Nitartha Digital Library
Tibetan
 
previousགོས་ཀྱི་གཞི།next

གོས་ཀྱི་གཞི།


K8Z004_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། ལུང་གཞི་ཉིད་ཀྱིས་བརྗོད་པ་དང༌། །རྣམ་འབྱེད་སོགས་ཀྱིས་བརྗོད་པའོ། །དང་པོ་ལ། ཞི་བར་གནས་པའི་གསོ་སྦྱོང་དང༌། །མཐུན་པར་བྱ་བའི་གསོ་སྦྱོང་ངོ༌། །དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། དགོས་པའི་དོན་དང༌། བསྡུས་པའི་དོན་ནོ། །དང་པོ་ནི། དངོས་སུ་བྱིང་རྒོད་སྤོང་ཞིང་བརྒྱུད་ནས་ཉོན་མོངས་པ་མཐའ་དག་སྤོང་བ་སྟེ། སྤོང་བའི་ཁང་པ་ཞེས་པས་སོ། །གཉིས་པ་ལ་བཞི་ལས། དང་པོ་གང་དུ་བསྒོམ་པའི་གནས་ནི། གནས་མ་ཡིན་པ་སྤང་ཞིང་གནས་སུ་ཡང་དག་པར་བསྒོམ་པ་སྟེ། སྤྱོད་ཡུལ་དུ་ཞུགས་པས་ཞེས་པ་དང༌། སྤོང་ཁང་བརྩིག་ཅེས་པས་སོ། །གཉིས་པ་རྟེན་གང་གིས་བསྒོམ་པ་ནི་དྲུག་ལས། ཚུལ་ཁྲིམས་དག་པ་དང༌། མང་དུ་ཐོས་པ་སྟེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་དང༌། སོ་སོར་ཐར་པ་ལས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །ཞེས་གསུངས་པས་སོ། །འདོད་པ་ཆུང་བ་དང་ཆོག་ཤེས་པ་སྟེ་ཉན་ཐོས་ཀྱིས་ལས་འདོད་ཆུང་ཆོག་ཤེས་ཞེས་ཚོགས་ལམ་གྱི་སྐབས་སུ་གསུངས་པ་དང༌། གཞན་དུ་ན་མཉམ་པར་འཇོག་མི་ནུས་པའི་ཕྱིར་རོ། །གདམས་ངག་མེད་པར་བསྒོམ་པར་མི་བྱ་ཞེས་པ་དང༌། གཞན་དུ་ན་དགོས་པ་མེད་ཅིང་དགག་བྱ་དང་ལྡན་པའི་ཕྱིར་རོ། །ལུས་སེམས་དབེན་པ་སྟེ། མངོན་པར་འདུ་བར་མི་


K8Z004_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞེས་པ་དང༌། གཞན་དུ་མཉམ་པར་འཇོག་མི་ནུས་པའི་ཕྱིར་རོ། །གསུམ་པ་དངོས་པོ་གང་བསྒོམ་པ་ནི། མོས་པ་ཡིད་ལ་བྱེད་པ་དོན་དེ་ལྟར་མ་ཡིན་ཀྱང་བློས་བཅོས་ནས་མོས་པ་ཡིད་ལ་བྱེད་པ་སྟེ། ས་རྡོ་རི་བྲག་རྩི་ཤིང་ནགས་ཚུལ་ཀེང་རུས་སུ་བསྒོམ་པ་ལྟ་བུ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དོན་ཇི་ལྟར་ཡིན་པ་བཞིན་དུ་བསྒོམ་པ་གང་ཟག་གི་བདག་མེད་བསྒོམ་པ་ལྟ་བུ་ཅི་རིགས་པར་ཡོད་དོ། །ལུང་མ་མོ་ལས། སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲང་ལ་དྲན་པ་མངོན་དུ་བཞག་སྟེ། ལུས་འདི་ལ་རེག་པར་བྱ་བ་བརྒྱད་སྤང་བར་བྱའོ། །འདི་ལྟ་སྟེ། ནད་དོ་སྐྲན་ནོ་མཚོན་ནོ་དུག་གོ་མི་རྟག་པའོ་སྡུག་བསྔལ་བའོ་སྟོང་པ་ཉིད་དོ་བདག་མེད་པའོ་སྙམ་དུ་སེམས་ཏེ་འདུག་ལ། འོན་ཏེ་མི་ནུས་ན་ལངས་ཏེ་ཀློག་པ་གསུམ་བཀླག་གོ། །ཞེས་གསུངས་སོ། །དེ་དག་གི་དོན་ཡང་སྡུག་བསྔལ་གྱི་ངོ་བོ་ཡིན་པས་ནད་དོ། །སྡུག་བསྔལ་དྲག་པོའི་ངོ་བོ་ཡིན་པས་སྐྲན་ནོ། །སྡུག་བསྔལ་དངོས་སུ་བསྐྱེད་པས་མཚོན་ནོ། །སྡུག་བསྔལ་བརྒྱུད་ནས་བསྐྱེད་པས་དུག་གོ། །སྐད་ཅིག་རེ་རེ་ཞིང་འཇིགས་པས་མི་རྟག་པའོ། །ཟག་པ་དང་བཅས་པས་སྡུག་བསྔལ་བའོ། །བདག་གི་བ་མ་གྲུབ་པས་སྟོང་པ་ཉིད་དོ། །བདག་མ་གྲུབ་པས་བདག་མེད་པའོ། །ཀློག་པ་གསུམ་ནི་རྒྱུན་ཆགས་གསུམ་མོ། །བཞི་པ་ཚུལ་ཇི་ལྟར་བསྒོམ་པ་ནི། བྱིང་བ་སྤང་བའི་ཕྱིར་གཉིད་བྲོ་ན་གདོས་བུ་གདགས་པ་ལ་སོགས་པ་དང༌། རྒོད་པ་སྤང་བའི་ཕྱིར་སྤང་བའི་ཞལ་ཏ་པ་བསྐོ་བ་སྟེ། གཞུང་འདི་ཉིད་དུ་འཆད་པར་འགྱུར་རོ། །གཉིས་པ་ལ། གནས་མིན་སྤང་ཞིང་གནས་སུ་བསྒོམ། །བདེ་བར་གནས་པའི་རྐྱེན་བསྟན་པ། །གུས་པས་བརྩོན་འགྲུབ་བརྩམ་པའི་ཚུལ། །


K8Z004_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཏ་པ་བསྐོ་བྱ་བ་བཤད། །དང་པོ་ནི། བསོད་སྙོམས་སློང་བ་ལ་སོགས་པའི་སྤྱོད་ཡུལ་གྱི་གྲོང་དང་ལམ་དུ་ཞུགས་པས་རྣལ་འབྱོར་ཏིང་ངེ་འཛིན་བསྒོམས་པར་མི་བྱའོ། །ལུང་གཞི་ལས། འདུག་པ་དང་བྱ་བ་དང་གསོ་སྦྱོང་བྱ་བར་རྗེས་སུ་གནང་ངོ༌། །འདུག་པ་ནི་རྣལ་འབྱོར་བསྒོམ་པའོ། །བྱ་བ་ནི་གསོལ་བ་དང་གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་སོ། །གསོ་སྦྱོང་ནི་སོ་སོར་ཐར་པའི་མདོ་གདོན་པའོ། །ཞེས་གསུངས་པ་དང༌། དགེ་སློང་དག་སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་བསྒོམ་པ་ན་གླང་པོ་ཆེ་འཁྲུལ་བ་དང་ཕྲད་ཅིང་གནོད་པར་གྱུར་པ་ལ་བརྟེན་ནས་སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་བྱེད་པ་བཀག་གོ། །ཊཱི་ཀ་ལས། འདིས་ནི་གོམས་པར་བྱེད་པ་བཀག་པ་ཡིན་གྱི། འདུལ་བའི་དོན་དུ་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་ལ་སོགས་པ་བསྟན་པའི་ཕྱིར། སེམས་རྩེ་གཅིག་པ་ཉིད་མངོན་དུ་བྱ་བ་ནི་བཀག་པ་མ་ཡིན་ཏེ། དེ་ལ་སྐྱོན་ཆགས་པ་མེད་པའི་ཕྱིར་རོ། །ཞེས་སོ། །སྒོ་ཁང་དང་ཁྱིམ་ལ་སོགས་པར་མི་མང་པོ་མངོན་པར་འདུ་བ་ཡང་རྣལ་འབྱོར་བསྒོམ་པར་མི་བྱའོ། །སྒོ་བཅད་ན་ནི་མངོན་པར་འདུ་བ་ཉིད་རྒྱུན་ཆད་པར་འགྱུར་བ་དེའི་ཚེ་ཁྱིམ་ལ་སོགས་པ་ཡང་རྣལ་འབྱོར་བསྒོམ་པ་ལ་ཉེས་པ་མེད་དོ། །བསམ་གཏན་གྱི་ཚེར་མ་སྒྲ་ཡིན་པས་གནས་ཁང་དེར་མི་ལ་སོགས་པའི་སྒྲ་འབྱུང་བས་རྣམ་པར་གཡེང་བར་བྱེད་པ་དང༌། གཏུམ་པོ་ནི་སྟག་དང་སེང་གེ་ལ་སོགས་པ་སྲོག་ཆགས་གཏུམ་པོ་དག་སྟེ་གཏུམ་ལང་ཆེ་བའི་ཕྱིར་དང༌། གྱ་ཚོམ་པ་ནི་ཀྱལ་ཀ་བ་དང་ནལ་ཕྲུག་ལ་སོགས་པ་སྟེ། གྱ་ཚོམ་དང་སྨྱོན་ཐབས་ཆེ་བའི་ཕྱིར། དེ་ལྟ་བུ་དག་ཡོངས་སུ་སྤང་བར་རིགས་སོ། །དངོས་སུ་གཉིད་རྨུགས་དང་རྣམ་གཡེང་སྤང་ཞིང༌། རྒྱུད་ནས་ཉོན་མོངས་པ་


K8Z004_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་སྤང་བར་བྱེད་པའི་ཁང་པ་ནི་སྤོང་ཁང་སྟེ། སྒོམ་པའི་གནས་བརྩིགས་པར་བྱའོ། །སྤོང་ཁང་དེ་རྣམ་པ་ཅི་འདྲ་བ་ཞེ་ན། ཕྱོགས་གཉིས་ཀྱི་ངོས་རེ་རེར་གནས་ཁང་བརྩིགས་པའི་གནས་ཁང་གཉིས་ཀྱི་བར་དུ་སྲང་གདོད་དོ། །གནས་ཁང་གཉིས་ཀྱི་བར་དུ་སྲང་གདོད་དོ་ཞེས་གཞི་འགྲེལ་ལས་སོ། །འགྲེལ་ཆུང་ལས། བསམ་གཏན་གྱི་ཁང་ཕྲན་གྱི་དབུས་སུ་བཀད་སའི་ཁྱིམ། ཞེས་བྱའོ། །འདི་ལ་ལུང་ལས། སྤོང་ཁང་ཆུང་ངུ༌། ཞེས་བྱའོ། །ཕྱོགས་གཉིས་ཀྱི་གནས་ཁང་ལྔ་ཕྲེང་དུ་བརྩིགས་པའམ། དྲུག་ཕྲེང་དུ་བརྩིགས་པ་དག་གི་བར་དུ་སྲང་གཉིས་གདོད་དོ། །ལུང་ལས། འདི་ལ་སྤོང་ཁང་ཆེན་པོའོ། །ཞེས་གསུངས་སོ། །ངོས་ཡ་གཅིག་ཏུ་གནས་ཁང་ལྔ་བརྩིགས་ལ་ངོས་གཅིག་ཏུའང་གནས་ཁང་ལྔ་བརྩིགས་པའམ། ཕྱོགས་གཉིས་ཀྱི་ངོས་རེ་རེར་གནས་ཁང་དྲུག་དྲུག་བརྩིགས་ཤིང་བར་དུ་སྲང་གདོད་པ་སྟེ། གནས་ཁང་བཅུ་པའམ་གནས་ཁང་བཅུ་གཉིས་པ་འདི་ནི་སྤོང་ཁང་ཆེན་པོའོ། །གནས་ཁང་བཞི་ཡན་ཆད་བཅུ་མན་ཆད་འབྲིང་པོ། གཞན་དག་གང་ཡང་རུང་ངོ༌། །སྒོ་གླེགས་སྒྲ་མི་འབྱུང་བའི་ཐབས་ནི། འོག་ཏུ་ཀོ་བའི་དུམ་བུ་གཞུག་པ་དང་རས་མ་དཀྲི་བར་བྱའོ། །དང་པོ་ནི། དེ་ལས་གཞན་པའོ། །སྒོ་གླེགས་དེ་ཕྱི་ངོས་སུ་དྲང་བ་དང་ནང་ངོས་སུ་དྲང་པའི་ཐབས་སྒོ་གླེགས་ཀྱི་ཕྱི་ནང་གཉིས་སུ་གདགས་པ་དག་ཀྱང་བྱའོ། །རྩིག་ངོས་ཀྱི་སྐར་ཁུང་དེ་དམའ་ན་ནི་རྐུན་པོ་དང་ཁྱི་ལ་སོགས་པ་དག་འཛུལ་བར་འགྱུར་ཞིང༌། མཐོ་ན་ནི་སྣང་བ་གསལ་བར་མི་འགྱུར་བས་རྩིག་པ་ལ་སོགས་པ་དེའི་གོང་དུ་སུམ་ཆ་བོར། འོག་ཏུ་སུམ་གཉིས་ལུས་པའི་བར་གྱི་རྩིག་ལོགས་དེ་སྐར་ཁུང་དག་ཕྱི་ཁ་རུབ་ལ་ནང་བྱིན་གྱིས་ཡངས་པ་བཟང་


K8Z004_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ངོ༌། །སྤོང་ཁང་དེར་སྐར་ཁུང་ལ་ཕུག་རོན་ལ་སོགས་འཇུག་ན་སྐར་ཁུང་ལ་དྲ་བ་དང༌། སྦྲང་བུ་ཏྲེ་མ་བུ་ཀ་ལ་སོགས་པ་འཇུག་ན་སྐར་ཁུང་ལ་སྒོ་གླེགས་ཏེ་སྒོ་ལོགས་དང༌། སྒོ་གླེགས་དེ་རླུང་གིས་ཕྱེ་ནས་ཕྲེད་གཏན་དང༌། གནམ་གཟེར་དང༌། འཁོར་གཏན་དང༌། དེ་རྣམས་དབྱེ་བའི་ཕྱིར་དབྱུག་གུ་སྐམ་ཁ་ཉེ་བར་བཞག་པར་བྱའོ། །དགེ་སློང་མང་བ་ཉིད་ཀྱི་ཕྱིར་སྤོང་ཁང་དུ་སྤོང་བ་པ་རྣམས་མི་ཤོང་ན་སྤོང་ཁང་དུ་མའི་སྟེང་དུ་ཁང་མི་ཆེ་སྒོ་ཁང་ཐ་དད་ཀྱང་སྟེང་ཁང་ཆེན་པོ་གཅིག་བྱའོ། །མི་ཤོང་ན་ཡང་ཐོག་བྱ་སྟེ་རིམ་ཁང་གཉིས་པ་བྱའོ། །ཁང་མོ་ཆེ་བྱ་བ་དང་ཡང་ཐོག་བྱ་བ་ནི། ལུང་ཁ་ཅིག་ལས། མི་ཤོང་ན་ཐོག་ཏུ་ཁང་མོ་ཆེ་བྱའོ་ཞེས་གསུངས་ཤིང༌། ལུང་ཁ་ཅིག་ལས། མི་ཤོང་ན་སྟེང་དུ་རིམ་ཁང་གཉིས་པ་བྱའོ་ཞེས་གསུངས་ཏེ། དེ་གཉིས་ཀ་ཡང་འགལ་བ་མེད་པས་འདིར་གཉིས་ཀ་བསྡུས་སོ། །འཛེག་པའི་ཕྱིར་སྤོང་ཁང་དེར་ཐེམ་སྐས་བྱའོ། །ཐེམ་སྐས་ལ་མི་རྣམས་ཕན་ཚུན་དུ་མི་ལྟུང་བར་བྱ་བའི་ཕྱིར་ཐེམ་སྐས་ལ་ཁ་ཁྱེར་གྱིས་བསྐོར་བར་བྱའོ། །བི་མ་ལས། ཐེམ་སྐས་ཀྱི་ཕ་རོལ་ཚུ་རོལ་ཏུ་ཤིང་ཐགས་བརྟན་པར་བྱའོ། །ཞེས་སོ། །ཁ་ཁྱེར་དེ་མི་འགུལ་བར་བྱ་བའི་ཕྱིར་ལྕགས་ཀྱི་གཟེར་བུ་དག་གིས་གདབ་བོ། །འོན་ཀྱང་མི་ཤོང་ནས་བཀའ་བསྩལ་པ། སྤོང་ཁང་གི་ཕྱི་རོལ་ཏུ་སྤོང་ཁང་ཆེན་པོ་ཁྱམས་ལྟ་བུའམ། ཕྱི་རོལ་ཏུ་གནས་ཁང་གི་ཚད་ཁང་ཕྲན་གྱིས་མངར་བ་སྒོ་ནང་དུ་ལྟ་བ་དག་ཀྱང་བྱའོ། །གནས་ཁང་ཐམས་ཅད་ལ་སྒོའི་ཐད་ཀར་སྒོ་གདོད་པར་མི་བྱའོ། །གནས་ཁང་དག་ཕན་ཚུན་སྒོ་དྲང་ཐད་དུ་གཏོད་པས་ཕན་ཚུན་སྣང་ནས་སྒོ་དག་བཟུར་ཏེ་གདོད་པར་བྱའོ། །ཞེས་གསུངས་པ་དེ་འདིར་བསྡུས་


K8Z004_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །སྤོང་ཁང་ལ་སྒོ་ཁང་བྱའོ། །དེའི་ཉེ་འཁོར་གྱི་ཆེད་དུ་ས་ཕུག་ཀྱང་བྱའོ། །གཉིས་པ་ནི། འདུག་པའི་ཆེད་དུ་ས་ལས་བྱས་པའི་སྟེགས་བུ་གྲུ་བཞི་དང༌། ཤིང་ལས་བྱས་པའི་ཁྲིའུ་ཡང་བྱའོ། །ཁྲིའུ་དེ་ནི་ངོས་བཞི་པོ་ཁོ་ར་ཁོར་ཡུག་ཏུ་ཁྲུ་བཞིས་འཁོར་བ་བཟང་ངོ༌། །ཁྲིའུའི་སྟེང་དུ་དྲ་བར་རྒྱུ་བའི་ཐགས་མའི་རྒྱུ་ནི་རྣམ་པ་ལྔའོ། །ལྔ་གང་ཞེ་ན། མུཉྫའི་དང༌། ཤ་ནའི་དང༌། དྲེས་མའི་དང༌། རས་མའི་དང༌། སྦ་ཕྲ་མོའིའོ། །དེ་ལྔ་ནི་མཚོན་པར་ཟད་ཀྱི། གཞན་ཐག་གུ་སོགས་བཀག་པ་ནི་མིན་ནོ། །ཁྲིའུའི་སྟེང་དེར་སྟན་ནང་ཚངས་ཅན་དག་གདིང་ངོ༌། །སྟན་དེའི་ཚད་ནི། ཁྲིའུ་དེའི་ཁོ་ར་ཁོར་ཡུག་ཏུ་སྟན་ནང་ཚངས་ཅན་དེའི་མཐའ་མ་རྣམས་མཐོ་གང་ལྷག་པ་ཉིད་བཟང་ངོ༌། །འདིར་སྟན་གྱི་ཚད་ཊཱི་ཀར། དེ་ལྟ་བས་ན་རྫས་སྲིད་དུ་ཁྲུ་བཞི་པ། ཞེང་དུ་ཁྲུ་དོ་ཡོད་པ་ཉིས་བལྟབ་ཏུ་བྱས་ཏེ་དྲུབ་པར་བྱའོ་ཞེས་འབྱུང་བ་དང༌། སྲིན་བལ་གྱི་སྟན་བྱེད་པའི་སྐབས་ཀྱི་ཊཱི་ཀ་དང༌། ལུང་ཞུ་བ་ལས། སྟན་གྱི་ཚད་ཆེན་པོ་ནི་ཆུར་ཁྲུ་ཕྱེད་དང་ལྔའོ། །ཆུང་ངུ་ནི་ཕྱེད་དང་གསུམ་མོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །ཞེང་ཚད་ནི་གདིང་བའི་ཚད་དང་མཉམ་མོ། །ཞེས་གསུངས་པ་དང་འགལ་ཅེ་ན། དེ་ནི་ཉལ་བའི་སྟན་གྱི་ཚད་དང༌། འདི་ནི་ཏིང་ངེ་འཛིན་སྒོམ་པའི་སྟན་གྱི་ཚད་དོ། །སྟན་ནང་ཚངས་ཅན་དེ་ཅིས་དགང་ཞེ་ན། ཤིང་Aརྒྷའི་དང༌། ཀ་ཤའི་དང༌། ཨར་ཀའི་དང༌། སྤྲ་བའི་དང༌། ཤལ་མ་ལིདག་གི་བལ་གྱིས་དགང་ངོ༌། །ནག་པོ་ནི་ཤ་ཟའི་གོས་ཡིན་པས་ཁ་དོག་མི་རུང་བ་ཡིན་ཀྱང་རྔ་མ་ནག་པོ་ལས་སྟན་གྱི་ནང་ཚངས་བྱ་རུང་བར་ཅི་ཤེས་ཞེ་ན། ཨཱརྒྷའི་ཤིང་བལ་ནི་རྒྱུ་མི་རུང་བ་ཡིན་ཀྱང་སྟན་གྱི་ནང་ཚངས་བྱར་རུང་བའི་གནད་ཀྱིས་སོ། །ཡང་ན་བལ་དང༌། ཤ་ན་དང༌། རས་བལ་དང༌། རས་མ་


K8Z004_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང༌། ལོ་མའི་ཚོགས་དག་གིས་དགང་ངོ༌། །སྟན་གྱི་ནང་ཚངས་རྣམས་ནང་གི་ཕྱོགས་ཐམས་ཅད་དུ་ཁོད་སྙོམས་པའི་དོན་ཇི་ལྟ་བ་བཞིན་དུ་འདུག་ཅིང༌། གཞན་དུ་མི་འཆུག་པར་བྱ་བའི་ཕྱིར་མདོ་མདོར་བྱ་རོག་རྐང་དག་བྱའོ། །གསུམ་པ་ནི། སྒོམ་པ་ན་གཉིད་བྲོ་ན་གདོས་བུ་གདགས་པར་བྱའོ། །གདོས་བུ་ནི་རང་གི་རྣམ་བཤད་ལས། ཤིང་ལ་སོགས་པ་ལས་བྱས་པའི་གདོས་བུ་ཆུ་ཚོད་ཀྱི་སྣོད་འདྲ་བ་ཆུང་ངུ་བྱས་ཏེ། དེའི་ལུང་མིག་ནས་སྐུད་པས་བཏབ་པ་དེ་བསམ་གཏན་པ་རྣམས་གཉིད་བྲོ་ན་གདོས་བུ་དེ་རང་གི་རྣ་བ་ལ་བཏགས་ཏེ་དཔྱང་བར་བྱའོ། །ཞེས་བཤད་དེ་ཊཱི་ཀ་ལས་ཀྱང་ངོ༌། །ཕྲན་ཚེགས་འགྲེལ་པ་ལས། བྱང་བུའི་རྣམ་པ་ཅན་དུ་ཤིང་གཞོགས་པ་མཐོ་གང་གི་ཚད་དུ་བྱས་ཏེ། སྐུད་པས་རྣ་བ་ལ་དཔྱངས་པའམ། མགོ་བོ་ལ་བཞག་ན་རབ་ཏུ་གཡོ་བའི་ཆ་དེས་ཡན་ལག་གི་ཕྱོགས་ལ་ཕོག་པས་གཉིད་སངས་པའི་ཐབས་ཡིན་ནོ། །ཞེས་བཤད་དོ། །གདོས་བུ་འདི་ལ་བཤད་པའི་རྣམ་གྲངས་གཞན་ཡང་དེ་ཉིད་ལས། ཤིང་སོགས་ལས་བྱས་པའི་རིལ་བ་ཆུང་ངུ་སྐེད་པ་ལ་སྐུད་པས་བཏགས་པ་རྣ་བ་ལ་དཔྱངས་པ་གཉིད་ལོག་པས་གཡོས་པ་ན་ཆུ་ཡོངས་སུ་བོ་བ་གདོང་པ་ལ་འབབ་པས་གཉིད་སད་པར་འགྱུར་རོ། །ཞེས་ཀྱང་བཤད་དོ། །སྤོང་བ་པ་གཉིད་ཡུར་བ་ན་སྤོང་བའི་ཞལ་ཏ་པས་དབྱུག་གུ་དལ་བུས་གཟུག་པར་བྱའོ། །དབྱུག་གུ་དེས་སྤོང་བ་པའི་ལུས་བསྣད་པར་མི་འགྱུར་བར་བྱ་བའི་ཕྱིར། དབྱུག་གུ་དེའི་རྩེ་མོ་ནི་མི་རྣོ་བར་བྱ་བའི་ཕྱིར། དཔེར་ན་བྲེ་བཅད་འཕྲོ་ལྟ་བུ་རས་མ་དག་གིས་དཀྲིས་པས་སོ། །ཊཱི་ཀ་ལས། བྲེ་ཞེས་བྱ་བ་གཞལ་སྣོད་ཀྱི་རྣམ་པ་དེའི་བཅད་འཕྲོ། ཞེས་སོ། །སྤོང་བ་པ་གཉིད་ཡུར་པ་ལ་སྤོང་བའི་ཞལ་ཏ་པས་ཕོ་ལོང་སྟེ། གཞི་འགྲེལ་ལས། སྐུད་པ་ལ་སོགས་པའི་ཚོགས་ཟླུམ་པོའོ། །


K8Z004_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་དེ་འཕང་བར་བྱའོ། །ཕོ་ལོང་དེ་འཕངས་ནས་ཡང་ཕྱིར་འོང་བར་བྱ་བའི་ཕྱིར་ཐ་གུ་གདགས་པར་བྱའོ། །གཉིད་ཡུར་བ་དེའི་མདུན་དུ་མར་མེ་བཞག་པར་བྱའོ། །མ་སངས་ན་རྐང་པ་ཡ་གཅིག་དབྱུང་ངོ༌། །དེས་ཀྱང་མ་སངས་ན་ཡ་གཅིག་ཀྱང་དབྱུང་ངོ༌། །དགེ་སློང་སྤང་བ་པ་མུན་ཁུང་ན་འཆགས་ན་ལམ་མི་འཆོལ་ཞིང་མི་ཐོམ་པར་བྱ་བའི་ཕྱིར་འཆགས་ས་མགོ་མཇུག་སླེབས་པའི་ཕྲེང་ཐག་ཐང་ཆད་རབ་ཏུ་བརྒྱངས་པ་དེ་ལྟ་བུ་ལ་སྨྱུག་མའི་སྦུ་གུ་ལ་སོགས་པ་བསྐོན་པའི་བུ་གུ་ལ་འཇུས་ཏེ་བཅག་པར་བྱ་བའམ། ཡང་ན་སྦུ་གུ་དེ་ལ་བཏགས་པའི་ཐ་གུ་ལ་ལག་པས་འཇུས་ཏེ་སྤུ་གུ་ཕར་ཁྲིད་ཚུར་ཁྲིད་ཅིང་བཅག་པར་བྱའོ། །ལུང་གཞི་ལས། སྦུ་གུ་བསྐོན་པ་ལ་སྐུད་པས་བཏགས་པ་ལ་འཇུས་ཏེ་བཅག་པར་བྱའོ། །ཞེས་གསུངས་ལ། ལུང་མ་མོ་ལས་ནི། སྲད་བུ་དྲེས་པ་ལ་སྦུ་གུ་བཅུག་ནས་དེ་ལ་འཇུས་ཤིང་བཅག་པར་བྱའོ། །ཞེས་གསུངས་སོ། །ལུང་ལས་སྦུ་གུ་ལ་འཇུས་ཏེ་ཞེས་མ་གསུངས་མོད་ཀྱི། འོན་ཀྱང་རུང་བར་སྣང་བས་དེས་ན་ལོགས་ཤིག་ཏུ་སྨོས་ཤེས་ཊཱི་ཀ་ལས་བཤད་དེ། ལུང་གཞི་ལས་མ་གསུངས་པ་ལ་དགོངས་པའོ། །མཆིལ་ལྷྭམ་ཅན་གྱིས་བཅག་པར་མི་བྱའོ་སྟེ། གཞི་འགྲེལ་ལས། སྒྲ་འབྱུང་བས་སྤོང་བ་པ་གཞན་ལ་གནོད་པ་དང༌། མ་གུས་པའི་ཚུལ་ཡིན་པས་དགག་པ་མཛད། ཅེས་བཤད་དོ། །འཆག་པའི་ཚེ་རྐང་པ་གཉིས་ལ་རྡུལ་མི་འགོ་བར་བྱ་བའི་ཕྱིར། འཆག་སར་པར་ཐང་གདིང་བར་བྱའོ། །པར་ཐང་ནི་མཚོན་པ་སྟེ་སྟན་གཞན་གྱི་དཔེ་ཡིན་ནོ། །ཊཱི་ཀར། རྐང་པ་རྡུལ་ཅན་གྱིས་སྐྱིལ་མོ་ཀྲུང་བཅས་པ་ན་གོས་མི་རུང་བར་མི་བྱའོ། །ཞེས་སོ། །སྤོང་བ་པས་ཞག་གསུམ་ཞིང་རྐང་པ་གཉིས་སྣུམ་ཅུང་ཟད་ཙམ་གྱིས་བསྐུ་བར་བྱའོ། །གཉིད་བྲོ་བ་བསངས་པར་མི་ནུས་ན་རྣལ་འབྱོར་བསྒོམ་པའི་


K8Z004_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དེར་ཡང་ཉལ་བར་བྱའོ། །བསྒོམ་པའི་གནས་དེར་ཉལ་ན་སྒོ་གླེགས་ལ་སོགས་པས་སྒོ་བཅད་པར་བྱའོ། །དེར་གློས་ཀྱང་ཕབ་སྟེ་ཉལ་དུ་རུང་བའོ། །བཞི་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། དགོས་པའི་དོན་ནི་སྤོང་བ་པ་བདེ་བར་གནས་ཤིང་ཡིད་དལ་བ་ལ་བརྟེན་ནས་ཏིང་ངེ་འཛིན་སྐྱེ་བའོ། །གཉིས་པ་བསྡུ་བའི་དོན་ལ་བཞི་ལས། དང་པོ་ཡུལ་གང་བསྐོ་བ་ནི་ཆོས་བཅུ་བཞི་དང་ལྡན་པ་སྟེ། དེ་ཡང་སྔར་བཤད་པའི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། མཚམས་ཀྱི་ནང་གནས་འགྲོ་བ་བཞི་དང་བྲལ། །སྤྲོ་དང་སྔར་བསྐོས་མིན་དང་ཚོགས་ལོངས་མིན། །ཅེས་བཟུང་སྟེ། དེ་ཡང་མཚམས་ཀྱི་ནང་ན་གནས་པ་སྟེ་མཚམས་གཞན་ན་གནས་པ་ནི་ཞེས་གསུངས་སོ། །འགྲོ་བ་བཞི་དང་བྲལ་བ་སྟེ། འདུན་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། འཇིགས་པས་འགྲོ་བ་དང་བྲལ་བ་ཞེས་སོ། །སྤྲོ་བ་དྲིས་ནས་སྤྲོ་བར་བྱས་ཏེ་བསྐོའོ་ཞེས་གསུངས་ལ། བསྐོ་བའི་ལས་ལ་སྤྲོ་བ་མི་འདྲི་ན་ཆོས་མ་ཡིན་པའི་ལས་སུ་འགྱུར་བའི་ཕྱིར་རོ། །སྔར་བསྐོས་པ་དང་མ་འབྲེལ་བ་སྟེ་སྔར་བསྐོས་པ་ནི་མ་བསྐོས་པ་ཉིད་མ་ཡིན་ནོ་ཞེས་པའི་གནད་ཀྱིས་སྦྱར་རོ། །གཞན་དུ་ན་ཆོ་ག་དོན་མེད་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །ཚོགས་སུ་མ་ལོངས་པ་སྟེ་ཚོགས་ཀྱིས་ཚོགས་ལ་ལས་མི་བྱའོ་ཞེས་གསུངས་པས། གཞན་དུ་ན་ཚོགས་ཙམ་དུ་ནུས་མཐུ་མཉམ་པས་གུས་པ་མི་འདྲེན་པའི་ཕྱིར་རོ། །བསྙེན་རྫོགས་ཀྱི་དམིགས་བསལ་ནི་དགེ་ཚུལ་རྣམ་དག་ཆོ་ག་རྗེས་སུ་བསྒྲགས་པའི་ཚུལ་གྱིས་བསྐོས་ཀྱང་རུང་ངོ༌། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་གྱིས་ཏེ། སྦྱོར་བ་སྤྲོ་བ་འདྲི་བ་དང༌། དངོས་གཞི་


K8Z004_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །བཞི་པ་བསྐོས་པའི་བསླབ་བྱ་ནི། གཞུང་འདི་ཉིད་ལས་ཤེས་པར་འགྱུར་རོ། །གཉིས་པ་ནི། སྤོང་བའི་ཕྱིར་ཞལ་ཏ་པ་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །སྤོང་བ་པའི་ཞལ་ཏ་པ་དེའི་ལས་སུ་བྱ་བ་ནི་ནམ་ལངས་མ་ཐག་ཁོ་ནར་ཆག་ཆག་གདམ་པ་དང༌། ཕྱགས་བདར་བྱ་བ་དང༌། གཅི་བ་གསར་པའི་བྱུག་པས་བསྐུ་བར་བྱའོ། །སྟན་དེར་བཤམ་པར་བྱའོ། །བཤང་བ་དང་གཅི་བ་སྟེ་མི་གཙང་བའི་སྐྱབས་གཉིས་ཀྱྀ་བྱི་དོར་བྱའོ། །བྱི་དོར་ནི་ཆག་ཆག་ལ་སོགས་པས་སོ། །དག་པར་བྱ་བའི་ཕྱིར་ཆབ་ཁུང་དག་ཏུ་བོང་རྡོག་དང༌། ས་དང་ཆུ་དག་བཞག་པར་བྱའོ། །རྣལ་འབྱོར་གྱི་གནས་དེར་སྤོང་བ་པ་དག་བསྡུ་བའི་ཕྱིར་གཎྜི་བརྡུང་ངོ༌། །གཎྜི་རྒྱུ་ནི། ཙནྡན། རྒྱ་ཤུག །སྟག་པ། སྟར་ག །འོམ་བུ། སེང་ལྡེང༌། འོད་མ། ཙནྡན་དམར་པོ་དང་བརྒྱད། དེའི་སྟེང་དུ་རྒྱ་གར་ན་ཡོད་པའི་ཤིང་ཏ་ལ་དང༌། ཀེམ་ཤུ་ཀ་སོགས་བདུན་ཏེ་བཅོ་ལྔ་ལ་གང་འཛོམ་བྱེད། དེའི་ཚད་ནི་སྲིད་དུ་སོར་བརྒྱད་ཅུ་རྩ་བཞི། ཞེང་དུ་སོར་དྲུག །ཟུང་གཉིས་བཅུ་མ་ཟིན་པ་ལ་སོར་གཉིས་ཡོད་དགོས་རྡམས་ལ་སོར་གཉིས། ཟུར་གཉིས་བཅུམ་ཞིང་བརྒྱད་བཞོགས་སུ་བྱས་པ་ལ་སོར་རེ་རེ་དང༌། རྩེ་གཉིས་ནི་སྦལ་པའི་མགོ་བཞིན་དུ་བྱའོ། །དེ་བརྡུང་བའི་ཤིང་ནི་གོང་དུ་བསྟར་བའི་ཤིང་འབྲས་བུ་ཅན་དེ་ཉིད་ལས་བྱས་པ། སྲིད་ཚད་སོར་ཉེར་བཞི་པ། ཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་མགོ་བཞིན་བྱའོ། །དེའི་རབ་གནས་ནི་བཀྲ་ཤིས་བརྗོད་པའི་ཚིག་བྲི་བ་དང༌། སེར་སྔགས་བྲི་བར་བྱ་སྟེ། བརྡུངས་པས་གནོད་པ་ཞི་བའི་དགོས་པ་ཡོད་དོ། །བརྡུང་ལུགས་ལ་ཉ་ལྟར་བརྡུང་བ་དང༌། མདོ་ལས་བསྐྱེད་པའི་རིམ་པ་ལྟར་བརྡུང་བ་སྟེ།


K8Z004_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ནི་རྒྱུད་གཅིག་ལ་སུམ་ཅུ་རྩ་བཞི་ཡོད་དོ། །གཎྜི་བརྡུང་བ་དེའི་གནས་ནི་ཁང་སྟེང་ངོ༌། །དགེ་འདུན་བསྡུ་བའི་ཕྱིར་གཎྜི་བརྡུང་བ་ལ་ནི་རྒྱུད་གསུམ་དང་གྲངས་གསུམ་དེ་སྙེད་ཀྱི་ཏོག་དག་བྱའོ། །ཊཱི་ཀར། མཇུག་ཏུ་ཏོག་སྒྲ་ལན་གསུམ་བྱའོ། །ཞེས་སོ། །ལས་བརྒྱ་རྩ་གཅིག་ལས་གང་རུང་བྱ་བའི་དོན་དུ་གཎྜི་བརྡུང་བ་ནི་རྒྱུད་གཅིག་དང་ཏོག་གསུམ་མོ། །ལུང་ཁ་ཅིག་ལས་ནི་ལས་བྱ་བའི་དོན་དུ་གཎྜི་བརྡུང་བ་ལ་རྒྱུད་གསུམ་དང་ཏོག་གཉིས་སོ་ཞེའོ། །ཤི་བ་ལ་ཁྱོགས་ཕྲག་པས་བཏེགས་ཏེ་རོ་དབྱུང་བའི་དོན་དུ་ནི་བྱི་བོའོ། །ཊཱི་ཀ་ལས། བྱི་བོ་ནི་རྒྱུད་ཉི་ཚེ་བརྡུང་ཞིང་མཇུག་ཏུ་ཏོག་མི་བརྡུང་བ་ཡིན་ནོ། །ཞེས་སོ། །ལུང་ཁ་ཅིག་ལས་ཤི་བའི་དོན་དུ་གཎྜི་བརྡུང་བ་ནི་རྒྱུད་གཅིག་དང་ཏོག་གཅིག་གོ་ཞེའོ། །སྤོང་བ་པ་སྤོང་བ་ལ་འདུ་བའི་དོན་དུ་ནི་མཁར་གསིལ་འཁྲོལ་བས་གཎྜི་དེའི་བྱ་བ་བྱའོ། །ལུང་ཁ་ཅིག་ལས་ནི་སྤོང་བའི་དོན་དུ་གཎྜི་ཆུང་ངུ་ཞེའོ། །ཞེས་སྨོས་ན་གཎྜི་ཆུང་ངུ་དེ་ཅི་ཞིག་ཡིན་ཅེ་ན། འདི་ལ་དོན་བཤད་པ་དང༌། སྒྲ་བཤད་པ་གཉིས་ལས། དང་པོ་ནི། རང་གི་རྣམ་བཤད་ལས། མཁར་གསིལ་ཉིད་གཎྜི་ཆུང་ངུ་ཞེས་བྱ་བར་བརྗོད་དོ། །ཞེས་གསུངས་སོ། །གཎྜི་ཆུང་ངུའི་སྒྲ་བཤད་པ་ནི། ལུང་ཁ་ཅིག་ལས་ནི་ཀ་ཏི་ཞེས་སོ། །ཞེས་པ་སྟེ། ཀ་ཏི་ཞེས་པའི་སྒྲ་ལས་གཎྜི་ཆུང་ངུ་ཞེས་དོན་འགྱུར་བྱས་པའོ། །འགྲེལ་ཆུང་གི་མདོ་རྩ་བ་ལས་ནི་ཀ་ཏི་ཞེས་རྒྱ་སྐད་སོར་བཞག་ཏུ་ཡོད་དོ། །འོག་གི་གཎྜི་དང་གཎྜི་ཆུང་ངུ་གཉིས་ཀ་བརྡུང་ངོ་ཞེས་གསུངས་པའི་གཎྜི་ཆུང་ངུ་དེ་གཎྜིའི་བྱེ་བྲག་ཡིན་གྱི། མཁར་གསིལ་ནི་མ་ཡིན་ནོ། །གཞི་འགྲེལ་ལས། ཆོམ་རྐུན་ལ་སོགས་པས་གནོད་པ་བྱུང་བ་ལ་གཎྜི་བརྡུང་བ་ལ་ཇི་ཙམ་གྱིས་ཆོག་པ་དེ་ཙམ་བརྡུང་བར་བྱས་ཏེ་ནམ་ཞི་བར་གྱིའོ། །བླ་མ་དག་སེར་


K8Z004_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་ཞི་ཞིའི་བར་དུ་འཆད་དོ། །ཟན་གྱི་ཕྱིར་གཎྜི་བརྡུང་བའི་དོན་དུ་ནི་གཎྜི་དང་གཎྜི་ཆུང་ངུ་གཉིས་ག་བརྡུང་ངོ༌། །དེ་གཉིས་གཅིག་ཅར་རམ་མཇུག་ཐོག་ཁོ་ནར་བརྡུང་ངམ་ཞེ་ན། མ་ཡིན་ཏེ། བར་དུ་བཅད་དེའོ། །ཇི་ཙམ་གྱིས་བར་དུ་བཅད་དེ་ཞེ་ན། རྒྱང་པས་སོ། །སྔར་གཎྜི་ཆུང་ངུ་བརྡུངས་ལ་ཁང་སྐྱོང་དང༌། གཙང་སྦྱོར་ལ་སོགས་པས་སངས་རྒྱས་མཆོད་པ་དང་ལྷུང་བཟེད་བཀྲུ་བ་ལ་སོགས་པའི་ལས་བྱས་ནས། དེའི་འོག་ཏུ་གདུགས་ཚོད་ལ་བབ་པའི་ཚེ་གཎྜི་ཆེན་པོ་བརྡུང་ངོ༌། །དགེ་འདུན་འདུས་པ་ཆེན་པོའི་ཚེ་ཟན་གྱི་ཕྱིར་འདུ་བའི་དོན་དུ་གཎྜི་བརྡུངས་པས་ཐོས་ཤིང་གོ་བར་མི་འགྱུར་བ་ལྟར་ན་དུང་སྒྲིལ་ཏེ་འབུད་པར་བྱའོ། །རྔ་བོ་ཆེ་དག་བརྡུང་ངོ༌། །གཎྜི་བརྡུངས་པར་མི་འགྲོ་བར་མི་བྱའོ་སྟེ། གཎྜི་བརྡུངས་པ་ནི་དགེ་འདུན་འདུ་བའི་ཕྱིར་སྦྲན་པ་ཡིན་པའི་ཕྱིར་རོ། །མི་མྱུར་བར་མི་བྱའོ་སྟེ་གཎྜི་དེའི་ཕྱིར་མྱུར་བ་ཁོ་ནར་འགྲོ་བར་བྱའོ། །སྟོང་པ་བ་དག་གིས་མཆོད་རྟེན་ལ་ཕྱག་བྱ་བ་དང༌། ལྷུང་བཟེད་བཀྲུ་བ་དང་བསོད་སྙོམས་ལ་འགྲོ་བ་ལ་སོགས་པའི་བྱ་བ་འགྲུབ་པའི་དུས་ཀྱི་ལྷག་མ་དེ་ཙམ་ཞིག་ལུས་པ་ན། ལུང་གཞི་ལས། དགེ་འདུན་ལས་ཐོབ་པ་རྣམས་ཁྲུས་བྱས་ནས་དགེ་འདུན་གྱི་ནང་དུ་འདུ་ཁོམ་པ་དང༌། བསོད་སྙོམས་པ་རྐང་ལག་བཀྲུས་ནས་གྲོང་དུ་བསོད་སྙོམས་ལ་འཇུག་ཁོམ་པ་དང༌། ཏིང་ངེ་འཛིན་གྱི་འཕྲོ་གཅོད་པ་ན་སྤོང་བ་པ་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་རྒྱུད་དང༌། མདོ་སྡེའི་རྒྱུད་དང༌། བསྔོ་བའི་རྒྱུད་དེ་རྒྱུན་ཆགས་གསུམ་པ་འདོད་ཅིང་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་ཅི་བདེར་འཕྲོ་བཅད་པར་བྱའོ། །སྐབས་འདིར་སྤོང་བ་པའི་ཞལ་ཏ་བས་ནི་སྤོང་བ་པ་རྣམས་ལ་ད་ནི་ཅི་བདེར་སྤྱོད་ཅིག །ཅེས་སྦྲན་པར་བྱ་སྟེ། འགྲེལ་ཆུང་ལས།


K8Z004_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་དུ་ཞུགས་པ་རྣམས་ཀྱིས་དུས་མི་རིགས་པའི་ཕྱིར། ཞེས་བཤད་དོ། །རྒྱུན་ཆགས་གསུམ་པ་དེ་ཧ་ཅང་མང་ཉུང་མིན་པ་རན་པར་བྱའོ། །ཊཱི་ཀ་ལས། རྒྱུན་ཆགས་གསུམ་པ་བཏོན་པའི་འོག་ཏུ་སྦྱིན་པའི་ཕན་ཡོན་བཤད་པར་བྱའོ། །ཞེས་སོ། །སུས་བཤད་པར་བྱ་ཞེ་ན། ལུང་དང་ཀར་ཤ་ལས། གནས་བརྟན་གྱིས་ཡོན་བཤད་པར་བྱའོ། །ཞེས་གསུངས་སོ། །དེས་ན་སྤོང་བ་པའི་ཞལ་ཏ་པས་ཡོན་བཤད་པར་བྱའོ་ཞེས་ཤ་མིས་གསུངས་པ་དེ་ནོར་ངེས་སོ། །ཡོན་བཤད་པ་དེ་མང་ཉུང་རན་པར་རོ། །སྤོང་བ་པའི་ཞལ་ཏ་པ་དེས་སྟན་བཤམས་པ་ལ་སོགས་པའི་ཆེད་དུ་སྔར་འདུ་ཞིང༌། གདན་ཆ་བཏུལ་བ་ལ་སོགས་པའི་ཆེད་དུ་མཇུག་ཏུ་འགྱེས་པར་བྱའོ། །གལ་ཏེ་སྔར་འདུ་མི་ཁོམ་པའམ་མཇུག་ཏུ་འགྱེས་པར་སྡོད་མི་ཁོམ་པའི་རྐྱེན་དེ་ལྟ་བུ་བྱུང་ན་སྤོང་བའི་གནས་ཀྱི་ལྡེའུ་མིག་སྦས་པའམ་སྦེད་པ་བསྟན་པར་བྱའོ། །ཊཱི་ཀར། སྔར་ལྡེའུ་མིག་འགའ་ཞིག་གི་ལག་ཏུ་བཞག་ན་ཡང་ལྡེའུ་མིག་འདིའི་ལག་ན་ཡོད་དོ། །ཞེས་བརྗོད་པར་བྱའོ། །གསོ་སྦྱོང་གི་གཞི་ལས་ཞི་གནས་ཀྱི་གསོ་སྦྱོང་གི་སྐབས་སོ།། །།གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གནས་ལ་བློ་མཐུན་བྱས་པའི་དགོས་དོན་ནི། སྤྱིར་གནས་ལ་བློ་མཐུན་བྱས་པས་དགེ་འདུན་རྣམས་ཐུགས་མཐུན་པར་འགྱུར་ལ། བྱེ་བྲག་ཏུ་ལས་ཀྱིས་བྱས་པས་ཀླག་ཅོར་དུ་མི་འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་གནས་གར་ལ་བློ་མཐུན་བྱ་བ་ནི་བཞི་ལས། དང་པོ་ནི། གྲུབ་བས་ཟིན་པའི་གནས་གསུམ་ལས་གང་ཡང་རུང་བ་ཡིན་པ་སྟེ་གཞི་ལས་གྲུབ་པའམ། མ་བྱས་པའམ། ཟོན་པ་ལའོ་ཞེས་གསུངས་སོ། །དེ་གསུམ་ལས་གཞན་དུ་དབྱེ་ཐང་ལྟ་བུ་ལ་གནས་ལ་བློ་མཐུན་མི་འཆགས་ཏེ། གནས་


K8Z004_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བློ་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ཉེ་འཁོར་འདོམ་གང་ཡན་ཆད་དང་ལྡན་པ་སྟེ། ཉེ་འཁོར་འདོམ་གང་དང་ལྡན་པ་ལའོ་ཞེས་གསུངས་པ་དང༌། གཞན་དུ་ན་ཉེ་འཁོར་འདོམ་གང་དང་བཅས་པ་འདི་ཞེས་གསུངས་པའི་ཆོ་ག་དང་འགལ་བར་འགྱུར་བའི་ཕྱིར་དང༌། ཉེ་འཁོར་མེད་ན་བདེ་བའི་རྒྱུར་མི་འགྱུར་བའི་ཕྱིར་རོ། །གསུམ་པ་དགེ་འདུན་གྱིས་བཞེད་པ་ཡིན་ཏེ། དགེ་འདུན་འདོད་ནའོ་ཞེས་གསུངས་པ་དང༌། གཞན་དུ་ན་ཀུན་སློང་མི་འབྱུང་བའི་ཕྱིར་རོ། །བཞི་པ་སྔར་བློ་མཐུན་བྱས་པ་དང་མ་འབྲེལ་བ་སྟེ། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་གསུངས་པའི་གནད་ཀྱིས་སྦྱར་རོ། །གཉིས་པ་རྟེན་གང་གིས་བློ་མཐུན་བྱ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བློ་མཐུན་བྱ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་སོ། །བཞི་པ་བློ་མཐུན་བྱས་པ་འཇིག་པའི་རྒྱུ་ནི། མཚམས་ནང་དེ་ན་དགེ་སློང་མེད་པར་སྐྱ་རེངས་ཤར་བ་དང༌། རྟེན་ཞིང་མ་ཡིན་པར་གྱུར་པ་དང༌། གནས་ཞིང་མ་ཡིན་པར་གྱུར་པ་སྟེ། དེ་ལ་སྐྱབས་ཀྱི་ཞེན་པ་འབྱུང་རུང་མ་ཡིན་པར་གྱུར་པའོ། །གཉིས་པ་ལ། གང་དུ་བྱ་བ་གནས་ཀྱི་སྐབས། །གང་དུ་བྱ་བ་ཚོགས་པའི་སྐབས། །ཇི་ལྟར་བྱ་བ་ཆོ་ག་དེའོ། །དང་པོ་ལ། ཐུགས་མཐུན་བྱ་ཕྱིར་བློ་མཐུན་བྱ། །མི་འདུ་དགག་ཕྱིར་མཚམས་ཆེན་བཅད། །འདུ་བ་ཁྱབ་ཆེས་དཀྱིལ་འཁོར་གཅད། །ཅི་ཙམ་འདུ་ཕྱིར་ལས་མཚམས་སྟོན། །དང་པོ་ནི། གསོ་སྦྱོང་གི་གནས་ལ་དགེ་འདུན་གྱི་བློ་མཐུན་པར་བྱའོ། །གསོ་སྦྱོང་གི་གནས་ཇི་ལྟ་བུ་ལ་བློ་མཐུན་པར་བྱ་ཞེ་ན། གནས་ཐམས་ཅད་སྐྱེས་བུའི་རྩོལ་བས་མ་བྱས་པར་རང་གྲུབ་པ་བྲག་ཕུག་ལ་སོགས་པའམ་སྟེ། འདི་ལ་བརྟེན་ནས་རྒྱ་ན་རེ། ཐང་སྟོང་པ་


K8Z004_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བློ་མཐུན་བྱ་སྟེ་གྲུབ་པའི་བྱེ་བྲག་ཡིན་པའི་ཕྱིར་ཞེས་ཟེར་རོ། །འོན་ཀྱང་དེ་དགག་པ་ནི། དབྱེ་ཐང་ཀ་ལ་གནས་ལ་བློ་མཐུན་མི་བྱ་སྟེ། སྐྱབས་ཀྱི་ཞེན་པ་འབྱུང་རུང་དུ་མེད་པའི་ཕྱིར་རོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས། གྲུབ་པ་ཞེས་བྱ་བ་ནི་འཆགས་པའི་བསྐལ་པའི་ཚེ་རང་གྲུབ་པའམ། དེའི་འོག་ཏུ་གཏིབས་ཆད་པ་ལ་སོགས་པས་རང་གྲུབ་པ་སྟེ། དཔེར་ན་རིའི་བྱ་སྐྱིབས་ལ་སོགས་པ་ལྟ་བུ་སྟེ། ཞེས་གསུངས་པས་འདི་ལ་སྐྱབས་ཀྱི་ཞེན་པ་འབྱུང་རུང་དགོས་པར་གྲུབ་བོ། །དབྱེ་ཐང་ཀ་ལ་གསོ་སྦྱོང་བྱེད་ན་གནས་ལ་བློ་མཐུན་མ་བྱས་པར་གསོ་སྦྱོང་བྱེད་པར་བཞེད་སྣང་ངོ༌། །གལ་ཏེ་དགེ་འདུན་རྣམས་ཕྱེད་གནས་གྲུབ་པ་ལ་བསྡད། ཕྱེད་གནས་ཟིན་པ་ལ་བསྡད་ནས་མཚམས་ཀྱིས་མ་ཆོད་པ་ལྟ་བུ་ལ་གཉིས་ཀ་སྨོས་དགོས་ལ། གྲུབ་པའི་ནང་དུ་ཟིན་པའམ། བྱས་པའམ། ཟིན་པའི་གནས་སུ་གྲུབ་པ་ལྟ་བུ་ཡོད་ན་ནང་མ་དེ་ཉིད་ཀྱིས་སྨོས་དགོས་སོ། །ཕྱེད་གྲུབ་བྱས་ཟིན་གསུམ་གྱི་གནས་ལ་བསྡད། ཕྱེད་དབྱེ་ཐང་དུ་བསྡད་ན་གནས་ལ་བསྡད་པ་རྣམས་བློ་མཐུན་བྱ་ཞིང༌། དབྱེ་ཐང་ལ་གནས་པ་བློ་མཐུན་མི་དགོས་སོ། །རྒྱ་མཚོའི་ནང་གི་གྲུ་ནི་ཟིན་པའི་གནས་སུ་ཁ་ཅིག་འདོད་ལ། ཁ་ཅིག་སྐྱབས་ཡོད་པས་ཁྱད་པར་དུ་བྱ་དགོས་པར་ཡང་འཆད་དོ། །སྐྱེས་བུའི་རྩོལ་བས་བྱས་པ་མ་ཟིན་པའམ། སྐྱེས་བུའི་རྩོལ་བས་བྱས་པ་ཟིན་པ་ལའོ་སྟེ་འཕྲོ་མ་ལུས་པའོ། །ཟིན་པ་དང་ལགས་པ་དོན་གཅིག་གོ། །གནས་དེའང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་ལྡན་པའོ། །མི་འདོད་བཞིན་དུ་མ་ཡིན་ཏེ་དགེ་འདུན་བཞེད་ནའོ། །གསོ་སྦྱོང་གི་གནས་ཞེས་པས་ལས་གཞན་ནི་དེར་མི་བྱའོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་དགག་དབྱེ་ལ་སོགས་པ་ལས་གཞན་གྱི་གནས་ཀྱང་དེ་


K8Z004_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །གནས་དེར་ལས་གཞན་བྱེད་ན་ཡང་བློ་མཐུན་གཞན་བྱ་མི་དགོས་སོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་མཚམས་པོ་ཆེ་བཅད་པའི་དགོས་པ་ནི་བཞི་སྟེ། སྤྱིར་ལས་ལ་དགེ་སློང་ཐམས་ཅད་འདུ་དགོས་ཤིང༌། བྱེ་བྲག་ཏུ་གསོ་སྦྱོང་དང་དགག་དབྱེའི་ལས་ལ་ཐམས་ཅད་འདུས་པས་ཀུན་དག་པར་འགྱུར་བ་དང༌། ཆོས་གོས་དང་འབྲལ་བ་ཚེགས་ཆུང་ངུས་སྤོང་བ་དང༌། དབྱར་རལ་བའི་ཉེས་པ་སྤང་སླ་བ་དང༌། གནས་གཞན་དུ་དབྱར་གནས་པར་ཁས་བླངས་པས་ཀྱང་སྲ་བརྐྱང་གདིང་བ་འཆགས་ཤིང་སྲ་བརྐྱང་གི་ཕན་ཡོན་ཐོབ་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ནི། གནས་གང་ལ་མཚམས་པོ་ཆེ་བཅད་པ་ནི་ལྔ་ལས། དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་ཡིན་པ་སྟེ། འདི་ཉིད་ལས། དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུའོ། །དབུས་ནས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ལས་ལྷག་པར་མཚམས་བཅད་པ་ལ་མི་འཆགས་སོ་ཞེས་གསུངས་སོ། །ཕྱོགས་བཞིའི་མཚན་མ་བརྟན་པོ་དང་ལྡན་པ་སྟེ། མཚན་མ་བརྟན་པོ་བརྗོད་དེ་ལས་བྱ་ཞེས་པས་སོ། །གཞན་དུ་ན་མི་འཆགས་ཏེ་རྟེན་མེད་པའི་ཕྱིར་རོ། །ཆུ་ལ་སོགས་པ་མཚམས་གཞན་མ་ཡིན་པ་སྟེ་མཚམས་སུ་ཆུ་ནི་མཚམས་གཞན་དང་འདྲ་ཞེས་པ་དང༌། ལུང་གཞི་དང་ཀརྨ་ཤ་ཏམ་ལས། གྲོང་དང་གྲོང་ཁྱེར་ཀྱི་ཉེ་འཁོར་མ་གཏོགས་པར་མཚམས་པོ་ཆེ་བཅད་དོ། །ཞེས་གསུངས་པས་སོ། །སྔར་མཚམས་བཅད་པ་དང་འབྲེལ་བ་སྟེ་སྔ་མ་བག་ཡངས་སུ་མ་བྱས་པར་བཅད་པ་གཞན་མི་འཆགས་སོ་ཞེས་གསུངས་པས་སོ། །གཞན་གྱིས་མཚམས་བཅད་པའི་ཆེད་དུ་མཚན་མ་བརྟན་པོ་བཙུགས་པ་མ་ཡིན་པ་སྟེ་རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌།


K8Z004_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གཞན་ལ་གནོད་པ་བཀག་པའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་མཚམས་པོ་ཆེ་གཅོད་པ་ནི་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་མཚམས་པོ་ཆེ་གཅོད་པ་ནི་སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་རྒྱུས་ཤེས་པའི་དགེ་སློང་གིས་བརྟགས་ཏེ་དགེ་འདུན་གྱི་མདུན་དུ་མཚན་མ་བརྟན་པོ་བརྗོད་པའོ། །དངོས་གཞི་གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །བཞི་པ་མཚམས་པོ་ཆེ་བཅད་པ་འཇིགས་པའི་རྒྱུ་ནི། མཚམས་ནང་དེ་ན་དགེ་སློང་མེད་པར་སྐྱ་རེངས་ཤར་བ་དང༌། ཕྱོགས་བཞིའི་མཚན་མ་བརྟན་པོ་ཞིག་པ་དང༌། ཆུ་ལ་སོགས་པ་མཚམས་གཞན་བྱུང་བ་དང༌། རྟེན་དགེ་སློང་ཐམས་ཅད་ཞིང་མ་ཡིན་པར་གྱུར་པ་དང༌། ཆོ་གས་ཀྱང་གཞིག་ཏུ་རུང་བའོ། །གཉིས་པ་ལ། མཚམས་ཆེན་བཅད་པ་དངོས་ཉིད་དང༌། །ཞར་ལས་བྱུང་བ་བརྗོད་པར་བྱ། །དང་པོ་ནི། གནས་དེའི་ཕྱོགས་བཞིའི་མཚམས་བཅད་པར་བྱའོ། །གནས་དེའི་ཕྱོགས་ཕྱོགས་ནས་ས་མཚམས་འདི་ཚུན་ཆད་ལས་ལ་འདུ་དགོས་ཞེས་སོ། །ལུང་གཞི་ལས། དགེ་སློང་ཀ་པི་ན་འདི་སྙམ་དུ་སེམས་ཏེ། རྟག་ཏུ་དག་པ་སྙིང་པོ་སྟེ། །རྟག་ཏུ་དག་པ་གསོ་སྦྱོང་ཡིན། །གཙང་མའི་ལས་ནི་དག་གྱུར་པ། །དེ་ཡི་བརྟུལ་ཞུགས་གྲུབ་པར་གྱུར། །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་ལ། བདག་ནི་དག་ཅིང་མཆོག་ཏུ་དག་པ་དང་ལྡན་ནོ་སྙམ་སྟེ། གསོ་སྦྱོང་གི་གནས་སུ་མི་འགྲོ་བ་ལ་བརྟེན་ནས་མཚམས་པོ་ཆེ་བཅད་པར་རྗེས་སུ་གནང་ངོ༌། །ཕྱོགས་བཞིར་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུའོ། །ཕྱོགས་བཞིའི་དབུས་སུ་ཕ་བོང་དང༌། རྩིག་པ་དང༌། ཀ་བ་དང༌། ཤིང་ལྗོན་པ་དང༌། ར་བ་དང༌། བྱ་སྐྱིབས་དང༌། ལམ་པོ་ཆེ་དང༌། ཁྲོན་པ་


K8Z004_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དེའི་རྒྱུས་ཤེས་པའི་དགེ་སློང་གཉུག་གནས་རྣམས་ཀྱིས་བརྟགས་ནས་དགེ་འདུན་གྱི་མདུན་དུ་མཚན་མ་བརྟན་པོ་བརྗོད་དེ་ལས་བྱའོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགོས་པའི་དོན་ནི། མཚམས་པོ་ཆེའི་ནང་དེར་དགེ་སློང་ཐམས་ཅད་ཀྱིས་གནས་གང་དུ་ཆོས་གོས་བཞག་ཀྱང་འབྲལ་བའི་ཉེས་པར་མི་འགྱུར་བའོ། །ལུང་གཞི་ལས། མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་གཞི་གང་ལ་མི་འབྲལ་བའི་གནང་བ་བྱ་བ་ནི་གཉིས་ཏེ། ས་གཞི་དེར་མི་འབྲལ་བའི་གནང་བ་སྦྱིན་ཟིན་པ་དང༌། མ་འབྲེལ་བ་དང༌། ཆོ་གའི་སྒོ་ནས་མཚམས་བཅད་པ་ཡིན་པའོ། །དང་པོ་ནི། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་གསུངས་པའི་གནད་ཀྱིས་སྦྱར་རོ། །གཉིས་པ་ལ་ནི་མཚམས་ཆེ་ཆུང་གང་རུང་བཅད་པའི་ནང་ཡིན་པ་སྟེ། ལུང་གཞི་ལས། མཚམས་པོ་ཆེའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པར་བྱའོ། །ཞེས་གསུངས་ལ། ལུང་ཞུ་བ་ལས། བཙུན་པ་མཚམས་བུ་ཆུང་ཡང་ཆོས་གོས་དང་འབྲལ་བར་མི་འགྱུར་བར་བློ་མཐུན་པར་བགྱིའམ། གལ་ཏེ་འདོད་ན་བློ་མཐུན་པར་བྱའོ། །ཞེས་གཞི་འགྲེལ་དུ་ལུང་དྲངས་ཤིང༌། ཀར་ཤ་ལས། མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱས་པའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པ་ནི་གཅིག་ཏུ་མ་ངེས་ཏེ། གལ་ཏེ་འདོད་ན་སྦྱིན་པར་བྱའོ། །ཞེས་གསུངས་པས་སོ། །འདིར་རྒྱ་ན་རེ། ས་གཞི་མཚམས་མ་བཅད་ཀྱང་རང་བཞིན་གྱི་མཚམས་


K8Z004_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོའི་ནང་དུ་ཡང་མི་འབྲལ་བའི་གནང་བ་སྦྱིན་རུང་སྟེ། ལུང་ཞུ་བ་ལས། ལས་ཀྱི་མཚམས་སུ་ཆོས་གོས་དང་མི་འབྲལ་བའི་སྡོམ་པ་སྐོས་ཤིག་ཅེས་གསུངས་ན། རྩིག་པའི་མཚམས་ལ་ཆོས་གོས་དང་མི་འབྲལ་བའི་སྡོམ་པ་བསྐོ་བར་བགྱིའམ། དེ་སྟེ་དགོས་པ་ཡོད་ན་སྐོས་ཤིག་ཅེས་གསུངས་པས་ཤེས་སོ་ཞེས་གསུངས་སོ། །འོན་ཀྱང་ས་གཞི་མཚམས་མ་བཅད་པ་ཉིད་དུ་ནི་མི་འབྲལ་བའི་གནང་བ་མི་འཆགས་སོ་ཞེས་གསུངས་པ་དང་འགལ་ལོ། །ལུང་ལས་གསུངས་པ་ཁྱེད་ཀྱིས་སྒྲུབ་བྱེད་དུ་དྲངས་པ་དེ་ནི་ཆོ་གས་མཚམས་བཅད་པ་དང་ལྡན་པའི་རྩིག་པའི་མཚམས་ལ་ཆོས་གོས་དང་མི་འབྲལ་བའི་གནང་བ་བྱས་པ་ལ་དགོངས་ཏེ། ལུང་ལས། དེ་སྟེ་དགོས་པ་ཡོད་ན་ཞེས་གསུངས་པས་ཤེས་སོ། །གཉིས་པ་རྟེན་གང་གིས་མི་འབྲལ་བའི་གནང་བ་བྱ་བ་ནི་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་མི་འབྲལ་བའི་གནང་བ་བྱ་བ་ནི་གསོལ་གཉིས་ཀྱི་ལས་ཀྱིས་སོ། །བཞི་པ་མི་འབྲལ་བའི་གནང་བ་འཇིགས་པའི་རྒྱུ་ནི། སྔར་བཤད་པའི་མཚམས་འཇིག་པའི་རྒྱུ་ཀུན་གྱིས་འཇིག་སྟེ། འདིའི་རྟེན་ཞིག་པའི་ཕྱིར་གྱང་ཞིག་པའི་རི་མོ་བཞིན་ནོ། །ལྔ་པ་གནང་བ་དང་སྒྲུབ་པའི་དོན་ལ་གཉིས་ཏེ། དངོས་དང་ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། དང་པོ་རང་ལུགས་བཞག་པ་ནི། ས་གཞི་ལ་མི་འབྲལ་བའི་གནང་བ་བྱ་བ་འདི་ནི་ཅི་དགར་འཇུག་པ་གནང་བའི་བསླབ་པ་ཡིན་པ་སྟེ། ཀར་ཤའི་དཀྱིལ་འཁོར་བར་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པའི་སྐབས་ལས། གལ་ཏེ་འདོད་ན་སྦྱིན་པར་བྱའོ་ཞེས་གསུངས་ཤིང༌། མཚམས་པོ་ཆེར་མི་འབྲལ་བའི་གནང་བ་སྦྱིན་པ་ཡང་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པ་ཞར་ལ་གཞན་ལུགས་


K8Z004_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པ་ནི། བ་རོང་བ་ན་རེ། མཚམས་པོ་ཆེ་བཅད་ན་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་དབྱེ་ཐང་ཀ་ལྟ་བུར་གྱུར་པ་ཡིན་ཏེ། ལས་མཚམས་བཅད་པས་རྩིག་མཚམས་འཇིག་པའི་ཕྱིར་རོ། །དེ་ཡང་ལུང་ཞུ་བ་ལས། བཙུན་པ་མཚམས་གཞན་དུ་བཀུམ་པས་མཚམས་གཞན་གྲོལ་བར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། ལས་ཀྱི་མཚམས་བཅད་ན་རྩིག་པའི་མཚམས་གྲོལ་བ་ཞེས་བྱའོ། །ཞེས་གསུངས་པས་སོ། །དེས་ན་དབྱེ་ཐང་ཀ་ལ་ཆོས་གོས་ལས་འདོམ་གང་བས་ཐག་རིང་བར་ཉལ་ན་བྲལ་བའི་ཉེས་པར་འགྱུར་བ་ལྟར་མཚམས་པོ་ཆེ་བཅད་པ་ན་ཡང་རྩིག་མཚམས་ཞིག་པས་དབྱེ་ཐང་ཀ་དེ་དང་འདྲའོ། །དེས་ན་མཚམས་པོ་ཆེ་བཅད་ན་ནི་གནས་ཁང་ཆུང་ངུ་གཅིག་གི་ནང་དུ་ཆོས་གོས་ལ་འདོམ་གང་བས་ཐག་རིང་པོར་ཉལ་ན་བྲལ་བའི་ཉེས་པར་འགྱུར་བས་ཅི་ནས་ཀྱང་མི་འབྲལ་བའི་གནང་བ་བྱ་དགོས་པ་སྒྲུབ་པའི་བསླབ་པ་ཡིན་ཏེ། གཞན་དུ་ན་འབྲལ་ལྟུང་སྤང་མི་ནུས་པའི་ཕྱིར་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། ལས་ཀྱི་ཆོ་གས་མཚམས་བཅད་པ་དེར་མི་འབྲལ་བ་ཆོས་ཅན། ཅི་དགར་འཇུག་པ་གནང་བའི་བསླབ་པ་མ་ཡིན་པར་ཐལ། ངེས་པར་བྱ་དགོས་བསྒྲུབ་པའི་བསླབ་པ་ཡིན་པའི་ཕྱིར། རྟགས་ཁྱབ་མ་གྲུབ་ན་དམ་བཅའ་བུད་ཅིང༌། འདོད་ན། ཀརྨ་ཤ་ཏམ་ལས། དཀྱིལ་འཁོར་བར་བློ་མཐུན་བྱས་པའི་ནང་དུ་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པ་ནི་གཅིག་ཏུ་མ་ངེས་ཏེ། གལ་ཏེ་འདོད་ན་སྦྱིན་པར་བྱའོ། །ཞེས་གོང་དུ་དྲངས་པ་དེ་དང་འགལ་ལོ། །མཚམས་པོ་ཆེར་མི་འབྲལ་བའི་གནང་བ་བྱིན་པ་ཡང་དཀྱིལ་འཁོར་བའི་སྐབས་སུ་གསུངས་པ་དེ་དང་རྒྱུ་མཚན་མཚུངས་སོ། །གཉིས་པ་སྒྲུབ་བྱེད་


K8Z004_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གཞིག་པ་ནི། ལུང་ཞུ་བ་ལས་གསུངས་པ་དེ་མཚམས་པོ་ཆེ་བཅད་པ་དེར་ལས་ལ་འདུ་དགོངས་པ་ལ་བལྟོས་ཏེ། རྩིག་མཚམས་འཇིག་པ་ལ་དགོངས་པ་ཡིན་གྱི། ཆོས་གོས་ཀྱི་གནས་དང་འབྲལ་བ་ལ་བལྟོས་པའི་རྩིག་མཚམས་འཇིག་པ་ནི་མ་ཡིན་ཏེ། གལ་ཏེ་མཚམས་པོ་ཆེ་བཅད་པ་ན་ཆོས་གོས་དང་འབྲལ་བ་ལ་བལྟོས་པའི་རྩིག་མཚམས་ཞིག་སྟེ། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་མཚམས་གཅིག་ཏུ་གྱུར་ན་ནི་མཚམས་པོ་ཆེར་མི་འབྲལ་བའི་གནང་བ་སྦྱིན་པ་དོན་མེད་དུ་ཐལ་བར་འགྱུར་ཏེ། མི་འབྲལ་བའི་གནང་བ་མ་བྱིན་ཀྱང་ཆོས་གོས་དང་མི་འབྲལ་བའི་ཆ་ནས་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་མཚམས་གཅིག་ཏུ་འགྱུར་བའི་ཕྱིར་རོ། །དེས་ན་མཚམས་པོ་ཆེར་ཆོས་གོས་ལ་བལྟོས་པའི་ལས་མཚམས་བཅད་པས་རྩིག་མཚམས་མི་འཇིག་པས་མཚམས་པོ་ཆེར་མི་འབྲལ་བའི་གནང་བ་བྱེད་པ་འདི་འཐད་དོ། །གཉིས་པ་ཞར་ལས་བྱུང་བ་ནི། མཚམས་པོ་ཆེར་མི་འབྲལ་བའི་གནང་བ་བྱིན་པ་ན་མཚམས་པོ་ཆེའི་ནང་ཁོང་ན་ཡོད་པའི་དཀྱིལ་འཁོར་བར་ཆོས་གོས་བཞག་སྟེ། མཚམས་པོ་ཆེའི་ནང་གི་དབྱེ་ཐང་ཀ་ལྟ་བུར་དགེ་སློང་ཉལ་ན་ཆོས་གོས་དང་བྲལ་ལམ་མི་འབྲལ་ཅེ་ན། འབྲལ་བའི་ཉེས་པར་འགྱུར་ཏེ། མི་འབྲལ་བའི་གནང་བ་ཆགས་པ་ནི་ལས་མཚམས་གཅིག་ཡིན་པ་ལ་བལྟོས་ལ། མཚམས་པོ་ཆེ་དང་དཀྱིལ་འཁོར་བ་གཉིས་ནི་ལས་མཚམས་ཐ་དད་པའི་ཕྱིར་རོ། །ལྕགས་རིས་བསྐོར་བ་གཅིག་གི་ནང་ལྟ་བུ་རང་བཞིན་གྱི་མཚམས་གཅིག་གི་ནང་ཁོངས་ན་ཡོད་པའི་གནས་ཁང་གཅིག་དཀྱིལ་འཁོར་བར་བཅད་པ་ན། དཀྱིལ་འཁོར་བར་ཆོས་གོས་བཞག་སྟེ། དཀྱིལ་འཁོར་བ་ལས་གཞན་པའི་གནས་ཁང་གཞན་ལྟ་བུ་རང་བཞིན་གྱི་མཚམས་ནང་


K8Z004_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དེར་དགེ་སློང་ཉལ་ན་ཆོས་གོས་དང་འབྲལ་ལམ་མི་འབྲལ་ཅེ་ན། མི་འབྲལ་ཏེ་དཀྱིལ་འཁོར་པ་བཅད་པས་ལས་ལ་བལྟོས་པའི་མཚམས་ཐ་དད་དུ་གྱུར་ཀྱང་འབྲལ་བ་ལ་བལྟོས་པའི་མཚམས་ཐ་དད་དུ་གྱུར་པ་མེད་པའི་ཕྱིར་རོ། །སྨྲས་པ། བསྟན་སྐྱེས་བཤེས་གཉེན་ལག་ཡོད་ཀྱིས་གཏོར་བ། །གཙུག་ལག་རྒྱན་བྱེད་མཎྡྲའི་ཕྲེང་མཛེས་དེ། །འདུལ་བ་གངྒཱའི་ལྷ་མོའི་ཅོད་པན་རྩེར། །རབ་གསལ་དབུ་བ་བཞིན་དུ་རྒོད་པར་གྱུར། །དེ་ཚེ་དངོས་དེ་ཆུ་འཛིན་ཕུང་པོ་རུ། །སྤྲིན་གྱི་གྲོགས་རྣམས་འགྲིབ་པས་འབྱེད་ཅིང་འཁྲུལ། །དེ་ལྟར་ན་ཡང་བསྟན་པའི་རང་བཞིན་ནི། །གནས་སྐབས་འགྱུར་བས་ནོངས་མེད་སྙིང་པོར་ཆགས། །ཛམྦུ་ནཱ་དའི་དྲི་ལ་ཆུང་སྒྲ་ལྡན་པའི། །དབྱངས་ཅན་ལྷ་མོས་གདོང་གིས་ཉེར་བཏུད་པ། །སངས་རྒྱས་གསུང་རབས་གསལ་བའི་མེ་ལོང་ནི། །རིག་འཛིན་གྲུབ་པའི་ངག་ལ་རྫོགས་པར་གྱུར།། །།གཉིས་པ་ནི། མཚམས་བཅད་པ་དེར་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་བྱས་ན་དགེ་སློང་ཐམས་ཅད་ཆོས་གོས་དག་དང་མི་འབྲལ་བར་འགྱུར་རོ། །ཆོས་གོས་དང་མི་འབྲལ་བའི་གནང་བ་དེ་བྱའོ། །གསུམ་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། དཀྱིལ་འཁོར་བར་བཅད་པའི་དགོས་པ་ནི་དགེ་འདུན་འདུ་བ་ཁྱབ་ཆེས་པ་སྤོང་ཞིང༌། དགེ་སློང་རྣམས་ཀྱི་དགེ་བ་གཞན་ཉམས་པར་འགྱུར་བ་སྤོང་བ་སྟེ། ལུང་གི་གླེང་གཞི་ལས། དགེ་སློང་རྣམས་བཞི་ཚོགས་ཀྱིས་ལས་བྱ་བ་ལ་སོགས་པ་ལ་ཡང་མཚམས་པོ་ཆེ་དེ་ན་ཡོད་པའི་དགེ་འདུན་ཐམས་ཅད་སྡུད་པར་བྱེད་པ་ན། དགེ་སློང་རྣམས་ཀྱི་དགེ་བའི་ཕྱོགས་ཉམས་པར་གྱུར་པ་ལ་བརྟེན་ནས་དཀྱིལ་འཁོར་བ་བཅད་པར་བྱ། ཞེས་གསུངས་སོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས།


K8Z004_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གནས་གང་དུ་དཀྱིལ་འཁོར་བ་བཅད་པ་ལ་དྲུག་ལས། དང་པོ་ནི། གདིང་བ་བཞི་བཅུ་འདིངས་པ་ཤོང་བ་སྟེ། ལུང་ཞུ་བ་ལས། དཀྱིལ་འཁོར་གང་དུ་གྲངས་བཞི་བཅུར་བགོ་བ་ཤོང་བའོ། །ཞེས་གསུངས་སོ། །གནས་ཀྱི་ཚད་དེ་ཙམ་དུ་དགེ་སློང་མའི་དབྱུང་བ་བྱེད་ན་ཡང་དགེ་སློང་ཕ་མ་བཞི་བཅུ་བསྒྲུབ་བྱ་ཡུལ་དང་བཅས་པ་ཤོང་བར་འགྱུར་བས་རིགས་པས་ཀྱང་འཐད་དོ། །འོ་ན་མཚམས་བུ་ཆུང་དང་དཀྱིལ་འཁོར་པ་གཅིག་གམ་ཐ་དད། དང་པོ་ལྟར་ན། ཀརྨ་ཤ་ཏམ་ལས། དཀྱིལ་འཁོར་བ་དང༌། མཚམས་པོ་ཆེ་དང༌། མཚམས་བུ་ཆུང་བཅད། ཅེས་གསུངས་པ་དང༌། ཊཱི་ཀ་ལས་ཀྱང༌། མཚམས་ཆེན་པོ་དང་མཚམས་བུ་ཆུང་དང༌། དཀྱིལ་འཁོར་བའི་མཚམས། ཞེས་པ་དང༌། བསྡུས་པ་ལས་ཀྱང༌། མཚམས་བུ་ཆུང་བཅད་པར་བྱ། ཡང་ན་དཀྱིལ་འཁོར་བ་བཅད་པར་བྱ། ཞེས་མཚམས་བུ་ཆུང་དང་དཀྱིལ་འཁོར་བ་ཐ་དད་དུ་བཤད་པ་དང་འགལ་ལོ། །གཉིས་པ་ལྟར་ན། དཀྱིལ་འཁོར་བ་བཅད་པའི་སྐབས་ཀྱི་ལུང་གཞི་ལས། མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ་ཞེས་གསུངས་ཤིང༌། གཞི་འགྲེལ་ལས། མཚམས་བུ་ཞེས་བྱ་བ་ནི་དཀྱིལ་འཁོར་བ་སྟེ། ཞེས་མཚམས་བུ་ཆུང་དང་དཀྱིལ་འཁོར་བ་གཅིག་ཡིན་པར་གསུངས་པ་དང་འགལ་ཅེ་ན། ཁྱབ་ཆེ་ཆུང་ཐ་དད་པ་སྟེ། ལུང་ཞུ་བ་ལས། མཚམས་ཆེན་པོ་ཆོད་ཅིག །ཅེས་གསུངས་ན། ཚད་ཇི་ཙམ༌། ཨུ་པ་ལི། དཔག་ཚད་ཕྱེད་དང་གསུམ་མོ། །དེ་ཚུན་ཆད་ནི་ཐམས་ཅད་ཆུང་ངུ་སྟེ་དཀྱིལ་འཁོར་གང་དུ་གྲངས་བཞི་བཅུར་ཤོང་བའོ། །ཞེས་གསུངས་སོ། །བསྡུས་པ་ལས་ཀྱང༌། མཚམས་ཆེན་པོ་ནི་དཔག་ཚད་ཕྱེད་དང་གསུམ་མོ། །མཚམས་བུ་ཆུང་


K8Z004_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ངུ་ནི་དེ་ཚུན་ཆད་ནས་དཀྱིལ་འཁོར་བའི་བར་དུ་བཤད་དོ། །དེས་ན་དཔག་ཚད་ཕྱེད་དང་གསུམ་པས་ནི་ཆུང་ཞིང༌། དཀྱིལ་འཁོར་པའི་ཚད་པས་ནི་ཆེ་པའི་རྒྱང་གྲགས་ལྟ་བུ་མཚམས་བཅད་པ་ནི། མཚམས་བུ་ཆུང་ཡིན་ལ་དཀྱིལ་འཁོར་པ་མ་ཡིན་ནོ། །གདིང་བ་བཞི་བཅུ་འདིངས་པ་ཤོང་བ་ཙམ་གྱི་མཚམས་བཅད་པ་ནི། མཚམས་བུ་ཆུང་ཡང་ཡིན་ལ། དཀྱིལ་འཁོར་པ་ཡང་ཡིན་ཏེ། དཀྱིལ་འཁོར་པ་ཡིན་པ་ལ་མཚམས་བུ་ཆུང་ཡིན་པས་ཁྱབ་ཅིང༌། མཚམས་བུ་ཆུང་ཡིན་པ་ལ་དཀྱིལ་འཁོར་པ་ཡིན་པས་མ་ཁྱབ་བོ། །གཉིས་པ་རང་བཞིན་གྱི་མཚམས་རྒྱ་ཆེན་པོའམ་མཚམས་པོ་ཆེ་གཅོད་པར་འགྱུར་བའི་ནང་ཁོངས་ཡིན་པ་སྟེ་གཞན་དུ་ན་དོན་མེད་པའི་ཕྱིར་རོ། །གསུམ་པ་ཕྱོགས་བཞིའི་མཚན་མ་བརྟན་པོ་དང་ལྡན་པ་སྟེ། ལུང་གཞི་ལས། ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་པ་བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུ་བྲེས་པ་ལགས། ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལགས། བྱང་ཕྱོགས་སུ་ནི་སྲོལ་བཏོད་པ་ལགས། ཞེས་གསུངས་པས་སོ། །གཞན་དུ་མི་འཆགས་ཏེ། འཆགས་པའི་རྟེན་མེད་པའི་ཕྱིར་རོ། །བཞི་པ་ཆུ་ལ་སོགས་པ་མཚམས་གཞན་མ་ཡིན་པ་སྟེ། མཚམས་སུ་ཆུ་ནི་ཞེས་གསུངས་པས་སོ། །ལྔ་པ་སྔར་མཚམས་བཅད་པ་དཀྱིལ་འཁོར་བའམ་མཚམས་པོ་ཆེ་བཅད་པ་དང་མ་འབྲེལ་བ་སྟེ། སྔ་མ་བག་ཡངས་སུ་མ་བྱས་པར་ཞེས་སོ། །དེས་ན་སྔར་མཚམས་པོ་ཆེ་བཅད་ཟིན་ན་ཡང་དེར་དཀྱིལ་འཁོར་བ་བཅད་པར་འདོད་ན་མཚམས་པོ་ཆེ་དེ་བཀྲོལ་ནས་དཀྱིལ་འཁོར་བ་བཅད་ཅིང༌། སླར་མཚམས་པོ་ཆེ་བཅད་པ་དེ་ལྟར་ལུང་དང་གཞི་དང་ཀརྨ་ཤ་ཏམ་ལས་བཤད་དོ། །དཀྱིལ་འཁོར་བ་ལ་མཚམས་པོ་ཆེས་བསྐོར་དུ་རུང་


