན་ཡིད་གཉིས་ཟ་ཞིང་(༡༦༧བ)


K8Z003_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དགེ་སློང་རྣམས་ཀྱིས་མ་དྲིས་སམ། དྲིས་ཀྱང་ལན་མི་འདེབས་པ་ན་གང་ཟག་དེ་བསྙེན་པར་རྫོགས་པར་བྱེད་ན་གང་ཟག་དེ་ལ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཆགས་སོ། །ཞེས་གསུངས་སོ། །ཊཱི་ཀ་ལས་ནི། མི་ཤེས་པ་དང་། མི་དྲན་པ་དང་། ཡིད་གཉིས་ཟ་བ་དག་ལ་ཡང་ངོ་། །ཞེས་བྱ་བ་ཡང་གཅིག་ཤོས་ལ་བསྙེན་པར་རྫོགས་པ་འཆགས་སོ། །ཞེས་བྱ་བར་སྦྱར་རོ། །གང་ཟག་ལོ་ཉི་ཤུ་ལོན་པ་ཉིད་དུ་འདུ་ཤེས་པ་ཉིད་ཡིན་ན་མཁན་པོ་ལ་སོགས་པ་བསྙེན་པར་རྫོགས་པར་བྱེད་པ་དག་ལ་མི་ཤེས་པ་དང་། མི་དྲན་པ་དང་། ཡིད་གཉིས་ཟ་བ་དག་ཡོད་དུ་ཟིན་ཀྱང་བསྙེན་པར་རྫོགས་པར་བྱ་བ་ལ་བསྙེན་པར་རྫོགས་པ་འཆགས་སོ་ཞེས་བཤད་དོ། །དེ་ལྟར་ན་བཤད་ལུགས་གཉིས་ཀར་བཟུང་སྟེ་འགལ་བ་མེད་དོ། །ལོ་ཉི་ཤུ་མ་ལོན་ཀྱང་ལོན་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་ཟིན་པའི་འོག་ཏུ་རང་གིས་ལོ་ཉི་ཤུ་མ་ལོན་པར་ཤེས་པ་ནི་བསྙེན་རྫོགས་ཀྱི་སྡོམ་པ་དེ་ཞིག་གོ། །དེས་ན་འདི་ནི་སྡོམ་པ་གཏོང་བའི་རྒྱུ་མ་ཡིན་ཏེ། འདིའི་དུས་སུ་སྡོམ་པ་བཏང་ཟིན་པའི་ཕྱིར་རོ། །ཐམས་ཅད་དུའང་ཞེ་ན། གལ་ཏེ་བསྙེན་པར་རྫོགས་ཟིན་པའི་འོག་ཏུ་བདག་ཉིད་ལོ་ཉི་ཤུ་མ་ལོན་ནོ་སྙམ་པའི་བསམ་པ་དེ་བསྐྱེད་པ་ན་ལོ་ཉི་ཤུ་མ་ལོན་པའི་སྡོམ་པ་དེ་ཞིག་པའོ། །ཊཱི་ཀར། བསམ་པ་དེ་སྐྱེས་པ་ན་ལོ་ཉི་ཤུ་ལོན་ན་ནི་སྡོམ་པ་དེ་མི་འཇིག་གོ། །ཞེས་སོ། །བསྙེན་པར་རྫོགས་ཟིན་པ་ན་ལོ་ཉི་ཤུ་ལོན་ནམ། མ་ལོན་བརྩི་བ་དེ་ཇི་ལྟར་བརྩི་ཞེ་ན། དང་པོར་མའི་མངལ་ན་གནས་པའི་ཟླ་བ་བརྒྱད་དམ། དགུ་དང་། ཤོལ་གྱི་ཟླ་བ་ལོ་གསུམ་གསུམ་ན་ཟླ་བ་ལྷག་པ་རེ་རེ་འོང་བ་དག་དང་ཡང་བཅས་ཏེ་ལོ་ཉི་ཤུ་བརྩིའོ། །ཊཱི་ཀར། བསྙེན་པར་རྫོགས་པའི་གནས་སྐབས་སུ་ནི་རྩི་བར་བྱེད་ན་བསྙེན་པར་རྫོགས་པ་ནི་འཆགས་ལ། བསྙེན་པར་རྫོགས་(༡༦༨ན)


K8Z003_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་སོ། །མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད་དོ། །། །གསུམ་པ་ས་རྐོ་བ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང་། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ས་རྐོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྲོག་ཆགས་ལ་གནོད་པ་དང་། དོན་དང་བྱ་བ་མང་བ་དང་། གཞན་དག་མ་དད་པ་སྐྱེ་བའོ། །ངོ་ཏི་འདི་ལ་སྣེ་ཕོ་བ་ན་རེ། ས་ཁྱོར་བ་གང་ཙམ་བསྐོས་ན་ལྟུང་བྱེད་བསྐྱེད་ཟེར་ཅིང་། གང་པ་ན་རེ། ས་སོར་གཉིས་ཡན་ཆད་བརྐོས་ན་ལྟུང་བྱེད་བསྐྱེད་དེ། རྣམ་འབྱེད་ལས། སྐྱང་ནུལ་སྲ་བ་འགོག་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པས་ཤེས་སོ་ཞེས་ཟེར་རོ། །ས་ཁྱོར་བ་གང་ཙམ་དང་། ས་སོར་གཉིས་ཙམ་བསྐོས་པ་ཆོས་ཅན། ས་རྐོ་བའི་ལྟུང་བྱེད་མི་རྫོགས་པར་ཐལ། འཇིག་རྟེན་ན་ས་བརྐོས་པའི་ཐ་སྙད་མི་རྫོགས་པའི་ཕྱིར་རོ་ཞེས་གསུང་ངོ་། །སྐྱང་ནུལ་སྲ་བ་ཡང་སོར་གཉིས་སུ་མ་ངེས་སོ། །རང་ལུགས་ནི་ས་རྐོ་བའི་ཉེས་པ་ཙམ་ཞིག་བསྐྱེད་པའི་ཚད་ནི། ས་སེན་གང་ཙམ་ཡན་ཆད་བརྐོས་ན་སྟེ། ལུང་རྣམ་འབྱེད་ལས། དགེ་སློང་ས་ནི་རི་མོ་འདྲི་ན་ཉེས་བྱས་སུ་འགྱུར་རོ། །ས་དང་སྦྱར་བའི་ལྕི་བ་འགོག་ན་ནི་ཉེས་བྱས་ས་སུ་འགྱུར་རོ་ཞེས་གསུངས་པས་ཤེས་སོ། །ས་རྐོ་བའི་ལྟུང་བྱེད་བསྐྱེད་པའི་ཚད་ནི། ས་སོར་བཞི་ཡན་ཆད་བསྐོས་ན་སྟེ། རུང་བ་བྱེད་པ་མེད་ན་ཐུར་མ་སོར་བཞི་ཙམ་འཛུགས་པ་ནི་མ་གཏོགས་སོ། །ཞེས་གསུངས་པའི་ཤུགས་ཀྱིས་དེ་ལས་གཞན་དུ་སོར་བཞི་ཙམ་བརྐོས་ན་ལྟུང་བྱེད་བསྐྱེད་པར་གྲུབ་ལ། ཊཱི་ཀ་ལས། དེ་ཙམ་ཞིག་ས་ཕྱི་མོ་དང་བྲལ་ཞིང་ཐ་དད་པར་བྱས་པ་ཞེས་གསུངས་(༡༦༨བ)


K8Z003_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ཙམ་ཞེས་པ་སྐབས་ཀྱི་དོན་དུ་གསུངས་པས་སོ་ཞེས་བླ་མ་རྣམས་གསུང་ངོ་། དགེ་སློང་མའི་སོ་ཐར་འགྲེལ་པ་ལས་ཀྱང་། འཐས་པའི་ས་ནི་སོར་བཞི་ཡན་ཆད་བརྐོས་ན་ལྟུང་བྱེད་དོ་ཞེས་བཤད་དོ། །དེས་ན་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་འཇིག་རྟེན་ལ་གྲགས་པའི་ས་འཐས་པར་གནས་པ་སོར་བཞི་ཡན་ཆད་རང་ངམ་བསྐོས་པས་བརྐོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་ལས། འཇིག་རྟེན་ལ་གྲགས་པའི་ས་ཡིན་པ་དང་། འཐས་པར་གནས་པ་ཡིན་པ་དང་། མ་ཉམས་པ་ཡིན་པ་དང་། འོག་གཞི་དང་འབྲེལ་བ་སྟེ། སའི་སའོ་ཞེས་པ་དང་། གལ་ཏེ་རང་བཞིན་ཅན་ཡིན་ན་དངོས་གཞིའོ་ཞེས་པ་དང་། ཉམས་པ་ཉིད་ལ་ནི་ཕྱེད་ཉིད་དོ་ཞེས་པ་དང་། ཊཱི་ཀ་ལས། དེ་ཙམ་ཞིག་ས་ཕྱི་མོ་དང་བྲལ་ཞིང་ཐ་དད་པར་བྱས་པ། ཞེས་ས་ཕྱི་མོ་དང་བྲལ་བར་བྱས་པ་ཡན་ལག་ཏུ་དགོས་པར་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ས་བརྐོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་རྐོ་བར་ཞུགས་པའོ། །མཐར་ཐུག་ནི་སོར་བཞི་པ་ཡན་ཆད་བསྐོས་པ་སྟེ། དེ་ཡང་ཚུར་ལྷག་པ་ཡན་ལག་ཏུ་མི་དགོས་ཏེ། ལུང་རྣམ་འབྱེད་ལས། ས་ལ་ཕུར་པ་འདེབས་ན་ལྟུང་བྱེད་དུ་འགྱུར། ཞེས་གསུངས་སོ། །གཉིས་པ་ལ། དངོས་གཞི་ལྟུང་མེད་དང་བཅས་བསྟན། །དངོས་གཞི་ན་སྨད་དང་བཅས་པའོ། །དང་པོ་ནི། གང་བྱས་ན་འདིར་འགྱུར་ན། དགེ་སློང་གིས་ས་རྐོའམ་རྐོར་བཅུག་པ་ལའོ། །འདིར། ཊཱི་ཀ་ལས། ཕྱི་མོ་དང་བྲལ་ཞིང་ཐ་དད་པར་བྱས་པ། ཞེས་པ་ནི་མ་ས་དང་འབྲེལ་བར་བསྟན་ཏོ། །མ་ས་དང་འབྲེལ་བ་དེའི་ཚད་ནི་ས་གོང་བསྐྱོད་པར་མི་ནུས་པ་ཡན་ཆད་ལས་ས་(༡༦༩ན)


K8Z003_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བརྐོས་ན་ལྟུང་བྱེད་བསྐྱེད་པ་ཉིད་དོ། །ཕ་ཝང་གི་སྟེང་ནས་འཕྱགས་པ་ལྟ་བུ་དངོས་པོ་བསྐྱེད་པར་མི་ནུས་པའི་སྟེང་ན་འདུག་པ་ཡན་ཆད་དོ། །མ་ས་དང་འབྲེལ་བའི་ཕ་གུ་ལ་སོར་བཞི་ཙམ་བརྐོས་པ་ལ་ནི་ལྟུང་བ་མེད་དོ། །འཇིག་རྟེན་ལ་གྲགས་པའི་ས་ནི་རང་བཞིན་ཅན་གྱི་ས་བརྐོས་ནའོ། །བསྟན་བཅོས་ལ་གྲགས་པའི་ས་ནི་སྲ་བ་ཐམས་ཅད་ཡིན་པས། རྡོ་བ་ཡང་བསྟན་བཅོས་ལ་གྲགས་པའི་ས་ཡིན་ཡང་འཇིག་རྟེན་ལ་གྲགས་པའི་ས་མ་ཡིན་པས། ལུང་རྣམ་འབྱེད་ལས། རྡོ་བ་འབའ་ཞིག་སྐྱོད་པར་བྱེད་པ་ལ་ནི་ལྟུང་བ་མེད་དོ། །ཞེས་གསུངས་སོ། །དགེ་སློང་ལག་གིས་གཙུག་ལག་ཁང་རྩིག་པ་པོའི་བླས་ཀྱིས་རྒྱུ་སྐར་གྱི་སྦྱོར་བས་གཙུག་ལག་ཁང་ལ་སོགས་པ་རྩིག་པའི་ཐིག་འདེབས་པའི་ཚེ་དུས་ལས་ཡོལ་དུ་མི་རུང་ལ། དེའི་ཚེ་ན་རུང་བར་བྱེད་པ་སྟེ་ས་རྐོ་བར་བྱེད་པའི་འོས་གཞན་མེད་ན་དགེ་སློང་གིས་ཐུར་མ་སོར་བཞི་ཙམ་དུ་འཛུག་པ་ནི་ལྟུང་བ་འདི་བསྐྱེད་པ་ལ་མ་གཏོགས་སོ། །གཉིས་པ་ནི། གལ་ཏེ་ས་འཐས་པར་གནས་པའི་རང་བཞིན་ཅན་ཡིན་ན་དེ་རྐོའམ། རྐོར་བཅུག་ན་ལྟུང་བྱེད་དངོས་གཞིའོ། །གལ་ཏེ་འཐས་པར་གནས་པའི་རང་བཞིན་མ་ཡིན་ན་ཉེས་བྱས་སོ། །གཉིས་པ་ལ། ལྟུང་བའི་རྣམ་པར་བཞག་པ་དང་། །ལྟུང་བ་མེད་པ་བརྗོད་པའོ། །དང་པོ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བ་དེ་ཡི་ན་སྨད་བསྟན། །གཉིས་ཀའི་བསམ་པའི་ཡན་ལག་གོ། །དང་པོ་ནི། འོ་ན་རང་བཞིན་ཅན་ཡིན་མིན་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། སྔ་མ་ཤོས་རང་བཞིན་ཅན་ནི་ས་བརྐོས་ཤིང་ཀློངས་པ་ལས་ཟླ་བ་གསུམ་ལོན་པའི་འཐས་པའོ། །དེ་ཡང་གལ་ཏེ་ཆར་ཆུ་ཞོད་ཅིང་ཡང་ཡང་དུ་ཆར་བབ་ཟླ་བ་གསུམ་ལོན་ན་འཐས་པའི་རང་བཞིན་ཅན་དུ་འགྱུར་བའོ། །ཆར་ཆུ་ཞོད་པ་ལས་(༡༦༩བ)


K8Z003_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཆར་ཆུ་མ་ཞོད་པའི་ཚེ་ན་ནི་ས་བརྐོས་ཤིང་ཀློངས་པ་ལས་ཟླ་བ་དྲུག་ལོན་ན་འཐས་པའི་རང་བཞིན་ཅན་དུ་འགྱུར་རོ། །འཐས་པར་གནས་པའི་རྩིག་པ་ནི་ས་ཉིད་མ་ཡིན་པར་ཤེས་པར་མི་བྱའོ། །ས་དང་བྱེ་མ་འདྲེས་པ་ལྟ་བུ་སྟེ། ས་དང་བྱེ་མ་ལྟ་བུ་འདུས་ཏེ་འདྲེས་པ་དག་ལ་དེ་ཉིད་གང་ཤས་ཆེ་བས་ལྟུང་བྱེད་དུ་འགྱུར་རམ། ཉེས་བྱས་སུ་འགྱུར་བའི་མཚན་ཉིད་དག་རབ་ཏུ་དབྱེ་བ་ཉིད་ཡིན་ནའོ། །དེའི་ཕྱིར་ས་མང་པོ་དང་བྱེ་མ་ཉུང་ངུ་འདྲེས་པའམ། ས་མང་པོ་དང་གསེག་མ་ཉུང་ངུ་འདྲེས་པ་ལྟ་བུ་ཉུང་ངུ་ས་ལས་གཞན་ཡོད་པའི་རྫས་ཉིད་ལ་ནི་ས་ཕལ་ཆེ་བ་ཉིད་དོ། །གཉིས་པ་ནི། ས་ཚིག་པ་ཉིད་ནི་ས་ཉམས་པ་ཉིད་ཡིན་ནོ། །ས་ཉམས་པ་ཉིད་ལ་ནི་ལྟུང་བྱེད་ཀྱི་ཕྱེད་ཉིད་དོ། །ས་ཞག་གྲུགས་པ་དང་། ཆུའི་ངོགས་གྲུགས་པ་དང་། རྩིག་པ་དང་རྩིག་པ་དེའི་སྐྱང་ནུལ་གྲུགས་པ་དག་ཀྱང་ལྟུང་བྱེད་ཀྱི་ཕྱེད་བསྐྱེད་པ་ཉིད་དོ། །དེའི་ཕྱིར་ཉུང་ངུ་གཞན་ཡོད་པའི་རྫས་ཉིད་ལ་ནི་ཕལ་ཆེ་བ་ཉིད་དོ་ཞེས་སྨོས་ནས་ས་དང་གཞན་འདྲེས་ཏེ། གཞན་ཤས་ཆེ་བ་ན་རྐོ་བ་ཅིར་འགྱུར་ཞེ་ན། ས་དང་འདྲེས་པའི་རྡོ་ཐལ་རྒྱུ་དང་། བྱེ་མ་ལ་སོགས་པ་ཤས་ཆེ་བ་ཡང་ཕྱེད་ཉིད་དོ། །ཕུར་པ་འབྱིན་པ་ལ་སོགས་པ་འོག་མ་དྲུག་པོའི་བྱ་བ་བྱས་པ་དག་ཀྱང་ཕྱེད་ཉིད་དོ། །དྲུག་པོ་དེ་གང་ཞེ་ན། ཕུར་པ་འབྱིན་པ་དང་། རི་མོ་འདྲེན་པ་དང་། ས་བྱེ་མ་འདྲེས་པའི་ལྕི་བ་འགོག་པ་དང་། འདམ་བསྐྱོད་པ་དང་། འདམ་དེ་དང་འབྲེལ་བའི་ཕྲུ་བ་ལ་སོགས་པ་འདེགས་པ་དང་། རྩིག་པ་དང་གྱང་འཇིག་པའི་བདག་ཉིད་ཀྱི་ཚ་སྒོ་སྟེ་བ་ཚྭས་ཞིག་པ་དག་ཀྱང་ཕྱེད་དོ། །དུལ་ལྷས། ཚ་སྒོ་ཞེས་བྱ་བ་ནི་ཆར་པ་ལ་སོགས་པ་ལས་གྱུར་པའི་ས་འབུས་པ་སྟེ། ཞེས་སོ། །གསུམ་པ་ནི། ཕུར་པ་འབྱིན་པ་ལ་སོགས་ས་འཇིག་པར་བྱེད་པའི་(༡༧༠ན)


K8Z003_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་དགེ་སློང་ལས་གཞིག་པའི་བློ་དང་ལྡན་ན་ཉེས་བྱས་སུ་འགྱུར་བ་དེའོ། །གཉིས་པ་ནི། ས་གཞིག་པའི་བསམ་པ་མེད་པ་ལ་ལྟུང་བ་མེད་པ་དེའི་ཕྱིར་ས་གཞིག་པའི་བློ་དང་མི་ལྡན་ན་ས་ལ་རི་མོ་འབྲི་ཞིང་གྲངས་བགྲང་བ་དང་། རྩིས་ཀྱི་ཡི་གེ་དགོད་པ་དང་། བཅུ་ཤོད་དང་བརྒྱ་ཤོད་དགོད་པ་ལ་སོགས་པའི་བསམ་པ་ལ་ནི་ས་བརྐོ་བའི་ལྟུང་བ་མེད་དོ། །ས་རྐོ་བའི་ལྟུང་བྱེད་དོ། །། །བཞི་པ་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པ་ལ། བསླབ་པར་བྱ་བ་བརྗོད་པ་དང་། །ལྟུང་བའི་རྣམ་པར་བཞག་པ་བསྟན། །ལྟུང་བ་མེད་པ་བརྗོད་པ་དང་། །སེལ་བས་ལྟུང་བ་གཞན་འགྱུར་རོ། །དང་པོ་ནི། སྦྱིན་བདག་གིས་བསྟབས་པ་ལ་ཡང་ཚོད་རིག་པར་བྱའི། ཧ་ཅང་བླང་བར་མི་བྱའོ་སྟེ། དྲང་སྲོང་གིས་ཀླུའི་རིན་པོ་ཆེ་བླངས་པའི་སྔོན་གྱི་བྱུང་བ་ལྟར་རོ། །ཊཱི་ཀར། མ་བསྟབས་པར་ཧ་ཅང་སློང་བ་ནི་མི་རིགས་པ་ཁོ་ན་ཡིན་པས། དེའི་ཕྱིར་འདི་ནི་བསྟབས་པའི་ཕྱིར་བྱས་པ་ཡིན་ནོ། །ཞེས་སོ། །སང་ངམ་གནངས་འབྱོན་པར་ཞུ་ཞེས་མགྲོན་དུ་བོས་པའི་ཁྱིམ་དུ་གདུགས་ཚོད་ཀྱི་ཉིན་མོ་དེ་ནི་གདུགས་ཚོད་ལ་གཤེགས་སུ་གསོལ། ཅེས་མ་བསྒུལ་ཡང་གདུགས་ཚོད་བསྐུལ་བ་དེ་མེད་ན་འགྲོར་རུང་ངོ་། །དེར་སོན་ན་གདུགས་ཚོད་གུང་གི་དུས་ལས་ཡོལ་བར་བྱེད་ན་གདུགས་ཚོད་བྲིམས་ཤིག་ཅེས་བསྒོ་བར་བྱའོོ། །ཚིག་འབྲུ་དེ་ཉིད་དང་དེ་ཉིད་མ་ཡིན་པ་གཉིས་ལས། ཚིག་འབྲུ་དེ་ཉིད་མ་ཡིན་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚིག་སྟེ། སྟན་དག་ཅི་བདེར་གྱིས་ཤིག་ཅེས་བརྗོད་པ་ལྟ་བུའོ། །དེ་ལ་ནི་ཚིག་ལ་གཅིག་ཏུ་འཆེལ་ཞིང་གུས་པར་མི་བྱའོ་སྟེ། དོན་གོ་བར་ནུས་ན་ཚིག་འབྲུ་གཞན་དུ་བསྒྱུར་ཏེ་སྨྲས་ཀྱང་ཉེས་མེད་དོ། །དེས་ན་ཚིག་འབྲུ་འདི་ཁོ་ན་བརྗོད་དགོས་སོ་ཞེས་གཅིག་ཏུ་འཆེལ་ཞིང་(༡༧༠བ)


