Nitartha Digital Library
Tibetan
 
previousཀོ་ལྤགས་ཀྱི་གཞི།next

ཀོ་ལྤགས་ཀྱི་གཞི།


K8Z004_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཀོ་ལྤགས་ཀྱི་གཞི་ལ། དབུས་དང་མཐའ་འཁོབ་ས་མཚམས་བསྟན། །མཆིལ་ལྷྭམ་གནང་མི་གནང་སོགས་བཤད། །ཀོ་པགས་གནང་མི་གནང་སོགས་བཤད། །ཆུ་ལ་བགྲོད་སྐབས་བསླབ་བྱའོ། །དང་པོ་ནི། མཐའ་འཁོབ་ངེས་པར་བྱ་བའི་ཕྱིར་ཡུལ་དབུས་བཤད་པར་བྱ་སྟེ། ཡུལ་དབུས་རྡོ་རྗེའི་གདན་བཞུགས་ཏེ་ཡུལ་དབུས་ཀྱི་མཚམས་བསྟན་པར་བྱའོ། །དབུས་དང་མཐའ་འཁོབ་ཀྱི་མཚམས་དེ་གང་ཞེ་ན། ཤར་དུ་ནི་ལི་ཁར་ཤིང་འཕེལ་གྱི་གྲོང་ཁྱེར་ཏེ། ལུང་གཞི་ལས། ལི་ཁར་ཤིང་འཕེལ་ཞེས་བྱ་བའི་གྲོང་ཁྱེར་ཡོད་དེ། ཞེས་གསུངས་ལ། འོད་ལྡན་ལས་ཀྱང་། ལི་ཁར་ཤིང་འཕེལ་ཞེས་བྱ་བའི་གྲོང་ཁྱེར་ཡོད་དོ་ཞེས་སོ། །མ་ག་དྷ་བཟང་མོའི་རྟོགས་པ་བརྗོད་པ་ལས། བུ་རམ་ཤིང་འཕེལ་ཞེས་གསུངས་ཏེ། ལི་ཁ་ར་ནི་བུ་རམ་གྱི་དབུ་བ་རོ་ཁྱད་པར་བ་འབྱུང་བའི་བུར་ཤིང་གི་བྱེ་བྲག་གོ། དེའི་མདུན་གྱི་ནགས་ལི་ཁ་རའི་ཤིང་ཚང་ཚིང་ཅན་ཞེས་བྱའོ། །ལྷོར་ི་འདམ་བུ་ཅན་ཞེས་བྱ་བའི་


K8Z004_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་གྱི་ལྷོ་ན་ཆུ་ཀླུང་འདམ་བུ་ཅན་དེ་ཞེས་བྱའོ། །འདམ་བུ་ཅན་ཞེས་བྱའི་ཆུ་བོ་ཡོད་པ་དེ་ནི་དབུས་སོ་ཞེས་ལུང་ལས་སོ། །ནུབ་ཏུ་ནི་བྲམ་ཟེ་ཀ་བ་དང་ཉེ་བའི་ཀ་བ་ཞེས་པའི་མིང་གིས་གྲོང་ཀ་བ་དང་ཉེ་བའི་ཀ་བ་ཞེས་བྱ་བ་ཡོད་དེ། དེ་ནི་དབུས་སོ་ཞེས་ལུང་ལས་སོ། །དེ་གཉིས་ཕན་ཆད་ནི་མཐའ་འཁོབ་ཡིན་ནོ། །བྱང་དུ་ནི་ཨུ་པ་ཤི་རའི་རི་ཞེས་བྱ་བའི་དབུས་ན་ཡོད་པ་ནི་དབུས་དང་ཕྱི་རོལ་ནི་མཐའ་འཁོབ་བོ། །ཨུ་ཤི་ར་ཞེས་བྱ་བ་ནི་དྲེས་མའི་རྩ་བའོ་ཞེས་མའི་སོ་ཐར་འགྲེལ་པ་ནའོ། །དེ་ནི་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ལས་ཀྱང་རྩ་དྲེས་མ་ཡིན་པར་བཤད་དོ། །འོ་ན་ལི་ཁ་རའི་ཤིང་ཚང་ཚིང་ཅན་དེ་ཉིད་དུ་མཐའ་འཁོབ་ཀྱི་གྲངས་ཚང་བ་སྟེ། ལྔའི་ཚོགས་ཀྱིས་བསྙེན་རྫོགས་གནང་ངམ་མི་གནང་། དེ་བཞིན་དུ་ཨུ་ཤི་རའི་རི་དེ་ཉིད་ཡུལ་དབུས་སུ་གཏོགས་སམ་མཐའ་འཁོབ་ཏུ་གཏོགས་ཞེས་འདྲི་ན། འདུལ་བ་བསྡུས་པ་ལས། ལ་ཁར་ཚང་ཚིང་ཨུ་ཤི་རི། །དེ་བཞིན་གྲོང་དང་ཉེ་བའི་གྲོང་། །ཆུ་ཀླུང་འདབ་བུ་མདའ་རྒྱུ་སྟེ། །ཤར་དང་བྱང་ཕྱོགས་སོགས་རྣམས་སུ། །འདི་ནི་མཐའ་འཁོབ་མཚན་ཉིད་དོ། །ཞེས་དེ་རྣམས་མཐའ་འཁོབ་ཡིན་པར་བཤད་ཀྱང་། ལུང་ཀོ་པགས་ཀྱི་གཞི་ལས། ལི་ཁ་རའི་ཚང་ཚིང་ཞེས་བྱ་བ་དེ་ནི་དབུས་ཏེ། དེ་ཕན་ཆད་ནི་མཐའ་འཁོབ་བོ། །ཨུ་ཤི་རའི་རི་ཞེས་བྱ་བ་ཡོད་དེ། དེ་ནི་དབུས་སོ། །དེ་ཕན་ཆད་ནི་མཐའ་འཁོབ་བོ་ཞེས་གསུངས་སོ། །གཉིས་པ་ནི། ལུང་ལས། དགེ་སློང་གིས་མཆིལ་ལྷམ་བཅང་བར་མི་བྱའོ། །ཞེས་གསུངས་ཏེ་སྔར་བཅས་མཛད་དོ། །དེ་ལ་གནང་བ་རྗེས་བཅས་མང་པོ་ཡོད་པ་ནི་འདི་རྣམས་ཡིན་ཏེ། མཐའ་འཁོབ་ཏུ་རྐང་པ་བསྐྱབ་པའི་ཕྱིར་མཆིལ་ལྷྭམ་དག་བཅང་བར་བྱའོ། །མཆིལ་ལྷྭམ་ནི་བམ་པོ་ལྔ་བཅུ་པར་ལྷྭམ་བོལ་མེད་པ་ལ་བཤད་ཅིང་། དེས་ན་ལྷྭམ་


K8Z004_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འགག་བཅད་དུ་གྲགས་པ་འདི་ལ་མཆིལ་ལྷྭམ་ཟེར་བ་འདྲ་སྟེ་མཆིལ་པའི་སྒྲ་དོན་ལ་ཁོ་བོས་ལེགས་པར་བརྟགས་ཀྱང་དཔྱད་གཞི་ཆེ་བར་སྣང་བས་འདིའི་རྒྱ་དཔེའི་བྱིངས་ལ་བརྟག་དགོས་ཤིང་། ལྷྭམ་བོལ་ནི་ལྷྭམ་གྱི་སྣའམ་མཐོངས་ལ་ངོས་འཛིན་པས་འགག་བཅད་ཉིད་ཡིན་པར་འཁུམས་སོ། །ཁ་ཅིག་ལྷྭམ་ཡུ་རིང་ཐུང་གི་དབྱེ་བ་མེད་པར་ལྷྭམ་སྤྱི་ལ་ཡང་མཆིལ་ལྷྭམ་གྱི་སྒྲ་འཇུག་ཟེར་རོ། །ཡུལ་དབུས་སུ་ཡང་གནས་མལ་ལ་རྔུལ་མི་གོས་པར་བསྐྱབ་པའི་ཕྱིར་ཡང་ངོ་། །གནས་མལ་ཞེས་སྨོས་པ་ནི་ཁྲི་ལ་སོགས་པ་ཡང་བཟུང་སྟེ་དེ་ལ་ཡང་རྐང་པས་བརྫི་བའི་སྐབས་སྲིད་པའི་ཕྱིར་རོ། །ལུང་ལས། མཐའ་འཁོབ་ཏུ་ལྷྭམ་གནང་བ་དང་། གནས་མལ་བསྐྱབ་པའི་ཕྱིར་ལྷམ་གནང་བ་དང་། གྲོ་བཞིན་སྐྱེས་ལ་བརྟེན་ནས་རབ་བྱུང་ཐམས་ཅད་ལ་ལྷྭམ་གནང་སྟེ་དེ་དག་ཐམས་ཅད་ལ་མཐིལ་ཆིག་རིམ་མོ། །ཐམས་ཅད་དུའམ་ཞེ་ན། རྡོག་པ་གཞུག་པས་བཅོས་པར་བྱའོ། །རྡོལ་ན་རྡོག་པ་གཞུག་པ་མ་གཏོགས་རིམ་པ་གཞན་དུ་ནི་མི་རིང་ངོ་། །ཁྱིམ་པས་ཐ་ན་གོམ་པ་བདུན་དུ་བགོས་ན་རིམ་པ་མང་ཡང་རུང་ངོ་། །དགེ་སློང་ལ་ཁྱིམ་བདག་གིས་ལྷམ་མཐིལ་རིམ་པ་མང་པོ་ཅན་ཕུལ་ན། འདི་ལ་ལྷྭམ་མཐིལ་ཆིག་རྐྱང་བྱས་ཏེ་བཅང་བར་བྱའོ་སྙམ་པས་རིམ་པ་མང་པོ་དེ་བླངས་ཀྱང་མི་རུང་བ་བླངས་པའི་ཉེས་པ་མེད་དོ། །ཞེས་འཆད་པ་ནི་ལྷྭམ་མཐིལ་ཆིག་རྐྱང་ལ་སོགས་པ་རུང་བ་ཙམ་གྱི་དངོས་པོར་བྱས་ཏེ་བཅང་སྙམ་པའི་དོན་ཉིད་དུ་རུང་བ་ཙམ་དེ་དང་བདག་ཉིད་དུ་སྦྱར་ཞིང་། ཕྲད་པར་བྱ་བའི་དབང་དུ་བྱས་ཏེ་ལྷྭམ་རིམ་པ་མང་པོ་ལྟ་བུ་རུང་བ་མ་ཡིན་པའི་དངོས་པོ་ལེན་པ་ནི་མི་རུང་བ་བླངས་པའི་ཉེས་པ་བསྐྱེད་པ་ཉིད་མ་ཡིན་ནོ། །ཊཱིཀ་ལས། རུང་བ་མ་ཡིན་པའི་


K8Z004_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ལ་བདག་གིར་བྱ་བ་མི་འབྱུང་བའི་ཕྱིར་རོ། །ཞེས་སོ། །རུང་བ་ཙམ་ཞེས་སྤྱིར་སྨོས་པ་ནི་ལྷྭམ་རིམ་པ་མང་པོ་དེ་ཚིག་རྐྱང་དུ་བྱ་བ་ལ་ལུང་ལས་དངོས་སུ་མ་གསུངས་ཀྱང་འདིར་ནི་དེ་དང་རྒྱུ་མཚན་འདྲ་བ་ཐམས་ཅད་ལ་སྤྱིར་བསྟན་པ་ཡིན་ཏེ། གོས་རྒྱན་ཅན་ལྟ་བུ་དགེ་སློང་ལ་ཕུལ་ན་ཡང་རྒྱན་འདི་རྣམས་བསལ་ཏེ་བཅང་བར་བྱ་སྙམ་པས་གོས་རྒྱན་ཅན་དེ་བླངས་ཀྱང་མི་རུང་བ་བླངས་པའི་ཉེས་པ་མེད་པ་ལྟ་བུའོ། །ལྷྭམ་ཁྲ་བོ་བཀྲ་བ་དག་མི་བཅང་ངོ་། །ལུག་རུ་ལྟ་བུ་གཉེར་མ་མཐོ་དམན་དུ་བྱས་པ་དག་མི་བཅང་ངོ་། །ལྷྭམ་གྱི་རི་མོ་ཤིང་ཨ་ཤཏྠ་དང་ཀ་ར་ཝི་རའི་འདབ་མ་ལྟ་བུ་དག་མི་བཅང་ངོ་། །གསེར་དང་དངུལ་གྱིས་སྤྲས་པ་དག་མི་བཅང་ངོ་། །སྒྲ་ཐྲིག་ཐྲིག་ཟེར་བ་དག་མི་བཅང་ངོ་། །ཀྲོག་ཀྲོག་ཟེར་བ་དག་མི་བཅང་ངོ་། །ཏུག་ཏུག་ཟེར་བ་དག་ཀྱང་མི་བཅང་ངོ་། །ཐྲིག་ཐྲིག་ཟེར་བ་དག་ཀྱང་མི་བཅང་ངོ་། །མཆིལ་ལྷམ་དག་སྒྲིག་རྫས་སུ་འགྱུར་བ་གཞན་དག་ཀྱང་མི་བཅང་ངོ་། །ལྷྭམ་གྱི་བོལ་ཀོ་བ་ཅན་ནི་མི་རུང་བ་ཉིད་མ་ཡིན་ནོ། །རྐང་པ་ནས་ལོང་མོའི་མཐར་ཁྱབ་པའོ། །རྐང་པའི་སོར་མོའི་ངོས་ལ་གོན་པའི་ལྷྭམ་སྣ་དང་རྟིང་པའི་སྦུབས་ཅན་བཅང་བར་བྱའོ། །ཀླུའི་ཁ་ཆུ་དུག་ཅན་གྱི་ཆུས་གནོད་པ་བསལ་བའི་ཕྱིར་འཇིག་རྟེན་དུ་བྱུང་བའི་ལྷྭམ་བཅང་བར་བྱའོ། །ལྷྭམ་དེ་ནི་རྐང་པ་ཐམས་ཅད་ཕལ་ཆེར་གཡོགས་པ་ལ་བོལ་གྱི་སྣར་མཐོངས་ཕྱུང་སྟེ་སྦུགས་མཐོངས་ཅན་བྱའོ། །རང་འགྲེལ་དང་ཊཱི་ཀས་ལུང་དྲངས་པ་ལས། ཀླུའི་རྒྱལ་པོ་སོག་མ་མེད་ཀྱིས་སེར་བ་ཕབ་པའི་ཚེ་ཀླུའི་ཁ་ཆུའི་ཆུ་ལས་རྩྭ་དག་ཀྱང་དུག་ཅན་དུ་གྱུར་ནས་དེར་དགེ་སློང་དག་འཆགས་པའི་རྐང་པ་ལ་རྨ་བྱུང་ཞིང་། རྨ་བྱུང་བར་གྱུར་ནས་བཀའ་སྩལ་པ། ལྷྭམ་ཁ་ཆུ་ཆུས་བཅང་བར་བྱའོའདིར་ལ་ལ་མ་བུ་སྐྱུགས་པས་རྩི་ཤིང་ཀུན་བསྐམས་པའི་དུ་བ་རྐང་པ་ལ་གཟན་པ་