K8Z004_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བའོ་སྟེ། དཔེར་ན་གླིང་ལ་ཆུས་བསྐོར་བ་བཞིན་ནོ། །དྲུག་པ་གཞན་གྱིས་མཚམས་བཅད་པའི་ཚད་དུ་མཚན་མ་བརྟན་པོ་བཙུགས་པ་མ་ཡིན་པ་སྟེ། སྔར་མཚམས་པོ་ཆེའི་སྐབས་བཞིན་ནོ། །གཉིས་པ་རྟེན་གང་གིས་དཀྱིལ་འཁོར་བ་བཅད་པ་ནི། །དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་དཀྱིལ་འཁོར་བ་བཅད་པ་ནི། གསོལ་གཉིས་ཀྱི་ལས་ཏེ་སྦྱོར་དངོས་མཇུག་གསུམ་སྔར་མཚམས་པོ་ཆེ་བཅད་པ་དང་འདྲའོ། །བཞི་པ་དཀྱིལ་འཁོར་བ་བཅད་པ་འཇིག་པའི་རྒྱུ་ནི། མཚམས་པོ་ཆེ་འཇིག་པའི་རྒྱུ་སྔར་བསྟན་པ་དང་འདྲའོ། །ཁྱད་པར་མཚམས་པོ་ཆེའི་ནང་ན་དགེ་སློང་ཡོད་ན་མཚམས་དེའི་ནང་ཁོངས་ན་ཡོད་པའི་དཀྱིལ་འཁོར་བའི་ནང་ན་དགེ་སློང་མེད་ཀྱང་དཀྱིལ་འཁོར་བ་མི་འཇིག་སྟེ། ཊཱི་ཀ་ལས། གནས་རང་དབང་མེད་པ་ཡིན་པས་དེའི་ཕྱིར། ཞེས་བཤད་དེ། གནས་དེ་འཇིག་པ་ལ་རང་དབང་མེད་པ་ཡིན་པས་དེའི་ཕྱིར་ཞེས་པའོ། །གཉིས་པ་ནི། གསོ་སྦྱོང་འབའ་ཞིག་ཏུ་མ་ཟད་ཀྱི་འདུལ་བ་དང་ལྡན་པའི་ལས་ཐམས་ཅད་ཀྱི་ཆེད་དུ་མཚམས་ཆུང་ངུ་དཀྱིལ་འཁོར་བ་བློ་མཐུན་པར་བྱའོ། །སྔ་མ་མཚམས་ཆེན་བཅད་པ་དེ་བག་ཡངས་སུ་མ་བཀྲོལ་བར་དེའི་སྟེང་དུ་ཕྱིས་མཚམས་པོ་ཆེ་བཅད་པ་གཞན་མི་འཆགས་ལ། བག་ཡངས་སུ་མ་བྱས་པར་མཚམས་པོ་ཆེའི་སྟེང་དུ་བཅད་པ་གཞན་དཀྱིལ་འཁོར་བ་བློ་མཐུན་བྱ་བ་མི་འཆགས་སོ། །སྔར་མཚམས་པོ་ཆེ་བཅད་ཟིན་ནས་ཕྱིས་དཀྱིལ་འཁོར་བ་བློ་མཐུན་པར་བྱ་བར་འདོད་ན་སྔར་བཅད་པའི་མཚམས་པོ་ཆེ་དེ་དག་དགྲོལ་བར་བྱའོ། །དཀྱིལ་འཁོར་བ་ཡང་དགྲོལ་བར་འདོད་ན་དགྲོལ་བར་བྱའོ། །མཚམས་དགྲོལ་བ་གཉིས་ཀ་གསོལ་བཞིའི་ལས་ཀྱིས་བྱའོ། །


K8Z004_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་པོ་གཅིག་གིས་ཚིག་གཅིག་དང༌། ལས་ཀྱི་ཆོ་ག་གཅིག་གིས་མཚམས་པོ་ཆེ་དང༌། དཀྱིལ་འཁོར་བ་གཉིས་གཅིག་ཅར་བཅད་པ་དང་གཅིག་ཅར་འགྲོལ་དུ་རུང་ངོ༌། །ལུང་གཞི་དང་ཀརྨ་ཤ་ཏམ་ལས། ལས་མཚམས་གཉིས་ཀར་དགེ་འདུན་བཀོད་ནས་དགེ་སློང་ལས་བྱེད་པས་མཚམས་གཉིས་ཀ་ཤིང་ངམ་རེ་ལྡེས་མནན་ནས་གསོལ་བ་བྱས་ཏེ་ལས་བྱའོ། །ཞེས་གསུངས་སོ། །དེ་དང་མཐུན་པར་མདོ་རྩ་བ་ལས། མཚམས་གཅོད་པ་ཉིད་ནི་བཅད་པ་དང་འདྲ་བ་ཉིད་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །བཞི་པ་ནི། ཆོ་གའི་སྒོ་ནས་མཚམས་མ་བཅད་པའི་གནས་སུ་ནི་གསོ་སྦྱོང་ལ་སོགས་པའི་ལས་ལ་གཙུག་ལག་ཁང་གི་རྩིག་པ་མཚམས་ཡིན་ཏེ། གཙུག་ལག་ཁང་གི་ལྕགས་རི་ལྟ་བུ་རྩིག་པ་ཚུན་ཆད་ན་གནས་པའི་དགེ་སློང་རྣམས་གསོ་སྦྱོང་ལ་སོགས་པ་ལས་ལ་འདུ་དགོས་སོ། །རྩིག་པའི་ཕྱི་རོལ་ལ་གནས་པའི་དགེ་སློང་ནི་ལས་ཀྱི་གནས་དེར་འདུ་མི་དགོས་ཏེ། མ་འདུས་པའི་མི་མཐུན་པ་མི་བསྐྱེད་པ་ཡིན་ནོ། །ལས་ལ་ཞེས་སྨོས་པ་ནི་ཆོས་གོས་དང་བྲལ་བ་ལ་ནི་རྩིག་པའི་ཕྱིར་རོལ་ཉེ་འཁོར་ཡང་མཚམས་ཀྱི་ཁོངས་སུ་གཏོགས་པ་དེ་བསལ་བའི་ཕྱིར་ཞེས་ཊཱི་ཀ་ལས་བཤད་དེ། ལས་ལ་རྩིག་པ་མཚམས་ཡིན་ཅེས་སྨོས་ན་རྩིག་པ་མེད་པ་ལ་ལས་མཚམས་ཀྱི་ཚད་ཇི་ཙམ་ཞེ་ན། རྩིག་པ་མེད་པ་ཕྱོགས་བཞི་ཀ་བས་བཏེགས་པ་རྒྱ་ཕུབས་འདྲ་བའི་ལྡིང་ཁང་དུ་ལས་བྱེད་ན་ཝ་ཁ་ནས་ཆུ་འཛག་པ་གང་དུ་བབ་པ་ཚུན་ཆད་ཀྱང་ལས་མཚམས་ཡིན་ནོ། །གྲོང་ལ་ནི་སྔར་འབྲལ་བ་བསྟན་པའི་སྐབས་ཀྱི་གོང་གི་ཉེ་འཁོར་གྱི་མཐའ་ཚུན་ཆད་དོ། །དགོན་པ་ཐང་སྟོང་ལྟ་བུ་ནི་དབུས་ནས་ཕྱོགས་ཕྱོགས་སུ་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་དོ། །ཊཱི་ཀ་ལས། ཕྱོགས་གཉིས་ཀ་བསྡོམས་ནས་རྒྱང་གྲགས་


K8Z004_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་སྲིད་མཚམས་ཡིན་ནོ། །ཞེས་སོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་གནས་ཀྱི་སྐབས་སོ།། །།གཉིས་པ་ལ། མཐུན་པ་སྒྲུབ་པའི་ཐབས་བསྟན་པ། །མི་མཐུན་པ་ཡི་རྒྱུ་སྤང་ཞིང༌། །མཐུན་པའི་རྒྱུ་བཞིན་བྱེད་པ་བཅས་བསྟན། །མཐུན་པ་སྒྲུབ་པའི་ཐབས་གཞན་བརྗོད། །དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། དགོས་པའི་དོན་ལ་གཉིས་ཏེ། རང་ལུགས་བཞག་པ་དང༌། གཞན་ལུགས་དགག་པའོ། །དང་པོ་ནི། འདུན་པ་ཕུལ་བས་མཐུན་པ་འགྲུབ་ཅིང༌། ཡོངས་དག་ཕུལ་བས་གསོ་སྦྱོང་དང་དགག་དབྱེ་ལ་བདག་ཉིད་དག་པར་འགྱུར་བ་སྟེ། འདུན་པ་ཕུལ་བས་ལས་དེ་དང་མཐུན་པར་འགྲུབ་ཅེས་པ་དང༌། ལུང་གཞི་ལས། དགེ་སློང་བདག་ཉིད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་དག་པ་ཕུལ་བ། ཞེས་གསུངས་པས་སོ། །ཀརྨ་ཤ་ཏམ་ལས། བདག་ཉིད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་དག་པ་ཕུལ་ན། དགེ་འདུན་དང་མཐུན་པར་བྱ་བའི་ཕྱིར་དེའི་འདུན་པ་བླང་བར་བྱའོ། །ཞེས་བཤད་དོ། །གཉིས་པ་ནི། གཟུས་ན་རེ། ཡོངས་དག་ཕུལ་བས་ཀྱང་མཐུན་པ་འགྲུབ་སྟེ། ཡོངས་སུ་དག་པ་ཕུལ་བ་དང་ཡང་གཅིག་ཉིད་དོ་ཞེས་པ་དང༌། དེའི་ཊཱི་ཀ་ལས། ཡོངས་སུ་དག་པ་ཕུལ་བ་དང་མཐུན་པ་གཅིག་པ་ཉིད་དོ་ཞེས་བཤད་པས་གྲུབ་བོ། །འདུན་པ་ལ་སོགས་པས་མཐུན་པར་བྱས་ཏེ་ཞེས་གསུངས་པས་ཀྱང་གྲུབ་སྟེ། ཡོངས་དག་གིས་མཐུན་པར་བྱས་ཏེ་ཞེས་བྱ་བ་ལ་སོགས་པའི་སྒྲས་བསྡུས་པས་སོ། །གཞན་ཡང་ཡོངས་དག་གིས་མཐུན་པ་མི་འགྲུབ་ན་ལས་ལ་མཐུན་པ་མ་གྲུབ་པར་ལས་མི་འཆགས་པའི་ཕྱིར། ཡོངས་དག་རྐྱང་པ་ཕུལ་བ་དོན་མེད་དུ་ཐལ་བར་འགྱུར་བ་ལས། ལུང་གཞི་དང་ཀརྨ་ཤ་ཏམ་ལས། ཡོངས་དག་


K8Z004_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱང་པ་འབུལ་བར་གསུངས་པས་གནོད་དོ། །ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། ལུང་དང་ཀརྨ་ཤ་ཏམ་ལས། ཡོངས་དག་ཕུལ་བའི་དགོས་པ་བདག་ཉིད་དག་པར་བྱ་བ་ཉིད་དུ་གསུངས་པ་སྔར་དྲངས་པ་དང་འགལ་ལོ། །ཡོངས་དག་ཕུལ་བས་ལས་ལ་མཐུན་པ་གྲུབ་ན་འདུན་པ་དང་ཡོངས་དག་གཉིས་ཚོགས་ཕུལ་བ་དོན་མེད་དུ་ཐལ་བར་འགྱུར་བ་ལས། ལུང་གཞི་དང་ཀརྨ་ཤ་ཏམ་ལས། འདུན་པ་དང་ཡོངས་དག་གཉིས་ཚོགས་འབུལ་བར་གསུངས་པས་གནོད་དོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། མདོ་རྩ་འགྲེལ་ལས་གསུངས་པ་དེ་ནི་དགེ་འདུན་གཞན་རྣམས་དང་དག་པའི་རང་བཞིན་དུ་མཐུན་པར་གཅིག་པ་ཉིད་དོ་ཞེས་དགོངས་སོ་ཞེས་གསུངས་སོ། །འདུན་པ་ལ་སོགས་པས་མཐུན་པར་བྱས་ཏེ་ཞེས་འདུན་པ་ལ་སོགས་པའི་སྒྲས་འདུན་པ་དང༌། ཡོངས་དག་གཉིས་ཚོགས་བསྡུས་ཞེས་རིགས་སོ། །ཞུ་བ་ལས། དགེ་སློང་ཕྱོགས་གཅིག་ན་མཆིས་པས་མཚམས་གཅིག་གི་ནང་ན་གནས་བཞི་པོ་དག་ཏུ་དགེ་འདུན་ཚོགས་པ་ཐ་དད་དུ་འཁོད་དེ་གནས་བཞི་པོ་དག་ཏུ་གསོ་སྦྱོང་བགྱིས་ན་བགྱིས་པར་འགྱུར་བ་མཆིས་སམ། ཡོད་དེ། སོ་སོར་ཐར་པའི་མདོ་འདོན་པའི་དགེ་སློང་གིས་གནས་བཞི་ཆར་ཤིང་ངམ་དབྱུག་པའམ་རེ་ལྡེས་མནན་ཏེ། སོ་སོར་ཐར་པའི་མདོ་གདོན་ནའོ། །ཞེས་གསུངས་པས་དེ་བསྡུའོ་ཞེས་དོན་དེ་ལྟར་རང་འགྲེལ་དང་ཊཱི་ཀར་བཤད་དེ། ཡོངས་དག་རྐྱང་པ་ཕུལ་བས་དོན་མེད་དུ་ཐལ་ཅེས་པ་དེའི་ལན་ནི། ཡོངས་དག་རྐྱང་པ་ཕུལ་བས་མཐུན་པ་མི་འགྲུབ་ཀྱང༌། ལས་ཀྱི་ཁ་བསྐང་བར་མི་འོས་པའི་དགེ་སློང་གིས་ནི་ཡོངས་དག་རྐྱང་པ་ཕུལ་བ་དོན་མེད་དུ་ཐལ་བར་མི་འགྱུར་ལ། ལས་ཀྱི་ཁ་བསྐང་བར་འོས་པའི་དགེ་སློང་གིས་ནི་ཡོངས་དག་


K8Z004_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱང་པ་ཕུལ་བ་དོན་མེད་དུ་ཐལ་བ་འདོད་པ་ཡིན་ནོ། །བསྡུས་པའི་དོན་ལ་དྲུག་ལས། དང་པོ་འདུན་པ་དང་ཡོངས་དག་གང་ལ་བླང་བ་ནི། འདུན་པ་བླང་བའི་ཡུལ་ལ་བརྒྱད་ལས། མཚམས་ཀྱི་ནང་ན་གནས་པ་དང༌། ལས་ཀྱི་ཁ་བསྐང་བར་འོས་པ་སྟེ་གཞན་དུ་མ་འདུས་པའི་མི་མཐུན་པ་མི་བསྐྱེད་པས་འདུན་པ་ཕུལ་བ་ལ་དགོས་པ་མེད་པའི་ཕྱིར་རོ། །དམིགས་བསལ་ནི། མཚམས་གཞན་ན་གནས་པ་མཚན་མི་མཐུན་པའི་འདུན་པ་བླང་དུ་རུང་བ་ཡོད་དེ། གསོ་སྦྱོང་བྱེད་པ་ན་གཙུག་ལག་ཁང་ན་གནས་པའི་དགེ་སློང་གིས་དབྱར་ཁང་ན་གནས་པའི་དགེ་སློང་མ་ལ་འདུན་པ་བླང་དུ་རུང་བའོ། །ལས་ཀྱི་ཁ་བསྐང་བར་མི་འོས་པ་ལ་འདུན་བ་བླང་དུ་རུང་བར་ཡོད་དེ། བསླབ་པ་སྦྱིན་པ་ལས་དེ་བླང་དུ་རུང་ངོ་ཞེས་གསུངས་སོ། །ལུས་སམ་འདུན་པས་མ་འདུས་པ་སྟེ་གཞན་དུ་ན་དོན་མེད་པའི་ཕྱིར་རོ། །དམིགས་བསལ་གཞན་ཡང་གང་ལ་མི་མཐུན་པའི་ལས་བྱེད་པ་མ་ཡིན་པ་སྟེ། གཞན་དུ་ན་ཆད་པ་བཅད་པའི་ལས་གསུངས་པ་དོན་མེད་དུ་འགྱུར་བའི་ཕྱིར་རོ། །སྨྱོས་པའི་གནང་བ་མ་ཐོབ་པ་སྟེ། གཞན་དུ་ན་བག་ཡངས་དང་འབྲེལ་བའི་ཕྱིར་རོ། །ངེས་པར་ཤེས་སམ་འཕྲིགས་པ་མ་ཡིན་པ་སྟེ། གཞན་དུ་ན་འདུན་པ་ལེན་འདོད་ཀྱི་ཀུན་སློང་མི་འབྱུང་བའི་ཕྱིར་དང༌། མ་འདུས་པར་ལས་བྱེད་པའི་ཀུན་སློང་མི་འབྱུང་བའི་ཕྱིར་རོ། །དངོས་སུ་གྲངས་ཀྱི་ཁ་སྐོང་བར་བྱེད་པ་མ་ཡིན་པ་སྟེ། གཞན་དུ་དགེ་འདུན་གྱི་གྲངས་མི་ཚང་བའི་ཕྱིར་དང༌། ལུང་གཞི་ལས། གང་ན་དགེ་སློང་བཞི་འཁོད་པ་དེར་གསོ་སྦྱོང་བྱའོ། །དེར་ནི་འདུན་པ་དང་ཡོངས་སུ་དག་པ་བླང་བར་མི་བྱའོ། །ཞེས་གསུངས་སོ། །དངོས་སུ་མི་རུང་བའི་རྐྱེན་དང་ལྡན་པ་སྟེ་ན་བ་དང༌། དབང་མེད་པ་དང་ཞེས་གསུངས་པ་དང༌། གཞན་དུ་ན་རྐྱེན་མེད་པས་འདུན་པ་འབུལ་


K8Z004_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་འོས་པའི་ཕྱིར་རོ། །ཡོངས་དག་བླང་བའི་ཡུལ་ནི་འདུན་པ་བླང་བའི་ཡུལ་སྔར་བརྒྱད་བཤད་པ་དེ་ལ་སྲ་ལས་ཀྱི་ཁ་སྐོང་བར་འོས་པ་ཞེས་པའི་གནས་སུ་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་སྦྱར་ཞིང༌། འདུན་པས་མ་འདུས་ཞེས་སྔར་བསྟན་པའི་གནས་སུ་ཡོངས་དག་མ་ཕུལ་བ་ཡིན་ཅེས་སྦྱར་ཏེ་གཞན་སྔར་དང་འདྲའོ། །གཉིས་པ་རྟེན་གང་གིས་བླང་བ་ནི། ཆོས་བཅུ་གཉིས་དང་ལྡན་པ་སྟེ་དགེ་སློང་ཆོས་བདུན་ལྡན་གྱི་སྟེང་དུ་འགྲོ་བ་བཞི་དང་བྲལ་བ་དང༌། བླངས་པ་དང་མ་བླངས་པའི་བྱེ་བྲག་ཤེས་པ་སྟེ་གཞན་དུ་ན་དགོས་པ་མེད་པའི་ཕྱིར་རོ། །གསུམ་པ་གཞི་གང་ལ་བླང་བ་ནི། མཚམས་བཅད་པའི་ལས་མ་གཏོགས་པ་ལས་ཐམས་ཅད་ལ་འདུན་པ་བླང་དུ་རུང་སྟེ་གཞུང་དུ་ཤེས་པར་འགྱུར་རོ། །ཡོངས་དག་ནི་གསོ་སྦྱོང་དང་དགག་དབྱེ་གཉིས་ལ་སྟེ། གསོ་སྦྱོང་དང་དགག་དབྱེ་ལའོ་ཞེས་གསུངས་ཤིང༌། རྣམ་དག་གི་ལས་འདི་གཉིས་འབའ་ཞིག་ཡིན་པའི་ཕྱིར། ཞེས་གསུངས་སོ། །བཞི་པ་ཆོ་ག་ཇི་ལྟར་བྱ་བ་ནི། ཆོ་ག་ཉི་ཤུ་རྩ་ལྔ་ཅི་རིགས་པ་སྟེ་འདུན་པ་རྐྱང་པ་དང༌། གསོ་སྦྱོང་གི་ཡོངས་དག་རྐྱང་པ་དང༌། དགག་དབྱེ་རྐྱང་པ་འབུལ་བ་དང༌། འདུན་པ་དང༌། གསོ་སྦྱོང་གི་ཡོངས་དག་གཉིས་ཚོགས་དང༌། འདུན་པ་དང༌། དགག་དབྱེ་རྐྱང་པ་འབུལ་བ་དང་ལྔ་པོ་གཞིར་བྱས་ཏེ། དང་པོ་གཞན་གྱིས་ལེན་དུ་བཏང་བ་ལྔ། འབུལ་ལམ་དྲི་བ་ལྔ། འབུལ་བ་ལྔ། གནས་བརྟན་གྱིས་བླངས་སམ་དྲི་བ་ལྔ༌། ལེན་པ་པོས་བརྗོད་པ་ལྔའོ། །ལྔ་པ་བླངས་ནས་བསླབ་བྱ་ནི། རྒྱུག་པར་མི་བྱ་བ་ལ་སོགས་པ་སྟེ་གཞུང་དུ་ཤེས་པར་འགྱུར་རོ། །དྲུག་པ་འདུན་པ་དང་ཡོངས་དག་འཇིགས་པའི་རྒྱུ་ནི། ཞག་ལོན་པ་ན་འཇིག་རྟེན་དགེ་སློང་མས་ཞག་ལོན་པའི་འདུན་པ་སྦྱིན་


K8Z004_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལྟུང་བྱེད་དུ་གསུངས་པའི་ཤུགས་ཀྱིས་གྲུབ་བོ། །ཡུལ་དང་རྟེན་མཚམས་གཞན་དུ་སོང་ན་འཇིག་སྟེ། དེར་སོང་ན་ཚོགས་པའི་ཡན་ལག་ཉམས་པའི་ཕྱིར་དང༌། དགེ་འདུན་གྱི་ནང་དུ་མ་ཕྱིན་པར་ཡུལ་རྟེན་ཤིའམ་བབས་པ་ལ་སོགས་པ་དང༌། མཚན་གཉིས་གཅིག་ཅར་བྱུང་བ་དང་མཚན་གྱུར་པའོ། །གཉིས་པ་ལ། འདུན་དག་སོགས་ཀྱི་རྣམ་པར་གཞག །སྐབས་ཀྱི་བསླབ་བྱ་དོགས་གཅོད་དོ། །དང་པོ་ནི། མཚམས་བཅད་པའི་ལས་ལས་གཞན་པའི་ལས་ལ་འདུན་པ་ཚུལ་བཞིན་དུ་འབུལ་བས་ཆོས་ཅན། ལས་དེ་ལ་མ་འདུས་པའི་མི་མཐུན་པ་མི་བསྐྱེད་དེ། ལས་དེ་དང་མཐུན་པར་འགྲུབ་པའི་ཕྱིར་རོ། །མཚམས་ཆེན་དང་དཀྱིལ་འཁོར་བ་བཅད་པའི་ལས་ལ་ནི་དངོས་སུ་འདུ་དགོས་ཀྱི། འདུན་པ་ཕུལ་བས་ལས་དེ་དང་མཐུན་པ་མི་འགྲུབ་བོ། །བི་མ་ལས། ནད་པ་ཡིན་ཀྱང་མི་འགྲུབ་བོ། །ཞེས་གསུངས་ཏེ། ཉེ་བ་འཁོར་ལས་ཐམས་ཅད་འདུན་པ་དང་བཅས་པ་ཡིན་ཏེ་མཚམས་བཅད་པ་ནི་མ་གཏོགས་སོ། །ཞེས་གསུངས་སོ། །ཀར་ཤ་ལས། མཚམས་བཅད་པ་ནི་འདུན་པ་ཕུལ་བས་དེ་དང་མཐུན་པ་མི་འགྲུབ་སྟེ། མཚམས་དེར་གཏོགས་པ་ཐམས་ཅད་ཀྱིས་ལས་ཀྱི་གནས་དེར་འདུ་བར་བྱའོ། །ཞེས་གསུངས་སོ། །འགྲེལ་ཆུང་ལས། མཚམས་གཅོད་པའི་ཚེ་ན་ནི་ནད་པ་དང་རྒན་པོ་ཡང་འདུན་པ་འབུལ་དུ་མི་རུང་སྟེ། ཁྱོགས་ལས་བླངས་པས་སམ་དགེ་འདུན་ནད་པའི་གན་དུ་སོང་སྟེ་མཚམས་བཅད་དགོས་སོ་ཞེས་བཤད་དོ། །འདི་ལ་འདུན་པ་ཕུལ་བས་མི་འགྲུབ་པའི་རྒྱུ་མཚན་ནི། སྐམ་གསལ་བའི་སྙིང་པོ་ན་རེ། མཚམས་པོ་ཆེ་གཅོད་པའི་ལས་བརྗོད་པ་ཕལ་ཆེར་བྱས་པ་སྟེ། བརྗོད་པ་ཆ་གཉིས་རྫོགས་པ་ན་ལས་འཆགས་ཤིང༌། དཔག་ཚད་ཕྱེད་དང་གསུམ་ཚུན་


K8Z004_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མཚམས་གཅིག་ཏུ་གྱུར་པས་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་དགེ་སློང་རྣམས་མ་འདུས་པར་བརྗོད་པ་ཆ་གསུམ་ལ་ལན་གཅིག་ཆད་པ་དེ་བྱས་ན་ཉེས་བྱས་བསྐྱེད་ཅིང༌། ཉེས་བྱས་དེ་འགེགས་པ་ལ་བར་སྐབས་དེར་འདུན་པ་ལེན་པར་བསྒྲུབ་མི་ནུས་པའི་ཕྱིར་ན་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་དགེ་སློང་རྣམས་དངོས་སུ་འདུ་དགོས་པའོ། །ཞེས་ཟེར་བ་ནི་མི་རིགས་ཏེ། བར་སྐབས་དེར་ཉེས་པ་བཅད་པ་ལ་དགོས་པ་མེད་པའི་ཕྱིར་དང༌། དཀྱིལ་འཁོར་བ་གཅོད་པ་ལ་འདུན་པ་བླངས་པས་གོ་ཆོད་པར་འགྱུར་ཏེ། བསྒྲུབ་པར་མི་ནུས་པ་མེད་པའི་ཕྱིར་ཏེ་མཚམས་རྒྱ་ཆུང་བ་དེར་འདུན་པ་ལེན་པ་ཚེགས་ཆུང་བའི་ཕྱིར་ཞེས་གསུངས་སོ། །ཚ་རོང་བ་ཁ་ཅིག་ན་རེ། མཚམས་པོ་ཆེ་གཅོད་པ་ནི་ལས་ལ་འདུ་མི་དགོས་པ་འགོག་པ་ཡིན་པས་དངོས་སུ་འདུ་དགོས་པ་ཡིན་ཏེ། དངོས་སུ་འདུ་དགོས་པ་རྒྱུ་འབྲས་རྗེས་སུ་མཐུན་པའི་ཕྱིར་ཞེས་ཟེར་བའང་མི་རིགས་ཏེ། འོ་ན་དཀྱིལ་འཁོར་བ་གཅོད་པ་ནི་ལས་ལ་མི་འདུ་བའི་དོན་དུ་ཡིན་པས། དཀྱིལ་འཁོར་བ་བཅད་པ་ལ་འདུན་པ་ཕུལ་བས་གྲུབ་པར་ཐལ་བར་འགྱུར་ཏེ། མ་འདུས་ན་རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པའི་ཕྱིར་ཞེས་གསུངས་སོ། །འོ་ན་གང་ཞེ་ན། རང་གི་རྣམ་བཤད་ལས་མཚམས་བཅད་པ་ཞེས་བཤད་ཅིང༌། ཀརྨ་ཤ་ཏམ་ལས། མཚམས་བཅད་པ་ལ་ནི་འདུན་བ་ཕུལ་བས་ལས་དེ་དང་མཐུན་པ་མི་འགྲུབ་སྟེ། མཚམས་དེར་གཏོགས་པའི་དགེ་སློང་ཐམས་ཅད་ཀྱིས་ལས་ཀྱི་ནས་དེར་འདུ་བར་བྱའོ་ཞེས་མཚམས་བཅད་པ་ཞེས་སྣང་ཡང་མཚམས་བཅད་པར་བྱ་བ། ཞེས་གསུངས་སོ། །མཚམས་བཅད་པ་འདིས་ཐག་འདི་ཙམ་ནས་འདུ་དགོས་མི་དགོས་ཀྱིས་མཚམས་འཛིན་པ་ཡིན་ལ། ལས་དེ་ལ་དངོས་སུ་འདུས་ན་མཚམས་འདི་


K8Z004_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ནས་འདུ་དགོས་མི་དགོས་ཀྱི་ཚད་དེ་དངོས་སུ་ཤེས་པར་འགྱུར་གྱི། འདུན་པ་ཕུལ་དེ་དངོས་སུ་མ་འདུས་ན་ཚད་དེ་དངོས་སུ་ཤེས་པར་མི་འགྱུར་བའི་ཕྱིར་ཞེས་གསུངས་སོ། །དགེ་སློང་ཕམ་པ་འཆབ་མེད་བྱུང་བ་བསླབ་པ་བྱིན་པ་ལས་འདུན་པ་དེ་བླང་དུ་རུང་ངོ༌། །བསླབ་པ་བྱིན་པ་ལས་འདུན་པ་བླང་བ་སུ་ལ་རུང་ཞེ་ན། བསླབ་པ་བྱིན་པ་དེ་ལ་དགེ་སློང་གི་འདུ་ཤེས་ཉེ་བར་བཞག་པ་ལ་འདུན་པ་བླང་དུ་རུང་བའོ། །བསླབ་པ་བྱིན་པ་ལ་འདུན་པ་དབུལ་དུ་མི་རུང་ངོ༌། །ལུང་གླེང་གཞི་ལས། བསླབ་པ་བྱིན་པ་ལ་འདུན་པ་འབུལ་དུ་རུང་ངམ། ཉེ་བ་འཁོར་མི་རུང་སྟེ་ཆོས་འདི་ལ་རེག་ན་ནི་རུང་ངོ༌། །ཞེས་གསུངས་སོ། །དགེ་སློང་བྱེ་མ་སྐྱེས་ལྟ་བུ་སྨྱོས་པའི་གནང་བ་ཐོབ་པས་ནི་ལས་དེ་ལ་མ་འདུས་ཤིང༌། འདུན་བ་མ་ཕུལ་ཀྱང་མ་འདུས་པའི་མི་མཐུན་པ་ཉིད་དུ་མི་འགྱུར་རོ། །ཡོངས་སུ་དག་པ་ཕུལ་བའི་གང་ཟག་དེ་དང་ཡང་མཐུན་པ་གཅིག་པ་ཉིད་དོ། །གང་ཟག་དེ་ནི་དག་པར་གྱུར་པའི་དགེ་འདུན་གཞན་རྣམས་དང་དག་ཅིང་རང་བཞིན་མཐུན་པར་གཅིག་པ་ཉིད་དོ། །ཞེས་པའོ། །དོན་གང་ལ་གཅིག་པ་ཉིད་དུ་འགྱུར་ཞེ་ན། གསོ་སྦྱོང་དང་དགག་དབྱེ་ལ་གཅིག་པ་ཉིད་དུ་འགྱུར་བའོ། །ཆོ་ག་གང་གིས་གཅིག་པ་ཉིད་དུ་འགྱུར་ཞེ་ན། ཊཱི་ཀ་ལས། ཡོངས་དག་དང་དགག་དབྱེ་དེ་ཕུལ་བས་སོ། །ཡོངས་དག་དང་དགག་དབྱེ་གཉིས་འབུལ་བའི་ཆོ་ག་ཇི་ལྟར་བརྗོད་པ་དེ་བཞིན་དུ། རང་འགྲེལ་དང་ཊཱི་ཀ་ལས། གསོ་སྦྱོང་དང་དགག་དབྱེ་དེ་གཉིས་ལ་ལེན་པ་པོས་བརྗོད་པར་བྱའོ། །ཊཱི་ཀ་ལས། ཡོངས་དག་ལེན་པ་དང་དགག་དབྱེ་ལེན་པའི་དགེ་སློང་དེས་དེ་གཉིས་བླངས་པ་དེ་དགེ་འདུན་གྱི་དབུས་སུ་དགེ་སློང་ལ་བརྗོད་པར་བྱའོ། །ཡོངས་དག་དང་དགག་དབྱེ་ཕུལ་བས་གསོ་སྦྱོང་དང༌། དགག་དབྱེ་བྱ་བའི་ཆོ་ག་དགེ་


K8Z004_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་རྣམས་ཀྱིས་ནོད་ཅིང་ཁས་བླང་བར་བྱའོ། །ལྕགས་རི་གཅིག་གིས་བསྐོར་བ་ལྟ་བུ་མཚམས་གཅིག་གི་ནང་དུ་ཚོགས་ཐ་དད་པ་གནས་ཁང་ཐ་དད་ན་གནས་པས་འདུན་པ་ལ་སོགས་པས་ཡོངས་དག་དང་དགག་དབྱེ་ལ་སོགས་པས་ཕན་ཚུན་དབུལ་བས་མཐུན་པར་བྱས་ཏེ། གསོ་སྦྱོང་ལ་སོགས་པའི་ལས་ཐ་དད་པ་མང་པོ་སོ་སོ་ནས་བྱེད་པ་ལ་མི་རུང་བ་མེད་དོ། །འདུན་པ་དང་ཡོངས་དག་གཅིག་ཅར་བརྗོད་པའམ། འཁར་བ་དང་དྲ་བའི་གནང་བ་གཅིག་ཅར་གསོལ་བ་ལ་སོགས་པ་བརྗོད་པར་བྱ་བ་རྩོམ་པ་འདྲ་བ་རྣམས་གཅིག་ཅར་བརྗོད་པ་ལ་ཡང་མི་རུང་བ་མེད་དོ། །དགེ་སློང་གཅིག་དགེ་སློང་དུ་མའི་འདུན་པ་དང་ཡོངས་དག་དེ་དག་ལེན་པ་ཡང་མི་རུང་བ་མེད་དོ། །དགེ་སློང་དུ་མའི་འདུན་སོགས་ལེན་པ་འདི་ལ་དུ་མའི་གྲངས་ཀྱི་ཚད་ཇི་ཙམ་ཞེ་ན། གྲངས་ཀྱི་བྱེ་བྲག་ངེས་པ་མེད་དེ། དགེ་སློང་ཇི་སྙེད་ཀྱི་མིང་ལ་སོགས་པ་བརྗོད་ནུས་པའི་ཚིག་གི་དུ་མའི་གྲངས་ཀྱི་ཚད་བཟུང་ངོ༌། །དགེ་སློང་ན་ཚབས་ཆེ་བ་ལ་སོགས་པའི་རྐྱེན་གྱི་དེར་འགྲོ་བའམ་སྨྲ་བར་མི་ནུས་ན་འདུན་པ་ལ་སོགས་པ་དེ་དག་འབུལ་བ་དག་གི་རིག་ཕྱེད་ཆོ་ག་རྫོགས་པ་དང༌། མ་རྫོགས་པ་ཇི་སྐད་སྨོས་པའི་སྡིག་ལས་གཞན་པ་ལུས་དང་ངག་གི་རིག་བྱེད་གང་ཡང་རུང་བས་འགྲུབ་བོ། །ལག་བརྡ་ལ་སོགས་ལུས་ཀྱི་རིག་བྱེད་ཀྱིས་ཀྱང་འགྲུབ་བོ། །དགེ་སློང་ན་ཚབས་ཆེ་བས་ཇི་ལྟར་ཡང་ལུས་ཀྱིས་ཀྱང་འདུན་པ་ལ་སོགས་འབུལ་མི་ནུས་ན། གསོ་སྦྱོང་ལ་སོགས་པའི་ལས་བྱེད་པའི་དགེ་འདུན་རྣམས་ནད་པ་འདུག་པའི་གནས་དེར་འགྲོ་བར་བྱ་ལ། ཡང་ན་དགེ་སློང་ནད་པ་དེ་ཁྱོགས་ཁྲེས་ལས་ཀྱི་གནས་སུ་ཚུར་ལ་བླང་བར་བྱའོ། །གཉིས་པ་ནི། འདུན་པ་ལ་སོགས་པ་དེ་བླངས་ནས་དགེ་འདུན་གྱི་ནང་དུ་མ་བརྗོད་ཀྱི་བར་དུ་


K8Z004_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་པོ་དེ་བང་རྒྱུག་པར་མི་བྱའོ། །རྒྱུག་པ་བས་ཀྱང་ཅུང་ཟད་དལ་བའི་འགྲོས་མགྱོགས་པར་མི་བྱའོ། །མཆོང་བར་མི་བྱའོ། །ཞེས་སྤྱིར་བསྟན་པ་ཡིན་ལ། བྱེ་བྲག་ཏུ་བསྟན་པ་ནི་གཙུག་ལག་ཁང་གི་ཕྱི་རོལ་ལ་མཆོང་བར་མི་བྱའོ། །ཕྱི་རོལ་གྱི་ཁྱམས་ཀྱི་བང་རིམ་ལ་མཆོང་བར་མི་བྱའོ། །ནམ་མཁའ་ལ་འདུག་པ་དང་འགྲོ་བར་མི་བྱའོ། །མཚམས་ཀྱི་ནང་ནས་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་མི་བྱའོ། །སྐས་ཀྱི་རིམ་པ་གཞན་བཞག་ནས་གཞན་དུ་གོམ་པ་འདོར་བར་མི་བྱའོ། །ཐེམ་སྐས་ཀྱི་ཐེམ་པ་ལ་རིམ་པ་གཞན་བཞག་ནས་གཞན་དུ་ཐོད་རྒལ་དུ་གོམ་པ་འདོར་བར་མི་བྱའོ། །ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱའོ། །ནམ་མཁའ་ལ་འདུག་པ་དང༌། མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བ་དང༌། ཆུ་ལྐོག་ནུབ་ཙམ་འབོག་པ་གསུམ་གྱིས་ནི་འདུན་པ་འཇིག་པ་སྟེ། དེར་སོང་ན་ཚོགས་པའི་ཡན་ལག་ཉམས་ཞེས་གསུངས་པའི་ཕྱིར་རོ། །གཉིད་ལོག་པ་དང་སྙོམས་པར་འཇུག་པར་མི་བྱའོ། །གཉིད་ལོག་པ་དང་སྙོམས་པར་འཇུག་པ་དེ་གཉིས་ནི་ལྟུང་བ་འབྱིན་པའི་སྒོ་ནས་སྨད་པར་མ་ཟད། མ་ཀླས་པ་ཁྱད་དུ་གསོད་པ་ཉིད་ཀྱི་བསྟན་པ་ལ་ཐེ་ཚོམ་ཟ་བ་ཉིད་དང་མ་གུས་པ་ཉིད་ཀྱིས་ཀྱང་སྨད་པར་བྱ་བ་ཉིད་ཡིན་ནོ། །འདུན་པ་ལ་སོགས་པ་ལེན་པ་པཽ་དེས་དགེ་འདུན་གྱི་ནང་དུ་སོང་ནས་དགེ་སློང་གཅིག་ལ་བརྗོད་པར་བྱའོ། །ལུང་ཁ་ཅིག་ལས། དགེ་འདུན་ལ་བརྗོད་པར་བྱའོ་ཞེའོ། །འདིར་དགེ་སློང་ལ་བརྗོད་ན་ནི་འདུག་སྟེ་ལན་གསུམ་བརྗོད། དགེ་འདུན་ལ་བརྗོད་ན་ནི་འགྲེང་སྟེ་ལན་གཅིག་བརྗོད་དོ་ཞེས་ལུང་གཞི་ལས་གསུངས་ཤིང༌། གཞི་འགྲེལ་ལས་ཀྱང་བཤད་དོ། །གལ་ཏེ་དགེ་འདུན་ལ་བརྗོད་ན་བཙུན་པ་རྣམས་གསན་དུ་ཞེས་མི་བྱ་བར་དགོངས་སུ་གསོལ་ཞེས་བྱ་བས་


K8Z004_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ་མོ། །ཊཱི་ཀ་ལས། འདི་ནི་ཚིག་དག་པར་བྱ་བའི་ཕྱིར། ཞེས་སོ། །འདུན་པ་དང་ཡོངས་དག་ལེན་པར་བྱེད་པའི་དགེ་སློང་དེ་དགེ་འདུན་གྱི་ནང་དུ་མ་ཕྱིན་པར་དུས་བྱས་སམ། ཁྱིམ་པ་ཉིད་དང་ལ་སོགས་པས་དགེ་ཚུལ་ལམ་ཟ་མའམ་མ་ནིང་དུ་གྱུར་པ་ཡང་བསྟན་ལ། དེས་ན་ཁྱིམ་པ་སོགས་དེ་ལྟ་བུར་ཁས་བླངས་ན་འདུན་པ་དང་ཡོངས་དག་མ་བླངས་པ་ཉིད་ཡིན་ནོ། །ཊཱི་ཀ་ལས། ད་གཟོད་གཞི་ནས་བླང་དགོས་སོ། །ཞེས་སོ། །འདུན་པ་དང་ཡོངས་དག་ལེན་པའི་དགེ་སློང་དེ་དགེ་འདུན་གྱི་ནང་དུ་ཕྱིན་ནས་དགེ་སློང་དེ་ཤིའམ་བབས་ན། འདུན་པ་ལ་སོགས་མ་བརྗོད་ཅིང་གོ་བར་མ་བྱས་ཀྱང་འདུན་པ་ལ་སོགས་པ་བླངས་པ་ཉིད་ཡིན་ནོ། །ཊཱི་ཀར། ད་གཟོད་བླང་མི་དགོས་སོ། །ཞེས་སོ། །གཉིས་པ་ནི། རྒྱལ་པོ་ལ་སོགས་པ་གཞན་གྱི་ཚེས་བཅོ་ལྔ་སྟེ། གསོ་སྦྱོང་གི་ཉིན་མོ་ལ་དགེ་སློང་བཟུང་ན་དགེ་སློང་རྣམས་ཀྱི་གཞན་དེ་ལ་དགེ་སློང་འདི་བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱི། ཐོང་ཞིག་ཅེས་བརྗོད་པར་བྱའོ། །འདིར་འདི་ཤེས་དགོས་ཏེ། རྒྱལ་པོའི་ཕོ་བྲང་དུ་དགེ་སློང་བཟུང་ན་ཕོ་བྲང་དང་གཙུག་ལག་ཁང་མཚམས་ཐ་དད་པའི་ཕྱིར། མ་འདུས་པའི་མི་མཐུན་པ་མི་བསྐྱེད་པས། དེ་ལྟར་ན་ཡང་དཀྱིལ་འཁོར་བར་བྱའོ་ཞེས་གསུངས་པ་དང་མི་འགལ་ལམ་ཞེས་འདྲི་ན། འདི་ནི་ཕོ་བྲང་དུ་བཟུང་བ་མ་ཡིན་གྱི། རྒྱལ་པོ་ལ་སོགས་པའི་དབང་པོ་ཆེ་ཚུར་འོངས་ཏེ་གཙུག་ལག་ཁང་གི་མཚམས་ནང་དུ་དགེ་སློང་གཟུང་བ་ལྟ་བུ་སྟེ། ཀརྨ་ཤ་ཏམ་ལས། དགེ་སློང་འགའ་ཞིག་རྒྱལ་པོ་ལ་སོགས་པས་བཟུང་སྟེ་མཚམས་ཀྱི་ནང་ན་འདུག་ན། ཞེས་སོ། །དེ་སྐད་བརྗོད་ཀྱང་མ་བཏང་ན་དགེ་འདུན་བདག་ཅག་དགེ་སློང་འདི་དང་ལྷན་ཅིག་བྱ་བ་ཅུང་ཞིག་ཡོད་དོ་ཞེས་སྔ་མ་ཐོང་ཞིག་ཅེས་སྨོས་པ་