K8Z003_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པར་མི་བྱའོ་ཞེས་དོན་དེ་ལྟར་ཊཱི་ཀས་བཤད་དོ། །གཞུང་འདིས་ཚིག་འབྲུ་དེ་ཉིད་ལ་ནི་གུས་པར་བྱའོ་ཞེས་ཤུགས་ཀྱིས་བསྟན་ཏེ། ཚིག་འབྲུ་དེ་ཉིད་ནི་ལས་ཀྱི་ཆོ་ག་ལྟ་བུའོ། །དེ་ལ་ནི་གུས་པར་བྱའི། ཚིག་གཞན་དུ་བསྒྱུར་དུ་མི་རུང་ངོ་། དགེ་འདུན་ལས་སོ་སོར་དགེ་སློང་མགྲོན་དུ་བོས་པ་བདག་གིར་བྱའོ། །དགེ་འདུན་དང་བཅས་ཏེ་དགེ་སློང་མགྲོན་དུ་བོས་པ་ཡང་བདག་གིར་བྱའོ། །དགེ་འདུན་ནམ་གང་ཟག་དུས་ཐམས་ཅད་ཇི་སྲིད་འཚོའི་བར་དུ་ཡང་མགྲོན་དུ་འབོད་པ་བདག་གིར་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་སེར་སྐྱའི་གནས་སུ་དྲུག་སྡེས་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་མགྲོན་དུ་འབོད་པ་པོ་ཁྱིམ་པས་མགྲོན་དུ་གཉེར་བ་ན་ཞག་བདུན་ནམ། ཟླ་བ་ཕྱེད་ལྟ་བུ་ཚིག་རྣམ་པར་བཞག་པ་ཡོད་ན་ཚིག་དེ་ལས་ལྷག་པའི་ཟས་ཟོས་པ་དང་། ཚིག་རྣམ་པར་བཞག་པ་མེད་ན་ཟླ་བ་བཞི་ལས་ལྷག་པའི་ཟས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་གི་ཟ་བའི་སྦྱིན་བདག་དང་། གང་ཟ་བའི་དངོས་པོ་དང་། གང་གིས་ཟ་བའི་རྟེན་ནོ། །དང་པོ་ལ་བདུན་ཏེ། ཁྱིམ་པ་ཆོས་དྲུག་ལྡན་ལས་ཅི་བདེར་སྟོབ་པ་མ་ཡིན་པ་མ་གཏོགས་པ་ལྔའི་སྟེང་དུ་མགྲོན་དུ་གཉེར་བར་བྱེད་པ་པོ་ཡིན་པ་དང་། ཡང་ཡང་དུ་མགྲོན་དུ་གཉེར་བ་ལ་སོགས་པ་མ་ཡིན་པ་སྟེ། མགྲོན་དུ་གཉེར་བ་དང་ལྡན་པ་ལས་ཞེས་པ་དང་། ཕྱིས་གཞན་ནམ་ཡང་དང་ཡང་དུའམ་ཞེས་གསུངས་པས་སོ། །གཉིས་པ་གང་ཟ་བའི་དངོས་པོ་ལ་དྲུག་སྟེ། དུས་སུ་(༡༧༡ན)


K8Z003_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ཡིན་པ་དང་། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་ནི་སྔར་བཤད་པ་བཞིན་ནོ། །སྔར་ནས་འདྲེན་འཕྲོ་ཡིན་པ་སྟེ་སྐབས་ཀྱིས་གྲུབ་བོ། །ལྡམ་ལྡུམ་ལ་སོགས་པ་མོད་པ་མ་ཡིན་པ་སྟེ། སྐབས་གཞན་དུ་བཤད་པ་བཞིན་ནོ། །གསུམ་པ་གང་གིས་ཟ་བའི་རྟེན་ལ་གསུམ་སྟེ། མགྲོན་དུ་གཉེར་བ་དང་ལྡན་པ་དང་། ཡང་དང་ཡང་དུ་མགྲོན་དུ་བོས་པ་ལ་སོགས་པ་མ་ཕྱིན་པ་དང་། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། མགྲོན་དུ་གཉེར་བ་དང་ལྡན་པ་ལས་ཞེས་པ་དང་། ཕྱིས་གཞན་ནམ་ཡང་དང་ཡང་དུའམ་ཞེས་པ་དང་། ནད་པ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་ཅིང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཟ་བར་བྱེད་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །གཉིས་པ་ནི། དགེ་འདུན་ནམ་གང་ཟག་མགྲོན་དུ་གཉེར་བ་ན་ཟླ་གྲངས་དང་ཞག་གྲངས་ལ་སོགས་པའི་ཚིག་རྣམ་པར་བཞག་པ་མེད་པར་མགྲོན་དུ་གཉེར་བ་དང་ལྡན་པ་ལས་ཞེས་པ་ལ། ཊཱི་ཀར། ཚིག་གསུམ་གསུངས་ཏེ་མགྲོན་དུ་གཉེར་བ་དང་ལྡན་པ་དང་། དགག་པ་ཕྱེ་བ་དང་ལྡན་པ་དང་། ཕྱིར་ཟློག་པ་གསལ་བ་དང་ལྡན་པ། ཞེས་འགྱུར་ལ། དང་པོ་རྩ་བས་ཐོབ་པ་སྟེ་མཆོད་སྟོན་ལ་འབྱོན་པར་ཞུ་ཞེས་མགྲོན་དུ་གཉེར་བ་དང་། ཕྱི་མ་གཉིས་ནི་སྔར་མགྲོན་དུ་མ་བོས་པ་ན་ཁྱིམ་དུ་འོང་བ་དོན་གྱིས་བཀག་པ་ལས་མགྲོན་དུ་བོས་པ་ན་དགག་པ་ཕྱེ་བ་དང་། སྒོ་སྲུང་བ་ལ་སོགས་པ་ཕྱིར་བཟློག་བསལ་བའོ། །ཕྱིས་གཞན་ནམ་ཞེས་པ་ནི་སྔར་མགྲོན་དུ་གཉེར་བའི་དུས་རྫོགས་ནས། ཕྱིས་ཀྱང་བསྐྱར་ཏེ་མགྲོན་དུ་གཉེར་བ་གཞན་བྱས་ན་ནི་(༡༧༡བ)


K8Z003_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་བཞི་ལས་འདས་ཏེ་ཟོས་ཀྱང་ཉེས་པ་མེད་དོ། །དེས་ན་སྔར་མགྲོན་དུ་གཉེར་བའི་དུས་རྫོགས་ནས་ཕྱིས་ཀྱང་བསྐྱར་བ་སྟེ། མགྲོན་དུ་གཉེར་བ་གཞན་མ་བྱས་པར་ཟླ་བ་བཞི་པ་ཡོངས་སུ་རྫོགས་པའི་འོག་ཏུ་བཤམས་པ་ཟོས་ན་ཞེས་སྦྱར་རོ། །ཡང་དང་ཡང་དུའམ་ཞེས་པ་ནི་རྒྱལ་པོ་ལ་སོགས་པས་ཉི་མ་རེ་རེ་ལ་མགྲོན་དུ་གཉེར་བ་རེ་རེ་བྱས་ཏེ། ཡང་དང་ཡང་དུ་མགྲོན་དུ་བོས་ན་ནི་ཟླ་བ་བཞི་ལས་འདས་ཏེ་ཟོས་ཀྱང་ཉེས་པ་མེད་དོ། །དེས་ན་ཉིན་རེ་ཉིན་རེ་ཞིང་ཡང་ཡང་དུ་མགྲོན་དུ་གཉེར་བར་མ་བྱས་པར་ཟླ་བ་བཞིས་ཡོངས་སུ་རྫོགས་པའི་འོག་ཏུ་བཤམས་པ་ཟོས་ནའོ་ཞེས་སྦྱར་རོ། །དུས་ཀྱི་ཞེས་པ་ནི། དེ་ནས་མ་ཤིའི་བར་དུ་མགྲོན་དུ་བོས་ན་ནི་ཟླ་བ་བཞི་ལས་འདས་ཏེ་ཟོས་ཀྱང་ཉེས་པ་མེད་དོ། །དེས་ན་དུས་ཇི་སྲིད་འཚོའི་བར་དུ་མགྲོན་དུ་གཉེར་བར་མ་བྱས་པར་ཟླ་བ་བཞི་ཡོངས་སུ་རྫོགས་པའི་འོག་ཏུ་བཤམས་པ་ཟོས་ན་ལྟུང་བྱེད་བསྐྱེད་པའོ། །ཟོས་པའི་སྔ་རོལ་གྱི་ལུས་ངག་གི་རྣམ་པར་རིག་བྱེད་ལ་ནི་ཉེས་བྱས་སོ། །གསུམ་པ་ནི། ནད་པ་ལ་ནི་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་ཅིང་ཟ་བའི་ཉེས་པ་མེད་དོ། །སྦྱིན་བདག་ཉེ་དུ་ལས་བླངས་ཏེ་ཟོས་པ་ལས་ལྟུང་བ་མེད་དོ། །བཞི་པ་ལ་ནི། ཁྱིམ་པས་དགེ་སློང་ལ་ཟས་ལ་སོགས་པ་གང་དགོས་པ་དེ་ལོང་ཞིག་ཅེས་ཇི་སྲིད་འཚོའི་བར་རམ། ཟླ་བ་བཞི་ལ་སོགས་པ་མགྲོན་དུ་གཉེར་བའི་དགེ་སློང་དེ་བར་སྐབས་སུ་རྣམ་པར་འཁྱམས་ཏེ། ཁྱིམ་པར་བབས་པ་ལས་སླར་ཡང་དགེ་སློང་བྱས་ནས་བསླབ་རྒྱུན་སྔ་མའི་དགེ་སློང་ཉིད་ནི་ཕྱིས་བླངས་པའི་དགེ་སློང་དེ་དང་བསླབ་རྒྱུན་ཐ་དད་པ་ཉིད་ཡིན་པས་ཅི་བདེར་བསྟབས་པར་མི་འགྱུར་བ་ཉིད་དོ། །དེས་ན་བསླབ་རྒྱུན་ཕྱི་མ་ཉིད་ལ་མ་བསྟབས་ཀྱང་སྔ་མའི་ཤུལ་དུ་ཞུགས་ཏེ་སྦྱིན་བདག་དེའི་(༡༧༢ན)


K8Z003_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ལ་སོགས་པ་ལོངས་སྤྱོད་པར་མི་བྱ་བ་ཉིད་དོ། །འོན་ཀྱང་ཕྱིས་དགེ་སློང་གིས་སྡོམ་པ་བསྐྱར་ཏེ་བླངས་པ་ཉིད་ན་ཡང་སྦྱིན་བདག་དེས་གལ་ཏེ་ཡང་སྟོབ་པར་བྱེད་ན་ནི་ལོངས་སྦྱོད་པར་བྱ་སྟེ། ཞུ་བ་ལས། གལ་ཏེ་ཡང་སྟོབ་པར་བྱེད་ན་ནི་རོ་མྱོང་བར་བྱའོ། །ཞེས་ཊཱི་ཀས་ལུང་དྲངས་སོ། །ཁྱིམ་པས་དགེ་སློང་ལ་ཟས་བསོད་པ་གང་དགོས་པ་དེ་ལོངས་ཤིག་ཅེས་ཇི་སྲིད་འཚོའི་བར་རམ། ཟླ་བ་བཞི་ལ་སོགས་པར་མགྲོན་དུ་གཉེར་བ་ལས་བར་སྐབས་སུ་དགེ་སློང་དེ་ཁྱིམ་པར་བབས་ཏེ། སླར་ཡང་དགེ་སློང་བྱས་ནས་ཁྱིམ་པ་དེ་ཉིད་ཟས་བསོད་པ་སློང་བ་ལ་སོགས་པ་དེ་ནི་ཅི་བདེར་མ་བསྟབ་པར་སློང་བའི་ཉེས་པ་གང་དང་གང་ཡིན་པ་དེ་དང་དེ་སྐྱེད་པར་བྱེད་པ་ཉིད་ཡིན་ནོ་སྟེ། ཟས་བསོད་པ་སློང་ན་ནི་བསོད་པ་མ་བསྟབ་པར་སློང་བའི་ཉེས་པ་བསྐྱེད་ལ། ཕྱེ་ལ་སོགས་པ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པ་སློང་ན་ཡང་དངོས་པོ་དེ་མ་བསྟབ་པ་བླང་བའི་ཉེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་ནོ། །བསླབ་རྒྱུན་སྔ་མའི་ཚེ་ན་ཅི་བདེར་བསྟབས་ཀྱང་དེས་བསླབ་རྒྱུན་ཕྱི་མ་ལ་ཅི་བདེར་བསྟབས་པའི་གོ་མི་ཆོད་པའི་ཕྱིར་བསླབ་རྒྱུན་ཕྱི་མ་ཉིད་ལ་མ་བསྟབ་ན་མ་བསྟབ་པར་སློང་བའི་ཉེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་ནོ་ཞེས་པའོ། །མགྲོན་དུ་གཉེར་བ་ལས་ཟླ་བ་བཞི་ལྷག་ན་ལྟུང་བ་བསྐྱེད་པར་མ་ཟད་ཀྱི། ཟླ་བ་བཞིའི་མདུན་རོལ་ཏུ་ཡང་སྦྱིན་བདག་གང་གིས་ཟས་ཀྱི་དངོས་པོ་གང་དང་གང་མ་བསྟབ་པར་དེ་དང་དེ་སློང་ངམ་ཟ་ན་མ་བསྟབ་པའི་ཉེས་པ་བྱེད་པ་ཉིད་ཡིན་ནོ། །ཕྱེ་བསྟབ་པ་ལས་མར་སློང་ངམ། མར་བསྟབ་པ་ལས་ཤ་སློང་ན་བསོད་པ་སློང་བའི་ལྟུང་བ་བསྐྱེད་པ་ལྟ་བུའོ་ཞེས་སོ། །མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་དོ། །། །ལྔ་པ་བསླབ་པ་ཉེ་བར་འཇོག་པ་ལ། དངོས་(༡༧༢བ)


K8Z003_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བའི་ན་སྨད་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞིི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་བསླབ་པ་ལ་ཉེ་བར་འཇོག་པ་སྤངས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དངོས་སུ་རང་རིས་ཀྱི་སེམས་བདེ་བ་ལ་གནོད་པ་དང་། བརྒྱུད་ནས་ཚུལ་ཁྲིམས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་དགེ་སློང་གིས་བསླབ་པའི་སྒོ་ནས་བསྒོ་བ་ལས་ངག་གི་རིག་བྱེད་ཀྱིས་སྤངས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་སྤང་བའི་ཡུལ་དང་། གང་སྤང་བའི་དངོས་པོའོ། །དང་པོ་ལ་བརྒྱད་ལས། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་རང་ལ་བསྒོ་བ་པོ་ཡིན་པ་དང་། འདུལ་བའི་དོན་ཤེས་པ་སྟེ་སྨྲ་བ་པོ་ལའོ་ཞེས་པ་དང་། མངོན་པར་ཤེས་པ་ཉིད་ལའོ་ཞེས་གསུངས་པས་སོ། །གཉིས་པ་ནི། འདུལ་བར་གཏོགས་པ་ཡིན་པ་དང་། བདག་ལ་བསྒོ་བ་པོ་ཡིན་པ་སྟེ་བསླབ་པ་ལའོ་ཞེས་གསུངས་ཤིང་། དེའི་སེལ་བ་མདོ་སྡེ་ལས་གསུངས་པ་ལ་ནི་ཉེས་བྱས་ཀྱིའོ་ཞེས་གསུངས་པ་དང་། ཁྱོད་ཀྱིས་འདི་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྤོང་བར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །གཉིས་པ་ནི། འདི་ལ་ཤེས་གཙོའོ། །ཡུལ་གང་ལ་འདུ་ཤེས་གཙོ་ན། འདུལ་བ་སྨྲ་བ་པོ་དེས་འདུལ་བའི་བསླབ་པ་མངོན་པར་ཤེས་པ་ཉིད་ལའོ། །ཡུལ་དགེ་སློང་གང་ལ་ཞེ་ན། ཁྱོད་ཀྱིས་འདི་ལ་མི་(༡༧༣ན)


K8Z003_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སློབས་ཤིག་ཅེས་སྨྲ་བ་པོ་ལའོ། །འདུལ་བ་ལས་གསུངས་པའི་བསླབ་པ་ལའོ། །བསླབ་པ་གོ་བར་བྱེད་པའི་དགེ་སློང་གིས་ལྟུང་བ་འབྱིན་པོའི་དགེ་སློང་ལ་ཁྱོད་ཀྱིས་འདུལ་བ་ལས་གསུངས་པའི་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་ཚིག་གི་སྒོ་ནས་བརྗོད་པ་ནའམ། དོན་གྱི་སྒོ་ནས་བསྒོ་བ་ན་ཁྱེད་ཀྱི་ཚིག་གིས་ནི་ཁོ་བོ་བསླབ་པ་འདི་ལ་མི་སློབ་བོ་ཞེས་རྒྱུ་མཚན་ཅིའི་ཕྱིར་ན་དངོས་པོ་ནི་སྡེ་སྣོད་འཛིན་པའི་མཁས་པ་རྣམས་ལ་དྲིའོ་ཞེས་ཟེར་བ་སྟེ། རྒྱུའི་དངོས་པོ་དེས་བསླབ་པ་གོ་བར་བྱེད་པ་པོ་དེ་ལ་ཁྱོད་ནི་མི་ཤེས་པ་བྱིས་པ་གླེན་པ་མི་གསལ་བ་མི་མཁས་པ་ཉིད་ཡིན་པས། དེའི་ཕྱིར་ཁྱོད་ཀྱི་ཚིག་གིས་ནི་ཁོ་བོ་མི་སློབ་བོ་ཞེས་སྒྲོགས་པར་བྱེད་པའི་ཚིག་བརྗོད་ན་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ནི། ཞུ་བ་ལས། འདུལ་བ་དང་ལྡན་པ་མ་གཏོགས་པ་མདོ་སྡེ་ལས་གསུངས་པ་ལ་ཁོ་བོ་འདི་ལ་མི་སློབ་བོ། །ཞེས་ཟེར་ན་ནི་ཉེས་བྱས་ཀྱིའོ། །བསླབ་པ་ལ་ཉེ་བར་འཇོག་པ་སྤང་བའི་ལྟུང་བྱེད་དོ། །། །དྲུག་པ་ཉན་རྣ་བྱེད་པ་ལ། ལྟུང་བ་རྣམ་གཞག་དམིགས་བསལ་བསྟན། །སྐབས་ཀྱི་བསླབ་བྱ་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེར་དགས་ཉན་རྣ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྩོད་པ་འཕེལ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་རྩོད་པ་གཞན་ཕྱོགས་སུ་གྱུར་པའི་དགེ་སློང་གཉིས་ཡན་ཆད་གྲོས་བྱེད་པ་ལ་ཤེས་བཞིན་དུ་རྩོད་པ་སྤང་བའི་ཆེད་དུ་མཉན་པས་རང་གིས་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་མཉན་པའི་ཡུལ་དང་། གང་མཉན་པའི་དངོས་པོའོ། །དང་པོ་ལ་དྲུག་སྟེ། (༡༧༣བ)


