Nitartha Digital Library
Tibetan
 
previousདགེ་སློང་མའི་རྣམ་འབྱེད། next

དགེ་སློང་མའི་རྣམ་འབྱེད།


K8Z003_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དུས་གསུམ་སངས་རྒྱས་ཀུན་གྱི་ཆོས་ཚུལ་རྣམས། །ལེགས་པར་མཁྱེན་ནས་རང་གི་སྐྱེ་བ་ཡང༌། །ཀརྨ་པ་ཡི་མཚན་དུ་བྱིན་བརླབས་པ། །ཞྭ་ནག་ཅོད་པན་འཛིན་པ་རྣམས་ལ་འདུད། །ཐུགས་རྗེའི་གཏེར་ཆེན་ཕྱོགས་ལས་རྣམ་རྒྱལ་དང༌། །དེ་ཉིད་གྲུབ་པ་བཀྲ་ཤིས་དཔལ་འབྱོར་བཀྲ་ཤིས་འོད་ཟེར་ཟུང་གི་ཞབས། །ཁོ་ན་སྐྱབས་སུ་གྲུབ་པའི་དད་ཅན་དེས། །མ་ཡི་རྣམ་འབྱེད་འགྲེལ་ན་འོས་པའི་རིགས། །ཞེས་ཚིགས་སུ་བཅད་པ་སྔོན་དུ་བཏང་ནས་ཡང་བརྗོད་པ། གཉིས་པ་དགེ་སློང་མའི་རྣམ་འབྱེད་ལས། སྤྱིའི་དོན་དང༌། སོ་སོའི་དོན་ནོ། །དང་པོ་ལ། དགེ་སློང་མའི་རྣམ་འབྱེད་འདི་དགེ་སློང་ཕའི་རྣམ་འབྱེད་ལས་ལེའུ་ལོགས་སུ་བཤད་པའི་འཐད་པ་དང༌། དགེ་སློང་ཕའི་རྣམ་འབྱེད་ཀྱི་ཕྱི་ནས་བཤད་པའི་འཐད་པ་དང༌། ཕན་ཚུན་ཅིར་འགྱུར་གྱི་དོན་ནོ། །དང་པོ་ནི། ཊཱི་ཀ་ལས། གང་གི་ཕྱིར་ལུས་ཀྱི་བྱེ་བྲག་གིས་བསམ་པའི་བྱེ་བྲག་ཏུ་འགྱུར་ལ། བསམ་པའི་བྱེ་བྲག་གིས་ལྟུང་བའི་བྱེ་བྲག་ཏུ་འགྱུར་ཞིང༌། ལྟུང་བའི་བྱེ་བྲག་གིས་བཅས་པའི་བྱེ་བྲག་ཏུ་འགྱུར་བས། དགེ་སློང་མ་རྣམས་ཀྱི་འདུལ་བ་ལོགས་ཤིག་ཏུ་རྣམ་པར་བཞག །ཅེས་གསུངས་ལ། དེའི་དོན་ནི་དགེ་སློང་ཕ་མ་གཉིས་མཚན་གྱི་བྱེ་བྲག་གིས་ལུས་མི་འདྲ་ཞིང༌། ལུས་མི་འདྲ་བ་དེ་ལ་བརྟེན་པའི་བསམ་པ་མི་འདྲ་ལ། བསམ་པའི་བྱེ་བྲག་ཉོན་མོངས་པ་རགས་མི་རགས་ལ་སོགས་པ་མི་འདྲ་བས། དེས་ཀུན་ནས་བསླངས་པའི་ལུས་ངག་གི་ཉེས་པར་སྤྱོད་པ་ཡོད་ཅིང༌། དེ་འགེགས་པའི་བཅས་པ་མི་འདྲ་བ་ཡོད་པའི་ཕྱིར་ན་དགེ་སློང་མའི་རྣམ་འབྱེད་འདི་དག་ཕའི་རྣམ་འབྱེད་ལས་ལོགས་ཤིག་ཏུ་རྣམ་པར་བཞག་གོ། །དེ་ཡང་དགེ་སློང་ཕ་མ་གཉིས་ཀྱི་ལྟུང་བ་རྣམ་པར་བཞག་པ་ལ་ཕན་ཚུན་མི་འདྲ་བའི་རྒྱུ་མཚན་ལྔ་ཡོད་དེ། ཡོད་མེད་མི་འདྲ་བའི་ཕྱིར་དང༌། ཆེ་ཆུང་དང༌། མང་ཉུང་དང༌། སྡེ་ཚན་དང༌། སྐྱེ་དུས་མི་(༢༠༤བ)


K8Z003_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བའི་ཕྱིར་རོ། །དེ་ཡང་ཡོད་མེད་མི་འདྲ་བ་ནི་དགོན་པའི་འབྲལ་ལྟུང་དགེ་སློང་ཕ་ལ་ཡོད་ཀྱང་དགེ་སློང་མ་ལ་མེད་པ་དང༌། ཉིན་མོ་འབྲལ་བའི་ལྟུང་བ་དགེ་སློང་མ་ལ་ཡོད་ཀྱང་ཕ་ལ་མེད་པ་ལྟ་བུའོ། །ཆེ་ཆུང་མི་འདྲ་བ་ནི་དགེ་སློང་མ་ལ་ལྟུང་བ་ཆེ་ཞིང་དགེ་སློང་ལ་ཆུང་བ་ཡོད་དེ། མཚན་མི་མཐུན་པ་དགེ་སློང་མས་རེག་ན་ཕམ་པར་འགྱུར་ཞིང༌། མཚན་མི་མཐུན་པ་ལ་དགེ་སློང་གིས་རེག་ན་ལྷག་མར་འགྱུར་བ་ལྟ་བུའོ། །དགེ་སློང་ལ་ལྟུང་བ་ཆེ་ཞིང་དགེ་སློང་མ་ལ་ལྟུང་བ་ཆུང་བ་ཡོད་དེ། དགེ་སློང་གིས་ཁུ་བ་འབྱིན་ན་ལྷག་མར་འགྱུར་ཞིང༌། གཏམ་གྱི་གཞི་ལས། དགེ་སློང་མས་ཁུ་བ་ཕྱུང་ན་ལྟུང་བྱེད་དོ། །ཞེས་གསུངས་པ་དང༌། དགེ་སློང་གིས་ཡང་ཡང་ཟ་ན་ལྟུང་བྱེད་དུ་འགྱུར་ཞིང༌། དགེ་སློང་མས་ཡང་ཡང་ཟ་ན་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །མང་ཉུང་མི་འདྲ་བ་ནི་དགེ་སློང་ལ་འགྲེང་བའི་ལྟུང་བྱེད་གཅིག་ཉིད་དུ་བཅས་ཀྱང་དགེ་སློང་མ་ལ་ནི་འགྲེང་བའི་ལྟུང་བྱེད་བཞི་ཡོད་པ་དང༌། དགེ་སློང་ལ་སྐྲོད་པའི་ལྟུང་བྱེད་གཅིག་ཉིད་དུ་བྱས་ཀྱང༌། དགེ་སློང་མ་ལ་སྐྲོད་པའི་ལྟུང་བྱེད་གཉིས་ཡོད་པ་ལྟ་བུའོ། །སྡེ་ཚན་མི་འདྲ་བ་ནི་དགེ་སློང་གིས་ཟས་བསོད་པ་བསླངས་པ་ལས་ལྟུང་བྱེད་དུ་འགྱུར་ཞིང༌། དགེ་སློང་མས་ཟས་བསོད་པ་བསླངས་ཏེ་ཟ་བ་ལ་ནི་སོ་སོར་བཤགས་པར་བྱ་བའི་ལྟུང་བར་འགྱུར་ཏེ། ལྟུང་བྱེད་ཀྱི་སྡེ་ཚན་དང༌། སོ་སོར་བཤགས་པར་བྱ་བའི་སྡེ་ཚན་མི་འདྲ་བ་ཉིད་དོ། །འདི་ནི་མང་ཉུང་མི་འདྲ་བ་ཉིད་ཀྱང་ཡིན་ཏེ། དགེ་སློང་མས་འོ་མ་ལ་སོགས་པ་སློང་བའི་སོར་བཤགས་ཀྱི་ལྟུང་བ་བཅུ་དང༌། དགེ་སློང་གིས་ཟས་བསོད་པ་སློང་བའི་ལྟུང་བྱེད་གཅིག་ཏུ་བཅས་པའོ། །སྐྱེ་དུས་མི་འདྲ་བ་ནི་དགེ་སློང་གིས་ལྷུང་བཟེད་འཆང་བའི་སྤང་ལྟུང་ཞག་བཅུའི་མཐའ་ལ་སྐྱེ་ཞིང༌། དགེ་སློང་མའི་ལྷུང་བཟེད་འཆང་བའི་སྤང་ལྟུང་ཞག་གཅིག་གི་མཐའ་སྐྱེ་བའོ། །གཉིས་(༢༠༥ན)


K8Z003_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ་སློང་ཕའི་རྣམ་འབྱེད་ཀྱི་ཕྱི་ནས་བཤད་པའི་འཐད་པ་ནི། འགའ་ཞིག་འདི་སྐད་དུ། དགེ་སློང་མའི་རྣམ་འབྱེད་འདི་ཆོས་ཅན། དགེ་སློང་ཕའི་རྣམ་འབྱེད་ཀྱི་ཕྱི་ནས་བཤད་པ་མི་འཐད་པར་ཐལ། དགེ་སློང་ཕའི་རྣམ་འབྱེད་ལས་ཡི་གེ་ཉུང་བའི་ཕྱིར་ཏེ། རྟགས་གཞུང་གིས་གྲུབ་ཅིང༌། ཁྱབ་པ་ནི། སྒྲའི་བསྟན་བཅོས་ལས། གཉིས་ལས་ཡི་གེ་རབ་ཉུང་ངམ། །ཡང་ན་མཆོད་འོས་སྔོན་དུ་སྦྱར། །ཞེས་བཤད་པས་གྲུབ་བོ་ཞེ་ན། མི་རིགས་ཏེ། སྒྲའི་བསྟན་བཅོས་ལས་བཤད་པ་དེ་ནི་རྒྱུ་མཚན་གཞན་མེད་ན་ཡི་གེ་ཉུང་ཤོས་སྔོན་དུ་སྦྱོར་བ་དེ་ལྟར་ཡིན་གྱི། འདིར་རྣམ་འབྱེད་རྣམ་གཉིས་ཀྱི་གོ་རིམ་སྔ་ཕྱི་བཟློག་པ་ནི་ཤིན་ཏུ་མི་འཐད་དེ། གཙོ་འཁོར་གྱི་གོ་རིམ་དང་འགལ་བའི་ཕྱིར་དང༌། རྒྱུ་འབྲས་ཀྱི་གོ་རིམ་དང་འགལ་བའི་ཕྱིར་རོ། །དེ་ཡང་གཙོ་འཁོར་གྱི་ཆ་ནས་དགེ་སློང་མའི་རྣམ་འབྱེད་ལས་འཁོར་གཙོ་བོ་ལ་ཆུ་གཏོར་ན་ལྟུང་བྱེད་དོ་ཞེས་པའི་སྐབས་སུ། དགེ་སློང་འཁོར་གཙོ་བོ་ཡིན་པར་གསུངས་པས་དགེ་སློང་མ་རྣམས་གཙོ་བོ་མ་ཡིན་པར་བསྟན་པས། འཁོར་གཙོ་བོ་དགེ་སློང་གི་འདུལ་བ་ཕྱི་ནས་བཤད་ཅིང༌། གཙོ་བོ་མ་ཡིན་པར་དགེ་སློང་མའི་འདུལ་བ་སྔོན་ལ་བཤད་ན་གཙོ་འཁོར་གོ་རིམ་སྔ་ཕྱི་བཟློག་པར་འགྱུར་རོ། །དེས་ན་དགེ་སློང་ཕ་མའི་རྣམ་འབྱེད་འདི་གཉིས་ཀྱི་གོ་རིམ་གཞུང་ནས་ཇི་སྐད་བཤད་པ་འདི་རིགས་པས་ཀྱང་འཐད་དེ། གཙོ་འཁོར་གྱི་གོ་རིམ་དང་མཐུན་པའི་ཕྱིར་དང༌། རྒྱུ་འབྲས་ཀྱི་གོ་རིམ་དང་མཐུན་པའི་ཕྱིར་རོ། །གསུམ་པ་ཕན་ཚུན་ཅིར་འགྱུར་གྱི་དོན་ནི་ལྟུང་བ་སྡེ་ལྔ་པོ་རང་རང་གི་སྐབས་སུ་སྟོན་པར་འགྱུར་རོ། །གཉིས་པ་ལ། ཐུན་མོང་དབང་དུ་བྱེད་པའི་མདོ། །སྡེ་ལྔ་སོ་སོར་བསྟན་པའོ། །དང་པོ་ནི། འདི་ནས་མགོ་བརྩམས་ཏེ་འོག་ནས་ཉམས་པ་དང་མ་སྐྱེས་པ་གཉིས་ལྟུང་བ་ལ་སྦྱོར་བའི་ཚིག་ཡན་ཆད་དགེ་(༢༠༥བ)


K8Z003_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མ་རྣམས་ཀྱིའོ། །འདི་ནི་ལུང་དགེ་སློང་མའི་སོ་སོར་ཐར་པ་དང༌། ལུང་དགེ་སློང་མའི་རྣམ་འབྱེད་ལས། ཡང་དགེ་སློང་མ་གང་ཞེས་ལན་ཉིས་བརྒྱ་ལྷག་ཙམ་གསུངས་པ་རྣམས་ཚིག་གཅིག་ཏུ་བསྡུས་པའོ། །གཉིས་པ་ལ། ཕམ་པར་བྱ་བའི་སྡེ་ཉིད་བཤད། །དགེ་འདུན་ལྷག་མར་བྱ་བའི་སྡེ། །ལྟུང་བྱེད་སྡེ་ཚན་བཤད་པ་དང༌། །སོ་སོར་བཤགས་པར་བྱ་བའི་སྡེ། །ཉེས་བྱས་སྡེ་ཉིད་བཤད་པའོ། །དང་པོ་ལ། ཕམ་པ་ཐུན་མོང་གྲངས་ཙམ་བསྟན། །ཐུན་མོང་མིན་པ་ཟུར་དུའོ། །དང་པོ་ནི། སྔར་དགེ་སློང་ཕའི་རྣམ་འབྱེད་དུ་གསུངས་པ་མི་ཚངས་སྤྱོད་ལ་སོགས་པའི་ཕམ་པ་བཞི་པོ་དག་ནི་དགེ་སློང་མ་རྣམས་ཀྱི་ཡང་ཕམ་པ་སྟེ་ཕམ་པར་ཐུན་མོང་བ་བཞི་པོ་དག་གོ། །དེ་ཡང་ཕམ་པ་ཕྱི་མ་གསུམ་ནི་མཚན་ཉིད་ཅི་འདྲའི་ཐུན་མོང་སྟེ། རྟེན་དགེ་སློང་ཕ་མ་ལ་ལྟུང་བ་ཕམ་པ་མཉམ་པོར་བཅས་ལ། ཡུལ་ཐུན་མོང་བ་ཡིན་པའི་ཕྱིར་ཕམ་པ་དང་པོ་ལ་ནི། མཚན་ཉིད་ཅི་འདྲའི་ཐུན་མོང་ཡིན་པ་དང་མ་ཡིན་པ་གཉིས་སུ་དབྱེ་སྟེ། དེ་ཡང་རང་གི་ཁའམ་བཤང་ལམ་དུ་གཞན་གྱི་རྟེན་བྱེད་དང་དུ་བླངས་པའི་ཕམ་པ་དང་པོ་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་ཡིན་གྱི། དེ་ལས་གཞན་པའི་ཕམ་པ་དང་པོ་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་མ་ཡིན་པ་སྟེ། དགེ་སློང་གི་ཕམ་པ་དང་པོ་ནི་སེམས་ཅན་སྤྱིས་བསྐྱེད་ཡིན་ལ། དགེ་སློང་མའི་ཕམ་པ་དང་པོ་ནི། སེམས་ཅན་སྤྱིས་བསྐྱེད་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མས་ཕ་རོལ་རྟེན་བྱེད་དང་ལྡན་པ་ཡུལ་དུ་བྱས་པ་ལ། དགེ་སློང་མའི་ཕམ་པ་དང་པོ་འབྱུང་གི། དགེ་སློང་མས་ཕ་རོལ་པོའི་བུད་མེད་ཡུལ་དུ་བྱས་པ་ལས། དགེ་སློང་མའི་ཕམ་པ་དང་པོ་འབྱུང་མི་སྲིད་པའི་ཕྱིར་ཏེ། བདག་གིས་བརྟེན་པར་བྱའོ་ཞེས། རང་ལ་རང་གིས་མི་ཚངས་པར་སྤྱོད་ན་ཕམ་པར་གསུངས་པ་དེ་ཡང༌། དགེ་སློང་ཕ་ཁོ་ན་ལ་འབྱུང་གི། དགེ་(༢༠༦ན)


K8Z003_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མ་ནི་རང་གིས་རང་ལ་མི་ཚངས་པར་སྤྱོད་པ་མི་སྲིད་དོ། །གཉིས་པ་ལ། སྤྱིའི་དོན་དང༌། སོ་སོའི་དོན་ནོ། །དང་པོ་ལ། དགེ་སློང་མའི་ཕམ་པ་འདི་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་ན། རེག་པའི་ཕམ་པའི་དོད་པོ་རེག་པའི་ལྷག་མ་ཡིན་ལ། དགེ་སློང་མ་ལ་ཕམ་པར་འགྱུར་ཚོད་ཀྱི་ཡུལ་སྐྱེས་པ་ལ་དགེ་སློང་གིས་རེག་ན་སྦོམ་པོར་འགྱུར་རོ། །མཚན་མི་མཐུན་པ་དང་ལུས་བཀན་པ་ནི་དགེ་སློང་ལ་སྦོམ་པོར་འགྱུར་ལ། འཆབ་པ་ནི་དགེ་སློང་གིས་དགེ་སློང་གི་ཕམ་པ་འཆབ་ན་ལྟུང་བྱེད་དུ་འགྱུར་ལ། དགེ་སློང་གིས་དགེ་སློང་མའི་ཕམ་པ་འཆབ་ན་ཉེས་བྱས་སོ། །བཟློག་པའི་ཕམ་པར་འགྱུར་ཚོད་དེ། དགེ་སློང་གིས་བྱས་ན་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ལ། རེག་པའི་ཕམ་པ་བསྟན་པ་དང༌། །ལུས་བཀན་པ་ཡི་ཕམ་པ་བརྗོད། །འཆབ་པའི་ཕམ་པ་བསྟན་པ་དང༌། །བཟློག་པའི་ཕམ་པ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་རི་དྭགས་འཛིན་གྱི་བུ་དགེ་བསྙེན་ས་ག་ཞེས་བྱ་བས་དགེ་སློང་མ་རྣམས་ལ་དབྱར་ཁང་བྱིན་ནས་དགེ་སློང་མ་རྣམས་དབྱར་ཁང་ན་གནས་པ་ན་དགེ་སློང་མ་གཞན་རྣམས་བསོད་སྙོམས་ལ་སོང་བའི་ཚེ། དགེ་སློང་མ་སྦོམ་དགའ་མོས་རི་དྭགས་འཛིན་གྱི་བུ་ལ་ཆགས་པར་གྱུར་ནས་དགེ་སློང་མའི་པུས་མོ་ཡན་ཆད་མིག་མན་ཆད་སྤྲད་ཅིང་རེག་པར་བྱས་པ་ལ་རེག་པའི་ཕམ་པར་བཅས་སོ། །དགག་བྱ་ནི་རེག་པའི་བྱ་བ་དེ་དང་འབྲེལ་ནས་འཁྲིག་པའི་འདོད་ཆགས་འཕེལ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་མས་རང་གི་མིག་ནས་པུས་མོའི་བར་གྱིས་སྐྱེས་པ་མཚན་ཉིད་དང་ལྡན་པའི་ལུས་དངོས་མ་ཉམས་པ་ལ་བསམ་པ་འཁྲིག་པའི་འདོད་ཆགས་ཀྱིས་རེག་པ་བདག་གིར་བྱེད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ལ། རེག་(༢༠༦བ)


K8Z003_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་བྱེ་བྲག་ཉིད་དུ་བསྟན། །སྐྱེས་པ་འབྱེད་པོའི་ཐུན་མོང་ངོ༌། །དང་པོ་ལ། ལྟུང་བའི་རྣམ་པར་བཞག་པ་དང༌། །དེ་ཡི་ལྟུང་བ་མེད་པ་བརྗོད། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང༌། །ལྟུང་བ་དེ་ཡི་ན་སྨད་བསྟན། །དེ་ལས་ཆེས་ཀྱི་ན་སྨད་དོ། །དང་པོ་ནི། གང་བྱས་ན་རེག་པའི་ཕམ་པར་འགྱུར་ཞེ་ན། ཕོའི་རེག་པའོ་ཞེས་གཞུང་འོག་ནས་འབྱུང་བས་དགེ་སློང་མས་ཕོའི་རེག་པ་བདག་གིར་བྱེད་པ་ལ་ཕམ་པར་འགྱུར་རོ། །གང་གིས་རེག་ན། དགེ་སློང་མ་རང་གི་མིག་ནས་པུས་མོའི་བར་གྱིས་སོ། །སྐྱེས་པའི་མིག་ནས་པུས་མོའི་བར་རེག་པ་ནི་ངེས་བཟུང་གི་ཡན་ལག་མ་ཡིན་ཏེ། སྐྱེས་པའི་རྐང་མཐིལ་ལ་རེག་གམ་སྤྱི་གཙུག་ལ་རེག་ན་ཡང་ཕམ་པར་འགྱུར་རོ། །ཊཱི་ཀ་ལས། ལན་བུ་དང་དེ་དང་འབྲེལ་བའི་གོས་ནི་ལུས་དང་འདྲ་བ་ཉིད་ཡིན་པས་དེ་དག་ལ་རེག་ན་ཡང་ཕམ་པར་འགྱུར་རོ། །ཞེས་བཤད་པ་ནི་ལན་བུ་དང་ལུས་དངོས་ཚོགས་དོན་ལ་རེག་པ་ལ་དགོངས་སོ་ཞེས་རིགས་སོ། །ཅི་ཞིག་བདག་གིར་བྱས་ན། རེག་པའོ། །ཡུལ་གང་ལ་ན། ཕོའི་འོ། །བསམ་པ་གང་གིས་ཞེ་ན། སྐྱེས་པ་ལ་ཆགས་སེམས་མེད་ཀྱང་རུང་དགེ་སློང་མས་འཁྲིག་པའི་འདོད་ཆགས་ཀྱིས་སོ། །གཉིས་པ་ནི། དགེ་སློང་མས་རང་གི་མིག་ནས་པུས་མོའི་བར་ལས་ཡན་ལག་གཞན་གྱིས་སྐྱེས་པ་ལ་རེག་ན་ནི་སྦོམ་པོའོ། །དགེ་སློང་མས་འཁྲིག་པའི་འདོད་ཆགས་ཀྱི་བསམ་པ་ལས་སེམས་གཞན་གྱིས་ནི་ཕོའི་རེག་པ་བདག་གིར་བྱེད་པ་ལ་ནི་ན་སྨད་དོ། །དེའང་གལ་ཏེ་དགེ་སློང་མས་ཆགས་སེམས་ལས་སེམས་གཞན་གྱིས་ཏེ། ཆགས་སེམས་མེད་པར་སྐྱེས་པ་ལ་རེག་པ་དེའི་ཚེ། དགེ་སློང་མ་དེ་ལ་བརྟེན་ནས་སྐྱེས་པ་ལ་ཕོའི་ཆགས་སེམས་ཡོད་པ་དེ། སྐྱེས་པ་འདི་བདག་ལ་ཆགས་སོ་སྙམ་དུ་དགེ་སློང་མ་དེས་ཤེས་པ་ན་ལྟུང་བ་ན་སྨད་པའོ། །(༢༠༧ན)


K8Z003_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཊཱི་ཀ་ལས། འདིར་སྐྱེས་པའི་ཡན་ལག་འདོད་ཆགས་ཉིད་ཡིན་ནོ། །ཞེས་སོ། །གསུམ་པ་ནི། གལ་ཏེ་དེའི་ཚེ་སྐྱེས་པ་ལ་ཡང་ཆགས་སེམས་མེད་དམ་ཡོད་ན་ཡང་དགེ་སློང་མས་མ་ཤེས་ན་ནི་ན་སྨད་པ་དེ་ལས་ཀྱང་ན་སྨད་པ་སྟེ་ཉེས་བྱས་འབྱུང་ངོ༌། །གཉིས་པ་ནི། རེག་ཀྱང་བདག་གིར་མི་བྱེད་པ་ལ་ནི་སྐབས་འདིའི་ལྟུང་བ་མེད་དོ། ། དགེ་སློང་མས་རང་གི་བུ་ལ་རེག་པ་ལ་སྐྱོན་ཆགས་པ་མེད་དོ། །གསུམ་པ་ནི། རང་གི་བུ་ལས་གཞན་ཡིན་ན་བྱིས་པ་ལ་ཡང་རེག་པར་མི་བྱའོ། །ལུང་ཕྲན་ཚེགས་ལས། སྦེད་མ་ལ་འོད་སྲུང་གཞོན་ནུ་བཙས་པའི་བྱུང་བ་ལས་སོ། །ཞེས་སོ། །གཉིས་པ་ནི། དགེ་སློང་མས་སྐྱེས་པ་ལ་རེག་པ་དང་མི་ཚངས་པར་སྤྱོད་པ་ལ་སོགས་པ་འདོད་པ་དང་ལྡན་པ་ལུས་ལས་གྱུར་པ་རྣམས་ལ། ཡུལ་ཕ་རོལ་པོ་དེ་འཁྲིག་པ་བསྟེན་པ་དང༌། དགེ་སློང་མས་ཁྱིམ་པ་ལ་ཆོས་སྟོན་པ་དང༌། ཁྱིམ་པའི་རྣར་ཤུབ་ཅིང་སྨྲ་བ་ལ་སོགས་པ་འདོད་པ་དང་ལྡན་པ་ཚིག་ལས་གྱུར་པ་རྣམས་ལ། ཚིག་དེ་དང་ལྡན་པའི་དོན་གོ་བར་ནུས་པ་སྟེ། དོན་ཡོངས་སུ་ཤེས་པར་བྱ་བའི་མཐུ་ཡོད་པ་ཉིད་ཀྱི་ཕོ་ནི། ལྟུང་བ་དངོས་གཞི་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ། །རེག་པའི་ཕམ་པར་འགྱུར་བའོ།། །།གཉིས་པ་ལུས་བཀན་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་སྦོམ་དགའ་མོས་སྤོས་འཚོང་གི་ཁྱེའུ་ལ་ཆགས་པར་གྱུར་ཏེ། དུས་གདབ་བྱས་ནས་འཁྲིག་ཐབས་སུ་ཉེ་བར་ལུས་བཀན་པ་ན། ཚུལ་ཁྲིམས་ཀྱི་ཕན་ཡོན་དྲན་ཏེ། སྤོས་འཚོང་གི་ཁྱེའུ་དེ་ལ་རྡོག་པ་བརྒྱབས་ནས་བདུད་བཅོམ་མོ་ཞེས་ཟེར་བ་ལས། ལུས་བཀན་པའི་ཕམ་པར་བཅས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བ་འགྱུར་བའོ། །ངོ་ཏི་ནི་དགེ་སློང་མ་ཆགས་པར་གྱུར་པས། སྐྱེས་པ་མཚན་ཉིད་དང་ལྡན་པ་འཁྲིག་པ་བསྟེན་པའི་(༢༠༧བ)


K8Z003_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་ཉེ་བར་གནས་པ་དང་ལྷན་ཅིག་ཏུ་ལུས་བཀན་པ་རྫོགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང༌། །ལྟུང་བའི་ན་སྨད་བརྗོད་པའོ། །དང་པོ་ནི། འདིར་ཅིས་འགྱུར་ན་ལུས་བཀན་པ་ལའོ། །ཊཱི་ཀ་ལས། ལུས་བཀན་པ་བ་ཞེས་བྱ་བ་ནི་ཉལ་བའོ། །ཞེས་སོ། །བསམ་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མ་ཆགས་པར་གྱུར་པས་ཏེ། ཊཱི་ཀ་ལས། སྤྲོད་པ་ལས་བྱུང་བའི་འདོད་ཆགས་ཀྱི་སེམས་ཀྱིས་སོ། ། ཞེས་སོ། །འོ་ན་དགེ་སློང་མས་སྐྱེས་པའི་མདུན་དུ་ལུས་བཀན་པ་ཉིད་ཀྱིས་ཆགས་སེམས་དང་ལྡན་པར་གྲུབ་པ་ཡིན་ན་ཆགས་པར་གྱུར་པ་ཞེས་སྨོས་མི་དགོས་ཞེ་ན། ཊཱི་ཀ་ལས། འཇིགས་པའི་དབང་གིས་ལུས་བཀན་པ་ཡང་སྲིད་ལ་བསྲན་པའི་ཕྱིར་ལུས་བཀན་པ་ཡང་སྲིད་པས་དེའི་ཕྱིར་ཆགས་པར་གྱུར་པ། ཞེས་སྨོས་སོ། །འོ་ན་འཇིགས་པ་དང་བསྲན་པའི་ཕྱིར་ལུས་བཀན་ན་ཅིར་འགྱུར་ཞེ་ན། ཊཱི་ཀ་ལས། འཇིགས་པའི་དབང་གིས་ལུས་བཀན་པ་ལ་ནི་ལྟུང་བ་མེད་དོ། །བསྲན་པའི་ཕྱིར་ལུས་བཀན་པ་ལ་ནི་ཉེས་བྱས་སོ། །ཞེས་བཤད་དོ། །བསྲན་པའི་དོན་ཉམས་ཚད་པ་སྟེ། ཊཱི་ཀ་ལས། ཁྱོད་ཁོ་མོ་ལ་ཞོན་ཕོད་ན་ཁོ་མོ་ཉལ་ལོ། །ཞེས་ལུས་བཀན་ལ་སྲིད་དེ་ཞེས་སོ། །འོ་ན་ཟླ་བོ་སྐྱེས་པ་དེ་ཇི་ལྟ་བུའི་ཕྱིར་ལུས་བཀན་ཅེ་ན། དགེ་སློང་མ་དེ་ལ་འཁྲིག་པ་བསྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཆགས་པའི་ཕྱིར་ཞེས་གསུངས་སོ། །འོ་ན་ཡང་སྐྱེས་པ་ཆགས་པའི་ཕྱིར་ཞེས་པའི་ཚིག་འདི་ལྷག་སྟེ། བསྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཞེས་སྨོས་པས་སྐྱེས་པ་དེ་དགེ་སློང་མ་ལ་ཆགས་པར་གྱུར་པ་དེ་མ་སྨོས་ཀྱང་གྲུབ་པའི་ཕྱིར་ཞེ་ན། ཊཱི་ཀ་ལས་འདི་ལྟར་བཤད་དེ། དགེ་སློང་མ་ཡུན་རིང་དུ་ཐོགས་ཏེ་འོངས་ལ། སྐྱེས་པ་དེ་ཡུན་རིང་དུ་སྡོད་སྡོད་པས་ཆགས་སེམས་ལོག་སྟེ་སེམས་ཁྲོས་པར་འགྱུར་བ་ཡང་སྲིད་(༢༠༨ན)


K8Z003_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། ཁྲོས་ལ་དེ་དང་དགེ་སློང་མ་ལུས་བཀན་ཀྱང་ཕམ་པར་མི་འགྱུར་བས་དེས་ན་སྐྱེས་པ་ཆགས་པའི་ཕྱིར། ཞེས་སྨོས་སོ། །དེས་སྤྲད་དུ་རུང་བ་ཉིད་ལའོ་ཞེས་པ་ནི་སྐྱེས་པས་བུད་མེད་བགྲོད་དུ་རུང་བ་དེ་ལྟ་བུའི་ཕྱོགས་སུ་ལུས་བཀན་པ་སྟེ། ལུང་རྣམ་འབྱེད་ལས། ཕྱིར་བཟློག་ཏུ་མེད་པའི་གནས་སུའོ། །ཞེས་གསུངས་སོ། །དེ་ཡང་ཕྱིར་བཟློག་ཏུ་དཀའ་བ་ལ་དགོངས་པ་སྟེ། །ཕྱིར་བཟློག་ཏུ་གཏན་མེད་ན་ནི་གླེང་གཞི་ལས་རྡོག་པ་བསྣུན་ཏེ་ཕྱིར་བཟློག་པར་གསུངས་པས་གནོད་དོ། །གཉིས་པ་ནི། དགེ་སློང་མ་ཆགས་པར་མ་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་ཆགས་སེམས་ཆུང་ངུ་ལས་གྱུར་ ་གཞོགས་སྟེགས་བྱེད་ན་སྦོམ་པོའོ། །གཞོགས་སྟེགས་ནི་ཅང next hit་བརྟད་པར་མི་འཇུག་ཅིང་བཙུན་བུ་ལས་མ་ཉམས་པར་ཀུན་ཏུ་རྩེ་བ་ལ་སོགས་པའི་དང༌། ངག་གི་ལས་སོ་ཞེས་ཊཱི་ཀ་ལས་བཤད་པས། གཞོགས་སྟེགས་ནི་ཆགས་སེམས་ཆུང་ངུ་ལས་གྱུར་པའི་ལུས་ངག་གི་རྣམ་འགྱུར་ཏེ། དགེ་སློང་མས་སྐྱེས་པ་དང་ཀུན་ཏུ་རྩེ་བ་ལ་སོགས་པ་ལུས་ཀྱི་ཆགས་པའི་རྣམ་འགྱུར་བྱེད་པ་དང་ངག་གིས་འཁྲིག་ཚིག་སྨྲ་བ་ལ་སོགས་པའོ། །ཆགས་སེམས་འབྲིང་ལས་གྱུར་པ་འཕྱར་གཡེང་བྱེད་ན་སྦོམ་པོར་འགྱུར་རོ། །འཕྱར་གཡེང་ནི་བརྟད་པར་འཇུག་ཅིང་ཧལ་བག་བྱེད་པའོ་ཞེས་ཊཱི་ཀ་ལས་བཤད་ཅིང༌། བརྟད་པར་འཇུག་མི་འཇུག་ནི་ཆགས་སེམས་ཀྱི་ཀུན་སློང་དྲག་ཞན་གྱིས་ལུས་ངག་གི་རྣམ་འགྱུར་རིངས་ཆེས་མ་ཆེས་ཡིན་ལ། ཧལ་བག་ནི་དངོས་སུ་འཁྲིག་པའི་རྣམ་འགྱུར་བྱེད་པའོ། །ཆགས་སེམས་ཆེན་པོ་ལས་གྱུར་པ་རྩབ་ཧྲལ་བྱེད་ན་སྦོམ་པོའོ། །རྩབ་ཧྲལ་ནི་བཙུན་བུ་ཉམས་ཤིང་འཁྲིག་པ་བསྟེན་པའི་ཕྱིར་གཞོལ་ལ་ངོ་ཚ་མེད་པར་ཞུགས་ཤིང་ཟེ་ལངས་པར་གྱུར་ནས་མགོ་འདར་བ་དང་ཚིགས་འགུལ་བ་དང་ཚིག་འཁྲུལ་པ་ཉིད་ལ་སོགས་(༢༠༨བ)


K8Z003_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལུས་དང་ངག་གི་ལས་སོ་ཞེས་སོ། །བཙུན་བུ་ཉམས་པ་ནི་ཁྲེལ་ཡོད་ཀྱི་བག་ཤོར་བའོ། །ཆགས་པར་མ་གྱུར་པས་ཆགས་པར་གྱུར་པ་དེ་ལས་སྐྱེད་མོས་ཚལ་ཆེ་གེ་མོར་ཤོག་ཅིག་ཅེས་དུས་མལ་ཚིག་གིས་མནོས་ན་ཡང་སྦོམ་པོའོ། །ཆགས་པར་མ་གྱུར་པས་གྱུར་པ་དེ་ལ་བརྡའོ་མཚན་མོའོ་ཞེས་པས་གཉིས་ཀར་སྦོམ་པོའོ། །སྐྱེས་པ་ཆགས་པར་གྱུར་པ་དེའི་འོང་བ་དང་འགྲོ་བའི་འཇུག་པ་དགེ་སློང་མས་བདག་གིར་བྱེད་ན་སྦོམ་པོའོ། །ལུས་བཀན་པའི་ཕམ་པར་འགྱུར་བའོ།། །།གསུམ་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་དགེ་སློང་མ་མཛའ་མོ་རང་གིས་དམ་བཅས་པ་ལས་ཉམས་ཏེ་བབས་ནས་ཚེའི་དུས་བྱས་པ་ན། དེའི་ཕུ་ནུ་མོ་མཛའ་ཅན་མས་སྔོན་མཛའ་མོ་ལ་ཕམ་པ་བྱུང་བ་དེ་དྲན་ནས་ངུ་བར་བྱས་སོ། །དེ་ལ་དགེ་སློང་མ་མང་པོས་སྨྲས་པ་ཁྱོད་ཀྱི་ནི་ཁ་ན་མ་ཐོ་བ་བཅབས་པ་ཡིན་ནོ་ཞེས་པའི་བྱུང་བ་ལས་འཆབ་པའི་ཕམ་པར་བཅས་སོ། །དགག་བྱ་ནི་འཆབ་པའི་སྲེད་པ་འཕེལ་བ་དང༌། དགེ་སློང་མ་རྣམས་ཕན་ཚུན་གཅིག་གི་ཉེས་པ་གཅིག་གིས་འཆབ་ཅིང་མཚང་གྲོགས་སུ་གྱུར་ན་བརྒྱུད་ནས་དགེ་འདུན་མ་རྣམས་ཚུལ་ཁྲིམས་མི་དག་པར་འགྱུར་བའོ། །ངོ་ཏི་ནི་དགེ་སློང་མས་གཞན་ལ་ཕམ་པར་བྱུང་བ་དེ་ངེས་པར་ཤེས་སམ་ཡིད་གཉིས་ཟ་བཞིན་དུ། དགེ་སློང་མ་མཐོལ་ཡུལ་མཚན་ཉིད་དང་ལྡན་པ་ལ་མི་བརྗོད་པར་བཅབས་ཏེ་མཚན་མོའི་མཐའི་སྐད་ཅིག་འདས་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ནི། དགེ་སློང་མས་གང་བྱས་ན་འདིར་འགྱུར་ན། དགེ་སློང་མས་དགེ་སློང་མ་གཞན་གྱི་ཕམ་པར་འགྱུར་བ་བརྒྱད་པོ་ལས་གང་ཡང་རུང་བ་བྱུང་བ་ངེས་པར་ཤེས་སམ་ཡིད་གཉིས་ཟ་བཞིན་དུ་འཆབ་པ་ལའོ། །སྐྱ་རེངས་ཤར་ན་ཕམ་པར་འགྱུར་རོ་ཞེས་གཏམ་གྱི་གཞི་ལས་སོ། །ཊཱི་ཀ་ལས། མདུན་རོལ་དུ་ནི་ན་སྨད་(༢༠༩ན)


K8Z003_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཞེས་པས་སྦྱོར་བའི་སྦོམ་པོའོ། །འཆབ་པའི་ཕམ་པར་འགྱུར་བའོ།། །།བཞི་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་དགེ་སློང་གྲེ་སྐྱེས་འཐབ་གྲོལ་བྱེད་ཅིང་དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་པ་དེ་དགེ་འདུན་གྱི་གནས་ནས་ཕྱུང་བ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱས་སོ། །དེ་ནས་དགེ་སློང་གྲེ་སྐྱེས་འདི་སྙམ་དུ་མི་གང་ཞིག་སའི་སྟེང་དུ་འགྱེལ་ནས་ས་དེ་ཉིད་ལ་བརྟེན་ནས་ལྡང་བ་བཞིན་དུ་དགེ་འདུན་ལ་བཟོད་པ་གསོལ་བར་བྱའོ་སྙམ་དུ་བསམ་མོ། །དེ་ལ་བཅུ་གཉིས་སྡེ་དག་གིས་སྨྲས་པ་རིགས་སྣ་ཚོགས་རུས་སྣ་ཚོགས་ནས་རབ་ཏུ་བྱུང་བ་རྣམས་ལ། བཟོད་པར་གསོལ་བར་མ་བྱེད་ཅིག །བདག་ཅག་གིས་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བགྱིའོ་ཞེས་སྨྲས་པ་ན། དགེ་སློང་མ་བཅུ་གཉིས་སྡེ་ལ་དེ་ལྟར་མ་བྱེད་ཅིག་ཅེས་གཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པར་བྱའོ་ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལས་བཟློག་པའི་ཕམ་པར་བཅས་སོ། །དགེ་སློང་མ་བཅུ་གཉིས་སྡེ་ནི། ལུང་དགེ་སློང་མའི་རྣམ་འབྱེད་དང་མའི་སོ་ཐར་འགྲེལ་པ་ལས། སྦོམ་དགའ་མོ་དང༌། གཙུག་དགའ་མོ་དང༌། དགའ་མོ་དང༌། ཉེ་དགའ་མེ་དང༌། རྒྱལ་དང༌། ཉེ་རྒྱལ་དང༌། རྒྱལ་གྲོགས་མ་དང༌། རྒྱལ་སྐྱོང་མ་དང༌། བཟང་མོ་དང༌། ཤིན་ཏུ་བཟང་མོ་དང༌། མཛེས་དགའ་མ་དང༌། རྒྱལ་ལྡན་མའོ། །དགག་བྱ་ནི་ཡུལ་དེ་ཉིད་དང་རང་རིས་ཀྱི་དགེ་འདུན་མ་དེ་རྣམས་ལ་གནོད་པའོ། །ངོ་ཏི་ནི་དགེ་སློང་གི་དགེ་འདུན་གྱིས་གནས་ནས་ཕྱུང་བའི་དགེ་སློང་དེ་ལ་དགེ་སློང་མའི་དགེ་འདུན་གྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པ་ལ། དེ་ལྟར་ངེས་པར་ཤེས་སམ་ཡིད་གཉིས་ཟ་(༢༠༩བ)


K8Z003_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་དགེ་སློང་མས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་ཅིང༌། དེ་ལ་དགེ་སློང་མ་རྣམས་ཀྱིས་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ནི། དགེ་སློང་མས་ཅི་ཞིག་བྱས་ན་བཟློག་པའི་ཕམ་པར་འགྱུར་ཞེ་ན། དགེ་སློང་གྲེ་སྐྱེས་ལྟ་བུ་དགེ་སློང་གི་དགེ་འདུན་གྱིས་གནས་ནས་ཕྱུང་བ་ན་དེས་དགེ་སློང་གི་དགེ་འདུན་ལ་བཟོད་པ་གསོལ་བར་བྱའོ་ཞེས་བཟོད་པ་གསོལ་བར་ངེས་པ། དགེ་སློང་མའི་དགེ་འདུན་གྱིས་ཀྱང་དེ་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པར་གྱུར་པ་དེ་ལ་དགེ་སློང་མ་དེ་དག་ཐམས་ཅད་དེ་ལྟར་ཤེས་བཞིན་དུ་དགེ་སློང་དེ་བཟོད་པ་གསོལ་བར་བྱེད་པ་དེ་ལས་བཟོད་གསོལ་མ་བྱེད་ཅིག་ཅེས་དགེ་སློང་མས་ཟློག་པར་བྱེད་པ་ཉིད་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བསྒོ་བ་བྱས་ཀྱང་མི་གཏོང་ན་དགེ་སློང་མ་དེ་ཕམ་པར་འགྱུར་བའོ། །དཔེར་ན་དགེ་འདུན་གྱི་དབྱེན་ལ་བརྟུལ་བ་སྟེ་རྩོལ་བ་ཉིད་མི་གཏོང་བའི་དགེ་འདུན་ལྷག་མ་སྔར་བཤད་པ་དང་འདྲའོ་སྟེ་བཟློག་པའི་ཕམ་པ་འདི་བསྐྱེད་པ་ལ་ཡང་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བསྒོ་བ་ཡན་ལག་ཏུ་དགོས་ཤིང༌། ལྟུང་བ་དངོས་གཞི་རྫོགས་པ་ཉིད་དང༌། དེའི་སྔ་རོལ་དུ་སྦོམ་པོ་དང༌། ཉེས་བྱས་བསྐྱེད་པའི་ཚུལ་ཡང་དབྱེན་བྱེད་པའི་སྐབས་དང་འདྲའོ། །བཟློག་པའི་ཕམ་པར་འགྱུར་བའོ། །འདིར་སྨྲས་པ། འཁྲུལ་མེད་བསྟན་པའི་རང་བཞིན་མངོན་དུ་བྱས། །ཡོངས་འཛིན་དན་བྷུའི་ཚོགས་ནི་རིང་ནས་དོར། །བཅོས་མའི་འཁྲུལ་འཁོར་མགོ་བོར་མི་འཛིན་པས། །ཐུབ་པའི་གསུང་འདི་འགྲེལ་ན་ངས་རང་ཤེས། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། དགེ་སློང་མའི་ཕམ་པར་གྱུར་པའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། ༈ །།གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་(༢༡༠ན)


K8Z003_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ཕའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་མ་ལ་ཅིར་འགྱུར་དང༌། དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་རོ། །དང་པོ་ནི། དགེ་སློང་གི་ལྷག་མ་བཅུ་གསུམ་ལས་ཐུན་མོང་བ་བདུན་དང༌། ཐུན་མོང་མ་ཡིན་པ་དྲུག་སྟེ། དེ་ཡང་སྨྱན་དང༌། གཞི་མེད་དང༌། བག་ཙམ་དང་གསུམ་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་ཡིན་ལ། དབྱེན་བྱེད་པ་ལ་སོགས་པ་བསྒོ་གྱུར་བཞི་ནི་མིང་ཙམ་གྱི་ཐུན་མོང་ཡིན་ནོ། །ཐུན་མོང་མ་ཡིན་པ་དྲུག་ནི། འབྱིན་རེག་འཁྲིག་ཚིག་བསྙེན་བཀུར་ཁང་པ་ཁང་ཆེན་ཞེས་བཟུང་སྟེ། དེ་ཡང་གཏམ་གྱི་གཞི་ལས། དགེ་སློང་མས་ཁུ་བ་ཕྱུང་ན་ལྟུང་བྱེད་དོ། །ཞེས་གསུངས་པ་དང༌། ལུང་རྣམ་འབྱེད་ལས། དགེ་སློང་མས་སྐྱེས་པ་ལ་རེག་ན་ཕམ་པར་གསུངས་ཤིང༌། ཊཱི་ཀ་ལས། དགེ་སློང་མས་ཆགས་སེམས་ཀྱིས་བུད་མེད་ལ་རེག་ན་སྦོམ་པོར་གསུངས་སོ། །ཞུ་བ་ཆེ་ཆུང་གཉིས་ཀ་ལས། དགེ་སློང་མས་སྐྱེས་པ་ལ་འཁྲིག་ཚིག་སྨྲས་ན་སྦོམ་པོར་གསུངས་ཤིང༌། ཞུ་བ་ཉུང་ཤོས་དང་ཞུ་འགྲེལ་ལས། དགེ་སློང་མས་བསྙེན་བཀུར་བསྔགས་ན་ཉེས་བྱས་སུ་གསུངས་སོ། །ལུང་ཞུ་བ་ཆེ་ཤོས་ལས། དགེ་སློང་མས་ཁང་པ་ཁང་ཆེན་བརྩིགས་ན་སྦོམ་པོར། བཤད་ཀྱང་སྦོམ་པོ་བཏགས་པ་བ་སྟེ། ཞུ་བ་ཆུང་ཤོས་དང་ཞུ་འགྲེལ་ལས་ཉེས་བྱས་སུ་བཤད་པ་དེ་ལེགས་སོ། །ལུང་ཞུ་བ་ཆེ་ཆུང་གཉིས་ཀ་ལས་དགེ་སློང་མས་སྐྱེས་པ་ལ་འཁྲིག་ཚིག་སྨྲས་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་ལ། ཞུ་བ་ཆུང་ཤོས་ལས། དགེ་སློང་མས་བསྙེན་བཀུར་བསྔགས་པ་ལ་ནི་ཉེས་བྱས་སུ་བརྗོད་དོ་ཞེས་གསུངས་ཏེ། དགེ་སློང་མ་རྣམས་ཤས་ཆེར་བསྙེན་བཀུར་བྱ་བའི་ཞིང་ཉིད་མ་ཡིན་པས་དགེ་སློང་མས་རང་ལ་བསྙེན་བཀུར་བསྔགས་པ་འབྱུང་རིང་བའི་ཕྱིར་ཞེས་བརྗོད་དོ། །ལུང་ཞུ་(༢༡༠བ)


K8Z003_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེ་ཤོས་ལས། དགེ་སློང་མས་ཁང་པ་བརྩིགས་པར་བགྱིས་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །གཙུག་ལག་ཁང་ཆེན་པོ་ལ་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་གསུངས་ཀྱང༌། ལུང་ཞུ་བ་ཆུང་ཤོས་ལས། དགེ་སློང་མས་ཁང་པ་བརྩིག་ཏུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །གཙུག་ལག་ཁང་ཆེན་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་གསུངས་པ་དེ་གཙོ་བོར་བཟུང་ངོ༌། །དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་ཞེ་ན། དགེ་སློང་མའི་དགེ་འདུན་ལྷག་མ་ཐུན་མོང་མ་ཡིན་པ་བཅུ་གསུམ་དངོས་སུ་གསུངས་པ་ལས། ཊཱི་ཀ་ལས། མཚན་མོ་འབྲལ་བ་དང༌། ལམ་དུ་འཇུག་པ་དང༌། ཆུ་བརྒལ་བ་ཞེས་བྱ་བ་གཅིག་པུ་རྒྱུ་བའི་ལྟུང་བ་བཞི་པོ་དག་ལ་ནི་དགེ་སློང་རྣམས་ལ་གཅིག་པུར་འགྲོ་བ་ལ་ཉེས་པ་མེད་དོ། །ཞེས་གསུངས་སོ། །དེ་དག་ལས་མ་གཏོགས་པ་ཅི་ཡང་རུང་བ་ལེན་པ་ནས་སྡེ་ཞིང་གནས་སུ་འཇུག་པ་ཡན་ཆད་དགེ་སློང་མའི་ལྷག་མ་དགུ་ནི་དགེ་སློང་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས། ཤི་བའི་ནོར་ལེན་པ་ནི་ཆོས་གོས་ཀྱི་རིན་བསྐུར་བ་ལས་བླངས་པའི་ཆོ་ག་ལས་འདས་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་ ཞེས་བཤད་དོ། །འོན་ཀྱང་བླ་མ་རྣམས་ནི་དགེ་སློང་གི་ཤི་བའི་ནོར་ལེན་པ་འདི་ལ་ཉེས་བྱས་སུ་འགྱུར་བར་གསུངས་པ་དེ་འཐད་དོ། །གཉིས་པ་ལ། དང་པོ་ལས་གྱུར་བཅུ་གཉིས་དང༌། །བསྒོ་བ་ལས་གྱུར་བརྒྱད་ཡིན་ནོ། །དང་པོ་ལ། ཐུན་མོང་ལྷག་མ་གསུམ་པོ་དང༌། །ཐུན་མོང་མིན་པའི་ལྷག་མ་དགུ། །དང་པོ་ལ། སྨྱན་བྱེད་གཞི་མེད་བག་ཙམ་མོ། །དང་པོ་ལ། སྨྱན་བྱེད་དངོས་ཀྱི་ལྟུང་བ་བརྗོད། །རྗེས་མཐུན་སྦོམ་པོར་བསྟན་པའོ། །དང་པོ་ནི། དགེ་སློང་མས་སྨྱན་བྱེད་པའོ་ཞེས་དང༌། འོག་གི་གཞི་མེད་པའོ། །བག་ཙམ་མོ་ཞེས་པས་(༢༡༡ན)


K8Z003_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། དེ་གསུམ་ནི་དགེ་སློང་ཕ་མ་གཉིས་ཀའི་དགེ་འདུན་ལྷག་མ་སྟེ་མཚན་ཉིད་ཅི་འདྲ་བའི་ཐུན་མོང་ཡིན་ནོ། །འདིར་ཁ་ཅིག་ན་རེ། ཕམ་པས་ཉམས་པ་ལ་སྐུར་བ་འདེབས་པའི་ལྷག་མ་བསྐྱེད་པ་ལ་མཚན་མཐུན་པ་ཡན་ལག་ཏུ་དགོས་ཟེར་བ་ནི། ཉམས་པ་ལ་ཡང་ངོ་ཞེས་པའི་རང་འགྲེལ་སྔར་དྲངས་ཟིན་པ་དང་འགལ་ཅིང༌། མཚན་གྱི་ཕྱོགས་ལས་རང་ཉིད་ནི་འདིར་ཡན་ལག་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ནི། དགེ་སློང་མས་དགེ་སློང་མ་གཞན་ལ་ཁྱོད་ཉིད་བབས་ཏེ་ཁྱིམ་པ་མོ་བྱས་ན་ལེགས་སོ་ཞེས་ཁྱིམ་པ་མོ་ཉིད་ཀྱི་བསྔགས་པ་བརྗོད་ན་སྦོམ་པོའོ། །དགེ་སློང་དག་ལ་ཡང་དེའི་རྗེས་སུ་འབྲང་བས་སྦོམ་པོར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་མས་བུད་མེད་གཞན་སྨད་འཚོང་མ་ཉིད་དུ་རང་གི་ཁྱིམ་ན་གནས་པ་དག་གིས་བྱེད་དུ་འཇུག་པ་ཡང་སྦོམ་པོའོ། །དགེ་སློང་མས་བྲན་མོ་ཟོང་གི་ཕྱེད་ཉིད་དུ་སྨད་གླར་གཏོང་བ་ནི། གཞན་སྨད་འཚོང་མ་བྱེད་དུ་འཛུད་པ་དེ་ལས་ལུང་གི་གླེང་གཞི་ཐ་དད་ཀྱང་དོན་ཕྱི་རོལ་དུ་གྱུར་པ་མ་ཡིན་ནོ་སྟེ་སྦོམ་པོའོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མའོ།། །།གཉིས་པ་དང་གསུམ་པ་ལ། གཞི་མེད་བག་ཙམ་སོ་སོར་བསྟན། །མིང་ཙམ་རྗེས་མཐུན་ཡན་ལག་བརྗོད། །དང་པོ་ནི། དགེ་སློང་མས་གཞི་མེད་པར་སྐུར་བ་འདེབས་ན་ལྷག་མ་བསྐྱེད་པའོ། ། དགེ་སློང་མས་བག་ཙམ་གྱིས་སྐུར་བ་འདེབས་ན་ལྷག་མའོ། །དགེ་འདུན་ལྷག་མ་འདི་གཉིས་ཀྱི་མཚན་ཉིད་སྔར་དགེ་སློང་གི་སྐབས་སུ་ཇི་སྐད་བསྟན་པ་དག་དགེ་སློང་མ་རྣམས་ཀྱི་ཡང་ཡིན་ནོ། །གཉིས་པ་ལ། མཚན་མཐུན་ལས་གྱུར་ཡན་ལག་བསྟན། །མི་མཐུན་ལས་གྱུར་ཡན་ལག་གོ། །དང་པོ་ནི། དགེ་སློང་གི་ཆོས་གོས་འཕྲོགས་པ་དང༌། དགེ་སློང་གི་སྐྱོན་ནས་སྨྲ་བ་ལ་(༢༡༡བ)


K8Z003_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དགེ་སློང་ལ་ལྟུང་བ་རྫོགས་པར་བསྐྱེད་པ་ལ་ཕོ་ཡན་ལག་ཏུ་དགོས་པ་ཉིད་ལ་ནི་སྐབས་འདིར་མོ་ཡན་ལག་ཏུ་དགོས་པ་ཉིད་དོ། །འདིས་ནི་མཚན་མཐུན་པ་ཡན་ལག་ཏུ་དགོས་པ་ཐམས་ཅད་སྤྱིར་བསྟན་པའོ། ། གཉིས་པ་ནི། འཁྲུར་འཇུག་པ་དང་ལེན་པ་དང་བུད་མེད་དང་ལྷན་ཅིག་ཉལ་བ་ལ་སོགས་པ་དགེ་སློང་ལ་ལྟུང་བ་རྫོགས་པར་བསྐྱེད་པ་ལ། མོའི་ཡན་ལག་ཏུ་དགོས་པ་དེ་ལ་ནི་སྐབས་འདིར་ཕོ་ཡན་ལག་ཏུ་དགོས་པ་ཉིད་དོ། །འདིས་ནི་མཚན་མི་མཐུན་པ་ཡན་ལག་ཏུ་དགོས་པ་སྤྱིར་བསྟན་པའོ། །གཞི་མེད་པ་དང་བག་ཙམ་གྱི་དགེ་འདུན་ལྷག་མ་གཉིས་སོ།། །།གཉིས་པ་ལ། ཅི་ཡང་རུང་བ་ལེན་པ་དང༌། །ཅི་ཡང་རུང་བ་ལེན་འཇུག་དང༌། །མཚན་མོར་བྲལ་བའི་ལྷག་མ་དང༌། །ཉིན་མོར་བྲལ་བའི་ལྷག་མ་དང༌། །གཅིག་པུར་ལམ་འགྲོའི་ལྷག་མ་དང༌། །གཅིག་པུར་ཆུ་བརྒལ་ལྷག་མ་དང༌། །རབ་ཏུ་འབྱིན་པའི་ལྷག་མ་དང༌། །ཤི་བའི་ནོར་ལེན་ལྷག་མ་དང༌། །མཚམས་ཕྱིར་བཟོད་པ་གསོལ་འཇུག་པའོ། །དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་སྦོམ་དགའ་མོ་དང་སྤོས་འཚོང་གི་ཁྱེའུ་གཉིས་ཀ་ཕན་ཚུན་གཅིག་ལ་གཅིག་ཆགས་པར་གྱུར་ཏེ་དེ་ལ་སྤོས་འཚོང་གི་ཁྱེའུ་ལས་འཁྲིག་པའི་གླ་ཅུང་ཟད་བདག་གིར་བྱས་པ་ལས་བཅས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བར་གྱུར་པའོ། །ངོ་ཏི་ནི་དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་མཚན་ཉིད་དང་ལྡན་པ་ཆགས་པར་གྱུར་པ་ལས་གླ་རྔན་ཅི་ཡང་རུང་བ་ལེན་པར་བྱེད་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང༌། །ལྟུང་བ་དེ་ཡི་ན་སྨད་བསྟན། །དེ་ལས་ཆེས་ཀྱི་ན་སྨད་དོ། །དང་པོ་ནི། དགེ་སློང་མས་སྐྱེས་པ་ལས་འཁྲིག་པ་ལས་འབྲེལ་བའི་(༢༡༢ན)


K8Z003_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གླ་ཅི་ཡང་རུང་བ་བདག་གིར་བྱེད་པ་ལ་དགེ་འདུན་ལྷག་མའོ། །དགེ་སློང་མ་ཇི་ལྟ་བུས་བདག་གིར་བྱེད་ན་དགེ་སློང་མ་ཆགས་པར་གྱུར་པས་སོ། །ཡུལ་གང་ལས་ན། སྐྱེས་པ་ཆགས་པར་གྱུར་པ་ལས་སོ། །གཉིས་པ་ནི། དགེ་སློང་མ་ཉིད་ཆགས་པར་མ་གྱུར་པས་ནི་སྦོམ་པོའོ། །གསུམ་པ་ནི། ཊཱི་ཀ་ལས། དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་མ་གྱུར་པ་ལས་ནི་ཉེས་བྱས་སོ། །ལུང་དགེ་སློང་མའི་རྣམ་འབྱེད་ལས་ཀྱང༌། དགེ་སློང་མ་ཆགས་ལས་སྐྱེས་པ་མ་ཆགས་པ་ལས་ནི་ཉེས་བྱས་སོ། །ཞེས་གསུངས་སོ། །སྐབས་འདིར་དགེ་སློང་མའི་སོ་སོར་ཐར་པའི་འགྲེལ་པ་ལས། གཉིས་ཀ་མ་ཆགས་པ་ལ་ཅུང་ཟད་ཅིག་བླངས་ན་ཉེས་བྱས་སོ། །ཞེས་ཉེས་བྱས་ཕྲ་མོར་བཤད་དོ། །དེ་ལྟར་ཡང་བཤད་ལུགས་གཉིས་ཀ་ལྟར་བཟུང་སྟེ་ཉེས་བྱས་ཕྲ་རགས་ཀྱི་ཁྱད་པར་རོ། །ཅི་ཡང་རུང་བ་ལེན་པའི་དགེ་འདུན་ལྷག་མ་འདི་ལ་བདག་གིར་བྱེད་པ་དང༌། སྐྱེས་པའི་ཆགས་སེམས་ཡན་ལག་ཏུ་དགོས་མོད་ཀྱང༌། སྐབས་འདིར། ཊཱི་ཀ་ལས། ཅི་ཡང་རུང་བ་ལ་བདག་གིར་བྱེད་པ་དང༌། སྐྱེས་པ་ཆགས་པར་གྱུར་པ་འདི་གཉིས་ནི་ཤེས་ཀྱང་རུང༌། དོགས་ཀྱང་རུང༌། ཡོད་ཀྱང་རུང༌། མེད་ཀྱང་རུང་སྟེ་གལ་ཏེ་དགེ་སློང་མ་ལ་ཡོད་ན་ཇི་སྐད་བསྟན་པའི་ཁ་ན་མ་ཐོ་བར་འགྱུར་ཏེ། འདིར་བསམ་པའི་ཉེས་པས་ལྟུང་བ་རྣམ་པར་བཞག་པའི་ཕྱིར། ཞེས་བཤད་པ་དང་འགལ་ཏེ། ཡོད་ཀྱང་མེད་ཀྱང་རུང་ཞེས་པ་དེ་ཇི་ལྟར་དགོངས་པ་ཡིན་ཅེ་ན། དེ་ལྟར་ཊཱི་ཀ་ལས་བཤད་པ་དེ་ནི་བདག་གིར་བྱེད་པ་དང༌། སྐྱེས་པ་ཆགས་པའི་ངོ་བོ་ཡོད་ཀྱང་རུང་མེད་ཀྱང་རུང་ཞེས་བསྟན་པ་མ་ཡིན་གྱི། སྐྱེས་པའི་འདུ་ཤེས་གཉིས་པོ་དེཡོད་པར་དགེ་སློང་མས་ཤེས་ཀྱང་རུང་དོགས་ཀྱང་རུང་ཞེས་སྦྱར་ཏེ། དེ་ཡང་སྐྱེས་པའི་འདུ་ཤེས་(༢༡༢བ)


K8Z003_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དགེ་སློང་མ་འདི་བདག་གིར་བྱེད་དོ་སྙམ་དུ་ཤེས་པ་དང༌། དགེ་སློང་མ་འདི་བདག་ལ་ཆགས་ནས་འདུག་གོ་སྙམ་དུ་ཤེས་པའི་འདུ་ཤེས་གཉིས་པོ་དེ་དགེ་སློང་མའི་འདུ་ཤེས་ཀྱིས་ཤེས་ཀྱང་རུང་དོགས་ཀྱང་རུང་ཡོད་ཀྱང་རུང་མེད་ཀྱང་རུང་ཞེས་བསྟན་པ་ཡིན་པར་ཤ་སྦལ་རྣམས་འཆད་དོ། །ཅི་ཡང་རུང་བ་ལེན་པའི་ལྷག་མའོ།། །།གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་སྦོམ་དགའ་མོས་གཙུག་དགའ་མོ་ལ། ཀྱེ་ཕུ་ནུ་མོ་ཁྱོད་མ་ཆགས་པར་གྱིས་ལ་སྐྱེས་པ་ཆགས་པ་ལས་ཅུང་ཟད་ལོང་ཞིག་ཅེས་ལེན་དུ་བཅུག་པ་ལས་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བས་རང་རིས་ལ་གནོད་པའོ། །ངོ་ཏི་ནི་དགེ་སློང་མས་དགེ་སློང་མ་གཞན་རང་ལ་ཆགས་པ་མངོན་གྱུར་མེད་ན་སྐྱེས་པ་ཆགས་པ་ལས་བརྔན་པ་ལེན་པ་ལ་ཉེས་པ་མེད་དོ་ཞེས་ངག་གིས་གོ་བར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ནི། དགེ་སློང་མས་དགེ་སློང་མ་གཞན་ལ་འདི་སྐད་ཅེས་སྨྲས་པ། དགེ་སློང་མ་རང་ཉིད་ཆགས་པར་མ་གྱུར་ཅེས་བྱ་བ་ནི་འདིར་འདོད་ཆགས་མངོན་སུམ་དུ་མ་གྱུར་པ་ལ་བྱའི། དགྲ་བཅོམ་པ་ལྟ་བུ་འདོད་ཆགས་དང་བྲལ་བ་ཉིད་ལ་ནི་མི་བྱ་བས་སྐྱེས་པ་ཆགས་པར་གྱུར་པ་ལས་འཁྲིག་པའི་གླ་ཅི་ཡང་རུང་བ་བདག་གིར་བྱེད་པ་ལ་ཉེས་པ་མེད་དོ་ཞེས་དགེ་སློང་མ་གཞན་ལ་གོ་བར་བྱེད་པ་ལ་དགེ་འདུན་ལྷག་མའོ། །ཅི་ཡང་རུང་བ་ལེན་དུ་འཇུག་པའི་དགེ་འདུན་ལྷག་མའོ།། །།གསུམ་པ་ལ། ཐུན་མོང་རྣམ་གཞག་ཞར་བྱུང་བསྟན། །སྐབས་འདིའི་ལྟུང་བ་ཟུར་བསྟན་ཏོ། །དང་པོ་ནི། ཅི་ཡང་རུང་བ་ལེན་དུ་འཇུག་པའི་དགེ་འདུན་ལྷག་མ་འདིའི་འོག་མ་མཚན་བྲལ་ཉིན་བྲལ་ལམ་འཇུག་ཆུ་བརྒལ་དང་བཞི་པོ་དག་ལ་ནི་ཁྲིམས་གྲོགས་དགེ་སློང་མ་གཞན་མེད་པ་ནི་མཚོན་པ་སྟེ། (༢༡༣ན)


K8Z003_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློབ་མའང་མེད་ཅིང་དགེ་ཚུལ་མའང་མེད་པར་རོ་སྟེ་རང་རང་གི་སྦྱོར་བ་བྱས་ཏེ་མཐར་ཐུག་ན་རང་རང་གི་དགེ་འདུན་ལྷག་མར་འགྱུར་བའོ། །འོག་མ་བཞི་པོ་དག་ལ་ཁྲིམས་གྲོགས་དགེ་སློབ་མ་ཉིད་ནི་ཁྲིམས་གྲོགས་དགེ་སློང་མའི་སུམ་ཆ་དང་བྲལ་བ་སྟེ་སུམ་གཉིས་བསྒྲུབ་པ་ཉིད་ཡིན་ནོ། །དེས་ན་ཁྲིམས་གྲོགས་དགེ་སློབ་མ་དང་ལྷན་ཅིག་ཏུ་དགེ་སློང་མས་མཚན་མོར་འབྲལ་བ་ལ་སོགས་པ་འོག་མ་བཞི་པོ་བྱས་ན་ཡང་ལྷག་མ་དང་སྦོམ་པོར་མི་འགྱུར་གྱི། མཐར་ཐུག་ལ་ཉེས་བྱས་དང་སྦྱོར་བ་ལ་ཉེས་བྱས་ཕྲ་མོར་འགྱུར་རོ། །འོག་མ་བཞི་པོ་དག་ལ་ཁྲིམས་གྲོགས་དགེ་ཚུལ་མ་ནི་ཁྲིམས་གྲོགས་དགེ་སློང་མའི་སུམ་ཆ་བསྒྲུབ་ཅིང་སུམ་གཉིས་དང་བྲལ་བ་ཡིན་ནོ། །དེས་ན་ཁྲིམས་གྲོགས་དགེ་ཚུལ་མ་དང་ལྷན་ཅིག་ཏུ་དགེ་སློང་མས་མཚན་མོར་འབྲལ་བ་ལ་སོགས་པ་འོག་མ་བཞི་པོ་བྱས་ན་ཡང་དགེ་འདུན་ལྷག་མར་མི་འགྱུར་གྱི། མཐར་ཐུག་ལ་སྦོམ་པོ་དང་སྦྱོར་བ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མས་དགེ་སློང་མ་གཞན་དང་ལྷན་ཅིག་ཏུ་མཚན་མོར་འབྲལ་བ་ལ་སོགས་པ་བཞི་པོ་བྱེད་པ་ན། བདག་ཉིད་ཁྲིམས་ཟླ་དང་འབྲལ་བར་མི་འདོད་བཞིན་དུ་ཁྲིམས་ཟླ་དང་བྲལ་བ་ལ་ནི་ཉེས་པ་མེད་དོ། །མཚན་མོར་འབྲལ་བ་དང༌། ཉིན་མོར་འབྲལ་བ་དང༌། ལམ་དུ་འཇུག་པ་དང༌། ཆུ་རྒལ་བར་བྱེད་པ་ནི་དགེ་སློང་གི་ཚུལ་གྱི་བར་ཆད་དམ་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་བྱུང་བའི་དབང་ཉིད་ཀྱིས་ཀྱང་ཁྲིམས་ཟླ་དང་བྲལ་བ་ལ་ཉེས་པ་མེད་དོ། །མཚན་མོ་དང་ཉིན་མོའི་དུས་དང་འབྲེལ་བ། མཚན་མོ་འབྲལ་བ་དང་ཉིན་མོ་འབྲལ་བ་གཉིས་ལ། རང་རང་གི་མཐའི་མཚན་མོའི་མཐའི་སྐད་ཅིག་དང༌། ཉིན་མོའི་མཐའི་སྐད་ཅིག་ཉིད་ཀྱི་མདུན་རོལ་དུ་ནི་རང་རང་གི་སྦྱོར་བ་ཉིད་དོ། །དེས་ན་མཚན་མོར་འབྲལ་བ་ལས་ནི་མཚན་མོའི་མཐའི་སྐད་ཅིག་(༢༡༣བ)


K8Z003_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གི་མདུན་རོལ་དུ་སྦྱོར་བའི་སྦོམ་པོར་འགྱུར་ལ། ཉིན་མོར་འབྲལ་བ་ནི་ཉིན་མོའི་མཐའི་སྐད་ཅིག་གི་མདུན་རོལ་དུ་སྦྱོར་བའི་སྦོམ་པོར་འགྱུར་རོ། །མཚན་མོའི་མཐའ་ནི་སྔར་བསྟན་ཟིན་ནོ། །ཉིན་མོའི་མཐའ་ནི་གང་ཞེ་ན། ཉི་མ་ནུབ་པའི་མཐའ་ནུབ་ཕྱོགས་ཀྱི་འོད་དམར་པོས་ནུབ་ཀའི་མཐའ་ནི་ཉིན་མོའི་མཐའ་ཡིན་ནོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་དགེ་སློང་མ་མཛའ་མོ་རང་གིས་ཉེས་པ་ཁས་བླངས་པས་བསྙིལ་བའི་ཚེ་ཁྱིམ་གྱི་སོ་ཆིས་བྱེད་ཅིང་བུ་དང་བུ་མོ་དག་ཀྱང་སྐྱེས་སོ། །དུས་ཕྱིས་མཛའ་མོ་གསང་ནད་ཀྱིས་ཐེབས་ནས་དགེ་སློང་མ་མཛའ་ཅན་མོས་ན་བ་དེ་བལྟ་བའི་ཕྱིར་གཅིག་པུར་སོང་སྟེ་མཛའ་མོ་ནུབ་མོར་ཚེའི་དུས་བྱས་པ་ན་མཛའ་ཅན་མ་ལ་ཁྱིམ་བདག་དེས་ཁྱོད་ཀྱིས་ངའི་ཁྱིམ་འདི་སྐྱོངས་ཤིག །མ་བཞུད་ཅིག་ཅེས་ཟེར་བ་ལ་ཁྱོད་ཀྱི་ཁྱིམ་མེས་འཚིག་པར་གྱུར་ཅིག་ཅེས་སྨྲས་ནས་སོང་ངོ༌། །དེ་ལ་དགེ་སློང་མ་རྣམས་ཀྱིས་ཁྱོད་མདངས་སུམ་ཁྱིམ་དེ་ན་ཉལ་ན་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཅི་བྱར་ཡོད་ཟེར་བ་ལས་བཅས་སོ། །དགག་བྱ་ནི་མི་ཚངས་པར་སྤྱོད་པའི་སྒོ་ནས་རང་གི་བསླབ་པ་ལས་འབྲལ་བའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་དགེ་སློང་མས་ཟླ་མོ་དགེ་སློང་མ་གཞན་རྣམས་གང་ན་འདུག་པའི་གནས་དེ་ལས་ཕྱི་རོལ་དུ་ཁྱིམ་པ་ལ་སོགས་པ་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ་ཁྲིམས་གྲོགས་ཆོས་འདི་པའི་རབ་བྱུང་མོ་གང་ཡང་མེད་པར་དགེ་སློང་མ་རང་གཅིག་པུ་མཚན་མོར་གནས་ཏེ་སྐྱ་རེངས་ཤར་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ནི། འོག་མ་བཞི་པོ་དག་ནི་དགེ་སློང་མེད་པར་རོ་ཞེས་གསུངས་པས། ཁྲིམས་ཟླ་དགེ་སློང་མ་གཞན་མེད་པར་དུས་ཀྱི་བྱེ་བྲག་མཚན་མོ་གནས་ཀྱི་བྱེ་བྲག་དབྱར་ཁང་ནི་མཚོན་པ་སྟེ། ཁྲིམས་ཟླ་དགེ་སློང་མ་གཞན་རྣམས་གང་ན་འདུག་པའི་གནས་དེ་ལས་ཕྱི་རོལ་དུ་གྱུར་པ་དེར་དགེ་སློང་མ་རང་(༢༡༤ན)


K8Z003_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་གནས་ཏེ་སྐྱ་རེངས་ཤར་ན་དགེ་འདུན་ལྷག་མའོ། །ཁྲིམས་ཟླ་དགེ་སློང་མ་གཞན་མེད་ཀྱང་དགེ་སློབ་མའམ་དགེ་ཚུལ་མ་ཡོད་ན་ལྷག་མར་མི་འགྱུར་བས་དངོས་གཞི་བསྐྱེད་པ་ལ་ནི་ཆོས་འདི་པའི་རབ་ཏུ་བྱུང་བ་གཞན་མེད་པར་རོ། །མཚན་མོར་འབྲལ་བའི་དགེ་འདུན་ལྷག་མའོ།། །།བཞི་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་སྦོམ་དགའ་མོས་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་ན་གཅིག་པུ་ཉི་མ་ནུབ་ནུབ་ཏུ་ཆོས་བཤད་ནས་དབྱར་ཁང་དུ་འོངས་ཏེ་ཁོ་མོའི་རྒྱབ་དང་རྐེད་པ་རྫིས་ཤིག་ཅེས་སྨྲས་པ་ན་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱི་ཅི་བྱར་ཡོད་ཅེས་ཟེར་བ་ལས་བཅས་སོ། །དགག་བྱ་ནི་སྔར་དང་འདྲའོ། །ངོ་ཏི་ནི་དགེ་སློང་མས་ཟླ་མོ་དགེ་སློང་མ་གཞན་རྣམས་གང་ན་འདུག་པའི་གནས་དེ་ལས་ཕྱི་རོལ་དུ་ཁྲིམས་གྲོགས་ཆོས་འདི་པའི་རབ་བྱུང་མོ་གང་ཡང་མེད་པར་དགེ་སློང་མ་རང་གཅིག་པུ་གནས་ཏེ་ཉི་མ་ནུབ་པའི་མཐའི་སྐད་ཅིག་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ལ། ལྟུང་བ་རྣམ་པར་བཞག་པ་དང༌། །དེ་ཡི་ལྟུང་བ་མེད་པ་བསྟན། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ནི། འོག་མ་བཞི་སོགས་སྔར་གསུངས་པས་ཁྲིམས་ཟླ་དགེ་སློང་མ་གཞན་མེད་པར་ཉིན་མོའོ་སྟེ་དབྱར་ཁང་ལས་ཕྱི་རོལ་དུ་གྱུར་ནའོ་ཞེས་སྔ་མར་སྦྱར་ཏེ་སྔ་མ་བཞིན་ནོ། །གཉིས་པ་ནི། དགེ་སློང་མ་གཅིག་པུ་ཉིན་མོར་འགྲོ་ན་ཐམས་ཅད་དུ་ཉེས་པར་འགྱུར་རམ་ཞེ་ན། དགེ་སློང་མ་གཅིག་པུ་ཉེ་དུའི་ཁྱིམ་དུ་ཐན་གྱི་ཕྱིར་ལོ་ཉེས་བྱུང་བའི་ཚེ་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པའི་གནང་བ་དགེ་སློང་མའི་དགེ་འདུན་ལས་ཐོབ་ན་འགྲོ་བར་བྱའོ། །གསུམ་པ་ནི། ལོ་ཉེས་བྱུང་བའི་ཚེ་ཉེ་དུ་རྣམས་དང་ལྷན་ཅིག་ཉེ་བར་སྤྱོད་པའི་གནང་བ་དེ་གསོལ་གཉིས་ཀྱི་ལས་ཀྱིས་སྦྱིན་པར་བྱའོ། །(༢༡༤བ)


K8Z003_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་མོར་འབྲལ་བའི་དགེ་འདུན་ལྷག་མའོ།། །།ལྔ་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། སྦོམ་དགའ་མོ་གཅིག་པུ་ལམ་པོ་ཆེ་དང་བཞི་མདོ་དག་ཏུ་འདུག་ནས་གྲོང་ཁྱེར་ཆེན་པོ་དྲུག་གི་ལམ་དུ་སོང་སྟེ་ཉི་མ་ནུབ་པ་དང་དབྱར་ཁང་དུ་འོངས་ནས་བདག་གི་རྒྱབ་རྫིས་ཤིག་ཅེས་གཞོན་རབས་དག་ལ་སྨྲས་པ་དང༌། འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་ཟེར་བ་ལས་བཅས་སོ། །དགག་བྱ་ནི་སྔར་དང་འདྲའོ། །ངོ་ཏི་ནི་དགེ་སློང་མས་ལམ་དེ་ན་ཁྱིམ་པ་ལ་སོགས་པ་ཡོད་ཀྱང་རུང་མེད་ཀྱང་རུང་ཁྲིམས་གྲོགས་ཆོས་འདི་པའི་རབ་བྱུང་གང་ཡང་མེད་པར་ས་ལ་བརྟེན་པའི་ལམ་རྒྱང་གྲགས་ཀྱི་མཐའ་ཡན་ཆད་དུ་ཕྱིན་པ་ལས་གྱུར་པའི་ལྟུང་པ་དངོས་གཞིའོ། །གཉིས་པ་ནི། འོག་མ་བཞི་པོ་སོགས་སྔར་སྨོས་ནས་ཁྲིམས་ཟླ་དགེ་སློང་མ་གཞན་མེད་པར་ལམ་དུ་ཞུགས་པ་ལ་རྒྱང་གྲགས་རེ་རེའི་མཐར་དགེ་འདུན་ལྷག་མ་རེ་རེའོ། །གཅིག་པུ་ལམ་དུ་འཇུག་པའི་དགེ་འདུན་ལྷག་མའོ།། །།དྲུག་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་དགེ་སློང་མ་མང་པོ་ཆུའི་ཕ་རོལ་ཏུ་འགྲོ་བར་འདོད་པ་ན་ཕ་རོལ་གྱི་འགྲམ་ན་གྲུ་ཕུར་པ་ལ་བཏགས་ཏེ་འདུག་གོ། །དེ་བླང་བའི་ཕྱིར་སྔོན་མཉན་པ་མོ་བྱེད་པ་དགེ་སློང་མ་ནག་མོས་རྐྱལ་བྱས་པས་ཆུའི་དབུས་སུ་གཏིང་དུ་བྱིང་ལ་ཐུག་པར་གྱུར་ནས་ངལ་ཆད་དེ་ཆུ་འགྲམ་དུ་ཕྱིན་ཏེ། ཉི་མ་ནུབ་པ་དང་དབྱར་ཁང་དུ་དགེ་སློང་མ་རྣམས་ཀྱིས་སྨྲས་པ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཅི་བྱར་ཡོད་ཟེར་བ་ལ་བཅས་སོ། །དགག་བྱ་ནི་ལུས་སྲོག་ལ་གནོད་པ་དང༌། མི་ཚངས་པར་སྤྱོད་པའི་སྒོ་ནས་རང་གི་བསླབ་པ་ལས་འབྲལ་བའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་དགེ་སློང་མས་ཁྲིམས་གྲོགས་ཆོས་འདི་པའི་རབ་བྱུང་མོ་གང་ཡང་མེད་པར་བརྒལ་(༢༡༥ན)


K8Z003_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བས་མི་ཐར་བའི་ཆུ་ལ་གྲུ་ལ་སོགས་པས་འགྲོ་ན་ཕ་རོལ་ཏུ་ཕྱིན་པར་མ་གྱུར་ཀྱང་གྲུ་ཚུགས་ལས་འདས་པར་ཕྱིན་པ་དང༌། ལག་རྐྱལ་དག་གིས་འགྲོ་ན་ཕ་རོལ་ཏུ་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང༌། །དེ་ཡི་ལྟུང་བའི་ན་སྨད་བསྟན། །ཚེས་ཀྱི་ན་སྨད་བསྟན་པའོ། །དང་པོ་ནི། འོག་མ་བཞི་སོགས་ཞེས་སྔར་སྨོས་ན་དགེ་སློང་མ་གཞན་མེད་པར་དགེ་སློང་མས་ལག་རྐྱལ་བས་གཞན་གྲུ་ལ་སོགས་པས་ཆུ་ཀླུང་གི་ཕ་རོལ་ཏུ་བརྒལ་བ་ལ་དགེ་འདུན་ལྷག་མའོ། །ཕ་རོལ་ཏུ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ། ལག་རྐྱལ་དག་གིས་ཕ་རོལ་ཏུ་ཕྱིན་ནའོ་ཞེས་འོག་ནས་འབྱུང་བའི་ཕྱིར་འདིར་ནི་ཕ་རོལ་ཏུ་མ་བྱིན་ཀྱང་རྒྱུན་ཕྱོགས་སམ། རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་ན་ཡང་དངོས་གཞིར་འགྱུར་ཏེ། གྲུ་ལ་སོགས་པའི་བཞོན་པས་རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་ན་གྲུ་ཚོམས་ཙམ་ལས་འདས་ན་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །དགེ་སློང་མ་གཅིག་པུ་ལག་པ་གཉིས་ཀྱིས་ལག་རྐྱལ་དག་གིས་ཆུ་ཀླུང་བརྒལ་བ་ལ་ནི་དེའི་ཕ་རོལ་ཏུ་ཕྱིན་ན་ལྟུང་བ་དངོས་གཞིའོ། །གཉིས་པ་ནི། མདུན་རོལ་དུ་ནི་སྦོམ་པོའོ། །གསུམ་པ་ནི། ལུང་དགེ་སློང་མའི་རྣམ་འབྱེད་ལས། གཙང་ལག་དང་ཆུ་ཕྲན་རྒལ་བར་བྱེད་ན་སྦོམ་པོའོ། །ཡུར་ཆུ་རྒལ་བར་བྱེད་ན་ཉེས་བྱས་སོ་ཞེས་གསུངས་པ་ལྟར་ཡུར་ཕྲན་གྱི་ཕ་རོལ་ཏུ་ནི་ཉེས་བྱས་སོ། །གཅིག་པུར་ཆུ་བརྒལ་བའི་དགེ་འདུན་ལྷག་མའོ།། །།བདུན་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་རྒྱལ་པོ་གསལ་རྒྱལ་གྱི་དམག་མི་རྣམས་རི་བྲག་པ་དང་འཐབ་པའི་ཕྱིར་དམག་ལ་འགྲོ་བ་ན། ཁྲིམས་སུ་བཅས་པ་བདག་ཅག་དམག་ལ་སོང་བ་ན་(༢༡༥བ)


K8Z003_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་གི་ཆུང་མས་སྐྱེས་པ་གཞན་དང་ལྷན་ཅིག་མི་རིགས་པ་བྱས་ན་དེའི་མགོ་བཅད་ནས་དོར་བར་བྱའོ། །དེ་ནས་དམག་དཔོན་གྱི་བུ་མོ་སྡེ་ཅན་མོ་ཞེས་བྱ་བས་ཁྲིམས་དང་འགལ་བར་བྱས་པ་ན། དེ་དམག་མི་རྣམས་ཀྱིས་དམག་དཔོན་ལ་སྨྲས་པའི་ཚེ་ན། དམག་དཔོན་འདི་སྙམ་དུ་བདག་གིས་ཁྲིམས་བཅས་པ་ལ་བདག་གིས་གྲལ་དུ་ག་ལ་རུང་སྙམ་ནས་དམག་དཔོན་གྱིས་སྡེ་ཅན་མ་ཡོངས་སུ་བཏང་ནས་དམག་མི་རྣམས་ལ་གསོད་པར་གྱིས་ཤིག་ཅེས་བསྒོའོ། །སྡེ་ཅན་མ་འཇིགས་ཤིང་སྐྲག་སྟེ་ངུ་བར་བྱེད་པ་ན་དེ་དགེ་སློང་མ་འཕྱར་མོས་རབ་ཏུ་བྱུང་བ་ལས་བཅས་སོ། །དགག་བྱ་ནི་མི་རིགས་པ་རབ་ཏུ་བྱུང་བས་བསྟན་པ་ལ་རྨ་འབྱིན་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་མཁན་མོས་བུད་མེད་དེ་གསོད་པའི་ཕྱིར་དམག་མིའི་ཚོགས་པ་རྣམས་ཡིད་མཐུན་པ། བུད་མེད་དེའི་བདག་པོས་ཡོངས་སུ་བཏང་བ། རྒྱལ་པོས་རྗེས་སུ་གནང་བ་སྟེ་བུད་མེད་སྐྱོན་གསུམ་ལྡན་རབ་ཏུ་འབྱིན་པའམ་སྡོམ་པ་འབྱིན་པའི་བྱ་བ་རྫོགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ནི། དགེ་སློང་མས་བུད་མེད་རབ་ཏུ་འབྱིན་པ་ལ་དགེ་འདུན་ལྷག་མའོ། ། བུད་མེད་གང་རབ་ཏུ་འབྱིན་པ་ཞེ་ན། ལུང་ལས། བུད་མེད་དེ་གསད་པའི་དམག་མིའི་ཚོགས་པ་ཡིད་མཐུན་པ། བུད་མེད་དེའི་བདག་པོས་ཡོངས་སུ་བཏང་བ། བུད་མེད་དེ་གསད་པར་རྒྱལ་པོས་རྗེས་སུ་གནང་བའོ། །ཚོགས་པ་ཡིད་མཐུན་པ་ལ་སོགས་པ་དེ་དག་ཅི་ཞིག་གི་ཕྱིར་ཞེ་ན། བུད་མེད་དེ་གསད་པའི་ཕྱིར་ཚོགས་པ་ཡིད་མཐུན་པ། བདག་པོས་ཡོངས་སུ་བཏང་བ། རྒྱལ་པོས་རྗེས་སུ་གནང་བའོ། །ཞེས་སྔ་མར་སྦྱར་རོ། །སྦྱོར་བར་བྱེད་པ་པོ་གང་གིས་རབ་ཏུ་འབྱིན་པ་ཞེ་ན། མཁན་མོ་ཉིད་ལ་ལྟུང་བྱེད་དུ་འགྱུར་རོ། ། འདིར་དེ་ལ་སྦྱོར་བའི་དགེ་སློང་མ་གཞན་ལ་ནི་ཉེས་བྱས་སོ། །མཁན་མོའི་འདུ་ཤེས་


K8Z003_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བུ་ཞེ་ན། བུད་མེད་དེ་གསད་པའི་ཕྱིར་ཚོགས་པ་ཡིད་མཐུན་པ་སོགས་གསུམ་ལྡན་ཡིན་པ་དེ་མཁན་མོ་དེས་ཤེས་པ་ཉིད་ཀྱིས་ཏེ། ཡིད་གཉིས་སམ་ངེས་པའི་འདུ་ཤེས་ཀྱིས་སོ། །ཊཱི་ཀ་ལས། འདུ་ཤེས་གཙོའོ། །ཞེས་སོ། །རབ་ཏུ་འབྱིན་པའི་དགེ་འདུན་ལྷག་མའོ།། །།བརྒྱད་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་ཁྱིམ་བདག་གཅིག་གསད་ནད་ཀྱིས་ཐེབས་ནས་དགེ་སློང་དང་བྲམ་ཟེ་དང་བཀྲེན་པ་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་སྦོམ་དགའ་མོས་ཐོས་ནས་དེའི་དྲུང་དུ་སོང་སྟེ་ཆོས་བཤད་པ་བྱས་ནས་བསླངས་པ་དང༌། དེས་དེ་ལ་བུ་ལོན་ཕྱག་རྒྱ་བྱིན་ནས། དགེ་སློང་མས་ཕྱག་རྒྱའི་བུ་ལོན་དེད་པ་ལས་གཞན་དག་འཕྱ་བར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་བུད་མེད་སྐྱེས་པའི་ཆོས་ལྟར་previous hit བྱེདཅང next hit་ཐལ་བའི་ཕྱིར་མི་རིགས་པས་མ་དད་པར་འགྱུར་བ་དང་རང་འདོད་པ་ཆེ་བའོ། །ངོ་ཏི་ནི་དགེ་སློང་མས་རིགས་བརྒྱུད་ཙམ་ཡང་མ་ལུས་པར་གྱུར་པའི་ཤི་བའི་ནོར་ཁྲུ་གང་ཡན་ཆད་ཀྱི་གོས་སམ་དེ་ཙམ་ཡན་ཆད་རི་བའི་དངོས་པོ་ལེན་ཅིང་བརྡ་སྤྲད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ལ། ལྟུང་བ་རྣམ་པར་བཞག་པ་དང༌། །དེ་ཡི་ལྟུང་མེད་བརྗོད་པའོ། །དང་པོ་ནི། ནོར་བདག་ཤི་བ་དེའི་ནོར་རྒྱུད་མ་ལུས་པའི་ནོར་དགེ་སློང་མ་རང་གིས་ལེན་པ་ལ་དགེ་འདུན་ལྷག་མའོ། །དེད་པའི་དུས་ཁོ་ནར་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། ཐོབ་པའི་དུས་འབའ་ཞིག་ཏུ་མ་ཟད་དོ། །རིགས་བརྒྱུད་ཡོད་པ་ལ་སྦོམ་པོའོ། །གཞན་ལེན་དུ་བཅུག་ན་ཡང་སྦོམ་པོའོ། །གཉིས་པ་ནི། དེའི་དམིགས་བསལ་ནི་དགེ་འདུན་གྱིས་ཐོབ་པའི་ཤི་བའི་ནོར་ལེན་པ་ལ་ནི་ལྟུང་བ་མེད་དོ། །ཐམས་ཅད་དུའམ་ཞེ་ན། གལ་ཏེ་དགེ་འདུན་དབང་བ་དེ་ཚེགས་ཆུང་ངུས་བསྐུལ་བལྡབ་དྲུག་ལས་མ་ལྷག་(༢༡༦བ)


K8Z003_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐོབ་ན་ལྟུང་བ་མེད་པའོ། །གལ་ཏེ་ཚེགས་དང་བཅས་ཤིང་རང་གི་དོན་དང་བཅས་པ་ཉིད་དུ་ལེན་ན་ནི་དགེ་འདུན་ལྷག་མའོ། །ཤི་བའི་ནོར་ལེན་པའི་དགེ་འདུན་ལྷག་མའོ།། །།དགུ་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་དགེ་སློང་མ་འདུན་མ་ཞེས་བྱ་བས་འཐབ་མོ་མང་པོ་བྱེད་པ་དེའི་བུ་མོ་དགེ་སློང་མ་འདུན་པ་མོས་གཏམ་ཐོས་སོ་ཅོག་མ་ལ་ཟློས་པར་བྱེད་དོ། །དེའི་རྒྱུས་རྩོད་པ་འཕེལ་བར་གྱུར་ནས་འདུན་མ་བསོད་སྙོམས་ལ་སོང་བའི་འོག་ཏུ་དགེ་འདུན་མ་རྣམས་ཀྱིས་འདུན་པ་མོ་གནས་ནས་ཕྱུང་བའི་ལས་བྱས་པ་ན། འདུན་པ་མོ་ངུ་ཞིང་ང་གནས་ནས་ཕྱུང་ངོ་ཞེས་མ་ལ་སྨྲས་པ་དང༌། འདུན་མས་དེ་མཚམས་ཀྱི་ཕྱི་རོལ་དུ་ཁྲིད་དེ་བཟོད་པ་གསོལ་དུ་འཇུག་པ་ལ་བཅས་སོ། །དགག་བྱ་ནི་དགེ་འདུན་གྱི་དབྱེན་དང་རིས་མཐུན་པས་རང་རིས་ལ་གནོད་པའོ། །ངོ་ཏི་ནི་དགེ་སློང་མ་མཚན་ཉིད་དང་ལྡན་པ། ནན་ཏུར་བྱས་པ་དང་འབྲེལ་བ་ལ། ཆད་པ་གཅོད་བྱེད་ཀྱི་དགེ་འདུན་མ་རྣམས་མ་ཚོགས་པའམ་ཆད་པ་གཅོད་བྱེད་ཀྱི་གང་ཟག་དག་མ་ཚོགས་པར། དགེ་སློང་མས་མཚམས་ཀྱི་ཕྱི་རོལ་ཏུའམ་མཚམས་ནང་དུ་བཟོད་པ་བླངས་་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ནི། དགེ་སློང་མའི་དགེ་འདུན་གྱིས་ལས་ཀྱིས་ཆད་པ་བཅད་པའི་དགེ་སློང་མ་ལ་དེ་ལྟར་ཤེས་བཞིན་དུ་མཚམས་ཀྱི་ཕྱི་རོལ་དུའམ། མཚམས་ཀྱི་ནང་དུ་ཡང་རུང་སྟེ་ཆད་པ་གཅོད་པར་བྱེད་པའི་དགེ་འདུན་མ་རྣམས་མ་ཚོགས་པར་ཐུག་ཐུབ་ཏུ་བཟོད་པ་གསོལ་དུ་འཇུག་ཅིང༌། དེ་ལས་བཟོད་པ་ལེན་པར་བྱེད་པའི་དགེ་སློང་མ་ལ་དགེ་འདུན་ལྷག་མའོ། །མཚམས་ཀྱི་ཕྱི་རོལ་ཏུ་ཞེས་པ་ནི། གླེང་གཞིའི་དབང་གིས་མཚོན་པ་སྟེ། ཊཱི་ཀ་ལས། མཚམས་ཀྱི་ནང་དུ་བཟོད་པ་གསོལ་དུ་འཇུག་པ་ལ་ནི་སྡིག་ཤིན་ཏུ་ཆེ་བར་སྣང་སྟེ། (༢༡༧ན)


K8Z003_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་གྱི་དབྱེན་དང་རིགས་མཐུན་པ་ཡིན་པའི་ཕྱིར་རོ། །ཞེས་སོ། །དགེ་སློང་མའི་སོ་སོར་ཐར་པ་དང་མའི་རྣམ་འབྱེད་ལས། གནས་ནས་ཕྱུང་བའི་ལས་ཞེས་གསུངས་ཀྱང་དེ་ནི་གླེང་གཞིའི་དབང་གིས་མཚོན་པ་སྟེ། ཊཱི་ཀ་ལས། དེ་ནི་ཆད་པའི་ལས་དག་གི་དཔེ་ཙམ་དུ་ཟད་པས། དེས་ན་དེ་ཉིད་མདོར་མ་བྲིས་སོ། །ཞེས་སོ། །བཟོད་པ་གསོལ་དུ་འཇུག་པའི་དགེ་འདུན་ལྷག་མའོ།། །།གཉིས་པ་ལ། ཐུན་མོང་མིན་པ་བཞི་པོ་དང༌། །ཐུན་མོང་གྱུར་པ་བཞི་པོའོ། །དང་པོ་ལ། དཀོན་མཆོག་གཏོང་བའི་ལྷག་མ་དང༌། །འཐབ་ཀྲོལ་བྱེད་པའི་ལྷག་མ་དང༌། །སྡེ་ཞིང་གནས་པའི་ལྷག་མ་དང༌། །སྡེ་ཞིང་གནས་འཇུག་ལྷག་མའོ། །དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་སྔོན་མུ་སྟེགས་ཅན་ལས་གྱུར་པའི་དགེ་སློང་མ་ནག་མོ་དགེ་སློང་མ་རྣམས་དང་འཐབས་པ་ན་ཁྲོས་ནས་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ཁོ་ན་ཚུལ་ཁྲིམས་དང་ཡོན་ཏན་ལྡན་པ་མ་ཡིན་གྱི། ཚུལ་ཁྲིམས་དང་ལྡན་ཅིང་ཡོན་ཏན་དང་ལྡན་པའི་དགེ་སྦྱོང་གཞན་ཡང་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་ཀྱིས་སངས་རྒྱས་གཏོང་ངོ༌། །ཆོས་དང་དགེ་འདུན་གཏོང་ངོ་ཞེས་ཟེར་བ་ན། དགེ་སློང་མ་ནག་མོ་ལ་གཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པར་བྱའོ་ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལས་དཀོན་མཆོག་གཏོང་བའི་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་ཐར་པ་དང་མྱ་ངན་ལས་འདས་པའི་ལམ་དུ་འཇུག་པའི་སྡོམ་པའི་རྟེན་ཉམས་པར་བྱེད་པའོ། །ངོ་ཏི་ནི་དགེ་སློང་མས་དཀོན་མཆོག་གཏོང་བར་བྱེད་ཅིང་དེ་ལ་དགེ་སློང་མ་རྣམས་ཀྱི་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་བ་ལས་གྱུར་པའི་ལྟུང་བ་(༢༡༧བ)


K8Z003_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞིའོ། །གཉིས་པ་ལ། ལྟུང་བ་དངོས་ཉིད་བཤད་པ་དང༌། །དེ་ཡི་ཞར་བྱུང་བརྗོད་པའོ། །དང་པོ་ནི། དཀོན་མཆོག་གཏོང་ངོ༌། །ཤཱཀྱའི་བུའི་དགེ་སྦྱོང་འདི་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་མཚུངས་པ་ཉིད་ཀྱི་དགེ་སྦྱོང་གཞན་དག་ཡོད་ཀྱིས། མུ་སྟེགས་ཅན་གྱི་དགེ་སྦྱོང་མ་དེ་དག་ལས་ཚངས་པར་སྤྱད་པ་ཉིད་སྤྱོད་དོ་ཞེས་བྱ་བའི་ཚིག་དེ་ལ་ཞུགས་པ་བཟློག་ཀྱང་མི་གཏོང་བ་ལ་དགེ་འདུན་ལྷག་མའོ། །ཇི་ལྟར་མི་གཏོང་ཞེ་ན། དཔེར་ན་དགེ་འདུན་གྱི་དབྱེན་ལ་ཞུགས་པ་ལ་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་བ་ལྟར་རོ། །གཉིས་པ་ནི། སྤོང་བ་དགེ་འདུན་ལྷག་མ་འདིའི་འོག་མ་འཐབ་ཀྲོལ་བྱེད་པ་དང༌། བུད་མེད་དང་བསྟེན་པ་དང༌། བུད་མེད་བསྟེན་དུ་འཇུག་པ་དང་གསུམ་པོ་དག་ལ་ཡང་ངོ་སྟེ་དགེ་འདུན་དབྱེན་ལ་ཞུགས་པ་ལྟར་རོ་ཞེས་སྔ་མར་སྦྱར་ཏེ་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་ནའོ་ཞེས་པ་ལ་སོགས་པ་བཞིན་ནོ། །སྤོང་བའི་དགེ་འདུན་ལྷག་མའོ།། །།གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་སྦོམ་དགའ་མོས་དགེ་སློང་མ་གཞན་རྣམས་དང་འཐབ་པར་བྱེད་པ་ན་འཐབ་མོ་མ་བྱེད་ཅིག །ཅེས་དེ་ལ་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་སྦོམ་དགའ་མོ་ཁྲོས་ནས་ཁྱོད་ཅག་ཁོ་མོ་ལ་བསྒོ་བར་བྱེད་ལ། གཞན་ལ་ནི་མི་བྱེད་པས་དགེ་སློང་མ་ཁྱེད་ཅག་ནི། འདུན་པས་འགྲོ་བའོ། །ཞེ་སྡང་གིས་འགྲོ་བའོ་ཞེས་ཟེར་བ་ན། དེ་ལ་གཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པར་བྱའོ་ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལས་འཐབ་ཀྲོལ་བྱེད་པའི་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་རང་རིས་ཀྱི་དགེ་འདུན་མའི་སེམས་བདེ་བ་ལ་གནོད་པའོ། །ངོ་(༢༡༨ན)


K8Z003_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ནི་དགེ་སློང་མས་འཐབ་ཀྲོལ་བྱས་པ་ལ་དེ་ལྟར་མ་བྱེད་ཅིག་ཅེས་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན། ཁྱེད་ཅག་འདུན་པ་ལ་སོགས་པས་འགྲོ་བའོ་ཞེས་དགེ་འདུན་མ་ལ་སྐུར་བ་འདེབས་པར་བྱེད་ཅིང༌། དེ་ལ་དགེ་སློང་མ་རྣམས་ཀྱིས་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ནི། དགེ་སློང་མ་འཐབ་ཀྲོལ་བྱེད་པ་ལ། དགེ་སློང་མ་རྣམས་ཀྱིས་ཕྱིར་བཟློག་པ་ན་དགེ་སློང་མ་རྣམས་ལ་དགེ་སློང་མ་ཁ་ཅིག་འདུན་པ་སོགས་ཀྱིས་འགྲོ་བ་སྟེ། འདི་ལྟར་དགེ་སློང་མ་ཁ་ཅིག་ལ་ནི་བཟློག །ཁ་ཅིག་ནི་མི་བཟློག་གོ་ཞེས་ཟེར་ཞིང་འདུན་པ་ལ་སོགས་པས་འགྲོ་བ་ཉིད་དུ་སྐུར་བ་འདེབས་པ་རྗེས་སུ་སྦྱོར་བ་ལ་དགེ་སློང་མ་རྣམས་ཀྱི་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བསྒོ་ཡང་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །དོན་གང་ལ་འདུན་པ་ལ་སོགས་པས་འགྲོ་བ་ཉིད་དུ་རྗེས་སུ་སྦྱོར་བ་མི་གཏོང་བ་ལ་ཞེ་ན། །དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་ཀྲོལ་ཏེ་ཚིག་རྩུབ་པོ་སྨྲ་བ་དང༌། ཕྱིར་སྨྲ་བ་དང༌། མཚང་འབྲུ་བ་དང༌། རྩོད་པ་འཁོན་དུ་འཛིན་ཅིང་གནས་པ་དང༌། འགྱེད་པ་ནི་ཤགས་འགྱེད་པ་སྟེ་བཟློག་པ་ལའོ་ཞེས་མདོ་སྔ་མར་སྦྱར་རོ། །འཐབ་ཀྲོལ་བྱེད་པའི་དགེ་འདུན་ལྷག་མའོ།། །།གསུམ་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་དགེ་སློང་མ་འཆི་ལྟས་དང༌། ཉེ་བའི་འཆི་ལྟས་གཉིས་འདྲ་བས་གནས་པར་བྱེད་དེ། རྒོད་པ་དང༌། རྩེ་བ་དང༌། ལུས་ཀྱི་རྩབ་ཧྲལ་བྱེད་པ་ན། དེ་དག་ལ་གཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པར་བྱའོ་ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལ་སྡེ་ཞིང་གནས་པའི་དགེ་འདུན་ལྷག་མར་བཅས་སོ། །(༢༡༨བ)