K8Z004_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ཏེ་བརྗོད་པར་བྱའོ། །དེ་སྐད་བརྗོད་པ་དེ་ལྟར་ན་ཡང་མ་བཏང་བ་དགེ་འདུན་གྱི་དཀྱིལ་འཁོར་བ་བྱའོ། །ཞེས་པ་ནི་སྔར་གསོལ་གཉིས་ཀྱི་ལས་ཀྱིས་དཀྱིལ་འཁོར་བ་བཅད་པ་དེར་སོང་སྟེ་གསོ་སྦྱོང་བྱའོ། །འདི་ནི་འགྲེལ་ཆུང་ལས། མཚམས་བུ་ཆུང་མིག་རས་ཀྱིས་བཅད་ལ་གསོལ་བ་དང་བརྗོད་པ་མི་དགོས་ཏེ། དེའི་ནང་དུ་གསོ་སྦྱོང་བྱ་རུང་ངོ༌། །ཞེས་བཤད་པ་ལྟར་རོ། །འདི་ལ་སྟོད་འདུལ་བ་རྣམས་མི་མགུ་ཡང༌། འདི་ནི་གཙང་དམར་གཡོ་གསུམ་གྱི་འདུལ་འཛིན་བརྒྱུད་པའི་མན་ངག་སྟེ། དེང་སང་གི་འདུལ་འཛིན་རྣམས་འཁྲུལ་བཅས་ཤས་ཆེ་བས་དེ་དག་གིས་མ་འདུས་པའི་མི་མཐུན་པ་མི་བསྐྱེད་ཀྱང༌། དགེ་སློང་ལ་ལམ་འདུས་པར་ལས་བྱེད་པ་འདི་ནི་མི་རིགས་སམ་སྙམ་དུ་ཐེ་ཚོམ་བསལ་བའི་དགོས་པ་ཡོད་དོ། །གཞན་གྱིས་བཟུང་བའི་དགེ་སློང་དེ་བཏང་བའི་ཕྱིར་གསོ་སྦྱོང་ལ་སོགས་པའི་མདུན་རོལ་ཏུ་སྔར་མི་འབད་པར་མི་བྱའོ། །འདིར་སྔར་སྨོས་པ་དང༌། སྐབས་འདིར་མདོ་རྩའི་འགྲེལ་ཆུང་ལས། དེ་བཏང་བའི་ཕྱིར་ཕྱིས་མི་འབད་པར་མི་བྱའོ། །ཞེས་བཤད་ཅིང༌། སྐབས་འདི་ཉིད་ཀྱི་ལུང་གཞི་ལས། ཕྱི་དེ་ཉིན་པར་དགེ་སློང་དེ་ཐར་བར་བྱ་བའི་ཕྱིར་འབད་པར་བྱ་སྟེ། འབད་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་དང་འགལ་ཅེ་ན། གསོ་སྦྱོང་གི་སྔར་འབད་པ་དེ་ཉིད་གསོ་སྦྱོང་སྔ་མའི་ཕྱིས་འབད་པ་ཡིན་པས་མི་འགལ་ལོ། །ཡང་ན་དེ་གཉིས་ཀར་རུང་བས་འགལ་བ་མེད་དོ། །གསུམ་པ་ནི། མཚམས་ཀྱི་ནང་ན་དགེ་སློང་ཡོད་པར་དངོས་སུ་ཤེས་པར་མ་ཟད། མཁར་གསིལ་གྱི་སྒྲ་གྲགས་པ་ལ་སོགས་པ་མཚན་མའི་སྒོ་ནས་མཚམས་ནང་དེ་ན་དགེ་སློང་ཡོད་པར་འཕྲིགས་པས་ནི། དེའི་འདུན་པ་མི་ལེན་ཅིང་དེ་མ་འདུས་པར་ལས་བྱེད་ན་མ་འདུས་པའི་མི་མཐུན་པ་ཉིད་དུ་འགྱུར་


K8Z004_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་པས་ལས་བྱེད་པའི་ཉེས་བྱས་སུ་འགྱུར་བའོ། །ལས་ཀྱི་གནས་དེར་མ་འདུས་པའི་དགེ་སློང་རྣམས་དང་ཐ་དད་པ་ཉིད་དུ་བྱེད་པར་འདོད་པས་དེ་དག་འདིར་མ་འོངས་ཀྱང་བླའོ་སྙམ་དུ་མངོན་པར་བརྟགས་པས་ཆེད་དུ་བསམས་ཏེ། མཚམས་ཀྱི་ནང་ན་དགེ་སློང་གཞན་ཡོད་པ་དེ་དག་ལ་འདུན་པ་མི་ལེན་ཅིང༌། དགེ་སློང་གཞན་དེ་དག་ལས་ཀྱི་གནས་དེར་མ་འདུས་པར་ལོགས་ཤིག་ཏུ་ལས་བྱེད་ན་ཉེས་པ་དགེ་འདུན་གྱི་དབྱེན་གྱི་བསམ་པ་ཅན་ཡིན་ཏེ། དགེ་འདུན་གྱི་དབྱེན་ཆར་གཏོགས་པའི་སྦོམ་པོའོ། །ལས་ཞེས་བྱ་བ་ནི་འདུལ་བར་གཏོགས་པའི་ལས་བྱ་བ་ཐ་ན་རབ་ཏུ་བྱུང་བ་ཞུ་བའི་མཐར་ཐུག་པ་ཡན་ཆད་ཀུན་བསྡུས་སོ་ཞེས་ཊཱི་ཀ་ལས་བཤད་དོ། །དགེ་སློང་དག་མ་འདུས་པར་ལས་བྱེད་པ་འདི་རུང་ངམ་མི་རུང་སྙམ་དུ་རྟོག་པ་ཉིད་ན། འདི་རུང་ངམ་མི་རུང་སྙམ་དུ་ཐེ་ཚོམ་ཟ་བའམ་འདི་གདོན་མི་ཟ་བར་རུང་ངོ་ཞེས་ངེས་པར་བྱེད་པ་ལ་ནི་ཉེས་པར་བྱེད་པ་གཉིས་ཏེ། ཐ་དད་པ་ཉིད་དུ་འདོད་པས་ལས་བྱེད་ན་སྦོམ་པོ་དང༌། ཐ་དད་པ་ཉིད་དུ་འདོད་པ་མ་ཡིན་པའི་ལས་བྱེད་ན་མི་མཐུན་པའི་ལས་བྱེད་པའི་ཉེས་བྱས་མི་འབྱུང་བ་མ་ཡིན་ནོ། །བཞི་པ་ནི། བསམ་པ་ཐག་པ་ནས་རྒྱུ་མེད་པར་དགེ་སློང་མ་ལྷགས་པ་རྣམས་ཡོངས་སུ་བཙལ་ཞིང༌། འོལ་སྤྱི་ཙམ་དུ་བཙལ་བའི་གོ་ལོན་གཡོ་སྒྱུ་མ་བྱས་ན་དག་ཅིང་ལྟུང་བ་མེད་པ་དང༌། མ་འདུས་པའི་མི་མཐུན་པ་མེད་པའི་བྱེད་པ་པོ་ཡིན་ནོ་སྟེ། མཚམས་ཀྱི་ནང་ན་དགེ་སློང་ཡོད་པ་དེ་མ་འདུས་ཀྱང་ལས་བྱེད་པའི་དགེ་སློང་རྣམས་ལ་ཉེས་པ་མི་འབྱུང་བ་ཡིན་ནོ། །ཡོངས་སུ་བཙལ་བ་དེ་ཇི་ལྟ་བུ་ཡིན་ཅེ་ན། བཙལ་བ་དང༌། བོད་པ་དང༌། དེས་ཀྱང་མ་རྙེད་ནས་ཕྱོགས་མཐོན་པོར་འདུག་སྟེ་ཕྱོགས་སུ་བལྟ་བ་དག་གིས་ནི་ཡོངས་སུ་བཙལ་བ་དེ་ཡིན་ནོ། །


K8Z004_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་ཚོགས་པའི་སྐབས་སོ།། །།གསུམ་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། དང་པོ་ལ། འཕགས་པའི་གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་གྱི་རྣམ་པར་འཕྲུལ་པ་མཚོ་སྣ་བ་ཆེན་པོའི་དགོངས་པ་སོར་བཞག་ནས་འཆད་པར་འདོད་དེ། དེ་ཡང་དགོས་པའི་དོན་ལ་གསུམ་སྟེ། ཚུལ་ཁྲིམས་དག་པར་འགྱུར་བ་དང༌། ཆོས་དག་པར་འགྱུར་བ་དང༌། གསོ་སྦྱོང་མ་བྱས་པའི་ཉེས་པ་ཁེགས་པའོ། །དང་པོ་ནི། ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ་ཞེས་བཤད་དེ། གསོ་སྦྱོང་གི་གནས་སུ་འཇུག་པ་ན་དགེ་སློང་རྣམས་ལྟུང་བ་བཤགས་པ་དང༌། བསྡམས་པ་དང༌། ལྟུང་བ་བྱིན་གྱིས་བརླབས་པ་བྱས་ནས་གསོ་སྦྱོང་བྱེད་པ་ཡིན་པས་ཚུལ་ཁྲིམས་དག་པར་འགྱུར་བའོ། །གཉིས་པ་ནི། ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་ཞེས་བཤད་ཅིང༌། འོད་ལྡན་ལས། གསོ་སྦྱོང་དང་དགག་དབྱེ་གཉིས་ཀྱི་དོན་ནི་གཅིག་པ་ཉིད་ཡིན་ནོ། །ཞེས་དགོས་པ་གཅིག་ཡིན་པར་བཤད་པས་ཆོས་དག་པ་དེ་གསོ་སྦྱོང་གི་ཡང་དགོས་པ་ཡིན་པར་འགྲུབ་བོ། །ཆོས་དག་པ་ཞེས་བྱ་བ་ནི་ཉོན་མོངས་པ་མངོན་དུ་རྒྱུ་བའི་ཆོས་དག་པར་འགྱུར་བ་སྟེ། དགེ་བའི་བསམ་པ་མངོན་གྱུར་དང་བཅས་ཏེ་གསོ་སྦྱོང་བྱེད་པའི་ཕྱིར་དང༌། དུས་འདས་པ་དང་འབྱུང་བར་འགྱུར་བ་བརྗོད་པ་ལ་བརྟེན་ནས་མི་རྟག་པ་དྲན་པས་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་མངོན་དུ་རྒྱུ་བ་མི་འབྱུང་བའི་ཕྱིར་རོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་གནས་གང་དུ་གསོ་སྦྱོང་བྱ་བའི་གནས་ནི་ཆོས་ལྔ་ལྡན་ནོ། །དེ་ཡང་གནས་ལ་བློ་མཐུན་བྱས་པ་དང་འབྲེལ་བ་སྟེ་གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ་ཞེས་གསུངས་པ་དང་


K8Z004_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ན་ཆོ་ག་མི་ཚང་བའི་ཕྱིར་དང༌། ཉེ་འཁོར་འདོམ་གང་ཡན་ཆད་དང་ལྡན་པ་སྟེ། ཉེ་འཁོར་འདོམ་གང་དང་ལྡན་པ་ཞེས་གསུངས་པ་དང༌། གཞན་དུ་ན་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་ཞེས་གསུངས་པའི་བློ་མཐུན་གྱི་ཆོ་ག་དང་འགལ་བའི་ཕྱིར་རོ། །མཚམས་པོ་ཆེའི་ནང་ཡིན་པ་སྟེ། ལུང་གཞི་ལས། མཚམས་ཆེན་པོ་བཅད་པ་དེར་དགེ་སློང་རྣམས་ཀྱིས་འདུག་སྟེ་གསོ་སྦྱོང་དགག་དབྱེ་བྱའོ། །ཞེས་གསུངས་ལ། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་དགེ་སློང་ཀུན་གསོ་སྦྱོང་ལ་འདུས་པས་མཚམས་དེའི་དགེ་སློང་ཀུན་དག་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར་དང༌། དེ་ལྟར་ནའང་དཀྱིལ་འཁོར་པར་བྱའོ་ཞེས་དམིགས་བསལ་དུ་གསུང་བའི་ཕྱིར་རོ། །གཙང་ཞིང་ཡངས་པ་ཡིན་པ་སྟེ་གསོ་སྦྱོང་གི་གནས་སུ་ཕྱགས་བདར་བྱ་བ་ཉིད་དོ་ཞེས་གསུངས་པ་དང༌། འགྲེལ་ཆུང་ལས་ཀྱང༌། གསོ་སྦྱོང་བྱེད་པའི་དུས་སུ་གསོ་སྦྱོང་བྱེད་པའི་སར་ཕྱོགས་བདེར་བྱ། ཞེས་བཤད་དོ། །གཞན་དུ་ན་འདུལ་བ་ནས་གསུངས་པའི་ཆོས་ལུགས་དང་མི་མཐུན་པའི་ཕྱིར་རོ། །འཇིག་པའི་ཉེན་ཅན་མ་ཡིན་པ་སྟེ་འཇིག་པ་དང་བཅས་པ་ཉིད་ཡིན་ན་ཞེས་གསུངས་པ་དང༌། གཞན་དུ་ན་ཆོམ་རྐུན་པ་ལ་སོགས་པས་རྐྱེན་གྱིས་བར་ཆད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་གསོ་སྦྱོང་བྱ་བ་ནི་སྤྱིར་བཏང་ལ་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །དགེ་སློང་འཁྲུལ་བཅས་ལྟ་བུ་ལས་ཀྱི་ཁ་སྐོང་བར་མི་འོས་པས་གསོ་སྦྱོང་འགྲུབ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས། ཁ་སྐོང་བར་འོས་པ་མ་ཡིན་པས་གསོ་སྦྱོང་དང་དགག་དབྱེ་དག་བྱས་པ་ནི་བྱས་པ་ཉིད་ཁོ་ན་ཡིན་ནོ་ཞེས་གསུངས་སོ། །གསུམ་པ་དུས་གང་གི་ཚེ་གསོ་སྦྱོང་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ་


K8Z004_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །རིགས་པས་ཀྱང་འཐད་དེ། མཚན་མ་གསལ་བས་གསོ་སྦྱོང་མི་བརྗེད་པའི་ཕྱིར་དང༌། དུས་བཟང་བས་གཉེན་པོ་སྟོབས་ཆེ་ཞིང་སྦྲོ་བ་དང་མཐུན་པའི་ཕྱིར་རོ། །དེ་ཡང་ལོ་གཅིག་ཟླ་བ་བཅུ་གཉིས་ལ་གསོ་སྦྱོང་ཉི་ཤུ་རྩ་བཞི་ཡོད་པ་ལས། ཉ་བཅུ་གཉིས་དང༌། སྟོང་དྲུག་སྟེ་བཅོ་བརྒྱད་ནི་གསོ་སྦྱོང་བཅོ་ལྔ་པའོ། །སྟོང་དྲུག་ནི་གསོ་སྦྱོང་བཅུ་བཞི་པའོ། །འོ་ན་ལོའི་མགོ་གང་ནས་བཟུང་སྟེ་བརྩི་ཞེ་ན། འགྲེལ་ཆུང་ལས། སྟོན་ཟླ་ཐ་ཆུང་ཉ་ནས་མགོ་བཟུང་སྟེ་བརྩིའོ། །ཞེས་སོ། །མཛོད་ཀྱི་འགྲེལ་བཤད་ལས། ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་དུས་ཀྱི་དང་པོ་ནི་དགུན་དག་ཡིན་ནོ། །ཞེས་གསུངས་ལ། ཊཱི་ཀ་ལས། སྟོན་ཟླ་ཐ་ཆུང་ཉ་ནས་དགུན་གྱི་དུས་ཚིགས་སོ། །ཞེས་བཤད་དོ། །འོ་ན་སྟོན་ཟླ་ཐ་ཆུང་དེ་རང་གང་ཡིན་ཅེ་ན། བོད་ཀྱི་འདུལ་བ་འཛིན་པ་ཁ་ཅིག་ན་རེ། དབྱུ་གུའི་ཉ་བ་སྟོན་ཟླ་ཐ་ཆུང་ཡིན་ཏེ། རྟེན་འབྲེལ་གྱི་མདོ་འགྲེལ་ལས། ཉ་ཚེས་དབྱུག་པ་གང་ཡིན་པ། །དེ་ནི་སྟོན་ཟླ་ཐ་ཆུང་ཡིན། །མར་ངོ་ལས་ནི་ལོ་ཟླ་འཛིན། །ཅེས་བཤད་ཟེར་ཡང་རྟེན་འབྲེལ་གྱི་མདོ་འགྲེལ་ན་གཞུང་དེ་ཡེ་མི་སྣང་སྟེ། དེ་ནི་བོད་ཀྱིས་བྱས་པའི་ཚིགས་བཅད་ཡིན་པར་ངེས་སོ། །དབྱུ་གུའི་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱེད་པ་འདི་ལ་སྒྲུབ་བྱེད་ཀྱི་གཞུང་གཏན་ནས་མེད་ཅིང༌། དེ་ལ་གནོད་བྱེད་ཀྱི་གཞུང་དགུ་ཡོད་དེ། འཆད་འགྱུར་གྱི་གཞུང་དགུ་པོ་འདི་དག་ནི་སྨིན་དྲུག་གི་ཉ་བ་སྟོན་ཟླ་ཐ་ཆུང་ཡིན་པའི་སྒྲུབ་བྱེད་ཡིན་ཏེ། རིམ་བཞིན་བཤད་པར་བྱ་བ་ལ། ཉི་མའི་སྙིང་པོའི་མདོ་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱའོ། །ཞེས་གསུངས་པ་དང༌། རྒྱ་ཆེ་རོལ་པ་ལས་ཀྱང༌། དཔྱིད་ཟླ་ཐ་ཆུང་གི་ཚེ་སྐར་མ་ས་ག་ལ་བབ་པ། ཞེས་ས་གའི་ཉ་བ་ལ་


K8Z004_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བྱང་ཆུབ་པའི་དུས་དཔྱིད་ཟླ་ཐ་ཆུང་ཡིན་པར་གསུངས་པས། སྨིན་ཉ་ལ་སྟོན་ཟླ་ཐ་ཆུང་བྱས་ཏེ་བརྩིས་ན་དཔྱིད་ཟླ་ཐ་ཆུང་ལ་ས་གའི་ཉ་བ་འབྱུང་ཡང༌། དབྱུ་གུའི་ཉ་བ་ལ་སྟོན་ཟླ་ཐ་ཆུང་དུ་བརྩིས་ན་དེ་ལྟར་མི་འབྱུང་བའི་ཕྱིར་དང༌། ལས་བརྒྱ་པའི་རྒན་པོ་སྐྱེས་ཀྱི་བྱུང་བ་ལས། དབྱར་ཚུལ་ཞུགས་ཐོན་པའི་ཚེ་ལྗོན་ཤིང་རྣམས་ཀྱི་འདབ་མ་སྐྱ་བོར་གྱུར་ཅིང་སྤང་པོའི་ཁ་དོག་སེར་པོར་འགྱུར་བར་གསུངས། སྨིན་དྲུག་གི་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱས་ཏེ་བརྩིས་ན་དབྱར་གྱི་ཚུལ་ཞུགས་ཐོན་པའི་ཚེ་ན་ལྗོན་ཤིང་རྣམས་ཀྱི་འདབ་མ་སྐྱ་བོར་འགྱུར་གྱི། དབྱུ་གུའི་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱས་ཏེ་བརྩིས་ན་དེ་ལྟར་མི་འགྱུར་བ་དང༌། རས་ཆེན་བཞག་པའི་སྐབས་སུ་དགེ་སློང་ཕའི་རྣམ་འབྱེད་ལས། དབྱར་ཚུལ་ཞུགས་ཐོན་ནས་ཟླ་བ་ཕྱེད་ཀྱི་མཐའ་ལས་འདས་པར་རས་ཆེན་འཆང་ན་ཆར་གོས་མི་དགོས་པའི་དུས་སུ་ཆར་གོས་འཆང་བའི་ལྟུང་བ་འབྱུང་བར་གསུངས་པ་སྟེ། སྨིན་དྲུག་གི་ཉ་བ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ཏེ་བརྩིས་ན་དབྱར་ཚུལ་ཞུགས་ཐོན་ནས་ཟླ་བ་ཕྱེད་ན་ཆར་འབབ་ཐག་ཆད་པར་འགྱུར་གྱིས། དབྱུ་གུའི་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱས་ཏེ་བརྩིས་ན་དེ་ལྟར་མི་འགྱུར་བ་དང༌། ཁྲུས་བྱེད་པའི་སྐབས་ཀྱི་དགེ་སློང་ཕ་མའི་ལུང་རྣམ་འབྱེད་གཉིས་ཀ་ལས་ཀྱང༌། དབྱར་སྔ་མ་ཁས་ལེན་པའི་སྔ་རོལ་ཟླ་བ་ཕྱེད་དང་གཉིས་ནས་ཚད་པ་ཆེ་བའི་དུས་ཡིན་པར་གསུངས་པ་སྟེ། སྨིན་དྲུག་གི་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱས་ཏེ་བརྩིས་ན་དེའི་ཚེ་ན་ཚད་པ་ཆེ་བའི་དུས་འབྱུང་གི། དབྱུ་གུའི་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱས་ཏེ་བརྩིས་ན་དེ་ལྟར་མི་འགྱུར་བ་དང༌། ལུང་དགེ་སློང་མའི་རྣམ་འབྱེད་ལས་ཀྱང༌། དུས་ཚིགས་དྲུག་གི་དབང་དུ་བྱས་ནས་སོ་ག་རྣམས་ཀྱི་ཐ་མ་ལ་ཉི་མ་ཕྱེད་པའི་


K8Z004_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ན་ལྗོན་ཤིང་རང་གི་གྲིབ་མས་ཁྱབ་ཅིང་འདུག་པ་ཉེ་འཁོར་ཡིན་ནོ་ཞེས་གསུངས་པ་དང༌། སོ་སོར་ཐར་པའི་འགྲེལ་པ་འདུལ་བ་བསྡུས་པ་ལས་ཀྱང༌། དུས་ཚིགས་སྔ་མའི་དབང་དུ་བྱས་ནས་དཔྱིད་རྣམས་ཀྱི་ཟླ་བ་ཐ་མའི་ཉི་མ་ཕྱེད་པའི་གྲིབ་མ་དང་རླུང་གིས་མ་བསྐྱོད་པའི་འདབ་མ་གར་ལྷུང་བ་ཉེ་འཁོར་ཡིན་ནོ་ཞེས་གསུངས་པས། དཔྱིད་མཉམ་གྱི་དུས་ཧོར་ཟླ་གསུམ་པའི་བཅུ་དྲུག་ནས་ཧོར་ཟླ་བཞི་པའི་བཅོ་ལྔའི་བར་གྱི་ཉི་མ་ཅི་རིགས་པ་ལ་དཔྱིད་ཉིན་མཉམ་མཚན་མཉམ་གྱི་ཚེ་ལྗོན་པའི་ཚད་དང༌། གྲིབ་མའི་ཚད་སྲིད་མཉམ་དུ་འབྱུང་ལ། སྟོན་མཉམ་གྱི་སྐབས་སུའང་དེའི་རིགས་པས་ཤེས་ལ། འདིའང་སྨིན་ཉ་ལོ་མགོར་བཟུང་ན་འགྲིག་གི །དབྱུག་ཉ་ལོ་མགོར་བཟུང་ན་མི་འགྲིག་པའི་ཕྱིར་རོ། །དེས་ན་སྨིན་དྲུག་གི་ཉ་བ་ལོ་མགོར་བཟུང་ན་གཞུང་དེ་རྣམས་དང་མཐུན་པར་འགྱུར་གྱི། དབྱུག་གུའི་ཉ་བ་ལོ་མགོར་བཟུང་ན་གཞུང་དེ་རྣམས་དང་མུ་མཐུན་ནོ། །མེ་ཏོག་ཕྲེང་རྒྱུད་ལས། ས་ག་དང་ནི་ཆུ་སྟོད་དང༌། །དེ་བཞིན་ཁྲུམས་སྨད་མཆན་ལོ་དྲི་ལས་ཁྲུམས་སྟོད་ཟེར་སྨིན་དྲུག་ཅན། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པའི་མར་ངོ་བཅུ་བཞིར་བརྗོད། །ཅེས་གསུངས་པ་དང༌། དགེ་ཚུལ་གྱི་ལོ་དྲི་བ་ལས་ཀྱང༌། ༡༢༽རྒྱལ་དང་༩༽དབོ་དང་༦༽ས་ག་དང༌། །༦༽ཆུ་སྟོད་༨༽ཁྲུམས་སྨད་༡༠༽སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པའོ། །ཞེས་སྨིན་དྲུག་གི་ཉ་བའི་མར་ངོ་གསོ་སྦྱོང་བཅུ་བཞི་པར་གསུངས་པ་དེའང་དབྱུག་གུའི་ཉ་བས་ལོ་མགོ་བཟུང་ན་འགལ་བར་འགྱུར་ལ། སྨིན་དྲུག་གི་ཉ་བའི་མར་ངོ་ནས་ལོ་མགོ་བཟུང་ན་གཞུང་དེ་གཉིས་དང་ཡང་ཤིན་ཏུ་མཐུན་ཏེ། རྒྱ་གར་གྱི་ལུགས་ཀྱི་ཟླ་བ་རང་རང་གི་མར་ངོ་སྔར་འབྱུང་ཞིང༌། ཡར་ངོ་


K8Z004_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་འབྱུང་སྟེ་མར་ངོའི་ཚེས་གཅིག་ལ་ཟླ་བའི་མགོ་བྱས་ནས། ཉ་ནི་ཟླ་བའི་མཇུག་ཡིན་པར་སྡེ་སྣོད་གསུམ་ཀ་ལས་བཤད་དོ། །བོད་ཀྱི་ལུགས་ལ་ཡར་ངོའི་ཚེས་གཅིག་ལ་ཟླ་བའི་མགོ་བྱས་ནས་སྟོང་ལ་ཟླ་བའི་མཇུག་ཡིན་པར་བྱེད་ཀྱང༌། རྒྱ་གར་གྱི་ལུགས་ལ་ཟླ་བ་དུམ་བུར་བཅད་དེ། མར་ཚེས་གཅིག་ལ་ཟླ་བའི་མགོ་བྱས་ནས་ཉ་ནི་ཟླ་བའི་མཇུག་ཡིན་པར་བཞེད་དེ། དེ་ཡང་མངོན་པ་མཛོད་ཀྱི་འགྲེལ་བཤད་ལས། ཟླ་བ་ཐམས་ཅད་ཀྱང་མར་གྱི་ངོ་སྔ་སྟེ། ཞེས་གསུངས་པ་དང༌། མདོ་སྡེ་ཉི་མའི་སྙིང་པོ་ལས་ཀྱང༌། ཉ་ནི་ཟླ་བའི་མཇུག་ཡིན་པར་ལན་མང་དུ་གསུངས་སོ། །འདུལ་བ་ལས་ཀྱང༌། བདག་ཉིད་གནས་པར་ཁས་བླངས་པའི་ཉི་མའི་ཟླ་བ་སྔ་མའི་དང་པོ། ཞེས་གསུངས་པ་དང༌། གསོ་སྦྱོང་གི་དུས་འདས་པ་དང་འབྱུང་འགྱུར་བརྗོད་པའི་སྐབས་ཀྱི་བམ་པོ་ལྔ་བཅུ་པ་ལས་ཀྱང༌། ཟླ་བ་ཉ་བ་དེ་ཟླ་བའི་མཇུག་ཡིན་པར་ལན་མང་དུ་གསུངས་སོ། །ཚེས་བཅུ་དྲུག་ལའོ་ཞེས་པ་ནི་དོན་འགྱུར་བྱས་པ་ཡིན་ལ། འགྲེལ་ཆུང་གི་མདོ་རྩ་བ་ལས་ནི་ཚེས་གཅིག་ལའོ་ཞེས་འབྱུང་བ་དེ་ནི་སྒྲ་འགྱུར་བྱས་པ་སྟེ་མར་ངོའི་ཚེས་གཅིག་ལའོ། །དེས་ན་བེ་ཤ་ཀའི་ཚིག་ལེའུ་དང༌། བསླབ་པའི་གཞི་མདོ་ལས་ཚེས་གཅིག་ལ་དབྱར་གནས་པར་ཁས་བླང་ངོ༌། །ཞེས་བཤད་དོ། །དེ་ལྟར་ན་སྨིན་དྲུག་གི་མར་ངོའི་ཚེས་གཅིག་གི་ཉིན་པར་ནས་ལོ་མགོ་བཟུང་བ་འདི་རིགས་ཏེ། དགུན་སྟོད་ཀྱི་དུས་དང༌། དགུན་སྨད་ཀྱི་དུས་དང༌། དཔྱིད་ཀྱི་དུས་དང༌། སོས་ཀའི་དུས་དང༌། དབྱར་གྱི་དུས་དང༌། སྟོན་གྱི་དུས་ཏེ་དུས་ཚིགས་དྲུག་ལས། དུས་ཚིགས་རེ་རེ་ལ་ཟླ་བ་གཉིས་གཉིས་ཏེ་གསོ་སྦྱོང་བཞི་བཞི་ཡོད་པ་ལས། ཟླ་བ་ཕྱེད་འདས་པ་དང༌། ཟླ་བ་གཅིག་


K8Z004_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་དང་ཟླ་བ་གཉིས་འདས་པ་ཐམས་ཅད་བཅོ་ལྔ་པའོ། །ཟླ་བ་ཕྱེད་དང་གཉིས་འདས་པའི་ཐམས་ཅད་བཅུ་བཞི་པ་སྟེ། མཛོད་འགྲེལ་ལས། དགུན་དང་མཛོད་ཀྱི་འགྲེལ་བཤད་རྒྱལ་སྲས་མ་ལས་དོན་འདི་ལྟར་གསུངས་ཏེ། དགུན་སྟོད་ཟླ་བ་གཉིས་དང་དགུན་སྨད་ཟླ་བ་གཉིས་ཏེ་བཞིའོ་དཔྱིད་དང་སོས་ཀའི་དུས་ཀྱང་དཔྱིད་ཀྱི་དུས་ཀྱི་ཁོངས་སུ་བསྡུས་ཏེ་དཔྱིད་ཀྱི་དུས་ཟླ་བ་བཞིར་བྱས་པའོ་དབྱར་སྟོན་གྱི་དུས་ཀྱང་དབྱར་རིང་པོའི་ཁོངས་སུ་བསྡུས་ཏེ་དབྱར་གྱི་དུས་ཟླ་བ་བཞིའོ་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་པའི། །ལྷག་མ་ཟླ་བ་དྲུག་པོ་ལ། །མཁས་པས་ཞག་ནི་དབྲི་བར་བྱ། །ཞེས་གསུངས་སོ། །སྨིན་ཉའི་ཚེས་གཅིག་ནས་མགོ་བཟུང་ནས་ཟླ་བ་ཕྱེད་གཉིས་འདས་པ་ན་གསོ་སྦྱོང་བཅུ་བཞི་པར་བཤད་པ་ལ་དེ་མི་འབྱུང་བའི་ཕྱིར་གནོད་དོ་ཞེ་ན། དེ་ལྟར་བཤད་པ་མི་འགལ་ཏེ། ལུང་དེ་ནི་འཇིག་རྟེན་ལ་གྲགས་པའི་ལོ་མགོ་འཛིན་ཚུལ་ཁས་ལེན་པ་རྣམས་རྗེས་སུ་བཟུང་བའི་ཡན་ལག་ཏུ་སྦྱར་བར་གོ་སྟེ། ཧོར་ཟླ་བཅུ་པའི་བཅུ་དྲུག་ནས་ལོ་མགོ་འཛིན་པ་མགོའི་ཉ་བ་ལོ་མགོར་འཛིན་པའི་དབང་དུ་བྱས་པའི་ཕྱིར། འདི་གཉིས་གནད་གཏན་མི་གཅིག་པས་ཁྱད་པར་ཤེས་པར་བྱའོ། །མགོ་ཉ་ནས་ལོ་མགོ་བཟུང་བ་ལྟར་ན་མར་ངོ་སྔོན་འགྲོའི་འདུལ་བ་ནས་བཤད་པའི་གསོ་སྦྱོང་བཅུ་བཞི་པའི་དུས་དེ་དག་འཁྲུལ་མེད་དུ་ངེས་པའི་ཕྱིར་རོ་ཞེས་བྱ་བ་ནི་ལས་ཀྱི་རྣམ་པ་གཅིག་ཡིན་ལ། རྣམ་པ་གཅིག་ཏུ་ན་ལོ་མགོ་ཧོར་ཟླ་དགུ་པའི་བཅུ་དྲུག་ནས་བཞག་པའི་ཟླ་བ་ཕྱེད་གཉིས་ལ་འཇིག་རྟེན་ལ་གྲགས་པའི་ཡར་ངོ་སྔོན་འགྲོའི་སྨིན་ཉ་ཡིན་པས་དེའི་མར་ངོ་ལ་གསོ་སྦྱོང་བཅུ་བཞི་པ་བྱས་ནའང་འགྲིགས་རུང་བ་ཙམ་ཡིན་ཏེ། འདུལ་བའི་རང་གཞུང་དང་མཐུན་ནོ། །བཞི་པ་ཚུལ་ཇི་ལྟར་གསོ་སྦྱོང་བྱ་བ་ནི། སྦྱོར་དངོས་མཇུག་གསུམ་ལས།


K8Z004_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གསོ་སྦྱོང་གི་སྦྱོར་བའི་ཆོ་ག་ནི་དྲུག་སྟེ། རང་གཞན་གྱི་ལྟུང་བ་དག་པར་བྱ་བ་དང༌། གཙུག་ལག་ཁང་གི་བྱ་བ་རྗེས་སུ་བསྒྲུབ་པ་སྟེ། ཆག་ཆག་གདབ་པར་བྱ་བ་དང༌། ཕྱགས་བདར་བྱ་བ་ལ་སོགས་པ་དང༌། ཆོས་ཉན་བཤད་བྱ་བ་དང༌། དགེ་སྐོས་ཀྱིས་ཚུལ་ཤིང་བྲིམ་ཞིང་དགེ་སློང་རྣམས་བགྲང་བ་དང༌། མ་འདུས་ན་འདུན་པ་དང་ཡོངས་དག་བླང་བ་དང༌། དགེ་སློང་གང་ཡང་རུང་བས་མེ་ཏོག་དབུལ་ཞིང་སོ་སོར་ཐར་བའི་མདོ་གདོན་པར་གསོལ་བ་ལན་གསུམ་གདབ་པའོ། །དང་པོ་ལ་གསུམ་ལས། རང་གི་ལྟུང་བ་དག་པར་བྱ་བ་ནི་མཐོལ་བ་དང༌། བཤགས་པ་དང༌། བསྡམས་པ་དང༌། ལྟུང་བ་བྱིན་གྱིས་བརླབ་པ་སྟེ་འོག་ཏུ་རང་རང་གི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་གཞན་གྱི་ལྟུང་བ་དག་པར་བྱ་བ་དང༌། གསུམ་པ་རང་གཞན་གཉིས་ཀའི་ལྟུང་བ་དག་པར་བྱ་བ་ནི་གཞུང་དུ་འཆད་པར་འགྱུར་རོ། །གཉིས་པ་དངོས་གཞིའི་ཆོ་ག་ནི། སོ་སོར་ཐར་པའི་མདོ་འདོན་པ་སྟེ། ལུང་གཞི་ལས། གསོ་སྦྱོང་ནི་སོ་སོར་ཐར་པའི་མདོ་བཏོན་པའོ། །ཞེས་གསུངས་ཤིང༌། འདི་ཉིད་ལས་ཀྱང༌། སོ་སོར་ཐར་པའི་མདོ་གདོན་པས་སོ། །ཞེས་སོ། །དེའང་ལེགས་པར་ཐོན་པའི་རྒན་རབས་ཚུལ་ཁྲིམས་དག་པས་གདོན་ཏེ། ལེགས་པར་ཐོན་པས་གདོན་ཏེ་ཞེས་པ་དང༌། དགེ་འདུན་གྱི་གནས་བརྟན་གྱིས་སོ། །ཞེས་པ་དང༌། བསླབ་པ་བྱིན་པས་གདོན་པར་མི་བྱའོ་ཞེས་པས་གསུངས་སོ། །གསུམ་པ་མཇུག་གི་ཆོ་ག་ནི་བསྔོ་བ་སྟེ། སོ་སོར་ཐར་པ་བཏོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །ཅེས་གསུངས་པའོ། །ལྔ་པ་དམིགས་ཀྱི་བསལ་པའི་དོན་ལ་བཞི་ལས། དང་པོ་གནས་ཀྱི་དམིགས་བསལ་


K8Z004_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ནི། གནས་མཚམས་པོ་ཆེར་མི་འགྲུབ་ན་དཀྱིལ་འཁོར་བ་དང་མཚམས་གཏན་ནས་མ་བཅད་པར་ཡང་བྱའོ། །གཉིས་པ་རྟེན་གྱི་དམིགས་བསལ་ནི། མགྲོན་པོ་མི་སྡོད་ན་འགྲོ་བཞིན་དུ་བྱའོ་ཞེས་གསུངས་སོ། །གསུམ་པ་དུས་ཀྱི་དམིགས་བསལ་ནི། ཚེས་བཅོ་ལྔའི་མཚན་མོའི་མཐའི་གོང་དུ་མ་གྲུབ་ན་ལས་ལ་ནི་འདས་ན་ཉི་མ་ཤར་བའིའོ་ཞེས་གསུངས་པ་དང༌། བཀྲ་ཤིས་ཀྱི་གསོ་སྦྱོང་ལྟ་བུ་ཚེས་གྲངས་གང་ཡང་རུང་བ་ལའོ། །བཞི་པ་ཆོ་གའི་དམིགས་བསལ་ནི། སྒྲ་མི་འདོད་ན་མདོར་བསྡུས་པས་སོ་ཞེས་གསུངས་པ་དང༌། སྔོན་གྱི་ཆོ་གའི་སྐབས་སུ་ཚིགས་བཅད་གདོན་པས་གསོ་སྦྱོང་གྲུབ་བོ། །དགེ་ཚུལ་གྱི་གསོ་སྦྱོང་སྔགས་རྣམ་པར་བཞག་པར་བྱ་ཞིང་དགག་དབྱེ་བྱས་པས་ཀྱང་གསོ་སྦྱོང་གི་དགོས་པ་འགྲུབ་བོ། །ཡོངས་དག་ཕུལ་བ་དང་གསོ་སྦྱོང་བྱིན་གྱིས་བརླབས་པས་ཀྱང་གསོ་སྦྱོང་མ་བྱས་པའི་ཉེས་པ་ཁེགས་པའོ། །འདིར་སྨྲས་པ། ཀུན་མཁྱེན་ལི་ཁྲིས་མཚོན་པའི་མཁུར་ཚོས་ཀྱི། །འཇིགས་མེད་མེ་ཏོག་འཛུམ་པའི་དོ་ར་ན། །བདེ་ཆེན་དྲི་བཟང་མྱོང་བའི་སྐབས་ཤིག་ཏུ། །ཤེས་སྒྲིབ་བྲལ་བའི་རོ་མངར་མང་དུ་གཞིབས། །ཆགས་ཆེན་རྒྱས་པའི་ལུས་བཟང་དར་བ་ལ། །རྡོ་རྗེའི་འདོད་པས་རབ་ཏུ་བསྡམས་པ་ནི། །བྱུ་རུའི་མཚམས་སྤྲིན་གློག་གིས་མཛེས་འདྲ་ལས། །ཁྱད་པར་ཆེ་བའི་རྣམ་པ་ཅི་ཡང་འགྱུར། །སྔོན་མེད་མྱོང་བ་ཐོད་པའི་མགྲིན་སྙན་གྱི། །ཀུན་དགའ་འཆར་བའི་དར་དིར་ཡོད་མོད་ཀྱི། །གསང་ཆེན་སྟོད་གཡོགས་ལྷུབས་པའི་མཐོངས་ཀ་ན། །དཔྱིད་ཐིག་ནུ་འབུར་ཟླ་ཟུང་དག་གིས་དལ། །དེ་ལྟར་ན་ཡང་མཚན་དཔེའི་ལྷས་མ་ཡི། །ཕྲིན་ལས་སྤྱི་བོར་མཛེས་པའི་རྡོ་རྗེ་ཅན། །གང་དེའི་འདོད་པར་བྱ་བའི་འདོད་པ་དེ། །རྣལ་འབྱོར་


K8Z004_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ་འདིས་ཀྱང་འདི་འདོད་དོ། །རིག་མཆོག་གྲུབ་པ་དེ་ཕྱིར་སངས་རྒྱས་ཀྱི། །བཀའ་ཡི་ཕུང་པོ་རྣམས་ལ་རང་དབང་དུ། །སྦྱོར་ཐབས་ཅི་ཡང་ཤེས་པས་བློ་ཚིམས་ནས། །བརྩོན་པས་འདུལ་བའི་དོན་འདི་གཏན་ལ་ཕབ།། །།གཉིས་པ་ལ། དངོས་གཞིའི་ཆོ་ག་བརྗོད་པ་དང༌། །སྦྱོར་ཚེ་རང་གཞན་ལྟུང་ལ་སྦྱར། །ཚོགས་བར་མ་ལོངས་ཇི་ལྟར་བསྒྲུབ། །རང་གཞན་གསོ་སྦྱོང་ལ་གུས་བྱ། །ཕྱིས་འོང་དོན་དུ་བསྐྱར་རུང་བའོ། །དང་པོ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང༌། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། གསོ་སྦྱོང་བྱ་བའོ། །གཉིས་པ་ནི། དུས་གང་གི་ཚེ་བྱ་ཞེ་ན། ཟླ་བ་ཕྱེད་ཕྱེད་ཅིང་ཚེས་བཅོ་ལྔ་ལའོ། །ཞེས་བཅོ་ལྔ་པ་སྨོས་པས་བཅུ་བཞི་པ་ཡང་བསྡུས་ཏེ། འགྲེལ་པར་དངོས་སུ་ན་ཟླ་བའི་ངོ་དེའི་ཚེས་གྲངས་གང་ལ་ཉི་མ་གཅིག་ཆད་པ་དེ་ཉིད་ས་སྟོང་དུ་དོར་བར་ཟད་ཀྱི། གསོ་སྦྱོང་གི་ཉི་མ་ཆད་པ་མིན་པས་གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བའི་ཉི་མ་དེ་ཉིད་ཚེས་བཅོ་ལྔ་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་དེའི་དོན་ནི་དངོས་སུ་ན་ཟླ་བའི་ངོ་དེའི་ཚེས་གྲངས་གང་ལ་ཞེས་པ་ཆད་ལྷག་གི་རྣམ་གཞག་ཇི་ལྟར་བྱས་ཀྱང་དངོས་སུ་ན་ཟླ་བ་ཡར་ཚེས་མར་ཚེས་ངོ་དེའི་རེ་རེ་ལ་ཚེས་བཅོ་ལྔ་རེའི་གྲངས་ཡོད་པའི་དབང་དུ་བྱས་པ་གང་ལའོ། །ཉི་མ་གཅིག་ཆད་པ་དེ་ཉིད་ཞེས་པ་ནི་མར་ངོའི་ཉིན་མོའི་ཞག་བཅོ་ལྔ་པོ་དེ་ཉིད་ལ་བར་སྐབས་སུ་ཚེས་ཞག་གཅིག་ཆད་པ་དེ་ཉིད་ཀྱི་དོན་ཏེ། རེས་འགའ་ཚེས་བཅུ་དྲུག་ནས་ཚེས་བཅོ་བརྒྱད་དུ་འཕོས་ཀྱི་བར་དུ་ཉིན་ཞག་གཅིག་གིས་བསྡུས་པ་ཡོད་པ་ལ་ཚེས་བཅུ་བདུན་ཆད་པའི་ཐ་སྙད་བྱེད། དེས་མཚོན་ནས་རེས་འགའ་ཚེས་ཉི་ཤུ་བཞི་ནས་ཉི་ཤུ་དྲུག་ཏུ་འཕོས་ཀྱི་བར་དུ་ཉིན་ཞག་གཅིག་གིས་བསྡུས་པ་ཡོད་པ་ལ་ཚེས་ཉེར་ལྔ་ཆད་པའི་ཐ་སྙད་བྱེད་དོ། །