K8Z003_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་། མཚན་མཐུན་པ་དང་། ཐ་སྙད་གསུམ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་བཞི་ནི་སྔར་བྱིན་འཕྲོག་གི་སྐབས་སུ་བཤད་པ་དང་འདྲའོ། །རང་ལས་རྩོད་པ་གཞན་ཕྱོགས་སུ་གྱུར་པ་སྟེ། དགེ་སློང་དག་རྩོད་པར་གྱུར་པ་ཞེས་གསུངས་པས་སོ། །གཉིས་ཡན་ཆད་གྲོས་བྱེད་པ་ཡིན་པ་སྟེ། དགེ་སློང་དག་གྲོས་བྱེད་པ་ན་ཞེས་གསུངས་པས་སོ། །གཉིས་པ་གང་མཉན་པའི་དངོས་པོ་ནི་རྩོད་པ་གང་ཡང་རུང་བའི་གྲོས་བྱེད་པ་ཡིན་པ་སྟེ། རྩོད་པར་གྱུར་པའི་དགེ་སློང་དག་གྲོས་བྱེད་པ་ན་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རྩོད་བསད་པའི་ཆེད་དུ་ཉན་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཉན་པར་ཞུགས་པའོ། །མཐར་ཐུག་ནི་རང་གིས་ཚིག་ཐོས་ཤིང་དོན་གོ་བའོ། །གཉིས་པ་ལ། འཆད་འགྱུར་སྤང་བ་དམིགས་བསལ་བསྟན། །སྦྱོར་མཐའ་བསམ་པའི་ཡན་ལག་བསྟན། །ཀུན་སློང་གློ་བུར་དམིགས་བསལ་ལོ། །དང་པོ་ནི། གང་བྱས་ན་ལྟུང་བྱེད་འདིར་འགྱུར་ན། དགེ་སློང་དག་རྩོད་པར་གྱུར་པ་ན་རྩོད་པ་པོ་སྟེ། དགེ་སློང་དག་དང་གྲོས་བྱེད་པ་ན། བདག་གི་མཉན་པའི་རྣ་བ་གཏོད་ན་ལྟུང་བྱེད་དུ་འགྱུར་ཏེ། ཉེ་བར་ཞི་བར་འདོད་པས་ནི་མ་གཏོགས་སོ། །གཉིས་པ་ནི། གཞན་གྲོས་བྱེད་པ་དེའི་སྒྲ་ཐོས་པ་ཙམ་ལ་ནི་སྦྱོར་བའི་ཉེས་བྱས་སོ། །གྲོས་བྱེད་པའི་སྒྲའི་དོན་གོ་བ་ལ་ནི་ལྟུང་བྱེད་དངོས་གཞིའོ། །བསམ་པ་ཅིས་ན་གལ་ཏེ་འཁྲུག་ལོང་བྱ་བ་ལ་གཞོལ་བས་སོ། །གསུམ་པ་ནི། ཆེད་ཀར་མཉན་པའི་ཕྱིར་ནི་མ་སོང་གི། དོན་གཞན་གྱི་དབང་ཉིད་ཀྱིས་གྲོས་བྱེད་པའི་གནས་སུ་(༡༧༤ན)


K8Z003_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སོན་ཅིང་། རང་གིས་ཀྱང་དགེ་སློང་འདི་དག་གྲོས་བྱེད་དོ་སྙམ་དུ་ཤེས་པའི་འོག་ཏུ་རྐང་པ་དང་སེ་གོལ་དང་ལུད་པའི་སྒྲ་དག་གིས་གྲོས་བྱེད་པ་དག་ལ་གོ་བར་མི་བྱེད་ན། ཡན་ལག་གཞན་ཚང་ན་ངེས་པར་ལྟུང་བ་འབྱིན་པ་ཉིད་དུ་འགྱུར་ཏེ། གལ་ཏེ་རྩོད་པའི་གཏམ་བྲེ་མོའི་གཏམ་དུ་འཁྲུལ་པ་དང་། བྱ་བ་གཞན་དུ་ནོར་བ་དང་། རྩོད་པ་ཉེ་བར་ཞི་བར་འདོད་པ་ནི་མ་གཏོགས་སོ། །གཉིས་པ་ནི། འཐབ་བཅུག་མི་བྱའོ་སྟེ། ཊཱི་ཀར། འཐབ་མོ་སྤར་བར་མི་བྱའོ། །ཞེས་སོ། །འཐབ་མོ་ཉན་པར་མི་བྱའོ། །འཐབ་མོ་དེ་བྱེད་པ་ལ་ཉེ་བར་བསྐོར་ཏེ་འདུག་པར་མི་བྱའོ། །རྩོད་པ་དེ་ཉེ་བར་ཞི་བར་བྱ་བའི་ཕྱིར་མི་འབད་པར་མི་བྱའོ། །ཉན་རྣ་ལས་གྱུར་པའི་ལྟུང་བྱེད་དོ། །། །བདུན་པ་མི་སྨྲ་བར་འགྲོ་བ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །དེ་ཡི་ལྟུང་བའི་ན་སྨད་བསྟན། །ལྟུང་བ་མེད་པ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དགའ་བོས་ལས་ཀྱི་གནས་ནས་མ་སྨྲས་པར་ཕྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། རང་རིས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་དགེ་འདུན་གྱི་ཁ་སྐོང་བར་འོས་པས་དགེ་འདུན་ཆོས་ལྡན་གྱི་ལས་ལ་འདུས་ནས་དགེ་སློང་ལ་མ་སྨྲས་པར་ཐོས་པའི་ཉེ་འཁོར་ལས་འདས་པར་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་ནས་འགྲོ་བའི་གནས་དང་། གང་དུ་འགྲོ་བའི་གནས་དང་། གང་གི་ཚེ་འགྲོ་བའི་དུས་དང་། གང་གིས་འགྲོ་བའི་རྟེན་ནོ། །དང་པོ་ལ་གཉིས་ལས། དགེ་འདུན་མཚན་ཉིད་དང་ལྡན་པའི་ལས་ཀྱི་གནས་ཡིན་པ་སྟེ། རྣམ་འབྱེད་ལས། ཉན་ཐོས་ཀྱིས་དགེ་འདུན་གྱིའོ། །(༡༧༤བ)


K8Z003_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་དང་། གསོལ་བ་ལ་སོགས་པའི་ལས་ལ་འདུས་པ། ཞེས་གསུངས་པས་སོ། །ལས་ཆོས་དང་ལྡན་པའི་གནས་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། ཆོས་དང་ལྡན་པའི་ཞེས་གསུངས་ཤིང་། འདི་ཉིད་ལས། ཆོས་དང་ལྡན་པ་ཉིད་མ་ཡིན་པའི་ལས་ལ་ཡང་ངོ་། །ཞེས་གསུངས་པས་སོ། །གཉིས་པ་ནི། ཐོས་པའི་ཉེ་འཁོར་ཕན་ཆད་ཡིན་པ་དང་། མཚམས་ཀྱི་ནང་ཡིན་པ་སྟེ། གཞན་དུ་ན་མ་འདུས་པའི་མི་མཐུན་པ་མི་བསྐྱེད་པའི་ཕྱིར་རོ། །གསུམ་པ་ནི། གསོལ་བ་བྱས་པ་མན་ཆད་མ་ཡིན་པ་སྟེ། གསོལ་བ་བྱས་པ་ཉིད་ལའོ་ཞེས་གསུངས་པས་སོ། །བཞི་པ་ནི། དགེ་སློང་ལ་མ་སྨྲས་པ་སྟེ། དགེ་སློང་ལ་མ་སྨྲས་པར་འགྲོ་ནའོ་ཞེས་གསུངས་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་དགེ་སློང་ལ་མ་སྨྲས་པར་ཐོས་པའི་ཡུལ་ལས་འདས་པར་འགྲོ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འགྲོ་བར་ཞུགས་པ་སྟེ། མཐར་ཐུག་ནི་ཐོས་པའི་ཉེ་འཁོར་ལས་འདས་པའོ། །གཉིས་པ་ནི། གང་བྱས་ན་འདིར་འགྱུར་ན། གསོལ་བ་འབའ་ཞིག་ལ་སོགས་པའི་ལས་ལ་འདུས་པ་དགེ་སློང་ལ་མ་སྨྲས་པར་འགྲོ་ན་ལྟུང་བྱེད་དོ། །ཐག་ཇི་སྲིད་དུ་སོང་ན་འདིར་འགྱུར་ཞེ་ན། ཐོས་པའི་ཉེ་འཁོར་ལས་འདས་ན་དངོས་གཞིའོ། །གཉིས་པ་ནི། ཐོས་པའི་ཉེ་འཁོར་ལས་འདས་པའི་མདུན་རོལ་དུ་ནི་ཉེས་བྱས་སོ། །ལས་ཀྱི་གནས་ནས་དོན་མེད་པ་ཉིད་ཀྱིས་འགྲོ་བ་དང་དོན་ཡོད་ཀྱང་མི་རིགས་པ་ལྟད་མོ་ལ་སོགས་པས་འགྲོ་ན་ནི་དགེ་སློང་ལ་སྨྲས་ཏེ་འགྲོ་ཡང་ཉེས་བྱས་སུ་འགྱུར་རོ། །གསོལ་གཉིས་དང་གསོལ་བཞིའི་ལས་ཀྱིས་གསོལ་བ་བྱས་ཟིན་ནས་ལས་རྗོད་པར་བྱེད་པ་ཉིད་ལ་མ་སྨྲས་པར་འགྲོ་ན་(༡༧༥ན)


K8Z003_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པའི་ཉེ་འཁོར་ལས་འདས་ཀྱང་ཉེས་བྱས་སུ་འགྱུར་བའོ། །ཆོས་དང་ལྡན་པ་ཉིད་མ་ཡིན་པའི་ལ་ཡང་མ་སྨྲས་པར་འགྲོ་ཞིང་ཐོས་པའི་ཉེ་འཁོར་ལས་འདས་ན་ཉེས་བྱས་སོ། །གསུམ་པ་ནི། ལས་གྱི་སྒྲ་ཐོས་པའི་ཡུལ་ལས་མི་འདའ་བར་འདོད་པས་ནི་ལྟུང་བ་མེད་དོ། །མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དོ། །། །བརྒྱད་པ་མ་གུས་པའི་ཚུལ་ལ། ལྟུང་བའི་རྣམ་པར་བཞག་པ་དང་། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་གླང་ཆེན་ལྷས་ཀྱི་བདག་པོའི་བུ་དགེ་སློང་ནག་པོས་དགེ་འདུན་གྱི་བཀའ་ལ་མ་གུས་པར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་བཞིན་གྱིས་དགག་བྱར་འགྱུར་བ་དང་། རང་རིས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སངས་རྒྱས་དངོས་སུ་བཞུགས་པ་དང་། དགེ་སློང་གི་དགེ་འདུན་དང་། དགེ་འདུན་གྱི་ཐ་སྙད་པ་སྟེ་དེ་གསུམ་གང་ཡང་རུང་བའི་གསུང་ཆོས་དང་ལྡན་པས་བདག་ལ་བསྒོ་བའི་དོན་ལ་བཤད་སྦྱངས་མེད་པར་དེ་ལས་བཟློག་སྟེ་འགལ་བ་བྱས་པ་ལས་གྱུར་པའི་ལྟུང་བྱེད་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། དེ་ཡང་སངས་རྒྱས་དངོས་དང་། དགེ་སློང་གི་དགེ་འདུན་དང་། དགེ་འདུན་གྱི་ཐ་སྙད་པ་དང་གསུམ་པོ་གང་ཡང་རུང་བས་བསྒོ་བ་ཡིན་པ་སྟེ་གཞུང་དུ་ཤེས་པར་འགྱུར་རོ། །བདག་ལ་བསྒོ་བ་ཡིན་པ་སྟེ་བསྒོ་བའི་དོན་ལ་ཞེས་པའི་སྐབས་ཀྱིས་གྲུབ་བོ། །ཆོས་དང་ལྡན་པ་ཡིན་པ་སྟེ། ཆོས་དང་ལྡན་པ་ཉིད་མ་ཡིན་པའི་བསྒོ་བ་ལས་ཀྱང་ངོ་ཞེས་གསུངས་པས་སོ། །བསྒྲུབ་པར་ནུས་པ་སྟེ་བསྒྲུབ་པར་མི་ནུས་པ་ལ་ནི་བཤད་སྦྱངས་མ་བྱས་ཀྱང་(༡༧༥བ)


K8Z003_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་ལས་ཆེ་བ་མི་བསྐྱེད་དེ། མཚམས་པོ་ཆེ་མེད་པའི་ཕྱིར་བཤད་སྦྱངས་བྱས་ན་ནི་ཇི་སྐད་བསྒོ་བ་བཞིན་མ་བསྒྲུབས་ཀྱང་ཉེས་པ་མེད་དེ་དགག་བྱ་མེད་པའི་ཕྱིར། བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་རང་གར་བཤད་སྦྱངས་མེད་པར་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ལོག་པར་སྒྲུབ་པར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །གཉིས་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བ་དེ་ཡི་ན་སྨད་བསྟན། །དངོས་གཞིའི་ཁྱད་པར་གཞན་བསྟན་པའོ། །དང་པོ་ནི། གང་བྱས་ན་མ་གུས་པའི་ཚུལ་གྱིས་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་འདུན་གྱིས་ཁྱོད་འདིར་འདུག་པ་དང་། འགྲོ་བ་དང་། གནས་མལ་དང་། གཙུག་ལག་ཁང་ལེན་པ་དང་། སྨྲ་བ་ལ་སོགས་པ་བསྒོ་བའི་དོན་ལ་བསམ་པ་མ་གུས་པས་ངག་ཆོས་དང་ལྡན་པར་བཤད་ཀྱིས་སྦྱངས་པ་མེད་པར་དེ་ལས་བཟློག་སྟེ་འགལ་བར་བྱེད་པ་ལ་ལྟུང་བྱེད་དོམ་གུས་པ་དང་བཤད་སྦྱངས་མེད་པ་གཉིས་ཀ་སྨོས་ཅི་དགོས་སྙམ་ན། མ་གུས་པ་མེད་ཀྱང་ཤེད་དམན་པའི་ཕྱིར་སྨྲ་མ་ནུས་པ་ལས་བཤད་སྦྱངས་མེད་པ་སྲིད་པ་དང་། མ་གུས་པ་ཡོད་ཀྱང་ཚིག་གིས་བཤད་སྦྱངས་བྱས་ན་ལྟུང་བ་མི་རྫོགས་པས་ལྟུང་བ་རྫོགས་པ་ལ་གཉིས་ཀ་དགོས་པའི་ཕྱིར་གཉིས་ཀ་སྨོས་སོ། །རང་མཆན། །། སུས་བསྒོ་བ་ལ་ཞེ་ན། དགེ་སློང་གི་དགེ་འདུན་གྱི་གསུང་གིས་བསྒོ་བ་ལས་ནི་འགལ་ན་ལྟུང་བྱེད་དངོས་གཞིའོ། །གཉིས་པ་ནི། དགེ་འདུན་ལས་མཁན་པོ་དང་སློབ་དཔོན་དག་གི་གསུང་གིས་བསྒོ་བ་ལ་ནི་འགལ་ན་ཉེས་བྱས་སོ། །དགེ་འདུན་གྱིས་བསྒོ་བའི་དོན་ཆོས་དང་ལྡན་པ་ཉིད་མ་ཡིན་པའི་བསྒོ་བ་ལས་ཀྱང་བཤད་སྦྱངས་མེད་པར་འགལ་ན་ཉེས་བྱས་སོ། །གསུམ་པ་ནི། དགེ་སློང་གི་དགེ་(༡༧༦ན)


K8Z003_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ཆོས་དང་ལྡན་པའི་གཏམ་སྨྲ་བ་ན་གློ་བུར་དུ་གཏམ་ཟེར་ན་ཅིར་འགྱུར་ཞེ་ན། རང་འགྲེལ་དང་ཊཱི་ཀ་ལས། གཞན་དག་ལ་ཆོས་དང་ལྡན་པའི་གཏམ་གཏན་ལ་འབེབས་པའི་གློ་བུར་དུ་གཏམ་ཟེར་ན་ནི་དགེ་སློང་གི་དགེ་འདུན་གྱིས་བསྒོ་བ་ལས་འགལ་བར་བྱེད་པ་དེ་ཉིད་དོ་སྟེ་ལྟུང་བྱེད་དོ། །ཞེས་སོ། །དགེ་འདུན་གྱི་ཐ་སྙད་པ་སྟེ། དུལ་ལྷས། དགེ་འདུན་གྱིས་གང་ཟག་བཅུ་གཉིས་ལ་སོགས་པར་བསྐོས་པའོ། །ཞེས་བཤད་དོ། །དེས་ན་དེ་ནི་དགེ་འདུན་དེའི་ཁ་ཡིན་ནོ་སྟེ། ཉིད་བཤད་དང་། ཊཱི་ཀ་ལས། དགེ་འདུན་གྱི་ཐ་སྙད་པས་བསྒོ་བ་དེ་ནི་དགེ་འདུན་གྱི་བསྒོ་བ་ཡིན་ནོ། །ཞེས་སོ། །དེས་ན་དགེ་འདུན་གྱི་ཐ་སྙད་པའི་ངག་དགེ་འདུན་གྱི་ངག་དང་། འདིར་བྱེད་པ་འདྲ་བ་ལ་བསམས་ཏེ་འབྱུང་བ་དག་ལ་འབྱུང་ཁུངས་ཁའི་སྒྲས་བརྗོད་པའོ། །སངས་རྒྱས་ནི་དགེ་འདུན་དང་འདྲའོ་ཞེས་པ་སངས་རྒྱས་ཞལ་དངོས་སུ་བཞུགས་པ་ལ་མ་གུས་པ་བཀའ་དང་འགལ་བར་བྱས་ན་མ་གུས་པའི་ཚུལ་གྱི་ལྟུང་བྱེད་དོ་ཞེས་བསྟན་ཏོ། །སངས་རྒྱས་ཞལ་དངོས་སུ་བཞུགས་པའི་ཚེ་ན་ཕམ་ལྷག་དང་ལྟུང་བྱེད་ལ་སོགས་ཀྱི་བཅས་པ་ལ་མ་གུས་པས་འབྲལ་བར་བྱེད་ན་ནི་རང་རང་གི་ལྟུང་བ་གང་ཡིན་པ་དེ་འབྱུང་ཞིང་། མ་གུས་པའི་ཚུལ་གྱིས་ལྟུང་བྱེད་དུ་ཡང་འགྱུར་ཏེ། ཊཱི་ཀ་ལས། བསླབ་པ་ལས་འགལ་བར་བྱེད་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་ལ་མ་གུས་པ་བསྐྱེད་ན་ནི་ལྟུང་བྱེད་དོ། །ཞེས་བཤད་དོ། །སངས་རྒྱས་མྱ་ངན་ལས་འདས་པའི་ཚེ་ན་བཅས་པ་ཁྱད་དུ་གསོད་ཅིང་འགལ་བར་བྱེད་ན་ནི་མ་གུས་པའི་ཚུལ་གྱིས་ཉེས་བྱས་ཏེ། ཊཱི་ཀ་ལས། བསླབ་པ་ཅུང་ཟད་ཙམ་དང་ངན་ངོན་ཙམ་འདིས་ཅི་བྱ། ཞེས་བྱ་བ་ལ་སོགས་པས་བསླབ་པ་ལ་མ་གུས་པ་བསྐྱེད་ན་ཉེས་བྱས་སོ་ཞེས་གསུངས་(༡༧༦བ)


K8Z003_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གཉིས་པ་ནི། རྒྱལ་པོ་དང་དགྲ་བཅོམ་པ་དང་དགེ་འདུན་གྱི་གནས་བརྟན་རྣམས་ཀྱི་ཚིག་མ་གུས་པས་ཕྱིར་རྣམ་པར་དཀྲུག་པར་མི་བྱའོ། །མ་གུས་པའི་ཚུལ་གྱི་ལྟུང་བྱེད་དོ། །། །དགུ་པ་མྱོས་འགྱུར་འཐུང་བ་ལ། དངོས་གཞི་གཞི་སེལ་དང་བཅས་བསྟན། །དངོས་གཞི་དོགས་གཅོད་སེལ་རིམ་དང་། །ཆར་གཏོགས་ཉེས་བྱས་ལྟུང་མེད་དོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ལེགས་འོངས་ཀྱིས་མྱོས་འགྱུར་འཐུངས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སེམས་འཁྲུལ་ཏེ་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའོ། །དེ་ཡང་། འོད་ལྡན་ལས། མྱོས་པར་འགྱུར་བ་ལས་བཟློག་པ་ནི་སེམས་འཁྲུལ་པའི་རྒྱུ་དག་ཁོ་ན་དགག་པར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཤིང་། ཡང་དེ་ཉིད་ལས། ལྟུང་བ་རིགས་ལྔ་དག་ལ་འཇུག་པར་བྱེད་པ་ཡིན་པའི་ཕྱིར་དང་། ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ཞེས་གསུངས་སོ། །ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དེས་ན། ལུང་རྣམ་འབྱེད་ལས། དགེ་སློང་དག་ལ་སྟོན་པའོ་ཞེས་ཟེར་བ་དག་གིས་ནི་མྱོས་པར་འགྱུར་བ་ཐ་ན་རྩྭའི་རྩེ་མོ་དང་རྣམ་གྲངས་མཆོག་མས་ཀྱང་བཏུང་བར་མི་བྱ་ཞིང་བླུད་པར་མི་བྱའོ། །ཞེས་གསུངས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཆང་མཚན་ཉིད་དང་ལྡན་པ་མགུལ་དུ་མིད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། སྦྱར་ཆང་བཙོས་ཆང་གཉིས་ལས་གང་ཡང་རུང་བ་ཡིན་པ་དང་། འཁྲུལ་པ་རྫོགས་པར་བསྐྱེད་པའི་ནུས་པ་ཡོད་པ་དང་། ཐ་སྙད་དུ་བྱར་རུང་གི་ཚད་དུ་ཆོག་པ་སྟེ། མྱོས་པར་འགྱུར་ན་འཐུང་ནའོ་ཞེས་པ་དང་། ལུང་རྣམ་ལས། འཐུངས་ན་མྱོས་པར་མི་འགྱུར་ན་(༡༧༧ན)


K8Z003_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་དང་། ཐ་སྙད་བྱར་རུང་གི་ཚད་དུ་མཆོག་ན་ཆང་འཐུངས་པའི་ཐ་སྙད་མེད་པའི་ཕྱིར་རོ། །ཆང་ནི་མི་རུང་བའི་རྫས་ཉིད་ཡིན་པས་ན། རུང་བའི་ཡན་ལག་སྦྱོར་བ་ནི་མི་རིགས་ཏེ། ཆང་ནི་རབ་ཏུ་བྱུང་བའི་རྫས་ཉིད་མ་ཡིན་ན་རབ་ཏུ་བྱུང་བའི་རྫས་དག་ལ་ཞེས་སྦྱར་དུ་མེད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་སྔར་བཞིན། ཀུན་སློང་ནི་མྱོས་འགྱུར་འཐུང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འཐུང་བར་བྱེད་པ་སྟེ། མཐར་ཐུག་ནི་མགུལ་དུ་མིད་པའོ། །གཉིས་པ་ནི། ཅིས་འདིར་འགྱུར་ན་མྱོས་པར་འགྱུར་བ་འཐུང་ནའོ། །འོད་ལྡན་ལས། སྦྱར་བའི་ཁུ་བ་ནི་ནས་དང་འབྲས་ལ་སོགས་པ་ཆན་མནན་པར་བྱས་པ་འབྲུའི་ཆང་ངོ་། །བཅོས་པའི་ཆང་ནི་རྒུན་འབྲུམ་གྱི་ཁུ་བ་ལས་བྱས་པའི་རྒུན་ཆང་དང་། བུ་རམ་གྱི་ཁུ་བ་ལས་བྱས་པ་བུ་རམ་གྱི་ཆང་དང་། མེ་ཏོག་ལ་སོགས་པའི་ཆང་སྟེ། ཞེས་བཤད་དོ། །ལུང་མ་རྣམ་ལས། དགེ་སློང་མས་ཆང་འཐུང་ངམ། འཐུང་དུ་འཇུག་ན་ལྟུང་བྱེད་དོ། །ཞེས་བཤད་དེ། འཐུང་དུ་འཇུག་ན་ནི་ཉེས་བྱས་ལ་ལྟུང་བྱེད་དུ་མིང་བཏགས་པར་རིགས་ལ། འོད་ལྡན་རྩ་བར། གང་ཞིག་མྱོས་འདུ་ཤེས་པས་མྱོས་འཐུང་བ། །འཐུངས་ལ་མྱོས་ན་ཉེས་བྱས་ཉིད་ཡིན་ནོ། །ཞེས་གསུངས་ཀྱང་མྱོས་ན་ཉེས་བྱས་ནི་མཚོན་པ་སྟེ། འཐུངས་ན་མ་མྱོས་ཀྱང་ལྟུང་བ་རྫོགས་པར་འབྱུང་ངོ་། །མྱོས་འགྱུར་དེ་བསྐོལ་ན་ནི་མྱོས་འགྱུར་དེ་ཉིད་ལས་ཉམས་པ་ཡིན་ནོ། །ལུང་དང་ཊཱི་ཀ་ལས། ཆང་ཟངས་གང་ཙམ་བསྐོལ་ནས་ཕྱེད་ཙམ་དུ་བྲི་བ་དྲི་ཡང་མི་བྲོ། རོ་ཡང་མི་བྲོ། རོ་དང་ཁ་དོག་ཀྱང་ཆང་མི་འདྲ་ན་འཐུང་དུ་རུང་ངོ་། །ཞེས་འགྲེལ་ཆུང་གི་སྨན་གཞིའི་སྐབས་ལས་བཤད་དོ། །གཉིས་པ་ནི། འབྲུའི་(༡༧༧བ)


K8Z003_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་གི་སྦང་མ་དང་། བཅོས་པའི་ཆང་གི་ཚིགས་མ་ཟ་བ་ལ་ནི་མྱོས་པར་འགྱུར་བ་དེའི་འཇུག་པ་ཡོད་དོ། །དེས་ན་གླུམ་དང་ཚིགས་མ་ཟོས་ན་ལྟུང་བྱེད་དོ། །ཕབས་ཀྱི་ཆང་བུ་ནི་མྱོས་འགྱུར་ཕྱེད་ཉིད་དོ་སྟེ་ཟོས་ན་ཉེས་བྱས་སོ། །འདི་རྣམས་ལས་ཆང་དུ་མ་བྱས་ན་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུས་མྱོས་པར་འགྱུར་བ་རྣམས་ཀྱང་ཟ་ན་ཉེས་བྱས་སོ། །མཛོད་འགྲེལ་ལས། གླ་གོར་ཞོ་ཤ་དང་ཁྲི་རྒོད་ལ་སོགས་པ་ཡང་མྱོས་པར་བྱེད་པ། ཞེས་གསུངས་པ་ལྟ་བུའོ། །འོད་ལྡན་ལས། དེ་དག་ནི་ཁ་ཟས་མི་འཕྲོད་པ་ཉིད་ཡིན་པས་བཀག་པའི་ཕྱིར། ཞེས་སོ། །སྦྲང་རྒོད་དང་ཐང་འབྲུམ་ཡང་དེ་བཞིན་ནོ། །མྱོས་པར་འགྱུར་བའི་དྲི་དང་རོ་བྲོ་བའི་ཐུག་པ་དངོས་སུ་མྱོས་པར་མི་བྱེད་པ་རྣམས་ཀྱང་འཐུངས་ན་ཉེས་བྱས་སོ། །འོད་ལྡན་རྩ་བ་ལས། གང་ལ་མྱོས་འགྱུར་ཁུ་བའི་དྲི་རོ་ཡོད། །མྱོས་འགྱུར་ཁུ་བ་མིན་ཡང་བཏུང་བྱ་མིན། །ཞེས་བཤད་དོ། །ཆང་གི་དྲི་རོ་མེད་ཅིང་མྱོས་འགྱུར་མེད་ན་མདོག་ཙམ་མྱོས་པར་འགྱུར་བ་དང་འདྲ་བ་ནི་ཉེས་པ་མེད་དོ། །གསུམ་པ་ནི། མཁུར་བར་བསྲེལ་བ་དང་ལུས་སྐུད་པ་ནི་སྦྱོར་བ་དང་འདྲའོ། །རང་གི་རྣམ་བཤད་ལས། བ་སྤུའི་བུ་ག་རྣམས་ལ་ཞུགས་པ་ནི་འདིར་སྐྱོན་ནོ། །ཞེས་སོ། །བཤད་པས་བ་སྤུའི་བུ་གར་ཞུགས་པ་ནི་ལྟེ་བར་ཆུད་པའོ། །དགེ་སློང་ནད་པ་ལ་ཕན་པའི་ཕྱིར་ཆང་མཁུར་བར་བསྲེལ་ན་ལྟུང་བ་མེད་དོ། །མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་དོ། །། །བཅུ་པ་དུས་མིན་གྲོང་དུ་འགྲོ་བ་ལ། ལྟུང་བ་རྣམ་པར་བཞག་པ་དང་། །སྨྲ་ཡུལ་ཁྱད་པར་དབྱེ་བ་བསྟན། །སྦྱོར་བའི་ཁྱད་པར་ལྟུང་མེད་དོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་ཕྱི་དྲོ་མ་(༡༧༨ན)


K8Z003_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པར་གྲོང་དུ་ཕྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བ་དང་། ཐ་དད་དུ་བྱེ་བར་འགྱུར་བ་སྟེ། གྲོང་པའི་ཆོས་དང་ལྡན་པའི་གནས་སུ་འགྲོ་བ་ཡན་ལག་ཏུ་དགོས་པ་དང་། སྲ་བརྐྱང་བཏིང་ན་ལྟུང་མེད་དུ་གསུངས་པས་ཤེས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་གླིང་གི་ཉིན་ཕྱེད་ཡོལ་ནས་སྐྱ་རེངས་འཆར་བའི་བར་དེར་ཁྱིམ་པའི་གནས་སུ་འགྲོ་བ་དགེ་སློང་ལ་མ་སྨྲས་པར་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་བཞི་སྟེ། གང་དུ་འགྲོ་བའི་གནས་དང་། གང་ནས་འགྲོ་བའི་གནས་དང་། གང་གི་ཚེ་འགྲོ་བའི་དུས་དང་། གང་གིས་འགྲོ་བའི་རྟེན་ནོ། །དང་པོ་ལ་བཞི་ལས། ཁྱིམ་པ་མཚན་ཉིད་དང་ལྡན་པའི་གནས་ཡིན་པ་སྟེ། གྲོང་དུ་ཞུགས་པ་ནའོ་ཞེས་གསུངས་པས་སོ། །ཊཱི་ཀ་ལས། ཁང་པ་བརྩིག་ཙམ་ཡོད་པའི་གནས་ཀྱང་གྲོང་ཉིད་ཡིན་ནོ། །གྲོང་པའི་ཆོས་དང་ལྡན་པར་ལྷག་པར་སྤྱོད་པའི་གནས་དག་ལ་ནི་གྲོང་གི་སྒྲ་འཇུག་པར་འགྱུར་བས། ཞེས་སོ། །གནས་ཀྱི་ངོ་བོ་ཉིད་དུ་གྲུབ་པ་དང་། སྤྱོད་ལམ་བཞི་ཤོང་བ་གཉིས་སྔར་བཤད་པ་བཞིན་ནོ། །གཙུག་ལག་ཁང་དང་འབྲེལ་བ་མ་ཡིན་པ་སྟེ། སྐབས་འདི་ཉིད་ཀྱི། ལུང་ཞུ་བ་ལས། དགེ་སློང་གིས་གྲོང་གི་ནང་ན་གཙུག་ལག་ཁང་མཆིས་སམ། སྐོར་བར་གྱུར་པ་དེ་ནས་མ་སྨྲས་པར་གྲོང་དུ་ཕྱིན་པར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་པས་སོ། །གནས་ཀྱི་ཆོས་བཞི་པོ་དེ་རྣམས་འོག་མ་གསུམ་ལ་ཡང་སྦྱར་རོ། །གཉིས་པ་གང་ནས་འགྲོ་བའི་གནས་ནི། སྨྲ་ཡུལ་མཚན་ཉིད་དང་ལྡན་པ་ཡོད་པ་སྟེ། དེ་ཡང་སྤྱིར་བཏང་ལ་བརྒྱད་ལས། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་མཚམས་ཀྱི་ནང་དུ་(༡༧༨བ)


K8Z003_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དང་། ས་རང་བཞིན་དུ་གནས་པ་ཡིན་པ་དང་། ཐ་དད་པར་གནས་པ་མ་ཡིན་པ་སྟེ། མཚམས་གཞན་ན་གནས་པ་དང་། གནས་ནས་ཕྱུང་བ་དང་། གཞན་གྱི་ཕྱོགས་དང་མཐུན་པ་དག་ཀྱང་ངོ་ཞེས་གསུངས་པས་སོ། །དམིགས་བསལ་ནི་དགེ་སློང་མང་ན་མཚན་མི་མཐུན་པ་དགེ་སློང་མ་ལ་སོགས་པ་དང་། བསྙེན་པར་མ་རྫོགས་པ་དགེ་ཚུལ་ལ་ཡང་སྨྲ་བར་བྱ་སྟེ་གཞུང་དུ་ཤེས་པར་འགྱུར་རོ། །གསུམ་པ་གང་གི་ཚེ་འགྲོ་བའི་དུས་ནི། རང་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་འཆར་བའི་བར་ཏེ། དུས་མ་ཡིན་པ་ཉིད་ལའོ་ཞེས་པ་དང་། སྐབས་འདི་ཉིད་ཀྱི་ལུང་རྣམ་འབྱེད་ལས། སྐྱ་རེངས་མ་ཤར་བ་དང་ཕྱེད་ཡོལ་བར་རོ་ཞེས་གསུངས་སོ། །བཞི་པ་གང་གིས་འགྲོ་བའི་རྟེན་ལ་གསུམ་སྟེ། སྨྲ་བའི་ཡུལ་ལ་མ་སྨྲས་པ་དང་། བརྟད་བརྟད་པ་མི་འགྲོག་གོ། །མཆན་པའི་བྱ་བ་མ་ཕྱུང་བ་དང་། སྲ་བརྐྱང་མ་བཏིང་བ་སྟེ། དགེ་སློང་འཁོད་པ་ལ་མ་སྨྲས་པ་ལས་སོ། །གལ་ཏེ་བརྟད་པའི་བྱ་བ་མ་བྱུང་ནའོ་ཞེས་པ་དང་། མ་སྨྲས་པར་གྲོང་དུ་འགྲོ་བ་ལ་ཡང་ཉེས་པ་མེད་ལ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་གར་མ་སྨྲས་པར་ཕྱི་དྲོའམ་མཚན་མོ་གྲོང་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རྫུ་འཕྲུལ་ལས་གཞན་པས་གྲོང་དུ་འགྲོ་བར་བྱེད་པའོ། །མཐར་ཐུག་ནི་གྲོང་གི་ཉེ་འཁོར་ལ་སོགས་པར་ཕྱིན་པ་སྟེ། ཊཱི་ཀ་ལས། བསྐོར་བ་དང་བཅས་པའི་གྲོང་ལ་ནི་སྒོ་གཏན་གྱི་བར་དུ་ཞུགས་པ་ན་ལྟུང་བ་རྫོགས་པར་རིག་པར་བྱའོ། །མ་བསྐོར་བ་ལ་ནི་བསྐོར་བའི་མཐའི་འདོམ་གང་ལ་སོགས་པར་ཞེས་བཤད་དོ། །གཉིས་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བ་དེ་ཡི་ན་སྨད་དོ། །དང་པོ་ནི། འདི་ལ་འདུ་ཤེས་(༡༧༩ན)


K8Z003_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གཙོའོ། །ཡུལ་གང་ལ་ལ་ན་དུས་མ་ཡིན་པ་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་ཉིད་ལའོ། །དགེ་སློང་གང་ལ་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་འཁོད་པ་ལ་མ་སྨྲས་པ་ལའོ། །གང་བྱས་ན་འདིར་འགྱུར་ཞེ་ན། དུས་མིན་པར་དགེ་སློང་གྲོང་དུ་ཞུགས་ནའོ། །དུས་མ་ཡིན་པར་གྲོང་དུ་ཞུགས་ན་ཐམས་ཅད་དུ་ལྟུང་བར་འགྱུར་རམ་ཞེ་ན། གལ་ཏེ་ཆོམ་རྐུན་ལ་སོགས་པའི་གནོད་པས་བརྟད་པ་སྟེ་རིངས་པའི་བྱ་བ་མ་བྱུང་ན་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ནི། གྲོང་དང་ཁྱིམ་གང་སྨྲས་པ་དེ་ལས་གཞན་མ་སྨྲས་པའི་གྲོང་དང་ཁྱིམ་དུ་རྒྱུ་བ་ལ་ནི་ཉེས་བྱས་སོ། །གཉིས་པ་ནི། དགེ་སློང་འཁོད་པ་ལ་སྨྲས་ཏེ་འགྲོ་བར་བྱ་བ་འདི་ལ་སྨྲ་བའི་ཡུལ་དགེ་སློང་མེད་ན་དགེ་སློང་མ་ཡང་དགེ་སློང་དེ་དང་འདྲའོ། །དེ་ཡང་མེད་ན་དགེ་ཚུལ་ཡང་དེ་དང་འདྲ་སྟེ་དགེ་ཚུལ་ལ་སྨྲ་བར་བྱ་བའོ། །དགེ་ཚུལ་དེ་ཡང་མེད་ན་དགེ་སློབ་མའོ། །དགེ་སློང་མ་དེ་ཡང་མེད་ན་དགེ་ཚུལ་མ་ཡང་དགེ་སློང་དེ་དང་འདྲ་སྟེ་དགེ་ཚུལ་མ་ལ་སྨྲས་ཏེ་སོང་ཡང་ཉེས་པ་མེད་ལ། དེ་ལ་མ་སྨྲས་པར་དགེ་སློང་གྲོང་དུ་འགྲོ་ན་ལྟུང་བྱེད་བསྐྱེད་པའོ། །གླེན་ལྐུགས་དང་ཀླ་ཀློ་ལ་སོགས་པ་བརྡ་མི་འཕྲད་པ་ནི་སྨྲ་བར་བྱ་བའི་ཡུལ་དུ་མེད་པ་ཉིད་ཡིན་པས། སྨྲ་བའི་ཡུལ་གཞན་ཡོད་ན་བརྡ་མི་འཕྲོད་པ་ལ་སྨྲས་ཀྱང་གྲོང་དུ་འགྲོ་ན་ལྟུང་བ་བསྐྱེད་ལ། སྨྲ་བའི་ཡུལ་གཞན་མེད་ན་བརྡ་མི་འཕྲོད་པ་ལ་མ་སྨྲས་པར་གྲོང་དུ་འཇུག་པ་ལ་ལྟུང་བ་མེད་དོ། །དགེ་སློང་གྲོང་དུ་འགྲོ་བ་སྨྲ་བ་ན་དགེ་སློང་ཕ་རོལ་པོ་ནམ་མཁའ་ལ་གནས་པ་ལ་སོགས་པ་མཚམས་གཞན་ན་གནས་པ་དང་། གནས་ནས་ཕྱུང་བ་དང་། ལྟ་བ་གཞན་གྱི་ཕྱོགས་དང་མཐུན་པ་ཐ་དད་པར་གནས་པ་དག་ཀྱང་མེད་པ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ། བརྡ་མི་འཕྲོད་(༡༧༩བ)


K8Z003_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཇི་སྐད་བཤད་པ་བཞིན་སྦྱར་ནའོ། །སྨྲ་ཡུལ་མེད་ན་ནི་ལྟུང་བ་མེད་དེ། ལུང་ཞུ་བ་ལས། དགེ་སློང་གིས་མ་སྨྲས་པར་ཕྱི་དྲོ་གྲོང་དུ་ཕྱིན་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཡོད་དེ། འདི་ལྟར་དགེ་སློང་དེ་ནི་དགེ་སློང་མེད་པའི་གནས་ན་འདུག་པའོ། །ཞེས་གསུངས་ཏེ། དགེ་སློང་མེད་པ་ནི་མཚོན་པ་སྟེ། སྨྲ་ཡུལ་དུ་འོས་པ་དགེ་ཚུལ་ལ་སོགས་པ་གང་ཡང་མེད་ནའོ། །སོ་ཐར་འགྲེལ་པ་ཚིག་གི་རྗེད་བྱང་བམ་དྲུག་མ་ལས། དགེ་བསྙེན་ཡོད་ན་དེ་ལ་ཡང་སྨྲ་བར་བཤད་ཅིང་། ཞུ་བ་ལས། དགེ་སློང་གིས་ཁྱིམ་པ་ལ་གོ་བར་བགྱིས་ཏེ་ཡོད་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་པས། དགེ་བསྙེན་ལ་སྨྲས་ཏེ་སོང་ན་ཉེས་བྱས་བསྐྱེད་པར་རིགས་སོ། །གསུམ་པ་ནི། རྫུ་འཕྲུལ་གྱི་གྲོང་དུ་འཇུག་པ་ལ་ནི་ལྟུང་བ་མེད་དོ། །འདིར་སྨྲས་པ། དགེ་བ་དང་ལྡན་རྣམས་ཀྱི་སྙིང་རྗེའི་ཉམས། །འཚོ་བར་བྱེད་པ་ལ་ཡང་བྱམས་པ་རྒྱས། །མི་སྲུན་གྱུར་པ་ལ་ཡང་འདབ་བཞིན་འདུད། །ཕྲག་དོག་ཚ་གདུང་ལ་ཡང་བསིལ་བ་སྦྱིན། །དེ་ལྟའི་ཐུགས་རྗེའི་གཏེར་ཐོབ་བླ་མ་ནི། །ཕྲིན་ལས་དབང་ཕྱུག་བདག་གི་ཡོངས་འཛིན་ཏེ། །སྐྱབས་གནས་མཆོག་འདིའི་བྱིན་རླབས་སྨིན་པ་ལས། །དད་ཅན་སྙིང་ལ་འདུལ་བའི་བླང་དོར་གསལ། །དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དོ། །། །བཅུ་ཚན་དགུ་པའི་དང་པོ་གྲོང་རྒྱུ་ནི། ལུང་ལས་བཤད་པའི་གོ་རིམ་གྱིས་བརྗོད་པར་བྱ་སྟེ། འདི་ལ་གཉིས། སྔ་དྲོ་གྲོང་དུ་རྒྱུ་བ་དང་། །དུས་མ་ཡིན་པའི་གྲོང་རྒྱུའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེར་དགས་སྔ་དྲོ་གྲོང་གཞན་དུ་བརྒྱུས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིས་ཀྱི་འཚེ་བ་ལ་གནོད་པའོ། །(༡༨༠ན)


K8Z003_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཏི་ནི་བཅས་ལྡན་དགེ་སློང་རང་གི་གླིང་གི་སྔ་དྲོའི་དུས་སུ་རང་གི་ཚིག་གིས་དགེ་འདུན་ཟས་ལ་སྤྱན་དྲངས་པའི་ཚེ་ཟས་བྲིམ་པ་ཡོལ་བར་མ་བྱེད་ཅིག །ཅེས་མ་བསྒོ་བར་ཁྱིམ་གསུམ་པའམ་བཞི་པ་ལ་སོགས་པར་རྒྱུ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་རྒྱུ་བའི་གནས་དང་། གང་གི་ཚེ་རྒྱུ་བའི་དུས་དང་། གང་གིས་རྒྱུ་བའི་རྟེན་ནོ། །དང་པོ་ལ། སྔར་བཤད་མ་ཐག་པའི་གནས་ཐུན་མོང་བ་བཞིའི་སྟེང་དུ་ཁྱིམ་གསུམ་ཡན་ཆད་ཡིན་པ་སྟེ། གསུམ་པ་ལ་སོགས་པར་རྒྱུ་བ་ཡང་ངོ་ཞེས་གསུངས་པས་སོ། །གཉིས་པ་ལ་གཉིས་ཏེ། དུས་སྔ་དྲོ་ཡིན་པ་དང་། རང་གི་ཚིག་གིས་དགེ་འདུན་ཟས་ལ་སྤྱན་དྲངས་པའི་དུས་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། སྔ་དྲོ་དང་ཕྱི་དྲོ་དག་རྒྱུ་ན་ལྟུང་བྱེད་དོ། །ཞེས་གསུངས་ཏེ། སྔ་དྲོ་དང་ཞེས་གསུངས་པ་དང་། དེའི་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ན་ཞེས་གསུངས་པ་དང་། ལུང་རྣམ་འབྱེད་ལས། དེའི་ངོར་མགྲོན་དུ་བོས་པ་མ་ཡིན་ན་ལྟུང་བ་མེད་དོ། །ཞེས་གསུངས་པས་སོ། །གཉིས་པ་སྦྱིན་བདག་ལ་མ་བསྒོ་བ་སྟེ། སྦྱིན་བདག་ལ་ཁོ་བོ་མ་འོངས་པའི་དབང་གིས་ཞེས་གསུངས་པས་སོ། །སྦྱིན་བདག་ལ་བསྒོས་ན་ནི་སྔ་དྲོ་རྒྱུ་ཡང་ལྟུང་བ་མེད་དེ། དགག་བྱ་མེད་པའི་ཕྱིར་རོ། །བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས། དགེ་སྦྱོང་གི་ཚུལ་དང་སྲོག་ལ་སོགས་པའི་བར་ཆད་ཀྱི་དབང་གིས་ནི་ལྟུང་བ་མེད་དོ། །ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བ་སྟེ་གོས་འཆད་པའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །ཀུན་སློང་ནི་རང་གར་ཁྱིམ་གསུམ་(༡༨༠བ)


K8Z003_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཁྱིམ་གསུམ་ཡན་ཆད་དུ་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་ཉེ་འཁོར་ལས་འདས་པའོ། །གཉིས་པ་ནི། ལྟུང་བ་འབྱིན་པ་པོ་དགེ་སློང་དེའི་ཚིག་གིས་སམ། དེའི་ངོར་དགེ་འདུན་ཟས་དང་བཅས་པའི་ཁྱིམ་དུ་སྤྱན་དྲངས་པ་ན། དགེ་སློང་དེ་གུང་དུ་འགྲོ་ན་དགེ་སློང་དེས་སྦྱིན་བདག་ལ་ཁོ་བོ་ཡང་མ་འོངས་པའི་དབང་གིས་དགེ་སློང་རྣམས་ལ་ཟས་བྲིམ་པ་དུས་ལས་ཡོལ་བར་མ་བྱ་ཞིག་ཅེས་བསྒོ་བར་བྱའོ། །དེ་སྐད་མ་བསྒོ་བར་ཁྱིམ་གསུམ་པ་དང་བཞི་ལྔ་ལ་སོགས་པར་རྒྱུ་བ་ལ་ཡང་ཁྱིམ་རེ་རེར་སོང་བ་ལ་ནི་ལྟུང་བྱེད་རེའོ། །འགྲེལ་ཆུང་ལས། ཁྱིམ་གཉིས་ཡན་ཆད་དུ་ནི་ཉེས་པ་མེད་དོ། །ཞེས་སོ། །ཁྱིམ་གསུམ་པ་ལ་སོགས་པར་ཡང་། ཊཱི་ཀ་ལས། དགེ་སྦྱོང་གི་ཚུལ་དང་བར་ཆད་ཀྱི་དབང་གི་ལྟུང་བ་མེད་དོ། །ཞེས་སོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་དོན་ནོ། །དང་པོ་ལ། གླེང་གཞི་ནི་ཉེར་དགས་ཕྱི་དྲོར་བརྒྱུས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་དེར་ཁྱིམ་བཞི་པའམ་ལྔ་པ་ལ་སོགས་པར་རྒྱུ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་དུ་རྒྱུ་བའི་གནས་དང་། གང་གི་ཚེ་རྒྱུ་བའི་དུས་སོ། །དང་པོ་ལ་ལྔ་སྟེ། སྔར་བཤད་པའི་གནས་ཐུན་མོང་བ་བཞི་པོའི་སྟེང་དུ་ཁྱིམ་བཞི་ཡན་ཆད་ཡིན་པ་སྟེ། ཁྱིམ་བཞི་པ་ལ་སོགས་པར་འགྲོ་བ་ལའོ་ཞེས་གསུངས་པས་སོ། །གཉིས་པ་ནི། རང་གླིང་གི་ཉི་མ་ཕྱེད་ནས་སྐྱ་རེངས་མ་ཤར་བ་སྟེ་དུས་མ་ཡིན་པར་ཞེས་སོ། །བསམ་སྦྱོར་(༡༨༡ན)


K8Z003_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་རྣམས་སྔར་དང་འདྲ་བ་ལས་སྔར་ཁྱིམ་གསུམ་ཡན་ཆད་ཅེས་པར། འདིར་ཁྱིམ་བཞི་ཡན་ཆད་ཅེས་སྦྱར་བ་ཁྱད་པར་རོ། །གཉིས་པ་ནི། དུས་མ་ཡིན་པར་ཞེས་པ་ནི་ཕྱི་དྲོར་རྒྱུ་བའམ་མཚན་མོར་རྒྱུ་བའོ། །དེས་ན་གྲོང་དུ་འགྲོ་ན་དགེ་སློང་འཁོད་པ་ལ་སྨྲས་ཀྱང་ཁྱིམ་བཞི་པ་ལ་སོགས་ལྔ་དྲུག་སོགས་པར་འགྲོ་བས་ཁྱིམ་རེ་རེར་སོང་བ་ལ་ལྟུང་བྱེད་རེ་རེའོ། །ཁྱིམ་གསུམ་མན་ཆད་དུ་སོང་བ་ནི་ཉེས་པ་མེད་དོ་ཞེས་འགྲེལ་ཆུང་ལས་སོ། །ལུང་ལས་སྔ་དྲོར་རྒྱུ་བ་སྔོན་ལ་གསུངས་པས་ཁོ་བོས་ཀྱང་དེ་ལྟར་བཀོད་མོད། མདོ་རྩ་བ་འདིར་དུས་མ་ཡིན་པར་སྔོན་ལ་བསྟན་པའི་རྒྱུ་མཚན་ནི་དུས་མ་ཡིན་པར་གྲོང་དུ་འགྲོ་བ་དང་། དུས་མ་ཡིན་པར་གྲོང་རྒྱུ་བ་གཉིས་རིགས་མཐུན་ལྷན་ཅིག་ཏུ་བསྟན་ན་རྟོགས་པར་སླ་བའི་ཕྱིར་རོ། །སྐབས་འདིར་རྣམ་འབྱེད་འགྲེལ་པ་ལས། སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང་ཞེས་ལུང་ལས་གཅིག་ཅར་གསུངས་པས་སྔ་དྲོ་དང་ཕྱི་དྲོ་གཉིས་ཀ་ཁྱིམ་རྒྱུར་སོང་ན་དངོས་གཞི་གཅིག་ཏུ་འགྱུར་གྱི། སྔ་དྲོའམ་ཡང་ན་ཕྱི་དྲོར་ཁྱིམ་རྒྱུར་སོང་བ་ལ་ནི་ཉེས་བྱས་སུ་རིག་པར་བྱའོ། །ཞེས་བཤད་དོ། །འོན་ཀྱང་དེའི་རྗེས་སུ་མི་འབྲང་སྟེ། ལུང་དགེ་སློང་མའི་རྣམ་འབྱེད་ལས། ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ན་ཟས་སྔ་མ་ལ་ཁྱིམ་གཉིས་སུ་སོང་ལ་ཆེད་དུ་བསམས་ཏེ་ཁྱིམ་གསུམ་པར་འགྲོ་ན་ལྟུང་བྱེད་དོ། །ཟས་ཕྱི་མ་ལ་ཁྱིམ་གསུམ་དུ་སོང་ལ་ཆེད་དུ་བསམས་ཏེ་ཁྱིམ་བཞི་པར་འགྲོ་ན་ལྟུང་བྱེད་དོ་ཞེས་གསུངས་པ་དང་འགལ་བས། མདོ་རྩ་འགྲེལ་ལས། སྔ་དྲོ་དང་ཕྱི་དྲོ་གང་རུང་རེ་རེར་གྲོང་དུ་རྒྱུ་ན་ཡང་ལྟུང་བྱེད་དུ་གསུངས་པ་འདིའི་རྗེས་སུ་འབྲང་བར་བྱའོ། །གྲོང་རྒྱུ་བའི་ལྟུང་བྱེད་དོ། །། །གཉིས་པ་རྒྱལ་པོའི་ཕོ་(༡༨༡བ)


K8Z003_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་དུ་ནུབ་མོ་འགྲོ་བ་ལ། ལྟུང་བའི་རྣམ་པར་བཞག་པ་དང་། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་རྒྱལ་པོའི་ཕོ་བྲང་དུ་ནུབ་མོར་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ལུང་རྣམ་འབྱེད་ལས་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལ་ཉེས་དམིགས་བཅུ་གསུངས་ཀྱང་། གཙོ་བོར་ནི་ཆགས་པའི་རྒྱུར་འགྱུར་བ་དང་སྐུར་བའི་ཚིག་འབྱུང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་གླིང་གི་ནུབ་ཕྱོགས་ཀྱི་འོད་དམར་པོ་འདས་ནས་སྐྱ་རེངས་ཐ་མ་མ་ཤར་གྱི་བར་དུ་བཙུན་མོའི་འཁོར་རམ། རྒྱལ་པོའི་ཕོ་བྲང་གི་གནས་སུ་འགྲོ་ན་བསྐོར་བ་མེད་ན་ཕྱི་རོལ་གྱི་ཉེ་འཁོར་འདོམ་གང་གི་ཁོངས་སུ་ཕྱིན་པ་དང་། བསྐོར་བ་ཡོད་ན་ནང་གི་སྒོ་མ་བཙུགས་ལ། ཕྱི་སྐོར་གྱི་སྒོ་བཙུགས་ཤིང་བཅད་ན་གཏན་པའི་གནས་འདས་པ་དང་། སྒོ་མ་བཅད་ན་གཏན་པའི་གནས་དེའི་ཉེ་འཁོར་འདོམ་གང་འདས་པ་དང་། ནང་གི་སྒོ་བཙུགས་ཤིང་བཅད་ན་དེ་ཉིད་ཀྱི་གནས་སུ་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་འགྲོ་བའི་གནས་དང་། གང་གི་ཚེ་འགྲོ་བའི་དུས་དང་། གང་གིས་འགྲོ་བའི་རྟེན་ནོ། །དང་པོ་ནི། སྔར་བཤད་པའི་གནས་ཐུན་མོང་བ་བཞི་པོ་ལ་ཁྱིམ་པ་མཚན་ཉིད་དང་ལྡན་པའི་གནས་ཡིན་པའི་ཤུལ་དུ་རྒྱལ་པོ་མི་ཡིན་པས་ཁྱད་པར་དུ་བྱས་པའི་བཙུན་མོའི་འཁོར་རམ་རྒྱལ་པོའི་ཕོ་བྲང་ཡིན་པ་སྟེ། བསྡུས་པ་ལས། རྒྱལ་པོ་ཆེན་པོ་བཞི་པོ་རྣམས་དང་། ནམ་མཁའ་ལྡིང་རྣམས་ཀྱི་སྒོ་གཏན་ལས་འདས་ན་ཉེས་བྱས་སོ། །ཞེས་བཤད་པ་དང་། རྒྱལ་པོ་མི་ཡིན་པ་མ་ཚང་ན་ལྟུང་བ་ན་སྨད་དུ་བཤད་པ་དང་། བཙུན་མོའི་(༡༨༢ན)


K8Z003_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཞེས་པ་དང་། རྒྱལ་པོའི་ཕོ་བྲང་གི་ཞེས་གསུངས་པས་སོ། །གཉིས་པ་ནི། མཚན་མོར་གྱུར་ནས་ནམ་མ་ལངས་པ་སྟེ། ནམ་མ་ལངས་པ་ཉིད་ལའོ་ཞེས་གསུངས་པས་སོ། །གསུམ་པ་ལ་གཉིས་ཏེ། རྒྱལ་པོ་ལ་སོགས་པས་བོས་པ་མ་ཡིན་པ་དང་། དོན་ཁྱད་པར་ཅན་སྒྲུབ་པ་མ་ཡིན་པའོ། །དེ་ཡང་གལ་ཏེ་རྒྱལ་པོ་དང་བཙུན་མོ་དང་ཞེས་པ་དང་། བར་ཆད་དང་གདུལ་བྱའི་དབང་གིས་མ་ཡིན་པ་ལའོ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྒྱལ་པོའི་ཕོ་བྲང་ངམ། བཙུན་མོའི་འཁོར་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དེར་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་སྔར་ངོ་ཏིའི་སྐབས་དང་འདྲའོ། །གཉིས་པ་ལ། དངོས་གཞི་ན་སྨད་དང་བཅས་བསྟན། །ལྟུང་བ་གཞན་འགྱུར་དོགས་གཅོད་དོ། །དང་པོ་ནི། འདི་ལ་བྱེད་པ་པོ་གང་ཞེ་ན། འདུ་ཤེས་གཙོའོ། །ཡུལ་གང་ལ་ནི་མཚན་མོ་ནམ་མ་ལངས་པ་ཉིད་ལའོ། །སྐབས་འདིར་ནི་སྐྱ་རེངས་དང་པོ་དང་བར་པ་ཤར་ཡང་སྐྱ་རེངས་ཐ་མ་མ་ཤར་བ་ཉིད་ནི་ནམ་མ་ལངས་པ་དེ་ཡིན་ནོ། །རྣམ་འབྱེད་འགྲེལ་པ་ལས། སྐྱ་རེངས་ཐ་མ་མ་ཤར་ན་འཇིག་རྟེན་ཕལ་ཆེར་མཚན་མོའི་ཐ་སྙད་འཆད་པའི་ཕྱིར་རོ། །ཞེས་སོ། །འདིར་ཅིས་འགྱུར་ན་དགེ་སློང་གིས་བཙུན་མོའི་འཁོར་དུ་ནུབ་མོ་ཕྱིན་ཏེ་བཙུན་མོའི་འཁོར་འདུག་པའི་གནས་དང་། དགེ་སློང་གི་ལུས་སུ་འབྲེལ་བ་ཉིད་ལའོ། །བཙུན་མོའི་འཁོར་རམ་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་དེའི་ཚེ་ནུབ་མོའི་གནས་སྐབས་མ་ཡིན་པ་སྟེ། ཉིན་མོར་འགྲོ་བ་ལ་ཡང་དེར་མཚན་མོར་གནས་ན་ལྟུང་བྱེད་འབྱུང་ངོ་། །དེར་མཚན་མོ་དུ་མ་གནས་ན་མཚན་མོ་རེ་རེ་ལ་ལྟུང་བྱེད་རེ་རེའོ། །(༡༨༢བ)


K8Z003_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོའི་འཁོར་དེའི་སྒོའམ་གཏན་པའི་ཉེ་འཁོར་གཉིས་ནི་སྒོ་ལོགས་ཀྱི་ཉེ་འཁོར་དང་། ཕུག་ལོགས་ཀྱི་ཉེ་འཁོར་ཏེ་ཉེ་འཁོར་དེ་གཉིས་ཀྱི་རང་རང་གི་ནང་ངོས་ཀྱི་མཐའ་གཉིས་ནི་བཙུན་མོའི་འཁོར་གྱི་གནས་དེའི་དང་པོ་ཡིན་ནོ། །དེའི་སྒོའི་གཏན་པ་དང་ཉེ་འཁོར་གཉིས་ནི་ཞེས་པ་དཔེ་ལ་ལ་ན་སྣང་ཡང་མ་དག་པས་དེའི་སྒོའམ། གཏན་པའི་ཉེ་འཁོར་ཞེས་དཔེ་རྙིང་རྣམས་ལ་ཡོད་དོ། །དེ་ཡང་། ཊཱི་ཀ་ལས། སྒོའི་ཐེམ་པའི་ནང་རོལ་གྱི་ཕྱོགས་གང་དུ་སྒོ་གཏན་གྱི་རྩ་བ་བརྟན་པའི་གཞིའི་ཁུང་བུར་དེ་ནས་དེའི་རྩེ་མོའི་སྒོ་ལོགས་སུ་བརྟེན་པའི་ཐག་ཇི་སྲིད་པའི་བར་དེ་ནི་ཉེ་འཁོར་གཅིག་ཡིན་ནོ། །སྒོའི་ཐེམ་པའི་ནང་རོལ་གྱི་ཕྱོགས་གང་དུ་སྒོ་གཏན་གྱི་རྩ་བ་བརྟེན་པའི་ས་གཞིའི་ཁུང་བུར་དེ་ཉིད་ནས་དེའི་རྩེ་མོ་ཕྱིར་བཟློག་སྟེ་ཕུགས་ལོགས་སུ་བསྙལ་བའི་ཐག་ཇི་སྲིད་ཡོད་པའི་བར་དེ་ནི་ཉེ་འཁོར་གཉིས་ཡིན་ཏེ། ཞེས་སོ། །དེའི་བཙུན་མོའི་འཁོར་གྱི་སྒོ་བཙུགས་པ་ལ་ཡང་སྒོ་བཅད་པ་དང་མ་བཅད་པ་གཉིས་ལས། སྒོ་བཅད་ན་ནི་གཏན་པའི་གནས་ཀྱི་མཐའ་དེ་བཙུན་མོའི་འཁོར་གྱི་དང་པོ་ཡིན་ཏེ། སྒོ་གཏན་འཛུགས་པའི་ས་གཞིའི་ཁུང་བུ་དེ་ནི་གཏན་པའི་གནས་ཞེས་བྱ་སྟེ། གཏན་པའི་གནས་དེ་ནི་སྒོ་ལོགས་ཀྱི་ཉེ་འཁོར་ཡང་ཡིན་ལ། གཏན་པའི་གནས་དེ་ནི་ཉེ་འཁོར་དེའི་ནང་ངོས་ཀྱི་མཐའ་ཡང་ཡིན་ནོ། །སྐབས་འདིར་གཏན་པའི་ཉེ་འཁོར་གྱི་མཐའ་དང་གཏན་པའི་མཐའ་ནི་ངོ་བོ་གཅིག་སྟེ། ཉེ་འཁོར་དེའི་ནང་ངོས་ཀྱི་མཐའ་དེ་ནི་གཏན་པའི་གནས་ཀྱི་མཐའ་ཡང་ཡིན་ནོ། །དེ་ལྟར་ན་སྒོ་བཅད་ན་ནི་སྒོ་ལོགས་ཀྱི་ཉེ་འཁོར་དེའི་ནང་ངོས་ཀྱི་མཐའ་དེ་བཙུན་མོའི་འཁོར་གྱི་དང་པོ་ཡིན་ནོ། །དེས་ན། གཞུང་འགྲེལ་དང་བམ་པོ་ལྔ་བཅུ་པ་ལས་ཀྱང་། སྒོ་མ་བཅད་པ་ལ་(༡༨༣ན)