K8Z003_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དགག་བྱ་ནི་ཆགས་པ་དང་རྒོད་བག་འཕེལ་བའོ། །ངོ་ཏི་ནི་དགེ་སློང་མས་དགེ་སློང་མ་ལ་སོགས་པ་བུད་མེད་དང་ལྷན་ཅིག་གཞོགས་སྟེགས་དང༌། འཕྱར་གཡེང་དང༌། རྩབ་ཧྲལ་བྱེད་པ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་པ་ན། ལས་བརྗོད་པ་དེའི་མཐའ་ལ་ནི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ནི། སྡེ་ཞིང་གནས་པ་སྟེ་རྩེ་ཞིང་གནས་པ་ལའོ། །སུ་དང་སྡེ་ཞིང་གནས་ཞེ་ན། དགེ་སློང་མ་དང་ངོ༌། རང་གི་རྣམ་བཤད་དང་ཊཱི་ཀ་ལས། གླེང་གཞིའི་དབང་གིས་དགེ་སློང་མ་དང་ཞེས་གསུངས་པར་ཟད་ཀྱིས། ཁྱིམ་པ་མོ་དང༌། མུ་སྟེགས་ཅན་མོ་དང༌། དགེ་ཚུལ་མ་དང༌། དགེ་སློབ་མ་དང་ལྷན་ཅིག་སྡེ་ཞིང་གནས་པ་ནི་ཤིན་ཏུ་སྡིག་ཆེ་བའི་ཕྱིར་དེ་ལ་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བཤད་དོ། །རྣམ་པ་ཇི་ལྟ་བུས་སྡེ་ཞིང་གནས་པ་ཞེ་ན། གཞོགས་སྟེགས་དང༌། འཕྱར་གཡེང་དང༌། རྩབ་ཧྲལ་གྱི་རྒྱུར་གྱུར་པ་དག་གིས་སོ། །ཊཱི་ཀ་ལས། གཞོགས་སྟེགས་ཀྱི་རྒྱུར་འགྱུར་བ་ནི་ཐོ་འཚམས་པའོ། །འཕྱར་གཡེང་གི་རྒྱུར་འགྱུར་བ་ནི་ཀུན་ཏུ་རྩེ་བའོ། །རྩབ་ཧྲལ་གྱི་རྒྱུར་འགྱུར་བ་ནི་ཀུན་ཏུ་ཅ་ཅོ་འདོན་པའོ། །ཞེས་བཤད་དོ། །སྐབས་འདིར། ཊཱི་ཀ་ལས། ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་ལྟུང་བ་གཞན་དུ་འགྱུར་རོ། །ཞེས་པ་ནི་ཡུལ་སྐྱེས་པ་དང་བུད་མེད་ཀྱི་བྱེ་བྲག་གིས་ལྟུང་བ་ཆེ་ཆུང་ཐ་དད་པར་གཞན་དུ་འགྱུར་ཞེས་པའི་དགོངས་པའོ། །དགེ་སློང་མའི་སོ་སོར་ཐར་པ་ལས་ཀྱང༌། དགེ་སློང་མ་གང་བུད་མེད་དང་སྡེ་ཞིང་གནས་པར་བྱེད་ན་ཞེས་བུད་མེད་སྤྱི་ཚིག་ཏུ་གསུངས་ལ། མདོ་རྩ་བ་འདི་ཉིད་ལས་བུད་མེད་དང་བསྟེན་པའི་དགེ་འདུན་ལྷག་མའོ་ཞེས་བུད་མེད་སྤྱི་ཚིག་ཏུ་གསུངས་སོ། །ཊཱི་ཀ་ལས། སྐྱེས་པ་དང་ལྷན་ཅིག་སྡེ་ཞིང་(༢༡༩ན)


K8Z003_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལ་ནི་ཕམ་པར་འགྱུར་བའི་སྦྱར་བར་རིག་པར་བྱའོ། །ཞེས་པ་ནི། དགེ་སློང་མས་སྐྱེས་པ་དང་ལྷན་ཅིག་ཕམ་པ་དང་པོའི་ཚུལ་དུ་རྣམ་འགྱུར་བྱེད་ཅིང་རྩེ་ཞིང་གནས་ནའོ། །དགེ་སློང་མས་དགེ་སློང་མ་དང་སྡེ་ཞིང་གནས་པ་འདི་ཡང་གལ་ཏེ་ཕམ་པ་དང་པོའི་ཚུལ་དུ་རྣམ་འགྱུར་བྱེད་ཅིང་རྩེ་ཞིང་གནས་ན་ནི་སྐབས་འདི་ཉིད་ཀྱི་ཊཱི་ཀ་ལས། དགེ་སློང་མའི་ཕྱིར་ལུས་བཀན་པ་ལ་ནི་སྦོམ་པོའོ། ། དེའི་ཕྱིར་མལ་ཤོམ་དུ་འཇུག་པ་ལ་སོགས་པ་ནི་ཉེས་བྱས་སོ་ཞེས་སོ། །བུད་མེད་དང་བསྟེན་པའི་དགེ་འདུན་ལྷག་མའོ།། །།བཞི་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་དགེ་སློང་མ་འཆི་ལྟས་དང༌། ཉེ་བའི་འཆི་ལྟས་གཉིས་ཐ་དད་དུ་གནས་པའི་ཚེ་ན་སྦོམ་དགའ་མོས་སྨྲས་པ། ཁྱེད་ཅག་གཉིས་ཅིའི་ཕྱིར་ཐ་དད་དུ་གནས། ཁྱེད་ཅག་འདྲེ་ཞིང་གནས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་འབེལ་བའི་གཏམ་གྱིས་ཤེས་རབ་འཕེལ་བར་མ་གསུངས་སམ་ཞེས་ཟེར་བ་ན། སྦོམ་དགའ་མོ་ལ་གཞམས་ཏེ་བསྒོ་བ་དང་གསོལ་བཞིའི་ལས་ཀྱིས་བཟློག་པར་བྱའོ་ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལ་སྡེ་ཞིང་གནས་སུ་འཇུག་པའི་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་རང་རིས་ལ་གནོད་པར་འགྱུར་བའོ། །ངོ་ཏི་ནི་དགེ་སློང་མས་དགེ་སློང་གཞན་ལ་འདྲེ་ཞིང་གནས་པར་གྱིས་ཤིག་ཅེས་ངག་གི་རིག་བྱེད་ཀྱིས་བསྒོ་བར་བྱེད་ཅིང༌། དེ་ལ་དགེ་སློང་མ་རྣམས་ཀྱིས་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་ལས་བརྗོད་པ་གསུམ་པོ་དེའི་མཐའ་ལ་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ནི། དགེ་སློང་མས་དགེ་སློང་མ་གཞན་དག་ལ་ཁྱེད་གཉིས་སྡེ་ཞིང་གནས་པར་གྱིས་ཤིག་ཅེས་དགེ་སློང་མ་བུད་མེད་དང་སྡེ་ཞིང་གནས་པ་སྟེ། རྩེ་ཞིང་གནས་པ་དེ་ཡང་དག་པར་འཛིན་དུ་འཇུག་པ་ལ་དགེ་འདུན་(༢༡༩བ)


K8Z003_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

མས་གཞམས་ཏེ་བསྒོ་བ་དང༌། གསོལ་བཞིའི་ལས་ཀྱིས་བསྒོ་ཡང་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །བུད་མེད་དང་བསྟེན་དུ་འཇུག་པའི་དགེ་འདུན་ལྷག་མའོ། །གཉིས་པ་ནི། རྟེན་དགེ་སློང་མས་དགེ་འདུན་འབྱེད་པ་ལ་སོགས་པ་བཞི་ནི་ཡུལ་དགེ་སློང་མའི་སྐབས་ལས་བཞི་པོ་དེ་དེ་དག་རང་རང་གི་དགེ་འདུན་ལྷག་མར་འགྱུར་རོ། ། དགེ་སློང་མའི་དགེ་འདུན་གྱི་དབྱེན་བྱེད་པ་དང༌། དགེ་སློང་མའི་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དེས་རང་སྐྲོད་པའི་དགེ་སློང་མ་རྣམས་ལ་སྐུར་བ་འདེབས་པ་དང༌། དགེ་སློང་མ་དག་ལ་བཀའ་བློ་མི་བདེ་བར་བྱེད་པ་དང་བཞི་སྟེ། དེ་དག་ལ་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་ན་དགེ་སློང་མ་ལ་དགེ་འདུན་ལྷག་མ་བཞི་བསྐྱེད་དོ། །འདིར་སྨྲས་པ། བདག་ནི་ཚེ་རབས་ཐམས་ཅད་དུ། །འདུལ་བའི་དམ་ཆོས་འཛིན་པ་དང༌། །ཡོངས་འཛིན་ཀརྨ་ཕྲིན་ལས་པ། །སྤྱི་གཙུག་རྒྱན་དུ་འབྲལ་མེད་ཤོག །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། དགེ་སློང་མའི་དགེ་འདུན་ལྷག་མའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། ༈ །།གསུམ་པ་ལ། ཞག་ཆད་འབྲེལ་བའི་སྤང་ལྟུང་དང༌། །བཤགས་ཙམ་འབྲེལ་བའི་ལྟུང་བྱེད་དོ། །དང་པོ་ལ། ཐུན་མོང་སྤང་ལྟུང་བཅུ་དགུར་དབྱེ། །ཐུན་མོང་མིན་པ་བཅུ་བཞིའོ། །དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། འཆང་བའི་སྤང་བ་ལ་སོགས་དགེ་སློང་མ་ལ་ཅིར་འགྱུར་དང༌། སྲིན་བལ་གྱི་སྟན་བྱེད་པ་ལ་སོགས་པ་བཅུ་གཅིག་དགེ་སློང་མ་ལ་ཅིར་འགྱུར་རོ། །དང་པོ་ནི། འཆང་བའི་སྤང་བ་ལ་སོགས་པ་བཅུ་དགུའོ་ཞེས་གསུངས་ཏེ། དེ་ལྟར་ཡང་སྤང་ལྟུང་བཅུ་དགུ་ནི། དགེ་སློང་ཕ་མའི་ཐུན་མོང་གི་སྤང་ལྟུང་སྟེ། ཆོས་གོས་འཆང་བ་ལ་སོགས་པ་བཅུ་གསུམ་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་དང༌། ཞག་གཅིག་(༢༢༠ན)


K8Z003_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་བ་ལ་སོགས་པ་དྲུག་ནི་འབྲལ་དང་ཟླ་འཇོག་འཁྲུར་འཇུག་ལེན། །ལྷུང་བཟེད་འཚོལ་དང་འཕྲོག་པའོ། །མིང་ཙམ་གྱི་ཐུན་མོང་ཡིན་ནོ། །དེ་དག་གི་རྒྱུ་མཚན་ནི་བཅས་པའི་དབང་གིས་སོ། །གཉིས་པ་སྲིན་བལ་གྱི་སྟན་བྱེད་པ་ལ་སོགས་པ་བཅུ་གཅིག་དགེ་སློང་མ་ལ་ཅིར་འགྱུར་ན། འདི་ལ་རྣམ་གཞག་ལུགས་གཉིས་ཏེ། དགེ་སློང་མའི་སོ་སོར་ཐར་པའི་མདོ་དང་མདོ་རྩ་འགྲེལ་དབང་བཙན་དུ་བྱས་པ་དང༌། ལུང་དགེ་སློང་མའི་རྣམ་འབྱེད་དང་ལུང་ཞུ་བ་དབང་བཙན་དུ་བྱས་པའོ། །རྣམ་གཞག་དང་པོ་ལྟར་ན། བཅུ་གཅིག་པོ་འདི་དག་ཐུན་མོང་མ་ཡིན་པ་སྟེ། མའི་སོ་སོར་ཐར་པ་ལས།སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་དང་འཆང་དང་བརྟད་དར་དགོན། །རས་ཆེན་མ་གཏོགས་ལྷག་མ་ཡིན། །ཅེས་གསུངས་ལ། མདོ་རྩ་བའི་རྒྱ་ཆེར་འགྲེལ་ལས་ཀྱང༌། སྲིན་བལ་གྱི་སྟན་དང༌། བལ་ནག་པོ་འབའ་ཞིག་གི་སྟན་དང༌། ཆ་གཉིས་བསྲེ་བ་དང༌། ལོ་དྲུག་ཏུ་བཅང་བ་དང༌། མཐོ་གང་དང༌། བལ་ཐོགས་པ་དང༌། བལ་རྨེལ་དུ་འཇུག་པ་ཞེས་བྱ་བ་དག་དང༌། བཅུ་གསུམ་པ་ལས་ལྷུང་བཟེད་འཆང་བ་དང༌། བརྟད་པ་ལས་བྱུང་བ་དང༌། ཞག་བདུན་ན་འབྲལ་བ་དང༌། དབྱར་གྱི་རས་ཆེན་གྱི་སྤང་བ་ཞེས་བྱ་བ་བཞི་པོ་དག་སྟེ་རྣམ་པ་བཅུ་གཅིག་པོ་དེ་དག་ནི་དགེ་སློང་མ་རྣམས་ལ་མེད་དོ་ཞེས་བཤད་ཅིང༌། རང་གི་རྣམ་བཤད་ལས་ཀྱང༌། རྣམ་པ་བཅུ་གཅིག་པོ་དེ་དག་ནི་འདིར་སྤང་བའོ་ཞེས་བཤད་དོ། །དེ་རྣམས་ལས་ལྷུང་བཟེད་འཆང་བ་ནི་དགེ་སློང་ཕ་མ་གཉིས་ཀ་ལ་སྤང་ལྟུང་དུ་འགྱུར་བ་ཡང་དགེ་སློང་ཕ་ལ་དངོས་གཞིར་གྱུར་པའི་དུས་ཐུན་མོང་མིན་པར་རྣམ་པར་བཞག་གོ། །དགོན་པའི་འབྲལ་བ་ནི་དགེ་སློང་མ་རྣམས་ལ་རྣམ་པར་མི་བཞག་སྟེ། དགེ་སློང་མ་རྣམས་ལ་དགོན་པ་ཕའི་གཞི་མ་(༢༢༠བ)


K8Z003_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བས་དགོན་པ་ཕའི་འབྲལ་ལྟུང་བཅས་པ་མེད་པའི་ཕྱིར། དགེ་སློང་མས་དགོན་པར་གནས་ཏེ་ཆོས་གོས་གྲོང་དུ་བཞག་པ་དང་འབྲལ་བར་བྱེད་ན་ཞག་གཅིག་འབྲལ་བའི་སྤང་ལྟུང་དུ་འགྱུར་རོ། །ལྷུང་བཟེད་འཆང་བ་དང་དགོན་པའི་འབྲལ་བ་དེ་ཉིད་མ་གཏོགས་པ་སྲིན་བལ་གྱི་སྟན་བྱེད་པ་ནས་དགེ་སློང་མས་དགེ་སློང་ལ་བལ་རྨེལ་དུ་འཇུག་པའི་བར་བདུན་པོ་དག་དང༌། བརྟད་པ་ལས་བྱུང་བ་དག་དང༌། རས་ཆེན་ལས་གྱུར་པ་དག་སྟེ་དགུ་པོ་དེ་དག་ནི་དགེ་སློང་མ་ལ་ཉེས་བྱས་སུ་རྣམ་པར་བཞག་གོ། །དེ་ཡང༌། ལུང་ཞུ་བ་ཆེ་ཤོས་ལས། སྲིན་བལ་གྱི་སྟན་བྱེད་པའི་སྐབས་ལས་དགེ་སློང་མ་རྣམས་ལ་ཉེས་བྱས་སོ། །ཞེས་བཤད་དེ། དེ་བཞིན་དུ། སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི། །ཞེས་པ་དང༌། རས་ཆེན་བཙལ་སྔས་པ་སྟེ་བརྒྱད་པོ་དེ་རྣམས་ཀྱི་སྐབས་སུ། ལུང་ཞུ་བ་ལས། དགེ་སློང་མ་རྣམས་ལ་ཉེས་བྱས་སོ། །ཞེས་རེ་རེ་ལ་རེ་རེར་གསུངས་སོ། །རྣམ་པར་བཞག་པ་གཉིས་པ་ལྟར་ན། གཞན་རྣམས་སྔར་དང་འདྲ་ཞིང༌། སྲིན་བལ་དང་བརྟད་བྱུང་གཉིས་སྔར་དང་མི་འདྲ་བ་ནི། ལུང་དགེ་སློང་མའི་རྣམ་འབྱེད་ལས། ཡང་དགེ་སློང་མ་གང་མོན་དར་གསར་པ་ལ་སྟན་བྱེད་ན་སྤང་བའི་ལྟུང་བྱེད་དོ། །མོན་དར་ཞེས་བྱ་བ་ནི་སྲིན་བལ་ལ་བྱའོ་ཞེས་གསུངས་ཤིང༌། ལུང་ཞུ་བ་ཉུང་ཤོས་ལས། དགེ་སློང་གིས་སྲིན་བལ་གྱི་སྟན་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་དགེ་སློང་མས་སྲིན་བལ་གྱི་སྟན་བྱེད་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་བཤད་ཅིང༌། ཞུ་འགྲེལ་ལས། ཁ་ཅིག་ནི་དགེ་སློང་མ་རྣམས་ལ་སྲིན་བལ་གྱི་སྤང་བར་མི་འདོད་དེ། དེ་ནི་རིགས་པ་མ་ཡིན་ཏེ། ཡང་དགེ་སློང་མ་སྲིན་བལ་གྱི་སྟན་གསར་པ་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །(༢༢༡ན)


K8Z003_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དགེ་སློང་མའི་རྣམ་པར་འབྱེད་པ་དག་ལས་དེ་རྣམས་ལ་འདི་རྣམ་པར་བཞག་པའི་ཕྱིར་ཞེས་བཤད་དོ། །ལུང་དགེ་སློང་མའི་རྣམ་འབྱེད་ལས། དགེ་སློང་མས་སྟོན་ཟླ་ཐ་ཆུང་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟད་པ་ལས་བྱུང་བའི་གོས་རྙེད་ན་དགེ་སློང་མ་དེས་བླང་བར་བྱའོ། །བླངས་ནས་གོས་སྦྱིན་པའི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཞེས་བཤད་ཅིང༌། ལུང་ཞུ་བ་གཉིས་ཀ་ལས། དགེ་སློང་མས་བརྟད་པའི་གོས་དེ་གོས་འབུལ་བའི་དུས་ལས་འདས་པར་བཞག་ན་ཅིར་འགྱུར། སྤང་བར་འགྱུར་རོ། །ཞེས་བཤད་དོ། །དེ་ལྟར་སྲིན་བལ་དང་བརྟད་པ་ལས་བྱུང་བའི་སྤང་ལྟུང་དེ་གཉིས་དགེ་སློང་མ་རྣམས་ལ་མེད་པར་བཤད་པ་དང༌། ཡོད་པར་བཤད་པའི་ལུགས་དེ་གཉིས་ནི་ལག་ལེན་དོགས་མཐའ་བཟུང་སྟེ་ལུགས་ཕྱི་མ་ལྟར་བཟུང་ངོ༌། །རྣམ་བཤད་རིགས་པ་ལས། བཀའ་བསྡུ་བ་པོས་ཡང་དག་བསྡུ་བའི་གཞིའི་གཞུང་ཉམས་པར་གསུངས་ལ། སྨན་བླའི་མདོ་ལས། དགེ་སློང་མ་གང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་དང༌། ཞེས་གསུངས་པ་དང༌། མདོ་རྩ་བའི་མཚན་འགྱུར་གྱི་སྐབས་ཀྱི་འགྲེལ་ཆུང་ལས། དགེ་སློང་མའི་ཁྲིམས་ལྔ་བརྒྱ་བསྲུང་ངོ་ཞེས་གསུངས་པས་ཕྱི་མ་ལྟར་བཟུང་བ་ཡང་འདིས་ཤེས་པར་མཚོ་སྣ་བས་གསུངས་སོ། །གཉིས་པ་ལ། ཐུན་མོང་བཅུ་དགུར་དབྱེ་བ་དངོས། །ཡན་ལག་ཁྱད་པར་བསླབ་བྱའོ། །དང་པོ་ནི། སྡོམ་ལས། འཆང་བ་འབྲལ་བ་འཇོག་པ་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ་སྤང་བའི་ལྟུང་བྱེད་ཀྱི་བཅུ་ཚན་དང་ཐུན་མོང་བའོ། །ཊཱི་ཀར། བཅུ་པོ་དེ་དག་ནི་དགེ་སློང་གི་རྣམ་པར་འབྱེད་པའི་སྐབས་སུ་ཇི་སྐད་བསྟན་པ་བཞིན་དུ་བལྟ་བར་བྱའོ། །ཞེས་སོ། །གཞན་ཡང་སྤང་བའི་ལྟུང་བྱེད་(༢༢༡བ)


K8Z003_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ནི། དགེ་སློང་དང༌། དགེ་སློང་མའི་ཐུན་མོང་བ་ཡིན་ཏེ། དགུ་པོ་གང་དག་ཡིན་ཞེ་ན། གསེར་དངུལ་ལ་རེག་པ་དང༌། མངོན་མཚན་ཅན་གྱི་སྤྱོད་པ་དང༌། ཉོ་ཚོང་བྱེད་པ་དང༌། ལྷུང་བཟེད་འཚོལ་བ་དང༌། འཐག་ཏུ་འཇུག་པ་དང༌། འཐགས་པ་བསྐྱེད་པ་དང༌། འཕྲོག་པ་དང༌། བསྔོས་པ་ལས་བསྒྱུར་བ་དང༌། གསོག་འཇོག་ལས་གྱུར་པའོ། །གཉིས་པ་ནི། ད་ནི་བཅུ་དགུ་པོ་དེ་རྣམས་ཀྱི་ནང་ན་འཁྲུར་འཇུག་པ་ལ་སོགས་པ་ནི་ཡན་ལག་མི་འདྲ་བའི་ཁྱད་པར་ཡོད་དོ་ཞེས་སྟོན་པ་ནི། ཆོས་གོས་འཁྲུ་བ་ལ་སོགས་པ་གསུམ་སྟེ། ཆོས་གོས་འཁྲུ་འཚེད་འཆག་པ་གསུམ་ནི་དགེ་སློང་མས་དགེ་སློང་གི་ཆོས་གོས་འཁྲུ་འཚེད་འཆག་ན་སྤང་བའི་ལྟུང་བྱེད་བསྐྱེད་པའོ། །དགེ་སློང་གིས་ནི་རང་གི་ཆོས་གོས་དགེ་སློང་མ་ལ་འཁྲུ་འཚེད་འཆག་ཏུ་འཇུག་ན་སྤང་ལྟུང་བསྐྱེད་དེ་ཡུལ་གྱི་ཁྱད་པར་ཡོད་དོ། །དེས་ན་དགེ་སློང་མའི་སོ་ཐར་ལས། དགེ་སློང་མ་གང་དགེ་སློང་ཉེ་དུ་མ་ཡིན་པའི་གོས་རྙིང་པ་འཁྲུ་བའམ་འཚེད་དམ་འཆག་ན་སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པའི་རྗེས་སུ་འབྲང་བའོ། །དེ་ལྟར་ན་དགེ་སློང་མས་དགེ་སློང་གི་ཆོས་གོས་འཁྲུ་ན་དགེ་སློང་ཕ་མ་གཉིས་ཀ་ལ་སྤང་ལྟུང་བསྐྱེད་ཀྱང༌། དགེ་སློང་མས་དགེ་སློང་གི་བལ་འཁྲུ་ན་དགེ་སློང་ཕ་ལ་སྤང་ལྟུང་དང་མ་ལ་ཡང་ཉེས་བྱས་སོ། །ཞུ་འགྲེལ་ལས། ཁ་ཅིག་དགེ་སློང་གི་ཆོས་གོས་འཁྲུར་འཇུག་ན་དགེ་སློང་མ་རྣམས་ལ་སྤང་བར་འགྱུར་བར་འདོད་པ་དེ་ནི་རིགས་པ་མ་ཡིན་ཏེ། དགེ་སློང་གི་ཆོས་གོས་ཀྱིས་དགེ་སློང་མ་ལ་སྤང་བ་འབྱུང་བ་ནི་རུང་བ་མ་ཡིན་ནོ། །གཞན་གྱི་ཡང་རང་གིར་མ་བྱས་པ་ཁོ་ན་སྤངས་པའི་ཕྱིར་རོ། །ཞེས་བཤད་ཀྱང༌། མའི་སོ་སོར་ཐར་པ་དང་མདོ་རྩ་འགྲེལ་ལས་གསུངས་པ་གཙོ་བོར་བཟུང་ངོ༌། །གཞན་ཡང་ལུང་དགེ་སློང་མའི་རྣམ་(༢༢༢ན)


K8Z003_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་ཀྱི་ལྟུང་བྱེད་འབའ་ཞིག་པའི་སྐབས་ལས་ཀྱང་དགེ་སློང་མ་གང་དགེ་སློང་ཉེ་དུ་མ་ཡིན་པའི་གོས་རྙིང་པ་འཁྲུུ་འམ་ཁ་དོག་བསྒྱུར་རམ་འཆག་ན་ལྟུང་བྱེད་དོ་ཞེས་བཤད་པ་ཇི་ལྟར་དྲང་ཞེ་ན། དེ་ནི་ལྟུང་བྱེད་འབའ་ཞིག་པའི་སྐབས་ནས་བཤད་ཀྱང་སྤང་བའི་ལྟུང་བྱེད་དོ་ཞེས་དགོངས་པར་རིགས་སོ། །དགེ་སློང་དེ་ལས་དགེ་སློང་མས་གོས་ལེན་ན་སྤང་བའི་ལྟུང་བྱེད་བསྐྱེད་པའོ། །དགེ་སློང་གིས་ནི་དགེ་སློང་མ་ལས་གོས་ལེན་ན་སྤང་ལྟུང་བསྐྱེད་དེ་ཡུལ་གྱི་ཁྱད་པར་ཡོད་དོ། ། དགེ་སློང་མ་ལ་བྱིན་པ་དེ་དགེ་སློང་མས་འགྲོག་ན་སྤང་འདི་ལྟུང་བྱེད་བསྐྱེད་པའོ། །དགེ་སློང་གིས་ནི་དགེ་སློང་ཕ་ལ་བྱིན་པ་འཕྲོག་ན་སྤང་ལྟུང་བསྐྱེད་དེ་ཡུལ་གྱི་ཁྱད་པར་ཡོད་དོ། །ལྷ་རྟེན་བཅང་བར་མི་བྱའོ་ཞེས་པའི་ཊཱི་ཀར། སྦོམ་དགའ་མོ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་ན། དེས་ལྷ་བོན་མོ་ལྷ་རྟེན་ཐོགས་ཤིང་རྒྱུ་བ་མཐོང་ནས་སྦོམ་དགའ་མོས་བསམ་པ། ཐབས་འདི་ནི་བཟང་པོ་ཞིག་ཡིན་གྱིས་བདག་གིས་ཀྱང་སང་ཤེས་པར་བྱའོ་སྙམ་ནས་དེའི་ཕྱི་དེ་ཉིན་པར་ལྷ་རྟེན་ཐོགས་ཏེ་མཉན་ཡོད་དུ་ཞུགས་ནས་དེས་ཁྱེའུ་དང་བུ་མོ་དག་ལ་སྲུང་སྐྱོབ་བྱེད་ཅིང༌། དེས་གང་དང་གང་ལ་སྲུང་སྐྱོབ་བྱས་པ་དེ་དག་བདེ་བར་གནས་པར་གྱུར་ནས། དེའི་ཚེ་གང་དང་གང་དག་ལ་སྲུང་སྐྱོབ་བྱ་དགོས་པར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་སྦོམ་དགའ་མོ་ལ་བསྲུང་བ་དང་བསྐྱབ་པ་བྱེད་དུ་འཇུག་པར་བྱེད་པ་ནས་ལྷ་བོན་མོ་འཕྱ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་ལྷ་རྟེན་བཅང་བར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སྲུང་སྐྱོབ་ཅེས་བྱ་བ་ནི་ཡོངས་སུ་བསྲུང་ཞིང་སྐྱོབ་པར་བྱེད་པའོ། །ལྷ་རྟེན་ཞེས་བྱ་བ་ནི་སྲུང་སྐྱོབ་བྱ་བ་དེའི་ཕྱིར་སྣོད་ཟ་མ་ཏོག་མེ་ཏོག་ལ་སོགས་པས་(༢༢༢བ)


K8Z003_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ཅིང་ས་ལས་བྱས་པའི་གཟུགས་ཀྱིས་བཀང་བ་ཡིན་ནོ་ཞེས་ཟེར་རོ། །དེས་ན་ཡི་དྭགས་ལ་ཡས་བྱིན་ཅིང་ཡི་དྭགས་ཀྱི་རིགས་མཐོང་བ་སྟོན་པ་ཙམ་གྱི་བོན་པོའི་མིང་ཅན་རྒྱ་གར་ན་ཡང་བྱུང་བར་སྣང་ངོ༌། །དེས་ན་དེང་སང་བོད་གངས་ཅན་པ་དག་གི་དགེ་སློང་རྣམས་ཀྱིས་མདོས་བཅའ་བ་ཞེས་བོན་པོའི་ལུགས་འབའ་ཞིག་ལ་ནན་ཏན་དུ་བྱེད་པ་དེ་ནི་ཡང་དག་པ་མ་ཡིན་པས་རྣམ་པ་ཐམས་ཅད་དུ་མི་བྱའོ། །དགེ་སློང་མའི་སྤང་བའི་ལྟུང་བྱེད་འཆད་པའི་སྤང་བ་ལ་སོགས་པ་དགེ་སློང་དང་ཐུན་མོང་བ་བཅུ་དགུ་པའོ་ཞེས་དངོས་སུ་སྨོས་པས། སྲིན་བལ་ལ་སོགས་པ་བཅུ་གཅིག་ཐུན་མོང་མ་ཡིན་པར་ཤུགས་ཀྱིས་བསྟན་ཏེ་དེ་ནི་གོང་དུ་བཤད་ཟིན་ཏོ། །གཉིས་པ་ལ། སྤྱིའི་དོན་དང༌། སོ་སོའི་དོན་ནོ། །དང་པོ་ནི། དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་ན། ལྷུང་བཟེད་བྱིན་གྱིས་མ་བརླབས་པར་བཞག་གཅིག་ལས་འདས་པར་འཆང་བ་དང༌། ཆོས་གོས་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་དང༌། གོས་ལྕི་བ་དང་ཡང་བ་བསྟེན་པ་དེ་བཞི་ནི། དགེ་སློང་ལ་ཉེས་པ་མེད་དེ། དེ་རྣམས་ཀྱི་དབང་དུ་བྱ་བའི་དགག་བྱ་སྐྱེས་པ་ལ་མེད་པའི་ཕྱིར་རོ། །དེ་མ་གཏོགས་པ་གཞན་བཅུ་གཅིག་ནི་དགེ་སློང་མ་ལ་ཉེས་བྱས་སུ་འགྱུར་ཏེ། དེ་རྣམས་ཀྱི་དབང་དུ་བྱས་པའི་དགག་བྱ་སྐྱེས་པ་ལ་རྫོགས་པའི་ཕྱིར་རོ། །འོ་ན་འདིར་ཐུན་མོང་མ་ཡིན་པ་བཅུ་བཞི་ལ་ཕྱེ་བས་ཉེས་མེད་བཞི་དང༌། ཉེས་བྱས་སུ་འགྱུར་བ་བཅུ་གཅིག་འོང་བའི་རྒྱུ་མཚན་ཅི་ཞེ་ན། བྱིན་གྱིས་མི་རློབ་པའི་སྤང་བ་ལ་གཉིས་ཡོད་དེ། ཆོས་གོས་ཉི་མ་དང་པོ་ལ་བྱིན་གྱིས་མི་རློབ་པ་དང༌། ཆོས་གོས་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབ་པའོ། །ཕྱི་མ་ནི་དགེ་སློང་ལ་ཉེས་པ་མེད་ལ། སྔ་མ་ནི་དགེ་སློང་ལ་ཉེས་བྱས་སུ་འགྱུར་བའི་(༢༢༣ན)


K8Z003_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དེ་ཡང་སྔགས་རྟེན་དུ་རུང་བའི་ཆོས་གོས་མེད་པའི་ཉེས་བྱས་ཏེ་དེ་དག་བཞག་སྟེ་སྐྱ་རེངས་འཆར་བར་འདའ་བར་མི་བྱའོ་ཞེས་གསུངས་པ་ལས་འདས་པའི་ཉེས་བྱས་སོ།། །།གཉིས་པ་ལ། ལྷུང་བཟེད་འཆང་བའི་སྤང་བ་དང༌། །བྱིན་གྱིས་མི་རློབ་སྤང་བ་དང༌། །སྲ་བརྐྱང་འབྱིན་པའི་སྤང་བ་དང༌། །སྲ་བརྐྱང་མི་འབྱིན་སྤང་བ་དང༌། །རིན་ཆེན་སློང་བའི་སྤང་བ་དང༌། །གོས་ཟ་བ་ཡི་སྤང་བ་དང༌། །གོས་རྒྱུ་ཟ་སོགས་སྤང་བ་དང༌། །མ་བསྔོས་བྱིན་རློབ་སྤང་བ་དང༌། །དགེ་འདུན་བསྔོས་བྱིན་རློབ་སྤང་དང༌། །བཅིངས་པ་འགྲོལ་འཇུག་སྤང་བ་དང༌། །གོས་ལྕི་བསྟེན་པའི་སྤང་བ་དང༌། །གོས་ཀྱང་བསྟེན་པའི་སྤང་བའོ། །དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་བཅུ་གཉིས་སྡེ་རྣམས་ལྷུང་བཟེད་རྙེད་པ་རྣམས་གསོག་པར་བྱེད་ཅིང་བདག་ཉིད་ཀྱང་སྤྱད་པར་མི་བྱེད། གཞན་ལ་ཡང་སྦྱིན་པར་མི་བྱེད་པ་ལ་བཅས་སོ། །དགག་བྱ་ནི་སྣོད་སྤྱད་ལ་ཆགས་པ་འཕེལ་བའོ། །གཉིས་པ་ནི། དགེ་སློང་མ་རང་དབང་བའི་ལྷུང་བཟེད་བྱིན་གྱིས་བརླབས་པ་ལས་ལྷག་པ་བྱིན་རླབས་གང་ཡང་མེད་པར་ཞག་གཅིག་ལས་འདས་པར་འཆང་བ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །དགེ་སློང་གིས་ལྷུང་བཟེད་འཆང་བ་ལ་ཞག་བཅུ་འདའ་དགོས་ཀྱང༌། དགེ་སློང་མའི་ལྷུང་བཟེད་འཆང་བ་ལ་ཞག་གཅིག་འདས་པས་ཆོག་པའི་རྒྱུ་མཚན་ནི། ཊཱི་ཀ་ལས། བུད་མེད་རྣམས་ནི་ཡོ་བྱད་ལ་ཆགས་པ་ཤིན་ཏུ་དམ་པས་ན། ཞེས་སོ། །ལྷུང་བཟེད་འཆང་བའི་སྤང་བའོ།། །།གཉིས་པ་ལ། ཆོས་གོས་ཉིན་དང་མི་རློབ་དང༌། །ཟླ་ཕྱེད་བྱིན་མི་རློབ་པའོ། །དང་པོ་ནི། འདིའི་གླེང་གཞི་ནི་འདུལ་བའི་ལུང་བསྟན་བཅོས་གང་ནའང་མི་སྣང་ངོ༌། །དགག་བྱ་ནི་དགེ་སློང་མའི་ཁྱད་པར་གྱི་ཆ་ལུགས་(༢༢༣བ)


K8Z003_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་འགྱུར་བའོ། །དགེ་སློང་མས་བྱིན་གྱིས་བརླབ་ཏུ་རུང་བའི་ཆོས་གོས་ལྔ་ལས་གང་ཡང་རུང་བ་མེད་ཅིང་བྱིན་གྱིས་བརླབ་པར་འོས་པའི་ཆོས་གོས་དེ་གསར་དུ་རྙེད་ན་ནི་རྙེད་པའི་ཉི་མ་དང་པོ་ལ་བྱིན་གྱིས་མ་བརླབས་པ་ལ་ཞག་གཅིག་གི་མཚན་མོའི་མཐའི་སྐད་ཅིག་འདས་ཏེ་སྐྱ་རེངས་དང་པོ་ཤར་ན་སྤང་བའི་ལྟུང་བྱེད་དོ། །འདི་ནི་བྱིན་གྱིས་བརླབས་པའི་ཆོས་གོས་མེད་པའི་སྤང་བ་སྟེ་དགེ་སློང་མའི་སྤང་ལྟུང་ཐུན་མོང་མ་ཡིན་པ་བཅུ་བཞིའི་ཁོངས་སུ་གཏོགས་སོ། །དགེ་སློང་མའི་ཆོས་གོས་འཆང་བ་ནི་གོས་བྱིན་གྱིས་མ་བརླབས་པར་ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་དང་ཐུན་མོང་གི་སྤང་ལྟུང་བཅུ་དགུའི་དང་པོ་ཡིན་ནོ། །གཉིས་པ་ནི། གླེང་གཞི་ནི་མའི་རྣམ་འབྱེད་ཀྱི་སྐབས་གཞན་དང་དགེ་སློང་མའི་སོ་སོར་ཐར་པའི་འགྲེལ་པ་ལས། བུད་མེད་ནི་བརྗེད་ངས་པ་ཅན་ཡིན་པས་དགེ་སློང་མ་རྣམས་ཀྱིས་ཆོས་གོས་བྱིན་གྱིས་བརླབས་པ་བརྗེད་ནས་ཆོས་གོས་གང་དག་བྱིན་གྱིས་བརླབས་པ་དང་མ་བརླབས་པ་མ་ཤེས་ཏེ་བྱིན་གྱིས་བརླབས་པའི་སྣམ་སྦྱར་གང་ཡིན། བླ་གོས་གང་ཡིན། མཐང་གོས་དང་རྔུལ་གཟན་གང་ཡིན་ངོ་མི་ཤེས་པར་གྱུར་ནས། དགེ་སློང་མ་རྣམས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་གོས་རྣམས་བྱིན་གྱིས་བརླབས་པར་གྱིས་ཤིག་ཅེས་བཀའ་སྩལ་པ་ན། སྦོམ་དགའ་མོས་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་གོས་བྱིན་གྱིས་རློབ་པར་མི་བྱེད་པ་ལས་བཅས་སོ། །དགག་བྱ་ནི་གོས་ལ་ཆགས་པའི་ཉོན་མོངས་པ་འཕེལ་བའོ། ། དགེ་སློང་མས་རང་གི་ཆོས་གོས་ལྔ་ལས་གང་ཡང་རུང་བ་སྔར་བྱིན་གྱིས་བརླབས་ཟིན་པ་དེ་ཡང་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་རླབས་བསྐྱར་དགོས་པ་ལས། བྱིན་གྱིས་མ་བརླབས་ན་ཞག་བཅུ་དྲུག་པའི་སྐྱ་རེངས་དང་པོ་ཤར་ན་སྤང་བའི་ལྟུང་བྱེད་དོ། །ཊཱི་ཀ་ལས། ཞག་བཅོ་ལྔ་པ་དེ་ཉིད་ནི་ཟླ་བ་ཕྱེད་པ་ཕྱི་མ་ཤོས་ཀྱི་ཉི་མ་དང་པོ་ཉིད་ཡིན་(༢༢༤ན)


K8Z003_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྣམ་པར་བཞག་སྟེ། དེ་ཕྱིན་ཆད་ཀྱང་ཚུལ་དེ་བཞིན་དུ་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་བརླབ་པར་བྱའོ། །ཞེས་སོ། །ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་རློབ་པ་འདི་བྱིན་རླབས་བསྐྱར་བ་ཡིན་གྱིས། སྔར་གྱི་བྱིན་རླབས་ཞིག་ནས་བྱིན་གྱིས་རློབ་པ་ནི་མ་ཡིན་ཏེ། ཊཱི་ཀ་ལས། མདུན་རོལ་དུ་བྱིན་གྱིས་བརླབས་པ་ལ་ནི་ཉེས་པ་མེད་པས། ཟླ་བ་ཕྱེད་ཕྱེད་ཀྱི་གསོ་སྦྱོང་གི་དུས་སུ་བྱིན་གྱིས་བརླབས་ན། ཕྱིན་ཆད་འཁྲུལ་པ་མེད་པར་འོང་ངོ༌། །ཞེས་སོ། །བྱིན་གྱིས་མི་རློབ་པའི་སྤང་བའོ།། །།གསུམ་པ་ལ། ལྟུང་བ་རྣམ་པ་བཞག་པ་དང༌། །དེ་ཡི་ལྟུང་བ་མེད་པའོ། །དང་པོ་ནི། སྦོམ་དགའ་མོས་སྲ་བརྐྱང་དུས་ཀྱི་སྔ་རོལ་དུ་ཕྱུང་བ་ལས་བཅས་སོ། ། དགག་བྱ་ནི་རང་རིས་ཀྱི་དགེ་འདུན་མ་ལ་གནོད་པའོ། །དགེ་སློང་མས་སྲ་བརྐྱང་བཏིང་ལ་མ་ཞིག་པ་དེ། དུས་ཀྱི་སྔ་རོལ་དུ་རྐྱེན་མེད་པར་གསོལ་བཞིའི་ལས་ཀྱིས་ཕྱུང་ན་སྤང་བའི་ལྟུང་བྱེད་དོ། །དཔྱིད་ཟླ་ར་བ་ཉའི་ཉིན་མོའི་མདུན་རོལ་དུ་སྲ་བརྐྱང་འབྱིན་པ་ལའོ་སྟེ། ཊཱི་ཀ་ལས། སྲ་བརྐྱང་འབྱིན་པའི་དགེ་འདུན་མ་ཐམས་ཅད་ལ་སོ་སོར་སྤང་བའི་ལྟུང་བྱེད་རེ་རེར་འགྱུར། ཞེས་སོ། །དཔྱིད་ཟླ་ར་བའི་ཉ་ཞེས་པ་འདི་ནི་དབྱར་སྔ་མ་ཁས་བླངས་པའི་དབང་དུ་བྱས་པ་སྟེ། གལ་ཏེ་དགེ་འདུན་མ་ཐམས་ཅད་དབྱར་ཕྱི་མར་ཁས་བླངས་ཏེ་སྲ་བརྐྱང་བཏིང་བ་ནི་དཔྱིད་ཟླ་འབྲིང་པོའི་མདུན་རོལ་དུ་ཕྱུང་བའོ། །ཟླ་བ་ཤོལ་བོར་བས་དགུན་ཟླ་འབྲིང་པོ་གཉིས་བྱུང་ན་ནི། དགུན་ཟླ་ཐ་ཆུང་གི་ཉ་ལ་སྲ་བརྐྱང་བྱུང་བར་རིགས་ཏེ། སྲ་བརྐྱང་གི་བྱིན་རླབས་ཆགས་པའི་དུས་ཀྱི་ཚད་ཟླ་བ་ལྔ་ཡིན་པའི་ཕྱིར། དེའི་ཚེ་ན་དགུན་ཟླ་ཐ་ཆུང་གི་ཉའི་མདུན་རོལ་དུ་འབྱིན་ན་ནི་ལྟུང་བ་འདིར་འགྱུར་རོ། །སྲ་བརྐྱང་གི་རྙེད་པ་དེ་དགེ་འདུན་མ་སྤྱིར་དབང་བ་ན་སྤང་བར་བྱ་སྟེ། ཊཱི་ཀ་ལས། སྲ་བརྐྱང་གི་རྙེད་པ་དེ་ཡང་མ་བསྒོས་པའི་(༢༢༤བ)


K8Z003_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་ཁོ་ནར་སྤང་བར་བྱ་བ་ཉིད་ཡིན་གྱིས། བསྒོས་པ་ལ་ནི་སྤང་བར་བྱ་བ་ཉིད་མེད་དེ། རྙེད་པའི་དངོས་པོ་གང་ཟག་གིར་གྱུར་པའི་ཕྱིར་ཏེ། ཞེས་སོ། །གཉིས་པ་ནི། དགེ་སློང་མ་ཆོམ་རྐུན་པས་བཅོམ་པའི་དོན་ཉིད་དུ་ནི་ལྟུང་བ་མེད་དོ། ། ཞེས་ལུང་དགེ་སློང་མའི་རྣམ་འབྱེད་ལས་གསུངས་སོ། །རང་འགྲེལ་དུ་ཁུངས་བྱེ་བྲག་བཤད་མཚོ་ལས་དྲངས་སོ། །སྲ་བརྐྱང་འབྱིན་པའི་སྤང་བའོ།། །།བཞི་པ་ནི། སྦོམ་དགའ་མོས་ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས་སྲ་བརྐྱང་དབྱུང་བའི་དུས་སུ་ཤེས་སོ་ཞེས་ཟེར་ཞིང་སྲ་བརྐྱང་དབྱུང་བའི་དུས་སུ་མ་ཕྱུང་བ་ལ་བཅས་སོ། ། དགག་བྱ་ནི་ཚོགས་པ་མི་སྦྱིན་པས་རང་རིས་ཀྱི་དགེ་འདུན་ལ་གནོད་པ་དང༌། སྲ་བརྐྱང་གི་བྱིན་རླབས་རང་ཞིག་ལ་བཏང་བས་སྲ་བརྐྱང་གི་གོས་ལ་མ་གུས་པའོ། །ངོ་ཏི་ནི་སྲ་བརྐྱང་དབྱུང་བའི་དུས་སུ་མི་འབྱིན་པ་ལའོ། །དགེ་འདུན་མ་རྣམས་སྲ་བརྐྱང་འབྱིན་པར་འདོད་པ་ན་སྲ་བརྐྱང་བཏིང་བ་དང་ལྡན་པའི་དགེ་སློང་མས་སྲ་བརྐྱང་འབྱིན་པ་ལ་ཚོགས་པ་སྦྱིན་པར་མི་བྱེད་པ་དེ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འོ་ན་སྲ་བརྐྱང་དབྱུང་བའི་ཕྱིར་བག་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་པའི་ལྟུང་བྱེད་འབའ་ཞིག་པ་དང༌། འདིའི་ཁྱད་པར་ཅི་ཞེ་ན། ཆོམ་རྐུན་པས་བཅོམ་པ་ལ་སོགས་པའི་རྐྱེན་དབང་གིས་དུས་ཀྱི་སྔ་རོལ་ཏུ་སྲ་བརྐྱང་དབྱུང་བ་ལ་ཚོགས་པ་མི་སྦྱིན་པ་ལ་ནི་ལྟུང་བྱེད་འབའ་ཞིག་པ་སྟེ། དེ་ལྟར་ཊཱི་ཀ་ལས་བཤད་དོ། །སྲ་བརྐྱང་མི་འབྱིན་པའི་སྤང་བའོ།། །།ལྔ་པ་ནི། གླེང་གཞི་སྦོམ་དགའ་མོས་གསེར་མགར་གྱི་ཆུང་མ་ལ་གསེར་གྱི་སྣ་གདུབ་བསླངས་པ་ན་དེ་ཡང་མི་སྨྲ་བར་འདུག་པ་དང༌། སྦོམ་དགའ་མོས་སྣ་གདུབ་ཁྱེར་ཏེ་སོང་བ་ན། གསེར་མགར་གྱིས་དེར་རྒྱུགས་ཏེ་མགོ་རེག་མོ་ངན་མ་ཞེས་སྨྲས་ནས་དེ་ལ་ཁུ་ཚུར་གྱིས་བསྣུན་ཏེ་ཁ་ནས་ཁྲག་བྱུང་བྱུང་དུ་བརྡེགས་ཏེ་མིག་ཕུག་སྐྲངས་པར་གྱུར་པ་ལས་(༢༢༥ན)


K8Z003_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སོ། །དགག་བྱ་ནི་དངོས་པོ་ཁྱད་པར་ཅན་ལ་ཆགས་པ་དང༌། གཞན་གྱི་ལོངས་སྤྱོད་ལ་གནོད་པའོ། །དགེ་སློང་མས་ཁྱིམ་པ་ལ་དབྱིག་དང་གསེར་ལ་སོགས་པ་རིན་པོ་ཆེ་རང་དོན་དུ་ངག་གི་རིག་བྱེད་ཀྱིས་སློང་བ་ལས་ཐོབ་ཅིང་ཐོབ་བློ་སྐྱེས་པ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །སོ་སོར་ཐར་པ་ལས། བདག་གི་ཕྱིར་མངོན་མཚན་ཅན་བསླངས་ན་སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་མོད་ཀྱི། དེའི་རྣམ་པར་འབྱེད་པ་ལས། མངོན་མཚན་ཅན་ཞེས་བྱ་བ་ནི་དབྱིག་གམ་གསེར་རོ་ཞེས་གསུངས་སོ། །ཊཱི་ཀ་ལས། དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་མཚོན་པའི་དོན་དུ་བྱེ་བྲག་མེད་པའི་ཕྱིར་རོ། །རིན་པོ་ཆེ་སློང་བའི་སྤང་བའོ།། །།དྲུག་པ་ལ། གླེང་གཞི་ནི་སྦོམ་དགའ་མོས་ཆོས་གོས་ལྔ་རྙིང་ཞིང་བུད་མེད་རྣམས་ལ་ཆོས་སྟོན་པ་ན། དེ་དག་གིས་སྐུད་པ་བསྟན་ནས་འཕགས་མའི་ཆེད་དུ་འདི་རྣམས་གོས་སུ་འཐག་ཏུ་བཅུག་ནས་འབུལ་ལོ་ཞེས་ཟེར་བ་ལ། ཁྱེད་ཀྱིས་དགེ་སློང་མའི་གོས་ཇི་ལྟར་བྱ་བ་མི་ཤེས་པས་ཁོ་མོ་རང་གིས་བཏག་གོ་ཞེས་སྐུད་པ་དེ་རྣམས་ཁྱེར་ནས། ཀརྵ་པ་ཎར་བཙོངས་ཏེ་དེ་དག་གིས་ཁ་ཟས་ཉོས་ནས་གཡོས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་ནས་ཁོ་མོ་སྡེ་སྣོད་གསུམ་པ་ཡིན་ཏེ་ཁ་ཟས་ངན་པས་འཚོ་བར་མི་ནུས་སོ། །ཞེས་སྨྲས་པ་དང༌། དགེ་སློང་མ་རྣམས་ཀྱིས་འཕྱ་བར་བྱེད་པ་ལ་བཅས་སོ། །དགག་བྱ་ནི་ཟས་ལ་ཆགས་པ་དང༌། གཞན་དག་མ་དད་པའོ། །དགེ་སློང་མས་ཟས་ལས་གཞན་གླེགས་བམ་འབྲི་བ་ལ་སོགས་པ་རྣམས་ཀྱི་ཆེད་དུ་རྙེད་པའི་གོས་དེ་ཟས་སུ་བསྒྱུར་བར་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལ་སྤང་བའི་ལྟུང་བྱེད་དོ། །དེ་ཡང་བཞག་པ་ལས་སྤང་བར་འགྱུར་བ་སྟེ་ཟོས་ཟིན་པ་ཉིད་ནི་སྤང་ལྟུང་མེད་པས་ལྟུང་བྱེད་འབའ་ཞིག་པ་བཤགས་པར་བྱའོ་ཞེས་དེ་(༢༢༥བ)


K8Z003_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཊཱི་ཀའི་སྐབས་གཞན་ལས་བཤད་དོ། །གོས་ཟ་བ་ལས་གྱུར་པའི་སྤང་བའོ།། །།བདུན་པ་ལ། གོས་མལ་དབྱར་ཁང་རྒྱུ་ཟ་བའི། །གླེང་གཞི་སྟབས་སུ་བཤད་པ་དང༌། །ཚིག་དོན་སྟབས་སུ་བཤད་པའོ། །དང་པོ་ནི། གོས་རྒྱུ་ཟ་བའི་གླེང་གཞི་ནི་སྦོམ་དགའ་མོས་ཆོས་གོས་ལྔ་རྙིང་ཞིང་བཙུན་མོ་ཕྲེང་ལྡན་མ་ལ་ཆོས་སྟོན་པ་ན། འཕགས་མ་ཁྱོད་ཀྱི་ཆོས་གོས་རྣམས་རྙིངས་སོ་ཟེར་བ་ལ། དེས་ཅི་བདག་ལ་རྒྱལ་པོ་གསུས་པོ་ཆེས་ཁ་ད་བགྱིས་སམ། འོན་ཏེ་དཔྱ་བསྡུ་བའི་ཡུལ་ཀོ་ས་ལ་བདོག་གམ། ཅི་བུད་མེད་ནི་རྙེད་པ་ཆུང་བ་ལགས་སོ་ཞེས་སྨྲས་སོ། །དེ་ནས་བཙུན་མོས་ཆོས་གོས་ལྔའི་རྒྱུ་རས་ཡུག་པོ་ཆེ་དག་བྱིན་ནོ། །དེས་དེ་བླངས་ཏེ་ཚོང་པ་ལ་བཙོངས་ནས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལ། དོན་ཉུང་བའི་དགེ་སློང་མ་རྣམས་ཀྱིས་སྨོད་པར་བྱེད་པ་ལས་གོས་ཀྱི་རྒྱུ་ཟ་བའི་སྤང་བར་བཅས་སོ། །མལ་ཆའི་རྒྱུ་ཟ་བའི་གླེང་གཞི་ནི། དབྱར་ཁང་གི་གནས་མལ་ཁྲི་དང་ཁྲིའུ་ལ་སོགས་གྲུགས་ཤིང་ཆག་པ་ནས་སྦོམ་དགའ་མོ་ལ་ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་མལ་ཆ་བཅོས་པའི་ཕྱིར་ཀརྵ་པ་ཎ་མང་པོ་བྱིན་པ་ན། དེ་དག་བཙོངས་ནས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས། མལ་ཆའི་རྒྱུ་ཟ་བའི་སྤང་བར་བཅས་སོ། །དབྱར་ཁང་གི་རྒྱུ་ཟ་བའི་གླེང་གཞི་ནི། ཚེས་བརྒྱད་དང་བཅོ་ལྔ་ལ་ཁྱིམ་བདག་གི་ཆུང་མ་མང་པོས་ཆོས་ཉན་པའི་ཕྱིར་དབྱར་ཁང་དུ་འོངས་པ་ན། ཆར་པས་དབྱར་ཁང་ཐམས་ཅད་ཐིགས་པ་འཛག་པར་གྱུར་ཏོ། །དེ་ནས་ཆུང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་དབྱར་ཁང་བཅོས་པའི་ཕྱིར་ཀརྵ་པ་ཎ་མང་པོ་སྦྱིན་པ་དེ་དག་བཙོངས་ནས། ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས་དབྱར་ཁང་གི་རྒྱུ་ཟ་བའི་སྤང་བར་བཅས་སོ། །དགག་བྱ་ནི་ཟས་ལ་ཆགས་པ་འཕེལ་བའོ། །གཉིས་པ་ནི། གོས་(༢༢༦ན)


K8Z003_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དང་མལ་ཆ་དང་དབྱར་ཁང་གི་ཆེད་དུ་ཡང་རྙེད་པའི་དངོས་པོ་གོས་ལས་གཞན་པ་གང་ཡང་རུང་བ་དེ། ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལ། སྤང་བའི་ལྟུང་བྱེད་འདི་གསུམ་དུ་འགྱུར་རོ། །གང་ཡང་རུང་བའོ་ཞེས་པ་ནི། ལུང་རྣམ་འབྱེད་ལས། གསེར་དང་དངུལ་ལམ་གཞན་ཅི་ཡང་རུང་བའོ། །ཞེས་གསུངས་སོ། །དེ་ཡང་གོས་ལས་གཞན་པ་སྟེ་གོས་ཡིན་ན་གོས་ཟ་བའི་སྤང་བར་འགྱུར་བས་སོ། །གོས་རྒྱུ་ལ་སོགས་པ་ཟ་བ་ལས་གྱུར་པའི་སྤང་བའོ།། །།བརྒྱད་དགུའི་གླེང་གཞིའི་སྟབས་སུ་བཤད། །དེ་ཡི་ཚིག་དོན་རིམ་བཞིན་བཀྲོལ། །དང་པོ་ནི། གླེང་གཞི་ལྗོངས་གཞན་ནས་དགེ་སློང་མ་རབ་ཏུ་མང་པོ་མཉན་ཡོད་དུ་གློ་བུར་དུ་ལྷགས་པ་དང༌། དགེ་སློང་མ་རབ་ཏུ་མང་པོ་དེ་དག་གི་ཕྱིར། ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་རྙེད་པ་མང་དུ་གཏད་ནས་གདུགས་ཚོད་མཛོད་ཅིག་ཅེས་སྨྲས་པ་ན། སྦོམ་དགའ་མོས་སྨྲས་པ་འདི་འདྲ་ཉུངས་ཀྱིས་ཡང་དང་ཡང་དུ་སྣོན་ཅིག །དེ་དག་གིས་ཡང་དང་ཡང་དུ་བྱིན་ནས་ཀྱང་ད་ནི་གདུགས་ཚོད་བགྱི་བའི་དུས་ལ་བབ་བོ་ཞེས་བུད་མེད་དེ་དག་གིས་བསྐུལ་ཀྱང་ད་དུང་ཟན་བྱ་བའི་དུས་ལ་མ་བབ་པོ་ཞེས་སྦོམ་དགའ་མོས་ཟེར་རོ། །དེ་ནས་དགེ་སློང་མ་དེ་རྣམས་ཡུལ་ལྗོངས་གཞན་དུ་སོང་བའི་ཚེ་རྙེད་པ་དེ་ལས་སྦོམ་དགའ་མོས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས་སྐྱེ་བོ་མང་པོ་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བར་བཅས་སོ། །སྦོམ་དགའ་མོས་དགེ་འདུན་མའི་ཕྱིར་ཟས་དག་སྐུལ་བར་བྱེད་པ་ན་ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་དགེ་འདུན་མའི་ཟས་ཀྱི་རྙེད་པ་ཕུལ་བ་ལ་འདི་འདྲ་ཉུངས་སོ་ཞེས་ཡང་དང་ཡང་དུ་བསླངས་ནས་སྦོམ་དགའ་མོ་གཅིག་པུས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས་དགེ་འདུན་ལ་བསྔོས་པ་བྱིན་(༢༢༦བ)


K8Z003_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབ་པའི་སྤང་བར་བཅས་སོ། །དགག་བྱ་ནི་བྱ་བ་སོ་སོ་དང་འབྲེལ་ནས་རང་རིས་ཀྱི་དགེ་འདུན་མའི་འཚོ་བ་ལ་གནོད་པའོ། །གཉིས་པ་ནི། འདིར་ཚ་རོང་པ་ན་རེ། གོས་ལས་ཀྱང་ལྟུང་བ་འདིར་འགྱུར་ཞེས་ཟེར་རོ། །དེ་ནི་མའི་སོ་སོར་ཐར་པའི་འགྲེལ་པ་ལས། དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྐབས་སུ་རྙེད་པ་ནི་རྣམ་པ་གཉིས་ཏེ། སྐབས་འདིར་ནི་གཉིས་ཀ་ལ་བྱའོ། །ཞེས་བཤད་པ་ལ་བརྟེན་པར་འོང་ངོ༌། །དེ་ནི་མི་རིགས་ཏེ། གོས་བསྔོས་པ་ལས་བསྒྱུར་བ་གོང་དུ་བཤད་ཟིན་པ་དང་ཟློས་པའི་སྐྱོན་དུ་འགྱུར་ཞིང༌། ལུང་དགེ་སློང་མའི་རྣམ་འབྱེད་ཀྱི་སྤང་ལྟུང་འདི་གཉིས་ཀྱི་སྐབས་ལས། དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ་ཞེས་གསུངས་པ་དང་འགལ་ཅིང༌། རྩ་བ་ལས་སྦྱོར་དུ་བཅུག་ཅེས་ཟས་ཀྱི་སྒྲར་གསུངས་པ་དང་ཡང་འགལ་ལོ། །དེས་ན་སྤང་ལྟུང་འདི་གཉིས་ཀྱི་ཁྱད་པར་ནི་རང་གི་རྣམ་བཤད་དང་ཊཱི་ཀ་ལས། བཞི་ལ་སོགས་པའི་གྲངས་ཚད་ཡོད་མེད་ཀྱི་ཕྱེ་བར་གསུངས་ཏེ། དེ་ཡང་དོན་སྔ་མ་ནི་དགེ་སློང་མས་དགེ་སློང་མའི་སྐྱེ་བོ་མང་པོ་བཞི་ཡན་ཆད་པ་ཆ་གཅིག་གི་ཕྱིར་ཟས་ཀྱི་རྙེད་པ་སྦྱིན་བདག་ལ་སྦྱོར་དུ་བཅུག་ན་རང་ཉིད་གཅིག་པུ་ལ་ཡོངས་སུ་བསྒྱུར་བ་སྟེ་བསྒྱུར་ཞིང་འཇོག་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །སྐྱེ་བོ་མང་པོ་ལ་བསྔོས་པ་བདག་ཉིད་ལ་བསྒྱུར་ཏེ་བྱིན་གྱིས་རློབ་པ་ནི་བདག་གིར་བྱེད་པའི་སྤང་བའོ། །ཕྱི་མ་ནི་དགེ་སློང་མའི་དགེ་འདུན་གྱི་ཕྱིར་ཏེ་གྲངས་ཆད་པ་མེད་པར་དགེ་འདུན་མ་སྤྱིའི་ཡང་ངོ་སྟེ་སྦྱོར་དུ་བཅུག་ནས་རང་ལ་ཡོངས་སུ་བསྒྱུར་བ་ལའོ་ཞེས་སྔ་མར་སྦྱར་ཏེ་བསྒྱུར་ཞིང་འཇོག་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཁ་ཅིག་ན་རེ། མའི་སོ་སོར་ཐར་པ་དང་མའི་རྣམ་འབྱེད་ལས། །སཱ་མ་ལ་གློ་བུར་དུ་ལྷགས་པ་ཞེས་དངོས་སུ་གསུངས་པས། ཕྱི་(༢༢༧ན)


K8Z003_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་གཉུགས་མར་གནས་པ་ཞེས་ཤུགས་ཀྱིས་གྲུབ་ཅེས་ཟེར་བ་ཡང་ངེས་པ་མེད་དེ་ཕན་ཚུན་འཁྲུལ་མོར་སྦྱར་རོ། །དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བའོ།། །།བཅུ་པ་ནི། གླེང་གཞི་སྦོམ་དགའ་མས་སྤོས་འཚོང་གི་ཁྱེའུ་ལ་ཆགས་པས་བཞིན་བཟང་སྒེའུ་གཤེར་གྱི་ཐུམ་པོ་ཆིངས་ཤིག །དེ་འཆིང་བ་ལ་ཞུགས་པ་དང་མ་ཡིན་མ་ཡིན་པི་པི་ལིང་གི་ཐུམ་པོ་ཆིངས་ཤིག །བུད་མེད་ནི་བརྗེད་ངས་པ་ཅན་ཡིན་པས་བུ་རམ་གྱི་ཐུམ་བུ་ཆིངས་ཤིག །མ་ཡིན་མ་ཡིན་ཤ་ཁ་རའི་ཐུམ་བུ་ཆིངས་ཤིག །ཅེས་བརྗོད་པར་བྱས་པ་དེ་ལ་ཕྱི་བཞིན་འབྲང་བའི་དགེ་སློང་མས་སྨྲས་པ། དེ་ཙམ་ཡང་བརྗེད་ན་ཁྱོད་ཀྱིས་སྡེ་སྣོད་གསུམ་པོ་ལེགས་པར་སྟོན་ཏམ། བླུན་མོ་ཁོ་མོ་བརྗེད་སྙམ་མམ། ཁོ་མོ་ཚིག་ཙམ་བདག་གིར་བྱེད་དོ་ཞེས་ཟེར་བ་ལ་བཅས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བའོ། །སྐྱེས་པ་ལ་ཆགས་པའི་དགེ་སློང་མ་རང་གི་ཚིག་ཉན་དུ་གཞུག་པའི་ཕྱིར། སྐྱེས་པ་འཁྲིག་པའི་མཐུ་ཡོད་ཅིང་དོན་གོ་བར་ནུས་པ་ལ་རྫས་ཀྱི་ཐུམ་པོ་འཆིང་དུ་འཇུག་ཅིང་བཅིངས་པ་འགྲོལ་དུ་བཅུག་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །ཊཱི་ཀ་ལས། འདིར་ཐུམ་བུ་ཞེས་སྨོས་པ་ནི་ནང་གི་སྙིམ་པ་ལ་སོགས་པ་དང༌། ཕྱི་རོལ་གི་སྤྲོག་མ་ལ་སོགས་པ་དག་གི་དཔེ་ཡིན་ནོ། །ཞེས་སོ། །ཊཱི་ཀ་ལས། གཞན་དབང་བའི་ཐུམ་བུ་བཅིང་བ་དང་འགྲོལ་དུ་འཇུག་པ་ལ་ཡང་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ཏེ་ཚིག་ཉན་དུ་གཞུག་པ་འདྲ་བའི་ཕྱིར་རོ། །དེ་ལ་དངོས་པོ་སྤང་བར་བྱ་བ་ནི། མེད་པས་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ། །ཞེས་སོ། །བཅིངས་པ་འགྲོལ་དུ་འཇུག་པའི་སྤང་བའོ།། །།བཅུ་གཅིག་པའི་གླེང་གཞི་ནི། ཡུལ་ལུས་འཕགས་ཀྱི་རྒྱལ་པོས་རྒྱལ་པོ་གསལ་རྒྱལ་ལ་ལྭ་བ་རིན་པོ་ཆེ་སྐྱེས་སུ་བསྐུར་བ་དེ་རལ་གྲི་མཐུ་ཅན་པའི་དམག་མི་རྣམས་ལ་བྱིན་(༢༢༧བ)


K8Z003_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་རྣམས་ཀྱིས་དགེ་སློང་མ་ཆོས་བྱིན་མ་ལ་བྱིན་ཅིང༌། དེས་ཀྱང་ཊཱི་ཀ་ལས་སྦོམ་དགའ་མོ་ཟེར་ཡང༌། ལུང་ལས་གཙུག་དགའ་མོ་ལ་བྱིན་ནས། དེས་དེ་གྱོན་ཏེ་ལམ་དག་ཏུ་འཁྱམས་པ་ན། དེ་ཁྱིམ་པ་རྣམས་ཀྱིས་མཐོང་ནས་ཕའི་ཚོང་དཔོན་གྱི་ཆུང་མའམ་དེད་དཔོན་གྱི་ཆུང་མའམ་སུ་ཞིག་ཡིན་ཅེས་སྨོད་པར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་གོས་ལྕི་བ་ལ་ཆགས་པའོ། །ལྗིད་ཀྱིས་ལྕི་བ་སྲང་བརྒྱ་པ་ལ་སོགས་པ་སྟེ་བོད་ཀྱི་སྲང་ཉིས་བརྒྱ་དང༌། རིན་གྱིས་ལྕི་བ་ཀརྵ་པ་ཎ་ཉི་ཤུ་ལ་སོགས་པ་རི་བའི་གོས་དགེ་སློང་མས་བདག་གིར་བྱེད་པ་མ་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །ཊཱི་ཀ་ལས། བདག་གིར་བྱེད་པ་ལས་ཀྱང་དངོས་གཞིར་འགྱུར་ན་གྱོན་པ་ལ་ལྟ་སྨོས་ཀྱང་ཅི་དགོས། ཞེས་སོ། །ཀརྵ་པ་ཎ་ཉི་ཤུ་མི་རི་བའི་སྲང་བརྒྱ་པ་ལ་ཅིར་འགྱུར་ཞེ་ན། ཉི་ཤུ་མི་རི་ཡང་གོས་བཟང་པོ་སྲང་བརྒྱ་པ་ལས་ནི་དངོས་གཞི་རྫོགས་པར་རིགས་སོ། །གོས་ངན་པ་བེམ་པོ་སྲང་བརྒྱ་པ་འཆང་བ་ལ་ནི་ཉེས་པ་མེད་པར་གསལ་ཏེ། ཊཱི་ཀ་ལས། བུད་མེད་ནི་གོས་བཟང་པོ་གྱོན་ན་གསོ་རོ་སྐྱེ་བས་གོས་ལྕི་ཡང་འདི་གཉིས་བཀག་པ་ཡིན་ནོ། །ཞེས་གསུངས་སོ། །ཊཱི་ཀ་ལས། བརྗེ་བའི་ཕྱིར་བདག་གིར་བྱེད་པ་ལ་ལྟུང་བ་མེད་དོ། ། བཙོངས་བ་ལ་སོགས་པའི་བདག་གིར་བྱེད་པ་ནི་ཐམས་ཅད་དུ་སྤང་བར་འགྱུར་རོ། །རིན་པོ་ཆེ་ལ་སོགས་པ་རུང་བར་བྱ་བ་དེས་འདི་ཡང་བྱིན་གྱིས་བརླབས་ཏེ་ལེན་པ་ལ་ནི་ཉེས་པ་མེད་དེ། གཞན་གྱིས་གྱོན་པ་ལ་ཡང་སྤང་བར་བྱ་བའི་དངོས་པོ་མེད་དུ་ཟིན་ཀྱང༌། ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ་ཞེས་གསུངས་པས་སོ། །གོས་ལྕི་བ་བསྟེན་པའི་སྤང་བའོ།། །།བཅུ་གཉིས་པ་ནི། གླིང་གཞི་ཡུལ་ཀ་ལིངྐའི་རྒྱལ་པོས་གསལ་རྒྱལ་ལ་སེང་རས་རིན་ཆེ་བ་སྐྱེས་སུ་བསྐུར་བ་དེ་རལ་གྲི་མཐུ་ཅན་པའི་དམག་མི་རྣམས་ལ་བྱིན་ནོ། །དེ་རྣམས་ཀྱིས་(༢༢༨ན)


K8Z003_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མ་ཆོས་བྱིན་མ་ལ་བྱིན་ཅིང་དེས་ཀྱང་གཙུག་དགའ་མོ་ལ་བྱིན་པ་དེས་དེ་གྱོན་ཏེ་ལམ་སྲང་དུ་ཞུགས་པ་ན་དེའི་ལུས་གཡོགས་ཀྱང་སྒྲེན་མོ་འདྲ་བར་སྣང་ངོ༌། །དེ་ཁྱིམ་པ་རྣམས་ཀྱིས་མཐོང་ནས་ཕ་བི་ཚོང་དཔོན་གྱི་ཆུང་མའམ། དེད་དཔོན་གྱི་ཆུང་མའམ་སུ་ཞིག་ཡིན་ཅེས་སྨོད་པར་བྱེད་པ་ལ་བཅས་སོ། །དགག་བྱ་ནི་གོས་ཡང་བ་ལ་ཆགས་པའོ། །དགེ་སློང་མའི་རྣམ་འབྱེད་ལས། ཀརྵ་པ་ཎ་ཉི་ཤུ་རི་ཞིང་ལྗིད་སྲང་ལྔ་པའི་མཐར་ཐུག་པའི་གོས་དགེ་སློང་མས་བདག་གིར་བྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། ། ལུང་ལས། ཡང་བ་ཞེས་བྱ་བ་ནི་སྲང་ལྔ་པའམ་ལྔ་པ་ལས་ཆུང་བའོ། །ཞེས་གསུངས་ཤིང༌། ཊཱི་ཀ་ལས། གོས་ཡང་བ་ཞེས་བྱ་བ་ནི་ལྗིད་ཀྱིས་ཡང་བ་ཉི་ཚེ་ལ་བྱ་སྟེ་འདིར་རིན་ཐང་གིས་ཡང་བར་ནི་མི་སྦྱར་ཏེ། ཀརྵ་པ་ཎ་ཉི་ཤུ་མི་རི་བ་ལ་ཉེས་པ་མེད་དོ། །ཞེས་སོ། །གོས་ཡང་བ་བསྟེན་པའི་སྤང་བའོ།། །།འདིར་སྨྲས་པ། འཇིགས་མེད་ཉི་ཟླ་བརྩེགས་པའི་ཁྲིར་འཁོད་ནས། །བསྙེངས་མེད་རྨ་བྱ་གཞོན་ནུའི་གཤོག་ཡེངས་བརྐྱང༌། །བག་མེད་རིང་ནས་སྐྲོད་པའི་མཁའ་ལྡིང་གླུ། །སྔངས་མེད་ཚངས་པའི་དབྱངས་ཀྱིས་བླངས་ཟིན་ཏོ། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། སྤང་བའི་ལྟུང་བྱེད་ཀྱི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། ༈ །།གཉིས་པ་ལ། ཐུན་མོང་བདུན་ཅུ་དོན་གཉིས་དང༌། །ཐུན་མོང་མིན་པ་བརྒྱ་དང་བརྒྱད། །དང་པོ་ལ། བདུན་ཅུ་རྩ་གཉིས་དབྱེ་བ་དངོས། །དེ་དག་གཞན་སེལ་སྒོ་ནས་བརྗོད། །ལྟུང་མེད་བསླབ་བྱ་ནར་བྱུང་ངོ༌། །དང་པོ་ནི། གཞུང་འོག་མས་སྟོན་པའི་དམིགས་བསལ་བཅོ་བརྒྱད་པོ་མ་གཏོགས་པ་བདུན་ཅུ་རྩ་གཉིས་ནི་དགེ་སློང་དང་དགེ་སློང་མའི་ལྟུང་བྱེད་ཐུན་མོང་བ་ཡིན་ནོ། །བདུན་ཅུ་རྩ་གཉིས་པོ་དེ་དག་ནི་སྔར་དགེ་སློང་ཕའི་རྣམ་འབྱེད་དུ་བསྟན་ཟིན་ཏོ། །དེ་ཡང་ཤེས་བཞིན་བརྫུན་དུ་སྨྲ་བ་ལ་སོགས་(༢༢༨བ)


K8Z003_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཚན་ཉིད་ཅི་འདྲ་བའི་ཐུན་མོང་སུམ་ཅུ་རྩ་ལྔ་དང༌། སྐྱོན་ནས་སྨྲ་བ་ལ་སོགས་པ་མིང་ཙམ་གྱི་ཐུན་མོང་སུམ་ཅུ་སོ་བདུན་ནོ། །དེ་ཡང་གནས་ངན་ལེན་འཆབ་པ་ལ། ལྷག་མ་འཆབ་པ་དང་ཕམ་པ་འཆབ་པ་གཉིས་ལས། མཚན་མཐུན་གྱི་ལྷག་མ་འཆབ་པའི་ལྟུང་བྱེད་ནི། ཐུན་མོང་བ་བདུན་ཅུ་རྩ་གཉིས་ཀྱི་གྲངས་སུ་གཏོགས་ལ། མཚན་མཐུན་གྱི་ཕམ་པ་འཆབ་པ་ནི་ཐུན་མོང་མ་ཡིན་པ་སྟེ། དགེ་སློང་ལ་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དུ་འགྱུར་ཡང༌། དགེ་སློང་མ་ལ་ནི་འཆབ་པའི་ཕམ་པར་འགྱུར་བའོ། །མཚན་མི་མཐུན་པ་སྤངས་པ་རྗེས་སུ་ཕྱོགས་པ་ནི་དགེ་སློང་ལ་ལྟུང་བྱེད་ཀྱི་ན་སྨད་དུ་འགྱུར་ཡང༌། དགེ་སློང་མ་ལ་ནི་བཟློག་པའི་ཕམ་པ་བསྐྱེད་དོ། །གཉིས་པ་ནི། མ་བསྐོས་པ་ལ་སོགས་པ་བཅུ། ཞེས་པ་ལ་སོགས་པ་བཅོ་བརྒྱད་ནི། སོ་སོར་ཐར་པའི་མདོར། དགེ་སློང་ཕ་མའི་ལྟུང་བྱེད་དུ་ཐུན་མོང་དུ་རྣམ་པར་བཞག་པ་ལ་མ་གཏོགས་སོ། །དེ་དག་གི་རྒྱུ་མཚན་ནི་མ་བསྐོས་པར་དགེ་སློང་ལ་ཆོས་སྟོན་པ་དང༌། ཉི་མ་ནུབ་ཀྱི་བར་དུ་དགེ་སློང་ལ་ཆོས་སྟོན་པ་དང༌། ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་པ་ལས་གྱུར་པ་སྟེ་གསུམ་པོ་དེ་དག་ནི་དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་རྣམ་པར་མ་བཞག་སྟེ། ཊཱི་ཀ་ལས། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་ཆོས་སྟོན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཏེ་སྤྱིར་བཏང་ལ་བསྟན་པར་བྱ་བ་མ་ཡིན་པའོ། །དགེ་སློང་ལ་གོས་སྦྱིན་པ་དང༌། དགེ་སློང་གིས་གོས་བཟོ་བྱེད་པ་གཉིས་ཀྱང་དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་རྣམ་པར་མ་བཞག་སྟེ། ཊཱི་ཀ་ལས། དགེ་སློང་ནི་འཁོར་གཙོ་བོ་ཡིན་པའི་ཕྱིར་དང༌། མཆོད་པའི་གནས་ཉིད་ཡིན་པའི་ཕྱིར་དགེ་སློང་ལ་དགེ་སློང་མས་གོས་སྦྱིན་པ་དང༌། དགེ་སློང་མས་དགེ་སློང་གི་གོས་བཟོ་བྱེད་པ་ལ་ཚུལ་དང་མི་མཐུན་པ་མཚང་པོ་ཆེ་མེད་པའི་ཕྱིར། ཞེས་(༢༢༩ན)


K8Z003_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དགེ་སློང་དང་ལྷན་ཅིག་ལམ་དུ་འགྲོ་བ་དང༌། དགེ་སློང་དང་ལྷན་ཅིག་གྲུར་འགྲོ་བ་ཡང་དགེ་སློང་མ་ལ་ལྟུང་བྱེད་དུ་རྣམ་པར་མི་བཞག་སྟེ། ཊཱི་ཀ་ལས། དགེ་སློང་མ་རྣམས་མཐུ་ཆུང་བའི་ཕྱིར་གཞན་ལ་བརྟེན་ཏེ་ལམ་དུ་འགྲོ་བ་ལ་མཚང་པོ་ཆེ་མེད་པའི་ཕྱིར། ཞེས་སོ། །དབེན་པར་འདུག་འགྲེང་གཉིས་ཀྱང་དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་དུ་མི་བཞག་སྟེ། ལྟུང་བྱེད་ཀྱི་དབྱེ་བ་མི་མཚུངས་པའི་ཕྱིར་དང༌། དགེ་སློང་ལ་དབེན་པ་ན་འགྲེང་བའི་ལྟུང་བྱེད་གཅིག་ཏུ་བཅས་ལ་དགེ་སློང་མ་རྣམས་ལ་དབེན་པ་ན་འགྲེང་བའི་ལྟུང་བྱེད་བཞི་བཅས་པའི་ཕྱིར་རོ། །དབེན་པ་ན་འདུག་པ་ལ་ཡང་ཚུལ་དེ་བཞིན་དུ་སྦྱར་རོ། །ཊཱི་ཀ་ལས། དགེ་སློང་མ་བུད་མེད་དང་ལྷན་ཅིག་འདུག་པ་དང༌། དགེ་སློང་མ་དང་ལྷན་ཅིག་འགྲེང་བ་ལ་ཉེས་པ་ཅི་ཡང་མེད་པའི་ཕྱིར་རོ། །ཞེས་ཀྱང་བཤད་དོ། །དགེ་སློང་གིས་སྦྱོར་དུ་བཅུག་པ་ཟ་བ་ཡང་དགེ་སློང་མ་ལ་ལྟུང་བྱེད་དུ་རྣམ་པར་མི་བཞག་སྟེ། ཊཱི་ཀ་ལས། སྐྱེས་པས་སྦྱོར་དུ་བཅུག་པ་བུད་མེད་ཀྱིས་ཟ་བ་ལ་ན་སྨད་པ་མེད་པའི་ཕྱིར་རོ། །ཞེས་སོ། །སྐྲོད་པ་དང་ཞེས་ཟླས་དབྱེ་བ་སྟེ་སྐྲོད་པ་དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་དུ་མི་བཞག་སྟེ། ལྟུང་བྱེད་ཀྱི་དབྱེ་བ་མི་མཚུངས་པའི་ཕྱིར་ཏེ་དགེ་སློང་ལ་སྐྲོད་པའི་ལྟུང་བྱེད་གཅིག་ཏུ་བཅས་ལ། དགེ་སློང་མ་རྣམས་ལ་སྐྲོད་པའི་ལྟུང་བྱེད་གཉིས་བཅས་པའི་ཕྱིར་རོ། །ཡང་ཡང་ཟ་བ་ཡང་དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་རྣམ་པར་མི་བཞག་སྟེ། ཊཱི་ཀ་ལས། དགེ་སློང་མ་རྣམས་ཤས་ཆེར་མཆོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་དེ་དག་ལ་དེ་འབྱུང་དཀའ་བའི་ཕྱིར། ཞེས་སོ། །ཟས་བསོད་པ་སློང་བ་ཡང་དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་མི་བཞག་སྟེ། ལྟུང་བྱེད་ལས་སྡེ་ཚན་ཐ་དད་པར་སོ་སོར་བཤགས་པར་བྱ་བར་འགྱུར་བའི་ཕྱིར་(༢༢༩བ)


K8Z003_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །མ་ལོན་པ་དང་ཞེས་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པ་ལ་ཡང་དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་དུ་མི་བཞག་སྟེ་ལྟུང་བྱེད་ཀྱི་དབྱེ་བ་མི་མཚུངས་པའི་ཕྱིར་རོ། །དགེ་སློང་ལ་ལོ་ཉི་ཤུ་མ་ལོན་པ་བསྙེན་རྫོགས་བྱེད་པའི་ལྟུང་བྱེད་གཅིག་ཏུ་བཅས་ལ། དགེ་སློང་མ་རྣམས་ལ་ནི་སྡོམ་ལེན་ལོ་བཅུ་གཉིས་མ་ལོན་པ་དེ་ཡང་ལོ་ཉི་ཤུ་མ་ལོན་པའི་བྱེ་བྲག་ཡིན་མོད་ཀྱིས་ལོ་བཅུ་གཉིས་མ་ལོན་པ་དང༌། ལོ་ཉི་ཤུ་མ་ལོན་པ་སྟེ་མ་ལོན་པ་བསྙེན་རྫོགས་བྱེད་པའི་ལྟུང་བྱེད་གཉིས་སུ་བཅས་པའི་ཕྱིར་རོ། །དབྱར་གྱི་རས་ཆེན་ལས་གྱུར་པ་ནི་ཞེས་པ། ཊཱི་ཀ་ལས། དབྱར་གྱི་རས་ཆེན་ཚད་ལས་ལྷག་པའི་ལྟུང་བྱེད་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་བཞག་སྟེ། དགེ་སློང་མ་རྣམས་ལ་རས་ཆེན་འཆང་བ་ཉིད་ཀྱང་མ་བཅས་པས་རས་ཆེན་གྱི་ཚད་ངེས་པ་རྣམ་པར་མ་བཞག་པའི་ཕྱིར་རོ། །ཞེས་སོ། །ཁྱད་པར་དུ་ཡང་འདུག་པ་དང་འགྲེང་བ་དང་ཕྱིར་མ་བླངས་པར་སྤྱོད་པ་དང་ཞེས་གསུངས་པའི་ལྟུང་བ་འདི་གསུམ་ལ་ནི་རྣམ་པར་བཞག་པ་ལུགས་གཉིས་ཡོད་དེ། དགེ་སློང་མའི་སོ་སོར་ཐར་པ་དང་མདོ་རྩ་འགྲེལ་དབང་བཙན་དུ་བྱེད་པ་དང༌། ལུང་དགེ་སློང་མའི་རྣམ་འབྱེད་དང་ལུང་ཞུ་བ་དབང་བཙན་དུ་བྱས་པའོ། །རྣམ་པར་བཞག་པ་དང་པོ་ལྟར་ན། ལྟུང་བྱེད་འདི་གསུམ་ནི་དགེ་སློང་མ་རྣམས་ལ་མེད་དེ། དགེ་སློང་མའི་སོ་སོར་ཐར་པ་ལས། སྐྲོད་དང་མ་བསྐོས་ཉི་ནུབ་དང༌། །ཟས་དང་ཆོས་གོས་གཉིས་དག་དང༌། །དོན་མཐུན་གླུ་དང་དབེན་པ་གཉིས། །སྦྱོར་བཅུག་ཡང་ཡང་གསོད་པ་དང༌། །ཉལ་སར་འདུག་དང་འགྲེང་བ་དང༌། །གདེངས་མེད་ཉི་ཤུ་མ་ལོན་དང༌། །རས་ཆེན་ལྟུང་བྱེད་བཅོ་བརྒྱད་པོ། །བཀོལ་བའི་ལྷག་མ་འདིར་འདོད་དོ། །ཞེས་གསུངས་ལ་དེ་དང་མདོ་རྩ་འགྲེལ་མཐུན་ནོ། །(༢༣༠ན)


K8Z003_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་ཡང་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་དང་ཕྱིར་མ་བླངས་པར་སྤྱོད་པ་དང་ཞེས་པའི་ཊཱི་ཀ་ལས། འདི་དག་ནི་ཅུང་ཟད་དངོས་བཅས་དང་རྒྱུ་མཚན་ཅུང་ཟད་འདྲ་བས་ཞེས་ཆ་མཐུན་པ་ལ་བརྟེན་པ་ཡིན་པའི་ཕྱིར་དང༌། འདུལ་བ་མདོར་བསྡུས་པ་ལས་ཉེས་བྱས་སུ་གསུངས་པའི་ཕྱིར་དེ་དག་ཀྱང་དགེ་སློང་མ་རྣམས་ལ་ལྟུང་བྱེད་ཉིད་དུ་རྣམ་པར་མི་བཞག་གོ། །ཞེས་བཤད་དོ། །རྣམ་པར་བཞག་པ་གཉིས་པ་ལྟར་ན། གསུམ་པོ་དེ་དག་ནི་དགེ་སློང་མ་ལ་ལྟུང་བྱེད་དེ་ལུང་དགེ་སློང་མའི་རྣམ་འབྱེད་ལས། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་འདུག་པར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པ་ན་འགྲེངས་ན་ལྟུང་བྱེད་དོ་ཞེས་གླེང་གཞི་དང་བཅས་པ་གསུངས་སོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ཀྱི་ལུང་ཞུ་བ་ལས་ཀྱང༌། དགེ་སློང་མས་འཚལ་བཞིན་དུ་སྨྱོག་ངན་དང་བཅས་པའི་གྲོང་དུ་ནན་གྱིས་མཆིས་པར་བགྱིས་ན་ཅིར་འགྱུར། ལྟུང་བྱེད་དོ། །དེ་བཞིན་དུ་སྨྱོག་ངན་དང་བཅས་པར་འགྲེང་བ་ལ་ཡང་བརྗོད་པར་བྱའོ་ཞེས་བཤད་དོ། །གདེང་མེད་པར་སྤྱོད་པ་ལ་ཡང་ལུང་དགེ་སློང་མའི་རྣམ་འབྱེད་ལས། ཡང་དགེ་སློང་མ་གང་དགེ་སློང་མ་ལ་གོས་དག་བྱིན་པ་དེའི་འོག་ཏུ་ཕྱིར་མ་བླངས་པར་གདེང་མེད་པར་སྤྱོད་ན་ལྟུང་བྱེད་དོ་ཞེས་གླེང་གཞི་དང་བཅས་པ་གསུངས་སོ། །མའི་སོ་སོར་ཐར་པའི་འགྲེལ་པ་ལས་ཀྱང༌། ཡང་དགེ་སློང་མ་གང་གིས་དགེ་སློང་མ་ལ་གོས་བྱིན་པ་དེའི་འོག་ཏུ་གདེང་མེད་པར་གྱོན་ན་ལྟུང་བྱེད་དུ་བཤད་ཅིང༌། གདེང་མེད་གཏོགས་པའི་བཅོ་བརྒྱད་བཀོལ་ལོ་ཞེས་འབྱུང་མོད་ཀྱང༌། གདེང་མེད་ནི་བཀོལ་(༢༣༠བ)


K8Z003_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། གོང་དུ་སྡོམ་གྱི་ཚིགས་སུ་བཅད་པ་ལས་འབྱུང་བའི་ཕྱིར་རོ། །ཞེས་ཀྱང་འགྲེལ་པ་དེ་ཉིད་ལས་བཤད་དོ། །འོ་ན་རྣམ་པར་བཞག་པ་ལུགས་གཉིས་པོ་གང་གི་རྗེས་སུ་འབྲང་ཞེ་ན། ལག་ལེན་དེ་དག་དོགས་མཐའ་བཟུང་སྟེ། རྣམ་བཤད་རིག་པ་ལས། ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །ཞེས་གསུངས་ལ། སྨན་བླའི་མདོ་ལས། དགེ་སློང་མ་གང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་དང༌། ཞེས་གསུངས་པ་དང༌། མདོ་རྩ་བའི་མཚན་འགྱུར་གྱི་འགྲེལ་ཆུང་ལས། དགེ་སློང་མའི་ཁྲིམས་ལྔ་བརྒྱ་བསྲུང་ངོ༌། །ཞེས་གསུངས་པའི་གནད་ཀྱིས་ལུགས་ཕྱི་མ་ལྟར་བཤད་ན་ལེགས་སམ་སྙམ་ཞེས་མཚོ་སྣ་བས་གསུངས་སོ། །གསུམ་པ་ནི། དགེ་སློང་གིས་རབ་ཏུ་བྱུང་བ་མོའི་ཕྱིར་ཟས་གོས་ལ་སོགས་ཟང་ཟིང་སྦྱིན་པ་ཉེ་བར་བསྒྲུབ་ཏུ་རུང་སྟེ་འཕོངས་པ་ལ་སོགས་པའི་རྒྱུ་བྱུང་ནའོ། །དེ་ཡང་ལུང་ཕྲན་ཚེགས་ལས། དགེ་སློང་དེས་མུ་གེའི་དུས་ན་དགེ་སློང་མ་བསོད་སྙོམས་ཀྱིས་ཕོངས་པ་དེ་ལ་བསོད་སྙོམས་ཀྱི་ཕྱེད་སྦྱིན་ནོ་ཞེས། གསུངས་སོ། །ཆུང་མར་གྱུར་པའི་དགེ་སློང་མ་ཉིད་ལ་ཡང་ངོ་ཞེས་བྱ་བའི་སྒྲས་ནི་མ་དང་སྲིང་མོ་ལ་སོགས་པ་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། །དགེ་སློང་མ་དེས་དགེ་སློང་དེ་ལས་ཟང་ཟིང་བླང་བ་ཡང་ངོ༌། །མ་མེད་པ་མཚོན་མོ་ཉལ་མི་ནུས་པའི་བུ་ཆུང་ངུ་དང༌། དེའི་མར་གྱུར་པའི་དགེ་སློང་མ་ལྷན་ཅིག་ཉལ་བ་ནི། རུང་བའི་ཁོངས་སུ་མ་གཏོགས་པ་ཉིད་མ་ཡིན་ནོ། །དགེ་སློང་མ་ཐམས་ཅད་ལ་རུང་ངམ་ཞེ་ན། བུ་ཆུང་ངུ་དང་ལྷན་ཅིག་ཉལ་བའི་གནང་བ་ཐོབ་པ་ལའོ། །དགེ་སློང་མ་དེ་ལ་གནང་བ་དེ་དགེ་སློང་མའི་དགེ་འདུན་གྱི་གསོལ་གཉིས་ཀྱི་ལས་ཀྱིས་སྦྱིན་པར་བྱའོ། ། དུས་ཕྱིས་བུ་དེ་ཆེན་པོར་(༢༣༡ན)


K8Z003_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ན་ནི། ལུང་ཕྲན་ཚེགས་ལས། དགེ་སློང་མ་རྣམས་བུ་ཆེན་པོར་གྱུར་པ་དེའི་ཚེ་དེ་དང་ལྷན་ཅིག་ཁང་པ་གཅིག་ཏུ་ཉལ་བར་མི་རུང་སྟེ། ཇི་ལྟར་བསླབ་པ་བཅས་པ་བཞིན་སློབས་ཤིག་ཅེས། གསུངས་སོ། །དེས་ན་ཁྲིམས་གྲོགས་མེད་པར་མཚན་མི་མཐུན་པ་དང༌། ཁང་པ་གཅིག་ཏུ་ཉལ་བའི་ལྟུང་བ་བསྐྱེད་པ་ལ་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་པ་ཤ་ལུགས་པར་སྨྲ་བ་རྣམས་མི་རིགས་སོ། །གཉིས་པ་ལ། སྤྱིའི་དོན་དང༌། སོ་སོའི་དོན་ནོ། །དང་པོ་ནི། དགེ་སློང་མའི་ལྟུང་བྱེད་བརྒྱ་རྩ་བརྒྱད་པོ་འདི་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་ཞེ་ན། ལྟུང་མེད་དུ་འགྱུར་བ་བཅོ་ལྔ་སྟེ། མ་ལོན་འཁོར་དང་འཁོར་མེད་ཉེར་འཇོག་དང༌། །འཁོར་མང་གསོག་དང་གནོད་འགྱུར་སྤང་གསུམ་དང༌། །སྨེ་གབ་མི་འཆང་ཆུ་གོས་མི་འཆང་དང༌། །བཀྲུ་བཤལ་བ་ལ་གོས་ནི་འཁྲུར་འཇུག་དང༌། །ལྕི་བའི་ཆོས་ལས་འདས་པ་སྐབས་ཀྱི་གཞི། །ཕྱི་སར་གཅིག་པུར་འགྲོ་དང་བཅོ་ལྔའོ། །ཞེས་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་དག་དགེ་སློང་ལ་ལྟུང་མེད་དུ་བཞག་པ་ནི་སྐྱེས་པ་ལ་དེ་རྣམས་ཀྱི་དབང་དུ་བྱས་པའི་དགག་བྱ་མེད་པའི་ཕྱིར་རོ། །རྒྱ་སྐྱེགས་ཀྱི་ཆང་བུ་འཇུད་པའི་དོད་པོ། དགེ་སློང་གི་འབྱིན་པའི་དགེ་འདུན་ལྷག་མ་སྟེ། གལ་ཏེ་དགེ་སློང་གིས་རང་གི་ཁའམ་བཤང་ལམ་དུ་རྒྱ་སྐྱེགས་ཀྱི་ཆང་བུ་འཇུད་ན་ནི་སྦོམ་པོར་འགྱུར་བ་ནི་ཊཱི་ཀ་ལས་བཤད་དོ། །ཉེས་མེད་བཅོ་ལྔ་དང་རྒྱ་སྐྱེགས་ཀྱི་ཆང་བུ་འཇུག་པ་སྟེ་བཅུ་དྲུག་པོ་དེ་དག་མ་གཏོགས་པ་འདི་རྣམས་ཐམས་ཅད་དགེ་སློང་ལ་ཉེས་བྱས་སུ་འགྱུར་ཏེ། དབང་དུ་བྱ་བའི་དགག་བྱ་མ་རྫོགས་པ་དང་ལྡན་པའི་ཕྱིར་རོ། །གཉིས་པ་སོ་སོའི་དོན་ལ་བརྒྱ་དང་བརྒྱད་པོ། ཊཱི་ཀར་ཚན་པ་བཅོ་ལྔར་ཕྱེ་སྟེ། བརྟུལ་ཞུགས་ལེན་འཇུག་ལས་གྱུར་དང༌། །ལེན་འཇུག་ཡལ་དོར་ལས་གྱུར་དང༌། །ཚངས་སྤྱོད་ཡོངས་(༢༣༡བ)


K8Z003_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ལས་གྱུར་དང༌། །རྩེ་མོ་ཉིད་ལས་གྱུར་པ་དང༌། །ཡོ་ལང་ལས་ནི་གྱུར་པ་དང༌། །སྟན་ལས་གྱུར་པ་བརྗོད་པ་དང༌། །ལག་གི་ལས་ལས་གྱུར་པ་དང༌། །བཟའ་མ་ཟས་ལས་གྱུར་པ་དང༌། །བགོ་བ་གོས་ལས་གྱུར་པ་དང༌། །སེར་སྣའི་དབང་ལས་གྱུར་པ་དང༌། །གནས་ལས་གྱུར་པ་བརྗོད་པ་དང༌། །སྡོམ་པ་ལས་ནི་གྱུར་པ་དང༌། །རྒྱུ་དང་མི་རྒྱུ་ལས་གྱུར་དང༌། །བརྗོད་པ་སྨྲ་བ་ལས་གྱུར་དང༌། །སྒྲུབ་པ་ལས་གྱུར་ལྟུང་བྱེད་དོ། །དང་པོ་ལ་བཅུ་བདུན་ཏེ། མ་ལོན་ཉེར་འཇོག་ལྟུང་བྱེད་དང༌། །འཁོར་ཉེར་འཇོག་པའི་ལྟུང་བྱེད་དང༌། །འཁོར་མང་ཉེར་འཇོག་ལྟུང་བྱེད་དང༌། །བཅུ་གཉིས་མ་ལོན་རྫོགས་བྱེད་དང༌། །ཉི་ཤུ་མ་ལོན་རྫོགས་བྱེད་དང༌། །ཚིག་འདས་ལྟུང་བྱེད་གཉིས་པོ་དང༌། །བསླབ་ལ་མ་བསླབས་རྫོགས་བྱེད་དང༌། །བསླབ་ལ་བསླབས་པ་རྫོགས་མི་བྱེད། །ཆོས་འཚོང་པ་ཡི་ལྟུང་བྱེད་དང༌། །འདྲིད་པར་བྱ་བའི་ལྟུང་བྱེད་དང༌། །འཁོར་མང་གསོག་པའི་ལྟུང་བྱེད་དང༌། །མ་གནང་སྡུད་པའི་ལྟུང་བྱེད་དང༌། །སྐྱོན་ཅན་སྡུད་པའི་ལྟུང་བྱེད་བཞིའོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོ་བསྙེན་པར་རྫོགས་ནས་ལོ་བཅུ་གཅིག་ལོན་པས་གཞན་བསྙེན་པར་རྫོགས་པར་བྱེད་པ་ལས་སོ། །དགག་བྱ་ནི་རྟེན་དང་བརྟེན་པ་གཉིས་བསླབ་པ་མི་བརྟན་པར་འགྱུར་བའོ། །མཁན་མོ་ཉིད་ཀྱིས་གཞན་རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །གནས་སྐབས་གང་ལ་ཞེ་ན། མཁན་མོ་རང་ཉིད་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པ་ཉིད་ལའོ། །གང་གིས་ཞེ་ན། མཁན་མོ་བདག་ཉིད་བསྙེན་པར་རྫོགས་པས་སོ། །ལོ་བཅུ་གཉིས་མ་ལོན་པར་ཉེ་བར་འཇོག་པའི་ལྟུང་བྱེད་དོ།། །།གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། གནང་བ་སྦྱིན་པའི་དགོས་པ་ནི་གནང་བ་མ་ཐོབ་པར་འཁོར་དང་འཁོར་མང་ཉེ་བར་འཇོག་ན་ལྟུང་བྱེད་དུ་འགྱུར་(༢༣༢ན)


K8Z003_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་གནང་བ་སྦྱིན་པས་འཁོར་དང་འཁོར་མང་ཉེ་བར་བཞག་ཀྱང་ལྟུང་བ་མི་འབྱུང་བ་དང༌། ཁྱོད་ཀྱིས་འཁོར་དང་འཁོར་མང་ཉེ་བར་འཇོག་ཏུ་རུང་ན་ངས་ཀྱང་འཇོག་ཏུ་ཅིའི་ཕྱིར་མི་རུང་ངོ་ཞེས་འགྲན་ནས་བཅས་པའི་རྒྱ་རལ་བར་འགྱུར་བ་ལས། ལས་ཀྱི་ཆོ་གས་བྱིན་པས་བཅས་པའི་ས་མཚམས་ཟིན་པའོ། །བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་གནང་བ་སྦྱིན་པ་ནི། མཁན་མོར་འོས་པའམ་མཚན་ཉིད་དང་ལྡན་པ་ལ་སྟེ་བཙུན་པའི་ཡན་ལག་ཏུ་བསྙེན་རྫོགས་ཀྱི་སྡོམ་པ་དག་པ་དང༌། བརྟན་པའི་ཡན་ལག་ཏུ་བསྙེན་པར་རྫོགས་ནས་བར་མ་ཆད་ལོ་བཅུ་གཉིས་ལོན་པ་དང༌། མཁས་པའི་ཡན་ལག་ཏུ་འདུལ་བ་ཤེས་པ་དང༌། ཕན་འདོགས་ཀྱི་ཡན་ལག་ཏུ་སྙིང་རྗེ་དང་བཟོད་པར་ལྡན་པ་ལ་སོགས་ལྔ་ཕྲུགས་ཀྱི་སྐབས་སུ་བཤད་པ་བཞིན་ནོ། །དེ་ལྟར་མཁན་མོར་འོས་པའི་མཚན་ཉིད་དང་ལྡན་པ་དེ་དག་གི་སྟེང་དུ་སྦྱིན་པའི་ཡུལ་གྱི་ཐུན་མོང་བ་འདི་རྣམས་བསྣན་ཏེ། མཚམས་ཀྱི་ནང་ན་གནས་པ་དང༌། ཚོགས་སུ་མ་ཚང་བ་དང༌། སྔར་གནང་བ་བྱིན་པ་དང་མ་འབྲེལ་བ་དང༌། རང་གིས་ལན་གསུམ་གསོལ་བ་འདེབས་པས་གནང་བ་སྦྱིན་ནོ། །གཉིས་པ་རྟེན་གང་གིས་སྦྱིན་པ་ནི། དགེ་འདུན་མ་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་དང་ཕྱག་བཙལ་ནས་ཐལ་མོ་སྦྱར་ཞིང་ཙོག་ཙོག་པུར་འདུག་པའི་སྤྱོད་ལམ་བསྟེན་ཏེ་གསོལ་བ་འདེབས་པ་དང༌། དངོས་གཞི་གསོལ་གཉིས་ཀྱི་ལས་དང་མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །བཞི་པ་གནང་བ་བྱིན་པ་འཇིག་པའི་རྒྱུ་ནི། མཚན་གྱུར་པ་དང༌། བབས་པ་དང༌། ཤི་བ་དང་མཚན་གཉིས་གཅིག་ཅར་དུ་བྱུང་བ་སྟེ་འདི་ལ་ཆོ་ག་རྣམས་གྱུར་ཏོ་ཞེས་གསུངས་པ་(༢༣༢བ)