K8Z004_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རྒྱུ་མཚན་ཞིབ་པར་འོག་ཏུ་ཡང་བཤད་ལ། མདོར་ན་ཉིན་ཞག་བཅུ་བཞི་པ་དེ་ལ་ཚེས་བཅོ་ལྔ་པ་ཡིན་པ་ཞིག་ཡོད་པའི་དབང་དུ་བྱས་སོ། །ས་སྟོང་དུ་དོར་བར་ཟད་ཀྱི་ཞེས་པ་ནི། ཚེས་གྲངས་བགྲང་བ་ན་ཆད་པ་དེ་ཉིད་དོར་བའོ། །ཡང་ན་ཉིན་ཞག་བཅུ་བཞི་པ་དེ་ཚེས་ཞག་བཅོ་ལྔ་པའི་ཁོངས་སུ་མི་སྡུད་པར་ཉིད་ཞག་བཅུ་བཞི་པ་དེ་བོར་ནས། ཉིན་ཞག་བཅོ་ལྔ་པ་ལ་ཞག་གཅིག་གིས་མཆོག་པར་ཞེས་བརྗོད་ནའང་རུང་ངོ༌། །གསོ་སྦྱོང་གི་ཉི་མ་ཆད་པ་མིན་པས་ཞེས་པ་ནི་མར་ངོའི་ཟླ་བ་ཕྱེད་དེ་ལ་ཉིན་ཞག་ཆད་པ་མེད་པའི་དོན་ནོ། །གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བའི་ཉི་མ་དེ་ཉིད་ཅེས་བྱ་བ་ནི་འཇིག་རྟེན་ན་ཚེས་ཆད་པ་དོར་ན་མི་བགྲང་བས་ཚེས་ཐར་ཆགས་སུ་བརྩིས་པའི་གྲགས་པའི་དབང་དུ་བྱས་པས་དེ་ཉིད་ཉིན་ཞག་བཅོ་ལྔར་ཆོག་པ་མིན་པས་བཅུ་བཞི་པ་ཡང་ཡིན་ནོ། །ཚེས་བཅོ་ལྔ་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཚེས་ཆད་པ་ཞེས་ཉིན་ཞག་གི་དོད་མ་ཐུབ་པ་ཡིན་གྱི། ཆད་ནས་ཟླ་བ་ལ་ཚེས་པ་གཅིག་གི་ཆ་གཏན་མེད་དུ་སོང་བ་མིན་ནོ། །དོན་དུ་གསོ་སྦྱོང་བཅུ་བཞི་པར་བྱས་པའི་ཉི་མ་དེ་ཉིད་ཚེས་བཅོ་ལྔ་པ་ཡིན་ནོ། །དེའི་ཕྱིར་བམ་པོ་ལྔ་བཅུ་པ་ལས། གསོ་སྦྱོང་ཉི་ཤུ་རྩ་བཞི་ཡོད་དེ། དེ་དག་ཚེས་གྲངས་ཀྱི་ཡང་དག་པ་ལ་བལྟོས་ན་ནི་ཐམས་ཅད་ཀྱང་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །འཇིག་རྟེན་པའི་ཐ་སྙད་ཀྱི་དུས་ལ་བལྟོས་ན་ནི་དྲུག་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །ཞེས་སོ། །རྣམ་པ་གང་གིས་གསོ་སྦྱོང་བྱ་ཞེ་ན། སོ་སོར་ཐར་པའི་མདོ་གདོན་པས་སོ། །ཊཱི་ཀ་ལས། སེམས་དྲང་པོར་སྒྲུབ་པ་ལ་སོགས་པ་རྣམ་པ་གཞན་གྱིས་ཀྱང་ཚུལ་ཁྲིམས་གསོ་བར་བྱེད་པ་དེ་དག་བསལ་བའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པས་སོ། །ཞེས་སྨོས་སོ། །དགག་དབྱེ་བྱས་ན་གསོ་སྦྱོང་མི་བྱ་སྟེ། གསོ་སྦྱོང་འདི་མ་


K8Z004_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ཉིད་མ་ཡིན་ཏེ། དགག་དབྱེ་ཉིད་ཀྱི་གསོ་སྦྱོང་འགྲུབ་པ་ཉིད་ཡིན་ནོ། །དགག་དབྱེ་བྱས་ནས་ཀྱང་གསོ་སྦྱོང་མི་བྱའོ་ཞེས་ཕྲན་ཚེགས་ལས་གསུངས་སོ། །འོན་ཀྱང་དགག་དབྱེ་བྱས་ན་ཡང་ཞི་གནས་ཀྱི་གསོ་སྦྱོང་དང་བཀྲ་ཤིས་ཀྱི་གསོ་སྦྱོང་མི་བྱ་བ་ལ་སོགས་པ་ནི་མ་ཡིན་ནོ། །གསོ་སྦྱོང་གི་གསོལ་བ་འབའ་ཞིག་པའི་ལས་དང༌། དག་པའི་ཕན་ཡོན་དང་མ་དག་པའི་ཉེས་དམིགས་རྣམ་པར་བཞག་པ་འཛིན་དུ་གཞུག་པ་ནི་སོ་སོར་ཐར་པའི་མདོའི་དབུ་ལས་ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། ཞེས་པ་ནས་མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་པའི་བར་རོ། །དེ་དག་ནི་སྔར་བྱ་ཞིང་དེའི་རྗེས་ལ་སོ་སོར་ཐར་པའི་མདོ་དེ་གནོན་ནོ། །སོ་སོར་ཐར་པའི་མདོའི་དབུ་ན་བཤད་པའི་གླེང་གཞི་བསྟན་པ་དང༌། གསོ་སྦྱོང་གི་གསོལ་བ་འབའ་ཞིག་པའི་ལས་ནི་ཚིག་ཏུ་བརྗོད་པར་བྱ་བ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་གྱི། ཐོས་པ་བསྒྲགས་པས་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །གླེང་གཞི་འདོན་པ་དང་གསོལ་བ་ནི་ཚིག་ཏུ་བརྗོད་ནས་དེའི་ལྷག་མ་སྡེ་དྲུག་ནི་ཐོས་པ་བསྒྲགས་པས་ཀྱང་བསྒྲུབ་པར་བྱ་བ་རུང་བ་ཉིད་ཡིན་ནོ། །ཕམ་པའི་སྡེ་ཚན་ནམ་སྡེ་ཚན་གང་དང་གང་བརྗོད་པ་འདོན་པར་མགོ་བརྩམ་པའི་སྡེ་ཚན་ནི་འཕྲོ་ལ་མི་བཞག་པར་རྫོགས་པར་བྱ་དགོས་སོ། །ཕམ་པ་ལྷག་མ་མ་ངེས་པ་ལྟུང་བྱེད་སོར་བཤགས་ཉེས་བྱས་རྣམས་ཀྱི་བཞི་པ་ལྟུང་བྱེད་ཀྱི་སྡེ་ལས་སྤང་ལྟུང་གི་སྡེ་ལ་རེག་ན་དེ་མན་ཆད་རིལ་གྱིས་གདོན་དགོས་སོ། །གཉིས་པ་ལ། རང་གི་ལྟུང་བ་དག་པར་བྱ། །གཞན་གྱི་ལྟུང་བ་འདག་ཐབས་བསྟན། །རང་ལྟུང་དག་པའི་ཁྱད་པར་བསྟན། །གྲུབ་བ་མིན་ན་བྱིན་གྱིས་བརླབ། །གཞན་ལྟུང་དག་པའི་ཁྱད་པར་བརྗོད། །དང་པོ་ནི། གསོ་སྦྱོང་འདི་ལ་ཟླ་བ་


K8Z004_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་འདས་པའི་ཉེས་པ་བདག་ལ་བྱུང་བ་དེ་རྣམས་སོ་སོར་བརྟག་པར་བྱའོ། །གང་གིས་བརྟག་པར་བྱ་ཞེ་ན། དགེ་སློང་རྣམས་གསོ་སྦྱོང་གི་ཕྱིར་འདུ་བར་འགྱུར་བའི་མདུན་རོལ་དེར་རོ། །སོ་སོར་བརྟགས་ནས་ཇི་ལྟར་འདུག་པར་བྱ་ཞེ་ན། ལྟུང་བ་ངེས་པར་ཤེས་པའམ་ཡིད་གཉིས་དང་བཅས་པ་ཕྱིར་བཅོས་ཏེ་ལས་ཀྱི་གནས་ཐམས་ཅད་དུ་འདུག་པར་བྱའོ། །འདུག་པ་ན་དྲན་ནམ་ཡིད་གཉིས་ཟ་ན་ལས་བྱེད་པ་ལས་གཞན་པའི་དགེ་སློང་གིས་ནི་དྲུང་ན་མོ་སྟེ། རང་གི་ལྟག་འོག་གམ་དྲུང་ན་འདུག་པའི་དགེ་སློང་ལ་ལྟུང་བ་བྱིན་གྱིས་བརླབ་པའི་སྔགས་ལན་གཅིག་བརྗོད་པར་བྱའོ། །ཊཱི་ཀ་ལས། མདུན་ནས་བྱའི་གློ་ནས་མི་བྱའོ། །ཞེས་སོ། །མདོ་འདོན་པོ་ལྟ་བུ་ལས་བྱེད་པས་ནི་འདུག་པ་ན་དྲན་ནམ་ཡིད་གཉིས་ཟ་ན་སེམས་ཀྱིས་ལྟུང་བ་བྱིན་གྱིས་བརླབ་པར་བྱའོ། །ཊཱི་ཀ་ལས། འདི་དང་སྔ་མའི་བྱིན་གྱིས་བརླབ་པའི་སྐབས་སུ་ཧ་ཅང་ཡུན་རིང་ན་མི་མཛེས་པས་སྔགས་ལན་རེ་བཟླས་པས་ཆོག་སྟེ་ལན་གསུམ་མི་དགོས་སོ། །ཞེས་སོ། །གཉིས་པ་ནི། གལ་ཏེ་ཚེས་བཅོ་ལྔ་ལ་གསོ་སྦྱོང་གི་ཉིན་མོ་དགེ་སློང་བདག་གཅིག་པུ་ལྟུང་བ་དེ་དང་མི་ལྡན་ལ། གནས་དེ་ན་ཡོད་པའི་དགེ་སློང་གཞན་ཐམས་ཅད་ལྟུང་བ་མཐུན་པ་དང་ལྡན་པར་ཤེས་ན་དེའི་ཚེ་བེམ་དུ་མི་བོར་བར་གྲོགས་བཤེས་ལ་དྲང་པོར་མཐོལ་བཤགས་བྱེད་དུ་གཞུག་པར་འབད་པར་བྱའོ། །དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པའོ་ཞེས་དུམ་བུ་ཚུགས་སུ་མི་གླེང་བར་གྲོགས་པོ་མཛའ་བཤེས་དེ་ལ་ཚེ་དང་ལྡན་པ་ཞེས་བོས་ནས། གཞི་ཅི་ལས་གྱུར་པ་ལྟུང་བ་དེ་བརྗོད་དེ་ས་རྐོ་བ་འདི་དང་མེ་ལ་རེག་པ་འདི་ལྟ་བུ་བྱེད་པ་གང་ཡིན་པ་དེས་ཅིར་འགྱུར། གྲོགས་པོ་ན་རེ། ལྟུང་བ་དང་བཅད་པར་འགྱུར་རོ་ཟེར་ན། འོ་ན་ཚེ་དང་ལྡན་པས་ཀྱང་ས་རྐོ་


K8Z004_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་དང་མེ་ལ་རེག་པ་འདི་ལྟར་བྱས་སམ་ཞེས་དྲི་བར་བྱའོ། །བྱས་སོ་ཞེས་ཟེར་ན་དེ་ལ་འདི་སྐད་ཅེས། འོ་ན་ཚེ་དང་ལྡན་པ་ཡང་ལྟུང་བ་དང་བཅས་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །གྲོགས་པོ་ན་རེ། ཚེ་དང་ལྡན་པ་ཞེས་བོས་ནས་ལྟུང་བ་བྱུང་བ་ནི་ཁོ་བོ་གཅིག་པུར་མ་ཟད་ཀྱི་དགེ་འདུན་ཐམས་ཅད་དོན་ལྟུང་བ་དེ་དང་ལྡན་པ་ཡིན་ནོ་ཞེས་ཟེར་ན། ཀྱེ་ཚེ་དང་ལྡན་པ་ཞེས་བོས་ནས་ཅི་ཞེས་པ་ནི་གོ་རིམ་གྱི་དང་པོར་ཁྱོད་རང་གི་ལྟུང་བ་ཆོས་བཞིན་དུ་ཕྱིར་བཅོས་གྱིས་ཤིག །དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པ་འདི་ཉིད་ཀྱིས་ཁྱོད་ལ་དག་པར་ཅིར་འགྱུར་ཞེས་བྱ་བ་དེ་ལྟ་བུའི་རིམ་པ་རྩོམ་པས་གྲོགས་པོ་དེ་དགེ་འདུན་གཞན་ཐམས་ཅད་ཀྱི་མིག་ལམ་དུ་དེ་ལྟུང་བ་འཆགས་པ་དགེ་འདུན་གཞན་གྱིས་མཐོང་ནས། འོ་ན་ངེད་རྣམས་ལ་ཡང་ལྟུང་བ་དེ་བྱུང་ངོ་ཞེས་ཟེར་ན་ལྟུང་བ་དེ་བཤགས་ཟིན་པའི་དགེ་སློང་དེ་མ་གཏོགས་པའི་དགེ་སློང་ལྷག་མ་དགེ་སློང་གཞན་རྣམས་ཀྱང་ལྟུང་བ་དེ་ཆོས་བཞིན་དུ་བཤགས་པར་བྱེད་པར་འདོད་པ་རྣམས་ལྟུང་བ་འཆགས་སུ་གཞུག་གོ། །གསོ་སྦྱོང་དང་དགག་དབྱེ་འདི་ལ་ཉེས་པ་གླེང་བར་མི་འདོད་པའི་དགེ་སློང་དེ་ལ་དེའི་ཚེ་ལྟུང་བ་གླེང་བར་མི་བྱའོ། །གསུམ་པ་ནི། གལ་ཏེ་ཚེས་བཅོ་ལྔ་ལ་གསོ་སྦྱོང་གི་ཉིན་མོ་དགེ་འདུན་ཐམས་ཅད་ཀྱིས་བདག་ཅག་ལ་ལྟུང་བ་མཐུན་པར་ཡོད་པར་ཤེས་སམ། ཡིད་གཉིས་སུ་གྱུར་ན་ནི་བཤགས་མི་བཏུབ་པས་ལྟུང་བ་བྱིན་གྱིས་རློབ་དགོས་པར་ལུང་དང་ཀར་ཤ་ལས་གསུངས་སོ། །གནས་དེའི་དགེ་སློང་ཐམས་ཅད་ལ་ལྟུང་བ་མཐུན་པར་ཡོད་པར་ཤེས་ན་ནི་དགེ་འདུན་རིལ་གྱིས་གནས་གཞན་དུ་ལྟུང་བ་མཐོལ་བཤགས་བྱེད་དུ་འདོང་བ་ནི་མི་རིགས་ཀྱི། དགེ་སློང་གཅིག་གིས་དགེ་སློང་དེ་དག་གི་ལྟུང་བ་བཤགས་པ་ལེན་


K8Z004_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་ན་དགེ་སློང་ལྟུང་བ་མེད་པར་འགྱུར་བ་ཞིག་བསྒྲུབ་པའི་ཕྱིར། དགེ་སློང་དག་གི་ནང་ནས་དགེ་སློང་འགའ་ཞིག་རང་གི་ལྟུང་བ་ཕྱིར་བཅོས་པའི་དོན་དུ་མིང་རིགས་མཐུན་པའི་ལྟུང་བ་མེད་པའི་དགེ་སློང་གང་ན་འདུག་པའི་གནས་གཞན་དུ་ལྟུང་བ་བཤགས་པ་བྱེད་ཏུ་བཏང་བར་བྱའོ། །དེས་རང་གི་ཕྱིར་བཅོས་ཏེ་སླར་འཁོར་ནས་དེའི་མདུན་དུ་དགེ་སློང་གཞན་ཐམས་ཅད་ཀྱིས་རང་རང་གི་ལྟུང་བ་ཕྱིར་བཅོས་པར་བྱའོ། །བཞི་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནི། དང་པོ་ལ། བྱིན་གྱིས་བརླབ་པའི་དོན་ནི་སྦྱིར་ལྟུང་བ་ལ་འཛེམ་པ་དང༌། དེ་ལྟ་ཕྱིར་འཆོས་པའི་རྐྱེན་མ་འཛོམ་པ་དང༌། རྐྱེན་འཛོམ་ན་ཕྱིར་འཆོས་པ་གོ་བར་བྱེད་པའམ། དེ་ལྟར་དམ་འཆའ་བའོ། །དེའང་བྱིན་གྱིས་བརླབ་པའི་དགོས་པ་ནི་ལས་ཀྱི་ཁ་སྐོང་བར་འོས་པ་དང༌། གནས་སྐབས་དེར་ངག་རྫུ་ལ་ལེན་པའི་ཉེས་པ་མི་འབྱུང་ངོ༌། །གཉིས་པ་བསྡུས་པའི་དོན་ལ་གཉིས་ཏེ། ལས་ཀྱི་གནས་སུ་མ་འདུས་པས་བྱིན་གྱིས་བརླབ་པ་དང༌། འདུས་པས་བྱིན་གྱིས་བརླབ་པའོ། །དང་པོ་ལ་བཞི་ལས། དང་པོ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབ་པ་ནི། དགེ་སློང་ཆོས་བདུན་ལྡན་གྱིས་མདུན་དུའོ། །གཉིས་པ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི། རྟེན་ཆོས་ལྔ་ལྡན་ལས་སྔར་དང་འདྲ་བ་སྟེ་ཕམ་པས་མ་གོས་པའི་བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། གནས་ནས་མ་ཕྱུང་བ་དང༌། དངོས་སུ་ཕྱིར་འཆོས་པའི་རྐྱེན་དང་མི་ལྡན་པའོ། །ཐ་མ་ནི་ཕྱིར་འཆོས་པའི་ཡུལ་མེད་པ་དང༌། ཡུལ་གྱི་གྲངས་མ་ཚང་བ་དང༌། ཡུལ་དང་ལྟུང་བ་མཐུན་པ་དང༌། ཀར་ཤ་ལས། ཐམས་ཅད་ལྟུང་བའི་ཕྱིར་རྩོད་པ་དང་བཅས་པ་དང༌། ཀར་ཤ་ལས། ལྟུང་བ་དེ་ནི་


K8Z004_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན། དེ་ལས་ཇི་ལྟར་ནི་ལྡང་བར་འགྱུར་ཞེས་བྱ་བ་ལ་སོགས་པས་ངེས་པ་ཉིད་མ་ཡིན་པ་དང༌། ཀར་ཤ་ལས། དགེ་འདུན་ཐམས་ཅད་ལྟུང་བ་ལ་ཡིད་གཉིས་དང་བཅས་པ་གྱུར་ན་ཡིད་གཉིས་སུ་གྱུར་པ་དང༌། ཆད་པའི་ལས་སྔོན་དུ་མ་སོང་བ་བདུན་ལས་གང་ཡང་རུང་བ་ལས་སོ། །ཞེས་གསུངས་སོ། །གཞན་དུ་ན་རྐྱེན་མེད་པས་ལྟུང་བ་བྱིན་རླབས་མི་ཆགས་སོ། །གསུམ་པ་ལྟུང་བ་གང་བྱིན་གྱིས་བརླབ་པ་ནི། ལྟུང་བ་ཆོས་བཞི་ལྡན་ཏེ། བྱིན་གྱིས་བརླབས་པས་འདག་ཏུ་རུང་བ་ཡིན་པ་སྟེ། དེ་ནི་ཕམ་པ་དང་བསྡམ་བྱ་ལས་གཞན་པའི་ལྟུང་བ་སྟེ་ཕམ་པ་ལ་བྱིན་རླབས་མི་ཆགས་ཤིང༌། བསྡམ་བྱ་ལའང་བྱིན་རླབས་མི་ཆགས་ཏེ་དངོས་སུ་ཕྱིར་བཅོས་པར་ནུས་པ་ཉིད་ཡིན་ན་ནི་མི་འགྱུར་རོ། །ཞེས་གསུངས་པས་ཞེས་སོ། །བདག་གི་རྒྱུད་དང་འབྲེལ་བར་ཡོད། ངོ་ཤེས་སམ་ཡིད་གཉིས་ཟ་བ་དང༌། གཞི་དེ་ལས་བྱུང་བ་མ་ཡིན་པ་སྟེ། དང་པོ་གསུམ་ལས་གཞན་དུ་བྱིན་རླབས་མི་ཆགས་པའི་ཕྱིར་དང༌། ཐ་མ་ལས་གཞན་དུ་ན་བྱིན་གྱིས་བརླབ་མི་དགོས་པའི་ཕྱིར་རོ། །བཞི་པ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི། གང་ཟག་གིས་ལྟུང་བ་བྱིན་གྱིས་རློབ་པ་ནི་སྔགས་རྣམ་པར་བཞག་པ་ལན་གསུམ་བརྗོད་པས་སོ། །གཉིས་པ་ལས་ཀྱི་གནས་སུ་འདུས་པས་བྱིན་གྱིས་བརླབ་པ་ལ་གཉིས་ལས། དང་པོ་དགེ་འདུན་ཐམས་ཅད་ཀྱི་ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབ་པ་ནི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་སོ། །གཉིས་པ་གང་ཟག་གི་ལས་ཀྱི་གནས་སུ་འདུས་པ་ན་ལྟུང་བ་བྱིན་གྱིས་བརླབས་པ་ནི། དེའི་ཚེ་ན་གང་ཟག་གིས་ཕྱིར་འཆོས་པའི་རྐྱེན་འཛོམ་ཡང་བྱིན་གྱིས་བརླབས་ཏེ་དགེ་འདུན་འགོར་བ་སྤང་བའི་ཕྱིར་རོ། །དེ་ཡང་ལས་ཀྱི་ཁ་སྐོང་བར་བྱེད་པས་ནི་དྲུང་


K8Z004_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལ་སྔགས་ལན་གཅིག་གོ། །ལས་བྱེད་པས་ནི་སྔགས་ཞེས་པ་སྤངས་ཏེ་སྔགས་ལན་གཅིག་ཡིད་ཀྱིས་བཀླག་པའམ། ངག་ཏུ་བརྗོད་ན་ཡང་གཞན་གྱིས་མི་ཐོས་པར་བརྗོད་པའོ། །གཉིས་པ་ནི། དེ་ལྟར་དགེ་སློང་གནས་གཞན་དུ་བཏང་བ་དེ་མ་གྲུབ་ན་དགེ་སློང་གི་དགེ་འདུན་གྱི་ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་བྱ་བར་འདོད་པར་བྱའོ། །ལྔ་པ་ནི། གཙུག་ལག་ཁང་གཅིག་ན་དགེ་སློང་བཞི་ལས་ཉུང་བ་དགེ་སློང་གསུམ་མམ་གཉིས་སམ་གཅིག་ཁོ་ན་འདུག་པ་ཉིད་ལའང་དགེ་འདུན་མང་དུ་འཁོད་པའི་ཚུལ་བཞིན་དུ་གཙུག་ལག་ཁང་གི་བྱ་བ་ཕྱགས་བདར་ལ་སོགས་པ་ནི་གདོན་མི་ཟ་བར་བྱ་དགོས་པར་གནས་པ་ཁོ་ན་ཡིན་ནོ། །བཞི་ལས་ཉུང་བ་ཉིད་གནས་ཀྱང་དེར་དགེ་སློང་མ་འོང་བ་དག་འོང་སྲིད་པས་དེའི་དོན་དུ་སྟན་ཐབས་ཏེ། སྟན་བཤམས་པའི་བྱ་བ་ཉམས་པར་མི་བྱའོ། །སྟན་འདིང་བ་ཡང་ཉམས་པར་མི་བྱའོ་ཞེས་འགྲེལ་ཆུང་གི་མདོ་རྩ་བ་ལས་བཤད་དོ། །དེའི་འགྲེལ་ཆུང་ལས། དགེ་འདུན་མ་ཚང་ཡང་དགེ་འདུན་མང་དུ་འཁོད་པ་བཞིན་དུ་སྟན་ལ་སོགས་པ་འདིང༌། ཞེས་སོ། །བཞི་ལས་ཉུང་བ་གནས་པའི་དགེ་སློང་དེས་གཙུག་ལག་ཁང་དེར་གསོ་སྦྱོང་གི་ཉིན་མོ་ཆག་ཆག་དང༌། ཕྱགས་བདར་དང༌། ལྕི་བ་སར་པས་བྱུག་པ་བྱ་བ་དང༌། སེང་གེའི་ཁྲི་བཤམ་པ་དང༌། མར་མེ་གཟུག་པ་དང༌། ཆོས་ཉན་དུ་གཞུག་པ་དག་བྱས་ལ་ཕྱོགས་ཆེས་མཐོན་པོར་འདུག་སྟེ། དགེ་སློང་དག་འོང་ངམ་མི་འོང་ཕྱོགས་བཞིར་རྣམ་པར་བལྟ་བར་བྱའོ། །དེས་རྣམ་པར་བལྟས་པ་ན་དགེ་སློང་དག་འོང་བ་སྣང་ན། ཀྱེ་ཚེ་དང་ལྡན་པ་མྱུར་བར་མྱུར་བར་ཤོག་ཅིག །དེང་དགེ་འདུན་གྱི་གསོ་སྦྱོང་ངམ། དགག་དབྱེ་བཅོ་ལྔ་པ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །


K8Z004_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གསོ་སྦྱོང་བྱིན་གྱིས་བརླབ་པའི་དགོས་པ་ནི། གསོ་སྦྱོང་མ་བྱས་པའི་ཉེས་པ་ཁེགས་པ་དང༌། བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབ་པ་ནི། དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །གཉིས་པ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི། རྟེན་ཆོས་ལྔ་ལྡན་སྔར་བཤད་པ་དང་འདྲ་བ་ལ། དང་པོ་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། ཐ་མ་ནི་མཐུན་པའི་གསོ་སྦྱོང་དངོས་ཉིད་དུ་བྱེད་པའི་རྐྱེན་དང་མི་ལྡན་པ་སྟེ། གཞན་དུ་ན་གསོ་སྦྱོང་བྱིན་གྱིས་བརླབ་པ་མི་འཆགས་སོ། །གསུམ་པ་དུས་གང་གི་ཚེ་བྱིན་གྱིས་བརླབ་པ་ནི། ཉ་ཤིའི་དུས་སུ་སྟེ་གཞན་དུ་མ་དུས་མ་ཡིན་པས་མི་འཆགས་སོ། །བཞི་པ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་གཙུག་ལག་ཁང་གི་བྱ་བ་རྗེས་སུ་བསྒྲུབ་པ་ལ་སོགས་པ་དང༌། དངོས་གཞི་སྔགས་རྣམ་པར་བཞག་པ་ལན་གསུམ་བརྗོད་པ་སྟེ། རང་གཅིག་པུས་བྱིན་གྱིས་རློབ་པ་ན་སྔགས་ཞེས་སྤངས་ཏེ་བརྗོད་བསླབ་པ་རྒན་པས་གཞོན་པ་ལ་བརྗོད་ནའང་སྔགས་རྗེས་སུ་སྤངས་ཏེའོཔའོ། །ཚུལ་ཇི་ལྟར་བརྗོད་ཅེ་ན། འགྲེལ་ཆུང་ལས། དགྲ་བཅོམ་པ་བཞུགས་པར་བསམ་ཏེ་བརྗོད་ཅེས་བཤད་དོ། །རྣམ་པར་དག་པའི་ལྷའམ་བསྟན་པ་ལ་མངོན་པར་འདོད་པའི་ལྷ་རྣམས་དགོངས་སུ་གསོལ་ཞེས་སོ། །མཇུག་ནི་བརྗོད་ཡུལ་ཡོད་ན་ཐབས་ཡིན་ནོ་ལེགས་སོ་ཞེས་བརྗོད་པའོ། །གཉིས་པ་ནི། དགེ་སློང་བཞིར་མ་ཚང་ན་གསོ་སྦྱོང་དང་དགག་དབྱེའི་དུས་ཀྱི་བར་ཏེ་སྐྱ་རེངས་མ་ཤར་བ་ཚུན་ཆད་དུ་བསྡད་དེ་གསོ་སྦྱོང་དང་དགག་དབྱེ་བྱིན་གྱིས་བརླབ་པར་བྱའོ། །མ་མོ་ལས། དྲོ་ལ་བབ་ཀྱི་


K8Z004_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་བསྡད་དེ་བྱིན་གྱིས་བརླབས་གསུངས་ཀྱང་དྲོ་ལ་བབ་པ་ནི་མཚོན་པ་ཙམ་མོ། །དེའི་དམིགས་བསལ་ནི། མ་རྣམས་ཀྱི་ཊཱི་ཀ་ལས། རྐྱེན་བྱུང་ན་ནི་ཉི་མ་འཆར་ཀའི་ཚེ་ན་གསོ་སྦྱོང་མ་བྱས་པའི་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཞེས་གསུངས་ཏེ། དེས་ན་རྐྱེན་བྱུང་ན་སྐྱ་རེངས་དང་པོ་དང་བར་པ་ཤར་ཡང་ཉི་མ་འཆར་ཀའི་སྔ་རོལ་ཏུ་བྱིན་གྱིས་བརླབས་པས་ཉེས་པ་ཁེགས་པའང་སྲིད་པ་ཁོ་ནས་སོ། །ཊཱི་ཀ་ལས། སྐྱ་རེངས་མ་ཤར་ཚུན་ཆད་དུ་བསྡད་དེ། ཞེས་བཤད་པ་དེའང་མཚོན་པ་ཙམ་སྟེ། ཚེས་བཅོ་ལྔ་དེ་ལ་གནས་དེར་ཕྱིས་དགེ་སློང་གཞན་མི་འོང་བར་ངེས་པ་ཐོབ་པ་ན་གསོ་སྦྱོང་བྱིན་གྱིས་བརླབ་བོ། །འགྲེལ་ཆུང་ལས། སྐྱ་རེངས་ཤར་ཤར་གྱི་བར་དུ་བསྡད་ཅེས་བཤད་པ་ནི་སྐྱ་རེངས་ཀྱི་སྔ་རོལ་ཏུ་བསྡད་པ་སྟེ། སྐྱ་རེངས་ཤར་ཟིན་ནས་བྱིན་གྱིས་བརླབས་ཀྱང་མི་ཕན་ནོ། །ཞེས་སོ། །གནས་དེ་ན་དགེ་སློང་རང་གཅིག་པུ་འབའ་ཞིག་ཡོད་ན་སྦྱོད་ལམ་འདུག་སྟེ་གསོ་སྦྱོང་དང་དགག་དབྱེ་བྱིན་གྱིས་བརླབ་བོ། །དགེ་སློང་རང་ཉིད་མ་གཏོགས་པ་ལྷག་མ་ཟླའུ་དགེ་སློང་གཞན་གཅིག་དང་བཅས་པ་སྟེ། དགེ་སློང་གཉིས་འདུག་པ་ཉིད་ཡིན་ན་མདུན་དུ་ཙོག་ཙོག་པུར་འདུག་སྟེ། གསོ་སྦྱོང་དང་དགག་དབྱེ་བྱིན་གྱིས་བརླབ་པར་བྱའོ། །གནས་དེ་ན་དགེ་སློང་གསུམ་ཡོད་ན་གསུམ་ཆར་འཁོད་དེ་འདུག་ལ་བྱིན་གྱིས་བརླབ་པར་བྱའོ། །ཚུལ་ནས་འབྱུང་བའི་ཚེ་ནི་དགེ་སློང་ལྔར་མ་ཚང་ན་དགག་དབྱེ་ལས་སུ་མི་རུང་སྟེ། དགེ་སློང་བཞིའི་དགག་དབྱེ་བྱིན་གྱིས་བརླབ་པར་བྱ་བ་ཡང་གསོ་སྦྱོང་བྱིན་གྱིས་བརླབ་པ་དེ་བཞིན་ནོ། །ཊཱི་ཀ་ལས། དགེ་སློང་བཞིས་དགག་དབྱེ་བྱིན་གྱིས་བརླབ་པར་བྱ། ཞེས་སོ། །དགག་དབྱེ་བྱིན་གྱིས་བརླབ་པ་ནི། འགྲེལ་ཆུང་ལས། སང་ཕོད་ཀྱི་ཚུལ་ནས་བྱུང་བའི་ཚེས་གྲངས་བརྩི་


K8Z004_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །ཞེས་བསམས་ཏེ་ཞེས་བཤད་དོ། །འོ་ན་ལུང་གཞི་ལས། གང་ན་དགེ་སློང་བཞི་གནས་པར་ནི་དེ་དག་གིས་གསོལ་བ་བྱས་ལ་དགག་དབྱེ་བྱའོ། །དགག་དབྱེ་བྱེད་པའི་དགེ་སློང་ནི་བསྐོ་བར་མི་བྱའོ། །ཞེས་དང༌། བསྡུས་པ་ལས་ཀྱང༌། དེ་ལྟར་བཤད་པ་དང་འགལ་སྙམ་ན། མིན་ཏེ། ཊཱི་ཀ་ལས། དགེ་སློང་བཞིས་དགག་དབྱེ་བྱིན་གྱིས་བརླབ་པར་བྱའོ། །ཞེས་གསུངས་པ་དེ་ངེས་དོན་དུ་བཟུང་སྟེ། ལུང་ལས་གསུངས་པ་ལྟར་དགེ་སློང་བཞིས་དགག་དབྱེའི་དངོས་གཞི་ཆགས་ཀྱང་ཉེས་བྱས་སུ་འགྱུར་བའི་ཕྱིར་ཏེ། ཉེས་བྱས་སུ་འགྱུར་བ་དེ་ཡང་བསྐོ་བའི་ཆོ་ག་མི་ཚང་བའི་ཕྱིར་དང༌། ལས་གཞིའི་ཊཱི་ཀ་ལས། དགེ་སློང་གསུམ་ལ་དགེ་སློང་གཅིག་གིས་དགག་དབྱེ་བྱར་མི་རུང་བའི་ཕྱིར། ཞེས་གསུངས་པས་སོ། །བཞི་པ་ལ། གསོ་སྦྱོང་མེད་པར་བསྡད་མི་བྱའོ། །དངོས་དང་དམིགས་བསལ་ཞར་བྱུང་བསྟན། །གསོ་སྦྱོང་ས་ནས་མི་འགྲོ་བའི། །དངོས་དང་དམིགས་བསལ་ཞར་བྱུང་བརྗོད། །དང་པོ་ནི། གསོ་སྦྱོང་གི་དུས་དེའི་ཚེ་གཙུག་ལག་ཁང་ལ་སོགས་པའི་གནས་ཁང་ན་གསོ་སྦྱོང་གི་སོ་སོར་ཐར་པའི་མདོ་འདོན་ནུས་པ་མེད་པར་ཤེས་ན་དེའི་ཚེ་གནས་དེར་གསོ་སྦྱོང་གི་དུས་ལ་ཐུག་གི་བར་དུ་དེར་བསྡད་པར་མི་བྱའོ། །གཙུག་ཁང་སོགས་གནས་གང་ན་སོ་སོར་ཐར་པའི་མདོ་འདོན་ནུས་པ་མེད་པའམ། དགེ་འདུན་གྲངས་མ་ཚང་བས་གསོ་སྦྱོང་དེ་ལས་འདའ་བ་སྟེ། གསོ་སྦྱོང་མི་བྱེད་པའི་གནས་དེར་ཉེ་བར་འགྲོ་བར་མི་བྱའོ། །མདོ་འདོན་ནུས་པ་མེད་པར་ཤེས་ན་དབྱར་གནས་པར་ཁས་བླངས་པ་ཕྱི་མའི་གོང་མ་བསྲུང་བར་མི་བྱའོ། །དབྱར་གནས་པར་ཁས་བླངས་པ་ཕྱིས་དེ་ལ་ཡང་ཟླ་བ་གཉིས་བསྲུང་གི། དེ་ལས་ལྷག་པ་ཟླ་བ་གསུམ་བསྲུང་བར་མི་བྱའོ། །མལ་


K8Z004_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་སོགས་གནས་དང་ཁང་བཟང་སྦྱིན་ནོ་ཞེས་གནས་བསྟབ་པ་དང༌། ལག་གི་བླ་ལ་སོགས་པ་ལས་སུ་མི་བསྐོ་ཞིང་ཡིད་དལ་དུ་བཞག་པ་བསྟབ་པ་དང༌། ཆོས་གོས་དང་སྣུམ་བག་ལ་སོགས་པའི་རྙེད་པ་བསྟབ་པ་དང༌། གཡོག་བྱེད་པའི་བསྙེན་བཀུར་བསྟབ་པས་གསོ་སྦྱོང་གི་སོ་སོར་ཐར་པའི་མདོ་འདོན་པར་བྱེད་པ་གཉེར་བ་སྟེ་སྤྱན་དྲང་བར་བྱའོ། །དོན་གྱི་སྒོ་དང་ཚིག་གི་སྒོ་ནས་མདོ་སྡེ་འཛིན་པ་འོང་བ་ཐོས་ན། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དག་གིས་བསུ་བར་བྱའོ། །འདུལ་བ་དང་མ་མོ་འཛིན་པ་ལ་ཡང་བསུའོ། །ལམ་ཇི་སྲིད་དུ་བསུ་ཞེ་ན། དཔག་ཚད་ཕྱེད་དང་གསུམ་དུའོ། །དེ་ཙམ་དུ་མ་ནུས་ན་རྒྱང་གྲགས་ལྔར་རོ། །དེས་མ་ནུས་ན་རྒྱང་གྲགས་གསུམ་མམ་དཔག་ཚད་ཕྱེད་དམ། རྒྱང་གྲགས་ཕྱེད་དམ་ཁྱམས་སུ་ཡང་བསུ་བར་རུང་ངོ༌། །བསུ་བ་ཇི་ལྟར་བྱ་ཞེ་ན། ངག་གིས་བཤེས་པའི་ཚིག་གིས་བསུ་ནས་ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ། །གུད་ནས་འོངས་ཏེ་བསུ་བ་ལ་ཁྲུས་ཆབ་བསྟབ་ཅིང༌། དུས་དང་མཐུན་པའི་ཚུལ་ཁྲུས་བྱའོ། །གུད་ནས་འོང་བ་བསུ་བ་ན་དགེ་འདུན་ལ་ཡང་སྣུམ་བག་གི་རྙེད་པ་འབུལ་བར་བྱའོ། །སྡེ་སྣོད་འཛིན་པ་དེ་ལ་གནས་ཁང་ལ་སོགས་པ་ལས་དང༌། རྙེད་པ་དང་བསྙེན་བཀུར་བྱ་བ་བསྟབ་པ་སྦྱིན་ནོ། །ཆོས་ཉན་པ་ཡང་སྦྱིན་ནོ་ཞེས་སྦྱར་རོ། །དེར་ཐམས་ཅད་ཀྱི་སྤྲོ་བ་བསྐྱེད་པར་བྱ་ཞིང་སེང་གེའི་ཁྲི་ལ་སོགས་པ་བྱའོ། །ཐམས་ཅད་ཀྱིས་བརྗོད་པ་ནི་མི་བྱ་སྟེ་ཅ་ཅོར་འགྱུར་པའི་ཕྱིར་རོ། །དགེ་སློང་ཕྲག་དོག་ཅན་གཞན་མཁས་ཤིང་བཀུར་གྱིས་དོགས་པ་ལ་མདོ་སྡེ་འཛིན་པ་ལ་སོགས་པ་འདི་དག་སྟོན་པའི་བསྟན་པ་འཛིན་པ་ཡིན་ནོ། །བཀུར་སྟི་བྱ་བར་རིགས་སོ། །དེ་ལ་ཕྲག་དོག་སྐྱེས་ན་སྡིག་ཏུ་འགྱུར་བས་མ་བྱེད་ཅིག་ཅེས་གོ་བར་བྱའོ། །གཉིས་


K8Z004_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། དགེ་སློང་གསོ་སྦྱོང་དང་དགག་དབྱེ་མ་བྱས་པར་གསོ་སྦྱོང་དང་དགག་དབྱེ་དེའི་ཉིན་མོ་གནས་གང་ན་རང་གི་གསོ་སྦྱོང་དང་དགག་དབྱེ་ཡོད་པའི་གནས་ནས་གནས་གཞན་དུ་འགྲོ་བར་མི་བྱ་སྟེ། ཐམས་ཅད་དུའམ་ཞེ་ན། གལ་ཏེ་གསོ་སྦྱོང་དང་དགག་དབྱེའི་ཉིན་ཞག་དེ་ཉིད་ཀྱི་ཚེ་གནས་གཞན་དུ་སོང་བ་དེ་རང་གི་གསོ་སྦྱོང་དང་དགག་དབྱེ་ཡོད་པའི་གནས་རྣམ་པ་དེ་ལྟ་བུར་ཕྱིན་པར་འགྱུར་ན་ཉེས་པ་མེད་པས་རྣམ་པ་དེ་ལྟ་བུར་ཕྱིན་པའམ། གནས་དེ་ན་འཐབ་ཀྲོལ་ཅན་འཁོད་པ་དག་དང་བྲལ་བར་འགྱུར་ན་ནི་དེའི་ཚེ་གནས་གཞན་དུ་འགྲོ་བ་ལ་ཉེས་པ་མེད་དོ། །དེས་ན་འཐབ་ཀྲོལ་ཅན་དག་དང་འབྲལ་བའམ། དགེ་སློང་སྤྱོད་པ་བཟང་པོ་དག་དང་ཕྲད་པར་འགྱུར་བའི་སེམས་པས་འགྲོ་ན་ནི་གསོ་སྦྱོང་དང་དགག་དབྱེ་བྱེད་པའི་གནས་གཞན་དུ་འགྲོ་ཡང་ཉེས་པ་མེད་དོ། །དེས་ན་གཞན་དུ་སོང་ན་ཚངས་པ་མཚུངས་པར་སྤྱོད་པའི་དགེ་སློང་སྤྱོད་པ་བཟང་པོ་ཡོངས་སུ་དག་པ་ལྟ་བ་མཐུན་པ་དག་དང་ཕྲད་པ་དེ་ལྟ་བུར་འགྲོ་བ་ཉིད་མ་ཡིན་ན་དེའི་ཚེ་ན་འགྲོ་བར་མི་བྱའོ། །སྤྱོད་པ་བཟང་པོ་ཅན་གྱི་དགེ་སློང་དང་བཅས་པའི་གནས་དེ་ན་གསོ་སྦྱོང་ལ་སོགས་པའི་ལས་ཡོད་པའམ། གསོ་སྦྱོང་བྱིན་གྱིས་རློབ་པ་ཙམ་ལས་གསོ་སྦྱོང་ལ་སོགས་པ་གང་ཡང་མེད་པ་ཉིད་ཡིན་ཀྱང་སྤྱོད་པ་བཟང་པོ་ཅན་གྱི་དགེ་སློང་དང་བཅས་པའི་གནས་དེ་ནས་འཐབ་ཀྲོལ་ཅན་གྱི་དགེ་སློང་དང་བཅས་པར་འགྲོ་བར་མི་བྱའོ་སྟེ། འཐབ་ཀྲོལ་ཅན་གྱི་དགེ་སློང་དང་བཅས་པ་གསོ་སྦྱོང་ལ་སོགས་པ་ལས་ཐམས་ཅད་པ་བྱེད་པའི་གནས་སུ་ཡང་འགྲོ་བར་མི་བྱ་ན། ལས་ཐམས་ཅད་མི་བྱེད་པའི་གནས་སུ་ལྟ་ཅི་སྨོས་ཞེས་བསྟན་ཏོ། །དགེ་སློང་དང་བཅས་པའི་གནས་དང༌། དགེ་སློང་དང་བཅས་པའི་གནས་མ་ཡིན་པ་དང་


K8Z004_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དང་བཅས་པའི་གནས་དང་གནས་མ་ཡིན་པ་སྟེ་གསུམ་ལས། དང་པོ་ནི། གསོ་སྦྱོང་ལ་སོགས་པ་ལས་ཐམས་ཅད་ཡོད་པའི་གནས་སོ། །གཉིས་པ་ནི། ལས་ཀྱི་ཆོ་ག་གང་ཡང་མེད་པ་སྟེ་ལས་ཀྱི་ཆོ་ག་ཡོད་པའི་གནས་མ་ཡིན་པའོ། །གསུམ་པ་ནི། ལས་བརྒྱ་རྩ་གཅིག་གི་ཁ་ཅིག་ཡོད་ལ། ཁ་ཅིག་མེད་པ་སྟེ་དེ་ལྟར་ལུང་ལས་གསུངས་སོ། །དེ་ལྟར་ན་དགེ་སློང་དང་གནས་པ་གསུམ་པོ་དེ་དག་གང་ཡང་རུང་བ་ནས་གཙུག་ལག་ཁང་སྟོང་པ་ལ་སོགས་པ་དགེ་སློང་མེད་པར་དགེ་སློང་ཟླའུ་གཞན་རྣམས་དང་ལྷན་ཅིག་ཏུ་འགྲོ་བ་ལ་ཉེས་པ་མེད་པས། དགེ་སློང་རང་གི་ཟླའུ་ལྷག་མ་དགེ་སློང་གཞན་རྣམས་དང་ལྷན་ཅིག་མ་ཡིན་པའམ་སྟེ་ལྷག་མ་རྣམས་དང་ལྷན་ཅིག་ཏུ་འགྲོ་བར་བྱའོ། །རྣམ་པ་ཐམས་ཅད་དུའམ་ཞེ་ན། ཚུལ་ཁྲིམས་དང་སྲོག་ལ་སོགས་པ་ལ་གནོད་པའི་དབང་མ་གཏོགས་པ་དང༌། ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་ལུས་སེམས་དགེ་བ་བྱ་བ་ལས་ལས་སུ་རུང་བར་འགྱུར་བའི་དབང་མ་གཏོགས་པར་འགྲོ་བར་མི་བྱའོ། །གསོ་སྦྱོང་དང་དགག་དབྱེ་བྱས་པས་ཀྱང་ལུས་སེམས་ཤིན་ཏུ་སྦྱངས་པ་འདིས་ཚུལ་ཁྲིམས་གསོ་བ་ཆེས་ལྷག་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ལུས་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་པའི་ཕྱིར་གསོ་སྦྱོང་དང་དགག་དབྱེ་བྱིན་གྱིས་བརླབས་པ་ཙམ་དུ་བཤོལ་བ་ནི་རིགས་པ་ཁོ་ན་ཡིན་ནོ་ཞེས་ཊཱི་ཀ་ལས་སོ། །ལུང་གཞི་ལས། ལྷན་ཅིག་གནས་པ་དང་ཉེ་གནས་ལྗོངས་རྒྱུར་འགྲོ་བའི་ཕྱིར། ཞེས་གསུངས་ལ། ཊཱི་ཀ་ལས། མཁན་པོ་ལ་སོགས་པ་གནས་གང་ཡིན་པ་བདག་ཉིད་གཞན་དུ་འགྲོ་བའི་ཕྱིར། ཞེས་བཤད་པས་བཤད་ལུགས་གཉིས་ཀ་རུང་མོད། མདོ་འོག་མ་དང་སྦྲེལ་ན་ཊཱི་ཀ་འཆད་ལུགས་ཉིད་དོན་ལ་འབྲེལ་ཆགས་སོ། །གནས་པ་སློབ་


K8Z004_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསོ་སྦྱོང་དང་དགག་དབྱེའི་ཉིན་མོར་གསོ་སྦྱོང་དང་དགག་དབྱེ་མ་བྱས་པར་དོར་བར་མི་བྱའོ། །གཞན་དུ་མ་སོང་ན་ཚུལ་ཁྲིམས་དང་སྲོག་ལ་སོགས་པའི་བར་ཆད་ཀྱི་རྐྱེན་དེ་ལྟ་བུ་ཉིད་ཡོད་ན། དེའི་ཉིན་མོར་སློབ་མ་ལ་གནས་གང་ན་དགེ་སློང་སྤྱོད་པ་བཟང་པོ་དང་ལྡན་པ་དང༌། གསོ་སྦྱོང་གི་སོ་སོར་ཐར་པའི་མདོ་འདོན་པ་དང་ལྡན་པ། འདུག་པའི་གནས་བསྟན་ནས་དེར་སོང་ཞིག་ཅེས་གནས་དེར་འགྲོ་གཞུག་པར་བྱའོ། །ཊཱི་ཀ་ལས། བདག་ཉིད་ཀྱང་དེའི་ཉིན་མོར་འགྲོ་བར་བྱའོ། །དེ་ལྟར་གནས་ཀྱི་བསྒོ་བའི་ཚིག་དེ་ལས་གནས་པས་འདའ་བར་མི་བྱའོ། །ལྔ་པ་ནི། དགེ་སློང་ཁ་ཅིག་གསོ་སྦྱོང་དང་དགག་དབྱེ་བྱས་ཟིན་པ་ན་དགེ་སློང་དག་ཕྱིས་འོང་ན་ཕྱིས་འོང་པ་རྣམས་ཀྱི་དོན་དུ་གསོ་སྦྱོང་དང་དགག་དབྱེ་དེ་གཉིས་སླར་ཡང་བསྐྱར་ཏེ་བྱར་རུང་ངོ༌། །གལ་ཏེ་དགེ་སློང་སྔ་མ་རྣམས་ཀྱིས་གསོ་སྦྱོང་དང་དགག་དབྱེ་དེ་གཉིས་ལེགས་པར་བྱས་ཟིན་ན་ཕྱིས་འོང་རྣམས་ཀྱི་དོན་དུ་གསོ་སྦྱོང་དང༌། དགག་དབྱེ་བྱ་བ་དེ་ལ་དགེ་སློང་སྔ་མ་རྣམས་ཀྱིས་ཅི་དགར་འཇུག་པར་བྱའོ་སྟེ། བྱས་ཀྱང་ཉེས་པ་མེད་ལ་མ་བྱས་ཀྱང་ཉེས་པ་མེད་དོ། །གཉུག་མར་གནས་པ་དང༌། གཉུག་མ་གནས་པ་འདུ་བ་མཐུན་པ་དང༌། གློ་བུར་དུ་འོངས་པ་དང༌། གློ་བུར་དུ་འོངས་པ་འདུ་བ་མཐུན་པ་དང༌། འདྲེས་མར་གནས་པ་དང༌། འདྲེས་མར་གནས་པ་འདུ་བ་མཐུན་པ་སྟེ། འདུ་བ་མཐུན་པ་མུ་གསུམ་པོ་དག་ལ་ཡང་ཅི་དགར་འཇུག་པར་བྱའོ། །དེ་ལ་གཉུག་གནས་གཉུག་གནས་སུ་འདུ་བ་མཐུན་པ་ནི། གཉུག་གནས་ཁ་ཅིག་གསོ་དགག་ཟིན་པ་ན་གཉུག་གནས་གཞན་དག་ཕྱིས་འོང་ན་སྔ་ཕྱི་གཉིས་ཀར་གཉུག་གནས་ཀྱི་ཁོངས་སུ་འདུ་བས་ན་འདུ་བ་མཐུན་པ་ཞེས་བྱ་སྟེ། སྔ་ཕྱི་གཉིས་ཀ་གཉུག་གནས་ཡིན་པར་རང་བཞིན་འདྲའོ། །གློ་བུར་


K8Z004_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བ་གློ་བུར་བར་འདུ་བ་མཐུན་པ་ནི་གློ་བུར་དུ་འོང་བ་ཁ་ཅིག་གསོ་སྦྱོང་བྱས་ཟིན་པ་ན། གློ་བུར་དུ་འོང་བ་གཞན་དག་ཕྱིས་འོང་ནའོ། །འདྲེས་མར་གནས་པ་དང་འདྲེས་མར་གནས་པ་འདུ་བ་མཐུན་པ་ནི། གཉུག་མར་གནས་པ་དང་གློ་བུར་དུ་འོང་བ་འདྲེས་མར་གནས་པས་གསོ་སྦྱོང་བྱས་ཟིན་པ་ན། གཞི་བའི་དགེ་སློང་དང་མགྲོན་པོའི་དགེ་སློང་འདྲེས་མར་གནས་པ་གཞན་དག་ཕྱིས་འོང་ནའོ། །འདུ་བ་མཐུན་པ་དག་ལ་ཡང་ཅི་དགར་འཇུག་པར་བྱའོ་ཞེས་སྨོས་པས། འདུ་བ་མི་མཐུན་པ་དག་ལ་ལྟ་ཅི་སྨོས་ཞེས་ཤུགས་ཀྱིས་བསྟན་ཏེ། གཉུག་མར་གནས་པས་གསོ་སྦྱོང་བྱས་ཟིན་པ་ན། གློ་བུར་དུ་འོངས་པ་ཕྱིས་འོང་ནའམ། འདྲེས་མར་གནས་པ་ཕྱིས་འོང་ན་ཡང་ཅི་དགར་འཇུག་པར་བྱའོ་ཞེས་དེ་ལྟར་ལུང་ལས་གསུངས་སོ། །སྔར་གསོ་སྦྱོང་དང་དགག་དབྱེ་བྱས་ཟིན་པ་དེ་རྣམས་ལས་གཞན་ཕྱིས་འོང་བ་རྣམས་ཀྱིས་དགེ་འདུན་ཚོགས་པ་ལ་གཅིག་པ་ཉིད་དུ་གསོལ་བར་བྱ་སྟེ། དགེ་སློང་སྔ་མ་རྣམས་ལ་ཁྱེད་རྣམས་ངེད་ཀྱི་གསོ་སྦྱོང་ལ་འདུན་པ་འབུལ་བའམ་བར་ཞུའོ་ཞེས་སམ། ངེད་ཀྱི་དགག་དབྱེ་ལ་འདུན་པ་འབུལ་བའམ་འབུལ་བར་ཞུའོ་ཞེས་གསོལ་བར་བྱའོ། །དགེ་འདུན་ལས་ཚོགས་པ་དེ་མ་ཐོབ་སྟེ་ཕྱིས་འོང་བ་རྣམས་ཀྱི་གསོ་སྦྱོང་ངམ་དགག་དབྱེ་བྱེད་པ་དེར་དགེ་སློང་སྔ་མ་རྣམས་མི་འདུ་ཞིང༌། འདུན་པ་ཕུལ་དུ་མ་བཏུབ་ན་ཆོ་ག་མཚམས་གཞན་དཀྱིལ་འཁོར་བའམ། དངོས་པོ་མཚམས་གཞན་ལྕགས་རིའི་ཕྱིར་རོལ་ལྟ་བུ། མཚམས་གཞན་དུ་གསོ་སྦྱོང་དང་དགག་དབྱེ་བྱའོ། །དེ་ནི་མི་མཐུན་པ་ཉིད་ཀྱི་ཉེས་པ་སྤང་བའི་ཕྱིར་ལས་ཐམས་ཅད་ལ་ཡང་དེ་བཞིན་ནོ། །དགེ་འདུན་རྣམས་གསོ་སྦྱོང་བྱེད་བཞིན་པའམ། དགག་དབྱེ་བྱེད་བཞིན་པའི་ཚེ་དགེ་སློང་ཕྱིས་འོང་ན་


K8Z004_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་འཕྲོ་ཙམ་ཉམས་སུ་མྱོང་བས་གསོ་སྦྱོང་དང་དགག་དབྱེ་བྱེད་གྲུབ་བོ། །གསོ་སྦྱོང་གི་འཕྲོ་ཚིག་བཞི་ཡན་ཆད་མྱོང་བས་གྲུབ་ཅིང༌། དགག་དབྱེ་རང་གི་གྲལ་རིམ་གྱི་ཐད་ཀར་མ་སླེབས་ཀྱང་གྲལ་འོག་ནས་བྱེད་པའི་ཚེ་འོང་ཞིང་དགག་དབྱེ་བྱས་པས་གྲུབ་བོ། །གལ་ཏེ་ལེགས་པར་ན་དེ་ལ་ཅི་དགར་འཇུག་པར་བྱའོ་ཞེས་སྔར་སྨོས་ན་ཐམས་ཅད་དུའམ་ཞེ་ན། དགེ་སློང་སྔ་མ་རྣམས་ཀྱི་གསོ་སྦྱོང་དང་དགག་དབྱེ་ལེགས་པར་བྱས་ཟིན་པའི་གནས་དེ་ནས་དགེ་སློང་འགའ་ཡང་ལངས་ཏེ་མ་སོང་བ་ཉིད་ཡིན་ན། དགེ་སློང་ཕྱིས་འོང་བ་རྣམས་ཀྱི་གསོ་སྦྱོང་དང་དགག་དབྱེ་ལ་ཚོགས་པ་ཡིན་པའི་ཕྱིར། དགེ་སློང་སྔ་མ་དེ་དག་ཀྱང་གནས་དེ་ཉིད་དུ་བསྡད་དགོས་པར་ངེས་པ་ཡིན་ནོ་སྟེ་ཅི་དགར་འཇུག་པ་ནི་མ་ཡིན་ནོ། །གསོ་སྦྱོང་དང་དགག་དབྱེ་ལེགས་པར་བྱས་ཟིན་ནས་དགེ་སློང་འགའ་ཞིག་ལངས་ཏེ་སོང་ཡང་གློ་བུར་དུ་ལྷགས་པ་དག་ཆེས་མང་བ་ཉིད་ཡིན་ན་ཡང་ངེས་པ་ཡིན་ནོ་ཞེས་སྔ་མར་སྦྱར་ཏེ་ཅི་དགར་འཇུག་པ་ནི་མ་ཡིན་ནོ། །གལ་ཏེ་གཉུག་མར་གནས་པ་རྣམས་ཀྱི་ཚེས་བཅོ་ལྔ་ཡིན་ལ། གློ་བུར་དུ་ལྷགས་པ་རྣམས་ཀྱི་ཚེས་བཅུ་བཞིའམ། བཅུ་དྲུག་ཡིན་ན་དུས་ཀྱི་ཕྱིར་ནི་ཆེས་མང་པོ་རྣམས་ཀྱི་རྗེས་སུ་འཇུག་པར་བྱ་བ་ཉིད་ཡིན་ནོ། །ཟླ་བ་སྔ་ཕྱི་ལ་མ་མཐུན་ན་ཡང་དེ་བཞིན་ཏེ་དུས་ཀྱི་ཕྱིར་ན་ཞེས་སྤྱི་ཚིག་ཏུ་གསུངས་སོ། །གཉུག་མར་གནས་པའི་དགེ་སློང་གི་གྲངས་དང༌། གློ་བུར་དུ་ལྷགས་པའི་དགེ་འདུན་གྱི་གྲངས་མཉམ་པ་ཉིད་ཡིན་ན་ཚེས་གྲངས་ལ་སོགས་པ་ལ་མ་མཐུན་པ་དེ་གཉུག་མར་གནས་པ་རྣམས་ཀྱི་རྗེས་སུ་འཇུག་པར་བྱའོ། །དུས་ཀྱི་ཕྱིར་ཞེས་པ་དང༌། མཉམ་པ་ཉིད་ཡིན་ན་ཞེས་པ་འདི་གཉིས་ལ་ཡང་ངེས་པ་ཡིན་ནོ་ཞེས་སྔ་མར་སྦྱར་རོ། །འདིར་སྨྲས་པ།


K8Z004_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་དྭགས་བརྒྱུད་གངྒཱའི་དོ་ཤལ་གྱིས། །བསྟན་པ་ནོར་འཛིན་དཔལ་མོའི་མགྲིན་འཁྱུད་ན། །ལམ་སྲོལ་བདུད་རྩི་སྟེར་རློམ་དལ་འབབ་གཞན། །འཚོལ་འདོད་ཐར་པའི་དད་ཅན་མ་རྨོངས་སམ། །སྤྲུལ་སྐུ་ཉི་མའི་འོད་གསལ་བསྐལ་གྱུར་ན། །ལས་ངན་སྡུག་བསྔལ་མུན་གླིང་འཁྱམས་པ་རྣམས། །འདོད་ལྡན་འདྲེན་རློམ་རྩྭ་ཡི་འབར་བ་ཡིས། །གྲོལ་བའི་སྣང་བ་སྦྱིན་བྱེད་ཉམ་རེ་ང༌། །རྫུ་འཕྲུལ་རྒྱ་ཆེན་མཁའ་ལ་རོལ་རྩེད་གང༌། །ཕྱག་རྒྱ་རྟ་ལྗང་ཁྲི་ལ་མངོན་དགྱེས་པ། །གང་གིས་རྟོགས་པའི་འོད་ཕྲེང་ཅོད་པན་ནི། །མོས་ལྡན་མགོ་བོར་འཇོག་པའི་མཁྱེན་པ་སྩོལ། །ཞེན་ལོག་མ་དྲོས་འཁྱིལ་བའི་འཇིང་གི་རྩེར། །བཅོས་མིན་འདབ་བརྒྱའི་ཚོན་རིས་འགོད་པ་དང༌། །བྱིན་རླབས་ལྦུ་བའི་ཕྲེང་བས་གདུང་བའི་གོས། །འཕྲོག་བྱེད་དྭགས་བརྒྱུད་ཟླ་བ་ད་མྱུར་སྤྱོན། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་ཆོ་གའི་སྐབས་སོ།། །།གཉིས་པ་རྣམ་འབྱེད་ལ། ཞི་གནས་གསོ་སྦྱོང་སྤྲོས་པ་དང༌། །ཐུན་མོང་འཆད་ཉན་སྤྲོས་པ་དང༌། །མཐུན་པའི་གསོ་སྦྱོང་སྤྲོས་པའོ། །དང་པོ་ནི། དགེ་སློང་གིས་དགེ་སློང་ཏིང་ངེ་འཛིན་ལས་དོན་གང་གི་ཕྱིར་ཡང་བསླང་བར་མི་བྱའོ། །དགེ་སློང་གིས་གདམས་ངག་སྟེ་སྟོན་པ་པོའི་རྣམ་བཤད་མེད་པར་བསྒོམ་པར་མི་བྱའོ། །ལུང་གཞི་ལས། གདོས་བུ་དང་ཕོ་ལོང་གི་སྦྱོར་བ་གསུང་བ་དེ་ནི་རིགས་པ་ཉིད་ཡིན་ནོ། །སྟེ་ལུང་ཕྲན་ཚེགས་ལས་ཀྱང་གསུངས་པ་སྟེ། ལུང་གཞན་གྱིས་ཀྱང་འགྲུབ་པ་ཡིན་ནོ། །བརྩོན་འགྲུས་ལྷོད་པར་མི་བྱའོ། །བརྩོན་འགྲུས་ལྷོད་པར་མི་བྱ་བ་དེ་ནི་མདོ་སྡེ་ལུང་ཕྲན་ཚེགས་ཀྱི་སྐབས་ལས་ཉིན་མོར་འདུག་པ་དང༌། འཆག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལ་སེམས་ཡོངས་སུ་སྦྱོང་


K8Z004_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་ཅིང༌། མཚན་མོའི་ཆ་སྟོད་དང་ཆ་སྨད་ལ་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལ་སེམས་ཡོངས་སུ་སྦྱོང་བར་བྱེད་ཅེས་གསུངས་པ་བཞིན་ནོ། །གློ་གཡས་པ་ཕབ་སྟེ་རྐང་པའི་སྟེང་དུ་རྐང་པ་བཞག་ནས་ལྡང་བའི་འདུ་ཤེས་དང༌། སྣང་བའི་འདུ་ཤེས་དང་ལྡན་པས་སེམས་དང༌། ཊཱི་ཀ་དང་མ་མོ་ལས། བླ་གོས་བཞི་བསྟབ་ཏུ་བཏིང་ནས་སྣམ་སྦྱར་རིམ་པ་མང་དུ་བལྟབ་སྟེ་སྔས་སུ་བཅུག་ནས་གོས་མ་ཕྱར་བར་ཉལ་བར་བྱའོ། །ཞེས་སོ། །དགེ་སློང་མི་ན་བས་ཉིན་མོ་གཉིད་ཉལ་བར་མི་བྱའོ། །ངལ་བ་དང་ལུས་ཉམ་ཆུང་བ་ཡང་ན་བ་དང་འདྲའོ། །གཉིད་ཀྱིས་སྙོམ་པར་མནག་མི་ཐུབ་པའམ། ཟས་ཀྱིས་སྙོམ་པ་མནག་མི་བཟོད་པ་ཡིན་ན་དེ་བསད་པའི་ཕྱིར་དེས་དེ་ཙམ་ཞིག་བསྟེན་པར་བྱའོ། །དགེ་སློང་རོ་རྒྱབ་ན་བས་པུས་འཁྱུད་བཅང་བར་བྱའོ། །འོད་ལྡན་རྩ་བ་ལས། རྒན་པས་འཁོགས་དང་ནད་པ་མ་གཏོགས་པ། །སྡོམ་བརྩོན་གཞན་གྱིས་པུས་འཁྱུད་བཅང་མི་བྱ། །ཞེས་སོ། །མིག་ལ་སོགས་པའི་དབང་པོ་རྣམས་ཕྱི་རོལ་དུ་མི་འཕྲོ་བར་ནང་དུ་བསྡུས་པ་དང༌། ཡིད་ཕྱི་རོལ་ཏུ་མ་སོང་བར་འཇིག་རྟེན་སེམས་པ་ལས་བཟློག་ཅིང༌། ཡིད་ནང་དུ་བསྡུས་པ་དང་སེམས་དང་བས་ཟིན་པས་གསལ་བ་དང༌། གོམ་པ་ཡ་ཡོ་མེད་པ་དྲང་པོས་གོས་ལ་སོགས་པ་མི་འཐོག་པར་བཅག་པར་བྱའོ། །དེས་ན་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ན་སེམས་བྱུང་ཁྱད་པར་ཅན་ལ་གསལ་སྣང་ཐེབས་པ་དེའི་ཚེ། དབང་ཤེས་སྐྱེ་བའི་རྒྱུ་ཡིད་ལ་བྱེད་པའི་དེ་མ་ཐག་གི་ནུས་པ་ནང་དུ་བསྡུ་བས་དབང་ཤེས་ཡུལ་ལ་གཡེང་བ་མི་འབྱུང་བ་ཡིན་ནོ། །དྲང་པོར་འཆག་མི་ནུས་ན་ཐག་གུ་བྲེས་ཏེ་བཅག་པར་བྱའོ། །ཁ་ཏོན་པའི་ཆགས་ས་ནི་སྲིད་དུ་ཁྲུ་བཅུ་གཉིས་སོ། །སྤོང་བ་པའི་འཆག་ས་ནི་སྲིད་དུ་ཁྲུ་


K8Z004_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་བརྒྱད་དོ། །འཆག་ས་དེ་ཐག་གུས་གཞལ་བར་བྱའོ། །གཉིས་པ་ནི། དགེ་སློང་གིས་དུས་དུས་སུ་འཁོར་རྣམས་ལ་ཆོས་བཤད་པར་བྱའོ། །སེང་གེའི་ཁྲི་ལ་སོགས་པ་ལ་འདུག་སྟེ་ཆོས་བཤད་པར་བྱའོ། །གལ་ཏེ་ཆོས་སྟོན་ནུས་དུ་མ་ཉིད་ཡིན་ན་དེ་ལས་གཅིག་གིས་སོ། །ཆོས་འདི་པའི་རབ་བྱུང་རྒན་གཞོན་མཚན་མཐུན་མི་མཐུན་རྫོགས་མ་རྫོགས་གང་ཡང་རུང་བས་སོ། །མ་གསོལ་མ་ཞུས་པར་ཆོས་བསྟན་པར་མི་བྱའོ། །ཐམས་ཅད་དུའམ་ཞེ་ན། གལ་ཏེ་དགེ་སློང་དེའི་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ལ་སོགས་པ་བྱུང་བ་མ་ཡིན་ན་གསོལ་བར་མི་བྱའོ། །དགེ་སློང་དེའི་ངོར་མགྲོན་དུ་བོས་པ་ལ་ནི་མ་གསོལ་བར་ཆོས་སྟོན་པའི་ལྟུང་བ་མེད་དོ་ཞེས་ལུང་ལས་སོ། །ཊཱི་ཀ་ལས། དགེ་སློང་གང་གི་ཚིག་གིས་དགེ་འདུན་སྤྱན་དྲངས་པའི་དགེ་སློང་དེས་ནི་གཞན་གྱིས་མ་གསོལ་བར་ཡང་མཆོད་སྟོན་གྱི་རྗེས་ལ་ཡོན་བདག་ལ་ཆོས་བསྟན་པར་བྱའོ། །མཆོད་སྟོན་ལ་སོགས་པའི་གནས་སྐབས་ཐམས་ཅད་ལ་དགེ་འདུན་གྱི་གནས་བརྟན་དང་གནས་པ་རྣམས་ལ་གནས་ཀྱིས་དང༌། ཉེ་གནས་རྣམས་ལ་ཀློག་པའི་སློབ་དཔོན་གྱིས་དང༌། དགེ་སློང་མ་རྣམས་ལ་དགེ་སློང་རྣམས་ཀྱིས་དང༌། བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་རྣམས་ལ་ནི་བསྙེན་རྫོགས་རྣམས་ཀྱིས་མ་གསོལ་བར་ཆོས་སྟོན་པར་མི་བྱའོ། །གཞན་ཆོས་སྟོན་པའི་གྲྭའི་དྲུང་དུ་དགེ་སློང་གཞན་གྱིས་གྲྭ་གཞན་བཙུགས་ཏེ་ཆོས་སྟོན་པའི་སྒྲ་ཕན་ཚུན་གྲགས་པར་འགྱུར་བའི་སྒྲས་ཆོས་བསྟན་པར་མི་བྱའོ། །གྲྭ་ཕྱེད་ཀྱིས་ངེས་པ་དང་བཅས་པར་ཆོས་བསྟན་པར་མི་བྱའོ་སྟེ། གྲྭ་གཅིག་གི་ནང་དུ་ལ་ལས་གྲྭ་ཕྱེད་ལ་ཆོས་སྟོན་པར་བྱེད་ཅིང༌། ལ་ལས་གྲྭ་ཕྱེད་ལ་ཆོས་སྟོན་པར་བྱེད་པ་དེ་ལྟར་མི་བྱའོ། །ཆོས་འཆད་པ་


K8Z004_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཉིས་ཀྱིས་ཉན་པ་པོའི་ཚོམས་གཅིག་ཏུ་ངེས་མེད་དུ་ཆོས་བསྟན་པར་མི་བྱའོ། །ཆོས་སྟོན་པ་དུ་མ་ཡོད་ན་རྒན་རིམ་གྱིས་སོ། །གལ་ཏེ་ཆོས་སྨྲ་བ་པོ་བདག་པས་རྒན་རབས་ཆོས་སྟོན་པ་དག་མང་བ་ཉིད་ཡིན་ན་སྟན་གཉིས་སམ་གསུམ་བཞག་སྟེའོ། །ཐམས་ཅད་ཀྱིས་བཞག་དགོས་སམ་ཞེ་ན། གལ་ཏེ་ཆོས་སྨྲ་བ་དེས་རྒན་རབས་གཉིས་སམ་གསུམ་གྱི་སྟན་དེ་དག་མི་ཐོབ་པ་ཡིན་ན་སྟན་གཉིས་སམ་གསུམ་བཞག་སྟེའོ། །སེང་གེའི་ཁྲི་ལ་ཡང་འདུག་སྟེ་ཆོས་བསྟན་པར་བྱའོ། །སེང་གེའི་ཁྲི་ལ་ནི་གོང་དུ་རྒན་རབས་གཞན་གྱི་གོས་བཞག་མི་དགོས་སོ། །ཆོས་བཤད་པའི་གནས་སུ་མཆིལ་མ་དོར་བའི་སྣོད་བཞག་པར་མི་བྱའོ། །སྣོད་དེར་བཅལ་བླུགས་སོ། །བཅལ་ནི་བྱེ་མའམ་ཐལ་བའོ། །སྣོད་དེ་དུས་དུས་སུ་སྦྱར་བར་བྱའོ། །ཚེས་བརྒྱད་མཁན་པོ་ཉམས་གྱུར་ཏེ། །བཅུ་བཞི་སློབ་མ་ཉམས་པར་འགྱུར། །བཅོ་ལྔ་ལྡོབ་སྐྱེན་ཉམས་འགྱུར་བས། །དེ་ཕྱིར་དུས་ཚིགས་སྤང་བར་བྱ། །ཞེས་བྲམ་ཟེ་དག་གིས་སྨྲས་པ་ཡིན་ནོ། །ཞེས་པ་ལུང་གཞིའི་འགྲེལ་པ་ལས་བཤད་དེ། བྲམ་ཟེའི་ལུགས་དེ་ལས་བཟློག་སྟེ་གསུངས་པ་ནི། ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔའི་ནུབ་མོར་དགེ་སློང་རྣམས་ཕྱོགས་གཅིག་ཏུ་འདུས་ཏེ་ཆོས་མཉན་པར་བྱའོ། །འགྲེལ་ཆུང་ལས། ཡར་ངོའི་ཚེས་བརྒྱད་དང་མར་ངོའི་ཚེས་བརྒྱད་དེ་ཉི་ཤུ་རྩ་གསུམ་དང༌། ཡར་ངོའི་ཚེས་བཅུ་བཞི་དང་མར་ངོའི་ཚེས་ཉི་ཤུ་དགུ་དང༌། ཡར་ངོའི་ཚེས་བཅོ་ལྔ་དང་མར་ངོའི་ཚེས་བཅོ་ལྔ་སྟེ་སུམ་ཅུའི་ནུབ་མོར་ཆོས་མཉན་པར་བྱའོ། །སྤྱིར་དེ་ལྟར་ཀློག་པའི་དགོས་པ་ནི། ངོས་བཞིའི་མགོན་པོ་དང༌། རིམ་པའི་ལྷ་དག་གཙུག་ལག་ཁང་གི་ཉེ་འཁོར་དུ་དུས་དེར་འོང་བའི་ཕྱིར་དད་པ་དང་དགའ་བ་བསྐྱེད་པ་བཀླག་གོ། །ཚེས་བརྒྱད་དང་ཉི་ཤུ་གསུམ་ལ་མགོན་


K8Z004_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་ལྷ་བྲན་རྣམས་ཀྱི་གཡོག་འོང་བའི་ཕྱིར་ཡི་གེ་བཀླག་གོ། །ཚེས་བཅུ་བཞི་དང་ཉི་ཤུ་དགུ་ལ་མགོན་པོ་ལ་སོགས་པའི་བུ་འོང་བའི་ཕྱིར་ཡི་གེ་བཀླག་གོ། །བཅོ་ལྔ་དང་སུམ་ཅུ་ལ་མགོན་པོའི་ལྷ་བྲན་ཉིད་འོང་བའི་ཕྱིར་ཡི་གེ་བཀླག་གོ་ཞེས་བཤད་སྣང་ངོ༌། །ཐམས་ཅད་དུའམ་ཞེ་ན། ནད་པས་ཆོས་མཉན་པ་དེ་མ་བྱས་པ་ལ་ཉེས་པ་མེད་དོ། །ཆོས་དེ་བསྟན་པ་དང་གདོན་པ་སྨྲ་བའི་ཕྱིར་གཞན་གྱིས་རང་ལ་གསོལ་བ་འདེབས་པ་ན་དགེ་སློང་གིས་མི་ནོད་པར་མི་བྱའོ་ན་སྟེ་མི་ནུས་པ་ལ་སོགས་པ་བྱ་བ་གཞན་གྱིས་བྲེལ་བ་ཡིན་ན་གསོལ་བ་འདེབས་པ་ལ་ཁོ་བོ་ན་བས་མི་ནུས་ཞེས་སོགས་ཤད་ཀྱི་སྦྱང་བར་བྱའོ། །ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔའི་ནུབ་མོར་ཆོས་སྨྲ་བ་པོ་མེད་ན་དགེ་སློང་ཐམས་ཅད་ཀྱིས་རྒན་རིམ་གྱིས་ཆོས་ཚིགས་སུ་བཅད་པ་གང་སྨྲ་བ་དེའི་དོན་ཡིད་ཀྱིས་དྲན་པར་བྱ་ཞིང༌། ཐ་ན་ཚིགས་སུ་བཅད་པ་རེ་རེ་ཙམ་ཡང་སྨྲ་བར་བྱའོ། །ཆོས་ཉན་པའི་གནས་དེར་མར་མེ་གཟུག་གོ། །གནས་ངོས་བཞི་པའི་ཁྱམས་སུ་ཆོས་མཉན་པའི་གྲལ་ཟླ་གམ་གྱི་རྣམ་པ་ལྟ་བུའམ། རྫིང་བུ་གྲུ་བཞིའི་རྣམ་པ་ལྟ་བུ་བཤམ་པར་བྱའོ། །བླ་གབ་སྟེང་གཡོགས་མེད་པར་ཆོས་ཉན་ན་བླ་རེ་གདགས་སོ། །རླུང་དང་ཆར་བབ་ན་བརྟུལ་ལོ། །བླ་རེ་བརྟུལ་ནས་རླུང་དང་ཆར་འབབ་པ་དེར་ཆོས་ཉན་པ་དག་གིས་འཕྲོ་དོར་བར་མི་བྱའོ། །གནས་དེར་གནས་བརྟན་གྲལ་གྱི་དང་པོར་འདུག་སྟེ་རང་གིས་བསྟན་ན་དོན་དུ་འགྱུར་རམ། གཞན་གྱིས་བསྟན་ན་དོན་དུ་འགྱུར་ཞེས་བརྟགས་ཤིང་ཡུད་ཙམ་ཞིག་ཅང་མི་སྨྲ་བར་བསྡད་ནས་རང་གིས་བསྟན་པ་དོན་དུ་འགྱུར་ན་གནས་བརྟན་རང་ཉིད་ཀྱིས་ཆོས་སྨྲ་བར་བྱའམ། གཞན་གྱིས་བསྟན་པ་དོན་དུ་གཉེར་ན་གཞན་ལ་དགེ་སློང་ཆོས་སྨྲོས་ཤིག་ཅེས་གནས་བརྟན་གྱིས་གསོལ་བར་བྱའོ། །ཆོས་སྨྲ་


K8Z004_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བ་པོ་དེས་ཆོས་སྨྲ་བ་ན་ཐམས་ཅད་ཀྱིས་སེམས་གཏད་དེ། གལ་ཏེ་ཆོས་སྨྲ་བ་ཡིན་ན་སྤྲོ་བར་བྱའོ་སྟེ་ལེགས་སོ། །ཆོས་བཟང་པོ་བཤད་དོ་ཞེས་བརྗོད་པར་བྱའོ། །གལ་ཏེ་སྨྲ་བ་པོ་དེས་ཆོས་མ་ཡིན་པ་སྨྲས་ན། ཆོས་མ་ཡིན་པ་མ་སྨྲ་ཞིག་ཅེས་བཟློག་པར་བྱའོ། །གནས་དེར་ཆོས་ཀྱི་མདུན་རྗེས་སུ་ཁྱིམ་པ་ལྷགས་པ་རྣམས་ལ་ཆོས་དང་ལྡན་པའི་གཏམ་བྱའོ། །མུ་སྟེགས་ཅན་ཀླན་ཀ་ཚོལ་ཞིང་གནས་ན་རིགས་པའི་སྒོ་ནས་ལེགས་པར་ཚར་བཅད་ཅིང་ཁྲོ་བ་མི་བསྟན་པར་བཟོད་པར་བྱའོ། །ཆོས་སྟོན་པའི་དགེ་སློང་གིས་གནས་བརྟན་གྱི་འཁོར་སྔར་བྱིན་པ་དེ་རྣམས་གནས་དེ་ནས་གུད་དུ་འཁྲིད་དེ་འགྲོ་བར་མི་བྱའོ། །འཁོར་དེ་དག་རང་གར་འགྲོ་ན་ཆོས་ཀྱི་སྒོར་བཟུང་བར་བྱའོ། །ཆོས་སྨྲ་བ་དེས་གཞན་ལ་བླ་མ་ཉིད་དུ་ལྟ་བས་ངག་རྗེས་དང་བཅས་པ་དང་སྟེ་རྗེས་ནི་བཀུར་བའི་གནས་རང་གི་རྗེ་བོ་ལ་བཀུར་ཚིག་བརྗོད་པའི་ཚུལ་ཡིན་པས། རྗོད་པར་བྱེད་ཅེས་པའང་རྗེས་ལ་ངག་གི་ཡུལ་ཁྱད་འབྱེད་པ་སྟེ། ཆོས་དང་རྗེས་དོན་གཅིག་ཅིང་བོད་ཀྱི་སྐད་ལ་ལར་ཞེ་སར་ཡང་འདོན་ནོ། །གཞན་ལ་འཇིགས་པ་ཉིད་དུ་ལྟ་བས་ལུས་གུས་པ་དང་བཅས་པ་དང༌། རྒྱགས་པ་དང་ང་རྒྱལ་བཅོམ་པས་སེམས་དམའ་བས་འཁོར་གྱི་ནང་དུ་འཇུག་པར་བྱའོ། །ཆོས་མཉན་པའི་མཇུག་ཏུ་རྒྱལ་པོ་དང་ལྷ་དང་སྦྱིན་བདག་གི་དོན་དུ་ཡོན་བསྔོའོ། །གུས་པར་བྱས་ཏེ་ཆོས་བསྟན་པར་བྱའོ། །ཆོས་ལ་གུས་པ་དང་བཅས་པ་དང༌། བརྟན་པ་དང༌། ཡིད་མི་གཡེང་བས་ཚད་མ་དང་ལྡན་པ་རིགས་པ་དང༌། ཐོགས་པ་མེད་པར་བརྗོད་པ་གྲོལ་བའི་ཚིག་དག་གིས་ཆོས་བསྟན་པར་བྱའོ། །དོན་ཇི་ལྟ་བ་བཞིན་དུ་བརྗོད་པས་ཚིག་མ་འཁྲུལ་བ་ཐོགས་པ་མེད་པར་བརྗོད་པ་དག་གིས་སོ། །གཏམ་གཞན་དང་མ་འདྲེས་པར་རོ། །ཚིག་དོན་འབྲེལ་བར་


K8Z004_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །བྱམས་པ་དང་སྙིང་རྗེ་དང་ཟང་ཟིང་མེད་པའི་སེམས་ཀྱིས་སོ། །ཉན་པོ་ཞུམ་པའི་གཉེན་པོར་ནི་ཡང་དག་པར་གཟེངས་བསྟོད་པས་རངས་པ་དང༌། ཆོས་ལ་མི་མོས་པའི་གཉེན་པོར་བསམ་པ་དང་མཐུན་པར་ཆོས་སྟོན་པས་མོས་པ་དང༌། མི་རིགས་པའི་གཉེན་པོར་ཚད་མ་དང་ལྡན་པར་སྟོན་པས་དགའ་བར་བྱེད་པས་ཆོས་བསྟན་པར་བྱའོ། །མི་ནུས་པ་ལ་སོགས་པའི་དོན་གྱི་དབང་གིས་ཆོས་མཉན་པའི་འཕྲོ་མ་རྫོགས་ན་བཞག་པར་བྱའོ། །དབྱངས་ཀྱི་སྟེ་ང་རོས་ཆོས་སྨྲ་བར་བྱའོ། །ཆོས་སྨྲ་བ་པོ་ལངས་ནས་ཆོས་བཤད་པ་དེ་ཆོས་ཀྱི་དོན་རྣམ་པར་དབྱེ་བར་བྱའོ། །སངས་རྒྱས་ཀྱི་བཀའ་ལས་དོན་བསྡུས་ཏེ་བརྗོད་པར་ཡང་བྱའོ། །ཊཱི་ཀ་ལས། གཙུག་ལག་ལས་དོན་བསྡུས་ཏེ་རང་གིས་མཛེས་པར་བྱ་བའི་ཕྱིར་སྙན་ངག་བསྡེབ་པར་བྱའོ། །ཞེས་སོ། །མདོ་སྡེ་ལ་སོགས་པའི་ཆོས་ཀྱི་ཞབས་སུ་གལ་བཟུང་བ་སྟེ། སྒྲ་སྐྱོན་དང་དོན་སྐྱོན་བརྗོད་པ་དང༌། སྒྲ་སྐྱོན་དང་དོན་སྐྱོན་སྤང་བས་གཞུང་གཟུག་པ་ལ་ཡང་བྱའོ།། །།གསུམ་པ་ལ། གསོ་སྦྱོང་བྱ་དུས་སྤྲོས་པ་དང༌། །གསོ་སྦྱོང་བྱ་གནས་སྤྲོས་པ་དང༌། །གསོ་སྦྱོང་ཚོགས་པའི་སྤྲོས་པ་དང༌། །གསོ་སྦྱོང་ཆོ་གའི་སྤྲོས་པའོ། །དང་པོ་ནི། ཚེས་བཅོ་ལྔ་ལའོ་ཞེས་སྔར་སྨོས་ན་དེ་གང་གི་སྒོ་ནས་ཤེས་པར་བྱ་ཞེ་ན། དགེ་འདུན་གྱི་གནས་བརྟན་གྱིས་སྨྱུག་མའི་ཐུར་མ་བཅོ་ལྔ་སྐུད་པ་ལ་བརྒྱུས་པ་སྤོ་བས་ཉི་མ་སྟེ་ཚེས་བགྲང་བར་བྱའོ། །དགེ་སྐོས་ཀྱིས་དེ་ལ་བརྟགས་ཏེ་དགེ་འདུན་ལ་བརྗོད་པར་བྱའོ། །ཚུལ་ཇི་ལྟར་བརྗོད་ན་བྱེ་བྲག་ཏུ་བྱས་པའི་ཉི་མ་བརྗོད་པར་བྱའོ། །གང་གི་བྱེ་བྲག་ཡིན་ན། ཟླ་བ་ཡར་ངོ་མར་ངོའི་དབྱེ་བས་སོ། །གཙུག་ལག་ཁང་གི་བདག་པོ་སྦྱིན་བདག་དང༌། གཙུག་ཁང་སྲུང་བའི་ལྷ་རྣམས་ཀྱི་ཆེད་དུ་ཚིགས་སུ་བཅད་པ་གདོན་པར་དགེ་སློང་རྣམས་ལ་


K8Z004_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྐོས་ཀྱིས་བསྐུལ་བའི་ཚིག་བྱའོ། །དུས་གང་གི་ཚེ་ན་ཚེས་གྲངས་བརྗོད་པའི་མོད་ལའོ། །ཇི་ལྟར་བསྐུལ་ན་དེང་ནི་ཡར་གྱི་ངོའི་ཚེས་གཅིག་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང༌། གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ་ཚིགས་སུ་བཅད་པ་རེ་རེ་བཀླག་ཏུ་གསོལ་ཞེས་སོ། །ཁྱིམ་བདག་དད་པ་ཅན་གྱིས་གཙུག ལག་ཁང་བརྩིགས་ནས་དེར་བཞུགས་པའི་དགེ་འདུན་རྣམས་ཁྱིམ་བདག་དེའི་ཁང་པར་མཆོད་སྟོན་ལ་སྤྱན་འདྲེན་པ་ན། གཙུག་ལག་ཁང་གི་བདག་པོས་དགེ་འདུན་བཤོས་ལ་སྤྱན་འདྲེན་པའི་ཚིག་ཀྱང་དགེ་སྐོས་ཀྱིས་དགོང་ཀར་ཉིན་རེ་ལན་རེ་བརྗོད་པར་བྱའོ། །ཇི་སྐད་དུ་བརྗོད་ན། ཡོན་བདག་མིང་འདི་ཞེས་བགྱི་བས་སང་དགེ་འདུན་བཤོས་ལ་སྤྱན་འདྲེན་ན་བཙུན་པ་རྣམས་ཀྱིས་དེ་ལ་དགེ་ལེགས་ཀྱི་ཡིད་དག་གིས་སོ་སོ་ནས་ཐུགས་བརྩེ་བར་མཛད་དུ་གསོལ། ཞེས་སོ། །གསོ་སྦྱོང་བཅུ་བཞི་པ་བསྟན་པའི་ཕྱིར་ཟླ་བ་མར་ངོ་ལ་ཉིན་ཞག་གཅིག་གིས་ཞག་བཅོ་ལྔར་མི་ཆོག་པར་བྱའོ། །དེ་གང་གི་ཚེ་བྱ་ཞེ་ན། དུས་ཚིགས་དྲུག་པོ་རྣམས་ཀྱི་དུས་ཚིགས་རེ་རེ་ལ་ཟླ་བ་གཉིས་ཡོད་པ་ལས། ཟླ་བ་ཕྱེད་དང་གཉིས་འདས་ཏེ་ཟླ་བ་ཕྱེད་ལུས་པ་ཉིད་ལའོ། །འདི་དག་གི་དོན་མཁས་པ་ཆེན་པོ་བུ་སྟོན་རིན་པོ་ཆེའི་དགོངས་པ་བླངས་ཏེ་བཤད་ན། ཟླ་བའི་དཀྱིལ་འཁོར་ལ་ཆ་བཅོ་ལྔ་རུ་བྱས་པའི་ཆ་རེ་རེ་སྐྱེ་བ་དང་འབྲི་བའི་བར་ལ་ཚེས་རེ་དང༌། ནམ་ལངས་ན་ནམ་ལངས་ཀྱི་བར་ཞག་རེ་ཡུན་མི་མཉམ་པས་ཚེས་སུམ་ཅུ་ལ་ཉིན་ཞག་ཕྱེད་དང་སུམ་ཅུ། ཚེས་དྲུག་ཅུ་ལ་ཞག་ང་དགུ་ཡོད་ཅིང༌། ཟླ་བ་གཉིས་ལ་ཞག་ང་དགུ་ལས་མེད་པའི་ཕྱིར་ཞག་མི་ཐུབ་པ་ཞེས་བྱ་སྟེ། དེའང་ཚེས་ཐམས་ཅད་ཟླ་རྐང་གི་འཕེལ་འགྲིབ་ཀྱི་ཆད་ལྷག་གི་དབང་


K8Z004_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚེས་ཡུན་མི་མཉམ་པར་གནས་པས་ཚེས་མ་ཚང་བ་མེད་ཅིང་རྫོགས་པ་མྱུར་བུལ་གྱིས་ཚེས་ཚང་བར་རྫོགས་ཀྱང་ཉིན་ཞག་བཅོ་ལྔ་རྫོགས་པ་ལ་མི་སླེབས་པ་ཡིན་ནོ། །དེས་ན་གསོ་སྦྱོང་བཅུ་བཞི་པའི་ཉི་མ་དེ་ཚེས་པ་བཅུ་བཞི་པ་ནི་མིན་ཏེ། ཊཱི་ཀ་ལས། བཅུ་བཞི་པ་ཞེས་བྱ་བའི་ཉི་མ་དེ་ཉིད་ཚེས་བཅོ་ལྔ་པ་ཡིན་པའི་ཕྱིར། ཞེས་སོ། །དེས་ན་གསོ་སྦྱོང་བཅུ་བཞི་པའི་དུས་ནི། མཛོད་འགྲེལ་དུ། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང༌། །ཕྱེད་ན་སླད་དུ་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་འདོར། །ཞེས་བཤད་ལ། འདིའི་ཞག་མི་ཐུབ་འདོར་ཚུལ་ནི་འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་བྱས་ནས་འཆད་བཞིན་པའི་མདོ་འདི་དང༌། ཀར་ཤ་དང་འགྲེལ་ཆེན་ལས། དབྱར་ཟླ་གསུམ་དང་དགུན་ཟླ་གསུམ་ནི། ར་བ་དང་ཐ་ཆུང་མར་གྱི་ངོས་བཅོ་ལྔ་མི་ཐུབ་པས་ར་བ་དང་ཐ་ཆུང་གི་གནམ་སྟོང་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །སྟོན་ཟླ་གསུམ་དང་དཔྱིད་ཟླ་གསུམ་གྱི་ནི་འབྲིང་པོ་མར་གྱི་ངོས་བཅོ་ལྔ་མི་ཐུབ་པས་འབྲིང་པོའི་གནམ་སྟོང་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །ཞེས་འབྱུང་བས། ལོ་མགོ་དང་དགུན་དུས་ཧོར་ཟླ་བཅུ་པའི་ཡར་ཚེས་ནས་བཟུང་ན། ཧོར་ཟླ་བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ་གསུམ་དགུན་དུས་ཡིན་པས། དེའི་ར་ཐའི་མར་ངོ་ལ་ཞག་མི་ཐུབ། ཧོར་ཟླ་དང་པོ། གཉིས་པ། གསུམ་པ་སྟེ་དཔྱིད་གསུམ་གྱི་ཧོར་ཟླ་གཉིས་པའི་མར་ངོ་ལ་ཞག་མི་ཐུབ། ཧོར་ཟླ་བཞི་པ། ལྔ་པ། དྲུག་པ་གསུམ་དབྱར་དུས་ཡིན་ལ། དེའི་ར་ཐ་གཉིས་ཀྱི་མར་ངོ་ཞག་མི་ཐུབ། ཧོར་ཟླ་བདུན་པ། བརྒྱད་པ། དགུ་པ་ནི་སྟོན་དུས་ཏེ་ཧོར་ཟླ་བརྒྱད་པའི་མར་ངོ་ཞག་མི་ཐུབ་པའོ། །དེའང་ཡར་ངོ་སྔོན་འགྲོ་འདི་དབང་དུ་བྱས་ཏེ། འོག་ནས་དབྱར་ཟླ་འབྲིང་


K8Z004_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཉའི་ཕྱི་དེ་ཉིན་བར་ཞེས། ཉའི་ཕྱི་དེ་དབྱར་ཟླ་འབྲིང་པོར་བཤད་པ་ཡིན་ལ། དེ་ལས་གཞན་དུ་མར་ངོ་སྔོན་འགྲོའི་ལུགས་ལྟར་ན་དབྱར་ཟླ་འབྲིང་པོར་གྲགས་པའི་ཉ་དེའི་ཕྱི་དེ་ཉིན་དབྱར་ཟླ་འབྲིང་པོར་ཡོང་བའི་དོན་མེད་དེ། དབྱར་ཟླ་ཐ་ཆུང་དུ་སོང་བའི་ཕྱིར་རོ། །མར་ངོ་སྔོན་འགྲོའི་དབང་དུ་བྱས་ཏེ་བསྟན་བཅོས་ཀྱི་གྲགས་པ་དང་མཐུན་པར་འཆད་ན། ཡར་ངོ་སྔོན་འགྲོའི་ཟླ་བ་ལ་ཕྱེད་འཛིན་བྱས་པའི་དབང་དུ་སྟེ། ས་ག་ལྷས། ཁ་བ་སོས་ཀ་དབྱར་རྣམས་ཀྱི། །ཟླ་བ་གཉིས་དང་བཞི་དག་གི། །མར་ངོ་ལ་ནི་བཅུ་བཞི་པའི། །གསོ་སྦྱོང་སྡོམ་བརྩོན་དག་གིས་བྱ། །ས་ག་དང་ནི་ཆུ་སྟོད་དང༌། །དེ་བཞིན་ཁྲུམས་སྨད་སྨིན་དྲུག་ཅན། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པོ་མར་ངོ་བཅུ་བཞིར་བརྗོད། །ཅེས་སོ། །དགེ་སློང་གི་ལོ་དྲི་བར། གསོ་སྦྱོང་དུ་ཡོད། ཉི་ཤུ་རྩ་བཞི་སྟེ། དགུན་ཟླ་འབྲིང་པོ་དང༌། དཔྱིད་ཟླ་ར་བ་དང༌། ཐ་ཆུང་དང༌། དབྱར་ཟླ་འབྲིང་པོ་དང༌། སྟོན་ཟླ་ར་བ་དང༌། ཐ་ཆུང་རྣམས་ཀྱི་མར་ངོའི་གསོ་སྦྱོང་ནི་བཅུ་བཞི་པའོ། །ཞེས་པ་ལྟར་ན་ཧོར་ཟླ་དགུ་པའི་བཅུ་དྲུག་ནས་ཧོར་ཟླ་བཅུ་པའི་བཅོ་ལྔའི་བར་དང༌། ཧོར་ཟླ་བཅུ་པའི་བཅུ་དྲུག་ནས་ཧོར་ཟླ་བཅུ་གཅིག་པའི་བཅོ་ལྔའི་བར་དང༌། ཧོར་ཟླ་བཅུ་གཅིག་པའི་བཅུ་དྲུག་ནས་ཧོར་ཟླ་བཅུ་གཉིས་པའི་བཅོ་ལྔའི་བར་དགུན་དང་པོ། གཉིས་པ། གསུམ་པར་བྱས་པའི་དགུན་གཉིས་པའི་གནམ་སྟོང་ལ་བཅུ་བཞི་པ་དང༌། ཧོར་ཟླ་བཅུ་གཉིས་པའི་བཅུ་དྲུག་ནས་ཧོར་ཟླ་དང་པོའི་བཅོ་ལྔ་དང༌། ཧོར་ཟླ་དང་པོའི་བཅུ་དྲུག་ནས་ཧོར་ཟླ་གཉིས་པའི་བཅོ་ལྔ་དང༌། ཧོར་ཟླ་གཉིས་པའི་བཅུ་དྲུག་ནས་ཧོར་ཟླ་གསུམ་པའི་བཅོ་ལྔའི་བར་དཔྱིད་དང་པོ། གཉིས་པ། གསུམ་པར་བྱས་པའི་ར་ཐའི་གནམ་སྟོང་ལ་བཅུ་བཞི་པ་དང༌།


K8Z004_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་ཟླ་གསུམ་པའི་བཅུ་དྲུག་ནས་ཧོར་ཟླ་བཞི་པའི་བཅོ་ལྔའི་བར་དང༌། ཧོར་ཟླ་བཞི་པའི་བཅུ་དྲུག་ནས་ཧོར་ཟླ་ལྔ་པའི་བཅོ་ལྔའི་བར་དང༌། ཧོར་ཟླ་ལྔ་པའི་བཅུ་དྲུག་ནས་ཧོར་ཟླ་དྲུག་པའི་བཅོ་ལྔའི་བར་དབྱར་དང་པོ། གཉིས་པ། གསུམ་པར་བྱས་པའི་དབྱར་གཉིས་པའི་གནམ་སྟོང་ལ་བཅུ་བཞི་པ་དང༌། ཧོར་ཟླ་དྲུག་པའི་བཅུ་དྲུག་ནས་ཧོར་ཟླ་བདུན་པའི་བཅོ་ལྔའི་བར་དང༌། ཧོར་ཟླ་བདུན་པའི་བཅུ་དྲུག་ནས་ཧོར་ཟླ་བརྒྱད་པའི་བཅོ་ལྔའི་བར་དང༌། ཧོར་ཟླ་བརྒྱད་པའི་བཅུ་དྲུག་ནས་དགུ་པའི་བཅོ་ལྔའི་བར་ཏེ་སྟོན་དང་པོ། གཉིས་པ། གསུམ་པར་བྱས་དབྱར་ཐ་ཡི་གནམ་སྟོང་ནི་བཅུ་བཞི་པའོ། །དེ་ལྟར་བཤད་པ་ནི་དེང་སང་གངས་ཅན་ན་ཧོར་ཟླ་དགུ་པའི་བཅུ་དྲུག་ནས་ལོ་མགོ་འཛིན་པ་གྲགས་ཆེ་བས་དེའི་ལུགས་ལྟར་བརྗོད་ལ། ཀུན་མཁྱེན་མཚོ་སྣ་བ་ལྟར་ན། ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་ལོ་མགོ་འཛིན་པས་སྦྱོར་ཚུལ་མི་མཐུན་ཏེ། དེས་ན་མདོ་དང་འགྲེལ་པ་ཀར་ཤ་ལས་ཡར་ངོ་སྔོན་འགྲོ་སྟེ་འཇིག་རྟེན་གྲགས་པའི་ལུགས་ཀྱི་དབང་དུ་བྱས་ཏེ། དབྱར་དགུན་འབྲིང་ཐུབ་སྟོན་དཔྱིད་མི་ཐུབ་པ་འདི་དང༌། ས་གའི་གཞུང་དང༌། དགེ་ཚུལ་དང༌། དགེ་སློང་གི་ལོ་དྲི་ལས། མར་ངོ་སྔོན་འགྲོ་སྟེ་བསྟན་བཅོས་ཀྱི་གྲགས་པའི་དབང་དུ་བྱས་ཏེ། དབྱར་དགུན་འབྲིང་མི་ཐུབ་སྟོན་དཔྱིད་འབྲིང་ཐུབ་ཅེས་འབྱུང་བས་འདི་གཉིས་ཚིག་འགལ་ཀྱང་དོན་མི་འགལ་ཏེ། འཇིག་རྟེན་གྲགས་པའི་ལུགས་ཀྱི་དུས་ཚིགས་དྲུག་ལྟ་བུ་ལས། དགུན་གྱི་ཟླ་བ་སྨིན་ཉའི་ཡར་ཚེས་གཅིག་ནས་དེའི་མར་ངོའི་བར་ཟླ་བ་གཅིག་རྫོགས་པ་ན་རིལ་ཚེས་རྫོགས་པས་ཞག་མི་ཐུབ་འབྱུང་བ་དང༌། བསྟན་བཅོས་པས་ཟླ་བ་དེའི་གོང་རོལ་ཟླ་བ་ཕྱེད་ནས་དགུན་ཟླ་བཟུང་བས་དེའི་ཕྱིར་ཕྱེད་ཚེས་ཀྱི་དབང་གིས་ཟླ་


K8Z004_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕྱེད་གཉིས་རྫོགས་པས་ན་ཞག་མི་ཐུབ་འབྱུང་བ་གནད་གཅིག་ཏུ་སོང་བ་འགལ་བ་མེད་ཅིང༌། འདིའི་དོན་འདི་ཐད་དུ་ཀ་བྲིས་པར་ཤོག་གུར་དཔེའུ་རིར་བཀོད་པས་ཀྱང་ཤེས་སོ། །དེ་ལྟར་ནའང་དཀའ་བའི་གནས་དོགས་པའི་ལམ་དུ་ལུས་པ་འདི་ཡོད་དེ། ཀུན་མཁྱེན་བུའི་ཐུགས་ཀྱི་དགོངས་པ་ཇི་ལྟར་ན་འཇིག་རྟེན་དང་བསྟན་བཅོས་གང་ལྟར་ནའང་གསོ་སྦྱོང་བཅུ་བཞི་པ་སྨིན་ཉའི་མར་ངོ་སྟེ། སྨིན་དྲུག་གི་ཉ་ཟིན་པའི་ཟླ་བ་ཕྱེད་པ་ལ་བྱེད་པ་གནད་གཅིག་པའི་སྒྲུབ་བྱེད་ཀྱིས་དབྱར་དགུན་གྱི་འབྲིང་ཐུབ་པ་དང་མི་ཐུབ་པ་དང༌། སྟོན་དཔྱིད་ཀྱི་འབྲིང་མི་ཐུབ་པ་དང་ཐུབ་པ་གནད་གཅིག་པ་སྒྲུབ་པ་ཡིན་ལ། མཚོ་སྣ་བ་ཆེན་པོའི་དགོངས་པ་ལྟར་ན་གོང་དུ་ལོ་མགོ་འཛིན་པའི་དུས་བཤད་པ་ལྟར་བསྟན་བཅོས་ཁས་ལེན་ན་གསོ་སྦྱོང་བཅུ་བཞི་པར་འཇོག་པའི་སྨིན་ཉའི་མར་ངོ་ལྟ་བུ་ནི་འཇིག་རྟེན་ལ་གྲགས་པའི་དབྱུག་ཉའི་གནམ་སྟོང་ལ་བཤད་ཅིང༌། དེའི་ཕྱིར་སྨིན་ཉའི་མར་ངོ་ལ་གསོ་སྦྱོང་བཅུ་བཞི་པར་བཤད་པ་ཡང་དུས་དེར་བྱེད་པ་མིན་ཅེས་གསུངས་པས། དེ་ལྟར་ན་བུ་རིན་པོ་ཆེ་དང་མཚོ་སྣ་བ་གཉིས་ཀྱི་བཞེད་པ་འགལ་བ་དེ་དགོངས་པ་མི་འགལ་བར་བཤད་དགོས་ནའང་ཁོ་བོའི་བློ་གྲོས་ཀྱིས་ནི་འདི་གཉིས་ཀྱི་འགལ་བ་སྤངས་ཏེ། དགོངས་པ་གཅིག་ཏུ་ཁ་ཚོན་བཅད་ནས་འདིར་མ་བཤད་པས་དཔྱོད་པ་དང་ལྡན་པ་རྣམས་འཐད་པ་གང་ལ་ཡོད་གཟིགས་པ་ནི་དམ་པའི་བྱ་བ་ཡིན་ལ། ཚུལ་འདི་མ་རྟོགས་པར་བློ་གྲོས་གཞོན་ནུ་ཁ་ཅིག །ཁོ་བོས་ལུགས་སོ་སོ་བ་དེ་ལེགས་པར་བཤད་པ་ལ་ནང་འགལ་གྱི་ཕུང་པོར་སྣང་ངོ་སྙམ་དུ་སྐྱོན་མིན་ལ་སྐྱོན་དུ་བཏགས་པར་བྱེད་པ་ཡང་སྲིད་དོ། །དེ་ལྟར་ན་ནི་དོགས་པ་བསལ་བར་བྱ་སྟེ། སྨིན་ཉའི་མར་ངོ་འཇིག་རྟེན་ལུགས་གཙོ་བོར་བྱས་པ་དང༌། འདུལ་བའི་


K8Z004_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུགས་ཐུན་མོང་མ་ཡིན་པ་གཙོ་བོར་བྱས་པའི་ཁྱད་པར་ལས་ཏེ། སྔ་མ་ནི་བུ་སྟོན་རིན་པོ་ཆེའི་བཞེད་པ་ལྟར་སྨིན་ཉ་རྫོགས་པའི་ཟླ་ཕྱེད་ཕྱི་མ་ལ་སྨིན་ཉའི་མར་ངོར་མཐའ་གཅིག་ཏུ་བྱས་ནས། དེ་ལ་རིལ་ཚེས་དང་ཕྱེད་ཚེས་ཀྱི་ཁྱད་པར་སྦྱར་ནས་དབྱར་དགུན་གྱི་འབྲིང་ཐུབ་མི་ཐུབ་སོགས་དང་སྦྱར་ནས་བཤད་ལ། ཕྱི་མ་ནི་མཚོ་སྣ་པ་ཆེན་པོའི་བཞེད་པ་ལྟར་སྨིན་ཉའི་ཟླ་ཕྱེད་སྔ་མ་ལ་སྨིན་ཉའི་མར་ངོར་བྱས་ནས་ཞག་མི་ཐུབ་ཀྱི་རྣམ་གཞག་མཛད་པ་དེས་ན། ཕྱེད་ཚེས་དང་རིལ་ཚེས་སྦྱར་ནས་བཤད་པས་གྲགས་པའི་རྗེས་སུ་འབྲངས་ནས་ལག་ལེན་བྱེད་ན་སྔ་མ་སྐྱོན་མེད་དུ་གྲུབ། བསྟན་བཅོས་ཀྱི་རྗེས་སུ་འབྲངས་ནས་ལག་ལེན་བྱེད་ན་ཕྱི་མ་སྐྱོན་མེད་དུ་གྲུབ་པས་འདིའི་དོགས་སྤང་འོག་ནས་ཀྱང་འབྱུང་ངོ༌། །འོ་ན་ཟླ་བ་ལ་ཤོལ་ཡོད་པའི་ཤོལ་ཟླའི་མར་ངོ་ལ་ཐུབ་པར་བྱེད་དམ་མི་ཐུབ་པར་བྱེད་ཅེ་ན། བྱ་ཊཱིཀ་ལས་ཐུབ་པ་དང་མི་ཐུབ་པ་བརྒྱུད་མར་ཇི་ལྟར་འབྱུང་ཞེ་ན། རྩིས་ལ་མཁས་པ་གླང་སྟོན་ན་རེ། ཐུབ་པའི་དུས་སུ་ཟླ་བའི་ཤོལ་བྱུང་བ་ན་ཐུབ་པ་གཉིས་སུ་བྱ་ཞིང༌། མི་ཐུབ་པའི་དུས་སུ་ནི་མི་ཐུབ་པ་གཉིས་སུ་བྱའོ་ཞེས་གསུངས་ལ། དེང་སང་ཡང་ལུགས་འདིའི་རྗེས་སུ་འབྲང་བ་ཤིན་ཏུ་མང་མོད། དེ་ལ་སྔ་རབས་པ་དང་བར་གྱི་མཁས་པ་ཁ་ཅིག་ན་རེ། ལུགས་དེ་ནི་མི་རིགས་ཏེ་མི་ཐུབ་པའི་རྗེས་ལ་ཟླ་ཤོལ་མི་ཐུབ་པ་འདོན་པ་མི་སྲིད་དེ། ཟླ་ཤོལ་ཡིན་ན་ཉིན་ཞག་སུམ་ཅུར་ལོངས་པ་ཞིག་འདོན་པས་ཁྱབ་པའི་ཕྱིར་དང༌། མི་ཐུབ་པའི་རྗེས་ཀྱི་ཟླ་ཤོལ་ཞག་མི་ཐུབ་པ་འདོན་ན་ཟླ་བ་ཕྱེད་དང་གཉིས་འདས་ན་ཞག་མི་ཐུབ་དོར་མ་དགོས་པར་ཟླ་གཅིག་འདས་པ་ན་ཞག་མི་ཐུབ་འདོར་དགོས་པའི་སྐྱོན་དུ་ཐལ་བ་དང༌། ཐུབ་པའི་རྗེས་སུ་ཐུབ་པ་བྱེད་ན། ཟླ་བ་ཕྱེད་གསུམ་འདས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཅེས་འདོན་དགོས


K8Z004_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ་བའི་སྐྱོན་གནས་སོ་ཞེས་སྨྲ་ལ། ཡང་ཁ་ཅིག་ཐུབ་པའི་རྗེས་སུ་ཐུབ་པ་དང༌། མི་ཐུབ་པའི་རྗེས་སུ་མི་ཐུབ་པ་མ་བྱས་ན་ཤོལ་གང་ལ་ཡོད་པའི་ཟླ་བ་དེ་དཔེར་ན། སྨིན་ཉ་ལྟ་བུ་མི་ཐུབ་པའི་རྗེས་སུ་ཐུབ་པ་བྱས་ན། སླར་མགོའི་ཟླ་བ་ཐུབ་ངོ་ཤེས་པ་དེ་མི་ཐུབ་པར་བྱེད་དགོས་ལ། དེ་ལྟར་ན་གསོ་སྦྱོང་ཞག་མི་ཐུབ་ཀྱི་དུས་ཐམས་ཅད་འཆོལ་བར་འགྱུར་བས་ཟླ་ཤོལ་ཡོད་པའི་ཟླ་བའི་ཐུབ་མི་ཐུབ་དངོས་ཟླའི་རྗེས་སུ་འབྲངས་ནས། སླར་དངོས་ཟླ་ནས་ཐུབ་མི་ཐུབ་བརྩིས་ན་ལུང་དོན་རྣམས་འཁྲུལ་མེད་དུ་བཤད་ནུས་ཟེར་རོ། །ཡང་ཁ་ཅིག །དེ་ཡང་མི་འཐད་དེ། དེ་ལྟར་ན་ཟླ་ཤོལ་ཡོད་པའི་ལོ་གཅིག་ལ་ཟླ་བ་བཅུ་གསུམ་ཡོད་དགོས་པར་འགྱུར་ཏེ། ཟླ་བ་གཅིག་པོ་དེ་ལོ་སྔ་མའི་ཟླ་བ་བཅུ་གཉིས་རྫོགས་པའི་རྗེས་སུ་ཟླ་བ་གཅིག་ལྷག་ཅིང༌། ལོ་ཕྱི་མའི་ཟླ་བ་བཅུ་གཉིས་ཀྱི་ནང་དུ་ཡང་མ་འདུས་པའི་ཕྱིར། འདོད་ན་མི་རིགས་ཏེ། ཟླ་བའི་ཤོལ་ཐམས་ཅད་ལོ་སྔ་མ་སྔ་མར་ཞག་བསགས་པའི་ཐུན་གྱིས་དེར་འགྱུར་བ་ཡིན་གྱི། ཟླ་བ་རངས་པ་གཅིག་བར་དུ་འབྱུང་བ་མི་སྲིད་པའི་ཕྱིར་ཞེས་ཟེར་རོ། །འོ་ན་རྣམ་པར་བཞག་པ་དེ་དག་ལས་ཇི་ལྟར་འཐད་ཅེ་ན། ཀུན་མཁྱེན་བུའི་ཊཱི་ཀར། ལྷག་པོ་ཐུབ་མི་ཐུབ་ནི་ཐུབ་པའི་རྗེས་སུ་ལྷག་ན་མི་ཐུབ་པ་དང༌། མི་ཐུབ་པའི་རྗེས་སུ་ལྷག་ན་ཐུབ་པར་རིགས་ཀྱི། བཟློག་པར་སྨྲ་བ་ནི་མི་རིགས་སོ། །ཞེས་འབྱུང་བ་ལྟར་འདོན་པར་བྱ་སྟེ། དེ་ཡང་དཔེར་ན་སྨིན་ཉ་ལྟ་བུ་ལ་ཟླ་ཤོལ་ཡོད་ན་ཟླ་ཤོལ་དེ་ཉིད་ནས་བགྲངས་པས་ཟླ་བ་བཅུ་གཉིས་ན་སང་ཕོད་འཆར་རྒྱུའི་སྨིན་ཟླའང་འཆར་བ་ཡིན་གྱི། ལུགས་གཞན་ལྟར་ན་ཟླ་ཤོལ་དང་བཅས་པའི་ཟླ་བ་བཅུ་གསུམ་ན་སང་ཕོད་ཀྱི་སྨིན་ཟླའང་འཆར་དགོས་པས། དེ་ལྟར་ན་གསོ་སྦྱོང་ཞག་མི་ཐུབ་ཀྱི་ལུང་འདུལ་མངོན་ནས་བཤད་པ་རྣམས་དང་མི་འགྲིག་


K8Z004_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། གསོ་སྦྱོང་མི་ཐུབ་པ་རྣམས་འཆོལ་བར་འགྱུར་རོ། །ཟླ་ཤོལ་བརྩིས་པའི་བཅུ་གཉིས་ན་སྨིན་ཟླ་འཆར་བ་ཡང་སྨིན་ཉ་ལ་ཟླ་ཤོལ་བྱུང་བའི་ཤོལ་ཟླ་དེ་ནས་བརྩམས་པའི་ཟླ་བ་བཅུ་གཉིས་ན་སང་ཕོད་འཆར་རྒྱུའི་སྨིན་ཟླས་ཀྱང་ཅུང་ཟད་ཟིན་པའི་ཕྱིར་གནད་གཅིག་པ་ལ་བསམ་པ་ཡིན་ནོ། །འདིའི་རྒྱུ་མཚན་གྱིས་སྨིན་ཉའི་མར་ངོ་ལ་གསོ་སྦྱོང་བཅུ་བཞི་པ་སོགས་འབྱུང་བ་རྣམ་པ་ཐམས་ཅད་དུ་ངེས་པ་ཡིན་ལ། འདི་ཉིད་འདྲེན་པ་དམ་པ་ཀརྨ་ཕྲིན་ལས་པའི་དགོངས་པར་ཡང་སོང་སྟེ། རྗེ་དེས་མཛད་པའི་རྩིས་ཀུན་བཏུས་པའི་འགྲེལ་པར་དབུགས་ལ་སོགས་པའི་ཤོལ་བསགས་པས་ཟླ་བར་ལོངས་པའི་ལོ་དེ་ལ་ཟླ་བ་བཅུ་གསུམ་འབྱུང་བས་ཚེས་ཟླ་གཉིས་ལ་ཁྱིམ་ཟླ་གཅིག་གི་མིང་གིས་བརྗོད་པ་ལས་ཤེས་སོ། །ཞེས་འབྱུང་བས་ཀྱང་ཚེས་ཟླ་དངོས་དང་ཤོལ་གཉིས་ཀར་ཁྱིམ་ཟླ་གཅིག་གི་ཁོངས་སུ་སྡུད་པས་དེའི་ཕྱིར་ནའང་ཤོལ་ཡོད་པའི་ཟླ་བ་དེ་དང་ཤོལ་མེད་པའི་ཚེས་ཟླ་ཕྱི་མ་གཉིས་ཁྱིམ་ཟླ་གཅིག་གིས་བསྡུས་པའི་སྐབས་ཤིག་སྲིད་པས། དེའི་རིགས་པས་ཀྱང་འདི་གྲུབ་པ་ནི་གཙུག་ལག་གཞན་གྱི་ལུགས་ཀྱིས་ཀྱང་འབུལ་བ་པའི་ལུགས་ལ་ཤོལ་ཡོད་མེད་གང་ཡིན་ཀྱང་ཐུབ་པའི་རྗེས་སུ་མི་ཐུབ་པ། མི་ཐུབ་པའི་རྗེས་སུ་ཐུབ་པར་བྱས་པ་ཉིད་བསྟར་ཆགས་སུ་བགྲངས་པས་ལག་ལེན་ལ་འཁྲུལ་བ་མི་འབྱུང་བ་ཡིན་ནོ། །འོ་ན་འདུལ་བ་ལ་ཤོལ་འདོར་བའི་རྣམ་གཞག་དོན་མེད་དུ་ཐལ་ཅེ་ན། མི་ཐལ་ཏེ་ཤོལ་གྱི་ཁྱད་པར་འཇོག་ལུགས་འདི་མ་གཏོགས་པའི་དུས་ཚིགས་བརྗོད་པ་སོགས་ལག་ལེན་གཞན་ལ་ཐ་སྙད་ཀྱི་ཡན་ལག་ཏུ་རྣམ་པར་བཞག་དགོས་པའི་ཕྱིར་རོ། །ཐུབ་པའི་རྗེས་སུ་མི་ཐུབ་པ་དང༌། མི་ཐུབ་པའི་རྗེས་སུ་ཐུབ་པ་རྣམ་པར་བཞག་པ་འདི་ལ་གོང་དུ་ཁ་གཅིག་གིས་དེ་ལྟར་བྱས་ན་མགོ་ཟླ་ལྟ་བུ་ཐུབ་


K8Z004_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ངོ་ཤེས་དེ་ཉིད་མི་ཐུབ་པར་འགྱུར་ཞེས་སོགས་ཀྱིས་གནོད་དེ། ཐུབ་པ་བཏུད་མར་བྱེད་པ་ལ་འགལ་བ་ཅིའང་མེད་པའི་ཕྱིར། མང་དུ་མ་གསན་པ་དག་ངོ་མཚར་དུ་མི་འཛིན་པར་ཞུའོ། །ཚུལ་འདི་ལ་ཀུན་མཁྱེན་མཚོ་སྣ་ཆེན་པོའི་གསུང་གིས་ཁ་ཅིག་ན་རེ། སྟོན་དཔྱིད་ཀྱི་འབྲིང་པོ་གཉིས་ཀྱི་དངོས་ཟླ་མི་ཐུབ་པ་བཞིན་དུ་ཤོལ་ཟླ་ཡང་མི་ཐུབ་པ་སྟེ་གསོ་སྦྱོང་བཅུ་བཞི་པའོ་ཞེས་ཟེར་རོ། །འོན་ཀྱང་ལོ་གསུམ་གྱི་ཤོལ་ཞག་བཅུ་ཚན་གསུམ་ལ་ཞག་ཉི་ཤུ་རྩ་དགུ་ལས་མེད་པར་སྨྲ་བ་འདི་ཤིན་ཏུ་མི་རིགས་སོ་ཞེས་གསུངས་པས། ཐུབ་མི་ཐུབ་གང་གི་རྗེས་སུ་ཤོལ་བྱུང་ཀྱང་བཤོལ་ཟླ་ཐུབ་པ་ཁོ་ན་འཇོག་དགོས་ཏེ། ཟླ་བ་དེ་ལ་ཞག་སུམ་ཅུ་ངེས་པར་ཚང་བའི་ཕྱིར་ཞེས་འཆད་པ་འདི་ཡང་ལེགས་པར་བཤད་པའི་རྣམ་གྲངས་ཁྱད་པར་དུ་འཕགས་པ་ཞིག་གོ། །གྲགས་པའི་ཕུང་པོ་ཅན་ཁ་ཅིག་ན་རེ། རྒྱལ་དང་དབོ་དང་ས་ག་དང༌། །ཆུ་སྟོད་ཁྲུམས་སྟོད་སྨིན་དྲུག་སྟེ། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་པ་ནི་ཤོལ་མེད་པའི་བརྩི་གཞག་བྱེད་ལ། ཤོལ་ཡོད་ན་ཐུབ་པའི་རྗེས་སུ་མི་ཐུབ་པ་དང༌། མི་མཐུན་པའི་རྗེས་སུ་ཐུབ་པ་བྱེད་པས་དཔེར་ན་སྨིན་ཉའི་མར་ངོ་ལ་མི་ཐུབ་པ་འབྱུང་ཞིང༌། དེའི་ཤོལ་ཟླ་ལ་ཐུབ་པ་བྱས་པས་མགོ་ཟླའི་མར་ངོ་ལ་ལུང་ནས་ཐུབ་པར་བཤད་ཀྱང་ཤོལ་གྱི་འགྲོས་ཀྱིས་མགོ་ཟླའི་མར་ངོ་མི་ཐུབ་པར་འགྱུར་བས། སྣྲོན། གྲོ་བཞིན། དབྱུ་གུ། མགོ། མཆུ། ནག་པ་རྣམས་ཀྱི་མར་ངོ་ལ་བཅུ་བཞི་པ་འབྱུང་བ་ཞིག་ཡོད་པ་ཡིན་ཅིང༌། རྒྱལ་སོགས་སྨོས་པ་ནི་མཚོན་པ་ཙམ་ཡིན་ཅེས་ཟེར་རོ། །འདི་ལྟ་བུ་ནི་འཕགས་པའི་ཡུལ་དང༌། བོད་ཀྱི་ཆར་འདུལ་བ་དང་མ་མོ་འཛིན་པ་སུའི་ལུགས་ལའང་མི་འབྱུང་བས་བླུན་པོའི་ལོག་པར་རྟོག་པར་གོའོ། །དཔལ་ཤཱཀྱ་མཆོག་ལྡན་ན་རེ། འདུལ་


K8Z004_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བ་པའི་ལུགས་ཀྱི་ལོ་གཅིག་ལ་ཚེས་སུམ་བརྒྱ་དང་དྲུག་ཅུའམ། ཉིན་ཞག་སུམ་བརྒྱ་དང་ལྔ་བཅུ་ང་བཞི་འབྱུང་ལ། དེ་ལྟར་ན། ན་ནིང་གི་སྨིན་དྲུག་ཅན་གྱི་མར་ངོ་ལ་གསོ་སྦྱོང་མི་ཐུབ་པ་བྱུང་ན། ད་ལོའི་སྨིན་དྲུག་གི་མར་ངོ་ལ་དེ་མི་འབྱུང་བས་ཁྱབ་སྟེ། དེའི་ཤེས་བྱེད་ཀྱང་ལོ་སྔ་མའི་སྨིན་དྲུག་ཅན་གྱི་ཟླ་བ་ཡིན་ངོ་ཤེས་ཏེ་རྫོགས་མཚམས་ནས་ལོ་རྟིང་མའི་སྨིན་དྲུག་ཅན་གྱི་ཟླ་བ་ཡིན་ངོ་ཤེས་པའི་བར་དེའི་མགོ་ཟུག་པའི་བར་ལ་ཚེས་ཞག་སུམ་བརྒྱ་དོན་གཅིག་ཚང་དགོས་པ་ལ་ཐུག་པའི་ཕྱིར་ཞེས་ཟེར་རོ། །འདི་ནི་འབྲེལ་ཡེ་མེད་པའི་གཏམ་སྟེ། ལོ་སྔ་ཕྱིའི་སྨིན་དྲུག་གི་ཟླ་བ་སྔ་ཕྱི་ལ་ཞག་མི་ཐུབ་དང་ཐུབ་པའི་ཁྱད་པར་རིགས་ཏེ། ཟླ་བ་དེ་གཉིས་ཀྱི་བར་དུ་ཚེས་ཞག་སུམ་བརྒྱ་དོན་གཅིག་ཚང་དགོས་པའི་ཕྱིར་གྱི་ཁྱབ་པ་འདི་འདྲ་ནི་སྔོན་རྒྱ་བོད་གང་ནའང་མ་བྱུང་བའི་ཕྱིར་ཏེ། ལོ་སྔ་མའི་སྨིན་དྲུག་ཅན་གྱི་མར་ངོ་ལ་གསོ་སྦྱོང་བཅུ་བཞི་པ་བྱུང་ན་ལོ་ཕྱི་མའི་སྨིན་དྲུག་ཅན་གྱི་མར་ངོ་ལ་གསོ་སྦྱོང་བཅུ་བཞི་པ་མི་འབྱུང་བར་ཁྱབ་པ་ཁས་ལེན་ན་ཉ་ཤི་གང་རུང་དང་མ་བསྟུན་པའི་གསོ་སྦྱོང་བཅུ་བཞི་པ་ཞིག་ཁས་ལེན་དགོས་པར་འགྱུར་རོ། །དེ་ལས་གཞན་དུ་ལོ་ཕྱི་མ་ལ་འབྱུང་བའི་སྨིན་ཟླ་དེ་སྨིན་ཟླ་ཡིན་མིན་ལ་ཐུག་ལ། མིན་ན་སྨིན་ཟླ་ཕྱི་མ་དེ་སྨིན་ཟླ་ཡིན་པར་ཁས་བླངས་པ་དང་འགལ་བ་དང༌། ཡིན་ན་ཚེས་ཞག་དེ་མ་ཚང་ཡང་མི་ཐུབ་པའི་དུས་རྣམ་པ་ཐམས་ཅད་དུ་ཡིན་ཏེ་ལུང་ལས་དེ་ལྟར་གྲུབ་པའི་ཕྱིར་རོ། །ཡང་སྨིན་ཟླ་ཕྱི་མ་དེ་འདུལ་བ་ནས་བཤད་པའི་སྨིན་ཟླའི་གོ་ཆོད་ཀྱང༌། སྤྱིར་རྩིས་པའི་ལུགས་ཀྱི་སྨིན་ཟླར་མི་འགྱུར་བའི་རྒྱུ་མཚན་གྱིས་སོ་ཞེ་ན། འོ་ན་སྨིན་ཟླ་སྔ་མ་དེའང་རྩིས་པའི་ཞིབ་ཆ་བྱས་ན་སྨིན་ཉ་དངོས་གཞི་དེ་ཡིན་ངེས་མེད་པས། སྔ་མའི་སྨིན་ཉ་དེས་ཀྱང་མི་ཐུབ་པའི་དུས་ཡིན་པར་མཐའ་གཅིག་ཏུ་སྨྲ་མི་ནུས་


K8Z004_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཚུངས་ལ། ཡང་ན་སྨིན་ཉ་ཕྱི་མའི་མར་ངོ་ལ་གསོ་སྦྱོང་བཅུ་བཞི་པ་བྱེད་དམ་མི་བྱེད། བྱེད་ན་དེ་ལ་གསོ་སྦྱོང་མི་ཐུབ་པ་མི་འབྱུང་བར་བཤད་པ་དང་འགལ། མི་བྱེད་ན་ལོ་ཕྱི་མ་དེ་ལ་འདུལ་བ་ནས་བཤད་པའི་སྨིན་ཟླའི་གསོ་སྦྱོང་བཅུ་བཞི་པ་དེ་སྨིན་ཟླའི་གོང་རོལ་དབྱུག་ཟླ་ལ་བྱེད་དམ། དེའི་འོག་གི་མགོ་ཟླ་ལ་བྱེད། ཕྱོགས་གང་ལྟར་ཡང་གསོ་སྦྱོང་ཞག་ཐུབ་གཅིག་བོར་བས་ལོ་གཅིག་ལ་གསོ་སྦྱོང་ཉེར་གསུམ་ལས་མེད་པར་ཐལ་ལོ། །དེས་ན་འདུལ་བའི་གཞུང་དཔང་པོར་བྱེད་བཞིན་འདུལ་བའི་རང་གཞུང་རྣམས་འགོག་པར་བྱེད་པ་ནི་དཔྱིས་ཕྱིན་པར་མ་བསླབས་པར་འཆད་རྩོམ་བྱས་པ་ལས་འབྱུང་བར་སྣང་ངོ༌། །ཁྱེད་ཉིན་ཞག་སུམ་བརྒྱ་དང་ང་བཞི་ལ་འདུལ་བའི་ལོ་གཅིག་ཡིན་སྙམ་པའང་ལོ་གཅིག་ལ་ཉིན་ཞག་བཅུ་བཞི་པའི་གསོ་སྦྱོང་དྲུག་ཡོད་ཟེར་བ་ལ་བློ་རྩེ་གཏད་པར་འདུག་ཀྱང་དེ་གཉིས་དོན་མི་གཅིག་སྟེ། ཟླ་གཅིག་ལ་ཚེས་ཞག་སུམ་ཅུ་དང༌། ཉིན་ཞག་སུམ་ཅུ་བྲང་སྤྲོད་བྱས་པས་ཉིན་ཞག་སུམ་ཅུ་ལ་མ་སླེབས་པས་ཉིན་ཞག་སུམ་ཅུ་པ་རེ་ལ་ཞག་མི་ཐུབ་ཀྱི་གསོ་སྦྱོང་གི་ཆ་རེ་དོན་ལ་ཐོབ་པ་ཡིན་པས། དེ་ལྟར་གྱི་ཚེ་མར་ངོའི་གསོ་སྦྱོང་ཐམས་ཅད་ལ་བཅུ་བཞི་པའི་ཆ་ཡོད་པར་དོན་ལ་གནས་ནའང་དེ་འདུལ་བ་ནས་ཞིབ་ཏུ་མ་དཔྱད་པར་ཚེས་ཞག་སུམ་ཅུ་དང༌། ཉིན་ཞག་ཕྱེད་དང༌། སུམ་ཅུ་བྲང་སྤྲད་པའི་འགྲོས་ཀྱིས་ཞག་ལྔ་བཅུ་ང་དགུ་པ་ལ་ཞག་མི་ཐུབ་ཀྱི་གསོ་སྦྱོང་རེ་བྱས་པས་ལོ་གཅིག་ལ་གསོ་སྦྱོང་ཞག་མི་ཐུབ་དྲུག་འདོན་པ་ཡིན་ལ། རྒྱུ་མཚན་དེས་ན་འདུལ་བའི་ལུགས་ལ་ཟླ་བ་རེ་རེ་ལའང་ཉིན་ཞག་སུམ་ཅུ་རེ་ཡོད་པས། ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་འབྱུང་བ་ཡིན་གྱི། ཁྱོད་ལྟར་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དང་ལྔ་བཅུ་ང་བཞི་ལས་མི་འབྱུང་


K8Z004_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ཡིན་པའི་ཕྱིར། རིགས་པར་གནས་པའི་ཕྱོགས་ནི་མདོར་ན་ཉིན་ཞག་སུམ་ཅུ་དང་ཚེས་ཞག་སུམ་ཅུ། ཆུ་ཚོད་སོ་གཅིག་རྗེས་འབྲངས་དང་བཅས་པ་མོད་ཅུང་མི་མཉམ་ནའང་རྩིས་པ་དག་རགས་པར་མོད་མཉམ་པར་འཆད་ལ། དེ་ལྟར་ནའང་འདུལ་བའི་ལུགས་ལ་ཚེས་ཞག་སུམ་ཅུ་ཆུ་ཚོད་སོ་གཅིག་རྗེས་འབྲངས་དང་བཅས་པ་དང༌། ཉིན་ཞག་སུམ་ཅུའི་མོད་མཉམ་ན་ཆད་ལྷག་འདོར་བ་དཀའ་བར་དགོངས་ནས་ཆུ་ཚོད་སོ་གཅིག་པ་དེ་བོར་ནས་ཚེས་ཞག་སུམ་ཅུ་དང༌། ཉིན་ཞག་སུམ་ཅུ་པོ་བསྒྲིགས་ནའང་ད་རུང་ཉིན་ཞག་སུམ་ཅུ། ཚེས་ཞག་སུམ་ཅུ་པ་ལས་ལྷག་པའི་ཆ་ཞིག་ཡོད་ལ། ཆ་དེ་དོར་ནས་ཉིན་ཞག་ཉེར་དགུ་པ་དང་ཚེས་ཞག་སུམ་ཅུ་མོད་མཉམ། དེའི་འགྲོས་ཀྱིས་ཉིན་ཞག་ང་དགུ་པ་དེས་ཚེས་ཞག་དྲུག་ཅུ་ལས་ལྷག་པའི་ཆ་ཞིག་ཡོད། ཆ་དེ་དོར་བས་ཉིན་ཞག་ང་དགུ་པ་ལ་གསོ་སྦྱོང་ཞག་མི་ཐུབ་ཀྱི་དུས་ཏེ་གསོ་སྦྱོང་བཅུ་བཞི་པའམ། ཉིན་ཞག་གཅིག་གིས་མ་ཆོག་པའི་གསོ་སྦྱོང་ཟེར་རོ། །དེས་ན་གསོ་སྦྱོང་བཅུ་བཞི་པའང་ཚེས་ཞག་བཅོ་ལྔ་པ་སྟེ། གནམ་སྟོང་ལ་ལག་ལེན་དུ་བྱེད་ཀྱང་ཉི་མ་དེ་ཉིན་ཞག་བཅུ་བཞི་པ་མ་ཡིན་པའི་སྐྱོན་མེད་དེ་བཅུ་བཞི་པའི་ངོས་འཛིན་དུ་ཉིན་ཞག་བཅོ་ལྔར་ཞག་གཅིག་གིས་མ་ཆོག་པ་ཞེས་འབྱུང་བས། ཉིན་ཞག་བཅོ་ལྔར་འགྱུར་བ་ལ་ཞག་གཅིག་གིས་མ་ཆོག་པ་དེ་འདི་ལའང་འཆད་ནུས་པར་སྣང་བའི་ཕྱིར་དང༌། ཞག་བཅོ་ལྔར་ཉིན་ཞག་གཅིག་གིས་ཆོག་ན་ཕྱི་མའི་ཚེས་གཅིག་ཏུ་ཐལ་བར་འགྱུར་བས་དེས་བཅུ་བཞི་པ་མིན་པའི་སྐྱོན་མེད་ཅིང༌། ཉིན་ཞག་བཅུ་བཞི་དང་ཚེས་ཞག་བཅོ་ལྔ་མོད་མཉམ་ལུགས་ཀྱང་དེ་ལྟར་ཡིན་པས། གསོ་སྦྱོང་བཅུ་བཞི་པ་ཉི་ཤུ་དགུ་ལ་སྔ་སྣུར་བྱེད་དགོས་སོ་ཞེས་འདོད་པ་ནི་འགྲུབ་པའང་ཞར་ལ་


K8Z004_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་པའོ། །དེ་ལྟར་བཤད་པའི་གྲུབ་དོན་འདུལ་བའི་ལུགས་ལ་ཉིན་ཞག་སུམ་བརྒྱ་ང་བཞི་ལ་ལོ་གཅིག་བྱེད་ཟེར་བ་རྟོག་བཟོ་ཡིན་ནོ། །ཟླ་བ་ལྷག་མ་ཤོལ་འདོར་བ་ནི་དགེ་སློང་གི་རྩིས་པ་མི་བཙན་གྱི་རྒྱལ་པོའི་རྗེས་སུ་འབྲང་བས་ཤོལ་དོར་བར་བྱའོ། །ཞེས་འབྱུང་བ་འདི་ལ་འདུལ་བ་ནས་ཅི་ལྟར་གསུངས་པ་དང༌། ཐ་སྙད་པ་དག་གིས་ཇི་ལྟར་བརྗོད་པ་དང༌། ཕྲིན་ལས་དབང་པོའི་ཞལ་ལུང་དགོད་པའོ། །དང་པོ་ནི། ལུང་གླེང་གཞི་ལས། དེ་ལྟ་བས་ན་ལོ་རེ་རེ་ཞིང་ཤོལ་མ་བོར་བར་ལོ་དྲུག་དྲུག་ཅིང་ཤོལ་དོར་ཞག་དྲུག་ལྔ་སུམ་ཅུ་སྟེ་དེ་ལྟ་བུར་ཞག་དང་ཟླ་བ་ཕྱེད་པོ་དང༌། ཟླ་བ་དང་ལོ་བསྒྲེས་ན་མཉམ་པར་འགྱུར་ཏེ་མུ་སྟེགས་ཅན་རྣམས་ཀྱིས་གླགས་བཙལ་ཀྱང་གླགས་རྙེད་པར་མི་འགྱུར་རོ་ཞེས་གསུངས་པ་ནི་ལོ་རེ་ལ་ཞག་མི་ཐུབ་དྲུག་དྲུག་འབྱུང་ཞིང༌། ཚེས་ལ་ལྔ་རྫོགས་མཚམས་དེར་དྲུག་ལྔ་སུམ་ཅུ་ཐམ་པ་ལོངས་པ་དང༌། ཚེས་ལོ་དྲུག་པའི་སྟེང་དུ་ཤོལ་འདོར་བ་ལ་དགོངས་པ་ཡིན་ནོ། །གཉིས་པ་ནི། ལུང་གླེང་གཞི་ལས། རྒྱལ་པོ་དག་ནི་ལོ་གསུམ་གསུམ་ཞིང་ཤོལ་དོར་བར་བྱེད་དོ་ཞེས་གསུངས་སོ། །དེ་ཡང་བརྩི་ལུགས་ལ་རྒྱ་གར་བའི་རྒྱལ་པོ་ནི་དེང་སང་བོད་ན་ལོ་ཟླར་གྲགས་པ་དྲུག་ལ་ཞག་ཉི་ཤུ་རྩ་དགུ་ལས་མེད་པས། དགུན་ཉི་ལོག་མཚམས་སུ་ཞག་གཉིས་དང༌། དབྱར་ཉི་ལོག་མཚམས་སུ་ཞག་གཉིས་ཏེ་ལོ་གཅིག་ལ་ཞག་ལྷག་པོ་བཅུ་འབྱུང་བས་ལོ་གསུམ་ལ་ཟླ་བ་གཅིག་ལྷག་སྟེ། ཤོལ་ཟླ་གཅིག་དོར་བར་བྱེད་པར་གྲགས་སོ། །ལིའི་རྒྱལ་པོས་ནི་དུས་མཐའི་སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ། །དེ་སུམ་ཅུ་ལ་ཐང་གཅིག་གོ། །དེ་སུམ་ཅུ་ལ་ཡུད་ཙམ་གཅིག་གོ། །དེ་སུམ་ཅུ་ལ་ཉིན་ཞག་གཅིག་ཏུ་བརྩི་བ་ཡིན་ལ།


K8Z004_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་ཉིན་ཞག་གཅིག་ལ་ཡུད་ཙམ་ཉི་ཤུ་རྩ་དགུ་དང༌། ཐང་གཅིག་ལྔ་ལས་མི་འདའ་བས་ཞག་རེ་ལ་ཐང་གཅིག་ཉི་ཤུ་རྩ་ལྔའི་བཤོལ་འབྱུང་ངོ༌། །དེ་བསགས་པས་ཟླ་བ་རེ་ལ་ཡུད་ཙམ་ཉི་ཤུ་རྩ་ལྔའི་བཤོལ་ཡོད་པས་ཟླ་བ་གསུམ་གསུམ་ལ་ཡུད་ཙམ་བདུན་ཅུ་རྩ་ལྔ་ལྷག་སྟེ། དེས་ན་ཟླ་བ་གསུམ་གསུམ་ལ་ཞག་ཕྱེད་དང་གསུམ་གསུམ་གྱི་བཤོལ་འབྱུང་བས་ཟླ་བ་དྲུག་ལ་ཞག་ལྔའི་བཤོལ་འབྱུང་སྟེ། དེས་ན་ལོ་གཅིག་ལ་ཞག་བཅུའི་བཤོལ་འབྱུང་བས་ལོ་གསུམ་གསུམ་ལ་ཟླ་བ་ལྷག་པ་རེ་རེ་འབྱུང་ཞེས་གྲགས་སོ། །མདོ་སྡེ་ལྟས་སྣ་ཚོགས་བསྟན་པ་དང༌། རྒྱ་ནག་རྒྱལ་པོའི་ལུགས་ལས། བྱ་ཡི་ལོ་ལ་དགུན་ཟླ་འབྲིང་པོ་གཉིས། །བྱི་བའི་ལོ་ལ་དཔྱིད་ཟླ་དབྲིང་པོ་གཉིས། །ཡོས་བུའི་ལོ་ལ་དབྱར་ཟླ་འབྲིང་པོ་གཉིས། །རྟ་ཡི་ལོ་ལ་སྟོན་ཟླ་འབྲིང་པོ་གཉིས། །ཞེས་ཟླ་ལྷག་སྔ་མ་བྱུང་ནས་ལོ་གསུམ་ན་འདོར་བར་གྲགས་སོ། །དེ་ལྟར་ན་ཟླ་བ་ཕྱེད་བདུན་གྱིས་འདོར་འཕྱིས་པའི་སྐྱོན་ཡོད་དོ། །གསུམ་པ་ནི། བུ་སྟོན་རིན་པོ་ཆེའི་ཞལ་ནས། བཤོལ་འབྱུང་བའི་རྒྱུ་མཚན་ཞག་མི་ཐུབ་དྲུག་བསགས་པས་བཤོལ་འབྱུང་བ་མིན་གྱི། འོན་ཀྱང་ཉི་མ་ལོག་ནས་ལྡོག་གི་བར་ལོ་གཅིག་ཡིན་པ་ལ། དེ་ལ་ཁྱིམ་གྱི་ཟླ་བ་བཅུ་གཉིས་སུ་མ་ཆོག་པར་ཞག་བཅུ་གཅིག་དང༌། བཞི་ཆ་ཙམ་བསྣན་དགོས་བྱུང་བས་དེ་བསགས་པ་ཟླ་བ་སུམ་ཅུ་པོ་ཕྱེད་དང་གསུམ་ན་ཟླ་བ་རེ་རེ་ལྷག་པ་འབྱུང་བ་ཡིན་ནོ་ཞེས་གསུངས་པས། དེའི་དོན་ལོ་ལ་བྱེད་པ་འཕོ་བའི་ལོ་དང་གྲུབ་མཐའི་ལོ་གཉིས་གསུངས་པས་བྱེད་པ་འཕོ་བའི་ལོ་འདི་དང་འདུལ་བའི་ལོའི་རྣམ་གཞག་སྒོ་བསྟུན་པར་གོ་སྟེ། འདུལ་བ་ནས་ཚེས་ཞག་སུམ་བརྒྱ་དྲུག་ཅུ་ལ་ལོ་གཅིག་ཏུ་བྱེད་པ་དང༌། ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལ་


K8Z004_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དུས་བཞི་རྫོགས་པའི་ལོ་གཅིག་ཏུ་བྱེད་པ་གཉིས་ཀ་འབྱུང་བ་ལ་ནང་འགལ་བའི་དོགས་སྤང་འོག་ཏུ་འཆད་ལ། ཞག་མི་ཐུབ་དོར་བའི་རྣམ་པར་བཞག་པ་ནི། ཕྱི་མའི་དབང་དུ་བྱས་པ་མ་ཡིན་གྱི། སྔ་མའི་དབང་དུ་བྱས་པ་སྟེ། དེ་ཡང་ཞག་མི་ཐུབ་པ་འདི་ཚེས་ཞག་གིས་མ་ཐུབ་པ་ལ་བྱེད་དམ། ཉིན་ཞག་གིས་མ་ཐུབ་པ་ལ་བྱེད་ཅེ་ན། གནས་སྐབས་ཀྱི་ལན་དང༌། མཐར་ཐུག་གི་ལན་ནོ། །དང་པོ་ནི། ཚེས་ཞག་དང་ཉིན་ཞག་གཉིས་ལས། ཚེས་ཞག་རྒྱུན་ཐུང་བས་ཚེས་ཞག་ཆད་པ་ལྟར་སྣང་བས་ཚེས་ཞག་ཆད་པའི་ཐ་སྙད་དུ་བྱས་པ་ཡིན་ལ། དོན་དུ་ཚེས་མ་ཆད་པ་ཡིན་པ་དེ་ཉིད་ཀྱི་དུས་དེར་ཞག་མི་ཐུབ་བྱེད་པའང་ཡིན་ལ། ཚེས་ཞག་དང་ཉིན་ཞག་གཉིས་ལས། ཉིན་ཞག་རྒྱུན་རིང་བས་ཉིན་ཞག་བཅུ་བཞི་པ་ལ་ཚེས་ཞག་བཅོ་ལྔ་པ་ཡིན་པའི་དུས་དེར་ཞག་མི་ཐུབ་བྱེད་པའང་ཡིན། དེ་གཉིས་ཀ་ཞག་མི་ཐུབ་དང་སྦྱར་བར་བཤད་དུ་རུང་ཡང་ཁོ་བོ་མ་གཏོགས་ས་ཕྱོགས་འདི་ན་གཞན་གང་གིས་ཀྱང་ཤེས་པ་མ་ཡིན་ནོ། །གཉིས་པ་ནི། ཚེས་ཞག་གིས་ཉིན་ཞག་གི་ཞག་མ་ཐུབ་པས་ཚེས་ཞག་བཅོ་ལྔ་བསྡོམས་པས་ཀྱང་ཉིན་ཞག་བཅོ་ལྔར་མ་ལོངས་པ་དེའི་ཚེས་ཞག་གིས་ཞག་གི་གོ་མ་ཆོད་པའི་ཤུགས་ཉིན་ཞག་ལ་ཕོག་པས། ཉིན་ཞག་ལ་ཞག་མི་ཐུབ་བྱེད་པར་འདུལ་མངོན་གྱི་དངོས་ཀྱི་སྒྲས་ཟིན་ལྟར་འདུལ་འཛིན་ཐམས་ཅད་ལ་གྲགས་ནའང་ཁོ་བོས་ནི་ཞག་མི་ཐུབ་ཚེས་ཞག་གི་སྟེང་ནས་བྱེད་པ་ངེས་དོན་དུ་མཐོང་ནས། གོང་དུ་འགྲེལ་པའི་དངོས་སུ་ན་ཟླ་བའི་ངོ་དེའི་ཚེས་གྲངས་གང་ལ་ཞེས་སོགས་ལ་འབྲུ་བཤད་ཞིབ་ཏུ་བྱས་པ་ཡང་དྲན་པར་གྱིས་ཤིག །འོ་ན་ལོ་གཅིག་ལ་ཚེས་ཞག་སུམ་བརྒྱ་དང་དྲུག་ཅུ་ལས་མེད་ན། འདུལ་བའི་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུར་བྱེད་པ་དང་འགལ་ཏེ།


K8Z004_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་ཞག་སུམ་བརྒྱ་དང་དྲུག་ཅུ་ལ་ཉིན་ཞག་སུམ་བརྒྱ་དང་ང་བཞི་ལས་མེད་པའི་ཕྱིར་ཟེར་རོ། །དེ་ལྟར་སྨྲ་བ་ནི་བླ་མའི་མན་ངག་མེད་པ་ཁྱེད་ཅག་བདེན་ཏེ། དེའི་ཕྱིར་བརྗོད་ན་འདུལ་བ་པ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་ལ་ལོ་གཅིག་བྱེད་པ་དེ་ལ་ཚེས་ཞག་སུམ་བརྒྱ་དང་དྲུག་ཅུའི་ཁར་ཚེས་ཞག་དྲུག་བསྣན་ན་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་ལ་ལོ་གཅིག་ཏུ་བྱེད་པ་དེ་ཚང་ཞིང་བསྣན་པའི་ཚེས་ཞག་དྲུག་ལོ་ལྔར་བསགས་ན་འདུལ་བའི་ལུགས་ཀྱི་ཟླ་ཤོལ་གཅིག་འབྱུང་བས་ཉིན་ཞག་གསུམ་བརྒྱ་དྲུག་ཅུ་ལ་ཚེས་ཞག་སུམ་བརྒྱ་རེ་དྲུག་འབྱུང་བ་ཡིན་ནོ། །གཉིས་པ་གྲུབ་མཐའི་ལོ་ལ་ཁྱིམ་ཞག་ཉིན་ཞག་ཚེས་ཞག་སྟེ། ཉི་མས་ཁྱིམ་བཅུ་གཉིས་བགྲོད་པའི་ཁྱིམ་གཅིག་སུམ་ཅུར་བཏང་བའི་ཆ་གཅིག་བགྲོད་པའི་ཡུལ་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཉིན་མཚན་ཡོངས་གྲགས་ལ་ཉིན་མཚན་ཁ་སྦྱོར་བ་ཉིན་ཞག་སྟེ། སུམ་བརྒྱ་རེ་ལྔ་རྗེས་འབྲངས་དང་བཅས་པ་ཟླ་བའི་ཆ་དཀར་ནག་བཅོ་ལྔ་ལ་ཚེས་ཞག་སྟེ་སུམ་བརྒྱ་དོན་གཅིག་རྗེས་འབྲངས་དང་བཅས་པའོ། །དེ་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུར་བཅས་པའི་ལོ་ལ་ཚེས་ཞག་སུམ་བརྒྱ་དོན་གཅིག་རྗེས་འབྲངས་དང་བཅས་པ་དང༌། ཉིན་ཞག་སུམ་བརྒྱ་རེ་ལྔ་རྗེས་འབྲངས་དང་བཅས་པ་རྫོགས་དགོས་ལ། དེ་ལྟར་གྱི་ཚེ་ཁྱིམ་ལོ་རེ་དང་ཚེས་ཞག་སུམ་བརྒྱ་དྲུག་ཅུ་མོད་མཉམ་ན་ལོ་མི་རྫོགས་པས་ཚེས་ཞག་བཅུ་གཅིག་རྗེས་འབྲངས་དང་བཅས་པ་བསྣོན་དགོས་པ་དེ་བསགས་པས་ལོ་གསུམ་བག་མེད་ལ་ཟླ་བཤོལ་འདོན་པ་སྟེ། ཟླ་བ་སོ་གཉིས་ཕྱེད་བཅས་ན་ཟླ་བཤོལ་འབྱུང་བ་ཡིན་ནོ། །དཔལ་ཤཱ་ཀྱ་མཆོག་ལྡན་ན་རེ། འདུལ་བའི་ལུགས་ཀྱི་ལོ་རེ་ཚང་བ་ལ་ཚེས་ཟླ་བཅུ་གཉིས་ཀྱི་སྟེང་དུ་ཉིན་ཞག་དྲུག་དྲུག་བསྣན་དགོས་ལ། དུས་འཁོར་གྱི་ལུགས་ལ་ཁྱིམ་ལོ་རེ་ལ་ཉིན་ཞག་བཅུ་བཅུ་བསྣན་པས་


K8Z004_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་དང་དུས་འཁོར་བའི་ཟླ་བཤོལ་འདོན་ལུགས་གནད་གཅིག་ཏུ་སོང་བ་ཡིན་ཅེས་ཟེར་བ་ནི་བརྟག་པར་བྱ་སྟེ། དེ་ལྟར་ན་འདུལ་བ་ནས་ལོ་ལྔ་ནས་ཟླ་བ་བཤོལ་འདོན་དགོས་པ་དང༌། དུས་འཁོར་ནས་ལོ་གསུམ་ལ་ཟླ་བཤོལ་འདོན་དགོས་པ་དང་གནད་གཅིག་ཏུ་འགྱུར་བའི་ཕྱིར་རོ། །ཟླ་བཤོལ་མ་བཏོན་ན་སྐྱོན་ཅིར་འགྱུར་ཞེ་ན། དེ་ལྟར་ན་འདིར་འགྱུར་ཏེ། ལོར་འཇོག་པ་ཐམས་ཅད་ལ་ཚེས་ཟླ་བཅུ་གསུམ་པ་རེ་ལོར་འཇོག་དགོས་པར་འགྱུར་ལ། དེར་འདོད་ན་ནི་དུས་བཞི་རྫོགས་པ་དང་མི་འགྲིག་པས་ལྷག་པའི་ཤུགས་ཀྱི་དབང་གིས་ཚེས་ཟླ་བཅུ་གསུམ་པ་ནམ་བྱུང་བ་ནས་དོར་ཏེ་སླར་ཚེས་ཟླ་དང་པོ་ནས་འཛིན་དགོས་པ་ཡིན་ནོ། །བཤོལ་འདོན་ཚུལ་ལས་འཕྲོས་པའི་བཤད་པ་དེ་དག་གི་གྲུབ་དོན་འདི་བཟུང་བར་བྱ་སྟེ། སྨྲས་པ། ཁྱིམ་ལོ་ཉིན་ལོ་ཚེས་ལོ་ལ། །དཀྱིལ་འཁོར་སུམ་བརྒྱ་དྲུག་ཅུ་དང༌། །སུམ་བརྒྱ་རེ་ལྔ་རྗེས་འབྲངས་བཅས། །སུམ་བརྒྱ་དོན་གཅིག་རྗེས་འབྲངས་བཅས། །ཡོད་པའི་ཁྱིམ་ལོ་གཞིར་བཞག་ལ། །སུར་ཤོལ་བྱུང་ནས་ཁྱིམ་ལོ་གཅིག །འདས་པའི་མཚམས་སུ་ཉིན་ལོ་གཅིག །ཉིན་ཞག་ལྔ་རྗེས་འབྲངས་དང་བཅས། །ཁྱིམ་ལོ་གཉིས་ན་ཉིན་ལོ་གཉིས། །ཉིན་ཞག་བཅུ་རྗེས་འབྲངས་དང་བཅས། །དེ་ཡི་རིགས་པས་ཁྱིམ་ལོ་ལྔ། །ལྷག་ཙམ་སོང་ན་ཉིན་ལོ་ལྔ༌། །ཉིན་ཞག་སུམ་ཅུ་ཙམ་དུ་ལོངས། །དེ་ལ་ཁྱིམ་ཟླར་ཉིན་ཟླ་ཡི། །ལྷག་པའི་ཟླ་བཤོལ་ཞེས་སུ་བཏགས། །དེས་ན་ཁྱིམ་ལོ་དྲུག་ཅུ་ཙམ། །དེ་ཚེ་ཉིན་ལོ་དྲུག་ཅུ་དང༌། །ཉིན་ལོ་གཅིག་དང་བཅས་པ་སྟེ། །ཉིན་ལོ་དེ་ལ་ཉིན་ལོའི་བཤོལ། །བོད་རྒན་ཁ་ཅིག་བྱེད་པའང་ཡོད། །ཚེས་ལོ་ཁྱིམ་ལོ་སྦྱོར་བ་ན། །སྔར་བཤོལ་བྱུང་ནས་ཁྱིམ་ལོ་གཅིག །འདས་རྗེས་གྲགས་པའི་ཚེས་ལོ་གཅིག སུམ་


K8Z004_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དྲུག་ཅུ་ལ་བྱེད་པའི་དབང་དུ་བྱས་པའོ། །ཚེས་ཞག་བཅུ་བཞི་རྗེས་འབྲངས་འདས། །དེ་ཡི་རིགས་པས་ཁྱིམ་ལོ་གཉིས། །ཁྱིམ་ཟླ་དགུ་ཙམ་འདས་པ་ན། །ཚེས་ལོ་གཉིས་དང་ཚེས་ཟླ་བཅུ། །འདས་པའི་ཚེས་ཟླ་བཅུ་པ་ལ། །ཁྱིམ་ཟླར་ཚེས་ཟླའི་ལྷག་པ་ཡི། །ཟླ་བཤོལ་ཞེས་སུ་བཏགས་པ་ཡིན། །ཁྱིམ་ལོ་སོ་གསུམ་འདས་ཙ་ན། །ཚེས་ལོ་སོ་བཞི་ཙམ་འདས་པས། །སོ་བཞི་པ་དེ་ཚེས་ལོའི་ཤོལ། །བོད་རྒན་ཁ་ཅིག་བྱེད་པའང་ཡོད། །མདོར་ན་སྤྱི་ཙམ་ཟླ་གཅིག་ལ། །ཁྱིམ་ཞག་སུམ་ཅུ་ཉིན་ཞག་ནི། །ཕྱེད་དང་བཅས་པའི་སོ་གཅིག་དང༌། །ཚེས་ཞག་སོ་གཅིག་ལ་སོགས་པ། །ཞག་སོགས་ཤེས་ཏེ་རགས་རྩིས་ཡིན། །རྣམ་པར་བཞག་པ་དེ་དག་ནི། །གྲུབ་མཐར་གྲགས་པའི་ཁྱིམ་ལོ་ལ། །ཉིན་ལོ་ཚེས་ལོའི་ཤོལ་འདོན་ཚུལ། །ཡིན་ཏེ་རྩིས་པ་རྣམས་ལ་གྲགས། །ཉིན་ལོ་གཞིར་བཞག་བྱས་པ་ལ། །ཉིན་ཞག་སུམ་བརྒྱ་དྲུག་ཅུའི་ལོར། །ཚེས་ཞག་སུམ་བརྒྱ་རེ་དྲུག་དང༌། །ཁྱིམ་ཞག་སུམ་བརྒྱ་ང་ལྔ་ཐོབ། །འདི་ཡི་ཉིན་ལོ་དེ་ཉིད་ལ། །ཚེས་ལོ་སྦྱོར་བའི་བཤོལ་འདོན་ཚུལ། །འདུལ་དང་མདོ་སྡེ་རྣམས་ལ་གྲགས། །ཚེས་ལོ་གཞིར་བཞག་བྱས་པ་ལ། །ཚེས་ཞག་སུམ་བརྒྱ་དྲུག་ཅུའི་ལོར། །ཁྱིམ་ཞག་སུམ་བརྒྱ་ཞེ་དགུ་ཙམ། །ཉིན་ཞག་སུམ་བརྒྱ་ང་ལྔ་ཙམ། །ཐོབ་མོད་རགས་པ་བརྗོད་པ་ཡིན། །ཞིབ་པར་རི་མོའི་ཚུལ་གྱིས་ཤེས། །གང་ལྟར་ཆད་ལྷག་འདོར་བའི་གཞི། །ཁྱིམ་ཉིན་ཚེས་ཀྱི་ལོ་གང་གཙོར། །བྱེད་པ་དེ་ཡི་གྲངས་ཉིད་དེ། །སུམ་བརྒྱ་དྲུག་ཅུ་གཞིར་བྱས་ནས། །གཙོར་མི་བྱེད་པའི་ལོའི་དཀྱིལ་འཁོར། །སྒོ་ནས་སྣོན་འབྲིང་བྱས་པ་ལས། །ཁྱད་པར་མ་ལུས་རྟོགས་པར་འགྱུར། །ཐ་སྙད་འདི་ཀུན་ཤེས་ནས་རྒྱུན་རིང་སོང༌། །ཡོངས་འཛིན་མཉེས་པའི་བྱ་བ་ཅི་ཡང་བྱས། །


K8Z004_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་ཡང་མི་འགྱོད་འདུན་མ་གྲུབ་པ་དེ། །དྭགས་པོའི་རྗེས་འཇུག་དབྱངས་ཅན་བཟང་པོ་ཙམ།། །།རྒྱུ་སྐར་ནི། དྲང་སྲོང་སྐར་མ་ལ་དགའ་བ་ལ་སོགས་པའི་སྐར་མཁན་གྱི་རྗེས་སུ་འབྲང་བས་ཤེས་པར་བྱའོ། །བི་མ་ལས་ཚེས་གྲངས་བརྩི་བའི་ཕྱིར་དགེ་སློང་གིས་སྐར་མའི་རྒྱུད་བསླབ་ཀྱང་ཉེས་པ་མེད་པ་ལ་བྱའོ། །ཚེས་གྲངས་བརྗོད་པ་ལ་སོགས་པ་འདི་ལ་དགོངས་པ་ནི་འཇིག་རྟེན་པའི་ཐ་སྙད་ལ་མཁས་པར་བྱ་བའོ། །འདིའི་དགོས་པ་ནི་ཚེས་འདས་པ་སེམས་ལ་ཉེ་བར་བཞག་པར་བྱ་བ་དང༌། གསོ་སྦྱོང་གི་ཉི་མ་ཡོངས་སུ་ཤེས་པར་བྱ་བ་ཡིན་ཅེས་རང་འགྲེལ་དང་ཊཱི་ཀ་ལས་གསུངས་སོ། །གཉིས་པ་ནི། མཚམས་བཅད་པར་བྱའོ་ཞེས་སྔར་སྨོས་ན་མ་བརྟགས་པར་ཡང་བཅད་དམ་ཞེ་ན། དགེ་སློང་གློ་བུར་དུ་གནས་སྟོང་པར་ཞུགས་པ་དག་གིས་འདིར་གཞན་གྱིས་སྔར་མཚམས་བཅད་དམ། མ་བཅད་བརྟག་ཅིང་གསོ་སྦྱོང་གི་ཉིན་མོ་ལ་མ་བསྡད་པར་གནས་འདི་སྟོང་པ་ཞིག་གོ་སྙམ་ཞིང་མཚམས་བཅད་པར་མི་བྱའོ། །བརྟགས་ཤིང་གསོ་སྦྱོང་གི་ཉི་མ་ལ་བབ་ཀྱི་བར་དུ་བསྡད་དེ་བྱའོ། །སྔ་མ་བག་ཡངས་སུ་མ་བྱས་པར་བཅད་པ་གཞན་མི་ཆགས་སོ་ཞེས་སྔར་བསྟན་པ་དེ་ལ་མཚམས་སྔར་ཟིན་པ་ཉིད་ལ་བཅད་ཟིན་པ་ཉིད་དུ་ཤེས་པ་ཉིད་ནི་མཚམས་གཞན་བཅད་པ་ནི་ཆགས་པའི་ཡན་ལག་མ་ཡིན་ཏེ། མཚམས་སྔར་བཅད་ཟིན་པ་ཉིད་ཡིན་ན་དེ་བཅད་པ་ཉིད་དུ་ཤེས་ཀྱང་རུང་མ་ཤེས་ཀྱང་རུང་དེར་མཚམས་བཅད་པ་གཞན་མི་འཆགས་སོ། །ཤེས་བཞིན་དུ་བཅད་ན་ནི་ཉེས་བྱས་སུ་འགྱུར་ལ། མི་ཤེས་པར་བཅད་ན་ལྟུང་བ་མེད་དོ། །གཟི་བརྗིད་པ་ཁ་ཅིག །མཚམས་སྔར་ཟིན་དང་བཅད་པ་སྔར་ཟིན་གཅིག་ཏུ་འདྲེས་ནས་འཁྲུལ་བཤད་མང་དུ་བྱས་པ་རྣམས་ཧུ་ཁྱུ་ཞིག་འདོན་པར་མཛོད་ཅིག །མཚམས་


K8Z004_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་དགེ་སློང་དང་དགེ་སློང་མ་དེ་མཚམས་དེའི་ནང་ན་གཅིག་ཀྱང་མེད་པར་སྐྱ་རེངས་ཤར་བ་ཉིད་ཀྱིས་ཀྱང་མཚམས་བཅད་པ་དེ་བག་ཡངས་སུ་འགྱུར་རོ། །ཀྱང་ཞེས་སྨོས་པ་ནི་མཚམས་དག་དགྲོལ་བར་བྱའོ་ཞེས་མཚམས་དགྲོལ་བ་ལས་ལ་བལྟོས་པར་མ་ཟད་ཀྱི། དེ་མེད་པ་ཉིད་ཀྱིས་ཀྱང་རང་གྲོལ་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་མེད་པ་ཉིད་དུ་གྱུར་པ་ནི་ལྔ་སྟེ། དགེ་འདུན་ཐམས་ཅད་དོང་བ་དང༌། ཐམས་ཅད་མཚན་གྱུར་པ་དང༌། ཞིང་མ་ཡིན་པ་ཉིད་དུ་གྱུར་པ་དང༌། བབས་པར་གྱུར་པ་དང༌། ཤི་བས་སོ་ཞེས་ལུང་ལས་ཏེ་ཊཱི་ཀར་དྲངས་སོ། །རུང་བའི་ཁང་པའི་རུང་བ་ཉིད་གང་ཡིན་པ་ཡང་དེ་མེད་པ་ཉིད་ཀྱིས་ཀྱང་བག་ཡངས་སུ་འགྱུར་རོ་ཞེས་སྔ་མར་སྦྱར་རོ། །ཡང་ངོ་ཞེས་པའི་སྒྲས་ནི་ལས་ཀྱིས་ཀྱང་བག་ཡངས་སུ་འགྱུར་བར་སྟོན་ཏོ། །མཚམས་བཅད་ཟིན་པའི་ཐ་གྲུའི་ནང་ཁོངས་སུ་མཚམས་གཞན་གྱིས་བསྐོར་དུ་མི་རུང་སྟེ། མཚམས་གཞན་གྱི་ཕྱོགས་འདྲེས་པར་བཅད་མི་རུང་ངོ༌། །ཐམས་ཅད་དུའམ་ཞེ་ན། དམིགས་བསལ་གསུམ་སྟེ། ཆོ་ག་མཚམས་གཞན་དཀྱིལ་འཁོར་བ་དང༌། བདག་པོ་མཚམས་གཞན་དགེ་སློང་དབྱར་ཁང་གིས་ཁྱིམ་པའི་གྲོང་དང༌། མུ་སྟེགས་པའི་འདུག་གནས་ཀྱང་མཚོན་པ་དག་དང༌། དངོས་པོ་མཚམས་གཞན་ཁྲོན་པའམ་རྫིང་འཁྱིལ་བ་ལྟ་བུ་མཚམས་གཞན་ཡིན་ཀྱང་དེ་དག་ལ་ནི་ཕྱི་རོལ་མཚམས་ཆེན་པོ་གཅིག་གིས་བསྐོར་དུ་རུང་སྟེ། ཕྱི་རོལ་ཏུ་མཚམས་ཆེན་པོ་བཅད་དུ་རུང་ངོ༌། །ཊཱི་ཀ་ལས། དཀྱིལ་འཁོར་བ་ལ་སོགས་པའི་ཉེ་འཁོར་ནི་མཚམས་ཀྱི་ཁོངས་སུ་གཏོགས་སོ། །ཞེས་སོ། །མཚམས་པོ་ཆེའི་ས་ཁོངས་ན་གྲོང་དང་གྲོང་གི་ཉེ་འཁོར་ནི་མཚམས་པོ་ཆེའི་ཁོངས་སུ་མ་གཏོགས་ཏེ་འབྲལ་བའི་སྐབས་ལས་གྲོང་ལ་དེ་ཡོད་པ་ནི་ཞེས་པས་སོ། །ཤིང་ལྗོན་པ་གཅིག་ལ་མཚམས་


K8Z004_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སམ། གསུམ་མམ། མཚམས་བཞི་མན་ཆད་ཀྱི་ཐུན་མོང་གི་མཐར་ཐུག་དུ་མ་བྱར་རུང་བར་རྣམ་པར་གནས་སོ། །མཚམས་འདི་ལ་འཇིག་རྟེན་གྱི་ཐ་སྙད་དུ་རུང་བའི་ཤིང་ལྗོན་པ་ལ་སོགས་པ་མངོན་ཚན་ཅན་རུང་བ་མཚན་མ་ཉིད་ཡིན་ནོ། །ཐ་སྙད་ལས་འདས་པ་མི་མ་ཡིན་ལ་སོགས་པ་དག་ནི་བརྟན་པར་གནས་པ་ཡིན་ཀྱང་མཚན་མ་ཉིད་མ་ཡིན་ནོ། །རྫུ་འཕྲུལ་དང་སྒྱུ་མ་བྱས་པའི་མཚན་མ་དག་ཀྱང་ཐ་སྙད་དུ་རུང་བའི་མཚན་མ་དེ་ལྟར་གྱུར་པ་ཉིད་མ་ཡིན་ནོ། །ཟླ་བ་དང་ཉི་མ་དང་སྐར་མའི་འོད་དང་ཆུའི་རྦ་ཀློང་གི་རླབས་ཆུ་འགྲམ་དུ་བྱུང་བ་དག་ཀྱང་མཚམས་གཅོད་པའི་མཚན་མ་ཉིད་མ་ཡིན་ཏེ་མི་བརྟན་པ་ཉིད་ཡིན་པའི་ཕྱིར་རོ། །མཚམས་པོ་ཆེ་བཅད་པའི་མཚམས་ཀྱི་ནང་ཁོངས་སུ་རྫིང་བུ་ལྟ་བུ་ཆུ་འཁྱིལ་བ་ཡོད་པ་ནི་མཚམས་གཞན་དང་འདྲ་སྟེ་མཚམས་ཐ་དད་པའོ། །དཀྱིལ་འཁོར་པའི་མཚམས་ཀྱི་ནང་ངམ་རང་བཞིན་གྱི་མཚམས་ཀྱི་ནང་ན་རྫིང་བུ་ལྟ་བུ་ཡོད་ནའང་དེ་བཞིན་ནོ། །དེས་ན་དགེ་སློང་མཚམས་ཀྱི་ནང་གི་ཆུའི་ནང་ན་འདུག་པ་དེས་སྐམས་ན་འདུག་པའི་དགེ་འདུན་གྱི་ཁ་སྐོང་དུ་མི་རུང་ལ། དེས་མ་འདུས་པའི་མི་མཐུན་པ་ཡང་མི་བསྐྱེད་དོ། །མཚམས་ནང་གི་ཆུའི་ནང་དེར་འདུག་སྟེ་སྐྱ་རེངས་ཤར་ན་དབྱར་རལ་བའི་ཉེས་པ་དང༌། སྐམ་སར་བཞག་པའི་ཆོས་གོས་དང་བྲལ་བའི་ཉེས་པ་ཡོད་དོ། །འགྲེལ་ཆུང་ལས། ཟངས་ཀྱི་ནང་དུ་ཆུ་བླུགས་ལ་དེའི་ནང་དུ་ཆོས་གོས་བཅུག་ལ། ཆོས་གོས་དེས་སྣོད་ལ་མ་རེག་པར་སྐྱ་རེངས་བྱུང་ན་འབྲལ་བའི་ལྟུང་བའོ། །ཞེས་སོ། །མཚམས་པོ་ཆེར་ཆུའི་རྫིང་བུ་ལྟ་བུ་བྱུང་ན་དེ་བསