Nitartha Digital Library
Tibetan
 
no previousགསོ་སྦྱོང་གི་གཞི།next

གསོ་སྦྱོང་གི་གཞི།


K8Z004_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་སྤྱིའི་དོན་མཐའ་དཔྱད་དང་བསྡུས་དོན་ས་བཅད་དང་འབྲུ་ཡི་དོན་མཐར་ཆགས་སུ་གཉེར་བ་བཅས་འཛམ་བུའི་གླིང་གསལ་བར་བྱེད་པའི་རྒྱན་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་གླེགས་བམ་གསུམ་པ་བཞུགས་སོ།།


K8Z004_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །ཉིད་སྐུར་ཕྱོགས་པའི་ཐལ་སྦྱར་བདེ་བ་ཡིས། །སྙིང་མུན་སྲིད་པའི་ཕ་མཐར་བྱས་པ་ནས། །སྲིད་པས་གཙེས་པའི་ཤུགས་རིང་དང་བཅས་པར། །འགྲོ་མགོན་ཆོས་རྗེ་སྒམ་པོ་པ་ལ་འབོད། །འདྲེན་པ་དུ་མས་དཀྲིགས་པའི་སྐལ་བཟང་འདིར། །བདེ་གཤེགས་བསྡུས་པའི་ཕྲིན་ལས་འགྱེད་བྱེད་པ། །གྲུབ་པའི་དབང་པོ་ཁྱོད་ལས་གཞན་པ་སུ། །འཕགས་མཆོག་སྤྱན་སྟོང་མངའ་བས་གཟིགས་སམ་ཅི། །དེ་སླད་ཁྱོད་རྗེས་འབྲང་བའི་སྙིང་གི་སྟོབས། །སྔོན་གྱི་ཚེ་རབས་སྔ་མར་གོམས་པ་ལས། །ད་ལྟ་དྭགས་པོའི་བསྟན་པ་རབ་འབྱམས་སུ། །ཀླས་ཕྱིར་རྩོམ་པའི་བྱེད་པ་འབྲས་ལྡན་ནོ། །མཐོན་མཐིང་ལྟར་གནག་རལ་པའི་ཅོད་པན་གྱིས། །ཡོངས་འཛིན་ཞབས་སེན་ཟླ་བའི་མྱུ་གུ་ནི། །བསྟེན་ན་ཉོན་མོངས་འབུམ་གྱི་མུན་པ་ཡང༌། །སེལ་བར་


K8Z004_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ་བདག་གི་བློ་གྲོས་བཞིན། །ཅེས་བྱ་བའི་ཚིགས་སུ་བཅད་པ་སྔོན་དུ་སོང་ནས། གཉིས་པ་བླང་བར་བྱ་བ་འཇུག་པའི་ཚུལ་ཁྲིམས་བསྟན་པ་ལ། སྤྱིའི་དོན་དང༌། སོ་སོའི་དོན་ནོ། །དང་པོ་ལ་དྲུག་ལས། གཞི་རྣམས་ཀྱི་དབྱེ་བ་ནི། གཞི་བཅུ་བདུན་ཏེ། རབ་བྱུང་གི་གཞི་ནས་གནས་མལ་གྱི་གཞིའི་བར་དག་སྟེ། དེ་ཡང་ལུང་གཞི་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་པགས་གཞི། །སྨན་དང་གོས་དང་ས་བརྐྱང་དང༌། །ཀཽ་ཤཱམྦཱི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང༌། །སྤོ་དང་གསོ་སྦྱོང་བཞག་པ་དང༌། །གནས་མལ་དང་ནི་རྩོད་པ་དང༌། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཅེས་གསུངས་སོ། །