K8Z003_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཞིང་མ་ཡིན་པར་གྱུར་པའི་ཕྱིར་ཞེས་སྔ་ཕྱིའི་སྒྲུབ་བྱེད་དོ། །གཉིས་པ་ནི། གླེང་གཞི་སྦོམ་དགའ་མོས་དགེ་འདུན་ལ་གནང་བ་མ་ཞུས་པར་འཁོར་ཉེ་བར་འཇོག་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་འཁོར་རྗེས་སུ་མི་སྐྱོང་བ་ལས་འཁོར་རྣམས་ཚུལ་ཁྲིམས་ཉམས་པར་འགྱུར་བའོ། །འཁོར་གཅིག་གམ་གཉིས་དང་འཁོར་གསུམ་ཡན་ཆད་མང་པོ་ཉེ་བར་བཞག་པའི་གནང་བ་དགེ་སློང་མ་ལ་དགེ་སློང་མའི་དགེ་འདུན་གྱིས་གསོལ་གཉིས་ཀྱིས་སྦྱིན་པར་བྱའོ། །ཅི་ཐམས་ཅད་ལ་སྦྱིན་ནམ་ཞེ་ན། འཁོར་དེ་ཉེ་བར་འཇོག་ནུས་པ་ནད་གཡོག་དང༌། འགྱོད་པ་བསལ་བ་ལ་སོགས་ནུས་པ་ལའོ། །མ་གཏོགས་པ་ཉིད་མ་ཡིན་ནོ་ཞེས་སྔ་མར་སྦྱར་ཏེ་གནང་བ་མ་ཐོབ་ན་ནི་དགེ་སློང་མས་འཁོར་དང་འཁོར་མང་པོ་ཉེ་བར་བཞག་ཏུ་མི་རུང་ངོ༌། །དེ་ཉེ་བར་འཇོག་ནུས་པ་ཐམས་ཅད་ལ་སྦྱིན་ནམ་ཞེ་ན། དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་པ་ཉིད་ལའོ། །འཁོར་ཉེ་བར་འཇོག་ནུས་པ་དང་ལོ་བཅུ་གཉིས་ལོན་པ་ལས་གཞན་འཁོར་ཉེ་བར་འཇོག་མི་ནུས་པ་དང༌། བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པའི་དགེ་སློང་མ་གཞན་གྱིས་གནང་བ་དེ་གསོལ་བར་མི་བྱའོ། །ཊཱི་ཀར། ཞར་ལས་བྱུང་བ་རྫོགས་སོ། །ཞེས་ཞར་དུ་བསྟན་ཏོ། །གང་ལ་འཁོར་ཉེ་བར་འཇོག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མ་གང་གིས་སྔར་འཁོར་ཉེ་བར་བཞག་པའི་གནང་བ་མ་ཐོབ་པ་ལ་ལྟུང་བྱེད་འདིར་འགྱུར་རོ། །ཅི་ཞིག་བྱས་ན་ལྟུང་བྱེད་དུ་འགྱུར་ཞེ་ན། འཁོར་ཉེ་བར་འཇོག་པའི་གནང་བ་མ་ཐོབ་པའི་དགེ་སློང་མ་དེ་འཁོར་གཅིག་གཉིས་ཙམ་ཉེ་བར་འཇོག་ན་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀར། འཁོར་ཉེ་བར་འཇོག་པ་ཞེས་བྱ་བ་ནི་རབ་ཏུ་འབྱིན་པ་དང༌། བསྙེན་པར་རྫོགས་པར་བྱེད་པ་དང་དགེ་སློང་མར་བྱེད་པ་དང་གནས་(༢༣༣ན)


K8Z003_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པར་བྱེད་པ་བཞི་པོ་དག་གོ། །ཞེས་སོ། །འཁོར་ཉེ་བར་འཇོག་པའི་ལྟུང་བྱེད་དོ།། །།གསུམ་པ་ནི། གླེང་གཞི་སྦོམ་དགའ་མོས་འདོད་ཆེན་གྱིས་འཁོར་མང་པོ་ཉེ་བར་བཞག་ནས། ཆོས་མི་སྟོན་གདམས་ངག་མི་སྟེར་བས། དེ་དག་མ་དུལ་མ་ཞི་མ་བསྲུངས་པར་གྱུར་པ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། །འཁོར་ཉེ་བར་འཇོག་པ་ལས་གཅིག་ཤོས་འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེད་ནི་འཁོར་མང་པོ་སྟེ་འཁོར་གསུམ་ཡན་ཆད་ཉེ་བར་འཇོག་ནའོ། །དེ་ཡང་འཁོར་མང་ཉེར་འཇོག་གི་གནང་བ་མ་ཐོབ་པའི་དགེ་སློང་མས་འཁོར་གསུམ་ཡན་ཆད་ཉེ་བར་འཇོག་ན་ལྟུང་བྱེད་དུ་འགྱུར་རོ། །ཉེ་བར་འཇོག་པ་ནི་རྣམ་པ་བཞི་སྟེ། སྔ་མ་བཞིན་ནོ། །འཁོར་མང་པོ་ཞེས་པ་ནི་གསུམ་ཡན་ཆད་ལ་མང་པོའི་སྒྲ་འཇུག་ཅིང༌། འགྲེལ་ཆུང་ལས། སློབ་མ་དང་ཉེ་གནས་མང་དུ་འཆང་ན་ལྟུང་བའོ། ། གོང་མ་ནི་སློབ་མ་གཅིག་གཉིས་ཙམ་ལ་བྱའོ། །ཞེས་སོ། །འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེད་དོ།། །།བཞི་པ་ལ། སྦོམ་དགའ་མོས་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་མ་ལོན་པ་རྫོགས་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་བསྙེན་པར་རྫོགས་མི་རན་པ་ལ་བྱས་པས་གཞན་གྱི་རྒྱུད་ཆུད་ཟོས་པའོ། །བུད་མེད་ཁྱིམ་སོ་བཟུང་བ་བག་མར་བཏང་བ་ལོ་བཅུ་གཉིས་ཉིད་ཀྱི་མདུན་རོལ་དུ་བསྙེན་པར་རྫོགས་པར་བྱེད་པ་ལ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ། །ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ།། །།ལྔ་པ་ནི། སྦོམ་དགའ་མོས་ལོ་ཉི་ཤུ་མ་ལོན་པ་རྫོགས་པར་བྱས་པ་ན་བཅས་པ་སྟེ་དགག་བྱ་གོང་དང་འདྲ། བུད་མེད་ཁྱིམ་སོ་བཟུང་བ་ལས་གཞན་ཁྱིམ་སོ་མ་བཟུང་བ་ནི་ལོ་ཉི་ཤུའི་མདུན་རོལ་དུ་བསྙེན་པར་རྫོགས་པར་བྱེད་ན་མཁན་མོ་ལ་ལྟུང་(༢༣༣བ)


K8Z003_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུ་འགྱུར་རོ། །ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ།། །།དྲུག་པ་དང་བདུན་པ་ནི། གླེང་གཞི་ནི་སྦོམ་དགའ་མོས་དགེ་སློབ་མའི་བསླབ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་པ་ལས་སོ། །དགག་བྱ་ནི་དགེ་སློང་མའི་བསླབ་པ་མི་བརྟན་པར་འགྱུར་བའོ། །དགེ་སློབ་མའི་བསླབ་པ་མ་བྱིན་པ་ཁྱིམ་སོ་བཟུང་བ་དང༌། ཁྱིམ་སོ་མ་བཟུང་བ་གཉིས་མཁན་མོ་ཉིད་ཀྱིས་བསྙེན་པར་རྫོགས་པར་བྱེད་པ་ལའོ་ཞེས་སྔ་མར་སྦྱར་ཏེ་མཁན་མོ་ལ་ལྟུང་བྱེད་གཉིས་སོ། །འོ་ན་ཚངས་སྤྱོད་ཉེར་གནས་མ་བྱས་པར་བསྙེན་རྫོགས་བྱེད་ན་ཅིར་འགྱུར་ཞེས་འདྲི་ན། མདོ་རྩ་འགྲེལ་ལས་གསལ་བར་མ་གསུངས་ཀྱང༌། ལུང་དགེ་སློང་མའི་རྣམ་འབྱེད་ལས། ལོ་ཉི་ཤུ་ལོན་པ་ཚངས་པར་སྤྱད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་གསོལ་བར་དགེ་སློང་མའི་དངོས་པོ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །མའི་སོ་སོར་ཐར་པའི་འགྲེལ་པ་ལས་ཀྱང༌། ཡང་དགེ་སློང་མ་གང་ལོ་ཉི་ཤུ་ལོན་པ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་པ་ན་ལྟུང་བྱེད་དོ། །ལྟུང་བྱེད་དེ་ནི་མའི་སོ་སོར་ཐར་པ་དང་མདོ་རྩ་འགྲེལ་ལས་ནི་མ་བཤད་དོ། །ཚིག་ལས་འདས་པའི་ལྟུང་བྱེད་གཉིས་སོ།། །།བརྒྱད་པ་ནི། གླེང་གཞི་དགེ་སློབ་མའི་བསླབ་པ་ལ་ལོ་གཉིས་སུ་མ་སྤྱད་པ་དེ་ཉིད་སྦོམ་དགའ་མོས་བསྙེན་རྫོགས་བྱེད་པ་ལ་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་དགེ་སློང་མའི་སྡོམ་པ་མི་བརྟན་པར་འགྱུར་བའོ། །དགེ་སློབ་མའི་སྡོམ་པ་བྱིན་དུ་ཟིན་ཀྱང་དགེ་སློབ་མའི་བསླབ་པ་དེ་ལ་ལོ་གཉིས་སུ་མ་སྤྱད་པ་ཉིད་བསྙེན་པར་རྫོགས་པར་བྱེད་པ་ཉིད་ལའོ་ཞེས་སྔ་མར་སྦྱར་ཏེ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ། །བསླབ་པ་ལ་མ་བསླབ་པ་བསྙེན་(༢༣༤ན)


K8Z003_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ།། །།དགུ་པ་ནི། གླེང་གཞི་སྦོམ་དགའ་མོའི་ལྷན་ཅིག་གནས་པ་དང་ཉེ་གནས་དག་དགེ་སློབ་མའི་བསླབ་པ་ལ་ལོ་གཉིས་སུ་བསླབས་ནས་དེ་དག་བསྙེན་རྫོགས་མི་བྱེད་པ་ལས་སོ། །དགག་བྱ་ནི་ཆོས་ལ་སེར་སྣར་གྱུར་པ་ལས་སོ། །ལོ་གཉིས་སུ་དགེ་སློབ་མའི་བསླབ་པ་ལ་སྤྱད་ཟིན་པ་ཉིད་བསྙེན་པར་རྫོགས་པར་འདོད་པ་དེ། མཁན་མོ་ཉིད་ཀྱིས་བསྙེན་པར་རྫོགས་པར་མི་བྱེད་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །ཊཱི་ཀ་ལས། རྐྱེན་མ་ཚང་བའི་ཕྱིར་བསྙེན་པར་རྫོགས་པར་མི་བྱེད་པ་ལ་ནི་ལྟུང་བ་མེད་དོ། །ཞེས་སོ། །བསླབ་པ་ལ་བསླབས་པ་བསྙེན་པར་རྫོགས་པར་མི་བྱེད་པའི་ལྟུང་བྱེད་དོ།། །། བཅུ་པ་ནི། གླེང་གཞི་སྦོམ་དགའ་མོ་ལ་དགེ་སློང་མས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་ཞུས་པ་ན། གལ་ཏེ་ཁོ་མོ་ལ་གོས་བྱིན་ན་དེའི་འོག་ཏུ་ཁྱོད་བསྙེན་རྫོགས་བྱའོ་ཞེས་སྨྲས་པ་ལས་སོ། །དགག་བྱ་ནི་ཆོས་འཚོང་བ་ལས་ལོག་འཚོ་ལྡན་པར་འགྱུར་བའོ། །གལ་ཏེ་ཁོ་མོ་ལ་ཁྱོད་བསྙེན་པར་རྫོགས་པའི་རྔན་པ་གོས་བྱིན་པ་ལྟ་ན། དེའི་ཕྱིར་ཁྱོད་བསྙེན་རྫོགས་བྱའོ་ཞེས་བསྙེན་པར་རྫོགས་པར་ལེན་འདོད་པ་ལ་དེ་སྐད་ཟེར་བ་ལ་ཕ་རོལ་པོ་དེས་དོན་གོ་ན་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས། འདིར་གོས་སྨོས་པ་ནི་རིན་པོ་ཆེ་དང་ཐ་ན་རྐང་པ་མཉེ་བ་ལ་སོགས་པའི་དཔེ་ཡིན་ཏེ་དེ་དག་ཡང་ལྟུང་བྱེད་ཁོ་ནར་འགྱུར་རོ། །ཞེས་སོ། །སྡོམ་པ་གཞན་བླང་བའི་ཕྱིར་དེ་སྐད་ཟེར་བ་དང་ཀློག་པའི་ཕྱིར་དེ་སྐད་ཟེར་བ་ལ་ཉེས་བྱས་སོ་ཞེས་སོ། །ཆོས་འཚོང་བའི་ལྟུང་བྱེད་དོ།། །།བཅུ་གཅིག་པ་ནི། གླེང་གཞི་གཽ་ཏ་མི་སྐོམ་མོ་ལ་བུད་མེད་གཅིག་གིས་བདག་རབ་ཏུ་དབྱུང་འཚལ་ལོ་ཞེས་ཟེར་བ་ལ། ཁྱོད་ཁྱིམ་རྒྱས་པར་བྱ་བ་སྐོངས་དང་དེའི་འོག་ཏུ་ཁྱོད་རབ་ཏུ་བྱུང་བ་དཀའ་བར་(༢༣༤བ)


K8Z003_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་རོ་ཞེས་སྨྲས་པ་དང༌། དེས་དེ་སྤངས་ཏེ་འོངས་པ་དང་དེས་དེ་རབ་ཏུ་མ་ཕྱུང་བ་ལས་བདག་ནི་ཁྱིམ་ན་གནས་པ་ཡང་མ་ཡིན་ལ། རབ་ཏུ་བྱུང་བ་ཡང་མ་ཡིན་ནོ་ཞེས་ཁ་ཟེར་བའི་སྐབས་ལས་སོ། །དགག་བྱ་ནི་འདྲིད་པ་དེས་གཞན་ལ་གནོད་པའོ། །རབ་ཏུ་བྱུང་བར་འདོད་པའི་བསམ་པ་སྐྱེ་བ་དང་མཐུན་པའི་ཚིག་ཁྱིམ་པ་མོ་ལ་བསྟན་པས་ཁྱིམ་རྒྱས་པར་བྱ་བ་སྟེ་ཁྱིམ་ན་གནས་པ་ལ་དགོས་པའི་ཡོ་བྱད་རྣམས་སྤོང་དུ་བཅུག་ནས་རབ་ཏུ་མི་འབྱིན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས། གཞན་གྱི་འདྲིད་པ་ལ་ནི་ཉེས་བྱས་སོ། །ཞེས་སོ། །འདྲིད་པའི་ལྟུང་བྱེད་དོ།། །།བཅུ་གཉིས་པ་ནི། གླེང་གཞི་སྦོམ་དགའ་མོས་ལོ་རེ་རེ་ཞིང་རབ་ཏུ་བྱུང་ནས་དེ་དག་ལ་འབོད་པའི་ཚེ་ལོ་གཅིག་པ་ལོ་གཉིས་པ་ལོ་ལྔ་པ་ཞེས་འབོད་པ་དང༌། གཞན་གྱིས་སྨྲས་པ་ཅི་ཁྱོད་ཀྱིས་འདི་རྣམས་ཀྱི་མིང་མི་ཤེས་སམ་ཞེས་ཟེར་བ་ན། འདི་སྙེད་ཀྱི་མིང་སུས་ཤེས་པར་འགྱུར་ཞེས་ཟེར་བ་ལས་སོ། །དགག་བྱ་ནི་མང་པོ་མི་སྐྱོངས་པས་སྡོམ་པ་ཉམས་པའི་རྒྱུར་འགྱུར་བའོ། །མཁན་མོ་གང་ཞིག་གིས་ལོ་གང་ལ་གང་རབ་ཏུ་ཕྱུང་བའི་ལོ་དེ་ཉིད་ལ་སྔར་རབ་ཏུ་ཕྱུངས་ཟིན་པ་དེ་ལས་གཞན་རབ་ཏུ་འབྱིན་ནམ། །ལོ་དེའི་རྗེས་སུ་ཕྱི་དེ་ལོ་ལ་གཞན་རབ་ཏུ་འབྱིན་པ་ལ་ལྟུང་བྱེད་དུ་འགྱུར་བའོ། །ལོའི་རྗེས་སུ་ལོ་གཉིས་པ་ལ་རབ་ཏུ་འབྱིན་པ་ལ་ལྟུང་བྱེད་དུ་འགྱུར་ན་ལོ་དེ་ཉིད་ལ་ལྟ་ཅི་སྨོས་སོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས། ལོ་གསུམ་པ་ལ་སོགས་པ་དག་ལ་ནི་ལྟུང་བ་མེད་དོ། །ཞེས་གསུངས་སོ། །འཁོར་མང་པོ་གསོག་པའི་ལྟུང་བྱེད་དོ།། །།བཅུ་གསུམ་པ་ནི། གླེང་གཞི་ནི་བུད་མེད་གཅིག་ཁྱིམ་ཐབས་དང་རྩོད་ཅིང་འདུག་པ་ན། སྦོམ་དགའ་མོས་དེ་ལ་ཁྱོད་ཅིའི་ཕྱིར་རབ་ཏུ་མི་དབྱུང་ཞེས་སྨྲས་ཏེ། དེ་དེས་རབ་ཏུ་ཕྱུང་བ་དང་ཁྱིམ་བདག་དེ་ཁ་ཟེར་བ་ལས་སོ། །དགག་བྱ་ནི་དེའི་ཁྱིམ་ཐབས་ལ་གནོད་པར་(༢༣༥ན)


K8Z003_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའོ། །བུད་མེད་བདག་པོས་མ་གནང་བ་སྟེ་ཆུང་མ་དབྱུང་དུ་ཁྱིམ་ཐབས་ཀྱིས་མ་གནང་བ་ཉིད་རབ་ཏུ་འབྱིན་པ་ལ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། ། འགྲེལ་ཆུང་ལས། བུད་མེད་ཀྱི་ཁྱིམ་ཐབས་མེད་པ་ཕ་མས་མ་གནང་བ་རབ་ཏུ་ཕྱུང་ན་ལྟུང་བྱེད་དོ། །ཞེས་བཤད་ཀྱང༌། རང་གི་རྣམ་བཤད་དང་ཊཱི་ཀ་ལས། བདག་པོ་ལ་ནི་ཇི་ལྟར་ཆུང་མ་རབ་ཏུ་ཕྱུང་བ་ལ་གནོད་པར་འགྱུར་བ་དེ་ལྟར་རང་ངམ་བུ་ལ་སོགས་པ་རབ་ཏུ་ཕྱུང་ན་གནོད་པར་མི་འགྱུར་བས། ཞེས་གསུངས་སོ། །དེས་ན་ཕ་མས་མ་གནང་བ་རབ་ཏུ་ཕྱུང་བ་ཉེས་བྱས་སོ་ཞེས་སོ། །མ་གནང་བ་སྡུད་པའི་ལྟུང་བྱེད་དོ།། །།བཅུ་བཞི་པ། བཅོ་ལྔ་པ། བཅུ་དྲུག་པ། བཅུ་བདུན་པ་ནི། གླེང་གཞི་སྦོམ་དགའ་མོས་སྨད་འཚོང་མ་རབ་ཏུ་ཕྱུང་བ་དང༌། དེས་བུད་མེད་སྦྲུམ་མ་རབ་ཏུ་ཕྱུང་བ་དང༌། དེས་བུད་མེད་མྱ་ངན་གྱིས་གདུངས་པ་རབ་ཏུ་ཕྱུང་བ་དང༌། དེས་བུད་མེད་གཏུམ་མོ་འཐབ་ཀྲོལ་ཅན་རབ་ཏུ་ཕྱུང་བ་ལས་བཅས་སོ། །དགག་བྱ་ནི་འཁྲུལ་པ་མོ་དེ་ཉིད་དང༌། གཞན་གྱི་སྡོམ་previous hit ་ཉམས་པར་བྱེད་ཅིང་གཞན་རྣམས་མ་དད་པར་འགྱུར་བ་དང༌། རབ་བྱུང་སྦྲུམ་མ་ཅང ་མི་རིགས་སོ་ཞེས་འཕྱ་བའི་གནས་སུ་འགྱུར་བ་དང༌། མྱ་ངན་སངས་པ་ན་སྡོམ་པ་མི་བརྟན་པས་བསྟན་པ་ལ་རྨ་འབྱིན་པར་འགྱུར་བ་དང༌། འཐབ་རྩོད་འཕེལ་བས་རབ་བྱུང་མོ་རྣམས་ལ་གནོད་པར་འགྱུར་བའོ། །འཁྲུལ་པ་མོའོ་ཞེས་པ་ནི། ལུང་རྣམ་འབྱེད་ལས། སྨད་འཚོང་མ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ནི་མཚོན་པ་ཙམ་སྟེ་སྨད་འཚོང་མ་ཡིན་ཀྱང་རུང་མ་ཡིན་ཀྱང་རུང་སྟེ། མའི་སོ་ཐར་ལས་འཁྲུལ་མོ་ཞེས་སྤྱིར་གསུངས་པ་དང༌། དེའི་འགྲེལ་པ་ལས། བུད་མེད་འཕྱོན་མ་རབ་ཏུ་ཕྱུང་ན་ལྟུང་བྱེད་དོ་ཞེས་བཤད་དོ། །སྦྲུམ་མའོ་མྱ་ངན་གྱིས་(༢༣༥བ)


K8Z003_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར་བའོ་ཞེས་པ་ནི་གོ་སླའོ། །རྩབ་ཀྲོལ་ཅན་ནོ། །རྩབ་ཧྲལ་ནི། མའི་རྣམ་འབྱེད་ལས། བུད་མེད་འཐབ་ཀྲོལ་ཅན་ནོ་ཞེས་སོ། །ཊཱི་ཀ་ལས། རྩབ་ཧྲལ་ཅན་བསྙེན་པར་རྫོགས་པར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །སྦྲུམ་མ་བསྙེན་པར་རྫོགས་པ་ནི་ཉེས་བྱས་སོ། །ཞེས་གསུངས་པས། འཁྲུལ་པ་མོ་དང་མྱ་ངན་གྱིས་གཟིར་བ་བསྙེན་རྫོགས་བྱེད་ན་ཡང་ཉེས་བྱས་སུ་སྦྱར་རོ། །སྐྱོན་ཅན་སྡུད་པའི་ལྟུང་བྱེད་བཞིའོ།། །།གཉིས་པ་ལ་བཞི་སྟེ། ཕན་མི་འདོགས་པའི་ལྟུང་བྱེད་དང༌། །བར་ཆད་ལས་མི་འདྲེན་པའི་དང༌། །བསླབ་པ་མི་སློབ་ལྟུང་བྱེད་དང༌། །ནད་གཡོག་མི་བྱེད་ལྟུང་བྱེད་དོ། །དང་པོ་ནི། སྦོམ་དགའ་མོས་རབ་ཏུ་ཕྱུངས་ནས་དེ་དག་ལ་གདམས་ངག་མི་འབོགས་པ་དང༌། སྦོམ་དགའ་མོས་ཁྱིམ་ཐབས་བྱེས་སུ་སོང་བའི་ཆུང་མ་རབ་ཏུ་ཕྱུང་བ་ལས་སོ། ། དགག་བྱ་ནི་ལྷན་ཅིག་གནས་པ་དང་ཉེ་གནས་ལ་གནོད་པར་འགྱུར་བའོ། །རང་གིས་རབ་ཏུ་ཕྱུང་བ་དང་བསྙེན་པར་རྫོགས་པར་བྱས་པ་དག་ལ་ཆོས་སམ་ཟང་ཟིང་གིས་ཕན་འདོགས་དགོས་པའི་དུས་ལ་བབ་ཅིང་རང་ལ་ནུས་པ་ཡོད་བཞིན་དུ་ཆོས་སམ་ཟང་ཟིང་གིས་ཕན་མི་འདོགས་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །འདིར་བླ་མ་རྣམས་ནི་གདམས་ངག་དང་རྗེས་སུ་བསྟན་པས་ཕན་མི་འདོགས་པ་ངེས་བཟུང་དུ་འཆད་ཀྱང༌། དེར་མ་ཟད་དེ་འདི་ཉིད་ཀྱི་ལུང་རྣམ་འབྱེད་ལས། ཕན་མི་འདོགས་ན་ཞེས་བྱ་བ་ནི་ལྷུང་བཟེད་དང་ཆོས་གོས་དང་སྐེ་རགས་དང་ལུང་འབོགས་པ་དང་ཀློག་པ་དང་རྣལ་འབྱོར་ཡིད་ལ་བྱེད་པས་སོ་ཞེས་གསུངས་སོ། །གཉིས་པ་ནི། གླེང་གཞི་སྔར་གྱི་བཅས་གཞིས། དུས་ཕྱིས་ཁྱིམ་ཐབས་དེ་འོང་བར་ཐོས་ནས་བདག་ཕྱོགས་གཞན་ཞིག་ཏུ་བཀར་དུ་གསོལ་ཞེས་སྨྲས་ཀྱང༌། དེས་མ་བཀར་བ་དང༌། ཁྱིམ་ཐབས་(༢༣༦ན)


K8Z003_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དེས་དེ་བཟུང་བ་ལས་གཉིས་པ་བཅས་སོ། །དགག་བྱ་ནི་སྔར་དང་འདྲ། རང་གིས་དབྱུང་རྫོགས་བྱས་པའི་སློབ་མ་དེ་ཉེ་དུས་རབ་བྱུང་ལས་འབེབས་པར་འདོད་པ་ལ་སོགས་པར་བར་ཆད་དུ་འགྱུར་བ་མཐོང་ན། བར་ཆད་མེད་པའི་གནས་སུ་མི་འདྲེན་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ། །གསུམ་པ་ནི། སྦོམ་དགའ་མོས་རབ་ཏུ་ཕྱུང་ནས་དེ་དག་ལ་བསླབ་པ་རྣམས་སློབ་པར་མི་བྱེད་པ་ལས་གསུམ་པ་བཅས་སོ། །དགག་བྱ་ནི་སྔར་དང་འདྲའོ། །རང་གིས་བསྙེན་རྫོགས་བྱས་པའི་སློབ་མ་ལ་དགེ་སློང་མའི་བསླབ་པའི་ཁྲིམས་རྣམས་ལ་མི་སློབ་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ། །བཞི་པ་ནི། སྦོམ་དགའ་མོས་ལྷན་ཅིག་གནས་པ་དང༌། ཉེ་གནས་དག་ཉེ་བར་བཞག་ནས་ན་བ་ལ་ནད་གཡོག་མི་བྱེད་པ་ལས་སྡུག་བསྔལ་བར་གྱུར་པ་ལས་བཅས་སོ། ། དགག་བྱ་ནི་གོང་དང་འདྲའོ། །རང་གིས་དབྱུང་རྫོགས་བྱས་པའི་སློབ་མ་ནད་པ་ལ་ནད་གཡོག་མི་བྱེད་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །སློབ་མ་ན་བའི་ནད་གཡོག་མི་བྱེད་ན་ནི། མཁན་མོར་མ་ཟད་ཉེ་གནས་དེ་མཁན་མོ་གཅིག་པ་རྣམས་དང༌། གནས་ཀྱི་སློབ་དཔོན་མར་བཅས་པ་ལ་ཡང་ལྟུང་བྱེད་འགྱུར་རོ། །ཡལ་བར་འདོར་བར་འགྱུར་བའི་ལྟུང་བྱེད་བཞིའོ།། །།གསུམ་པ་ལ་ལྟུང་བྱེད་སོ་ལྔ་སྟེ། འདོད་པ་བསྟེན་པའི་ལྟུང་བྱེད་དང༌། །འདོད་བསྟེན་ལྟར་བཅོས་ལྟུང་བྱེད་དང༌། །འདོད་བསྟེན་ལྟར་གནོད་ལྟུང་བྱེད་དང༌། །བསྟེན་བྱ་འཆོས་པའི་ལྟུང་བྱེད་དང༌། །དགེ་མིན་བསྟེན་པ་བཅུ་གཅིག་དང༌། །བུ་འཚོ་བ་ཡི་ལྟུང་བྱེད་དང༌། །གནོད་འགྱུར་སྒོ་སྤང་ལྟུང་བྱེད་གསུམ། །ལོངས་སྤྱོད་གནས་བཏང་ལྟུང་བྱེད་དང༌། །བྱི་དོར་ལས་གྱུར་ལྟུང་བྱེད་བརྒྱད། །ཆུ་ལ་ལོངས་སྤྱོད་ལྟུང་བྱེད་དང༌། །འཆོས་ལས་གྱུར་པའི་ལྟུང་བྱེད་དྲུག །དང་པོ་ལ།(༢༣༦བ)


K8Z003_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་རྣམ་པར་བཞག་པ་དང༌། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོས་ཁྱིམ་ཐབས་བྱེས་སུ་སོང་བའི་ཆུང་མ་ལ་དྲིས་པ་ཁྱོད་དེའི་བར་དུ་ཇི་ལྟ་བུ་ཞིག་གིས་ཉོན་མོངས་པ་སེལ་བར་བྱེད། དེས་སྨྲས་པ། རྒྱ་སྐྱེགས་ཀྱི་ཆང་བུ་བཅངས་པས་སོ། །དེ་ནས་སྦོམ་དགའ་མོས་རྒྱ་སྐྱེགས་ཀྱི་ཆང་བུ་ཉོས་ཏེ་ཉོན་མོངས་པ་སེལ་བར་བྱེད་པ་ལས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བའོ། །དགེ་སློང་མ་རང་གིས། རང་གི་བསྟེན་པར་བྱ་བའི་ནང་དུ་སོར་གཉིས་ལས་འདས་པར་རྒྱ་སྐྱེགས་ཀྱི་ཆང་བུ་འཇུད་པ་ལ་ལྟུང་བྱེད་དུ་འགྱུར་ཏེ། ཆང་བུ་འཇུད་པ་འདི་ལ་ཊཱི་ཀ་ལས། ཁུ་བ་འབྱིན་པ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་སོ། །དེ་ཡང་རང་གི་རྣམ་བཤད་ལས། རྒྱ་སྐྱེགས་ཀྱི་ཆང་བུ་བཅུག་ཙམ་ལ་ནི་ལྟུང་བྱེད་ཁོ་ནར་འགྱུར་རོ། །ཁུ་བ་ཕྱུང་བའི་མཐར་ཡང་ལྟུང་བྱེད་ཁོ་ནར་ཤེས་པར་བྱའོ། །ཞེས་སོ། །ཊཱི་ཀ་ལས། རང་གིས་འཇུད་པ་ལ་བྱའི། གཞན་དུ་བཅུག་པ་ལ་ནི་མི་ཚངས་པར་སྤྱོད་པར་གཏོགས་པའི་སྦོམ་པོར་འགྱུར་རོ། །རྒྱ་སྐྱེགས་ཀྱི་ཆང་བུ་ཞེས་སྨོས་པ་ནི་རྫས་འཇམ་པོ་ཧ་ཅང་མི་སྲ་བ་གཞན་དག་གི་དཔེ་ཡིན་ནོ། །ཞེས་བཤད་དོ། ། གཉིས་པ་ནི། མདོ་རྩ་འགྲེལ་ལྟར་ན། རྒྱུན་ལས་བཟློག་ཕྱོགས་སུ་བཙལ་བར་མི་བྱའོ། །བཙལ་ན་བསླབ་བྱ་ལས་འདས་པའི་ཉེས་བྱས་སོ། །ཞེས་སོ། །འདི་ལ་ལུང་ཕྲན་ཚེགས་དང་དེའི་འགྲེལ་པ་ལས་ནི་སྦོམ་པོར་གསུངས་ཏེ། ལུང་ལས། ཆུའི་རྒྱུན་ལས་བཟློག་ཕྱོགས་སུ་འདུག་སྟེ་རེག་པར་དགའ་བར་བྱེད་ན་ལྟུང་བ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ལ། ལུང་དེའི་འགྲེལ་པ་ལས་ཀྱང༌། རྒྱུན་ལས་བཟློག་པའི་རེག་པ་བདག་གིར་བྱེད་པ་སྟེ་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོར་རོ་ཞེས་བཤད་པས་སྦོམ་པོ་བཏགས་(༢༣༧ན)


K8Z003_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པ་བར་དགོངས་ཞེས་རིགས་སོ། །དགེ་སློང་མས་མངལ་གྱི་སྒོར་ཁུ་ཆུ་བླུག་པར་མི་བྱའོ་སྟེ་ཉེས་བྱས་སོ། །ལུང་ལས། སྐེད་པ་ཕྲ་བར་བྱ་བའི་ཕྱིར་སྐེད་ཆིངས་ཀྱིས་གློ་བཅིང་བར་མི་བྱའོ་སྟེ་ཉེས་བྱས་སུ་འགྱུར་རོ། །ཞེས་སོ། །ཊཱི་ཀར། གློ་བཅིང་བར་བྱ་བའི་རྫས་གང་ཡང་རུང་ལ་སྐེད་ཆིངས། ཞེས་བྱའོ། །ནུ་མ་གཉིས་འཕྱར་དུ་མི་བཏང་བའི་ཆིངས་མའི་རྫས་གང་ཡང་རུང་བ་སྤྱི་ལ་བྲང་ཆིངས་ཞེས་བྱ་སྟེ། བྲང་ཆིངས་ཀྱི་ལུང་ལས། ནུ་མ་གཉིས་མཐོ་ཞིང་འགྲེང་བར་བྱ་བའི་ཕྱིར་ནུ་མ་གཉིས་བཅིང་བར་མི་བྱའོ་སྟེ་ཉེས་བྱས་སོ། །ཞེས་སོ། །རང་འགྲེལ་དང་ཊཱི་ཀ་ལས། ནུ་མ་གཉིས་ཕན་ཚུན་མི་འབྱར་བར་བྱ་བའི་ཕྱིར་བར་དུ་བཅད་པའི་རྫས་ནི་མཛེས་འགྱུར་གྱི་བར་ཆད་ཅེས་བྱ་སྟེ། མཛེས་འགྱུར་གྱི་བར་ཆད་ཀྱིས་ནུ་མ་གཉིས་ཀྱི་བར་དུ་བཅད་པར་མི་བྱའོ་སྟེ་ཉེས་བྱས་སུ་འགྱུར་རོ། །ཞེས་སོ། །སྐེད་ཆིངས་ལ་སོགས་པ་གཉིས་པོ་དེ་དག་ནི་དཔེ་ཡིན་ཏེ། སྐ་རགས་དང་མིག་ལྟོ་ལ་སོགས་པའི་རྫས་གང་གིས་འཆིང་ན་ཡང་ཁ་ན་མ་ཐོ་བ་འདྲའོ། །འདོད་པ་བསྟེན་པའི་ལྟུང་བྱེད་དོ།། །།གཉིས་པ་ནི། གླེང་གཞི་སྦོམ་དགའ་མོས་གསང་གནས་སུ་ལག་པ་བཅུག་ནས་ཉོན་མོངས་པ་ཞི་བར་གྱུར་གྱི་བར་དུ་བཀྲུས་པས། དེའི་གསང་གནས་སྐྲངས་པར་གྱུར་ཏེ། པུ་ཤེལ་ཙི་དང༌། ཙནྡན་ལ་སོགས་པའི་བྱུག་པ་ཉེ་གནས་རྣམས་ལ་བསླངས་པ་ལས་སོ། ། དགག་བྱ་ནི་སྔ་མ་དང་འདྲའོ། །དགེ་སློང་མས་རང་གི་སོར་མོའི་ཚིགས་གཉིས་ལས་ལྷག་པས་རང་གི་མོ་མཚན་གྱི་ནང་འཁྲུ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དྲི་ངན་པ་བཀྲུ་བའི་ཕྱིར་སོར་གཉིས་ཙམ་གཞུག་པ་གནང་བར་ལུང་དང་རང་འགྲེལ་དང་ཊཱི་ཀ་ལས་བཤད་པ་དང༌། ཚིགས་གཉིས་མ་འདས་ན་ཉེས་བྱས་ཞེས་མའི་སོ་ཐར་འགྲེལ་པ་ལས་བཤད་པ་རྣམས་མི་(༢༣༧བ)


K8Z003_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ཏེ། ཆགས་སེམས་མེད་པ་དང་ཡོད་པའི་ཁྱད་པར་གྱིས་སོ། །འདོད་པ་བསྟེན་པ་རྒྱ་སྐྱེགས་ཀྱི་ཆང་བུ་འཆང་བ་དང་འདྲ་བ་དེའི་གཟུགས་བརྙན་དང༌། དེ་ལྟར་བཅོས་པའི་ལྟུང་བྱེད་དོ།། །།གསུམ་པ་ནི། གླེང་གཞི་སྦོམ་དགའ་མོ་ཉོན་མོངས་པས་ཉེན་ནས་འདོད་ཆགས་ཞི་བར་གྱུར་གྱི་བར་དུ་གསང་བའི་ཕྱོགས་སུ་ཐལ་མོ་བསྣུན་པས་ཇི་ཙམ་ན་སྐྲངས་པར་གྱུར་ཏེ་ན་ནས་ངུ་བར་བྱེད་པ་ལས་སོ། །དགག་བྱ་ནི་ཆགས་པ་འཕེལ་བ་དང་རང་ལ་གནོད་པའོ། །དགེ་སློང་མ་རང་གི་མོ་མཚན་དེ་ལག་མཐིལ་གྱི་ཐལ་ལྕག་གིས་བསྣུན་པ་ལ་ལྟུང་བྱེད་དུ་འགྱུར་བའོ། །ཊཱི་ཀ་ལས། ཆགས་སེམས་ཀྱིས་ཀྱང་རུང་ཆགས་པར་མ་གྱུར་པས་ཀྱང་རུང་སྟེ་བྱེ་བྲག་མེད་དོ། །ཞེས་སོ། །ཧ་ཅང་འདོད་པ་བསྟེན་པ་ལས་སྐྲངས་པའི་སྡུག་བསྔལ་ལ་སོགས་པའི་གནོད་པར་གྱུར་པ་ཡོད་པ་ལྟར། ལག་མཐིལ་གྱི་ཐག་ལྕག་གིས་བསྣུན་པ་ལ་ཡང་གནོད་པར་འགྱུར་བ་ཡོད་པས་འདོད་པ་བསྟེན་པ་ལྟར་གནོད་པའི་ལྟུང་བྱེད་དོ། ། བཞི་པ་ནི། གླེང་གཞི་སྦོམ་དགའ་མོས་མདོམས་ཀྱི་སྤུའི་ལས་བྱས་པ་དེ་ནི་སྤུ་བསྒྲིལ་བ་ཡིན་པར་ཤ་མི་དང་ཡར་སྟོད་པ་གསུང་ཡང༌། ལུང་རྣམ་འབྱེད་ལས། སྤུའི་ལས་བྱེད་པ་ཞེས་བྱ་བ་ནི་རྨོངས་འབྲེག་ནའོ་ཞེས་འབྱུང་སྟེ་བུད་མེད་རྣམས་ལ་བསྟན་ཏེ། ཏིལ་འབྲུས་ཁྲ་བོར་བྱས་པའི་སེན་རྩེ་ལྟར་འདུག་པ་ལ་ལྟོས་ཞེས་སྨྲས་པ་དང༌། འདི་ནི་རབ་ཏུ་བྱུང་བ་དང་འཚམས་པ་མ་ལགས་སོ་ཞེས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་ཆགས་པ་འཕེལ་བའོ། །དགེ་སློང་མ་རང་གི་མོ་མཚན་དེ་ལས་སྤུ་འཐོག་པར་བྱེད་དམ། བྱེད་དུ་འཇུག་པ་ལ་ཕལ་ཆེར་གཏོགས་པ་ན་ལྟུང་བྱེད་དུ་འགྱུར་བའོ། །བསྟེན་པར་བྱ་བ་འཆོས་པའི་ལྟུང་བྱེད་དོ།། །།ལྔ་པ་ལ། འགྲེང་བ་བཞི་ཡི་དམིགས་བསལ་བསྟན། །བཤུབ་ཅིང་(༢༣༨ན)


K8Z003_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བའི་ལྟུང་བྱེད་བཞི། །རིག་པ་ལེན་ཀློག་ལྟུང་བྱེད་གཉིས། །རྨ་བཅིངས་འགྲོལ་འཇུག་དམིགས་བསལ་ལོ། །དང་པོ་ནི། ཁྱིམ་པ་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བའི་གླེང་གཞི་ནི། སྦོམ་དགའ་མོ་སྐྱེས་པ་དང་ལྷན་ཅིག་སྐྱབས་ཡོད་པ་ན་གཏམ་བྱེད་པ་དང༌། ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་སྨྲས་པ། ཁྱེད་ཉིན་མོར་བརྡ་བྱས་ནས་མཚན་མོར་ཉེས་པར་སྤྱོད་པར་འགྱུར་རོ་ཞེས་ཟེར་བ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །དགེ་སློང་མ་གཅིག་པུ་ཁྱིམ་པ་འཁྲིག་པ་བསྟེན་པའི་མཐུ་ཡོད་པ་གཅིག་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདོམ་གང་གི་ནང་ཚུན་ཆད་དུ་ཁྲིམས་གྲོགས་མེད་པར་འགྲེང་བ་ལ་ལྟུང་བྱེད་དུ་འགྱུར་རོ། །སྐྱབས་ཇི་ལྟ་བུ་ཞེ་ན། རྩིག་པ་དང༌། སབ་མོ་དང༌། ཡོལ་བ་དང༌། ཐིབས་པོ་དང༌། མུན་པ་དང་ལྔ་པོ་དེ་དག་གང་རུང་གཅིག་གིས་སྐྱབས་ཡོད་པ་དེ་ཉིད་འགྲུབ་བོ། །དགེ་སློང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བའི་གླེང་གཞི་ནི། སྦེད་མས་འཆར་ཀ་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བ་ལས་བཅས་སོ། །དགག་བྱ་ནི་ཆགས་པས་རྒྱུར་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །དགེ་སློང་དང་ངོ་ཞེས་པ་དགེ་སློང་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འགྲེང་བ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་སྔ་མར་སྦྱར་རོ། ། ཁྱིམ་པ་དང་བླ་གབ་མེད་པར་འགྲེང་བའི་གླེང་གཞི་ནི། སྦོམ་དགའ་མོས་སྐྱེས་པ་ཞིག་དང་ལྷན་ཅིག་བླ་གབ་མེད་པ་ན་འགྲེང་བ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །བླ་གབ་མེད་པ་སྟེ་སྟེང་གཡོགས་མེད་པ་ན་སྔ་མ་དང་ངོ་སྟེ། ཁྱིམ་པ་དང་ལྷན་ཅིག་དགེ་སློང་མས་འགྲེང་བ་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་འདོམ་གང་ནང་དང་ཁྲིམས་གྲོགས་མེད་པ་ལ་སོགས་སྦྱར་རོ། །བླ་གབ་མེད་པ་ནི་མཚོན་པ་ཙམ་སྟེ་སྐྱབས་མེད་པ་ནའོ། །དགེ་(༢༣༨བ)


K8Z003_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མའི་རྣམ་འབྱེད་ལས། བླ་གབ་མེད་པ་ཞེས་བྱ་བ་ཐང་ལའོ་ཞེས། གསུངས་ཤིང༌། ཊཱི་ཀ་ལས། བླ་གབ་མེད་པའི་ཕྱོགས་ན། ཞེས་བཤད་དོ། །དགེ་སློང་དང་བླ་གབ་མེད་པར་འགྲེང་བའི་གླེང་གཞི་ནི། སྦེད་མས་འཆར་ཀ་དང་དབེན་པ་བླ་གབ་མེད་པ་ན་འགྲེང་བ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུ་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །ཕྱི་མ་དང་ངོ་སྟེ། ཕྱི་མ་དགེ་སློང་དང་ལྷན་ཅིག་བླ་གབ་མེད་པ་ན་དགེ་སློང་མས་འགྲེང་བ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་སྔ་མར་སྦྱར་རོ། །འགྲེང་བའི་ལྟུང་བྱེད་བཞི་བཤད་ཟིན་ཏོ། །འོ་ན་དགེ་སློང་མས་སྐྱེས་པ་དང་དབེན་པ་ན་འདུག་པ་ལ་ཅིར་འགྱུར་ཞེ་ན། འདུག་པའི་ལྟུང་བྱེད་འདི་དག་ནི། མའི་སོ་སོར་ཐར་པ་དང་མདོ་རྩ་བ་ལས་དངོས་སུ་མ་གསུངས་ཀྱང༌། རང་གི་རྣམ་བཤད་དང་ཊཱི་ཀ་ལས། དེ་དག་ལ་ནི་འདུག་པ་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར་ཏེ། ཚུལ་དེ་དག་ནི་ཆེས་ལྕི་བའི་ཕྱིར། ཞེས་བཤད་དོ། །དེ་དག་ནི་ལུང་ལས་དངོས་སུ་ཡང་གསུངས་ཏེ། དབེན་པ་ན་འདུག་པའི་སྐབས་ཀྱི་ལུང་ཞུ་བ་ལས། དགེ་སློང་མ་སྐྱེས་པ་གཅིག་པུ་ལྷན་ཅིག་དབེན་པ་སྐྱབས་མཆིས་པ་ན་ཅིར་འགྱུར། ལྟུང་བྱེད་དོ་ཞེས་གསུངས་ལ། ལུང་དགེ་སློང་མའི་རྣམ་འབྱེད་ལས། དགེ་སློང་མ་གང་གཅིག་པུ་སྐྱེས་པ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ལྟུང་བྱེད་དོ། །དགེ་སློང་མ་གང་གཅིག་པུ་དགེ་སློང་གཅིག་དང་དབེན་པ་སྐྱབས་ཡོད་ན་འདུག་ན་ལྟུང་བྱེད་དོ། །དགེ་སློང་མ་གང་གཅིག་པུ་སྐྱེས་པ་གཅིག་དང་ལྷན་ཅིག་བླ་གབ་མེད་པར་དབེན་པར་འདུག་ལྟུང་བྱེད་དོ། ། དགེ་སློང་མ་གཅིག་པུ་དགེ་སློང་གཅིག་དང་ལྷན་ཅིག་བླ་གབ་མེད་པར་འདུག་ན་ལྟུང་བྱེད་དོ་ཞེས་འདུག་པའི་ལྟུང་བྱེད་བཞི་པོ་གླེང་གཞི་དང་བཅས་པ་རྒྱས་པར་གསུངས་སོ། །དགེ་སློང་དེ་གྲོགས་དང་བཅས་(༢༣༩ན)


K8Z003_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ན་ལྟུང་བ་མེད་དོ། །དགེ་སློང་མ་ཁྲིམས་ཟླ་དང་བཅས་པ་ཉིད་ཡིན་ན་ཡང་ལྟུང་བ་མེད་དོ། །ཁྲིམས་ཟླ་དེ་ཐག་རིང་ཐུང་ཇི་ཙམ་ན་འདུག་པ་ཞེ་ན། ཊཱི་ཀ་ལས། ཐ་དད་པ་མ་ཡིན་པར་སྣང་བའི་ཐག་དེ་ཙམ་ན་གྲོགས་དེ་འདུག་ན། ཁྲིམས་ཟླ་དང་བཅས་པ་ཉིད་ཡིན་ནོ། །ཞེས་སོ། །གཉིས་པ་ནི། སྦོམ་དགའ་མོས་ཁྱིམ་པའི་རྣ་བར་ཤུབ་ཅིང་སྨྲ་བ་དང༌། ཁྱིམ་པས་ཤུབ་ཅིང་སྨྲ་བ་དགེ་སློང་མས་ཉན་པ་དང༌། སྦེད་མས་འཆར་ཀའི་རྣ་བར་ཤུབ་ཅིང་སྨྲ་བ་དང༌། འཆར་ཀས་ཤུབ་ཅིང་སྨྲ་བ་སྦེད་མས་ཉན་པ་ལས་བཅས་སོ། །དགག་བྱ་ནི་སྔ་མ་གཉིས་ཀྱིས་ཆགས་པའི་རྒྱུར་འགྱུར་བ་དང༌། ཕྱི་མ་གཉིས་ཀྱི་དགག་བྱ་ཆགས་པས་རྒྱུ་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །དགེ་སློང་མས་ཁྱིམ་པའི་རྣར་མ་རེག་ཙམ་དུ་རྣ་དྲུང་དུ་བསྙེན་ཏེ་ཤུབ་ཅིང་སྨྲ་བ་ལྟུང་བྱེད་དུ་འགྱུར་རོ། །དོན་དང་བཅས་པ་དང་དོན་མེད་པའི་ཚིག་གང་སྨྲས་ཀྱང་ལྟུང་བྱེད་དུ་འགྱུར་ཏེ། གློ་ནས་རྣར་ཤུབ་ཅིང་སྨྲ་ན་ཉན་པ་པོའི་དཔུང་མགོའི་མཐའ་ལ་སྨྲ་བ་པོའི་ཀོ་སྐོ་འདས་ཏེ་སྨྲ་ན་ལྟུང་བྱེད་དུ་འགྱུར་རོ། །མདུན་རོལ་ནས་ཤུབ་ཅིང་སྨྲ་ན་ཉན་པ་པོའི་སྙིང་གའི་རུས་པ་ལས་འདས་ནའོ། །རྒྱབ་ངོས་ནས་ཤུབ་ཅིང་སྨྲ་ན་མཆན་ཁུང་གི་ཐད་ཀ་ནས་ཕྲག་པའི་ཕྱོགས་སུ་འདས་ཏེ་སྨྲ་ན་ལྟུང་བྱེད་དུ་འགྱུར་ཏེ་དེ་རྣམས་ཐམས་ཅད་ཊཱི་ཀ་ལས་བཤད་དོ། །ཁྱིམ་པས་ཤུབ་ཅིང་སྨྲ་བ་དེ་ལས་དགེ་སློང་མ་དེས་ཚིག་དེ་ཉན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་རྣ་བར་དགེ་སློང་མས་ཤུབ་ཅིང་སྨྲ་བ་ལས་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཤུབ་ཅིང་སྨྲ་བ་དེ་ལས་ཀྱང་དགེ་སློང་མ་དེས་ཚིག་དེ་ཉན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །གསུམ་པ་ནི། ཁྱིམ་པ་ལས་རིག་པ་ལེན་པའི་གླེང་གཞི་ནི་སྦོམ་དགའ་མོ་སྐྱེས་པ་ལ་ཆགས་ནས་སྤོས་འཚོང་(༢༣༩བ)


K8Z003_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁྱེའུའི་དྲུང་དུ་སོང་སྟེ། བཞིན་བཟང་རིག་པ་ཅུང་ཟད་ཀློག་གམ་ཐོན་ཅིག་དང་བསླབ་བོ་ཞེས་སྨྲས་པ་དང༌། ཁྱེའུ་དེས་འདི་སྐད་ཅེས་སི་རི་ཕུ་བི་སི་རི་ཕུ་སི་རི་བི་སི་རི་ཕུ་སྭཱ་ཧཱ། ཞེས་སྨྲས་པ་དང༌། སྦོམ་དགའ་མོས་འདི་སྐད་ཅེས་ཡང་དང་ཡང་དུ་བརྗོད་ཅིག་ཅེས་སྨྲས་པ་དང༌། དེ་ཁྲོས་ནས་མགོ་རེག་མ་ངན་མ་ཞེས་སྤྱོས་པའི་བྱུང་བ་ལས་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བ་དང༌། རབ་བྱུང་གིས་ཁྱིམ་པ་ལ་ཆོས་མཉན་ན་ཕྱག་འཚལ་བ་ལ་སོགས་པ་བླ་མ་ལ་གུས་པའི་སྤྱོད་ལམ་རྣམས་མ་གྲུབ་སྟེ། ཆོས་ལ་མ་གུས་པའི་རྒྱུར་འགྱུར་བའོ། །དགེ་སློང་མས་ཆོས་འཆད་པ་པོ་ཁྱིམ་པ་ལ་རིག་པ་གང་ཡང་རུང་བ་ལེན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཁ་ཅིག་རིག་པ་ནི་ནང་རིག་པའོ་ཞེས་གསུངས་སོ། །མའི་སོ་ཐར་འགྲེལ་པ་ལས། ཁྱིམ་པ་ལས་གཙུག་ལག་སློབ་ན་ལྟུང་བྱེད་དོ། །ཞེས་སོ། །ཊཱི་ཀ་ལས། རིག་པ་གང་ཡང་རུང་བ་ལེན་པ། ཞེས་པ་ནི་ནང་རིག་པ་གང་ཡང་རུང་བ་ལེན་པ་ལ་དགོངས་ཞེས་ཁ་ཅིག་ཟེར་ཞེས་སོ། །ཁྱིམ་པ་ལ་རིག་པ་ཀློག་པའི་གླེང་གཞི་ནི། སྦོམ་དགའ་མོས་སྐྱེས་པ་ཞིག་རིག་པ་ཀློག་ཏུ་འཇུག་སྟེ། ཀྱེ་ནང་རྗེ་སི་རི་ཕུ་བི་སི་རི་ཕུ་ཞེས་ཟུང་ཞིག་ཅེས་ལན་གསུམ་སྟོན་པ་དང༌། མི་དེས་སྨྲས་པ་བདག་གིས་ཀུན་ཆུབ་པར་བཟུང་ལགས་སོ། །སྦོམ་དགའ་མོས་སྨྲས་པ་ཡང་དང་ཡང་དུ་ཟུངས་ཤིག་ཅེས་ཡང་ཡང་དུ་བརྗོད་པ་དང༌། མི་དེ་ཁྲོས་ནས་མགོ་རེག་མ་ངན་མ་ཁྱོད་མ་མཐོང་ཡང་བླ། རིག་པ་ཡང་མེད་དུ་ཟད་དོ་ཞེས་ཟེར་བའི་བྱུང་བ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། ། གཞུང་དོན་ལ་ཚ་རོང་བ་ན་རེ། འདི་ནི་དགེ་སློང་མས་ཁྱིམ་པ་ལ་སྟོན་པར་བྱེད་པ་སྟེ་ལུང་གི་གླེང་གཞིས་ཤེས་སོ་ཞེས་ཟེར་རོ། །དེ་ལྟར་ན་ཁྱིམ་པ་ལ་ཆོས་སྟོན་པའི་ལྟུང་བྱེད་ཟློས་པའི་སྐྱོན་འོང་ཞེས་གསུང་(༢༤༠ན)