K8Z004_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱབ་པའི་ཕྱིར་ལ་ལ་མ་བུ་ཞེས་ཟེར་ཏེ་འགྱུར་ཉེས་པ་འདྲའོ།། །།ལྷྭམ་ཡུ་ཆད་བཅང་བར་བྱའོ། །ཞེས་གསུངས་སོ། །རྗེ་ངར་གྱི་ཕྱེད་ཁྱབ་པའི་ལྷྭམ་ཡུ་ཆད་ཀྱང་ངོ་སྟེ་བཅད་པར་བྱའོ། །ཆུ་ལ་ཆབ་རོམ་འཆགས་པའི་ཡུལ་དུ་ནི་ལྷགས་པ་སྐྱོབ་པའི་ཕྱིར་ཞྭ་དང་ལྷྭམ་ཡུ་རིང་སྒྲོག་གུ་ཅན་ཡང་བྱའོ། །ཡུ་རིང་ནི་རྐང་མཐིལ་ནས་པུས་མོའི་བར་ཁྱབ་པའོ། །བླ་མའི་དྲུང་དུ་མཆིལ་ལྷྭམ་བསྒོ་བ་དག་བསྟེན་པར་མི་བྱའོ། །འགྲེལ་ཆུང་ལས། དཀོན་མཆོག་གསུམ་དང་མཁན་པོ་དང་སློབ་དཔོན་ལྔ་ལ་ཕྱག་འཚལ་ཞིང་མཆོད་པའི་དུས་སུ་ལྷྭམ་གྱོན་ཏེ་མི་འགྲོའོ། །ཞེས་སོ། །སེང་གེ་དང་། སྟག་དང་། གུང་དང་། གླང་པོ་ཆེ་ཅང་ཤེས་དང་། རྟ་ཅང་ཤེས་དང་ལྔ་པོ་དེ་ལ་སེན་མོ་དང་མཆེ་བའི་སྟོབས་ཅན་ལྔ་ཞེས་ལུང་ཕྲན་ཚེགས་ལས་གསུངས་སོ། །ལྔ་པོ་དེ་རྣམས་ཀྱི་པགས་པ་དང་རྒྱུས་པ་སོགས་ལུས་ཀྱི་ཡན་ལག་གི་ཤས་ཅུང་ཟད་ཀྱང་ལུས་ལ་གདགས་པར་མི་བྱ་བ་ཉིད་དོ། །ལྔ་པོ་དེ་དག་གིས་གླང་པོ་ཆེ་ཕལ་པ་དང་། རྟ་དམུ་རྒོད་དང་། དེ་ལས་གཞན་པའི་གཅན་གཟན་དག་ཀྱང་འཕངས་པ་ཡིན་ནོ། །མཆིལ་ལྷྭམ་དག་རྡུལ་སྤྲུག་པའི་ཕྱིར་གདབ་པར་མི་བྱའོ། །རས་མ་གཤེར་བ་དག་གིས་མཆིལ་ལྷམ་དེ་དག་གི་རྡུལ་མེད་པར་བྱ་བའི་ཕྱིར་ཕྱི་བར་བྱའོ། །རས་མ་དེ་བཅང་བར་བྱའོ། །མཆིལ་ལྷྭམ་དེ་དག་རྒྱུ་བའམ་བཙེམ་པར་བྱའོ། །རྒྱུ་བ་སོགས་མི་མཛེས་པའི་དངོས་པོ་དབེན་པའི་ཕྱོགས་སུ་བྱའོ། །དེའི་ཆེད་དུ་སྨྱུང་བུ་དང་ཀོ་བ་བཅང་བར་བྱ་སྟེ། དྲ་གྲི་ནི་མ་ཡིན་ནོ་སྟེ་མཚོན་ཆ་འཆང་བར་གཏོགས་པས་བཀག་པའོ། །ཁྱིམ་གཞན་དང་བཤང་གཅི་ཆབ་ཁུང་དེ་གཉིས་སུ་ཤིང་ལྷྭམ་གྱོན་དུ་རུང་ངོ་། །དེ་གཉིས་ལས་གཞན་པར་ཤིང་གི་མཆིལ་ལྷྭམ་བགོ་བར་མི་བྱའོ། །གནས་གང་དུ་ཡང་སྨྱིག་མའི་གླེགས་བུ་


K8Z004_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མུཉྫ་དང་། སི་རི་དང་། དར་བྷ་དག་གིས་ཀྱང་མཆིལ་ལྷམ་བགོ་བར་མི་བྱའོ། །རྩྭ་ལས་སྐུད་པར་བཀལ་བའི་ཐ་གུའི་ཡང་མཆིལ་ལྷྭམ་བགོ་བར་མི་བྱའོ། །རླུང་ཁྲག་ཅན་མ་ཡིན་པས་སོ་ཞེས་པ་ནི་དྲེག་ཅན་མིན་པ་ལ་བསྒྱུར་ཏེ། དྲེག་ཅན་ནི་རྐང་པའི་ཤ་ནང་དུ་ཆུ་སེར་ཞུགས་པ་ཡིན་ཏེ། ལྷྭམ་གྱོན་ན་དྲེག་བངས་ནས་ཚ། མ་གྱོན་ན་རྐང་པ་རྩེད་པས་དེ་ལ་རྩྭའི་ལྷྭམ་འདི་རུང་བ་ཡིན་ཏེ། རྔུལ་མི་ཡོང་བས་དྲེག་པའི་རྐྱེན་མེད། ས་ལ་མི་འགྲོ་བས་རྩེད་པའི་སྐྱོན་མེད། རླུང་ཁྲག་འདོམས་པ་ཡིན་ཏེ། ལྷྭམ་གྱོན་ན་ཁྲག་ལ་གནོད། མ་གྱོན་ན་རླུང་ལ་གནོད་པས་དེའི་དོན་དུ་ཐ་གུའི་ལྷྭམ་རུང་བ་ཡིན་ནོ། །གསུམ་པ་ནི། ལུང་ལས། གཙུག་ལག་ཁང་དུ་ནི་ཀོ་པགས་ཀྱི་སྟན་ལ་འདུག་པར་མི་བྱ། ཉལ་བར་མི་བྱ། ཞེས་གསུངས་སོ། །ཀོ་པགས་ཀྱིས་བརྒྱུས་པའི་ཐ་མ་ཡང་ཀོ་པགས་ཡིན་པས། ཀོ་པགས་ཀྱིས་བརྒྱུས་པའི་ཁྲི་དང་ཁྲིའུ་ལ་སོགས་པ་ལ་ཡང་འདུག་པར་མི་བྱའོ། །ཞེས་འདི་ཉིད་ཀྱི་ཊཱི་ཀས་བཤད་དོ། །དེ་ལྟར་ཀོ་པགས་བཀག་པ་སྤྱིར་བཏང་བ་ནི་མདོ་རྩ་བར་ཤུགས་ཀྱིས་བསྟན་ནས། དམིགས་བསལ་ནི་ཁྱིམ་པའི་ཁྱིམ་གཞན་དུ་ཀོ་པགས་ལས་སྟན་གཞན་མེད་ན་དགེ་སློང་ཀོ་པགས་ལ་འདུག་པར་བྱའོ། །ཁྱིམ་གཞན་དེར་ཡང་མལ་ཆ་གཞན་མི་འབྱོར་བའི་རྐྱེན་དེ་ལྟ་བུ་དག་མེད་ན་ཀོ་པགས་ཀྱི་སྟེང་དུ་ཉལ་བར་མི་བྱ་བ་ཉིད་དོ། །སྤྱིར་བཏང་ལ་ཀོ་པགས་བཀག་ཀྱང་མིག་ལ་ཕན་པར་བྱ་བའི་ཕྱིར་དོམ་ལྤགས་བླང་བར་བྱའོ། །དོམ་ལྤགས་དེ་རྐང་པའི་གནས་སུ་གདིང་བར་བྱའོ། །དེ་ནི་མིག་གི་རྩ་རྐང་མཐིལ་ན་ཡོད་པ་ལ་ཕན་ཏེ་སྨན་པ་འཚོ་བྱེད་ཀྱི་བྱུང་བ་ལས་ཤེས་སོ། །སངས་རྒྱས་ལ་ཕུལ་བ་ཉིད་ཀྱི་དོམ་ལྤགས་ནི་དྲི་གཙང་ཁང་གི་སྒོར་བཏིང་བར་བྱ་སྟེ། རྐང་པ་ཕྱིས་ནས་འགྲོའོ། །དོམ་ལྤགས་