K8Z003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་འཕར་ནས་ནང་རོལ་དུ་སྒོ་གཏན་གྱི་སྲིད་ཀྱི་ཉིས་འགྱུར་ལས་འདས་ན་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ཞེས་བཤད་དོ། །དེ་དག་ནི་སྒོ་བཙུགས་པའི་རྣམ་པར་བཞག་པ་ཡིན་ནོ། །སྒོ་མ་བཙུགས་ན་ནི། ཊཱི་ཀ་ལས། བཙུན་མོའི་འཁོར་འདུག་པའི་གནས་ཀྱི་སྒོ་མ་བཙུགས་པ་དེའི་ཚེ་ན་འོབས་ལ་སོགས་པའི་ནང་ངོས་བཙུན་མོའི་འཁོར་གྱི་དང་པོ་ཡིན་ནོ། །ཞེས་བཤད་དོ། །དེ་ལྟར་རྣམ་པར་འཇོག་པའི་རྒྱུ་མཚན་ནི། སྒོ་བཅད་ན་ནི་རིན་པོ་ཆེ་འོད་འབྱིན་པ་རྣམས་ཀྱང་མ་བསྡུས་པར་ཡོད་ཅིང་། བཙུན་མོ་རྣམས་ཀྱང་གོས་ཚགས་མ་བསྡམས་པ་ཉིད་དུ་གནས་པས་དགག་བྱ་ཆེ་བའི་ཕྱིར་དང་། སྒོ་མ་བཅད་ན་ནི་དེ་ལས་བཟློག་པ་ཉིད་དུ་གནས་པས་དགག་བྱ་ཆུང་བའི་ཕྱིར་ཞེས་ཤ་མི་དང་སྦལ་ཏི་ལ་སོགས་པས་གསུངས་སོ། །རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་མཐར་ཐུག་དང་གྲོང་ཁྱེར་དུ་འགྲོ་བའི་མཐར་ཐུག་དག་ཀྱང་བཙུན་མོའི་འཁོར་དུ་འགྲོ་བའི་མཐར་ཐུག་དེ་དང་འདྲ་སྟེ། རང་རང་གི་སྒོའི་གཏན་པའི་ཉེ་འཁོར་འདས་ན་ལྟུང་བྱེད་དོ། །རྒྱལ་པོའི་ཕོ་བྲང་གི་གནས་ལ་ཡང་ངོ་སྟེ་ལྟུང་བྱེད་དུ་འགྱུར་བའོ། །འདི་ནི་རང་གི་རྣམ་བཤད་དང་རྒྱ་ཆེ་འགྲེལ་པས་ཁུངས་སུ་དྲངས་པའི་ལུང་རྣམ་འབྱེད་ལས། དགེ་སློང་གིས་ནམ་ལངས་པ་ལ་ནམ་ལངས་པར་འདུ་ཤེས་བཞིན་དུ་རྒྱལ་པོའི་ཕོ་བྲང་གི་སྒོའི་གཏན་པ་ལས་འདའ་བར་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་ལ། འོན་ཀྱང་དེང་སང་ལུང་རྣམ་འབྱེད་ལས་ནི། དགེ་སློང་གིས་ནམ་མ་ལངས་པ་ལ་ནམ་མ་ལངས་པར་འདུ་ཤེས་པས་བཙུན་མོའི་འཁོར་གྱི་སྒོ་གཏན་འདའ་ན་ལྟུང་བྱེད་དོ། །དགེ་སློང་གིས་ནམ་མ་ལངས་པ་ལ་ནི་ནམ་ལངས་པར་འདུ་ཤེས་པས་རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་ལས་འདའ་ན་ཉེས་བྱས་སུ་(༡༨༣བ)


K8Z003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེས་གསུངས་ལ། རྣམ་འབྱེད་འགྲེལ་པ་ལས་ཀྱང་། རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་ལས་འདས་ན་ཉེས་བྱས་སུ་འགྱུར་རོ། །ཞེས་བྱ་བ་ནི་བཙུན་མོའི་འཁོར་དང་འབྲེལ་བ་མེད་པ་ལ་དགོངས་སོ། །བཙུན་མོའི་འཁོར་གྱི་སྒོ་གཏན་ལས་འདས་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི། བཙུན་མོའི་འཁོར་ནི་འཇིགས་པ་ཆེན་པོའི་གནས་ཡིན་པས་ཐག་རིང་དུ་སྤང་བ་ཡིན་པའི་ཕྱིར་ལྟུང་བྱེད་ཀྱི་རྒྱུ་ཉིད་ཡིན་ནོ་ཞེས་གསུངས་ཤིང་། དེ་དང་མཐུན་པར་སོ་སོར་ཐར་པའི་འགྲེལ་པ་འདུལ་བ་བསྡུས་པ་ལས་ཀྱང་། རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་ལས་འདས་ན་ཉེས་བྱས་སོ། །བཙུན་མོའི་འཁོར་གྱི་སྒོ་གཏན་ལས་འདས་ན་ལྟུང་བྱེད་དོ་ཞེས་བཤད་དོ། །འོན་ཀྱང་ཉེས་བྱས་སུ་བཤད་པ་དེའི་རྗེས་སུ་མི་འབྲང་སྟེ། མདོ་རྩ་འགྲེལ་ལུང་ཁུངས་དང་བཅས་པ་ལས་ལྟུང་བྱེད་དུ་བཤད་པ་དེ་གཙོ་བོར་བཟུང་ངོ་། །རྒྱལ་པོའི་ཕོ་བྲང་དེ་གྲོང་ཁྱེར་གྱི་དབུས་ན་འདུག་སྟེ་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཕྱིར་གྲོང་དུ་སོང་ན་གྲོང་ཁྱེར་དང་དགེ་སློང་འབྲེལ་བར་ཕྱིན་ན་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་སྦྱོར་བའི་ཉེས་བྱས་སོ། །ཉེས་བྱས་བསྐྱེད་པ་དེ་ཐམས་ཅད་དུའམ་ཞེ་ན། གལ་ཏེ་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་དེའི་དོན་ཉིད་ཡིན་ན་གྲོང་དུ་འཇུག་ན་ཉེས་བྱས་དང་། དགོས་པ་གཞན་གྱི་ཕྱིར་འཇུག་ན་སྐབས་འདིའི་ལྟུང་མེད་དུ་གསུངས་སོ། །གཉིས་པ་ནི། སྐྱ་རེངས་དང་པོ་མ་ཤར་བར་རྒྱལ་པོའི་ཕོ་བྲང་དུ་ནུབ་མོར་འགྲོ་བ་འདི་ལ་སྐབས་འདི་ལས་གཅིག་ཤོས་དུས་མ་ཡིན་པར་གྲོང་དུ་འགྲོ་བའི་ལྟུང་བྱེད་ཀྱི་ཁ་ན་མ་ཐོ་བ་དེ་ཡང་འབྱུང་ངོ་། །དེས་ན་འདིར་ཞག་གཅིག་ལ་དུས་ཀྱི་བྱེ་བྲག་གིས་མུ་བཞིར་འགྱུར་རོ། །དེ་ཡང་ཉི་མ་ཕྱེད་ཡོལ་ནས་མཚན་མོར་མ་གྱུར་པའི་བར་དང་། མཚན་མོར་གྱུར་ནས་སྐྱ་རེངས་དང་པོ་མ་ཤར་(༡༨༤ན)


K8Z003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བར་དང་། སྐྱ་རེངས་དང་པོ་ཤར་ནས་སྐྱ་རེངས་ཐ་མ་ཤར་བའི་བར་དང་། ནམ་ལངས་ནས་ཉི་མ་ཕྱེད་པའི་བར་ཏེ་དུས་བཞི་པོ་དེ་དག་གི་ཚེ་ན། དགེ་སློང་གིས་མ་སྨྲས་པར་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ན་ནི་དུས་མ་ཡིན་པར་གྲོང་དུ་འགྲོ་བ་ཁོ་ནའི་ལྟུང་བྱེད་འབྱུང་བའི་མུ་དང་། རྒྱལ་པོའི་ཕོ་བྲང་དུ་ནུབ་མོར་འགྲོ་བའི་ལྟུང་བྱེད་དང་། དུས་མ་ཡིན་པར་གྲོང་དུ་འགྲོ་བའི་ལྟུང་བྱེད་གཉིས་ཀ་འབྱུང་བའི་མུ་དང་། རྒྱལ་པོའི་ཕོ་བྲང་དུ་ནུབ་མོར་འགྲོ་བ་ཁོ་ནའི་ལྟུང་བྱེད་འབྱུང་བའི་མུ་དང་། ལྟུང་བྱེད་གཉིས་ཀ་མི་འབྱུང་བའི་མུ་སྟེ་གོ་རིམ་བཞིན་ནོ། །གལ་ཏེ་རྒྱལ་པོ་དང་། བཙུན་མོ་དང་། གཞོན་ནུ་དང་། ཞང་བློན་དེ་རྣམས་ཀྱིས་བོས་པ་དང་ལུས་སྲོག་ལ་སོགས་པའི་བར་ཆད་ཀྱི་རྐྱེན་དང་། གདུལ་བྱ་འདུལ་བའི་དབང་གིས་མ་ཡིན་པ་ལ་ལྟུང་བྱེད་འབྱུང་བའོ། །གཉིས་པ་ལ། མ་བཟླུགས་པར་ཏེ་རྒྱལ་པོ་ལ་མ་སྨྲས་པར་གྱ་ཚོམས་སུ་རྒྱལ་པོའི་ཕོ་བྲང་དུ་ཉིན་པར་ཡང་འཇུག་པར་མི་བྱའོ། །རྒྱལ་པོའི་ཕོ་བྲང་དུ་ནུབ་མོར་འགྲོ་བའི་ལྟུང་བྱེད་དོ། །། །གསུམ་པ་བསླབ་པའི་གཞིའི་དངོས་པོ་ཁྱད་དུ་གསོད་པ་ལ། ལྟུང་བའི་རྣམ་པར་བཞག་པ་དང་། །དེ་ཡི་ལྟུང་བ་མེད་པ་བསྟན། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་བསླབ་པའི་གཞི་ཁྱད་དུ་གསོད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆོས་ཁྱད་དུ་གསོད་པས་ངོ་བོ་ཉིད་ཀྱི་དགག་བྱར་གྱུར་པ་དང་། རང་རིས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་ཡིད་རྨོངས་པ་མ་ཡིན་པས་གསོ་སྦྱོང་གི་སོ་སོར་ཐར་པའི་མདོ་འདོན་པའི་དུས་སུ་རང་གི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞིའི་དངོས་པོ་ལ་ངག་(༡༨༤བ)


K8Z003_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གི་རིག་བྱེད་ཀྱིས་ཁྱད་དུ་བསད་དེ། ཕ་རོལ་པོས་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་ཁྱད་དུ་གསོད་པའི་དངོས་པོ་དང་། གང་གིས་ཁྱད་དུ་གསོད་པའི་རྟེན་དང་། གང་གི་ཚེ་ཁྱད་དུ་གསོད་པའི་དུས་དང་། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ལ་གསུམ་ལས། འདུལ་བར་གཏོགས་པ་ཡིན་པ་སྟེ། བསླབ་པའི་གཞིའི་དངོས་པོ་ལ་ཞེས་པ་དང་། མདོ་སྡེ་དང་ལྡན་པར་སྨྲ་བ་ན་ཡང་ངོ་ཞེས་གསུངས་པས་སོ། །རང་གི་བསླབ་པ་ཡིན་པ་སྟེ། མཚན་གཞན་གྱི་འདོན་པའི་ཚེ་ཞེས་གསུངས་པས་སོ། །དོན་གྱི་བདག་ཉིད་ཡིན་པ་སྟེ། བསླབ་པའི་གཞིའི་དངོས་པོ་ལ་ཞེས་དངོས་པོ་ཡན་ལག་ཏུ་གསུངས་པ་དང་། འདུལ་བའི་ཚིག་ཁྱད་དུ་གསོད་ན་ཁྱད་དུ་གསོད་པའི་ལྟུང་བྱེད་སྔར་བསྟན་ཟིན་པས་སོ། །གཉིས་པ་གང་གིས་ཁྱད་དུ་གསོད་པའི་རྟེན་ནི། གསོ་སྦྱོང་ལན་གཉིས་ཉམས་སུ་མྱོང་ཞིང་ཡིད་རྨོངས་པ་མ་ཡིན་པ་སྟེ་གཞུང་དུ་ཤེས་པར་འགྱུར་རོ། །ཊཱི་ཀ་ལས། ལན་གཉིས་ཉམས་སུ་མ་མྱོང་བ་དེ་ལ་ནི་ཉེས་བྱས་ཁོ་ནར་འགྱུར་ཏེ། ཞེས་བཤད་ཅིང་། ཡིད་རྨོངས་པས་དེ་སྐད་སྨྲས་པ་ལ་ནི་ལྟུང་བ་མེད་དོ་ཞེས། ཊཱི་ཀ་ལས་ཏེ། ཡིད་རྨོངས་པས་ད་གཟོད་ཤེས་སོ། །ཞེས་དང་པོར་སྨྲས་ན་ལྟུང་བ་མེད་པའོ། །གསུམ་པ་ནི། གསོ་སྦྱོང་གི་དུས་ཡིན་པ་སྟེ། ཊཱི་ཀ་ལས། གསོ་སྦྱོང་གི་ལས་ཀྱི་ཚེ་སོ་སོར་ཐར་པའི་མདོ་གདོན་པར་འདོད་པ་ན་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་ན་ལྟུང་བྱེད་དུ་འགྱུར་གྱི། དུས་གཞན་གྱི་ཚེ་བརྗོད་ན་ཉེས་བྱས་སུ་འགྱུར་བའོ། །ཞེས་གསུངས་པས་སོ། །བཞི་པ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་གསོ་སྦྱོང་དེ་ལ་གཏོགས་པ་སྟེ། གསོ་སྦྱོང་གིས་དུས་སུ་ཁྱད་དུ་གསོད་པ་ཡན་ལག་(༡༨༥ན)


K8Z003_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསུངས་པས་ཤེས་སོ་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ཏེ། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བཞད་གད་ཡན་ཆད་ཀྱིས་ཁྱད་དུ་གསོད་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཁྱད་དུ་གསོད་པར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །གཉིས་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བའི་ན་སྨད་བསྟན་པའོ། །དང་པོ་ནི། གང་བྱས་ན་འདིར་འགྱུར་ན་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་འདོན་པ་དེ་ལ་ལན་གཉིས་ཡན་ཆད་སྔར་ཉམས་སུ་མྱོང་ཞིང་། ཡིད་རྨོངས་པ་མ་ཡིན་པས་མདོ་འདོན་པ་འདི་ལས་ས་བརྐོ་ན་ལྟུང་བྱེད་དོ། །ཞེས་བཅས་པ་ལྟ་བུའི་ཆོས་འདི་ཡོད་པར་བདག་གིས་ད་གཟོད་ཤེས་སོ་ཞེས་ཟེར་བའི་དགེ་སློང་དེ་ལ་ལྟུང་བྱེད་དུ་འགྱུར་བའོ། །གཉིས་པ་ནི། མཚན་གཞན་དགེ་སློང་མ་རྣམས་ཀྱིས་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་དགེ་སློང་མའི་བསླབ་པའི་གཞི་དགེ་སློང་དང་ཐུན་མོང་བ་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ་ཞེས་བཅས་པ་ལྟ་བུ་ལ་ནི་དགེ་སློང་གིས་ད་གཟོད་ཤེས་ཞེས་ཟེར་ན་ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་ལ་ཡང་སྦྱར་བར་བྱའོ། །མདོ་སྡེ་དང་ལྡན་པར་སྨྲ་བ་ན་བདག་གིས་ད་གཟོད་ཤེས་སོ་ཞེས་ཟེར་ན་ཡང་ཉེས་བྱས་འབྱུང་ངོ་། །གཉིས་པ་ནི། དགེ་སློང་མའི་བསླབ་པའི་གཞི་དགེ་སློང་མ་དང་ཐུན་མོང་མ་ཡིན་པ་རྒྱ་སྐྱེགས་ཀྱི་ཆང་བུ་འཛུད་ན་ལྟུང་བྱེད་དོ་ཞེས་བཅས་པ་ལྟ་བུ་ལ་ནི་དགེ་སློང་མ་དག་གིས་ད་གཟོད་ཤེས་སོ་ཞེས་ཟེར་བ་ལ་ལྟུང་བ་མེད་དོ། །ལྟུང་བ་མེད་པ་ནི་ད་གཟོད་ཤེས་སོ་ཞེས་སྨྲ་ན་ཡང་བཅས་པ་ཐུན་མོང་མ་ཡིན་པ་དེས་རྒྱུས་ཆུང་བས་ཁྱད་དུ་གསོད་པའི་(༡༨༥བ)


K8Z003_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་མེད་ནའོ། །བསམ་པ་དེ་ཡོད་ན་ནི་བཅས་པའི་རྟེན་ཅན་གྱི་ཆོས་ཁྱད་དུ་གསོད་པ་ཡིན་པའི་ཕྱིར་ལྟུང་མེད་མ་ཡིན་གྱི། རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་བྱས་སོ། །དེས་ན་མདོ་འདི་ལྟར་འདོན་ཏེ། མཚན་གཞན་གྱི་འདོན་པའི་ཚེ་ཐུན་མོང་མ་ཡིན་པ་ལ་ནི་ལྟུང་བ་མེད་དོ་ཞེས་འདོན་ནོ། །གསུམ་པ་ནི། སོ་སོར་ཐར་པའི་མདོ་འདོན་པའི་ཚེ་མ་གུས་པར་ཉན་པ་ཉེ་བར་སྒྲུབ་པ་དེ་ལ་དེ་ན་གནས་པའི་དགེ་སློང་རྣམས་ཀྱིས་འགྱོད་དུ་གཞུག་གོ་སྟེ། ཚེ་དང་ལྡན་པ་ཁྱོད་ནི་ཉེས་པ་རྙེད་པའོ། །ལེགས་པར་རྙེད་པ་མ་ཡིན་པའོ་ཞེས་འགྱོད་དུ་གཞུག་གོ། །བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དོ། །། །བཞི་པ་ཁབ་རལ་འཆོས་པ་ལ། ལྟུང་བ་རྣམ་པར་བཞག་པ་དང་། །དེ་ཡི་ལྟུང་བ་མེད་པ་བརྗོད། །ཕྱིར་བཅོས་པ་ཡི་ཁྱད་པར་རོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་མང་པོ་རྣམས་ཀྱིས་ཁབ་རལ་བྱེད་དུ་བཅུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་བ་དང་རང་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་ཁབ་རལ་གྱི་རྒྱུ་མཚན་ཉིད་དང་ལྡན་པ་ལ་རང་གི་ཆེད་དུ་རང་ངམ་བསྐོས་པས་ཁབ་རལ་གྱི་བཟོ་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་ལྔ་སྟེ། ཁབ་རལ་གྱི་རྒྱུ་མཚན་ཉིད་དང་ལྡན་པ་ཡིན་པ་སྟེ། བ་སོ་དང་རུས་པ་དང་ཞེས་གསུངས་པས་སོ། །རང་གི་ཡིན་པ་སྟེ། གཞན་གྱི་ཡིན་ན་དགག་བྱ་མི་རྫོགས་པའི་ཕྱིར་རོ། །བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ་ཕྱེད་བྱས་པ་ལ་ནི་ཕྱེད་ཉིད་དོ་ཞེས་གསུངས་པས་སོ། །རུང་བ་ཚད་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས་སོ། །རུང་(༡༨༦ན)


K8Z003_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡན་ལག་མ་ཚང་ན་ཉེས་བྱས་ཏེ། ལུང་ཞུ་བ་ལས། དགེ་སློང་གིས་རིན་པོ་ཆེ་ལས་བགྱིས་པའི་ཁབ་རལ་བགྱིད་དུ་རྩོལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་སོ། །ཚད་དང་ལྡན་པ་ལ་འདིའི་ཚད་ནི་ཁབ་གཞུག་ཏུ་རུང་ཞིག་གྲགས་སྡེའི་ཚད་ལས་མ་འདས་པའོ། །གཞན་དུ་ན་ཉེས་བྱས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་གི་དོན་དུ་ཁབ་རལ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་ཁབ་རལ་གྱི་བཟོ་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་ཟིན་པར་བྱས་པའོ། །གཉིས་པ་ནི། བ་སོ་དང་རུས་པ་དང་རའི་ཁབ་རལ་བྱེད་དམ། བྱེད་དུ་བཅུག་པ་ལ་ལྟུང་བྱེད་དུ་འགྱུར་བའོ། །བ་སོ་ནི་སྤྱིར་བཏང་ལ་མི་རུང་བའི་རྫས་ཡིན་ཡང་ཁབ་རལ་དང་རྒྱ་བཅང་བ་ལ་ནི་རུང་བ་ཉིད་དོ། །དེས་ན་བ་སོ་སོགས་རིན་ཆེ་བས་བཀག་ཀྱང་ལྕགས་ཟངས་སོགས་རིན་ཆུང་བའི་ཁབ་རལ་ནི་གནང་ལ། བ་སོ་སོགས་ལ་ཡུལ་དུས་ཀྱིས་རིན་ཆུང་ན་གནས་སྐབས་ཀྱི་ལྟུང་བ་མི་རྫོགས་པའང་ཡོད་དོ། །ཉིད་བཤད་ཊཱི་ཀ་ལ་བྱེད་དུ་འཇུག་པ་འབའ་ཞིག་གསུངས་མོད་ཀྱི། རང་བྱེད་པ་ལ་ཁ་ན་མ་ཐོ་བ་ཆེས་ལྕི་བ་དེས་ན་འདིར་བྱེད་པ་ཞེས་བྱ་བའི་སྒྲ་ཡང་བསྡུས་སོ་ཞེས་འབྱུང་ལ། འོ་ན་ལུང་ལས། བྱེད་པ་དང་བྱེད་དུ་འཇུག་གཉིས་ཀ་གསུངས་པ་དང་འགལ་ཅེ་ན། རང་འགྲེལ་དང་ཊཱི་ཀ་ལས་བཤད་པ་དེ་ནི་རྩ་བ་སོ་སོར་ཐར་པའི་མདོ་ལས་བྱེད་དུ་འཇུག་པ་འབའ་ཞིག་གསུངས་པ་ལ་དགོངས་པ་ཡིན་སྙམ་ཞེས་མཚོ་སྣ་བ་ཆེན་པོས་གསུངས་སོ། །གཉིས་པ་ནི། བྱས་ཟིན་པ་རྙེད་པ་དང་། བྱས་ཟིན་པ་ལ་སྤྱོད་པ་དག་ལ་ནི་ལྟུང་བ་མེད་དོ། །གསུམ་པ་ནི། ཁབ་རལ་དེ་ཁྱོད་(༡༨༦བ)