K8Z003_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། ཟློས་པར་མི་འགྱུར་ཏེ་དེ་ལ་ནི་ཁྲིམས་གྲོགས་མེད་པ་ཡན་ལག་ཏུ་དགོས་ཤིང༌། ཚིག་དྲུག་ལས་ལྷག་པ་ཡན་ལག་ཏུ་དགོས་ལ། འདི་ལ་ནི་དེ་ཡན་ལག་ཏུ་མི་དགོས་སོ། །དེས་ན་ཟློས་སྐྱོན་མི་ཡོང་ཡང་སྐྱོན་གཞན་ཡོད་དེ། མདོ་རྩ་བ་ལས། ཁྱིམ་པ་ལ་འབྱུང་ཁུངས་གསུངས་པ་དང་འགལ་ལོ། །ལུང་གི་གླེང་གཞི་ཁྱོད་ལ་ཟེར་བ་ལྟར་བྱུང་ཡང་གླེང་གཞི་དང་བཅས་པ་འབྲེལ་བའི་ངེས་པ་མེད་དོ། །ཞེས་གསུངས་སོ། །འོ་ན་གང་ཞེ་ན། བླ་མ་རྣམས་ནི་འདི་ལྟར་གསུངས་ཏེ། ལས་ཞེས་བྱ་བ་ནི་འབྱུང་ཁུངས་ཀྱི་སྒྲ་ཡིན་ལ། ཁྱིམ་པ་དེ་ལས་ཞེས་ཁྱིམ་པ་ལ་འབྱུང་ཁུངས་ཀྱི་སྒྲས་བརྗོད་བྱུང་བས་ན་ནང་གི་རིག་པའི་ཚིག་ཀློག་པར་བྱེད་པ་པོས་ཁྱིམ་པ་དེ་ལས་རིག་པ་དེས་ཟློས་པ་ལ་ཉན་པའི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་རོ། །དེ་ལྟར་ན་སྔ་མ་ནི་ནང་རིག་པའི་དོན་བཤད་པ་ལེན་པ་སྟེ། དགེ་སློང་མ་དེས་གོ་ན་ལྟུང་བྱེད་དོ། །འདི་ནི་ནང་རིག་པའི་ཚིག་ཀློག་པ་ཉན་པ་སྟེ་དགེ་སློང་མས་ཚིག་ཐོས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །བཞི་པ་ནི། གླེང་གཞི་གཙུག་དགའ་མོའི་དཔུང་པར་ཕོལ་མིག་བྱུང་ནས་དེ་སྨན་པ་ལ་འཆིང་དུ་བཅུག་སྟེ། བཅིངས་ཟིན་པ་དང་ཧ་ཅང་དམ་ཆེས་སོ་ཞེས་སྨྲས་སོ། །ལྷོད་པར་བྱས་པ་དང་ཧ་ཅང་ལྷོད་ཅེས་སོ་ཞེས་སོ། །དེ་ལྟར་འཆིང་དུ་བཅུག་ཅིང་འགྲོལ་དུ་འཇུག་སྟེ་ཆགས་པའི་སེམས་ཀྱིས་ཡང་དང་ཡང་དུ་དེ་ལྟར་བྱས་པ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །དགེ་སློང་མས་སེམས་ཉོན་མོངས་པ་ཅན་གྱི་སྒྱུར་ཐབས་ཀྱིས་རང་གི་ལག་པ་ལ་སོགས་པའི་རྨ་བཅིངས་ཤིང་སྐྱེས་པ་འཁྲིག་པ་བསྟེན་པའི་མཐུ་ཡོད་པ་ལ་འགྲོལ་དུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །སྒྱུ་ཐབས་ཀྱིས་ལྟུང་བ་རྣམ་པར་བཞག་པ་དེའི་ཕྱིར་དམ་པ་(༢༤༠བ)


K8Z003_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གློད་པ་ཡང་དག་པའི་དོན་བདེན་པ་ཉིད་ལ་ནི་ལྟུང་བ་མེད་དོ། །དགེ་སློང་མས་རེག་པར་བྱ་བ་མ་ཡིན་པ་དང་སྐྱེས་པ་བསྟེན་པ་ལས་གྱུར་པའི་ལྟུང་བྱེད་བཅུ་གཅིག་གོ། །དྲུག་པ་ནི། ཁྱིམ་བདག་གི་ཆུང་མ་ལ་བུ་བཙས་པ་ན། སྦོམ་དགའ་མོས་ཁྱེའུ་དེ་བླངས་ཏེ་ཆུ་དྲོན་གྱིས་བཀྲུས། མིག་ཏུ་མིག་སྨན་བླུགས། ས་ཞག་གིས་ཐིག་ལེ་བྲིས། སྦྲང་རྩི་དང་མར་གྱིས་བསྙོད་པ་ལས་སོ། །དགག་བྱ་ནི་བྱིས་པ་ལ་སྲེད་པའི་ཉོན་མོངས་པ་འཕེལ་བའོ། །དགེ་སློང་མས་རང་གི་བུ་ཆུང་ངུ་ལས་གཞན་པའི་བུ་འཚོ་བ་སྟེ། ཁྱེའུ་དང་མ་ནིང་དང་བུ་མོ་དག་འཚོ་ཞིང་རྩེ་བ་ལ་སོགས་པ་ལ་ལྟུང་བྱེད་དུ་འགྱུར་རོ། །བུ་འཚོ་བའི་ལྟུང་བྱེད་དོ།། །།བདུན་པ་ལ། ཁྱིམ་བདག་མ་དྲིས་མཚན་འདས་དང༌། །མ་བརྟགས་མཚན་མོ་སྐྱབས་ཡོད་འདའ། །ཁྲིམས་གྲོགས་མེད་པར་མཚན་འདའ་བཤད། །དང་པོ་ནི། གླེང་གཞི་དགེ་སློང་མ་རབ་ཏུ་མང་པོས་ལྗོངས་རྒྱུ་ཞིང་དོང་བ་ན་ཐ་ག་པའི་ཁྱིམ་དུ་ནུབ་མོར་བྲང་བཏབ་སྟེ་འདུག་གོ །དེའི་འོག་ཏུ་མུན་སྲོས་པ་དང་ཁྱིམ་བདག་དེ་འོངས་ནས་དེས་དགེ་སློང་མ་དེ་དག་མ་མཐོང་མ་ཐོས་པར་དེ་ཆུང་མ་དང་ཀུན་ཏུ་སྤྱོད་པ་དེ། དགེ་སློང་མ་གཞོན་ནུ་ཞིག་གིས་ཚོར་ནས་གད་མོ་བགད་པ་དང༌། ཁྱིམ་བདག་དེ་ཁྲོས་ཏེ་དགེ་སློང་མ་ནམ་ཕྱེད་ན་སྒོར་བཏོན་པ་ལས་སོ། །དགག་བྱ་ནི་གཞན་གྱིས་བསླབ་པ་དང་འབྲེལ་བའི་རྒྱུར་འགྱུར་བའོ། །དགེ་སློང་མས་ཁྱིམ་བདག་ལ་མ་དྲིས་པར་རྟ་ཕྱུགས་ལྷས་སམ་མགྲོན་ཁང་ལ་སོགས་པ་ཁྱིམ་གཞན་དུ་མཚན་མོ་འདའ་བར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །བུད་མེད་ལ་རག་ལས་པ་བུད་མེད་དབང་ཆེ་ཞིང་ཁྱིམ་བདག་གིས་བུད་མེད་ཀྱི་ཚིག་ལས་འདའ་བར་མི་ནུས་པ་ཉིད་ཡིན་ན། བུད་མེད་དེ་ལ་དྲིས་ནས་ཁྱིམ་བདག་ལ་མ་དྲིས་པར་(༢༤༡ན)


K8Z003_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོ་འདའ་བར་བྱེད་པ་ལ་ལྟུང་བ་མེད་དོ། །གཉིས་པ་ནི། གླེང་གཞི་དགེ་སློང་མ་རྣམས་ལྗོངས་རྒྱུ་བ་ན་ཁྱིམ་བདག་ཞིག་ལ་གནས་བརྙས་ཏེ་ནུབ་མོ་འཁོད་པ་ལས། མཚན་མོ་ཆར་བབས་ནས་དེ་དག་ཕུགས་ལོགས་སུ་ནུར་ཏེ་ཞུགས་པ་དང༌། དེ་ན་སྐྱེས་པ་སྔར་ཞུགས་པ་ཞིག་ཡོད་པ་དེས་དགེ་སློང་མ་བཟུང་བ་ན་དེས་ཁུས་བཏབ་བོ། །དེ་ན་དགེ་སློང་མ་གནས་པ་རྣམས་ཀྱིས་དེ་ལ་གསོལ་བ་བྱས་ཏེ་བཏང་བ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། །དགེ་སློང་མ་མཚན་མོ་གནས་འདིར་སྔར་ནས་སྐྱེས་པ་མ་ཞུགས་སམ་ཞེས་མ་བརྟགས་པར་སྐྱབས་ཡོད་པར་མཚོན་མོ་འདའ་བར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་བའོ། །གསུམ་པ་ནི། གླེང་གཞི་སྦོམ་དགའ་མོས་སྐྱེས་པ་ལ་བརྡ་བྱས་ཏེ་སྐྱེས་པ་དེ་དབྱར་ཁང་གི་ནང་དུ་འོངས་པ་ན། དེ་དགེ་སློང་མ་རྣམས་ཀྱིས་འཕྲིགས་ཏེ་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། །གནས་ཁང་དུ་ཞེས་པ་ནི་མཚོན་པ་ཙམ་སྟེ། ཊཱི་ཀ་ལས། སྟེང་གཡོགས་པའི་ཕྱོགས་གཞན་ཡང་ཁ་ན་མ་ཐོ་བར་འདྲའོ། །ཞེས་གསུངས་སོ། །སྟེང་གཡོགས་དང་བཅས་པའི་གནས་དེར་དགེ་སློང་མ་གཞན་མེད་པར་དགེ་སློང་མ་གཅིག་པུས་མཚན་མོ་འདའ་བར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་གཞན་དེ་ཤི་བའམ་བབས་སམ་ཡུལ་གཞན་དུ་སོང་བ་ལ་སོགས་པ་ལ་ནི། དགེ་སློང་མ་གཅིག་པུ་གནས་ཁང་དུ་མཚན་མོ་འདའ་བར་བྱེད་པ་ལ་ལྟུང་བ་མེད་དོ། །སྐྱེས་པས་གནོད་པར་འགྱུར་བའི་སྒོ་སྤང་བའི་ཕྱིར་བསླབ་པའི་གཞི་གསུམ་བཅས་པ་ལས་འདས་པའི་ལྟུང་བྱེད་གསུམ་མོ།། །།བརྒྱད་པ་ལ། ལྟུང་བ་རྣམ་པར་བཞག་པ་དང༌། །ལྟུང་བ་མེད་པ་བརྗོད་པ་དང༌། །སེལ་བ་ཉེས་བྱས་བསྟན་པའོ། །དང་པོ་ནི། གླེང་གཞི་དགེ་སློང་མ་འཆི་ལྟས་དང་(༢༤༡བ)


K8Z003_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བའི་འཆི་ལྟས་གཉིས་ཁྲི་གཅིག་ལ་ཉལ་ཏེ། སྐྱེས་པ་དང་བུད་མེད་འཁོད་པ་བཞིན་དུ་བགད་པ་དང་ཕྱར་གཡེང་དང་ལུས་ཀྱིས་རྩབ་ཧྲལ་བྱེད་པ་ལ་དགེ་སློང་མ་རྣམས་འཕྱ་བར་བྱེད་པ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །དགེ་སློང་མས་དགེ་སློང་མ་གཞན་དང༌། ཁྲི་གཅིག་ལ་ལྷན་ཅིག་ཤ་ཐང་རེག་པ་དང་བཅས་ཤིང་མཚན་མོ་ཉལ་བ་ལས་སྐྱ་རེངས་འཆར་བ་ན་ལྟུང་བྱེད་དུ་འགྱུར་རོ། །ཁྲི་གཅིག་ལ་ཉལ་བ་མ་ཡིན་ཀྱང་སྟན་གདིང་བ་གཅིག་ལ་ཉལ་ན་ཡང་སྟེ། ལུང་རྣམ་འབྱེད་ལས། དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་གདིང་བ་གཅིག་ལ་བར་དུ་མ་བཅད་པར་ཉལ་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །གཉིས་པ་ནི། དགེ་སློང་མ་གཉིས་མལ་སོ་སོར་བྱ་བའི་སྐབས་མེད་ན། དགེ་སློང་མ་གཞན་དེ་དང་ངམ་དུ་མ་དང་ལྷན་ཅིག་ཀྱང་རུང་སྟེ། གཏོར་བུ་ལ་སོགས་པས་བར་དུ་བཅད་ཅིང་དྲན་པ་ཉེ་བར་བཞག་སྟེ་ལུས་ཀྱི་རེག་པའི་རོ་མྱང་བ་མེད་པར་ཁྲི་མི་འགུལ་བ་དང་གསེར་དངུལ་གྱི་ཁྲི་མ་ཡིན་པ་སྟེ། ཁྲི་ཐ་མལ་པ་ཤིང་ལས་བྱས་པ་ལྟ་བུའམ་སྟན་གཅིག་ལ་ནི་ལྷན་ཅིག་ཉལ་བ་ལ་ལྟུང་བ་མེད་དོ། །གསུམ་པ་ནི། མལ་སོ་སོར་བྱ་བའི་སྐབས་ཡོད་ན་བར་དུ་བཅད་པ་ལ་སོགས་པས་ལྷན་ཅིག་ཉལ་བ་ལ་ནི་ཉེས་བྱས་སོ། །མལ་ཁྲི་ལ་སོ་སོར་ལོངས་སྤྱོད་ཅིང་གནས་པ་བཏང་བ་མལ་ཁྲི་ལ་ཉལ་བའི་ལྟུང་བྱེད་དོ།། །།དགུ་པ་ནི། བྱི་དོར་ལས་གྱུར་པ་བརྒྱད་ཀྱི་དང་པོ་ལྔའི་གླེང་གཞི་ནི། བཅུ་གཉིས་སྡེས་རང་གི་ལུས་ཀྱི་དྲིལ་ཕྱིས་དགེ་སློང་མ་ལ་བྱེད་དུ་བཅུག་པ་དང༌། དེ་ནས་དགེ་སློབ་མ་དང༌། དགེ་ཚུལ་མ་དང༌། ཁྱིམ་པ་མོ་དང༌། མུ་སྟེགས་མོ་ལ་དྲིལ་ཕྱིས་བྱེད་དུ་འཇུག་པ་སྟེ་སྔ་མ་སྔ་མ་བཀག་པ་དང་ཕྱི་མ་ཕྱི་མ་ལ་བྱེད་དུ་བཅུག་པ་ལས་སོ། །དགག་བྱ་ནི་བྱ་བ་སོ་སོ་དང་འབྲེལ་ནས་རྒྱགས་པ་(༢༤༢ན)


K8Z003_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བའོ། །དགེ་སློང་མས་རང་གི་ལུས་ལ་འདག་རྫས་ཀྱིས་དྲིལ་ཞིང་ཕྱི་བའི་ལུས་ཀྱི་དྲིལ་ཕྱི་དེ་དགེ་སློང་མ་གཞན་བྱེད་དུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློབ་མའོ། །དགེ་ཚུལ་མའོ། །ཁྱིམ་པ་མོའོ། །མུ་སྟེགས་ཅན་མའོ་ཞེས་རེ་རེའི་མཐར་ལྟུང་བྱེད་རེ་འབྱུང་ངོ༌། །བཀྲུ་བཤལ་བྱེད་དུ་འཇུག་པའི་གླེང་གཞི་ནི། དགེ་སློང་མ་བཅུ་གཉིས་སྡེ་དག་གིས་སྨྲས་པ། མར་དང་བག་ཕྱེ་དང་ཏིལ་གྱིས་བསྐུ་བ་ནི་བཅོམ་ལྡན་འདས་ཀྱིས་མ་གནང་བས། ཆུས་དྲག་ཏུ་བསྲུབ་ཅིང་དཀྲུས་ལ་ལུས་འཇམ་ཞིང་དཀར་བར་བྱའོ། །ཞེས་ལུས་ལ་ཆུ་དྲག་ཏུ་བསྲུབ་ཅིང་འཁྲུ་བར་བྱེད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །དགེ་སློང་མ་རང་གི་ལུས་ལ་ཆུ་འབའ་ཞིག་གིས་དྲི་མ་བཀྲུ་བཤལ་བུད་མེད་གཞན་ལ་བྱེད་དུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །རྫས་དྲི་ཞིམ་པོ་བསྐུར་བའི་གླེང་གཞི་ནི། སྦོམ་དགའ་མོས་ལུས་ལ་དྲི་ཞིམ་པོ་སྐུད་པར་བྱེད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །ཙནྡན་ལ་སོགས་པ་རྫས་དྲི་ཞིམ་པོ་དག་གིས་དགེ་སློང་མས་རང་གི་ལུས་ལ་སྐུད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །འབྲུ་མར་གྱི་ཚིགས་མ་སྐུད་པའི་གླེང་གཞི་ནི། སྦོམ་དགའ་མོས་རིལ་གྱིས་ཏིལ་མར་གྱི་ཚིགས་མས་ཕྱི་བར་བྱེད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །འབྲུ་མར་གྱི་ཚིགས་མས་རང་གི་ལུས་སྐུད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །བྱི་དོར་བྱེད་པ་ལས་གྱུར་པའི་ལྟུང་བྱེད་བརྒྱད་དོ།། །།བཅུ་པ་ནི། གླེང་གཞི་བཅུ་གཉིས་སྡེ་རྣམས་ཀྱིས་ཁྱིམ་བདག་གི་ཆུང་མ་མང་པོ་དང་ལག་པ་སྦྲེལ་ནས་འབབ་ཆུ་ཨ་ཛི་ར་བ་ཏིར་ཁྲུས་བྱེད་པ་ན། གཅིག་གིས་གཅིག་གི་མོ་མཚན་ལ་མཇུབ་མོ་འཛུགས་ཤིང་རྩེ་བར་བྱེད་ཅིང་རྩབ་ཧྲལ་བྱེད་པ་ལས་སོ། །དགག་བྱ་ནི་རྒོད་བག་འཕེལ་བའོ། །(༢༤༢བ)


K8Z003_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མས་བུད་མེད་དང་ལྷན་ཅིག་ལག་པ་སྦྲེལ་ཏེ་ཆུའི་ནང་དུ་ཞུགས་ནས་ཁྲུས་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས། ལྟེ་བར་སོན་ན་དངོས་གཞིའོ། །ཞེས་སོ། །སྐབས་འདི་ཉིད་ཀྱི་ལུང་རྣམ་འབྱེད་ལས། ཁྲུས་ནི་གཉིས་ཏེ། དབང་བསྐུར་བའི་ཁྲུས་དང༌། འཇུག་པའི་ཁྲུས་ལས། དོན་འདིར་ནི་འཇུག་པའི་ཁྲུས་ལ་བྱ་བར་དགོངས་སོ། །ཞེས་སོ། །ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་དོ།། །།བཅུ་གཅིག་པ་ནི། སྐྲ་ཤད་པ་བཞིའི་གླེང་གཞི་ནི། བཅུ་གཉིས་སྡེ་རྣམས་པུ་ཤེལ་ཙིས་སྐྲ་ཤད་པ་ན་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་འདིས་ཅི་བྱེད། དེ་དག་གིས་སྨྲས་པ། སྐྲ་མ་འཛིངས་པར་བསྐྱེད་མོད། ཁྱེད་ཅག་ནི་སྐྲ་བསྐྱེད་པ་མ་ཡིན་གྱི་ཉོན་མོངས་པ་བསྐྱེད་དོ་ཞེས་སྨྲས་པ་དང༌། དེ་བཞིན་དུ་བཅུ་གཉིས་སྡེས་སོ་མང་དང་རྩྭའི་ཐུམ་བུ་དང་དེ་གསུམ་བཤིབས་པས་སྐྲ་ཤད་པར་བྱེད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །དགེ་སློང་མས་སྐྲ་མ་འཛིངས་པ་ལེགས་པར་འཆོས་པའི་ཕྱིར་པུ་ཤེལ་ཙིས་སྐྲ་ཤད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །པུ་ཤེལ་ཙི་ནི། མའི་སོ་སོར་ཐར་པའི་འགྲེལ་པ་ལས། དྲེས་མའི་རྩ་བ་ལས་བྱས་པའོ། །ཞེས་སོ། །སྐབས་འདི་ཉིད་ཀྱི་ལུང་རྣམ་འབྱེད་ལས། པུ་ཤེལ་ཙི་ཞེས་བྱ་བ་ནི་བི་ར་ཎའི་རྩ་བའོ། །ཞེས་བཤད་ཅིང༌། བི་ར་ཎ་ཞེས་བྱ་བ་ནི་དྲེས་མ་ཡིན་པར་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ལས་བཤད་དོ། །དགེ་སློང་མས་སྐྲ་བཅོས་པའི་ཕྱིར། སོ་མང་དང་སྨྱིག་ཤད་དང་པུ་ཤེལ་ཙི་དང་སོ་མང་དང་སྨྱིག་ཤད་དེ་དག་གསུམ་ཆར་བསྡུས་པ་ཞེས་བྱ་བ་དེ་དག་གིས་སྐྲ་ཤད་པ་ལ་ཡང་ལྟུང་བྱེད་རེ་རེའོ། །སྐྲ་བརྙན་ཐོགས་པའི་གླེང་གཞི་ནི། སྦོམ་དགའ་མོས་བསམ་པ། བདག་གིས་བྱས་སོ་ཅོག་ཐམས་ཅད་ནི་ཕུལ་དུ་ཕྱིན་པར་བྱས་ཀྱི། བདག་གི་སྐྲ་བརྙན་ཀྱང་ཐོགས་པར་བྱའོ་(༢༤༣ན)


K8Z003_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ནས་གར་མཁན་ལ་སྐྲ་བརྙན་བརྙས། རོལ་མོ་མཁན་ལ་རྒྱན་དང་གོས་དང་ལྷམ་ཟུང་གཅིག་བརྙས་ཏེ་སྨད་འཚོང་མ་ཡོད་པའི་རྟགས་བཙུགས་ཏེ་གནས་གཅིག་ཏུ་བསྡད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །དགེ་སློང་མ་སྐྲ་བརྙན་གྱིས་ཀྱང་ངོ་སྟེ་ལྟུང་བྱེད་དུ་འགྱུར་ཏེ་སྐྲ་ཚབ་གྱོན་ནའོ། །ཁྱིམ་པའི་རྒྱན་ཐོགས་པའི་གླེང་གཞི་ནི། ཕྱུག་པོའི་བུད་མེད་དེ་དག་སྐྲའི་བྱི་དོར་བྱེད་པ་ན་རྒྱན་རྣམས་རྒྱན་གྱིས་སྣོད་སྤྲོག་མ་དག་ཏུ་བཞག་པ་དེ་སྦོམ་དགའ་མོས་བླངས་ཏེ། རྒྱན་དེ་དག་ཐོགས་པ་དང་འཕགས་མ་ཅི་མཛད། རྒྱན་གྱིས་མཛེས་མ་ལྟ་མོད། དེ་ལ་མཛེས་སུ་ཅི་ཡོད་ཅེས་ཁ་ཟེར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། ཁྱིམ་པའི་རྒྱན་ཅེས་སྨོས་པ་ནི། ཊཱི་ཀ་ལས། རབ་ཏུ་བྱུང་བའི་རྒྱན་རྣམ་པར་བཅང་བའི་ཕྱིར་ཏེ་ཞི་བ་ལ་དགའ་བའི་རབ་ཏུ་བྱུང་བ་རྣམས་ཀྱི་ཆོས་གོས་ལ་སོགས་པ་དག་ལ་ཡང་རྒྱན་གྱི་བློ་སྐྱེ་བའི་ཕྱིར་རོ། །དགེ་སློང་མས་ཁྱིམ་པའི་རྒྱན་རིན་པོ་ཆེ་ལས་བྱས་པའི་མགུལ་རྒྱན་དང༌། གདུབ་རྒྱན་ཅན་དང༌། དཔུང་རྒྱན་དང༌། སེ་མོ་དོ་དང༌། མུ་ཏིག་གི་ཆུན་པོ་ལ་སོགས་ཐོགས་ན་ལྟུང་བྱེད་དུ་འགྱུར་ཏེ། ལུང་རྣམ་འབྱེད་ལས། ཐོགས་པ་ཞེས་བྱ་བ་ནི་རྒྱན་པར་བྱེད་ནའོ། ། ཞེས་གསུངས་སོ། །ཊཱི་ཀ་ལས། འདི་ལ་རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་གཞན་ཡང་འབྱུང་བར་རིག་པར་བྱའོ། །རིན་པོ་ཆེ་མ་ཡིན་པས་བརྒྱན་པ་ལ་ནི་ཉེས་བྱས་སོ། །ཞེས་སོ། །འཆོས་པ་ལས་གྱུར་པའི་ལྟུང་བྱེད་དོ།། །།བཞི་པ་ལ་ལྟུང་བྱེད་གསུམ་སྟེ། བྲོ་བརྡུང་བ་ཡི་ལྟུང་བྱེད་དང༌། །གླུ་ལེན་པ་ཡི་ལྟུང་བྱེད་དང༌། །རོལ་མོ་བྱེད་པའི་ལྟུང་བྱེད་དོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོས་རྒྱལ་རིགས་ཀྱི་དགའ་འདུན་ཏེ། རྒྱལ་རིགས་གཞོན་ནུ་རྣམས་དགའ་ཞིང་རྩེ་བར་འདུས་པའི་(༢༤༣བ)


K8Z003_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་འདུན་རྣམས་ལ་གར་སྟོན་པར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་རྒོད་བག་འཕེལ་བའོ། །དགེ་སློང་མ་རང་གིས་བྲོ་བརྡུང་བའི་གར་བྱེད་པ་ལ་ལྟུང་བྱེད་དོ། །ཇི་ལྟར་ཞེ་ན། གོམ་སྟབས་དང་ལག་སྟབས་ལ་སོགས་པ་སྟེ་ཡན་ལག་གང་ཡང་རུང་བས་སོ། །ཊཱི་ཀ་ལས། ཐ་ན་སྨིན་མ་བསྐྱོད་པ་ལ་སོགས་པས་ཀྱང་ངོ༌། །གཉིས་པ་ནི། བྲམ་ཟེའི་དགའ་འདུན་རྣམས་སྦོམ་དགའ་མོའི་དྲུང་དུ་སོང་སྟེ་བདག་ཅག་ལ་ཡང་གླུ་སློབས་ཤིག་ཅེས་ཟེར་བ་ན། དེས་དེ་དག་ལ་གླུ་སློབ་པར་བྱེད། གླུ་སྟོན་པར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་སྔར་དང་འདྲའོ། །དགེ་སློང་མ་རང་གིས་གླུ་ལེན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཇི་ལྟར་ཞེ་ན། གླུ་བླངས་པའི་དེའི་བསམ་པས་མགྲིན་བསྒྱུར་གང་ཡང་རུང་བ་ཐ་ན་ཚིགས་སུ་བཅད་པ་ཙམ་འདོན་པ་ཡང་ངོ༌། །གསུམ་པ་ནི། རྒྱལ་རིགས་ཀྱི་དགའ་འདུན་རྣམས་སྦོམ་དགའ་མོའི་དྲུང་དུ་སོང་སྟེ་བདག་ཅག་ལ་རོལ་མོ་སློབས་ཤིག་ཅེས་ཟེར་བ་ན། དེས་དེ་དག་ལ་རོལ་མོ་སློབ་པར་བྱེད། རོལ་མོ་སྟོན་པར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་སྔར་དང་འདྲའོ། །དགེ་སློང་མ་རང་གིས་པི་ཝཾ་ལ་སོགས་པའི་རོལ་མོ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །རྒྱགས་པ་སྟེ་རྩེད་མོ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ།། །།ལྔ་པ་ལ་ལྟུང་བྱེད་གསུམ་སྟེ། གདུགས་ཐོགས་པ་ཡི་ལྟུང་བ་དང༌། །མཆིལ་ལྷྭམ་གྱོན་པའི་ལྟུང་བ་བསྟན། །ཁྲིའུའི་བསྙེན་བཀུར་ལྟུང་བ་བརྗོད། །དང་པོ་ནི། གླེང་གཞི་གཙུག་དགའ་མོས་གདུགས་ཐོགས་ཏེ་བསོད་སྙོམས་ལ་རྒྱུ་བ་ན། དེ་ལ་སྐྱེ་བོ་མང་པོ་གད་མོ་བགད་ཅིང་ཁྱིམ་བདག་རྣམས་འཕྱ་བ་ལས་སོ། །དགག་བྱ་ནི་ལོངས་སྤྱོད་ལ་ཆགས་པ་འཕེལ་བའོ། །དར་གྱི་རྒྱན་ལ་སོགས་པ་ལོངས་སྤྱོད་དུ་གྱུར་པའི་གདུགས་དགེ་སློང་མ་རང་གི་སྟེང་དུ་ཕུབ་སྟེ་(༢༤༤ན)


K8Z003_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་ལ་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ནི། གླེང་གཞི་གཙུག་དགའ་མོས་ལོངས་སྤྱོད་དུ་གྱུར་པའི་མཆིལ་ལྷྭམ་གྱོན་པ་ལས་སོ། །དགག་བྱ་ནི་ལོངས་སྤྱོད་ལ་ཆགས་པ་འཕེལ་བའོ། །དགེ་སློང་མས་ལོངས་སྤྱོད་དུ་གྱུར་པའི་མཆིལ་ལྷྭམ་གྱོན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས། ལོངས་སྤྱོད་དུ་གྱུར་པའི་མཆིལ་ལྷྭམ་གྱོན་པ་ལ། ཞེས་བཤད་ཅིང༌། མའི་སོ་ཐར་འགྲེལ་པ་ལས། དགེ་སློང་མ་མཆིལ་ལྷྭམ་ཁྲ་བོ་གྱོན་ན་ལྟུང་བའོ་ཞེས་བཤད་དོ། །ལོངས་སྤྱོད་དུ་གྱུར་པ་མ་ཡིན་པའི་མཆིལ་ལྷྭམ་ནི། ཡུལ་དབུས་སུ་རྐང་པ་བསྐྱབ་པའི་ཕྱིར་ན་ཉེས་བྱས་སུ་འགྱུར་ལ། གནས་མལ་བསྲུང་བའི་ཕྱིར་ནི་ལྟུང་བ་མེད་དོ། །མཐའ་འཁོབ་ཏུ་ནི་རྐང་པ་བསྐྱབ་པའི་ཕྱིར་ཡང་ཉེས་པ་མེད་དོ། །ཞེས་བླ་མ་རྣམས་གསུངས་སོ། །ཐམས་ཅད་དུའམ་ཞེ་ན། དབྱར་ཁང་དང་མལ་སྟན་བསྲུང་བའི་ཕྱིར་ནི་ལྟུང་བ་མེད་དོ། །གསུམ་པ་ནི། གླེང་གཞི་སྦོམ་དགའ་མོས་དགེ་སློང་མ་རྣམས་ལ་ཆོས་སྟོན་པར་བྱེད་ཅིང༌། དེས་དགེ་སློང་མ་རྣམས་ལ་ཁོ་མོའི་ཕྱིར་ཕྱོགས་ག་གེ་མོ་ཞིག་ཏུ་ཁྲིའུ་ཤོམས་ལ་འདུག་ཏུ་ཆུག་ཅིག་ཅེས་བསྒོ་ཞིང༌། ཡང་གནས་ཁང་གི་ཉེ་འཁོར་དང་ཁྱམས་དང༌། སྒོ་ཁང་དང༌། ཡང་ཐོག་དང༌། ཁང་སྟེང་ཡང་ག་གེ་མོ་ཞིག་ཏུ་ཁྲིའུ་ཁྱེར་ལ་ཁོ་མོ་འདུག་ཏུ་ཆུག་ཅིག་ཅེས་ཟེར་བ་ལས་བཅས་པར་ཊཱི་ཀར་བཤད་དོ། །སྐབས་འདི་ཉིད་ཀྱི་ལུང་ལས། དགེ་སློང་མ་རྣམས་སྟན་བསྐྱེད་དུ་བཅུག་ཅིང༌། སྟན་ཁྱེར་ལ་གནས་ག་གེ་མོ་ཞིག་ཏུ་ཐིངས་ཤིག་ཅེས་བསྒོ་བར་བྱེད་པ་ལས་བསླབ་པ་འདི་བཅས་པར་གསུངས་སོ། །དགག་བྱ་ནི་ལོངས་སྤྱོད་ལ་ཆགས་པ་འཕེལ་བའོ། །ཁྲིའུ་དེ་ལ་བདག་ཉིད་འདུག་ཏུ་འཇུག་པའི་བསྙེན་བཀུར་ཁྲིའུ་ཡང་ཡང་དུ་ཤོམ་འཇུག་པ་ཉམས་སུ་མྱོང་བར་བྱེད་པའི་དགེ་(༢༤༤བ)


K8Z003_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མ་ལ་ལྟུང་བྱེད་དུ་འགྱུར་རོ། །སྐབས་འདི་ཉིད་ཀྱི་འགྲེལ་ཆུང་ལས་ནི། དགེ་སློང་མ་ཁྲི་ཐོག་ན་འདུག་ལ་ཁྲིའི་ཕ་རོལ་ཚུར་རོལ་ན། སློབ་མ་ལ་སོགས་པ་གཞན་གྱིས་ཐེག་ཅིང་སྤྱོད་ན་ལྟུང་བའོ། །ཞེས་བཤད་ཅིང༌། རྒས་པ་སྦྱོར་མི་བཟོད་པའམ་ནད་པ་ཞིག་ཆོས་འཆད་པ་ཡིན་ན་ལྟུང་བ་མེད་དོ་ཞེས་ལུང་དགེ་སློང་མའི་རྣམ་འབྱེད་ལས་བཤད་དོ། །ལོངས་འཆོས་པ་ཉིད་དེ་ཡོ་ལངས་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ།། །།དྲུག་པ་ལ་ལྟུང་བྱེད་གཉིས་ཏེ། ཐུག་ཐུབ་ཕྱིས་གནོད་བྱེད་པ་དང༌། །ཁྱིམ་པ་ལོག་ཐབས་ལྟུང་བྱེད་དོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོ་བསོད་སྙོམས་ཀྱི་ཕྱིར་ཁྱིམ་དུ་ཞུགས་ཏེ་བྲམ་ཟེའི་སྟན་ལ་འདུག་གོ། །བྲམ་ཟེ་དེ་འོངས་པ་ན་སྦོམ་དགའ་མོ་སྟན་དེའི་སྟེང་ན་འདུག་པ་མཐོང་ནས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་མ་དད་པར་འགྱུར་བའོ། །དགེ་སློང་མས་ཁྱིམ་གཞན་དུ་བདག་པོས་མ་བསྒོ་བར་དར་སྟན་ལ་འདུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །སྟན་ནི་ནང་ཚངས་ཅན་དང༌། གླིངས་པ་ལ་སོགས་ཡིན་གྱི། རྩྭ་དང་སོག་མ་ལ་སོགས་པ་འདུག་པའི་ཆེད་དུ་ཁང་པའི་ཕྱིར་རོལ་དུ་བཤམས་པ་དེ་དག་ལ་ནི་མ་བསྒོ་བར་འདུག་ཀྱང་ལྟུང་བ་མེད་དེ། ཐུག་ཐུབ་མ་བྱས་པའི་ཕྱིར་རོ། །རྩྭ་དང་སོག་མ་ལ་སོགས་པ་དེ་ཡང་མ་བཤམས་པ་ལ་འདུག་ན་ནི་ཉེས་བྱས་སོ། །སོག་མ་ལ་སོགས་པ་ཡིན་ཀྱང་རས་ཀྱིས་གཡོགས་པའི་སྟན་ལ་འདུག་པའི་དོན་དུ་ཕྱི་རོལ་དུ་བཤམས་པ་ལ་ནི་མ་བསྒོ་བར་འདུག་ན་ཉེས་བྱས་སོ། །སོག་མ་ལ་སོགས་པ་རས་ཀྱིས་གཡོགས་པ་དེ་ཡང་མ་བཤམས་པ་ལ་ནི་མ་བསྒོ་བར་འདུག་ན་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །ཐུག་ཐུབ་སྟེ་བཙན་ཐབས་སུ་ཕྱིས་གནོན་པའི་ལྟུང་བྱེད་དོ།། །།གཉིས་པ་ནི། གླེང་གཞི་ཁྱིམ་པ་མོ་མང་པོས་སྦོམ་དགའ་མོ་(༢༤༥ན)


K8Z003_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འཕགས་མ་ཆོས་བཤད་དུ་གསོལ་ཞེས་ཞུས་ནས་ཁྱིམ་པ་རྣམས་ཀྱིས་སྟན་བཤམས་པ་ལ། དེ་འདུག་ནས་ཁ་རྩིག་པ་ལ་བལྟས་ཏེ་ཉན་ཐོས་ཀྱི་མདོ་རྣམ་པ་བཞི་པོ། ལུང་རིང་པོ་དང༌། བར་མ་དང༌། ལུང་གཅིག་ལས་འཕྲོས་པ་དང༌། ཡང་དག་པར་ལྡན་པའི་ལུང་དང་གཞི་ལས། མདོ་རིང་པོ་འཆད་པ་ན་ཁྱིམ་པ་མོ་དེ་རྣམས་འདི་སྙམ་དུ་སེམས་ཏེ། དགེ་སློང་མ་རྣམས་ཀྱི་ལས་ནི་གླག་པ་དང་དྲན་པར་བྱ་བ་འདི་ཁོ་ནར་ཟད་ཀྱི། བདག་ཅག་ནི་ཁྱིམ་གྱི་བྱ་བ་ཉིས་པར་འགྱུར་རོ་སྙམ་ནས་ལངས་ཏེ་སོང་ངོ༌། །སྦོམ་དགའ་མོས་ཀྱང་སྟན་བོར་ཏེ་སོང་བ་དང༌། སྟན་དེ་རྐུན་པོས་ཁྱེར་ནས་ཁྱིམ་པ་མོ་དེ་རྣམས་ཁ་ཟེར་བར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་ཁྱིམ་པའི་ལོངས་སྤྱོད་ལ་གནོད་པའོ། །དགེ་སློང་མས་ཆོས་འཆད་ཅིང་ཁྱིམ་པ་ལ་སོགས་པ་ཆོས་ཉན་དུ་གཞུག་པའི་ཕྱིར། གནས་སྐབས་སུ་ཁྱིམ་པའི་སྟན་བཏིང་བ་ལ། དགེ་སློང་མས་ལོངས་སྤྱོད་པའི་འོག་ཏུ་ཁྱིམ་པ་ལ་མ་སྦྲན་པར་བོར་ཏེ་འགྲོ་བ་ལ་ལྟུང་བྱེད་དོ། །གང་གི་ཚེ་དངོས་གཞིར་འགྱུར་བའི་མཐར་ཐུག་ཡིན་ཅེ་ན། སྔར་གནས་མལ་མ་བསྡུས་པར་སྤངས་ཏེ་འགྲོ་བར་བྱེད་པའི་ཕྱིར་ཉེན་ཀོར་གྱི་མཐའ་ལ་སྟེ་འདོམ་བཞི་བཅུ་རྩ་དགུའི་མཐའ་ལའོ། །ཁྱིམ་པ་ལ་ལོག་ཐབས་བྱེད་པའི་ལྟུང་བྱེད་དོ།། །།བདུན་པ་ལ་ལྟུང་བྱེད་ལྔ་སྟེ། སྐུད་པ་འཁལ་བའི་ལྟུང་བྱེད་དང༌། །ཁྱིམ་གྱི་བྱ་བ་བྱེད་པ་དང༌། །རྗེན་པ་འཚེད་པའི་ལྟུང་བྱེད་དོ། །དང་པོ་ལ། སྐུད་པ་འཁལ་བའི་ལྟུང་བྱེད་དངོས། །སྐབས་བསྙན་ལྟུང་བྱེད་གཞན་གཉིས་བརྗོད། །དང་པོ་ལ། ལྟུང་བ་རྣམ་པར་བཞག་པ་དང༌། །ལྟུང་བ་མེད་པ་བརྗོད་པའོ། །དང་པོ་ནི། གླེང་གཞི་གཙུག་དགའ་མོ་ཁྱིམ་དུ་བསོད་སྙོམས་ལ་སོང་སྟེ་བསོད་སྙོམས་བྱིན་ཅིག་ཅེས་སྨྲས་(༢༤༥བ)


K8Z003_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། བདག་སྐུད་པ་འཁལ་བས་གློ་བ་བྲེལ་ལོ་ཞེས་ཟེར་བ་དང༌། ཁྱོད་སོང་ལ་བསོད་སྙོམས་ལོངས་ལ་ཤོག་ཅིག་དང༌། ཁོ་མོས་སྐུད་པ་བཀལ་ལོ་ཞེས་དེས་བསོད་སྙོམས་ཀྱི་ཕྱིར་སྐུད་པ་བཀལ་བ་ལས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་བའོ། །དགེ་སློང་མས་སྐུད་པ་འཁལ་བ་ཏེ་བལ་འཁལ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དེ་ཡང་གོས་ཀྱི་རྒྱུ་གང་ཡང་རུང་བ་ཁྲུ་གང་ཡན་ཆད་ལྡང་བར་བྱ་བའི་ཕྱིར་སྐ་རགས་ལས་གཞན་པའི་ཆེད་དུ་བལ་འཁལ་ན་འཕང་ལ་དཀྲིས་པ་ལན་གཅིག་རྫོགས་ནའོ། །རྣམ་འབྱེད་ལས། གོས་རྒྱུ་བདུན་པོ་དག་ལས་གང་ཡང་རུང་བའོ། །ཞེས་གསུངས་མོད་ཀྱི། དེ་ནི་དཔེ་ཙམ་དུ་ཟད་དེ། ཊཱི་ཀ་ལས། རུང་བ་མ་ཡིན་པའི་སྐུད་པ་འཁལ་བ་ལ་ཡང་དངོས་གཞིར་འགྱུར་ཏེ། བཟོ་སྟོན་པའི་ཉེས་པ་འདྲ་བའི་ཕྱིར་རོ། །ཞེས་སོ། །གཉིས་པ་ནི། རྒྱ་ཅང་དང་ལྕག་པོད་ཀྱི་དོན་དུ་དབེན་པའི་ཕྱོགས་སུ་ནི་ལྟུང་བ་མེད་དོ། །གཉིས་པ་ལ། ཚོགས་གོས་བདག་གིར་བྱེད་པ་དང༌། །ཟས་འཚོང་པ་ཡི་ལྟུང་བྱེད་དོ། །དང་པོ་ནི། སྤྱིར་འདི་སྐབས་སུ་ལྟུང་བ་འདི་གཉིས་བསྟན་པའི་འབྲེལ་གང་ཡིན་ཏེ་བཟོ་སྟོན་པ་ལས་གྱུར་པའི་ལྟུང་བྱེད་གསུམ་གྱི་བར་སྐབས་འདིར་ལྟུང་བྱེད་གཞན་གཉིས་པོ་འདི་དག་སྨོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རང་གི་རྣམ་བཤད་དང་ཊཱི་ཀ་ལས་བཤད་པ། རྒྱུ་དང་འབྲས་བུའི་ངོ་བོ་ཉིད་དང་འབྲེལ་བའི་ཕྱིར་དང༌། རྣམ་པར་བསྒྲུབ་པར་འདྲ་བའི་ཕྱིར། ཞེས་གསུངས་ཏེ། དེའི་དོན་སྐུད་པ་འཁལ་བ་ནི་རྒྱུ་ཡིན་ལ། དེ་ལས་གོས་འབྱུང་བས་གོས་བདག་གིར་བྱེད་པ་འབྲས་བུ་ཡིན་པའི་ཕྱིར་དང༌། དེའི་འོག་ཏུ་ཟས་འཚོང་བ་བསྟན་པ་ནི་ཚོགས་ཀྱི་གོས་བདག་གིར་བྱེད་པ་དང༌། ཟས་འཚོང་བ་གཉིས་ནི་རྙེད་པ་བསྒྲུབ་པའི་རྣམ་པ་འདྲ་བའི་ཕྱིར་རོ། །དེ་ལྟར་སྐབས་བསྒྲུབས་(༢༤༦ན)


K8Z003_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དང་པོའི་གླེང་གཞི་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་རྨེ་གབ་རྗེས་སུ་གནང་ངོ་ཞེས་སྦོམ་དགའ་མོས་བཙུན་མོ་ཕྲོད་ལྡན་མ་ལ་སྨྲས་པ་དང༌། བཙུན་མོས་གོས་སྣ་ཚོགས་ཀྱིས་བཀང་བའི་སྒྲོམ་དག་སྦོམ་དགའ་མོ་ལ་གཏད་ནས་གོས་འདི་རྣམས་དགེ་སློང་མའི་ཚོགས་ལ་བྲིམས་ཤིག་ཅེས་བསྒོའོ། །དེ་ནས་སྦོམ་དགའ་མོས་གོས་དེ་དག་ཐམས་ཅད་བདག་གིར་བྱས་ཏེ་དགེ་སློང་མ་གཞན་གྱིས་བསླངས་པ་ན་དེས་མ་སྟེར་བ་ལས་སོ། །དགག་བྱ་ནི་དགེ་འདུན་གྱི་ལོངས་སྤྱོད་ལ་གནོད་པའོ། །ཊཱི་ཀ་ལས། གཅིག་གམ་གཉིས་སམ་གསུམ་གྱིས་ལ་ནི་ཉེས་བྱས་སོ། །ཞེས་གསུངས་པ་འདིར་ནི་དགེ་སློང་མ་བཞིར་ལོངས་པའི་ཚོགས་དགེ་སློང་མའི་དགེ་འདུན་མ་རྣམས་ཀྱིས་གོས་དེ་བདག་ཉིད་དབང་ངོ་སྙམ་དུ་ངེས་པའི་རྟོག་པའི་དབང་གིས་རང་འབའ་ཞིག་གིས་བདག་གིར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །འདི་ནི་འོད་ལྡན་ལས། བདག་གིས་རྫས་འདི་རྙེད་དོ་སྙམ་དུ་ངེས་པའི་རྟོག་པའི་དབང་གིས་བདག་གིར་བྱས་ཀྱང་ཕམ་པར་རྣམ་པར་མི་བཞག་གོ །ཞེས་གསུངས་སོ། །དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པའི་ལྟུང་བྱེད་དོ།། །།གཉིས་པ་ནི། གླེང་གཞི་སྦོམ་དགའ་མོས་བསོད་སྙོམས་མང་དུ་རྙེད་པ་དང༌། ཟས་བསོད་པ་རྣམས་རང་གིས་ཟོས་ཤིང་འབྲས་ཆན་ལ་སོགས་པ་ནི་གཞན་ལ་བཙོངས་པ་ལས་སོ། །དགག་བྱ་ནི་མ་རབས་ཀྱི་སྤྱོད་པ་དང་ལྡན་པས་མ་དད་པ་སྐྱེ་བའོ། །དགེ་སློང་མས་འབྲས་ཆན་དང་མར་དང་སྣུམ་ཁུར་ལ་སོགས་པ་ཅི་ཙམ་ཡང་རུང་སྟེ་ཟས་བཙོང་བ་བྱས་པ་ལ་ལྟུང་བྱེད་དུ་འགྱུར་རོ། །དེའང་ལུང་རྣམ་འབྱེད་ལས། རིན་རང་གིར་མ་བྱས་པ་དེ་སྲིད་དུ་ཉེས་བྱས་སོ། །རིན་རང་གིར་བྱས་ན་ལྟུང་བྱེད་དོ། །ཟས་འཚོང་བ་དེ་ཡང་བཀྱེད་ཀྱི་ཕྱིར་འཚོང་(༢༤༦བ)


K8Z003_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉོ་ཚོང་གི་སྤང་བར་ཡང་འགྱུར་ཏེ་ཊཱི་ཀ་ལས་བཤད་དོ། །ཟས་འཚོང་བའི་ལྟུང་བྱེད་དོ།། །།གཉིས་པ་ལ། ལྟུང་བ་རྣམ་པར་བཞག་པ་དང༌། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོས་ཁྱིམ་བདག་གི་ཆུང་མ་ལ་བསོད་སྙོམས་བླངས་པ་ན་འཕགས་མ་བདག་གི་ཁྱིམ་གྱི་གོ་རེ་ལོངས་མཛོད་ཅིག་ཅེས་ཟེར་བ་དང༌། སྦོམ་དགའ་མོས་ཁྱིམ་དེ་ཐམས་ཅད་ཆག་ཆག་བཏབ། ཕྱགས་དར་ལེགས་པར་བྱས་ནས་མལ་བཅས་སྣོད་སྤྱད་རྣམས་བྱི་དོར་བྱས་ནས་བཞག་སྟེ། ཁྱིམ་དེ་ཐམས་ཅད་ཤིན་ཏུ་མཛེས་པར་བྱས་པ་ལ་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་ཞིང་མི་འོས་པའི་བྱ་བ་བྱས་པས་མ་དད་པ་སྐྱེ་བའོ། །ཁྱིམ་གྱི་བྱ་བ་ལ་ཡང་ངོ་སྟེ་བྱས་པ་ལའོ་ཞེས་སྔ་མར་སྦྱར་ཏེ། དགེ་སློང་མས་ཁྱིམ་པ་མོས་བྱ་བར་འོས་པའི་འཕྲལ་གྱི་བྱ་བ་རྣམས་བྱས་ན་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ནི། ཆང་གི་ལས་མི་བྱའོ། །ཆང་ཁང་བྱེད་དུ་མི་གཞུག་གོ། །བྱས་ན་ཉེས་བྱས་སོ། །གསུམ་པ་ལ། ལྟུང་བའི་རྣམ་པར་བཞག་པ་དང༌། །ལྟུང་བ་མེད་པ་བརྗོད་པའོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོས་ཁྱིམ་བདག་གི་ཆུང་མ་ལ་བསོད་སྙོམས་བླངས་པ་ན་འཕགས་མ་བཅའ་བ་ཚོས་ལ་བདག་ལ་བྱིན་ཅིག་ཅེས་ཟེར་བ་དང༌། སྦོམ་དགའ་མོས་དོག་ལེ་བཀྲུས་བཤལ་བསྲེགས་ཏེ་མར་ཁུས་བཀང་ནས་ཀུན་ཏུ་གཡོས་པ་དང༌། ལེགས་པར་གཡོས་པ་སྣ་ཚོགས་པ་བྱས་ཏེ་གྲོང་རྡལ་དེའི་ཕྱེད་དྲི་ཡིས་ཁྱབ་པར་བྱས་པ་ན། གཡོས་མཁན་གྱི་འཚོ་བ་བཅད་དོ་ཞེས་འཕྱ་བར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་བའོ། །དགེ་སློང་མས་དངོས་པོ་རྗེད་པ་འཚེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ནི། ཐམས་ཅད་དུའམ་ཞེ་ན། དགེ་སློང་གི་དགེ་འདུན་དང༌། མཁན་པོ་དང༌། (༢༤༧ན)