K8Z004_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཀཽ་ཤཱམྦཱི་པའི་གཞི་ནི་ལས་བྱེ་བའི་གཞིའོ། །དམར་སེར་ཅན་གྱི་གཞི་ནི་ཕྱིར་བཅོས་པའི་གཞི་ཡིན་ནོ། །གང་ཟག་གི་གཞི་ནི་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞིའོ། །སྤོ་བའི་གཞི་ནི་ས་གཞན་ན་གནས་པ་སྤྱོད་པའི་གཞིའོ། །གསོ་སྦྱོང་བཞག་པའི་གཞི་ནི་ཡོངས་སུ་སྦྱོང་བའི་གཞི་ཡིན་ནོ། །གཉིས་པ་བསྡུ་བ་ནི། གཞི་བཅུ་བདུན་པོ་དེ་རྣམས་བསྡུ་ན་གསུམ་དུ་འདུས་ཏེ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་གཞི། ཐོབ་པ་མི་ཉམས་པར་བསྲུང་བར་བྱ་བའི་གཞི་དང༌། ཉམས་ན་ཕྱིར་བཅོས་པའི་གཞིའོ། །དང་པོ་ནི། རབ་ཏུ་བྱུང་བའི་གཞིའོ། །གཉིས་པ་ནི། ལེའུ་བརྒྱད་དེ། བསླབ་པ་ཡོངས་སུ་སྦྱོང་བའི་གཞི་དབྱར་དང༌། དགག་དབྱེ་དང༌། གསོ་སྦྱོང་གི་གཞི་སྟེ་གསུམ་མོ། །བདེ་བར་གནས་པའི་རྐྱེན་གྱི་གཞི་སྲ་བརྐྱང་དང༌། གོས་དང༌། ཀོ་པགས་དང༌། སྨན་དང༌། གནས་མལ་གྱི་གཞི་སྟེ་ལྔའོ། །གསུམ་པ་ནི། ཕྱིར་བཅོས་ཀྱི་གཞི་བདུན་ཏེ། ཕྱིར་བཅོས་པའི་གཞི་དངོས་མན་ཆད་ནས་རྩོད་གཞི་ཡན་ཆད་བརྗོད་པར་བྱ་བ་སྟེ། གཞི་དང་པོ་གཉིས་གཅིག་ཏུ་བྱས་ནས། ལུང་གཞི་ལས། སྡོམ་ནི། དམར་སེར་ཅན་དང་གང་ཟག་དང༌། །སྤོ་དང་གསོ་སྦྱོང་བཞག་པ་དང༌། །


K8Z004_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མལ་དང་ནི་རྩོད་པ་དང༌། །དགེ་འདུན་འབྱེད་པ་ཐ་མ་སྟེ། །ཞེས་བདུན་གྱི་གནས་མལ་ནི་ཞར་བྱུང་ངོ༌། །ལས་ཀྱི་གཞི་ནི་གསུམ་ཆར་ལ་དགོས་པ་གསུམ་ཆར་དུ་གཏོགས་པའི་ཕྱིར་ཏེ། དེའང་