K8Z004_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མཆིལ་ལྷྭམ་དག་ཏུ་བགོ་བར་བྱའོ། །དེར་རླུང་ནད་ཅན་ནི་འདུག་པ་དང་ཉལ་བར་ཡང་བྱའོ། །གཞང་འབྲུམ་ཅན་ཐམས་ཅད་ཀྱིས་ཀྱང་དེ་བཞིན་ནོ། །དོམ་ལྤགས་དེ་ལ་རྣམ་པ་དེ་ལྟར་ནན་ཏན་དུ་སྦྱར་བར་བྱའོ། །སྤུ་ལ་རེག་པས་ཕན་པ་བྱེད་པ་ཉིད་དུ་རིག་གོ། །དོམ་ལྤགས་ཆིག་རིམ་ཡང་ཕན་པར་བྱེད་ན་དོམ་ལྤགས་ཀྱི་མཆིལ་ལྷམ་དག་རིམ་པ་མང་པོ་ཉིད་ཀྱིསཀྱང་ངོ་། །ཀོ་པགས་གཞན་ནི་རིམ་པ་དུ་མའི་སྟེང་དུ་དོམ་ལྤགས་རིམ་པ་གཅིག་བཞག་པས་ཀྱང་ཕན་པ་ཉིད་དུ་རིག་གོ། །ལུང་ལས། དགེ་སློང་གིས་ཀོ་པགས་བཅང་བར་མི་བྱའོ། །བཅངས་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་སོ། །དེའི་དམིགས་བསལ་ནི་ཨསྨ་པ་རནྟ་སྟེ་རྡོ་ཅན་དག་ཏུ་ནི་ཀོ་ལྤགས་མི་བཅང་བར་མི་བྱའོ། །ཊཱི་ཀ་ལས། ཡུལ་ཨསྨཱ་པ་རནྟ་དག་ཏུ་ནི་ཀོ་པགས་ཅི་དགའ་དགའ་འཆང་དུ་གནང་བས་དེ་ལས་གཞན་དུ་བཀག །ཅེས་སོ། །ལུང་མ་མོ་ལས། ལྗོངས་ཨསྨ་པ་རནྟ་ར་ནི་པགས་པ་དང་རྟག་ཏུ་ཁྲུས་གནང་བར་གསུངས་ཏེ། ལྗོངས་གཞན་དུ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་ཨསྨཱ་པ་རནྟ་ལས་གཞན་པའི་མཐའ་འཁོབ་ཏུ་ཀོ་པགས་གནང་ངམ་མི་གནང་ཞེ་ན། འོད་ལྡན་ལས། ཡུལ་མཐའ་འཁོབ་དག་ཏུ་ནི་ཉལ་བའི་མལ་དང་འདུག་པའི་སྟན་གཉིས་ཀ་ཡང་ཀོ་པགས་གནང་ངོ་། །ཞེས་སོ། །ཨསྨཱ་པ་རཱཏ་ལ་སོགས་པ་ཡུལ་གང་དུ་ཡང་སེང་གེ། སྟག །གུང་། གླང་ཆེན། རྟ་ཅང་ཤེས། གླང་ཕལ་ལ་སོགས་པའི་ཀོ་པགས་མི་བཅང་ངོ་། །སེང་གེ་སོགས་གང་གི་ཀོ་པགས་མི་རུང་བ་ཉིད་ཡིན་པ་དེའི་རྒྱུས་པ་དང་རུས་པ་དང་སོ་དང་ཤ་ལ་སོགས་པ་ཡང་མི་རུང་ངོ་། །བཞི་པ་ནི། ཆུ་ལ་རྐྱལ་བྱེད་པས་རྐྱལ་པ་སྐ་བ་ཅན་རྩི་བཀུས་པ་བཅང་བར་བྱའོ། །ཡང་ན་རྐྱལ་སྐྱའོ། །སྐབས་ཞེན་པ་
བྱས་པ་དཀར་པོའོ། །རྐྱལ་པ་ཁྲ་བོ་བཀྲ་བ་མི་བཅང་ངོ་། །རྐྱལ་མི་ཤེས་པས་ཆུས་མི་ཁྱེར་བའི་ཐབས་སྟ་གོན་མ་བྱས་པར་ཆུའི་སྟེང་དུ་འཇུག་པར་མི་བྱའོ། །དབེན་པའི་ཕྱོགས་སུ་རྐྱལ་བསླབ་པར་བྱའོ། །བ་ལང་གིས་བརྒལ་ནུས་པ་དེ་མ་ཡིན་པའི་གཏིང་དུ་ཁྱུ་མཆོག་མ་གཏོགས་པའི་བ་ལང་ལ་བརྟེན་པར་མི་བྱའོ། །ཆུ་ཀླུང་བརྒལ་བ་ན་གླང་པོ་ཆེ་དང་། རྟ་དང་། མ་ཧེ་དང་། གཡག་དག་ལ་བརྟེན་པར་བྱའོ། །ཁ་ཅིག་འདིར་གཡག་གི་གནས་སུ་རྔ་མོ་འདོན་པ་ཡིན་ནོ། །འདིར་སྨྲས་པ། འགྲོགས་ན་འཁོར་བའི་གནས་ལས་བསྔངས་པར་ནུས། །བརྟེན་ན་སྐྱོན་གྱི་ཚོགས་ལ་སྐྱོ་བར་མཛད། །སྐྱབས་གནས་བཅོལ་ན་སྡུག་བསྔལ་རྒྱུ་ཉིད་འགོག །འདི་ལྟའི་དམ་པ་བསྟེན་པས་ལམ་འདི་ཤེས། །རྒྱུད་ལ་བག་མེད་བསྡམས་པ་བྱ་ར་དང་། །ཐོས་དོན་སྒྲུབ་ལ་མི་གཡེལ་བརྩོན་པ་གཉིས། །ཆུ་ཀླུང་དྲག་པོ་བྲག་གཡང་ཁར་ཐོན་འདྲའི། །བློ་གྲོས་ལྡན་ལ་ཚེ་འདི་ཡུན་རེ་ཐུང་། །བདག་ཀྱང་རང་ལོ་ཉེར་བདུན་ངོ་མཐོང་ཡང་། །བརྩོན་སྐལ་ཞན་པས་རབ་འབྱམས་རྒྱ་མཚོའི་ཞིང་། །སངས་རྒྱས་ཆོས་ཚུལ་མང་པོ་མ་ཐོས་ཀྱང་། །སྟོན་པ་འདི་ཡི་བསྟན་པ་ཕལ་ཆེར་ཐོས། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། ཀོ་པགས་ཀྱི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།


previousཀོ་ལྤགས་ཀྱི་གཞི།next