K8Z003_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཕྱིར་དབེན་པའི་ཕྱོགས་སུ་ནི་ལྟུང་བ་མེད་པའོ། །ཁྱིམ་པ་མོའི་བཟོ་སྟོན་པ་ལས་གྱུར་པའི་ལྟུང་བྱེད་གསུམ་སྟེ། ཊཱི་ཀར། སྐུད་པ་འཁལ་བ་དང༌། ཁྱིམ་གྱི་བྱ་བ་བྱེད་པ་དང༌། རྗེན་པ་འཚོད་པའི་ལྟུང་བྱེད་དང་གསུམ་མོ། །ཞེས་སོ།། །།བརྒྱད་པ་ལ། ལྟོ་འདུན་ལས་ནི་བྱུང་བ་དང༌། །ཚོགས་དབྱུང་མིན་དྲི་བསྟན་པའོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོས་ནངས་པར་སྔར་ལངས་ཏེ་བསོད་སྙོམས་བླངས་ནས་ཟ་བར་བྱེད་ཅིང༌། ཟ་འཕྲོ་ལ་ལངས་ནས་འཆགས་པར་བྱེད། བཅགས་ནས་ཡང་ཟ་བར་བྱེད། ཡང་འཆག་པར་བྱེད་ཅིང་ཡང་ཟ་བར་བྱེད་དེ་དྲོ་ཁའི་བར་དུ་ཟས་མ་སྤངས་པར་དེ་ལྟར་བྱེད་པ་ལས་བཅས་པ་ཡིན་ཅེས་ཊཱི་ཀ་ལས་བཤད་དོ། །གླེང་གཞི་འདི་ནི་དེང་སང་ལུང་ན་མི་སྣང་ངོ༌། །དགག་བྱ་ནི་རྩོམ་ལྡང་གི་རྒྱུར་འགྱུར་བ་དང་ལྟོ་འདུན་ཆེ་བའོ། །དགེ་སློང་མས་ཟས་ཟོས་ནས་དེའི་འཕྲོ་ལ་སྟན་ལས་ལངས་ཏེ་ཡང་ཟོས་པ་ལ་ལྟུང་བྱེད་དུ་འགྱུར་རོ། །འོ་ན་སྤངས་ཟ་དང་འདི་ལ་ཁྱད་པར་ཅི་ཡོད་སྙམ་ན། སྤངས་ཟ་ལ་ནི་ཟས་སྤངས་པ་དང་ལྷག་པོར་མ་བྱས་པ་ཡན་ལག་ཏུ་དགོས་ལ། འདི་ལ་ནི་དེ་གཉིས་ཡན་ལག་ཏུ་མི་དགོས་ཏེ། འདི་ནི་ཟས་གཅིག་ཁོ་ན་ལ་ཟས་མ་སྤངས་པར་ཡང་ཟ་འཕྲོ་ལ་ལངས་ཏེ་སླར་ཡང་ཟ་བའོ། །ཊཱི་ཀ་ལས། དེ་ཉིད་མ་སྤངས་ཤིང་ལྷག་པོར་མ་བྱས་པར་ཟ་ན་ནི་ལྟུང་བ་གཉིས་ཀ་ཡང་དུས་གཅིག་ཏུ་འབྱུང་ངོ༌། །ཞེས་བཤད་དོ། །ལྟོ་འདུན་ནི་ཟས་ལ་གདུང་བ་དང་སྐམ་ཆགས་ཆེ་བའོ། །དེས་ན་དེ་ལས་གྱུར་པའི་ལྟུང་བྱེད་དོ།། །།གཉིས་པ་ནི། གླེང་གཞི་མི་ཞིག་ལ་སྒོག་སྐྱའི་ལྡུམ་ར་ཡོད་པ་ལས། སྦོམ་དགའ་མོས་སྒོག་སྐྱ་འབྱིན་པར་བྱེད་པ་དང༌། ཁྱིམ་བདག་དེས་དེ་ལ་བརྡེགས་ཏེ་མིག་ཕུག་སྐྲངས་(༢༤༧བ)


K8Z003_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དབྱར་ཁང་དུ་འོངས་པ་དང་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་དྲི་ཚོགས་པར་དབྱུང་བར་མི་འོས་པས་མ་དད་པར་འགྱུར་བའོ། ། དགེ་སློང་མས་སྒོག་སྐྱ་ཟ་བ་ལའོ་ཞེས་སྔ་མར་སྦྱར་ཏེ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས། སྒོག་སྐྱའི་དྲི་ཙམ་ཟོས་ཀྱང་རུང་སྟེ་ལྟུང་བྱེད་དུ་འགྱུར་རོ། །ཀུན་དོང་དང་ཀེའུ་དག་ཟ་བ་ལ་ནི་ཉེས་བྱས་སོ། །ཚོགས་པར་དབྱུང་བ་མ་ཡིན་པའི་དྲི་བསྟེན་པའི་ལྟུང་བྱེད་དོ། །ཞེས་སོ།། །།དགུ་པ་ལ་ལྟུང་བྱེད་ལྔ་སྟེ། གསུ་བེལ་ལས་གྱུར་ལྟུང་བྱེད་གསུམ། །ཆོས་རྒྱལ་མཚན་ལ་མི་གུས་དང༌། །རྒྱལ་མཚན་བརྗེ་བའི་ལྟུང་བྱེད་དོ། །དང་པོ་ལ། རྨེ་གབ་མི་འཆང་བ་ཉིད་དང༌། །ཆུ་གོས་མི་འཆང་ལྟུང་བྱེད་དང༌། །བཀྲུ་ལ་གོས་འཁྲུད་འཇུག་པའོ། །དང་པོ་ལ། ལྟུང་བྱེད་དངོས་ཉིད་བརྗོད་པ་དང༌། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ལ། གླེང་གཞི་ནི་དགེ་སློང་མ་རྣམས་ཟླ་བ་རེ་རེ་ཞིང་ཟླ་མཚན་འཛག་་པར་གྱུར་ནས་རྨེ་གབ་བཅང་བར་བྱའོ་ཞེས་གསུངས་ཀྱང༌། སྦོམ་དགའ་མོས་རྨེ་གབ་མི་འཆང་བ་དང༌། དེའི་བྱིན་པ་ལ་ཁྲག་འཛག་ཅིང་སོང་བ་མཐོང་ནས། ཁྲག་འདི་ཅི་ལགས་ཞེས་དྲིས་པ་དང༌། མ་ལ་དྲིས་ཤིག་སྲིང་མོ་ལ་དྲིས་ཤིག་ཅེས་ཟེར་བ་ལས་སོ། །དགག་བྱ་ནི་ངོ་ཚ་འཕེལ་བར་འགྱུར་བ་དང་མ་དད་པར་འགྱུར་བའོ། །དགེ་སློང་མས་ཟླ་བ་རེ་རེ་ཞིང་ཟླ་མཚན་འཛག་པའི་དུས་སུ་མངལ་གྱི་སྒོར་རྨེ་གབ་མི་འཆང་བ་སྟེ་གོས་ངན་མི་འདོགས་པ་ལ་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ནི། རྨེ་གབ་དེ་ཐག་གུས་སྐེད་པ་ལ་བཏགས་ཏེ་མངལ་གྱི་སྒོར་བཞག་གོ། །རྨེ་གབ་དེ་དུས་དུས་སུ་བཀྲུ་བ་དང་ཁ་བསྒྱུར་བར་བྱའོ། །གཉིས་པ་ལ། ལྟུང་བྱེད་དངོས་ཉིད་བརྗོད་པ་དང༌། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ནི། གླེང་གཞི་(༢༤༨ན)


K8Z003_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་སྡེ་དག་སྒྲེན་མོར་བྱུང་ནས་ཆུ་ཀླུང་དུ་ཁྲུས་བྱེད་པ་ན། སྦོམ་དགའ་མོས་སྤུའི་ཚོམས་ཤིན་ཏུ་གནག་ཅིང་ལེགས་པར་འཁྱིལ་བ་ལ་ལྟོས་ཞེས་སྟོན་པར་བྱེད་པ་ལས། དགེ་སློང་མས་ཁྲུས་རས་བཅང་བར་བྱའོ་ཞེས་གསུངས་སོ། །དེའི་ཚེ་ན་སྦོམ་དགའ་མོས་ཁྲུས་རས་ཐོགས་པར་མི་བྱེད་པ་ལས་སོ། །དགག་བྱ་ནི་མ་དད་པ་སྐྱེ་བའོ། །ཊཱི་ཀ་ལས། ཁྲུས་དང་ཆར་ཆུ་ལ་སོགས་པས་ལུས་བཤེར་བར་གྱུར་པའི་ཚེ་ན། ཆུ་གོས་ཀྱང་མི་འཆང་བ་ལ། ཞེས་སྔ་མར་སྦྱར་རོ། །དེའི་ཚེ་ན་དགེ་སློང་མས་ཆུ་གོས་མི་འཆང་མི་གྱོན་ན་ལྟུང་བྱེད་དུ་འགྱུར་རོ། །དེ་ཡང་ཊཱི་ཀ་ལས། མདོམས་ཀྱི་སྤུ་མན་ཆད་ནས་པུས་མོའི་ལྷ་ང་ཡན་ཆད་ཀྱི་ཕྱོགས་མི་འགབས་པ་ལ་དངོས་གཞིའོ། །གཉའ་བ་མན་ཆད་དང་ལོང་བུ་ཡན་ཆད་ཀྱི་ལུས་ཀྱི་ཕྱོགས་གཞན་མི་འགེབས་པ་ལ་ནི་ཉེས་བྱས་སོ། །ཞེས་སོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་ནི། རོ་སྟོད་མ་གཡོགས་པའི་ཁ་ན་མ་ཐོ་བ་ཉིད་དུ་ཤེས་པར་བྱ་སྟེ། ཞེས་པ་ནི། རོ་སྟོད་གཉའ་བ་མན་ཆད་མ་གཡོགས་པའི་ཁ་ན་མ་ཐོ་བ་ཉེས་བྱས་ཉིད་དུ་ཤེས་པ་སྟེའོ། །ཊཱི་ཀ་ལས། དགེ་སློང་མ་རྣམས་ལ་དབྱར་གྱི་གོས་རས་ཆེན་མ་གསུངས་ཏེ། འདི་ཉིད་ཀྱིས་ཆོག་པའི་ཕྱིར་རོ། །ཞེས་བཤད་དོ། །གཉིས་པ་ནི། རྨེ་གབ་དང་ཆུ་གོས་དེ་གཉིས་བཅང་བར་བྱའོ། །གསུམ་པ་ནི། གླེང་གཞི་ལུང་རྣམ་འབྱེད་ལས། སྦོམ་དགའ་མོས་མི་གཙང་བས་གོས་པར་གྱུར་པའི་གོས་རྣམས་བཙོ་བླག་མཁན་ལ་འཁྲུར་བཅུག་པ་དང༌། ཁྱིམ་པ་རྣམས་བདག་གི་གོས་ཀྱང་འདིས་ནི་མི་གཙང་བར་འགྱུར་རོ་ཞེས་ཁ་ཟེར་བར་བྱེད་པ་ལས་སོ། ། ཊཱི་ཀས་ལུང་དྲངས་པར་བཅུ་གཉིས་སྡེ་ལ་བཅས་པར་གསུངས་ཏེ། དེ་དག་གི་ཁོངས་སུ་སྦོམ་དགའ་མོ་འདུས་པས་འགལ་(༢༤༨བ)


K8Z003_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་དོ། །དགག་བྱ་ནི་མ་དད་པ་སྐྱེ་བའོ། ། དགེ་སློང་མས་བཀྲུ་བཤལ་བ་ལ་རང་གི་གོས་འཁྲུར་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་ཏེ། ཊཱི་ཀ་ལས། བྱིན་གྱིས་བརླབས་པ་རང་གི་གོས་རྙིང་པ་བཀྲུ་བར་འོས་པ་ཆོས་གོས་དང༌། གདིང་བ་བཀྲུ་བཤལ་བ་ལ་འཁྲུར་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིའི་བྱེ་བྲག་ཞིབ་ཏུ་ནི་འཁྲུར་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་རྗེས་སུ་འབྲང་བ་ལས་ཤེས་པར་བྱའོ། །ཞེས་གསུངས་སོ། །ཆོས་གོས་ལྔ་འཁྲུར་འཇུག་ན་ཞེས་གསུངས་ཀྱང༌། ལྔ་ཁོ་ནར་མ་ངེས་ཀྱི་ཤམ་ཐབས་ལ་སོགས་ཆོས་གོས་གང་རུང་འཁྲུར་བཅུག་ནའོ། །དགེ་སློང་མས་བཀྲུ་བཤལ་བ་ལ་འཁྲུར་བཅུག་ན་ནི་བཙོ་བླག་མཁན་ལ་གོས་ཁ་བསྒྱུར་བ་དང༌། མ་བསྒྱུར་བ་འཁྲུར་གཞུག་པར་མི་བྱའོ་ཞེས་གསུངས་པ་ལས་འདས་པའི་ཉེས་བྱས་སོ། །གསུ་བེལ་ཞེས་བྱ་བ་ནི་གསང་བར་འོས་པ་དེ་གཞན་གྱིས་ཚོར་བ་སྟེ་དེ་ལས་གྱུར་པའོ། །ཊཱི་ཀ་ལས། གསུ་བེལ་ཞེས་བྱ་བ་ནི་གོས་མ་རུང་བར་གྱུར་པ་དེ་ཁྱིམ་པའམ་རབ་ཏུ་བྱུང་བ་གཞན་དག་གིས་ཚོར་བ་ལ་བྱའོ། །ཞེས་སོ། །དེས་ན་བཤད་མ་ཐག་པའི་ལྟུང་བྱེད་གསུམ་མོ།། །།གཉིས་པ་ནི། གླེང་གཞི་སྦོམ་དགའ་མོས་ཆོས་གོས་ཀྱི་གླར་བཅའ་བ་བླངས་ཏེ་ཟློས་གར་མཁན་ལ་ཆོས་གོས་གླར་བྱིན་པ་དེ་གྱོན་ནས་ཟློས་གར་བྱས་པ་ལས་སོ། །དགག་བྱ་ནི་ཆོས་ཀྱི་རྒྱལ་མཚན་ལ་མ་གུས་པའོ། །དགེ་སློང་མས་དགེ་སྦྱོང་གི་གོས་སྣམ་སྦྱར་དང་བླ་གོས་ལ་སོགས་པ་ཁྱིམ་པ་ལ་བསྒོ་བའི་ཕྱིར་སྦྱིན་པ་ལ་ལྟུང་བྱེད་དོ། །ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པའི་ལྟུང་བྱེད་དོ།། །།གསུམ་པ་ནི། གླེང་གཞི་དགེ་སློང་མ་འདུན་མས་དགེ་སློང་འདུན་པ་དང་སྣམ་སྦྱར་བརྗེས་པ་ལས་སོ། །དགག་བྱ་ནི་ཆགས་པས་རྒྱུ་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །དགེ་སློང་དང་ལྷན་ཅིག་དགེ་(༢༤༩ན)


K8Z003_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མའི་ཆོས་གོས་ལས་ཀརྵ་པ་ཎ་ཉི་ཤུ་རི་བ། གོས་ལྕི་བ་བསྟེན་པའི་ཉེས་པར་འགྱུར་བས། དགེ་སློང་གི་སྣམ་སྦྱར་ངན་པ་དང་བརྗེ་བ་ལ་ཉེས་པ་མེད་པས་སྣམ་སྦྱར་བཟང་ངན་བརྗེ་བར་མ་གཏོགས་པར་སྣམ་སྦྱར་བརྗེ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས། བླ་གོས་ལ་སོགས་པ་བརྗེ་བ་ལ་ནི་ཉས་བྱས་སོ། ། ཞེས་གསུངས་སོ། །མའི་སོ་སོར་ཐར་པའི་འགྲེལ་པ་ལས་ནི་ཆོས་གོས་གསུམ་ལས་གང་ཡང་རུང་བ་སྟེ་བརྗེ་ན་ལྟུང་བྱེད་དོ་ཞེས་བཤད་མོད་ཀྱི་ཊཱི་ཀ་ལྟར་བཟུང་ངོ༌། །ཊཱི་ཀ་ལས། དགེ་སློང་ལས་སྣམ་སྦྱར་ལེན་པ་ལ་ལྟུང་བྱེད་དོ། །བརྗེ་བ་ནི་ལེན་པའི་དཔེ་ཙམ་དུ་ཟད་དོ། །ཞེས་སོ། །ལེན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་སྦྱིན་པ་ནི་མ་ཡིན་ནོ་ཞེས་ཊཱི་ཀ་ལས་ཀྱང་བཤད་དོ། །རྒྱལ་མཚན་བརྗེ་བའྀ་ལྟུང་བྱེད་དོ།། །།བཅུ་པ་གཞུང་ཉིད་དབྱེ་བས་ལྔ་ཞེས་པ་ཚིགས་བཅད་གཅིག་ཏུ་བསྡོམས་ནས་བརྗོད་ཅིང་ལྟུང་བྱེད་འདི་ལྔའི་གླེང་གཞིའང་གོ་རིམ་བཞིན་དུ་བརྗོད་པ་བྱའོ། །བསྔགས་པ་ལ་སེར་སྣ་བྱེད་པའི་གླེང་གཞི་ནི། སྐྱེ་རྒུའི་བདག་མོ་ནི་བསོད་ནམས་དང་ལྡན་པ་སངས་རྒྱས་ཀྱི་ཡུམ་ཡིན་ཅེས་གཞན་རྣམས་ཀྱིས་བརྗོད་པ་དང༌། སྦོམ་དགའ་མོས་སྨྲས་པ་དེ་ནི་མཁན་སློབ་མེད་པར་རང་ཞུགས་པ་ཡིན་ནོ་ཞེས་སྨོད་པར་བྱེད་དོ། །ཨུཏྤ་ལའི་མདོག་ནི་རྫུ་འཕྲུལ་ཅན་མ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་ཡིན་ཅེས་བརྗོད་པ་ན། དེ་ནི་སྔོན་སྨད་འཚོང་མ་ཡིན་ཅེས་སྨོད་པར་བྱེད་དོ། །གཽ་ཏ་མི་སྐེ་མ་མོ་འདི་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་ཡིན་ནོ་ཞེས་བརྗོད་པ་ན། དེ་ནི་བུའི་ཤ་ཟོས་པ་ཡིན་ནོ་ཟེར་བ་ལས་བཅས་སོ། །ཁྱིམ་ལ་སེར་སྣ་བྱེད་པའི་གླེང་གཞི་ནི། སྦོམ་དགའ་མོས་དགེ་སློང་མ་རྣམས་ལ་སྨྲས་པ། ཀྱེའི་ཕུ་ནུ་མོ་དག་ཁྱིམ་ག་གེ་མོར་ན་མ་(༢༤༩བ)


K8Z003_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཞིག །ཁོ་མོས་ཁྱིམ་དེ་ངལ་བ་ཆེན་པོས་ཆོས་བཤད་ནས་དད་པར་བྱས་པ་ཡིན་ནོ་ཞེས་ཟེར་བ་ལས་སོ། །གནས་ལ་སེར་སྣ་བྱེད་པའི་གླེང་གཞི་ནི། སྦོམ་དགའ་མོས་བསྒྲུབས་པའི་དབྱར་ཁང་དུ་དགེ་སློང་མ་གློ་བུར་བ་རྣམས་ཀྱིས་གནས་སྦྱིན་ནས་གནས་པ་ལ། དེ་དག་ལ་རྙེད་པ་དང་བཀུར་སྟི་བྱུང་བ་ན། དེས་སེར་སྣས་དེ་དག་བསྐྲད་ནས་ཁོ་མོ་གྲང་བའི་ཚེ་ན་གྲང་བར་ཉེན། ཚ་བའི་ཚེ་ན་ཚ་བས་ཉེན་བཞིན་ཏུ་ངལ་བ་ཆེན་པོས་བསྒྲུབས་པའི་དབྱར་ཁང་འདི་ཁ་འཇམ་ཅན་འདི་རྣམས་ལ་སྐབས་དབྱེའམ་ཞེས་སྨྲས་པ་ལས་སོ། །རྙེད་པ་ལ་སེར་སྣ་བྱེད་པའི་གླེང་གཞི་ནི། སྦོམ་དགའ་མོས་དགེ་སློང་མ་རྣམས་ལ་སྨྲས་པ། ཕུ་ནུ་མོ་དག་བྲམ་ཟེ་ཡ་མཚན་ཅན་རྣམས་ཀྱིས་བརྡེགས་ནས་ཀླད་པ་གས་པར་གྱུར་ན་མི་རུང་གི །ཧ་ཅང་སྔ་བར་བསོད་སྙོམས་ལ་མ་འགྲོ་ཞིག་ཅེས་གཞན་རྣམས་འགྲོ་བ་བཟློག་ནས། རང་ཉིད་ནངས་པར་ཆེས་སྔ་བ་ཞིག་ཏུ་བསོད་སྙོམས་ལ་ཞུགས་པ་དང༌། བྲམ་ཟེ་ཡ་མཚན་ཅན་གྱིས་བརྡེགས་པས་མིག་ཕུག་གནད་ཅིང་དབྱར་ཁང་དུ་འོངས་པ་ལས་སོ། །ཆོས་ལ་སེར་སྣ་བྱེད་པའི་གླེང་གཞི་ནི། སྦོམ་དགའ་མོ་ལ་ཉེ་གནས་རྣམས་ཀྱིས་ཆོས་ཀྱི་ལུང་ཞུས་པ་ན། སོང་ལ་རེ་ཞིག་ཁོ་མོའི་སྣོད་དུ་ཚོལ་ཅིག །བུ་རམ་དང་སེའུ་འབྲུ་དག་ཉོས་ཤིག་ཅེས་སྨྲས་ནས་དེས་ཕན་ཚུན་བརྒྱངས་ནས་ལུང་མ་བྱིན་པ་དང༌། འཕགས་མ་ཁྱོད་ཆོས་ལ་སེར་སྣ་བྱེད་པ་མ་ཡིན་ནམ་ཞེས་ཟེར་བ་ན། ཀྱེ་བུ་ཟན་མའི་བུ་མོ་དག་ཁོ་མོ་དྲུག་སྡེ་རྣམས་ལ་ལུང་གི་ཆེད་དུ་སེའུ་འབྲུ་མཉེས་པས་ནི་ལག་པ་ལ་སེར་ཁ་བྱུང༌། བཟོད་པར་གསོལ་བས་ནི་མགོ་བོ་བྱི། པུས་མོ་བཙུགས་ནས་བཟོད་པར་གསོལ་བས་ནི་ལྕེགས(ལྕིགས(་ན་ཁོ་མོ་ཅིའི་ཕྱིར་སེར་སྣ་མི་བྱེད་ཅེས་པ་ལས་སོ། །དགག་བྱ་ནི་རང་རིས་ལ་གནོད་(༢༥༠ན)


K8Z003_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རང་བཞིན་གྱི་དགག་བྱར་གྱུར་པའོ། །དགེ་སློང་མས་གཞན་གྱི་ཡོན་ཏན་བསྔགས་པ་ལ། དགེ་སློང་མས་ལུས་ངག་གིས་སེར་སྣ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་གྱི། ཊཱི་ཀ་ལས། ཡིད་ཙམ་གྱི་སེར་སྣ་བྱེད་པ་ནི་བསྡམ་པར་བྱ་བ་ཉིད་ཡིན་ཏེ། ཞེས་སོ། །འོག་མ་བཞི་པོ་ལ་ཡང་དེ་བཞིན་ནོ། །ཁྱིམ་དང་གནས་དང་རྙེད་པ་དང་ཆོས་ལ་སེར་སྣ་བྱེད་པ་ལ་ལྟུང་བྱེད་རེ་རེར་འགྱུར་རོ། །སེར་སྣ་བྱེད་པ་ནི་ལུང་རྣམ་འབྱེད་ལས། སེར་སྣ་བསྐྱེད་ན་ཞེས་བྱ་བ་ནི་ཕྲག་དོག་བསྐྱེད་ནའོ། །ཞེས་གསུངས་པས་དེ་ལས་གྱུར་པའི་ལྟུང་བྱེད་ལྔའོ།། །།བཅུ་གཅིག་པ་ལ་གཉིས་ཏེ། དབྱར་ཁང་ནས་སྐྲོད་ལྟུང་བྱེད་དང༌། །ཁྱིམ་གཞན་ནས་སྐྲོད་ལྟུང་བྱེད་དོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོས་གཽ་ཏ་མི་སྐེམ་མོ་དབྱར་ཁང་ནས་ཕྱིར་བསྐྲད་པ་དང༌། སྦོམ་དགའ་མོས་ལྗོངས་རྒྱུ་ཞིང་ཁྱིམ་པའི་ཁྱིམ་དུ་ཞུགས་པ་ན། ཁྱིམ་དེ་ན་དགེ་སློང་མ་སྔ་ནས་འཁོད་པ་དག་གིས་སྦོམ་དགའ་མོ་ལ་ཕྱག་བྱ་བ་ལ་སོགས་པ་འཇིག་རྟེན་པའི་ཚུལ་དག་མ་བྱས་པ་དང༌། དེས་དེ་དག་ཁྱིམ་དེ་ནས་ཕྱིར་བསྐྲད་པ་ལས་སོ། །དགག་བྱ་ནི་རང་རིས་ལ་གནོད་པའོ། །དགེ་སློང་མས་དགེ་འདུན་མའི་དབྱར་ཁང་ནས་དགེ་སློང་མ་རང་གཞན་གྱི་ལུས་ངག་གང་ཡང་རུང་བས་སྐྲོད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ནི། གླེང་གཞི་སྔ་མའི་ཁོངས་ནས་བསྟན་ལ་དགག་བྱ་སྔར་དང་འདྲའོ། ། དགེ་སློང་མས་ཁྱིམ་པའི་ཁྱིམ་གཞན་ནས་དགེ་སློང་མ་སྔ་ན་གནས་པ་སྐྲོད་པ་ལ་ལྟུང་བྱེད་དོ། །དགེ་སློང་མས་དགེ་སློང་མ་སྐྲོད་པ་ལས་གྱུར་པའི་ལྟུང་བྱེད་གཉིས་སོ།། །།བཅུ་གཉིས་པ་ལ་ལྟུང་བྱེད་བཅུ་དྲུག་སྟེ། ཐོ་འཚམས་ལས་གྱུར་ལྟུང་བྱེད་དང༌། །ལོག་པར་སྟོན་པའི་ལྟུང་བྱེད་དང༌། །མི་བརྟན་རྣམ་འགྱུར་ལྟུང་བྱེད་དང༌། །(༢༥༠བ)


K8Z003_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མར་བརྙས་ཐབས་ལྟུང་བྱེད་གསུམ། །འཁྲུགས་ལོང་ཡལ་དོར་ལྟུང་བྱེད་དང༌། །བློ་མཐུན་མི་བྱེད་ལྟུང་བྱེད་དང༌། །ལྕི་ཆོས་འདས་པའི་ལྟུང་བྱེད་བཞི། །གཞན་གནོད་སྤྱོད་པའི་ལྟུང་བྱེད་གསུམ། །དབྱར་ཁང་ཡལ་དོར་ལྟུང་བྱེད་དོ། །དང་པོ་ནི། གླེང་གཞི་བཅུ་གཉིས་སྡེ་རྣམས། དགེ་སློང་རྣམས་ལ་ལེགས་པར་མ་མཐོང༌། ལེགས་པར་མ་ཐོས། ལེགས་པར་མི་དོགས་པ་ལ་ཉེ་བར་གླེང་བར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་རང་རིས་ལ་གནོད་པའོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་ནི། ཕམ་པ་དང་ལྷག་མ་གཉིས་ཀྱི་གླེང་བ་སྔར་བསྟན་ཟིན་པས། འདི་ནི་ལྟུང་བྱེད་ལ་སོགས་པ་ལྟུང་བའི་སྡེ་ཚན་གླེང་བའི་ཡུལ་ཡིན་ནོ། །ཞེས་གསུངས་སོ། །འོན་ཀྱང་བླ་མ་རྣམས་ནི། འདི་དང་སྐུར་འདེབས་ཀུན་སློང་ཐ་དད་དེ། འདི་ནི་ཐོ་འཚམས་པའི་བསམ་པས་ལེགས་པར་མ་མཐོང་བ་ལ་སོགས་པ་ནི། མཐོང་ཐོས་དོགས་པ་ཙམ་པོ་ཡིད་ཆེས་པར་མ་གྱུར་པ་སྟེ། ལ་སོགས་པས་ལེགས་པར་མ་ཐོས་པ་དང༌། ལེགས་པར་མ་དོགས་པ་གཉིས་བསྡུས་སོ། །མདོར་ན་དགེ་སློང་མས་དགེ་སློང་མ་ལ་ལྟུང་བ་སྡེ་ལྔ་གང་གིས་གླེང་བར་བྱེད་པ་ལ་ཡང་ལྟུང་བྱེད་འདིར་འགྱུར་རོ་ཞེས་གསུངས་སོ། །གླེང་བར་བྱེད་པ་མ་ཟད་ཀྱི་དྲན་པར་བྱེད་པ་དང༌། གདམས་ངག་འཇོག་པ་དང༌། གསོ་སྦྱོང་དང་དགག་དབྱེ་འཇོག་པ་ལ་ཡང་ཁ་ན་མ་ཐོ་བར་འདིར་འགྱུར་བར་རང་གི་རྣམ་བཤད་དང་ཊཱི་ཀ་ལས་བཤད་དོ། །ལེགས་པར་མ་མཐོང་བ་ལ་སོགས་པའི་སྐབས་སུ་གླེང་བ་དང༌། དྲན་པར་བྱེད་པ་དང༌། གདམས་ངག་འཇོག་པར་བྱེད་པ་ལ་སོགས་པ་དེ་རྣམས་གང་བྱས་ཀྱང་ལྟུང་བྱེད་དོ། །ཐོ་འཚམས་པ་ལས་གྱུར་པའི་ལྟུང་བྱེད་དོ།། །།གཉིས་པ་ནི། གླེང་གཞི་བཅུ་གཉིས་སྡེ་རྣམས་ཁ་མི་དུམ་པ་ཅི་བྱུང་ཡང་སངས་རྒྱས་ལ་མནའ་དོར་བར་བྱེད་(༢༥༡ན)


K8Z003_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་དགེ་འདུན་ལ་མནའ་དོར་བར་བྱེད་པ་ལས་ཏེ། མའི་སོ་ཐར་འགྲེལ་པ་ལས། མཐོང་ངམ་ཞེས་དྲིས་ན་མཐོང་སྟེ། དེ་ལྟར་མིན་ན་དཀོན་མཆོག་གསུམ་མེད་པར་གྱུར་ཅིག །ཚུལ་ཁྲིམས་མེད་པར་གྱུར་ཅིག །ཆོས་ཞིག་པར་གྱུར་ཅིག །ཅེས་ཟེར་བ་ལས་སོ། །དགག་བྱ་ནི་ལོག་པར་སྟོན་པས་གཞན་ཡིད་མི་ཆེས་པར་འགྱུར་བའོ། །དགེ་སློང་མས་གཞན་ཡིད་ཆེས་པར་བྱ་བའི་ཕྱིར་གཞན་གྱི་མདུན་དུ་མནའ་འདོར་བ་ལ་ལྟུང་བྱེད་དོ། །ཊཱི་ཀ་ལས། གཞན་གྱི་དྲུང་མ་ཡིན་པར་མནའ་འདོར་བ་ནི་ཚིག་བཀྱལ་པ་ཙམ་དུ་ཟད་ལ་ཉེས་བྱས་སུ་རིག་པར་བྱའོ། །ཞེས་སོ། །ལོག་པར་སྟོན་ཅེས་པ་ནི་རབ་ཏུ་བྱུང་པའི་བསམ་པ་ལོག་པར་སྟོན་པ་སྟེ། རབ་ཏུ་བྱུང་བ་རྣམས་བསམ་པ་ནི་བདེན་པས་འཇུག་པ་ཡིན་ན་མནའ་དོར་བ་ནི་ལོག་པར་སྟོན་པ་སྟེ། ཁོ་མོ་ཐམས་ཅད་ལ་བདེན་པས་འཇུག་པ་མ་ཡིན་གྱི། མནའ་འདོར་བ་ལ་འཇུག་པ་སྟེ་གཅིག་པུ་བདེན་ནོ་ཞེས་བྱ་བར་འགྱུར་བས་ཞེས་ཊཱི་ཀས་བཤད་དོ། །དེ་ལྟར་བཤད་པའི་ལྟུང་བྱེད་དོ།། །།གསུམ་པ་ནི། གླེང་གཞི་སྦོམ་དགའ་མོས་དགེ་སློང་རྣམས་དང་འཐབ་མོ་བྱུང་བ་ན། རང་གིས་རང་ལ་འཚོག་པར་བྱེད་པ་ལས་སོ། །དགག་བྱ་ནི་རང་གི་ལུས་སྲོག་ལ་གནོད་པའོ། །དགེ་སློང་མས་ཁྲོ་བས་བདག་ཉིད་ལ་གནོད་པར་བྱེད་པ་དེ། རང་གི་ལུས་ལ་རྡེག་པར་བྱེད་ཅིང་ཕོག་ན་ལྟུང་བྱེད་དུ་འགྱུར་རོ། །གནོད་པར་བྱེད་པ་ཞེས་བྱ་བའི་རྣམ་འབྱེད་ལས། དགེ་སློང་མས་གང་འཁྲུགས་ནས་རང་ལ་བརྡེག་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །བསམ་པ་མི་བརྟན་ཁྲོས་འཁྲུགས་པས་ལུས་ཀྱི་རྣམ་པར་འགྱུར་བར་བྱེད་པའི་ལྟུང་བྱེད་དོ། །འདུལ་བའི་མདོ་བམ་པོ་དྲུག་པ་ལ་འཇུག་པར་བྱའོ།། །།བཞི་པ་ལ། བརྙས་ཐབས་ཀྱི་ནི་ལྟུང་བྱེད་གསུམ། །ཐ་མའི་ལྟུང་བ་མེད་པ་དང༌། །བསླབ་པར་(༢༥༡བ)


K8Z003_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་བརྗོད་པའོ། །དང་པོ་ལ། ཚོགས་ལ་བརྙས་པའི་ལྟུང་བྱེད་དང༌། །ཚོགས་ལ་སྤྱོ་བའི་ལྟུང་བྱེད་དང༌། །འཁོར་གཙོ་ཆུ་གཏོར་ལྟུང་བྱེད་དོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོས་དགེ་སློང་མའི་ཚོགས་ལ་མི་སྙན་པ་ཁྱི་མོ་ཞེས་བྱ་བ་དང༌། ནལ་མ་ཞེས་བྱ་བ་དང༌། བོང་བུ་དག་དང་ལྡན་པ་ཞེས་གཤེ་བ་དག་གིས་བརྙས་ཐབས་བྱེད་པ་ལས་སོ། །དགག་བྱ་ནི་རང་རིས་ཀྱི་དགེ་འདུན་མའི་སེམས་བདེ་བ་ལ་གནོད་པའོ། །དགེ་སློང་མས་དགེ་སློང་མའི་ཚོགས་བཞིར་ལོངས་པ་ཡན་ཀྱི་དགེ་འདུན་མ་ལ་འཚོ་བ་མ་དག་པ་དང༌། ལྟ་བ་མ་དག་པས་སྨོད་ཅིང་བརྙས་ཐབས་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས། བརྙས་ཐབས་ཞེས་བྱ་བའི་རྣམ་པར་འབྱེད་པ་ནི་རྣམ་པ་སྣ་ཚོགས་ཀྱིས་སྨོད་པར་བྱེད་དེ། འཚོ་བ་མ་དག་སྟེ་ཚུལ་འཆོས་དང༌། ཁ་གསགས་དང༌། གཞོགས་སློང་དང༌། ཐོབ་ཀྱིས་འཇལ་བས་འཚོ་བར་བྱེད་དོ། །ལྟ་བ་མ་དག་སྟེ་རྨོངས་པ་མི་མཁས་པ་ཡིན་ནོ། །ལོག་པའི་ཆོས་ཀྱི་ཀུན་ཏུ་དཀྲིས་པ་ཡིན་ནོ། །ཞེས་གླེང་གཞི་ལས་གསུངས་པ་ཡིན་ནོ་ཞེས་ལུང་དྲངས་སོ། །ཊཱི་ཀ་ལས། གཅིག་གམ་གཉིས་སམ་གསུམ་ལ་བརྙས་ཐབས་བྱེད་པ་ནི་ཉེས་བྱས་སོ། །ཞེས་སོ། །གཉིས་པ་ནི། གླེང་གཞི་སྦོམ་དགའ་མོས་དགེ་སློང་མའི་ཚོགས་ལ་སྤྱོ་བ་བྱས་པ་དང༌། ཉེ་གནས་མ་རྣམས་ཀྱིས་སྨྲས་པ། དགེ་སློང་མའི་ཚོགས་ལ་སྤྱོ་བར་མི་རིགས་སོ། །དེས་སྨྲས་པ། རིགས་ཀྱང་རུང་མི་རིགས་ཀྱང་རུང་སྟེ་ཁོ་མོས་ནི་སྤྱོས་སོ་ཞེས་ཟེར་བ་ལས་སོ། ། དགག་བྱ་ནི་སྔར་དང་འདྲའོ། །དགེ་སློང་མའི་ཚོགས་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཚུལ་ཁྲིམས་མ་དག་པ་དང༌། བཅས་པའི་ཁ་ན་མ་ཐོ་བ་ཆོ་ག་མ་དག་པའི་སྒོ་ནས་སྨོད་ཅིང་སྤྱོ་བ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས། སྤྱོ་བ་ཞེས་བྱ་བ་ནི་གླེང་གཞི་ལས་ངེས་པར་(༢༥༢ན)


K8Z003_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་ཚུལ་ཁྲིམས་མེད་དེ་འཚོ་བའི་ཕྱིར་སྐྲ་བྲེགས་པ་དང་བཅས་པ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤྱོད་པས་སྡིག་པའི་ལས་ཅན་ཟོལ་བ་མོ་ཕ་རོལ་བསླུ་བས་ཚུལ་ཁྲིམས་འཆལ་བའོ། །ཞེས་གསུངས་པ་ཡིན་ནོ་ཞེས་ལུང་དྲངས་སོ། །ཁྱི་མོ་ཁྱོད་རྣམས་ཞེས་སྤྱོ་བའི་ཚིག་གཞན་སྨྲས་ན་ཡང་ངོ༌། །གསུམ་པ་ནི། གླེང་གཞི་ཁྱིམ་བདག་གཅིག་ཆུང་མ་དང་གཉིས་ཀ་རབ་ཏུ་བྱུང་ནས་དགེ་སློང་དེ་དབྱར་ཁང་དུ་སོང་བ་ན། དགེ་སློང་མ་དེ་ཡང་ཆུ་སྣོད་གཅིག་ལག་ཏུ་ཐོགས་ཏེ་དེའི་མདུན་ན་སྡོད་ཅིང་འདུག་གོ །དེ་ནས་དགེ་སློང་དེ་རྒོད་ཅིང་ཁོ་བོ་ཁྱིམ་པར་གྱུར་ན་ཡང་ཁྱོད་དེ་ལྟར་ཁོ་བོའི་མདུན་ན་སྡོད་དོ་ཞེས་སྨྲས་པ་དང༌། དེས་ཆུ་སྣོད་དེ་ནས་དེའི་མགོར་གཏོར་ནས་ཁོ་མོ་ཁྱོད་ཀྱི་ཡོན་ཏན་སྒྲོག་ན་ཁྱོད་ཁོ་མོའི་སྐྱོན་རྣམས་ལ་འཇུག་པར་བྱེད་དམ་ཞེས་སྨྲས་ནས་བྲོས་ཏེ་སོང་བ་ལས་སོ། །དགག་བྱ་ནི་ཆགས་པས་རྒྱུ་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །དགེ་སློང་མས་འཁོར་གཙོ་བོ་དགེ་སློང་ལ་ཆུ་འཐོར་བ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས། དགེ་སློང་གི་ལུས་ལ་ཐིགས་པ་ཙམ་གྱིས་ཕོག་ན་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཞེས་སོ། །གཉིས་པ་ནི། དགེ་སློང་བརྒྱལ་བ་ལ་ཆུ་གཏོར་བ་ལ་ནི་ལྟུང་བ་མེད་དོ། །གསུམ་པ་ནི། དགེ་སློང་མས་དགེ་སློང་ལ་མཆིལ་མ་གཏོར་བའི་ཐབས་སུ་ཐུ་ཞེས་མི་བྱའོ། །རབ་བྱུང་འདི་པ་ལ་སྤྱོ་བར་མི་བྱའོ་ཞེས་གསུངས་པས། དགེ་སློང་དང་དགེ་ཚུལ་ལ་སོགས་པ་ལ་སྤྱོ་བ་ནི་ཉེས་བྱས་སུ་འགྱུར་རོ། །ཉེས་བྱས་དེའི་བྱེ་བྲག་ནི། ཊཱི་ཀ་ལས། དགེ་སློང་ལ་སྤྱོ་བ་ནི་ལྕི་བའི་ཆོས་ཡིན་པ་དེའི་ཕྱིར་ཟླ་བ་ཕྱེད་མགུ་བ་སྤྱད་པར་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་འདི་ནི་དགེ་སློང་མའི་ཆོ་གས་སྤྱོ་བའི་ལྟུང་བྱེད་དངོས་གཞི་ཡོངས་སུ་རྫོགས་(༢༥༢བ)


K8Z003_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པ་བས་ཀྱང༌། དེའི་སྐབས་ཀྱི་བསླབ་བྱ་ལས་འདས་པའི་ཉེས་བྱས་ཆད་པ་ལྕི་བ་ཡོད་དོ། །རབ་ཏུ་བྱུང་བ་འདི་པ་དེ་ལ་བརྙས་ཐབས་དང་སྤྱོ་བ་གཉིས་ཀ་ཡང་མི་བྱའོ། །བྱས་ན་ཡང་ཉེས་བྱས་སོ། །དགེ་སློང་མས་དགེ་སློང་གི་མདུན་དུའམ་སྔོན་ལ་སྤྱོད་ཡུལ་གྱི་གྲོང་དུ་བསོད་སྙོམས་ལ་རྒྱུ་བར་མི་བྱའོ། །དགེ་སློང་མས་ཟམ་པ་མི་བརྟན་པར་དགེ་སློང་དང་ལྷན་ཅིག་འགྲོ་བར་མི་བྱའོ། །དགེ་སློང་མས་དགེ་སློང་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ། །དགེ་སློང་སྟན་ལ་འདུག་པས་དགེ་སློང་མ་དེ་འགྲེང་བ་ཧ་ཅང་ཡུན་རིང་དུ་འདའ་བར་བྱེད་ན་སྟན་ལ་འདུག་ཏུ་གཞུག་གོ། །དགེ་སློང་གིས་དགེ་སློང་མ་སྟན་ལ་འདུག་ཏུ་གཞུག་པ་དེ་མི་བྱེད་ན། དགེ་སློང་མ་ཉིད་ཀྱིས་སྟན་ལ་འདུག་པའི་ཕྱིར་དགེ་སློང་ལ་ཞུས་ཏེ་གནང་ན་སྟན་དེ་ལ་འདུག་པར་བྱའོ། །བླ་མར་གྱུར་པ་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད་གསུམ་མོ།། །།ལྔ་པ་ནི། གླེང་གཞི་སྦོམ་དགའ་མོས་འཐབ་མོའི་རྐྱེན་དག་ཉེ་བར་བསྒྲུབས་ནས་ལྷན་ཅིག་གནས་པ་དང༌། ཉེ་གནས་ཕན་ཚུན་འཐབ་མོ་ཆེ་ཐད་དུ་བྱུང་བ་ན། དགེ་སློང་མ་རྣམས་འདི་སྐད་ཅེས་ཚུར་སྤྱོན་འཐབ་མོ་ཉེ་བར་ཞི་བར་བགྱིའོ་ཞེས་སྨྲས་པ་དང༌། སྦོམ་དགའ་མོས་འདི་སྐད་ཅེས་མགོས་མགོར་ཅིའི་ཕྱིར་མི་བརྩལ། ཁོ་མོ་ནི་འཐབ་མོ་བྱེད་ཀྱི་ཉེ་བར་ཞི་བར་མི་བྱེད་དོ་ཞེས་ཟེར་བ་ལས་སོ། །དགག་བྱ་ནི་རང་རིས་ཀྱི་དགེ་སློང་མ་རྣམས་ལ་གནོད་པའོ། །དགེ་སློང་མ་རྣམས་ཀྱི་རྩོད་པ་ཉེ་བར་བྱེད་པའི་མཐུ་ཡོད་བཞིན་དུ་ཉེ་བར་ཞི་བར་མི་བྱེད་པས་དགེ་སློང་མ་དེ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས། ལུས་ངག་ཏུ་གྲུབ་ཅིང་བསམ་པ་གཏོང་བར་མི་བྱེད་པ་དེ་སྲིད་དུ་ནི་ལྟུང་བྱེད་གཅིག་ཁོ་ནར་ཟད་དོ། །ཞི་བར་མི་བྱེད་པའི་བསམ་པ་བཏང་ནས། ཡང་བསམ་པ་གཞན་བསྐྱེད་པའི་ཚེ་ན་(༢༥༣ན)


K8Z003_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བྱེད་གཞན་དུ་ཡང་འགྱུར་རོ། །ཞེས་སོ། །འཁྲུག་ལོང་ཡལ་བར་འདོར་བའི་ལྟུང་བྱེད་དོ།། །།དྲུག་པ་ནི། གླེང་གཞི་ལུང་ན་ཞལ་མི་གསལ་ཡང༌། ཊཱི་ཀ་ལས། དགེ་སློང་མའི་དགེ་འདུན་ཆོས་བཞིན་དུ་ལས་བྱེད་པ་ལ། སྦོམ་དགའ་མོས་འདུན་པ་ཕུལ་བ་ན་དགེ་འདུན་མས་ལས་དེ། དེའི་ཉིན་མོར་མ་བྱས་ནས་ཕྱི་དེ་ཉིན་མོར་བྱ་བར་བརྩམས་ཏེ་སྦོམ་དགའ་མོ་ལ་སྦྲན་པ་དང༌། དེ་འོང་དུ་མ་བཏུབ་སྟེ་ཁོ་མོས་འདུན་པ་ཕུལ་ཟིན་ཏོ། །ནམ་ཕུལ། ཉི་མ་སྔ་མ་ལའོ། །ཞག་ལོན་པའི་འདུན་པ་འབུལ་དུ་རུང་ངམ། དེས་སྨྲས་པ། འདུན་པ་སྔར་ཕུལ་བ་དེ་ཆག་གམ་རུལ་ལམ་ཅི་ཉེས་ཞེས་ཟེར་བ་ལས་བཅས་པ་ཡིན་ནོ། ། ཞེས་སོ། །དགག་བྱ་ནི་དགེ་འདུན་མ་ལ་གནོད་པའོ། །དགེ་སློང་མས་དགེ་འདུན་མའི་ལས་ལ་འདུན་པ་ཕུལ་ནས། ཞག་ལོན་པའི་འདུན་པ་དེ་ཉིད་སྦྱིན་ཏེ་འདུན་པ་ཕྱི་མ་མི་སྟེར་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དེ་ཡང་མི་སྟེར་བའི་ཚིག་སྨྲས་ཏེ་དོན་གོ་ནའོ། །བློ་མཐུན་པར་མི་བྱེད་པའི་ལྟུང་བྱེད་དོ།། །།བདུན་པ་ནི། ཟླ་ཕྱེད་གདམས་ངག་རྗེས་སུ་བསྟན་པ་མི་ནོད་པའི་གླེང་གཞི་ནི། དགེ་སློང་མ་རྣམས་ཀྱིས། དགེ་སློང་རྣམས་ལས་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་རྗེས་སུ་བསྟན་པ་ནོད་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ན། བཅུ་གཉིས་སྡེ་རྣམས་དེ་ལྟར་མི་བྱེད་པ་ལས་སོ། །དགག་བྱ་ནི་བསླབ་པ་ཕུན་སུམ་ཚོགས་པའི་ཡན་ལག་མི་བསྒྲུབས་པས་རང་གི་བསླབ་པ་ལ་གནོད་པའི་རྒྱུར་འགྱུར་བའོ། །གསོ་སྦྱོང་གི་དུས་ཀྱི་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལས། གདམས་ངག་དང་རྗེས་སུ་བསྟན་པ་དག་དགེ་སློང་མས་ཉན་པར་མི་བྱེད། ཉམས་སུ་མྱོང་བར་མི་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །གདམས་ངག་དང་རྗེས་བསྟན་གྱི་ཁྱད་པར་ནི། ཕྲན་ཚེགས་འགྲཻལ་པར། (༢༥༣བ)


K8Z003_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་ལུང་འབོགས་པ་དང༌། འདི་ནི་བྱ་བ་ཡིན་ལ། འདི་ནི་བྱ་བ་མ་ཡིན་པའོ། །ཞེས་འདོམས་པ་ཁྱད་པར་ཅན་དུ་གསུངས་སོ། །འདི་ལ་དངོས་གཞིར་འགྱུར་བའི་དུས་གཉིས་ཡོད་དེ། ཊཱི་ཀ་ལས། རྐྱེན་མ་བྱུང་ན་གསོ་སྦྱོང་གི་ཉི་མ་ལས་འདས་ན་སྐྱ་རེངས་ཤར་བའི་དུས་ན་ཁ་ན་མ་ཐོ་བར་འདིར་འགྱུར་རོ། །རྐྱེན་བྱུང་ན་ནི་ཉི་མ་འཆར་ཁའི་དུས་སུ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཞེས་གསུངས་སོ། །དགེ་སློང་མེད་པར་གསོ་སྦྱོང་བྱེད་པའི་གླེང་གཞི་ནི། དགེ་སློང་མ་མང་པོ་རྣམས་ལྗོངས་རྒྱུ་ཞིང་སོང་བ་ན། དགེ་སློང་མ་ཞིག་གི་དབྱར་ཁང་དུ་ཕྱིན་ནས་དེ་དག་གིས་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་བྱས་ཏེ། དེ་དག་རིམ་གྱིས་རྒྱུ་ཞིང་མཉན་ཡོད་དུ་འོང་བའི་ཚེ་དགེ་སློང་མ་གཞན་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་གིས་ཅིའི་ཕྱིར་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་བྱས་ཞེས་ཟེར་བ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། །དགེ་སློང་མས་རང་གི་གསོ་སྦྱོང་ལ་མཐུན་པར་བསྒྲུབ་པའི་དགེ་སློང་དག་མེད་པར། དགེ་སློང་མ་ཉི་ཚེས་ཞི་གནས་ཀྱི་གསོ་སྦྱོང་ལས་གཞན། ཆོ་ག་ལ་བརྟེན་པའི་གསོ་སྦྱོང་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས་དོན་འདི་ལྟར་གསུངས་ཏེ། དགེ་སློང་མེད་པར་གསོ་སྦྱོང་བྱེད་པ་ཞེས་བྱ་བ་ནི། དགེ་སློང་རྣམས་ལ་གསོ་སྦྱོང་གི་འདུན་པ་བླངས་པ་མེད་པར་དགེ་སློང་མ་རྣམས་ཀྱིས་གསོ་སྦྱོང་བྱེད་པ་ལ་ལྟུང་བ་འདིར་འགྱུར་གྱི། དགེ་སློང་རྣམས་མངོན་སུམ་དུ་མི་འབོད་པ་ཉིད་ལ་གསོ་སྦྱོང་བྱེད་པ་ལ་ནི་ཉེས་པ་མེད་དོ། །ཞེས་སོ། །འགྲེལ་ཆུང་ལས། གསོལ་བ་ལ་སོགས་པའི་ལས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་འཆད་པ་པོར་བསྐོས་པའི་དགེ་སློང་ཞིག་ཡོད་ན། དེ་ལ་འདུན་པ་བླངས་པས་ཆོག་སྟེ་དགེ་སློང་ཀུན་ལ་མ་དྲིས་ཀྱང་ཉེས་པ་མེད་དོ། །ཞེས་སོ། །དེ་ལྟར་ན་དགེ་སློང་མའི་གསོ་སྦྱོང་བྱེད་(༢༥༤ན)