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་ལ་ལས་ཀྱི་ཏོག་དགོས་ཏེ། དགེ་སློབ་མའི་བསླབ་པ་སྦྱིན་པ་དང༌། བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་པ་ལ་ལས་ཀྱི་ཆོ་ག་དགོས་པའི་ཕྱིར་དང༌། སྡོམ་པ་མི་ཉམས་པ་སྲུང་བར་བྱེད་པ་ལ་ཡང་ལས་ཀྱི་ཆོ་ག་དགོས་ཏེ། གཞི་གསུམ་སོགས་ལ་ལས་ཆོག་དགོས་པའི་ཕྱིར། སྡོམ་པ་ཉམས་ན་ཕྱིར་བཅོས་པ་ལའང་ལས་ཆོག་དགོས་ཏེ། སྤོ་མགུ་དབྱུང་བ་སོགས་ལ་ལས་ཆོག་དགོས་པའི་ཕྱིར་རོ། །གསུམ་པ་མཚན་ཉིད་ལ། ལེའུ་བཅུ་བདུན་པོ་འདི་དག་གི་གཞུང་མིང་ཚིག་ཡི་གེའི་ཚོགས་མཚན་གཞི་རྗོད་བྱེད་ཀྱི་འདུལ་བ་གཞིའི་ཐ་སྙད་བྱ་རུང་དུ་མཚོན་པ་ལ། མཚན་ཉིད་ནི། གཞུང་ལེའུ་གང་ཞིག་གིས་ཆོས་འདི་པའི་རབ་ཏུ་བྱུང་བ་འབའ་ཞིག་གི་འཇུག་པའི་ཚུལ་ཁྲིམས་བརྗོད་བྱའི་གཙོ་བོར་སྟོན་པའོ། །མཚན་ཉིད་དེས་གཞིའི་བར་ཆད་ཀྱི་སྐབས་ལ་མ་ཁྱབ་པའི་སྐྱོན་མེད་དེ། བར་ཆད་མེད་པར་བསྡུ་བར་བྱ་ཞེས་ཤུགས་ཀྱིས་དོན་གྱི་གཙོ་བོ་ཡིན་པའི་ཕྱིར་ཏེ་བསྡུ་བར་བྱ་བའི་སྐབས་རྫོགས་སོ་ཞེས་གསུངས་པས་སོ། །རྩོད་པའི་གཞི་གསུམ་ལ་མ་ཁྱབ་པའི་སྐྱོན་མེད་དེ། དབྱེན་ཞི་བྱེད་དང་རྩོད་པ་ཞི་བྱེད་གཙོ་བོ་ཡིན་པའི་ཕྱིར་རོ། །བཞི་པ་གཞི་རྣམས་ཀྱི་གྲངས་ངེས་ནི། སྒྲུབ་བྱེད་ལུང་ལ་བརྟེན་ཅིང་དགོས་པ་ལ་བལྟོས་པའི་གྲངས་ངེས་ཏེ། གཞིའི་གྲངས་བཅུ་བདུན་དུ་བསྟན་ན་གདུལ་བྱའི་དོན་དུ་འགྱུར་བར་དགོངས་ནས། ལུང་གཞི་ཉིད་ལས་གཞི་བཅུ་བདུན་དུ་གསུངས་པས། མདོ་རྩ་བར་གཞི་བཅུ་བདུན་དུ་བསྟན་པའོ། །འོ་ན་གཏམ་གྱི་གཞི་དང་མ་མོ་ལས། རྣམ་པར་འབྱེད་པ་དང་འདུལ་


K8Z004_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དངོས་པོ་བཅོ་བརྒྱད་དང་ཞེས་གཞི་བཅོ་བརྒྱད་དུ་གསུངས་པ་དེ་ཇི་ལྟར་ཡིན་ཅེ་ན། གཞིའི་ལེའུ་དང་པོ་ལ་རབ་ཏུ་བྱུང་བའི་གཞི་དང༌། བསྙེན་པར་རྫོགས་པའི་གཞི་གཉིས་སུ་ཕྱེ་ནས་གཞི་བཅོ་བརྒྱད་དུ་གསུངས་པ་སྟེ། དེ་ལྟར་འགྲེལ་ཆུང་ལས་བཤད་དོ། །ལུང་ཞུ་བ་ལས། བསྙེན་པར་རྫོགས་པའི་གཞི། ཞེས་གསུངས་སོ། །ལྔ་པ་གཞི་རྣམས་ཀྱི་གོ་རིམ་ངེས་པ་ལ། གཞི་རྣམས་ཀྱི་དང་པོར་རབ་ཏུ་བྱུང་པའི་གཞི་བསྟན་པ་ནི། འདིར་རབ་ཏུ་བྱུང་བའི་བསླབ་པ་རྣམས་སྟོན་པ་ལ། ཐོག་མར་རྟེན་གྱི་གང་ཟག་རབ་ཏུ་བྱུང་བའི་གཞི་གྲུབ་དགོས་པའི་ཕྱིར་རོ། །འདིར་གསོ་སྦྱོང་གི་གཞི་འདི་བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་གྱི་དང་པོར་བསྟན་པ་ནི། ལུང་ལས་ཀྱང་གཞི་འདི་གསུམ་གྱི་དང་པོར་བསྟན་པའི་ཕྱིར་རོ། །ལུང་ལས། དགག་དབྱེ་དབྱར་དང་ཀོ་པགས་གཞི། །སྨན་དང་གོས་དང་སྲ་བརྐྱང་དང༌། །ཞེས་གོ་རིམ་དེ་ལྟར་གསུངས་ཀྱང་གཞུང་འདིར་གོ་རིམ་སྔ་ཕྱི་བསྒྱུར་ཏེ་བསྟན་པ་ནི། དབྱར་གནས་པའི་རྗེས་སུ་དགག་དབྱེ་བྱེད་ཅིང་དགག་དབྱེ་བྱས་པའི་རྗེས་སུ་སྲ་བརྐྱང་འདིངས་པ་ཡིན་པས་ཉམས་ལེན་ལ་འཇུག་པའི་གོ་རིམ་བཞིན་བཀོད་ན་རྟོགས་སླ་བའི་ཕྱིར་རོ། །གོས་ཀྱི་གཞི་ནི་ལུང་ལས། ཀོ་པགས་དང་སྨན་གྱི་གཞིའི་འོག་ཏུ་གསུངས་ཀྱང་འདིར་ཀོ་ལྤགས་དང་སྨན་དེ་གཉིས་ཀྱི་གོང་འདིར་གོས་ཀྱི་གཞི་བསྟན་པ་ནི། གོས་ལ་བརྟེན་པའི་གཞི་གསུམ་རིགས་མཐུན་ལྷན་ཅིག་ཏུ་བསྟན་ན་རྟོགས་སླ་བའི་ཕྱིར་རོ། །ཀོ་པགས་དང་སྨན་གྱི་གཞི་གཉིས་གཞུང་འདིར་གོ་རིམ་འདི་ལྟར་བསྟན་པ་ནི། ལུང་ལས་གོ་རིམ་ཇི་ལྟར་གསུངས་པ་བཞིན་བསྟན་པའོ། །ལས་ཀྱི་དང་ཕྱིར་བཅོས་པའི་གཞི་དང་དུས་དང་དུས་མིན་པར་བསྡུས་པ་དང༌། ས་གཞན་དེ་གནས་པའི་སྦྱོད་པ་དང་ཡོངས་སུ་སྦྱོང་བའི་གཞི་སྟེ། ལྔ་


K8Z004_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཞུང་འདིར་གོ་རིམ་འདི་ལྟར་བསྟན་པ་ནི། ལུང་ལས་གོ་རིམ་ཇི་ལྟར་གསུངས་པ་བཞིན་བསྟན་པའོ། །ལས་བྱེ་བའི་གཞི་ནི་ལུང་ལས་ལས་གཞིའི་གོང་དུ་གསུངས་ལ། འཁོར་ལོ་བྱེ་བའི་གཞི་ནི་ལུང་ལས་རྩོད་གཞིའི་འོག་ཏུ་གསུངས་ཀྱང་གཞི་འདི་གཉིས་སྐབས་འདིར་ལྷན་ཅིག་ཏུ་བསྟན་པ་ནི། སྤྱོད་པའི་དབྱེན་དང་ལྟ་བའི་དབྱེན་གཉིས་པོ་རིགས་མཐུན་ལྷན་ཅིག་ཏུ་བསྟན་ན་རྟོགས་སླ་བའི་ཕྱིར་རོ། །རྩོད་པའི་གཞི་ནི། ལུང་ལས། གནས་མལ་གྱི་གཞིའི་འོག་ཏུ་གསུངས་ཀྱང་གཞུང་འདིར་གཞུང་དེ་གཉིས་སྔ་ཕྱི་བསྒྱུར་ཏེ་བསྟན་པ་ནི། ལས་བྱེ་བའི་གཞི། འཁོར་ལོ་བྱེ་བའི་གཞི། རྩོད་པའི་གཞི་གསུམ་པོ་རིགས་མཐུན་ལྷན་ཅིག་ཏུ་བསྟན་ན་རྟོགས་སླ་བའི་ཕྱིར་རོ། །དྲུག་པ་གཞིའི་སྒྲ་བཤད་པ་ནི། རབ་ཏུ་དབྱུང་བ་དང་གསོ་སྦྱོང་ལ་སོགས་པ་རྣམས་ཀྱི་དོན་རྟོགས་པར་བྱེད་པའི་གཞིའམ། རྟེན་དུ་གྱུར་པས་ན་གཞི་ཞེས་བྱ་སྟེ། གཞི་འགྲེལ་ལས། གཞི་ཞེས་བྱ་བ་ནི་རྟེན་ཏེ་རབ་ཏུ་དབྱུང་བ་ལ་སོགས་པའི་དོན་ཐམས་ཅད་གཏན་ལ་འབེབས་ཤིང༌། རྟེན་དུ་གྱུར་པ་ཉེ་བར་སྟོན་པའི་གཞུང་ནི་གཞིའི་སྒྲར་གསུངས་སོ། །ཞེས་སོ། །གཉིས་པ་ལ། བསླབ་པ་ཡོངས་སུ་སྦྱོང་བའི་གཞི། །བདེ་བར་གནས་པའི་རྐྱེན་གྱི་གཞི། །ཆོ་ག་ཁྱད་འབྲེལ་ལས་ཀྱི་གཞི། །ཉེས་པ་དག་བྱེད་ཕྱིར་བཅོས་གཞི། །མཐའ་གཉིས་སྤང་བ་གནས་མལ་གཞི། །དང་པོ་ལ། གསོ་ཞིང་སྦྱོང་བའི་གཞི་ཉིད་དང༌། །དབྱར་གྱི་ཆོ་གའི་གཞི་ཉིད་དང༌། །དགག་དབྱེའི་གཞི་ཉིད་བརྗོད་པའོ། །དང་པོ་གསོ་སྦྱོང་གི་གཞི་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་བདུན་ལས། དང་པོ་གསོ་སྦྱོང་གི་དབྱེ་བ་ལ། དབྱེ་བའི་གཞི་ནི་ཆོས་འདི་པའི་དགེ་སྦྱོང་གི་གསོ་སྦྱོང་མཚན་ཉིད་དང་ལྡན་པ་ཙམ་མོ། །དབྱེ་བའི་སྒོ་ལ་དུས་སམ་དགོས་པ་


K8Z004_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་ཀྱི་སྒོ་ནས་ཕྱེ་བས་གསོ་སྦྱོང་དྲུག་སྟེ། ཞི་གནས་ཀྱི་གསོ་སྦྱོང་དང༌། བསྡུམ་པའི་གསོ་སྦྱོང་དང༌། བཀྲ་ཤིས་ཀྱི་གསོ་སྦྱོང་དང༌། གནོད་པ་བྱུང་བ་བཟློག་པའི་གསོ་སྦྱོང་དང༌། གསོ་སྦྱོང་བཅོ་ལྔ་པ་དང་བཅུ་བཞི་པའོ། །གཉིས་པ་གསོ་སྦྱོང་གི་བསྡུ་བ་ནི། ཞི་གནས་དང་མཐུན་པའི་གསོ་སྦྱོང་གཉིས་སུ་འདུས་ཏེ། དང་པོ་དང་ཐ་མ་ལྔའོ། །གསུམ་པ་གསོ་སྦྱོང་གི་མཚན་ཉིད་ནི། སྤྱིར་གསོ་སྦྱོང་ལ་ཞི་གནས་ཀྱི་ཏིང་ངེ་འཛིན་བསྒོམ་པ་དང༌། དགེ་སློང་ཕ་མའི་གསོ་སྦྱོང་ལས་ཀྱི་ཆོ་ག་དང༌། དགེ་ཚུལ་ཕ་མའི་གསོ་སྦྱོང་སྔགས་རྣམ་པར་གཞག་པ་དང༌། སྔོན་གྱི་ཆོ་གའི་དུས་ཀྱི་གསོ་སྦྱོང་ཚིགས་བཅད་འདོན་པ་དག་ཀྱང་ཡོད་པས་ཏིང་ངེ་འཛིན་དང༌། ལས་དང་སྔགས་དང་ཚིགས་བཅད་འདོན་པ་སྟེ། རང་བཞིན་ཐ་དད་པ་དེ་དག་གི་སྤྱིའི་མཚན་ཉིད་ཇི་ལྟར་འགོད་པར་བྱ་ཞེ་ན། ཆོས་འདི་པའི་རབ་བྱུང་གི་གསོ་སྦྱོང་གི་མཚན་ཉིད་ནི། ཆོས་འདི་པའི་དགེ་སྦྱོང་གི་བསླབ་པ་དངོས་སུ་ཡོངས་སྦྱོང་ཡིན་པ་གང་ཞིག །ཉེས་པ་ཕྱིར་བཅོས་པ་དངོས་གཞིར་གྱུར་པ་མ་ཡིན་ལ། དབྱར་ཚུལ་དང་དགག་དབྱེ་ཡིན་པ་རྣམ་བཅད་ཀྱི་ངོ་བོར་གྱུར་པའོ། །དེ་ལ་ཆོས་འདི་པ་ཞེས་བྱ་བས་ལུང་ལས་མུ་སྟེགས་ལ་ཡང་གསོ་སྦྱོང་ཡོད་པར་གསུངས་པ་དང༌། མདོ་རྩ་བ་ལས། ཁྱིམ་པ་ལ་ཡང་གསོ་སྦྱོང་དང་སྐྱབས་སུ་འགྲོ་བ་དང༌། ཞེས་གསུངས་པ་དེ་བསལ་བའི་ཕྱིར་རོ། །བསླབ་པ་དངོས་སུ་ལོངས་སྦྱོད་ཡིན་པ་གང་ཞིག་གིས་ནི་ལྟུང་བ་གླེང་དྲན་དང༌། བརྗོད་བཅས་དང༌། ཕུལ་བཅས་དང༌། ལྟུང་བ་བྱིན་གྱིས་བརླབ་པ་ལ་ཁྱབ་ཆེས་པ་བསལ་བའི་ཕྱིར་རོ། །ཉེས་པ་ཕྱིར་བཅོས་པ་དངོས་གཞིར་གྱུར་པ་མ་ཡིན་ལ་ཞེས་པས་ནི། ཉེས་པ་ཕྱིར་འཆོས་པ་ནི་མཐུན་པའི་གསོ་སྦྱོང་གི་སྦྱོར་བ་ཡིན་ཀྱང་དངོས་གཞིར་གྱུར་པ་མ་ཡིན་ནོ། །


K8Z004_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་གསོ་སྦྱོང་གི་གྲངས་ངེས་ནི་དགོས་པ་ལ་བལྟོས་པའི་གྲངས་ངེས་པ་སྟེ། སྤང་བྱ་ལ་བལྟོས་ནས་གསོ་སྦྱོང་གཉིས་སུ་རྣམ་པར་གཞག་སྟེ། སྤང་བྱ་སྔར་བསགས་དག་པར་བྱེད་པ་དང༌། ཕྱིས་འབྱུང་སྡོམ་པ་ལ་བལྟོས་ནས་གསོ་སྦྱོང་གཉིས་སུ་གསུངས་ཏེ། ཀར་ཤ་ལས། སྔ་མ་རྣམས་ནི་སྒོམ་པའི་རྣམ་པས་སྦྱོང་བ་ཡིན་པས་དེ་ནི་ཞི་གནས་ཀྱི་གསོ་སྦྱོང་གིས་སྦྱོང་བར་བྱེད་དེ། ལས་ཕྱི་མ་རྣམས་ནི་མི་བྱ་བའི་ཆུ་ལོན་གྱིས་བསྡམས་པ་ཡིན་པས་དེ་ནི་མཐུན་པའི་གསོ་སྦྱོང་གིས་སྡོམ་པར་བྱེད་དོ། །ཞེས་གསུངས་སོ། །བླང་བྱ་ལ་བལྟོས་ནས་ཀྱང་གསོ་སྦྱོང་གཉིས་སུ་རྣམ་པར་གཞག་སྟེ། ཚུལ་ཁྲིམས་ཡོངས་སུ་སྦྱོང་བ་ལ་མཐུན་པའི་གསོ་སྦྱོང་དང༌། སེམས་དང་ཤེས་རབ་ཡོངས་སུ་སྦྱོང་བ་ལ་ཞི་གནས་ཀྱི་གསོ་སྦྱོང་ངོ༌། །དེ་ཡང་ཀར་ཤ་ལས། མཐུན་པའི་གསོ་སྦྱོང་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞི་གནས་ཀྱི་གསོ་སྦྱོང་ནི་ལྷག་པའི་སེམས་དང་ཤེས་རབ་ཀྱི་དབང་དུ་བྱས། ཞེས་གསུངས་སོ། །ལྔ་པ་ལ་གསོ་སྦྱོང་གི་གོ་རིམ་ངེས་པ་ལ་གཉིས་ལས། དང་པོར་ཞི་གནས་ཀྱི་གསོ་སྦྱོང་བསྟན་པའི་འཐད་པ་ནི། བརྗོད་བྱ་དོན་གྱི་ཆ་ནས་གཙོ་བོ་ཡིན་པའི་ཕྱིར་དང༌། རྗོད་བྱེད་ཀྱི་ཆ་ནས་ཡི་གེ་ཉུང་བའི་ཕྱིར་ཏེ། ཊཱི་ཀ་ལས། གཙོ་བོ་ཡིན་པའི་ཕྱིར་དང༌། བརྗོད་པར་བྱ་བ་ཉུང་བའི་ཕྱིར། དང་པོར་ཞི་གནས་ཀྱི་གསོ་སྦྱོང་བཤད་པར་བྱའོ། །ཞེས་སོ། །མཐུན་པའི་གསོ་སྦྱོང་དེ་ཞི་གནས་ཀྱི་གསོ་སྦྱོང་གི་ཕྱི་ནས་བསྟན་པའི་འཐད་པ་ནི་ཞི་གནས་ཀྱི་གསོ་སྦྱོང་ལ་བལྟོས་ཏེ་གཙོ་བོ་མ་ཡིན་པའི་ཕྱིར་དང༌། དེ་ལ་བལྟོས་ཏེ་ཡི་གེ་མང་བའི་ཕྱིར་རོ། །དྲུག་པ་གསོ་སྦྱོང་གི་སྒྲ་བཤད་པ་ནི། ར་ཤ་ལས། གསོ་སྦྱོང་ཞེས་བྱ་བ་ནི་བསླབ་པ་གསུམ་པོ་དེ་དག་གསོ་ཞིང་སྦྱོང་བར་བྱེད་
པས་ཏེ། ཞེས་གསུངས་ཏེ་གསོ་སྦྱོང་སྤྱིའི་སྒྲ་བཤད་པའོ། །བྱེ་བྲག་མཐུན་པའི་གསོ་སྦྱོང་གི་སྒྲ་བཤད་པ་ནི། ཊཱི་ཀ་ལས། གསོ་སྦྱོང་ཞེས་བྱ་བ་ནི་ཚུལ་ཁྲིམས་གསོ་ཞིང་སྦྱོང་བ་སྟེ། ཞེས་སོ། །བདུན་པ་གསོ་སྦྱོང་བྱ་བའི་ཚུལ་ནི། རང་རང་གི་གནས་སྐབས་སུ་འཆད་པར་འགྱུར་རོ། །


no previousགསོ་སྦྱོང་གི་གཞི།next