K8Z003_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཅག་གམ་ཞེས་བཅག་པ་ཉིད་བཤགས་པ་ལེན་པ་པོ་དེས་མ་དྲིས་པར་ལྟུང་བ་བཤགས་པ་བླང་བར་མི་བྱའོ། །གལ་ཏེ་ཁབ་རལ་མ་བཅག་ན་མ་བཤགས་པ་ཉིད་ཡིན་ནོ། །ཁབ་རལ་འཆོས་པ་འདིའི་འོག་མ་ཁྲི་རྐང་དང་། ཤིང་བལ་དང་། གཏིང་གཡན་རས་ཅེན་གྱི་ལྟུང་བ་སྟེ་ལྔ་པོ་དེ་དག་ལ་ཡང་བཤད་མ་ཐག་པའི་མདོ་གཉིས་པོ་དེ་དག་དང་། བཅག་པ་ཞེས་སྔར་སྨོས་པ་དེའི་ཤུལ་དུ་བཅད་པ་དང་ལྡན་པ་ཉིད་ཡིན་ནོ་སྟེ། བཅད་པ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ། །གལ་ཏེ་མ་བཅད་ན་མ་བཤགས་པ་ཉིད་ཡིན་ནོ་ཞེས་སྦྱར་རོ། །དམིགས་བསལ་ནི་འོག་མ་ལྔ་པོའི་གཉིས་པ་ཤིང་བལ་གྱིས་གོས་པར་བྱས་པ་ལན་བསྡུས་པ་དང་པོ་སྟེ། ལྡན་པ་ཉིད་ཡིན་ནོ་ཞེས་སྦྱར་ཏེ་ཤིང་བལ་བསྡུས་པ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ། །གལ་ཏེ་མ་བསྡུས་ན་མ་བཤགས་པ་ཉིད་ཡིན་ནའོ་ཞེས་པའོ། །ཁབ་རལ་འཆོས་པའི་ལྟུང་བྱེད་དོ། །། །ལྔ་པ་ཁྲི་རྐང་འཆོས་པ་ལ། སྐབས་ཀྱི་བསླབ་པར་བྱ་བ་བསྟན། །ཁྲི་རྐང་དངོས་དང་ཞར་བྱུང་ངོ་། །དང་པོ་ནི། ཁྲི་རྐང་པ་དམའ་བ་དང་ལྡན་པའི་ཁྲི་ལ་ཉལ་བར་མི་བྱའོ། །ཊཱི་ཀ་ལས། ཁྲི་གང་ལ་འདུག་པའི་དགེ་སློང་གཉིད་ཡུར་བའི་མགོ་ས་ལ་ཐུག་པར་འགྱུར་བའི་ཁྲི་དེ་ལྟ་བུ་ལ་ཉལ་བར་མི་བྱ་བ་སྟེ། དེ་ནི་གླེང་གཞི་ལས་ཤེས་པར་བྱའོ། །ཞེས་སོ། །དགེ་སློང་ལ་སོགས་པ་ཉལ་བའི་མལ་དང་འབྲེལ་བའི་ཁྲིའི་ཉེ་འཁོར་གྱི་ཕྱོགས་སུ་རྐང་པ་བཀྲུ་བར་མི་བྱའོ། །ལྷྭམ་ཡོད་པས་སོ་ཞེས་པ་ནི་ལྷྭམ་ཡོད་པ་ནི་མལ་ཁྲིའི་ཉེ་འཁོར་ཕྱོགས་བཞི་པོ་གང་དུ་ཡང་རྐང་པ་བཀྲུ་བར་མི་བྱ་སྟེ། དེར་རྐང་པ་བཀྲུས་པའི་ས་གཞིའི་བརླན་ལས་སྲོག་ཆགས་སྐྱེ་ཞིང་། དེ་དག་ལ་དགེ་སློང་གི་རྐང་པས་གནོད་པར་འགྱུར་བ་དེ་སྤང་བའི་ཕྱིར་རོ། །(༡༨༧ན)


K8Z003_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གཞན་གྱིས་ཏེ་ལྷྭམ་མེད་པས་ནི་མགོ་ལོགས་དང་རྐང་པ་ལོགས་སུ་འཁྲུར་གནང་ཞིང་། དེ་གཉིས་མ་གཏོགས་པར་གཡས་གཡོན་གཉིས་སུ་རྐང་པ་བཀྲུ་བར་མི་བྱའོ། །དེ་ལྟར་ལྷྭམ་ཡོད་མེད་གཉིས་ལ་མལ་ཁྲིའི་ཉེ་འཁོར་མགོ་ལོགས་དང་རྐང་པ་ལོགས་གཉིས་སུ་བཀྲུ་བ་གནང་མི་གནང་གི་ཁྱད་པར་འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། ཉན་ཐོས་ཀྱི་ས་ལས་མཚན་མོའི་སུམ་ཆ་འདས་ཏེ་ཉལ་ཁར་རྐང་པ་འཁྲུ་བར་གསུངས་པ་བཞིན་དུ་མལ་གྱི་ཉེ་འཁོར་ལས་འདས་ཏེ་རྐང་པ་འཁྲུར་འགྲོ་བ་ན། རྐང་པ་ལ་སྦྲུལ་གྱིས་གནོད་པར་འགྱུར་བའི་ཉེན་ཅན་ཡིན་པ་ལས། ལྷྭམ་མེད་ན་གནོད་པར་འགྱུར་བ་དེ་ཡོད་པའི་ཕྱིར་དང་། ལྷྭམ་ཡོད་ན་གནོད་པར་འགྱུར་བ་དེ་མེད་པའི་ཕྱིར་རོ། །འོ་ན་ལྷྭམ་མེད་པས་ནི་མལ་ཁྲིའི་མགོ་ལོགས་དང་རྐང་པ་ལོགས་གཉིས་སུ་བཀྲུ་བ་གནང་ལ། མལ་ཁྲིའི་གཡས་གཡོན་གཉིས་སུ་རྐང་པ་འཁྲུ་བ་མི་གནང་བ་སྟེ། ཕྱོགས་དེ་གཉིས་ལ་གནང་མི་གནང་གི་ཁྱད་པར་འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། མལ་ཁྲིའི་སྟེང་ནས་ཤོད་དུ་བབས་པ་ན་སྔས་ངོས་དང་མལ་མཇུག་ངོས་སུ་འབབ་པ་འབྱུང་རིང་བས། ས་གཞིའི་སྲོག་ཆགས་ལ་གནོད་པ་འབྱུང་ཉེ་བ་མ་ཡིན་པའི་ཕྱིར་དང་། མལ་ཁྲིའི་གཡས་གཡོན་ངོས་ནས་འབབ་པ་འབྱུང་ཉེ་བས་ས་གཞིའི་སྲོག་ཆགས་ལ་རྐང་པས་གནོད་པ་འབྱུང་ཉེ་བའི་ཕྱིར་རོ། །མལ་སྟན་མཐོན་པོ་ནི་རྩ་བ་བུ་གར་གཞུག་པ་མ་གཏོགས་པ་ཁྲི་རྐང་ཁྲུ་གང་ལས་ལྷག་པ་དང་། མལ་སྟན་ཆེན་པོ་ནི་གསེར་དངུལ་ལ་སོགས་པ་རིན་པོ་ཆེ་ལས་བྱས་པ་ལ་འདུག་པ་དང་ཉལ་བར་མི་བྱའོ། །དེའི་དམིགས་བསལ་ནི་ཁྱིམ་པའི་ཁྱིམ་གཞན་དུ་མལ་སྟན་ཆེ་མཐོ་ལས་གཞན་མེད་ན། མལ་སྟན་མཐོན་པོ་དང་མལ་སྟན་ཆེན་(༡༨༧བ)


K8Z003_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས་སྔ་མ་ཤོས་ལ་འདུག་པར་བྱའོ། །མདོ་འདི་ཀོ་ལྤགས་ཀྱི་གཞི་ལས་བྱུང་ངོ་། །གཞན་ཡང་ལུང་ཞུ་བ་ལས། དགེ་སློང་མལ་སྟན་མཐོ་ཞིང་ཆེ་བ་ལ་མཆིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། ལྷའི་ཁྱིམ་དང་། ཀླུའི་ཁྱིམ་དང་། རྒྱལ་པོའི་ཁྱིམ་དང་། རྒྱལ་པོའི་བློན་པོའི་ཁྱིམ་དེ་དག་ཏུ་སྟན་གཞན་མེད་ནའོ། །ཞེས་སོ། །མགོ་སྨད་དེ་ཉལ་བས་ཁམས་མ་སྙོམས་པ་ལ་བརྟེན་ནས་གསུངས་པ་ནི་མལ་ཁྲི་རྐང་རྟེན་དང་བཅས་པ་ལ་མལ་བཅའ་བར་བྱའོ། །རྐང་རྟེན་ནི་ཁྲི་རྐང་གི་འོག་ཏུ་ཕ་གུ་སོགས་བཞག་པའོ། །མལ་སྟན་མཐོན་པོ་ནི། ཊཱི་ཀར། ཕྱོགས་གཅིག་མཐོ་བ་ཉིད་ཀྱིས་ནི་མལ་སྟན་མཐོན་པོ་མ་ཡིན་ནོ། །ཞེས་སོ། །མལ་སྟན་ཆེན་པོ་ནི་ཆེན་པོ་ལ་འོས་པའི་མལ་སྟན་ཏེ། མལ་སྟན་བཟང་པོའི་དོན་ཡིན་ནོ། །ཁྲི་བརྩེེགས་མ་སྟེ་ཁྲིའི་སྟེང་དུ་ཁྲི་བཞག་པའི་སྟེང་དུ་འདུག་པར་མི་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ཁྲི་རྐང་ཚད་ལས་ལྷག་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་བ་དང་དགེ་འདུན་གྱི་ཡོ་བྱད་ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་ཤིང་གི་ཁྲིའམ། ཁྲིའུ་རྐང་པ་ཚད་ལས་ལྷག་པ་རང་ངམ་བསྐོས་པས་བཟོ་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་ལྔ་སྟེ། དགེ་འདུན་གྱི་དབང་བའི་ཁྲིའམ་ཁྲིའུ་ཡིན་པ་སྟེ། དགེ་འདུན་གྱིའོ་ཞེས་དང་། ཁྲིའམ་ཁྲིའུ་དག་གིའོ་ཞེས་གསུངས་པས་སོ། །གང་ཟག་གི་ཁྲི་རྐང་ཚད་ལས་ལྷག་པར་བྱེད་ན་ནི། རྣམ་འབྱེད་འགྲེལ་པ་ལས། གང་ཟག་(༡༨༨ན)


K8Z003_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལས་ནི་ཉེས་བྱས་སུ་འགྱུར་རོ། །ཞེས་སོ། །རུང་བ་ཡིན་པ་དང་རྒྱ་ཁྱོན་གྲགས་སྡེའི་ཚད་དང་ལྡན་པ་སྟེ། རུང་བ་ཉིད་དང་ཚད་དང་ལྡན་པ་ཞེས་གསུངས་པས་སོ། །རྐང་པ་ཚད་ལས་ལྷག་པ་སྟེ། རྐང་པ་དག་གིས་ཞེས་གསུངས་པས་སོ། །བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ། ཕྱེད་བྱས་པ་ལ་བྱེད་པ་ནི་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་ཚད་ལས་ལྷག་པར་བྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་གཞན་ལ་བསྐོས་པས་ཚད་ལས་ལྷག་པར་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བཟོ་ཟིན་པའོ། །གཉིས་པ་ནི། ལྟུང་བྱེད་འདིར་ཅིས་འགྱུར་ཞེ་ན། ཁྲིའམ་ཁྲིའུ་ཚད་ལས་ལྷག་པར་བྱེད་དམ། བྱེད་དུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཁྲི་རྐང་འཆོས་པ་ལ་བལྟོས་ནས་གཉིས་པ་ཤིང་བལ་གྱིས་གོས་པར་བྱས་པའི་འོག་མ་གདིང་གཡན་རས་ཆེན་གསུམ་པོ་དག་ལ་ཡང་རང་རང་གི་ཚད་ལས་ལྷག་པར་བྱེད་དམ། བྱེད་དུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་འདིར་འགྱུར་གྱི་ཚད་ལྷག་པ་ནི་ཁྲིའམ་ཁྲིའུ་དག་གིའོ། །ཁྲིའམ་ཁྲིའུ་དེ་དགེ་འདུན་གྱིའོ། །ལྟུང་བྱེད་འདིའི་འོག་མ་ལ་ཡང་ངོ་སྟེ་ཁྲིའམ་ཁྲིའུ་དག་ལའོ། །དགེ་འདུན་གྱིའོ་ཞེས་ཏེ་དགེ་འདུན་གྱི་ཁྲིའམ་ཁྲིའུ་དག་ལ་ཤིང་བལ་གྱིས་གོས་པར་བྱས་ན་ལྟུང་བྱེད་དོ། །ཚད་ལས་ལྷག་པའི་གཞི་ནི་ཁྲིའམ་ཁྲིའུའི་རྐང་པ་དག་གིའོ། །གསུམ་པ་ནི། ཁྲི་དང་ཁྲིའུའི་རྐང་པ་དེ་དག་གི་ཚད་ནི་བུ་གར་གཞུག་པའི་ཕྱོགས་མ་གཏོགས་པ་ཁྲུ་གང་ངོ་། །ཁྲུ་ཚད་དེང་སང་གི་དགེ་སློང་གི་ལུས་རིང་ཐུང་འབྲིང་གསུམ་གྱི་ཁྲུས་གཞལ་བ་མིན་ཏེ། བདེ་བར་(༡༨༨བ)


K8Z003_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ཁྲུའི་སུམ་ཆ་སྟོན་པའི་སོར་བརྒྱད་ལ་ཁྲུ་གཅིག་ཏུ་བརྩི་བས་སོ། །འདིའི་གཉིས་པའི་འོག་མ་གསུམ་པོ་དག་ལ་ཡང་ངོ་སྟེ། ཁྲུ་ཚད་ནི་བདེ་བར་གཤེགས་པའི་ཁྲུའི་སུམ་ཆས་སོ། །དེས་ན་གདིང་གཡན་རས་གསུམ་རྡུལ་ཁྲུ་ནས་བརྩིས་ཏེ། སངས་རྒྱས་ཀྱི་ཁྲུའི་སུམ་ཆ་ལ་ཁྲུ་གཅིག་ཏུ་བརྩིས་ཏེ་གཞལ་བས་ལུས་བོང་ཚད་ལྡན་དང་། དགེ་ཚུལ་ལོ་བདུན་ལོན་པ་གདིང་བ་ཚད་མཉམ་ཞིང་གཡན་དགབ་རས་ཆེན་ལ་ཡང་དེ་བཞིན་ནོ། །ཁྲི་རྐང་འཆོས་པའི་ལྟུང་བྱེད་དོ། །། །དྲུག་པ་ཤིང་བལ་གོས་པར་བྱས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེར་དགས་འདུག་པའི་སེམས་ཀྱིས་དགེ་འདུན་གྱི་གནས་མལ་ལ་ཤིང་བལ་གྱིས་གོས་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་བ་དང་། གཞན་གྱི་གོས་ལ་སོགས་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་མལ་ལ་ཤིང་བལ་གྱིས་གོས་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་གོས་པར་བྱ་བའི་ཡུལ་དང་། གང་གིས་གོས་པར་བྱ་བའི་དངོས་པོའོ། །དང་པོ་ལ་གསུམ་ལས། དགེ་འདུན་དབང་བའི་གནས་མལ་ཡིན་པ་སྟེ། འོག་མ་ལ་ཡང་ངོ་ཞེས་གསུངས་པས་སོ། །རུང་བ་ཚད་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས་སོ། །གཉིས་པ་གང་གིས་གོས་པར་བྱེད་པའི་དངོས་པོ་ལ་གསུམ་ལས། ཤིང་བལ་ཡིན་པ་སྟེ་ཤིང་བལ་གྱིས་གོས་པར་ཞེས་གསུངས་པས་སོ། །སྲགས་སྡེའི་ཚད་དུ་ཆོག་པ་སྟེ། གོས་ལ་སོགས་པ་ཚད་དང་ལྡན་པའི་གནད་ཀྱིས་སྦྱར་རོ། །(༡༨༩ན)


K8Z003_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བལ་བདལ་བའི་བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ། ཕྱེད་བྱས་པ་ལ་ནི་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་གི་དོན་དུ་ཤིང་བལ་བདལ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་གཞན་ལ་བསྐོས་པས་ཤིང་བལ་བདལ་བར་ཞུགས་པའོ། །མཐར་ཐུག་ནི་བདལ་བ་རྫོགས་པའོ། །གཉིས་པ་ནི། འོག་མ་ལ་ཡང་ངོ་ཞེས་པས་འདི་ལ་དགེ་འདུན་གྱི་གནས་མལ་ཡན་ལག་ཏུ་དགོས་པར་སྔར་བསྟན་ན། གནས་མལ་དེ་ལ་གང་བྱས་ན་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་འདུན་གྱི་གནས་མལ་ཁྲིའམ་ཁྲིའུ་དག་ལ་ཤིང་བལ་གྱིས་གོས་པར་བྱས་པ་ལ་ལྟུང་བྱེད་དོ། །བྱེད་པོ་ནི་རང་ངམ་བསྐོས་པས་སོ། །ཤིང་བལ་ནི་ལྔ་སྟེ། ཤལ་མ་ལིའི་དང་། ཨརྒ་དང་། ཀ་ཤིའི་དང་། སྤྲ་བའི་དང་། ཨེ་ར་ཀའི་བལ་དང་ལྔའོ། །ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་དོ། །། །བདུན་པ། གདིང་གཡན་རས་བདུན་བརྒྱད་དགུ་པའི་སྤྱི་དོན་བཤད། །བདུན་བརྒྱད་དགུ་ཡི་ཚིག་དོན་བཀྲལ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་གདིང་བ་དང་། གཡན་པ་དགབ་པ་དང་། རས་ཆེན་དང་གསུམ་པོ་རང་རང་གི་ཚད་ལས་ལྷག་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་བྱ་བ་སོ་སོ་དང་འབྲེལ་ནས་དོན་དང་བྱ་བ་མང་བ་དང་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གདིང་བ་དང་གཡན་པ་དགབ་པ་དང་རས་ཆེན་དང་གསུམ་པོ་རང་རང་གི་རྒྱུ་མཚན་ཉིད་དང་ལྡན་པ་ལས། རང་གི་དོན་དུ་རང་ངམ་གཞན་བསྐོས་པས་སོར་ཕྱེད་ཡན་ཆད་ཚད་ལས་ལྷག་པར་བྱས་ཏེ་ཟིན་པ་ལས་གྱུར་པའི་(༡༨༩བ)