K8Z003_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། དགེ་སློང་ཕ་མ་ཕན་ཚུན་གཉིས་ཀ་ནས་འདུན་པ་བླངས་དགོས་པའོ། །གཞི་སྟོད་ཀྱི་སྐབས་ཀྱི་འགྲེལ་ཆུང་ལས། དགེ་སློང་མེད་པར་གསོ་སྦྱོང་བྱེད་པ་འདི་ཡང་ལྕི་བའི་ཆོས་བརྒྱད་ཀྱི་གྲངས་སུ་བགྲངས་སོ། །དེ་ནི་མ་ཡིན་ཏེ། ལུང་ཕྲན་ཚེགས་དང་རྒྱ་ཆེར་འགྲེལ་པ་ལས། ལྕི་བའི་ཆོས་བརྒྱད་ཀྱི་གྲངས་སུ་འདི་མ་བགྲངས་ལ། འདི་ནི་ལྕི་བའི་ཆོས་དང་ཆ་མཐུན་པ་ཙམ་ཡིན་གྱི། ལྕི་བའི་ཆོས་དངོས་ནི་མ་ཡིན་ནོ། ། མའི་སོ་སོར་ཐར་པ་ལས། ལམ་རིང་པོར་འགྲོ་བའི་ཚེ་གསོ་སྦྱོང་གི་དུས་ལ་བབས་ན་དགེ་སློང་མེད་ནའང་ཉེས་པ་མེད་དོ། །ཞེས་སོ། །དགེ་སློང་མེད་པའི་གནས་སུ་དབྱར་གནས་ཁས་ལེན་པའི་གླེང་གཞི་ནི། དགེ་སློང་མས་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་བླང་བར་མི་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་དང༌། དགེ་སློང་མ་མང་པོ་རྣམས་ཀྱིས་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་བླངས་ཏེ། དེ་ལ་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། མཚམས་པོ་ཆེ་གཅིག་གི་ཁོངས་ན་དགེ་སློང་མེད་པའམ་མཚམས་པོ་ཆེ་མ་བཅད་ན་ནི། དཔག་ཚད་གཅིག་གི་ཁོངས་ན་དགེ་སློང་མེད་པའི་གནས་སུ་དགེ་སློང་མས་དབྱར་གནས་པར་ཁས་ལེན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས། དགེ་སློང་མེད་པའི་གནས་ཞེས་བྱ་བ་ནི། གང་ན་ལས་བརྒྱ་རྩ་གཅིག་པོ་ཐམས་ཅད་མེད་པ་ལ་བྱའི། གནས་གང་ན་དགེ་སློང་བཞི་ཡན་ཆད་གནས་ཤིང་ལས་བྱེད་པ་ཡོད་པ་དེ་ནི་དགེ་སློང་མེད་པའི་གནས་ཞེས་མི་བྱའོ། །ཞེས་གསུངས་སོ། །འདིའི་འགྲེལ་པ་ལས་ནི། དགེ་སློང་གི་གཙུག་ལག་ཁང་ནས་ཕར་རྒྱང་གྲགས་ཕྱེད་ལས་རིང་བ་ཞིག་ཏུ་ཞུགས་པ་ན་ལྟུང་བྱེད་དོ་ཞེས་(༢༥༤བ)


K8Z003_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། ། ཤ་ལུགས་པ་རྣམས་ན་རེ། དགེ་སློང་རྒྱང་གྲགས་གཅིག་གི་ཁོངས་ན་མེད་པའི་གནས་སུ་དགེ་སློང་མས་དབྱར་གནས་པར་ཁས་ལེན་ན་ལྟུང་བྱེད་དོ་ཞེས་ཟེར་ཏེ། འདི་ནི་རྒྱང་གྲགས་གཅིག་ཡིན་པ་ལ་གཞུང་གཏན་ནས་མེད་དོ། །དགེ་སློང་ཕ་མ་གཉིས་ཀྱིས་གནས་གཉིས་པོ་དེ་ཙམ་དུ་ཧ་ཅང་ཉེ་བ་དེ་ནི་ཚུལ་དང་མཐུན་པ་མ་ཡིན་པས་སྔ་མ་ལྟར་རིགས་སོ། །གཉིས་ཀའི་དགེ་འདུན་ལ་དགག་དབྱེ་མི་བྱེད་པའི་གླེང་གཞི་ནི། དགེ་སློང་མ་རྣམས་ཀྱིས་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་དང༌། དེ་ནས་དགེ་སློང་མ་རྣམས་ཀྱིས་སྦོམ་དགའ་མོ་ལ་སྨྲས་པ་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱ་ཡི་ཚུར་སྤྱོན། དེས་སྨྲས་པ། ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་པས་ཁོ་མོས་དགག་དབྱེ་ཇི་ལྟར་བྱ་བ་ཤེས་ཏེ། དགེ་སློང་གིས་དགེ་འདུན་ལ་ལྕག་པོད་དང༌། ཤུར་བུ་ཕྲེའུ་ཕལ་མོ་ཆེ་འབུལ་དགོས་པས་ཁྱེད་ཅག་དེངས་ཤིག །ཁོ་མོ་ནི་དེར་མི་འགྲོའོ་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་ལས་སོ། །དགག་བྱ་ནི། དགག་དབྱེའི་ཕན་ཡོན་མི་ཐོབ་བོ་སྟེ་ཆོས་དག་པ་དང༌། ཚུལ་ཁྲིམས་དག་པར་མི་འགྱུར་བའོ། །དགེ་སློང་མ་དབྱར་གནས་པར་ཁས་བླངས་པ་གཉིས་ཀའི་དགེ་འདུན་ཏེ་དགེ་སློང་ཕའི་དགེ་འདུན་དང༌། མའི་དགེ་འདུན་གཉིས་ཀ་ལ། གནས་གསུམ་སྟེ་མཐོང་ཐོས་དོགས་གསུམ་གྱི་དགག་དབྱེ་མི་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་ཏེ། དགེ་སློང་ཕ་མའི་དགེ་འདུན་གཉིས་པོ་གང་རུང་གཅིག་ཁོ་ན་ལ་དགག་དབྱེ་མི་བྱེད་དམ། དགེ་འདུན་གཉིས་པོ་གང་ལ་ཡང་དགག་དབྱེ་མི་བྱེད་པས་སོ། །ལྕི་བའི་ཆོས་ལས་འདས་པར་གྱུར་པའི་ལྟུང་བྱེད་གསུམ་དང༌། ལྕི་བའི་ཆོས་དང་འབྲེལ་བའི་ལྟུང་བྱེད་གཅིག་སྟེ། ཊཱི་ཀར། དགེ་སློང་མེད་པར་གསོ་(༢༥༥ན)


K8Z003_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བྱེད་པ་ནི་ལྕི་བའི་ཆོས་དང་འབྲེལ་བའི་ལྟུང་བ་ཡིན་གྱི། ལྕི་བའི་ཆོས་ལས་འདས་པའི་ལྟུང་བ་ཉིད་ནི་མ་ཡིན་ནོ། །ཞེས་སོ། །མིང་ཚིག་གིར་ངག་གོ། །བརྒྱད་པ་ལ། དབུལ་པོ་སྲ་བརྐྱང་སྦྱོར་བཅུག་དང༌། །དུག་ལྔ་དབྱུང་ཚོགས་མི་སྦྱིན་དང༌། །གོས་བགོད་ཚོགས་པ་མི་སྦྱིན་པའོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོས་ཁྱིམ་བདག་དབུལ་པོ་ནད་པ་ཞིག་ལ་སྲ་བརྐྱང་འབུལ་དུ་བཅུག་པ་ལས་སོ། །དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པའོ། །དགེ་སློང་མས་ཁྱིམ་པ་དབུལ་པོ་སྲ་བརྐྱང་སྦྱོར་དུ་བཅུག་པ་ལ་ལྟུང་བྱེད་དོ། །ཊཱི་ཀ་ལས། ཐོབ་ན་དངོས་གཞིའོ། །སྲ་བརྐྱང་གི་ཟུང་ཙམ་དབུལ་པོས་སྦྱོར་དུ་བཅུག་པ་ལ་ཡང་དངོས་གཞིའོ་ཞེས་སོ། །སྲ་བརྐྱང་ནི་མཚོན་པ་ཙམ་སྟེ། ཊཱི་ཀ་ལས། ཡོ་བྱད་གཞན་དག་ཀྱང་ཡིན་ནོ། །ཞེས་སོ། །ལུང་རྣམ་འབྱེད་ལས། ནད་པ་ཉམ་ཆུང་བུ་ལ་སྲ་བརྐྱང་འབུལ་དུ་འཇུག་ན་ལྟུང་བྱེད་དོ། །ཞེས་གསུངས་ཏེ། དབུལ་པོ་དང་ནད་པ་ཚོགས་དོན་ཡིན་པ་ལ་དགོངས་ཞེས་རིགས་སོ། །མའི་སོ་སོར་ཐར་པའི་འགྲེལ་པ་ལས། ཁྱིམ་པའམ་ནད་པ་སྦྱོར་མི་བཟོད་པ་ལས་སློང་ཞིང་སྦྱོར་དུ་འཇུག་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་བཤད་མོད་ཀྱི། དབུལ་པོ་ཡིན་ན་ནད་པ་ཡིན་རུང་མིན་རུང་སྟེ་འབུལ་དུ་འཇུག་ན་ལྟུང་བ་ཡིན་གྱི། ན་བ་ཁོ་ནས་ནི་མ་ཡིན་ནོ། །གཉིས་པ་ནི། གླེང་གཞི་སྲ་བརྐྱང་བཏིང་བ་ལས། དགེ་སློང་མ་ཆོམ་རྐུན་པས་བཅོམ་པའི་དོན་དུ་སྲ་བརྐྱང་དུས་ཀྱི་སྔ་རོལ་དུ་འབྱིན་པ་ལ། སྦོམ་དགའ་མོ་འདུར་མི་བཏུབ་པ་ལས་སོ། །དགག་བྱ་ནི་རང་རིས་ཀྱི་དགེ་འདུན་མ་རྣམས་ལ་གནོད་པའོ། །སྲ་བརྐྱང་དབྱུང་བའི་ཕྱིར་དུས་ཀྱི་སྔ་རོལ་དུ་བག་ཡངས་སུ་བྱ་བའི་ལས་ལ། བདག་ཉིད་མཚམས་ནང་ན་གནས་པ་མི་འདུ་(༢༥༥བ)


K8Z003_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། འདུན་པ་ཡང་མི་བྱིན་པས་ཚོགས་པ་མི་སྦྱིན་པའི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་རོ། །གསུམ་པ་ལ། ལྟུང་བྱེད་དངོས་ཉིད་བཤད་པ་དང༌། །དེ་ཡི་དམིགས་ཀྱིས་བསལ་བའོ། །དང་པོ་ནི། གླེང་གཞི་དགེ་སློང་མ་རྣམས་གོས་ཀྱི་རྙེད་པ་འགེད་པ་ལ་སྦོམ་དགའ་མོ་འདུར་མི་བཏུབ་པ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། །དགེ་སློང་མ་རྣམས་གོས་འགེད་པའི་ཕྱིར་ལུས་ཀྱང་བདག་ཉིད་མཚམས་ནང་ན་གནས་ལ། ཚོགས་པ་མི་སྦྱིན་པའི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས། གོས་ལ་ཞེས་པ་ནི་དཔེ་ཙམ་དུ་ཟད་དོ། །ཆོས་དང་ལྡན་པའི་རྙེད་པ་གཞན་བགོ་བའི་ཕྱིར། ཚོགས་པ་མི་སྦྱིན་པ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ་ཞེས་སོ། །གཉིས་པ་ནི། ཚོགས་མི་སྦྱིན་པ་འདིས་རྙེད་པའི་སྐལ་བ་ལེན་མི་འདོད་པ་ཉིད་ནི་ལྟུང་བ་མ་བྱས་པ་ཉིད་དོ། །གཞན་ལ་གནོད་པར་བྱེད་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ།། །།དགུ་པ་ལ། ལྟུང་བའི་རྣམ་པར་བཞག་པ་དང༌། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོས་དབྱར་ཁང་སྒོ་བཅད་ནས་ལྡེའུ་མིག་ཁྱེར་ཏེ་ལྗོངས་རྒྱུ་ཞིང་སོང་བ་ལས། དབྱར་ཁང་དེར་མེ་ཤོར་ཏེ་དགེ་སློང་མ་རྣམས་ཀྱིས་ལེགས་པར་བསད་འདོད་ནས་སྒོ་དབྱེར་ལྡེའུ་མིག་མ་རྙེད་ནས་དབྱར་ཁང་མེས་འཚིག་པར་གྱུར་པ་ལས་སོ། །དགག་བྱ་ནི་དབྱར་ཁང་ཆུད་ཟོས་པ་ལས་ལོངས་སྤྱོད་ལ་གནོད་པའོ། །དགེ་སློང་མ་དབྱར་ཁང་ནས་གཞན་དུ་འགྲོ་བ་ན། ཐ་ན་ཁྱིམ་པ་ཡན་ཆད་གཞན་ལ་དབྱར་ཁང་མ་གཏད་མ་བཅོལ་བར་འགྲོ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །ཇི་ཙམ་སོང་བས་ཞེ་ན། དབྱར་ཁང་གི་ཉེ་འཁོར་བཏང་ནའོ། །གཉིས་པ་ནི། གང་ཟག་གི་དབྱར་ཁང་གླར་མི་བཏང་ངོ༌། །ཁང་ཁྱིམ་གྱི་གཞི་དང་ཚོང་ཁང་གི་(༢༥༦ན)


K8Z003_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཡང་ངོ༌། །འདས་ན་ཉེས་བྱས་སོ། །དབྱར་ཁང་ཡལ་བར་འདོར་བ་ལས་གྱུར་པའི་ལྟུང་བྱེད་དོ།། །།བཅུ་གསུམ་པ་ལ་ལྟུང་བྱེད་བཞི་སྟེ། ལྗོངས་རྒྱུའི་ལྟུང་བྱེད་དམིགས་བསལ་བསྟན། །དབྱར་འོག་མི་རྒྱུའི་ལྟུང་བྱེད་དང༌། །ཡུལ་འཁོར་དོགས་བཅས་ལྟུང་བྱེད་བརྗོད། །མི་མཐུན་བཅས་འགྲོའི་ལྟུང་བྱེད་དོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོ་འཁོར་དང་བཅས་པ་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་འགྲོ་བ་ལས་སོ། །དགག་བྱ་ནི་དབྱར་འདྲལ་བའི་རྒྱུར་འགྱུར་བའོ། །དགེ་སློང་མས་དབྱར་གྱི་ནང་དུ་ཡུལ་བལྟ་བའི་ཕྱིར་ལྗོངས་རྒྱུ་ཞིང་རྒྱང་གྲགས་ཀྱི་མཐའ་ལས་འདས་པར་འགྲོ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །མའི་སོ་ཐར་འགྲེལ་པ་ལས། དབྱར་ཟླ་བ་གསུམ་མ་ཚང་བར་ཚུལ་དྲལ་ན་ལྟུང་བྱེད་དོ། །ཞེས་བཤད་ཀྱང༌། ཚུལ་དྲལ་བ་ནི་མཚོན་པ་སྟེ་ཉིན་མོ་ལྗོངས་རྒྱུ་ན་ཡང་ལྟུང་བྱེད་དོ། །རང་གཞན་གྱི་ཆོས་ལྡན་གྱི་བྱ་བ་བསྒྲུབ་པའི་ཆེད་དུ་དབྱར་ཚུལ་ནང་དུ་དབྱར་བྱིན་གྱིས་བརླབ་ཏེ་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ནི་ཉེས་པ་མེད་པར་ཊཱི་ཀ་ལས་བཤད་དོ། །བར་ཆད་ཉེ་བར་གནས་པ་ལ་ནི་ལྟུང་བ་མེད་དོ། །གཉིས་པ་ནི། གླེང་གཞི་སྦོམ་དགའ་མོ་ལ། དགེ་སློང་མ་རྣམས་ཀྱིས་སྨྲས་པ། དགག་དབྱེ་བ་གྱིས་ལགས་ཀྱི། ལྗོངས་རྒྱུ་ཞིང་བཞུད་དོ། །དེས་སྨྲས་པ། ཁོ་མོ་སྡེ་སྣོད་གསུམ་པ་ཡིན་ཏེ་ད་དུང་རྒྱུ་བའི་དུས་ལ་མ་བབ་བོ་ཞེས་ཟེར་ཞིང་མི་འགྲོ་བ་ལས་སོ། ། དགག་བྱ་ནི་གནས་ལ་ཆགས་པ་འཕེལ་བའོ། །དབྱར་གནས་པར་ཁས་བླངས་ནས་དབྱར་གནས་ཏེ་དགག་དབྱེ་བྱས་པའི་འོག་ཏུ་ཚེས་བཅུ་དྲུག་ལ་ལྗོངས་རྒྱུ་བ་དེར་མི་འགྲོ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །མའི་སོ་སོར་ཐར་པ་ལས། དབྱར་གནས་པའི་འོག་རོལ་ཏུ་རྒྱང་གྲགས་ཀྱི་མཐར་མི་འགྲོ་ན་ལྟུང་བྱེད་དོ། །(༢༥༦བ)


K8Z003_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ལ། ཊཱི་ཀ་ལས། འདིར་འགྲོ་བའི་ཚད་རྒྱང་གྲགས་ཀྱི་ཚད་ཀྱི་མཐའོ། །ཞེས་སོ། །དགེ་སློང་མའི་རྣམ་འབྱེད་ལས། ཐ་ན་དབྱར་ཁང་གཅིག་ནས་གཅིག་ཤོས་སུ་ཡང་འདོང་བར་བྱའོ་ཞེས་གསུངས་ཏེ་གནས་ལ་ཞེན་པ་སྤང་བའི་ཕྱིར་རོ། །དབྱར་གནས་པའི་འོག་ཏུ་དགེ་སློང་ལ་སོགས་པ་ལྗོངས་མི་རྒྱུ་ན། ཊཱི་ཀ་ལས། གཞན་ལ་ནི་ཉེས་བྱས་ཡིན་པར་འདུལ་བ་མདོར་བསྡུས་པ་ལས་ཤེས་པར་བྱའོ། །ཞེས་སོ། །གཞན་ཡང་ཕྱོགས་ཀུན་འཇིགས་པ་དང་བཅས་པའམ་ཞེ་འགྲས་ཡོད་ན་ནི་ལྟུང་བ་མེད་དོ། །གསུམ་པ་ནི། གླེང་གཞི་མ་སྐྱེས་དགྲས་ཡངས་པ་ཅན་དུ་སུ་ཡང་མ་འགྲོ་ཞིག་ཅེས་དྲིལ་བསྒྲགས་པར་བྱས་སོ། །དེ་ནས་དགེ་སློང་མ་རྣམས་རྒྱལ་པོའི་ཁབ་ནས་ཡངས་པ་ཅན་ག་ལ་བ་དེར་རྒྱུ་ཞིང་སོང་བ་ན། ལམ་ཀར་ཆོམ་རྐུན་པ་དག་གིས་སུན་ཕྱུང་བ་ལས་སོ། ། དགག་བྱ་ནི་ལུས་སྲོག་སོགས་ལ་གནོད་པའོ། །ཡུལ་འཁོར་ཆོམ་རྐུན་པའི་འཇིགས་པས་དོགས་པ་དང་བཅས་པར་འགྲོ་བའི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་རོ། །བཞི་པ་ནི། གླེང་གཞི་ཡངས་པ་ཅན་པ་དག་གིས་རྒྱལ་པོའི་ཁབ་ཏུ་སུ་ཡང་མ་འགྲོ་ཞིག་ཅེས་དྲིལ་བསྒྲགས་པར་བྱས་སོ། །དེ་ནས་དགེ་སློང་མ་རྣམས་དེར་སོང་བ་ན་སུན་ཕྱུང་བ་ལས་སོ། །དགག་བྱ་ནི་ལུས་སྲོག་སོགས་ལ་གནོད་པའོ། །ཡུལ་འཁོར་གང་ན་དགྲ་བོ་མི་མཐུན་པ་ཡོད་པ་དང་བཅས་པར་ཡང་ངོ་སྟེ་འགྲོ་བ་ལའོ་ཞེས་སྔ་མར་སྦྱར་རོ། །ཊཱི་ཀ་ལས། མི་མཐུན་པ་དང་བཅས་པ་ཡིན་ཏེ་ཕྱོགས་འདིར་སུ་ཡང་འགྲོ་བར་མི་བྱའོ། །སུ་འགྲོ་བ་དེ་བསད་པར་བྱའོ་ཞེས་འགྲོ་བ་དགག་པའི་ཁྲིམས་སུ་བྱས་པ་ཡོད་པ་ལྟ་བུའོ། ། ཞེས་སོ། །འོ་ན་འདི་དང་སྔ་མའི་ཁྱད་པར་ཅི་ཞེ་ན། སྔ་མའི་སྐབས་སུ་ལུང་རྣམ་འབྱེད་ལས། དོགས་པ་དང་བཅས་པའི་ལམ་ནས། (༢༥༧ན)


K8Z003_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་ཡུལ་འཁོར་དུ་འགྲོ་ན་ལྟུང་བྱེད་དོ་ཞེས་གསུངས་ནས། ཕྱི་མའི་སྐབས་སུ་ལུང་རྣམ་འབྱེད་ལས། དོགས་པ་དང་བཅས་པའི་ལམ་ནས་ཕྱི་རོལ་དུ་འགྲོ་ན་ལྟུང་བྱེད་དོ་ཞེས་གསུངས་ཏེ། ནང་གི་ཡུལ་འཁོར་དང་ཕྱི་རོལ་གྱི་ཡུལ་འཁོར་མཚོན་ཏེ་གསུངས་པ་ཙམ་མོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས། ཡུལ་འཁོར་ཆོམ་རྐུན་པའི་འཇིགས་པས་དོགས་པ་དང་བཅས་པ་དང༌། ཡུལ་འཁོར་གང་ན་དགྲ་བོ་མི་མཐུན་པ་དང་བཅས་པ། ཞེས་བཤད་དོ། །སྔ་མ་ནི་སྒོས་དགྲ་ཡོད་པ་དང༌། ཕྱི་མ་ནི་སྤྱི་དགྲ་ཡོད་པའོ་ཞེས་ཤ་མི་དང་སྦལ་ཏི་སོགས་འདུལ་བ་འཛིན་པ་རྣམས་མཐུན་པར་འཆད་དོ། །འགྲོ་བ་གསུམ་དང་མི་འགྲོ་བ་གཅིག་ལས་གྱུར་པའི་ལྟུང་བྱེད་བཞིའོ།། །།བཅུ་བཞི་པ་ལ་གཉིས་ཏེ། གཞན་གྱི་གནས་སོང་རྩོད་པ་དང༌། །སྐབས་མིན་འདྲི་བའི་ལྟུང་བྱེད་དོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོ་ལྷ་ཁང་དུ་སོང་བ་ནས་ལྷ་ཁང་པ་རྣམས་དང༌། གཞན་ཡང་རྩོད་པ་བ་རྣམས་དང་རྩོད་པར་བྱེད་ཅིང༌། ཁོ་མོས་ལྷ་ཁང་དུ་རྩོད་པ་བ་རྣམས་བཅད་དོ་ཞེས་ཟེར་བ་ལས་སོ། །དགག་བྱ་ནི་ཊཱི་ཀ་ལས། གཞན་གྱི་གནས་སུ་སོང་སྟེ། གཞན་ཟིལ་གྱིས་གནོན་པ་འདི་ནི་ཧ་ཅང་སྤྱི་བརྟོལ་ཆེ་བ་ཡིན་པའི་ཕྱིར། ཞེས་བཤད་དེ། འཇིག་རྟེན་པའི་ལྷའི་གནས་དང༌། ཊཱི་ཀ་ལས། རྒྱལ་པོའི་ཕོ་བྲང་ལ་སོགས་དང༌། མུ་སྟེགས་ཅན་གྱི་གནས་སུ་སོང་སྟེ་རྩོད་པར་བྱེད་པ་སྟེ་འཐབ་ཀྲོལ་བྱེད་པའི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་སོ། །ཊཱི་ཀ་ལས། ཚིག་གི་དོན་གཅིག་བརྡ་ཕྲད་པའི་དུས་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་སོ། །འདིར་རྩོད་པར་བྱེད་པ་ནི་འཐབ་པར་བྱེད་པ་སྟེ། ལུང་རྣམ་འབྱེད་ལས། རྩོད་པར་བྱེད་ན་ཞེས་བྱ་བ་ནི། འཐབ་པར་བྱེད་ནའོ་ཞེས་གསུངས་སོ། །གཉིས་པ་ལ། ལྟུང་བའི་རྣམ་པར་བཞག་(༢༥༧བ)


K8Z003_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པ་དངོས། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོ་གཙུག་ལག་ཁང་དུ་སོང་ནས་དགེ་སློང་རྣམས་ལ་སྐབས་མ་ཕྱེ་བར་དྲི་བ་དྲིས་པ་དང༌། དྲི་བ་དེ་དགེ་སློང་དེས་དགྲོལ་བར་མ་ནུས་ནས་ཞུམ་ཞུམ་པོར་གྱུར་པ་ལས་སོ། །དགག་བྱ་ནི་དྲི་བའི་ཡུལ་དེ་ལ་ཐོ་འཚམས་པར་འགྱུར་བའོ། །དགེ་སློང་མས་དགེ་སློང་ལ་སོགས་པ་ལ་ཆོས་འདྲི་བའི་སྐབས་མ་ཕྱེ་བར་འདྲི་བ་ལ་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ནི། ཇི་ལྟར་སྐབས་འབྱེད་དུ་གཞུག་པར་བྱ་ཞེ་ན། དང་པོར་སྟན་བཏིང་སྟེ་ཕན་ཚུན་ཀུན་དགའ་བར་བྱས་ནས་ལུང་འདྲི་བའི་སྦྱོར་བས་སྐབས་འབྱེད་དུ་གཞུག་པར་བྱའོ། །སྨྲ་བ་ལས་གྱུར་པའི་ལྟུང་བྱེད་གཉིས་སོ།། །།བཅོ་ལྔ་པ་ལ་གསུམ་སྟེ། ཕྱི་སར་གཅིག་པར་འགྲོ་བ་དང༌། །རྩྭ་སྔོན་མི་གཙང་འདོར་བ་དང༌། །ཕག་མ་བལྟས་པར་བཤང་འདོར་བའོ། །དང་པོ་ནི། གླེང་གཞི་གཙུག་དགའ་མོས་སྐྱེས་པ་གཅིག་ལ་བརྡ་བྱས་ནས། སྐྱེས་པ་དེ་ནུབ་མོར་འོངས་པ་དང༌། དེས་དེ་དབྱར་ཁང་གི་ཆབ་ཁུང་སར་བཞག་ནས། གཙུག་དགའ་མོས་བྱ་བ་མང་པོ་བྱས་ནས། ཆབ་ཁུང་སར་སོང་སྟེ་སྐྱེས་པ་དེ་ལ་འདི་སྐད་ཅེས། གནས་འདི་ནི་མི་གཙང་གི་གནས་གཞན་དུ་འདོད་དོ། །ཁོ་མོའི་ཕྲག་ལ་ཞོན་ཅིག་ཅེས་སྨྲས་པ་དང༌། སྐྱེས་པ་དེས་ཕྲག་ལ་ཞོན་པ་དང༌། དེ་ནས་གཙུག་དགའ་མོ་འདི་སྙམ་དུ་སེམས་ཏེ། བདག་དགེ་སློང་མ་རྣམས་ཀྱི་སྣ་ལ་འགྲོ་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་ཡིན་ཏེ། གཙང་མས་འཇིག་རྟེན་ཟིལ་གནོན་ཏེ། བཙོགས་པས་འཇིག་རྟེན་ཟིལ་མི་ནོན་ཅེས་ཟེར་བ་ལྟ་བུའོ་སྙམ་དུ་བསམས་ནས། བདག་ཆོམ་རྐུན་པས་ཁྲིད་དོ་ཞེས་སྨྲས་པ་དང༌། སྐྱེས་པ་དེ་ཕྲག་པ་ལས་ས་ལ་མཆོངས་ཏེ། མགོ་རེག་མ་ངན་མ་རང་གིས་བརྡ་བྱས་ནས་(༢༥༨ན)


K8Z003_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཆོམ་རྐུན་པས་ཁྲིད་དོ་ཞེས་སྨྲའམ་ཞེས་སྨྲས་པའི་བྱུང་བ་ལས་སོ། །དགག་བྱ་ནི་ཁྲིམས་གྲོགས་མེད་པས་བསླབ་པ་ལས་འབྲལ་བར་འགྱུར་རོ། །དགེ་སློང་མ་གཅིག་པུ་ཁྲིམས་གྲོགས་མེད་པར་དབྱར་ཁང་གི་ཉེ་འཁོར་ལས་འདས་ཏེ་ཕྱི་སར་དང༌། རང་གི་རྣམ་བཤད་ལས། གཅི་བའི་སར་གཅིག་པུ་འགྲོ་བ་ལ་སྟེ། འགྲེལ་ཆུང་ལས། མཚན་མོ་སོང་ན་ལྟུང་བྱེད་དོ་ཞེས། གསུངས་སོ། །གཉིས་པ་ལ། ལྟུང་བ་རྣམ་པར་བཞག་པ་དང༌། །ལྟུང་བ་མེད་པ་བརྗོད་པའོ། །དང་པོ་ནི། གླེང་གཞི་སྦོམ་དགའ་མོ་བསོད་སྙོམས་ལ་འགྲོ་བ་ན། བྲམ་ཟེའི་ཁྱེའུ་རྣམས་ཀྱིས་ཐོ་བརྩམས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བྲམ་ཟེའི་གསང་ཚིག་ཀློག་པའི་གནས་ནེའུ་སིང་སྔོན་པོ་ཡོད་པ་དེར། སྦོམ་དགའ་མོས་བཅུ་སྨན་ཟོས་ཏེ་མང་དུ་འབྲུས་པ་དེས་ནེའུ་སིང་སྔོན་པོ་སྦགས་པ་ལས་སོ། །དགག་བྱ་ནི་གཞན་དག་མ་དད་པར་འགྱུར་བའོ། །དགེ་སློང་མས་རྩྭ་སྔོན་པོའི་སྟེང་དུ་བཤང་བ་བྱེད་པ་དང༌། བྱས་ཟིན་པ་འདོར་བ་ལ་ལྟུང་བྱེད་དུ་འགྱུར་རོ། །མའི་སོ་སོར་ཐར་པ་ལས། རྩྭ་སྔོན་པོའི་སྟེང་དུ་བཤང་གཅི་འདོར་ན་ལྟུང་བྱེད་དོ། །ཞེས་སོ། །གཉིས་པ་ནི། ནད་པ་ལ་ནི་ལྟུང་བ་མེད་དོ། །རྩྭ་སྔོན་པོས་ས་ཕྱོགས་དེ་ཐམས་ཅད་ཁྱབ་པ་ཉིད་ལ་ཡང་དེར་འདོར་བ་ལ་ལྟུང་བ་མེད་དོ། །གསུམ་པ་ལ། ལྟུང་བ་རྣམ་པར་བཞག་པ་དང༌། །དེ་ཡི་ལྟུང་བ་མེད་པ་བསྟན། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ནི། གླེང་གཞི་གླང་པོ་ཆེའི་སྣ་ཆེན་པོ་ལ་གཏོགས་པ་དཔལ་སྐྱེས་ཞེས་བྱ་བ། རྒྱལ་པོ་གསལ་རྒྱལ་གྱིས་ཆད་པ་བཅད་པ་ཞིག་ཡོད་པ་དེ། ནངས་པར་དུས་སུ་དབྱར་ཁང་དུ་ཉེ་བ་ཞིག་ཏུ་སོང་བ་ལ། སྦོམ་དགའ་མོས་མ་བརྟགས་པར་ཆོལ་ཟངས་གཅིན་གྱིས་བཀང་བ་མ་བརྟགས་པར་གཏོར་བ་མགོ་ལ་ཕོག་པར་གྱུར་ཏེ་དེ་རིང་བདག་ལ་བཀྲ་(༢༥༨བ)


K8Z003_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པར་འགྱུར་རམ། འོན་ཏེ་མི་ཤིས་པར་འགྱུར་སྙམ་པ་ལས། ཇི་ཙམ་ན་རི་དྭགས་འཛིན་གྱིས་རྒྱལ་པོ་ལ་ཞུས་ཏེ། རྒྱལ་པོས་དཔལ་སྐྱེས་ལ་གླང་པོ་ཆེ་པདྨ་དཀར་པོ་ཞེས་བྱ་བ་གཅིག་དང་དེའི་དབང་ཐང་ཉིད་ཀྱང་སླར་བྱིན་ནོ། །དེ་ནས་དཔལ་སྐྱེས་ཀྱིས་དགེ་སློང་མ་དེའི་ཆབ་ནི། བཀྲ་ཤིས་པ་དག་བྱེད་པ་ཡིན་པས་ཞེས་རས་ཡུག་པོ་ཆེ་ཁྱེར་ཏེ་དབྱར་ཁང་དུ་འོངས་ནས་སྦོམ་དགའ་མོ་ལ་བཀོན་པ་ལས་བཅས་སོ། །དགག་བྱ་ནི་གཞན་དག་མ་དད་པར་འགྱུར་བའོ། །ཁང་སྟེང་གི་རྩིག་པའི་ཕག་རྩིག་པའི་དྲུང་ཕྱི་རོལ་ཏུ་འགའ་ཞིག་འདུག་པ་ལ་མི་ཕོག་གམ་ཞེས་མ་བལྟས་པར་བཤང་བའམ་གཅི་བ་འདོར་བ་སྟེ། མའི་སོ་སོར་ཐར་པ་དང་ལུང་རྣམ་འབྱེད་ལས། མ་བརྟགས་པར་བཤང་བའམ། གཅི་བ་འདོར་ན་ལྟུང་བྱེད་དུ་འགྱུར་རོ། ། ཞེས་གསུངས་སོ། །གཉིས་པ་ནི། རྩིག་པ་ལ་པུ་ཤུ་བཏགས་པ་ལ་ནི་ལྟུང་བ་མེད་དོ། །གསུམ་པ་ནི། མི་གཙང་བ་ལ་བོང་རྡོག་འཕང་བར་མི་བྱའོ། །བཤང་བ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ། །ལྟུང་བྱེད་བརྒྱ་དང་བརྒྱད་ཅུ་དེས་བཤད་པ་གྲུབ་ཀྱང༌། ད་རུང་སོ་སོར་ཐར་པའི་མདོར། སྡོམ་གྱིས་མ་བསྡུས་པའི་ལྟུང་བྱེད། ལུང་དགེ་སློང་མའི་རྣམ་འབྱེད་ལས་གསུངས་པ་ནི། ཡང་དགེ་སློང་མ་གང་རི་མོ་མཁན་གྱི་ཁང་པའམ་གར་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་གར་མཁན་ལ་བལྟར་འགྲོ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་གླུ་ལེན་པ་བལྟར་འགྲོ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་རོལ་མོ་ལ་བལྟར་འགྲོ་ན་ལྟུང་བྱེད་དོ་ཞེས་དེ་རྣམས་རེ་རེ་ཞིང་སྦོམ་དགའ་མོའི་གླེང་གཞི་བཅས་ནས་གསུངས་སོ། །གཞན་ཡང་སྐབས་འདིར་མཚོ་སྣ་པ་ཆེན་པོས། སྲིན་བལ་བརྟད་བྱུང་དབེན་པར་འདུག་པ་བཞིན། །ཉལ་བར་འདུག་(༢༥༩ན)


K8Z003_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེང་གཉིས་དང་གདེང་མེད་སྤྱོད། །ཉེར་གནས་མ་བྱས་གདིང་བ་ཅིག་ཉལ་དང༌། །ཁང་པ་གཉིས་བལྟ་གར་གླུ་རོལ་མོར་བལྟ། །ཞེས་ཚིགས་བཅད་དུ་གསུངས་པའི་དོན་སྤང་ལྟུང་གཉིས། ལྟུང་བྱེད་འབའ་ཞིག་པ་བཅུ་བཞི་སྟེ་བཅུ་དྲུག་པོ་དེ་རྣམས་ནི། སོ་ཐར་གྱི་མདོར་སྡོམ་གྱིས་མ་བསྡུས་ཤིང་མདོ་རྩ་བ་ལས་མ་བཤད་ལ། ལུང་དགེ་སློང་མའི་རྣམ་འབྱེད་ལས་གསུངས་སོ། །འདིར་སྨྲས་པ། སྡོམ་བརྩོན་ལྷུན་པོའི་ཕྲག་པར་ཚངས་སྤྱོད་གཉིས་སྐྱེས་དབྱངས། །དཔེ་མཁྱུད་བྲལ་བ་མགྲིན་པའི་རྒྱུད་མང་བསྒྲེང་བའི་གླུས། །ཐར་འདོད་སྐྱེ་བོའི་ཡིད་ཀྱི་དཔག་བསམ་ཡལ་འདབ་ཅན། །དད་པའི་འཁྲི་ཤིང་ཀུན་དགའ་གསར་པས་འཆིང་བ་སྣང༌། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། ལྟུང་བྱེད་འབའ་ཞིག་པར་གྱུར་པའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། ༈ །།བཞི་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་མ་ལ་ཅིར་འགྱུར་དང༌། དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་རོ། །དང་པོ་ནི། སོ་སོར་བཤགས་པར་བྱ་བ་བཞི་ལས། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པ་ནི་དགེ་སློང་ཕ་མ་གཉིས་ཀའི་ཐུན་མོང་བ་ཡིན་ལ། སོ་སོར་བཤགས་པར་བྱ་བ་དང་པོ་དང༌། གཉིས་པ་དང༌། བཞི་པ་ནི། མའི་སོ་སོར་ཐར་པ་དང༌། མའི་རྣམ་འབྱེད་དང་མདོ་རྩ་འགྲེལ་ལས་མ་གསུངས་ཏེ། གཞུང་དེ་དག་གི་ལྟར་ན་སོ་སོར་བཤགས་པར་བྱ་བ་དེ་གསུམ་ནི་དགེ་སློང་མ་རྣམས་ལ་ཐུན་མོང་དུ་རྣམ་པར་མི་བཞག་གོ། །འོན་ཀྱང་ལུང་ཞུ་བ་ལས་ནི། སོ་སོར་བཤགས་པར་བྱ་བ་དང་པོ་དང༌། གཉིས་པ་དང༌། བཞི་པ་ཡང་དགེ་སློང་མ་རྣམས་ལ་ཡོད་པར་གསུངས་ཏེ། སོ་སོར་བཤགས་པར་བྱ་བ་དང་པོའི་ཞུ་བ་ལས། དགེ་སློང་མས་ཉེ་དུ་མ་ལགས་(༢༥༩བ)


K8Z003_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་སློང་ལམ་སྲང་ན་མཆིས་པ་ལས་བསོད་སྙོམས་བླངས་ཏེ་འཚལ་ན་ཅིར་འགྱུར། སོ་སོར་བཤགས་པར་བྱ་བའོ། །ཞེས་གསུངས་སོ། ། སོ་སོར་བཤགས་པར་བྱ་བ་གཉིས་པའི་ཞུ་བ་ལས། དགེ་སློང་མས་བསྒོ་བའི་ཟས་འཚལ་ན་ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །ཞེས་གསུངས་སོ། །སོ་སོར་བཤགས་པར་བྱ་བ་བཞི་པའི་ཞུ་བ་ལས། དགེ་སློང་མས་རབ་ཏུ་ཡང་དག་པར་མ་བརྟགས་པའི་ནགས་ཀྱི་ཀུན་དགའ་ར་བའི་ནང་དུ། བཅའ་བ་དང་བཟའ་བ་བླངས་ཏེ་འཚལ་ན་ཅིར་འགྱུར། སོ་སོར་བཤགས་པར་བྱ་བའོ། །ཞེས་གསུངས་སོ། །དེ་ལྟར་ན་སོ་སོར་བཤགས་པར་བྱ་བ་གསུམ་པོ་དེ་དག་ནི། མདོ་རྩ་བ་ལ་སོགས་པ་ལས་མ་གསུངས་ཀྱང༌། ལུང་ཞུ་བས་ཁ་བསྐང་བར་བྱའོ། །འདི་ལ་དྲི་བ་རྒྱ་ཆེར་འགྲེལ་ལས་ཁུངས་སུ་དྲངས་པའི་ལུང་ལས་ནི། དགེ་སློང་གིས་ནགས་ཚལ་གྱི་བསེལ་བ་མ་བསྐོས་པར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་ལེན་ན་སོ་སོར་བཤགས་པར་བྱ་བར་འགྱུར་ལ། དགེ་སློང་མས་བླངས་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པའང་སྣང་སྟེ་ལུང་ལ་འདོན་པ་ཐ་དད་པའོ། །གཉིས་པ་དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་ཞེ་ན། འོ་མ་སློང་བ་ལ་སོགས་པ་ཐུན་མོང་མ་ཡིན་པ་བཅུ་པོ་འདི་དག་ནི། དགེ་སློང་ལ་ལྟུང་བའི་སྡེ་ཚན་གཞན་དུ་འགྱུར་བ་སྟེ་བསོད་པ་སློང་བའི་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ལ། ཐུན་མོང་མིན་པ་བཅུ་རུ་དབྱེ། །ཐུན་མོང་མིང་ཙམ་བསྟན་པའོ། །དང་པོ་ལ། ལྟུང་བ་བཅུ་པོ་སོ་སོར་བསྟན། །དེ་དག་དོགས་གཅོད་ཐུན་མོང་བརྗོད། །དང་པོ་ནི། འདི་རྣམས་ཀྱི་གླེང་གཞི་ནི། བཅུ་གཉིས་སྡེ་རྣམས་ཀྱིས་གཞན་གྱི་ཁྱིམ་དག་ནས་འོ་མ་ལ་སོགས་པ་བཅུ་པོ་འདི་རྣམས་སྔ་མ་སྔ་མ་བཀག་པའི་ཚེ་ཕྱི་(༢༦༠ན)


K8Z003_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕྱི་མ་བསླངས་ཏེ་ཟ་བ་ལ་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་ཁྱིམ་པའི་ལོངས་སྤྱོད་ལ་གནོད་པ་དང༌། ཟས་བཟང་པོ་ལ་རང་འདོད་ཆེས་པའོ། ། དགེ་སློང་མ་རང་གི་ཉེ་དུ་ལས་གཞན་གྱི་ཁྱིམ་ནས་ཏེ་ཉེ་དུ་མ་ཡིན་པའི་ཁྱིམ་ནས་བདག་གི་དོན་དུའོ་མ་ངག་གི་རིག་བྱེད་ཀྱིས་བླངས་ཏེ་འཐུངས་པ་ལས་སོ་སོར་བཤགས་པར་བྱ་བའི་ལྟུང་བ་དངོས་གཞི་བསྐྱེད་པའོ། །རྟེན་གང་གིས་ཞེ་ན། མི་ན་བས་སོ། །མི་ན་བ་དེས་བླངས་པའི་ཚེ་ན་ཉེས་བྱས་སོ། །ཞོ་དང༌། མར་དང༌། ཞུན་མར་དང་། འབྲུ་མར་དང༌། སྦྲང་རྩི་དང༌། བུ་རམ་གྱི་ལྦུ་བ་དང༌། ཉ་ཤ་དང༌། ཤ་དང༌། ཤ་སྐམ་རྣམས་ཀྱང་ངོ༌། །ཞོ་ལ་སོགས་པ་རེ་རེ་ལ་སྔ་མ་བཞིན་དུ་སྦྱར་རོ། །གཉིས་པ་ནི། འོ་མ་ལ་སོགས་པ་དེ་དག་ལས་གཞན་བླངས་པ་ལས་གཞན་ཐོབ་པ་ནི་ན་སྨད་པ་མེད་དོ་ཞེས་པ་ནི་ཀུན་སློང་སྤྱི་ལ་ཞུགས་ནས་སྦྱོར་བའི་བྱེ་བྲག་འཁྱོགས་ཀྱང༌། བསམ་པའི་དོན་ལ་མཐར་ཐུག་པ་ཡོད་པའི་ཕྱིར་ན་དངོས་གཞིར་འགྱུར་བའོ། །བསོད་པའི་ནང་ནས་བསོད་ཤོས་བསླངས་པས། བསོད་པའི་ནང་ནས་མི་བསོད་པ་ཐོབ་སྟེ་འཐུངས་པ་ལ་ཡང་ན་སྨད་པ་མེད་དོ། །བསོད་པའི་ནང་ནས་མི་བསོད་པ་དེར་གཏོགས་པ་བླངས་པ་ལ། བསོད་པའི་ནང་ནས་བསོད་ཤོས་ཐོབ་སྟེ་ཟོས་སམ་འཐུངས་པ་ལ་ཡང་ན་སྨད་པ་མེད་དོ། །དེ་དག་ཐམས་ཅད་ཀུན་སློང་སྤྱི་ལ་ཞུགས་པའི་དབང་དུ་བྱས་སོ། །དེ་དག་ལས་གཞན་བླངས་པ་དང་གཞན་ཐོབ་པ་ཙམ་པོ་དེ་ནི་སྦྱོར་བའི་ཉེས་བྱས་བྱེད་པ་ཉིད་དོ། །གཉིས་པ་ནི། དམག་དཔོན་སེང་གེའི་གླེང་གཞི་ལས་གྱུར་པ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་ལྟུང་བྱེད་ནི་དགེ་སློང་མ་རྣམས་ཀྱིས་ཀྱང་ཡིན་ནོ། །སྨྲས་པ། ཟབ་མོ་མངོན་པར་རྟོགས་པས་ཡིད་རབ་འབྱོར། །རྒྱ་ཆེན་ལུང་ལ་ཐོས་པ་(༢༦༠བ)


K8Z003_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཡང་བྱས། །སངས་རྒྱས་དངོས་ཀྱི་བླ་མའི་ཞབས་ལ་གཏུགས། །ཞུམ་མེད་བྱིན་རླབས་ངག་ལ་ཞུགས་པ་འདྲ། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། སོ་སོར་བཤགས་པའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། ༈ །།ལྔ་པ་ལ། ཐུན་མོང་མིན་པའི་ཉེས་བྱས་དང༌། །ཐུན་མོང་གཏོགས་པའི་ཉེས་བྱས་སོ། །དང་པོ་ནི། དགེ་སློང་མས་ཤམ་ཐབས་རང་གི་ལུས་ཀྱི་སྐེད་པ་སྣང་བར་བསྒོ་བར་མི་བྱའོ་ཞེས་པ་ནི། སྤྱི་མགོ་བས་ཤམ་ཐབས་དམའ་བར་བགོ་བར་མི་བྱའོ། །ཞེས་མའི་སོ་ཐར་འགྲེལ་པ་ལས་སོ། །དགེ་སློང་མ་འཁྲིག་པའི་འདོད་ཆགས་ཀྱིས་ཆགས་པར་གྱུར་ཅིང༌། ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །དེ་གཉིས་དགེ་སློང་ཕ་ལ་ཅིར་འགྱུར་ཞེ་ན། སྔ་མ་ནི་དགེ་སློང་ཕ་ལ་ཉེས་པ་མེད་ལ། ཕྱི་མ་ནི་དགེ་སློང་ཕ་ལ་ཡང་ཉེས་བྱས་སུ་འགྱུར་རོ། །གཉིས་པ་ནི། འོ་ན་སྔར་དགེ་སློང་ཕའི་རྣམ་འབྱེད་དུ་བསྟན་པའི་ཉེས་བྱས་བརྒྱ་རྩ་བཅུ་པོ་དེ་དག་དགེ་སློང་མ་ལ་ཅིར་འགྱུར་ཞེ་ན། ཉེས་བྱས་ཀྱི་སྡེའི་བསླབ་པ་རྣམས་ནི་དགེ་སློང་དག་ལས་གྱུར་པ་བཞིན་དུ་དགེ་སློང་མ་རྣམས་ཀྱི་ཡང་དེ་བཞིན་ནོ། །འདི་ལ་དམིགས་བསལ་གཉིས་ཏེ། ཁྱིམ་དུ་མ་བསྒོ་བར་སྟན་ལ་འདུག་པ་དང༌། རྩྭ་སྔོན་དུ་མི་གཙང་བ་འདོར་བ་གཉིས་ནི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་བས། དེ་གཉིས་འདིར་མི་བགྲང་ངོ༌། །དེ་གཉིས་མ་གཏོགས་པ་ཉེས་བྱས་བརྒྱ་རྩ་བཅུ་ནི་དགེ་སློང་མ་རྣམས་ཀྱི་ཡང་ཉེས་བྱས་སོ། །དེ་དག་གི་སྟེང་དུ་སྔ་མ་གཉིས་བསྣན་པས་དགེ་སློང་མ་ལ་ཉེས་བྱས་བརྒྱ་རྩ་བཅུ་གཉིས་སོ། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། ཉེས་བྱས་སྐབས་ཀྱི་རྣམ་བཤད་རྫོགས་སོ།། ༈ །།འདིར་སྨྲས་པ། སྙིགས་དུས་སྡོམ་ལྡན་གཟུགས་བརྙན་གཟུ་ལུམས་ཅན། །སྲེད་པས་བཀོལ་བའི་བབ་ཅོལ་སྣ་ཚོགས་ཀྱི། །བུན་ལོང་གཡོས་པས་དད་པ་ལྡན་
རྣམས་ཀྱང༌། །མགྲོན་པོ་ཕྱོགས་བསླད་བཞིན་དུ་གཏོལ་མེད་གྱུར། །དེ་ཚེ་སྔོན་གྱི་དུས་རིང་ནས། །བརྩེ་བས་དྲངས་པའི་ཕུན་ཚོགས་གཞི། །མཉམ་མེད་འཚོ་བྱེད་སྒམ་པོ་པ། །བདག་གི་མགོན་དུ་དོན་ཡོད་མཛད། །ལྷག་པར་ཀརྨའི་ཕྲིན་ལས་པས། །བུ་གཅིག་འཕངས་པ་སྟག་གི་ཁར། །སོང་ལས་བརྩེ་བའི་སྙིང་རྗེ་ཡིས། །བདག་སྡུག་པ་ལ་འོ་བརྒྱལ་ལོ། །དེ་ལྟར་ན་ཡང་རྨོངས་བདག་གིས། །འཁྲུལ་འཁོར་འཇིག་པར་མ་ནུས་བཞིན། །བྱས་ཤེས་གཟོ་བའི་བགྱི་བ་ལ། །མ་ཡི་རྣམ་འབྱེད་འགྲེལ་དེས་མཆོད། །དེ་ཡིས་བསོད་ནམས་གང་ཐོབ་པ། །རྗེ་བཙུན་ཕྲིན་ལས་དབང་པོའི་ཞབས། །བརྟན་པར་བཞུགས་པའི་ཕྲིན་ལས་ལས། །འགྲོ་ཀུན་དྭགས་བརྒྱུད་འགྲུབ་གྱུར་ཅིག །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། དགེ་སློང་མའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། ༈ །།


previousདགེ་སློང་མའི་རྣམ་འབྱེད། next