K8Z003_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ། །དེ་ལ་ལྔ་ལས། གདིང་གཡན་རས་ཆེན་གསུམ་རང་རང་གི་རྒྱུ་མཚན་ཉིད་དང་ལྡན་པ་ཡིན་པ་སྟེ། གདིང་བའོ་ཞེས་པ་ལ་སོགས་པ་གསུངས་སོ། །རང་རང་གི་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་། རུང་བ་ཚད་དང་ལྡན་པ་སྟེ་སྔར་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་གི་དོན་དུ་ཚད་ལས་ལྷག་པར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་ཚད་ལས་ལྷག་པར་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བཟོ་ཟིན་པའོ། །བདུན་པའི་ཚིག་དོན་བཤད་པ་ལ། ལྟུང་བའི་རྣམ་པར་བཞག་པ་དང་། །གདིང་བའི་མཚན་ཉིད་རབ་ཏུ་བསྟན། །བསླབ་བྱའི་ཉེས་བྱས་བསྟན་པའོ། །དང་པོ་ནི། གང་བྱས་ན་འདིར་འགྱུར་ཞེ་ན། གདིང་བའི་ཚད་ལས་ལྷག་པ་བྱེད་དམ། བྱེད་དུ་འཇུག་པའི་ལྟུང་བྱེད་དངོས་གཞིའོ། །གཉིས་པ་ནི། འདིའི་ཚད་ཇི་ཙམ་ཞེ་ན། གདིང་བ་འདིའི་ཚད་ནི་སྲིད་དུ་རྡུལ་ཁྲུ་གསུམ་མོ། །སྲིད་དུ་རྡུལ་ཁྲུ་གསུམ་གྱིས་མི་ཆོག་ན་སྟེ། ལུང་ལས། འཆར་ཀ་ལྟ་བུ་ལུས་བོངས་ཚད་ལས་ལྷག་པས་དེ་ཉལ་བ་ན་གདིང་བ་དཀྱུས་ཐུང་སྟེ་གདིང་བའི་སྟེང་དུ་ལུས་མི་ཤོང་ན་ཁྲུ་ཕྱེད་དོ་མན་ཆད་བསྐྱེད་དོ། །ཊཱི་ཀར། ནི་དེས་ན་གདིང་བའི་སྲིད་ཀྱི་ཚད་ནི་ཁྲུ་ཕྱེད་དང་ལྔའོ། །ཞེས་སོ། །གདིང་བ་འདིའི་ཞེང་དུ་ནི་ཁྲུ་དོ་དང་སོར་དྲུག་གོ། །གསུམ་པ་ནི། གདིང་བ་དེའི་ཆུ་ཞེང་གི་ཚད་ཇི་སྐད་བསྟན་པ་དེ་བས་ཆུང་ངུ་ལ་བྱིན་གྱིས་རློབ་ན་བྱིན་རླབས་མི་འཆགས་ལ་ཉེས་བྱས་སོ། །འདིའི་འོག་མ་གཡན་དགབ་དང་རས་ཆེན་གཉིས་ལ་ཡང་ཆུང་ངུ་ལ་བྱིན་གྱིས་(༡༩༠ན)


K8Z003_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རློབ་ན་ཉེས་བྱས་སོ། །གདིང་བ་ལས་གྱུར་པའི་ལྟུང་བྱེད་དོ། །། །བརྒྱད་པའི་ཚིག་དོན་བཤད་པ་ལ། ལྟུང་བ་རྣམ་པར་བཞག་པ་དང་། །གཡན་པ་དགབ་པའི་ཚད་བསྟན་པའོ། །དང་པོ་ནི། གཉིས་པའི་འོག་མའི་གསུམ་པོ་དག་ཀྱང་ཞེས་སྔར་སྨོས་ན། གཡན་པ་དགབ་པའི་ཚད་ལས་ལྷག་པ་བྱེད་དམ། བྱེད་དུ་འཇུག་པ་ལས་ལྟུང་བྱེད་དངོས་གཞིའོ། །གཉིས་པ་ནི། དེའི་ཚད་ནི་དཀྱུས་སུ་རྡུལ་ཁྲུ་དྲུག་དང་ཞེང་དུ་རྡུལ་ཁྲུ་གསུམ་མོ། །གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་དོ། །། །དགུ་པའི་ཚིག་དོན་བཤད་པ་ལ། ལྟུང་བ་རྣམ་པར་བཞག་པ་དང་། །རས་ཆེན་ཉིད་ཀྱི་ཚད་བསྟན་པའོ། །དང་པོ་ནི། དབྱར་གྱི་རས་ཆེན་གྱི་ཚད་ལས་ལྷག་པར་བྱེད་དམ། བྱེད་དུ་འཇུག་པ་ལས་གྱུར་པའི་ལྟུང་བྱེད་དངོས་གཞིའོ། །གཉིས་པ་ནི། དེའི་ཚད་ནི་སྲིད་དུ་རྡུལ་ཁྲུ་དགུ་དང་ཞེང་དུ་རྡུལ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །དབྱར་གྱི་རས་ཆེན་ལས་གྱུར་པའི་ལྟུང་བྱེད་དོ། །། །བཅུ་པ་བདེ་གཤེགས་ཆོས་གོས་ཚད་གྱུར་ལ། བདེ་བར་གཤེགས་པའི་ཆོས་གོས་ཚད། །ལྟུང་བའི་རྣམ་པར་བཞག་པ་དང་། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ནི། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་གང་ཞེ་ན། ཆོས་གོས་ཀྱི་སྲིད་དུ་སྟོན་པ་རང་གི་ཁྲུ་ལྔ་དང་ཞེང་དུ་ཁྲུ་གསུམ་གྱི་ཆོས་གོས་སོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེར་དགས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་ཆོས་གོས་བཟོ་བྱེད་དུ་བཅུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་བླ་མ་ལྟར་འཆོས་པ་དང་། དོན་དང་བྱ་བ་མང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་ལུས་བོངས་སངས་རྒྱས་ཀྱི་སྐུ་ལུས་ཙམ་མེད་པར་བདེ་བར་(༡༩༠བ)


K8Z003_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ཆོས་གོས་ཀྱི་ཚད་དམ། དེ་བས་ལྷག་པའི་ཆོས་གོས་གསུམ་ལས་གང་ཡང་རུང་བར་རང་ངམ་བསྐོས་པས་བཟོ་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་བྱ་བའི་དངོས་པོ་དང་། གང་གིས་བྱེད་པའི་རྟེན་ནོ། །དང་པོ་ལ་ལྔ་ལས། ཆོས་གོས་གསུམ་ལས་གང་ཡང་རུང་བ་ཡིན་པ་སྟེ། ཆོས་གོས་བྱེད་དམ་ཞེས་གསུངས་པས་སོ། །རུང་བ་ཡིན་པ་སྟེ་སྤྱིར་བསྟན་པ་ལས་རུང་བ་ཉིད་ཅེས་གསུངས་པས་སོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ། དེ་ལས་ལྷག་པ་ཡིན་པ་སྟེ། དེའི་ཚད་དམ་ལྷག་པའི་ཞེས་གསུངས་པས་སོ། །རང་གི་ཡིན་པ་དང་བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ་སྔར་བཤད་པ་བཞིན་ནོ། །གཉིས་པ་གང་གིས་བྱེད་པའི་རྟེན་ནི། རང་གི་ལུས་ལ་བདེ་བར་གཤེགས་པའི་སྐུའི་བོངས་ཚད་ཙམ་མེད་པ་སྟེ། དེའི་ལུས་ཙམ་མེད་པར་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔར་བཞིན། ཀུན་སློང་ནི་རང་དོན་དུ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ། དེ་ལས་ལྷག་པའི་ཆོས་གོས་ཀྱི་བཟོ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་དེའི་བཟོ་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བཟོ་ཟིན་པའོ། །གཉིས་པ་ནི། གང་བྱས་ན་འདིར་འགྱུར་ན། བདེར་གཤེགས་དེའི་ལུས་ཙམ་མེད་པར་བདེར་གཤེགས་དེའི་ཆོས་གོས་ཀྱི་ཚད་དམ། དེ་བས་ལྷག་པའི་ཆོས་གོས་བྱེད་དམ། བྱེད་དུ་འཇུག་པ་ལས་ལྟུང་བྱེད་དངོས་གཞིའོ། །ཊཱི་ཀ་ལས། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱེད་ན་ཞེས་བྱ་བ་ནི་རང་གི་ཁྲུ་ཚད་ལས་ཆུ་ཞེང་གཉིས་ཀར་སུམ་འགྱུར་དུ་བྱེད་པ་ལས་ལྟུང་(༡༩༡ན)


K8Z003_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུ་འགྱུར་བའོ། །ཞེས་སོ། །དེ་ལྟར་ན་སངས་རྒྱས་ཀྱི་ཆོས་གོས་གཅིག་ལ་ནི་དགེ་སློང་ལུས་འབྲིང་པོའི་ཆོས་གོས་དགུའོ། །འོ་ན་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བགྱིས་པ་ལས་ཉན་ཐོས་ཀྱི་དགེ་སློང་གི་ཆོས་གོས་བྱིན་གྱིས་བརླབས་པ་འཆགས་སམ་མི་འཆགས་ཞེ་ན། བམ་པོ་ལྔ་བཅུ་པ་ལས། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཆོས་གོས་ཀྱི་ཚད་དམ། དེ་བས་ལྷག་པ་ལ་བྱིན་གྱིས་རློབ་ན་མི་འཆགས་ཏེ་ཉེས་བྱས་སོ། །ཞེས་སོ། །དམིགས་བསལ་ནི་ལྷག་པ་ཡང་ངོ་ཞེས་ཆོས་གོས་ཚད་ལས་ལྷག་པ་ལ་ཡང་ཆོས་གོས་སྲ་བརྐྱང་གི་བྱིན་རླབས་འཆགས་པའི་སྐབས་ཀྱི་རང་གི་རྣམ་བཤད་ལས། བདེ་བར་གཤེགས་པའི་ཆོས་གོས་ཤིན་ཏུ་ལེགས་པོ་ལ་ཡང་འདི་ཆགས་པ་ཉིད་དུ་རིག་པར་བྱའོ་ཞེས་གསུངས་སོ། །གསུམ་པ་ནི། བདེ་བར་གཤེགས་པའི་ཆོས་གོས་སམ། དེ་བས་ལྷག་པ་དེ་བཅང་བར་མི་བྱའོ་ཞེས་གསུངས་པས། གོས་དེ་གང་ཟག་གམ་དགེ་འདུན་ལ་ཕུལ་ཏེ་ལྟུང་བ་ཕྱིར་བཅོས་བྱ་སྟེ། འགྲེལ་ཆུང་ལས། བཅང་བཞིན་དུ་ལྟུང་བ་མཐོལ་ཚངས་བྱས་ན་ཚངས་པར་མི་འགྱུར་རོ་ཞེས་སོ། །ཉིད་བཤད་དང་ཊཱི་ཀ་ལས། དེ་བཅང་བར་མི་བྱའོ་ཞེས་བྱ་བའི་ལུས་ལ་གྱོན་པ་དང་འབྲེལ་བས་སམ། གཞན་ཡང་རུང་སྟེ་བྱིན་གྱིས་བརླབས་ནས་སམ། རྣམ་པར་བརྟགས་ནས་སམ། རྣམ་པར་མ་བརྟགས་པར་ཡང་བཅང་བར་མི་བྱའོ། །ཞེས་སོ། །དགེ་སློང་གིས་རང་གི་ལུས་སངས་རྒྱས་ཀྱི་སྐུའི་བོངས་ཚད་ཙམ་ཡོད་པས་ནི་དེ་ལྟར་མ་ཡིན་ཏེ། བྱིན་གྱིས་བརླབས་ནའང་འཆགས་སོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དོ། །ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་རྣམས་རྫོགས་སོ། །། །(༡༩༡བ)


K8Z003_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་རིས་འབྱུང་པོའི་ཚོགས་ལ་གཟུགས་ཀྱི་གོ་སྐབས་ཕྱེ་སླད་ཉི་མས་སྣང་བ་འགྱེད། །འཆི་མེད་ཆར་པ་གཞོན་ནུ་འབེབས་པའི་སླད་དུ་ཟླ་བ་འཕེལ་ཞིང་རྫོགས་པར་རྒྱུ། །ཤེས་བྱ་འདི་ཀུན་སེམས་ཅན་བསྒྲལ་བའི་ཕྱིར་དུ་བློ་ལ་ཟམ་སྟེགས་བརྟན་པོར་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ཉིད་ཀྱིས་བསྒྲུབས་པས་སྐྱེ་བོས་བསྔགས་པའི་སྐྱེ་བ་ཐོབ། །དཔལ་ལྡན་གགས་པའི་རི་བོང་ཅན། །གསར་དུ་སྐྱེད་བྱེད་ཡེ་ཤེས་ཀྱི། །བདུད་རྩིའི་ཆུ་གཏེར་རླབས་རྩེ་ལས། །ཐོན་པའི་བཅོམ་ལྡན་ལ་ཕྱག་འཚལ། །ངོ་མཚར་ཡོན་ཏན་ཡོད་དགུའི་མཐར་ལྷུང་ཞིང་། །དྲི་བཅས་ཆགས་པའི་རྒྱ་ལས་རབ་ཏུ་ཆད། །བཏང་སྙོམས་དབུ་མའི་གསུང་གིས་སྤྲོས་འཛིན་གྱི། །ཚོགས་ཀུན་བརྗོད་མེད་བརྟུལ་ཞུགས་སྦྱིན་དེར་དད། །འཕགས་པའི་ཡིད་དུ་འགྲོ་བ་ཡིན། །མཐོང་བའི་མོད་ལ་སྐྱེས་བུའི་མཆོག །དྭང་བའི་རི་མོ་འཕྲུལ་བྱེད་པ། །ཀརྨ་པ་ཡི་ཕྲིན་ལས་རྒྱལ། །དཔལ་ལྡན་དེ་ཡི་དམ་ཆོས་ལྷུམས་བཟང་པོར། །བདག་བློའི་བྱང་སེམས་ལམ་འདི་བཟུང་བ་ནི། །འོ་མཚོའི་རླབས་ཀྱི་ཟླ་བ་བཟུང་བ་ལྟར། །འོད་ཟེར་རྣམ་དཀར་ཕྲེང་ལྡན་མཛེས་པར་གྱུར། །དེ་ལྟར་ཐུགས་རྗེས་བཟུང་བ་ཡིས། །ཀུན་མཁྱེན་འབྲས་བུའི་གཏེར་ལྡན་པ། །དགོས་འདོད་དགེ་མཚན་མཚོན་པ་ཡི། །བློ་བཟང་གསེར་གྱི་ས་གཞི་བརླིང་། །ཐུགས་རྗེའི་སྤྱན་འདབ་བྱེད་པའི་བཀའ་དྲིན་ནི། །བྱས་ཤེས་ལོག་པར་གཞལ་ལ་ཆགས་པ་ཡང་། །ལྗོན་པ་ས་ཧ་ཀ་རའི་དྲི་མཆོག་ནི། །སོལ་བ་ལ་ཡང་སླུ་བ་མིན་ལྟར་རོ། །དེ་ནས་དད་པའི་བློ་ཤེལ་ལ། །བྱིན་རླབས་ཉི་འོད་ཐེགས་པ་ནི། །རང་བཞིན་གཅིག་ཏུ་མི་གཤའ་ན། །ལམ་འདིར་རྣལ་ལ་དོགས་ཅི་ཡོད། །མི་འཇིགས་(༡༩༢ན)


K8Z003_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྙིང་པོ་བརྟན་གྱུར་ཅིང་། །ལུས་མེད་དཔུང་གི་ནུས་ཡུལ་མ་ཡིན་པ། །རྗེ་བཙུན་བླ་མ་རབ་གསལ་ཚིག་གི་བདག །ཀརྨ་ཕྲིན་ལས་པ་དང་འབྲལ་མེད་ཤོག །ཟང་ཟིང་རྒྱགས་པ་རྟག་ཏུ་མྱོས། །དམ་པའི་བློ་གྲོས་ཅོ་འདྲིར་བྱེད། །གཡོ་སྒྱུ་འཁྱོགས་པོའི་སྙིང་པོ་མཁྲེགས། །ཁོང་སྟོང་དུང་འདྲའི་བླ་མ་མང་། །ལེགས་བཤད་དབེན་པས་མི་སྨྲའི་ཡི་དམ་དང་། །སྐྱེ་བོ་སླུ་བའི་བྱ་བཏང་རྐང་གཅིག་གི། །བརྟུལ་ཞུགས་མཁར་བར་ངལ་བའི་སྐྱར་མོ་དེས། །ཐར་འདོད་ཆུ་ལ་འཕྱན་པའི་ཉ་རྣམས་ཟ། །ཟང་ཟིང་སྦྲང་རྩིས་ཁ་བྱུགས་པའི། །འདྲེན་པའི་སྤྲུ་གྲི་མིད་པ་ན། །ཡང་དག་ལྟ་བའི་རྒྱུ་མ་གཅོད། །དུས་ཀྱི་ས་སྟོན་འདི་འདྲར་གྱུར། །དམ་པའི་ཡོན་ཏན་ལ་སྡང་གདུག་པ་རྣོ། །ཡོན་ཏན་ཅན་གཞན་བསྔགས་ན་བཟོད་མི་སྦྱིན། །དེ་ལྟར་ན་ཡང་བདག་བློ་དམ་པས་དྲངས། །རྐྱེན་ངན་ཀླན་ཀས་འགོད་ཀྱང་དེ་ཀར་བས། །སངས་རྒྱས་དྭགས་པོའི་བསྟན་ལ་སྐྱེས་པའི་བགྱི་བ་ཅན། །འཇིགས་མེད་རང་བྱུང་རྡོ་རྗེའི་སྨོན་ལམ་འཕེན་པའི་ཤུགས། །སྐྱེ་འཆི་དྲི་མས་ནོགས་པ་མེད་པར་རྒྱལ་བའི་བཀའ། །སྐལ་བཟང་བདག་གི་མྱང་འདས་མཐའ་དང་མཉམ་དུ་ཤར། །དེས་ན་ངལ་མེད་གྲུབ་པའི་དབུགས། །བདེ་བར་འབྱིན་པའི་གནས་སྐབས་ན། །སྡེ་སྣོད་ཆོས་སྒོ་མང་པོ་ཡི། །རྣམ་པར་ཐར་པ་ཅི་ཡང་བཀོད། །བདག་ནི་གཞན་ཕན་ལྡན་པས་རྒྱ་ཆེར་བཤད་ཅིང་རིག་པའི་ཆོས་མང་ཐོས། །བདེ་ཆེན་མེ་ཏོག་བསྣམས་པས་ཉེར་ཞི་བདེན་པ་ཡི་ནི་ཚུལ་རབ་མཐོང་། །ཞི་བའི་གོ་འཕང་མཆོག་ལ་རེག་པས་གསལ་བར་སྲིད་ལ་ཆགས་བྲལ་ཞིང་། །འགྲོ་ལ་ངལ་བསོར་སྦྱིན་པའི་སྲོག་འདི་ཡུན་དུ་གཡོ་བ་མེད་གྱུར་ཅིག །རྒྱལ་བ་ཁྱབ་(༡༩༢བ)


K8Z003_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དཔལ་ལྡན་བླ་མས་དབང་བསྐུར་ཆུ་ཡི་རྒྱུན། །གསལ་ཞིང་དྭང་བའི་ཕྲེང་བ་སྙིང་གར་ཉེ་བར་འཛིན་པ་དག །ནོར་བུ་འབར་བའི་དོ་ཤལ་དག་གིས་ཡོངས་སུ་འབྲེལ་བ་ནི། །རིག་དང་གྲོལ་བ་སྦྱར་བའི་ཡོན་ཏན་མཛེས་པ་བཞིན་དུ་གྱུར། །རྒྱུ་དེས་འཁྲུལ་མེད་བསྟན་བཅོས་ཆེ། །བཀྲལ་བའི་འབད་པ་བྱས་པ་ཡིན། །བླུན་པོའི་བྱེ་མ་བཙིར་བ་ལས། །སྦྱངས་པའི་ལེགས་བཤད་མར་ཁུ་ཅི། །ཤེས་རབ་མཐུ་ལས་རང་ལོ་ནི། །ཉེར་དྲུག་དུས་སུ་གཡོ་མེད་པར། །དགེ་ལེགས་རྔ་གཡབ་འདི་གཡོས་པས། །སྲིད་པའི་འཇིགས་པ་བསིལ་གྱུར་ཅིག །དབྱངས་ཅན་གསར་མའི་ལུས་སེམས་འཚོ་བ་ན། །ཟད་མེད་ལེགས་བཤད་ཡ་མཚན་འདི་འདྲ་འབྱུང་། །ཟང་ཟིང་གིས་གསོད་སྐྱེ་ངན་ལོ་བརྒྱར་ནི། །བསྡད་ཀྱང་ངན་སོང་རྒྱུ་ལས་གཞན་འབྱུང་ཅི། །རྫོགས་ལྡན་བསྟན་པའི་དུས་སུ་བདག་སྐྱེས་ན། །ས་ལ་འཛམ་གླིང་རྒྱན་གྱིས་གྲགས་པར་འགྱུར། །རྩོད་ལྡན་བསྟན་པའི་དུས་སུ་བདག་སྐྱེས་པས། །ཆོས་མིན་ཕྱོགས་པ་སྤྲིན་ལྟར་འདུས་ནས་མནར། །དེ་ལྟར་ན་ཡང་དྭགས་པོའི་བསྟན་པ་དང་། །སྐྱབས་གཅིག་ཀརྨའི་ཕྲིན་ལས་སྙིང་ག་ཡི། །པདྨར་རྟག་ཏུ་བཞུགས་པར་གསོལ་བ་ནས། །མོས་གུས་བྱེད་པ་རང་གི་སྲུང་འཁོར་ཡིན། །རྒྱལ་བའི་བསྟན་པ་ཡང་དག་སྤེལ་བ་ལ། །མི་འཇིགས་བློ་གྲོས་སྤོབས་པའི་གཏེར་གྲོལ་བ། །ང་དང་མཚུངས་པ་འཛམ་གླིང་ཡངས་པའི་ཁྱོན། །ངེས་པར་འབྱུང་དཀའི་རྣམ་ཐར་ངོམ་འདི་མཚར། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། ལྟུང་བ་འབའ་ཞིག་པའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།


no previousལྟུང་བྱེད་འབའ་ཞིག་པའི་སྡེ། next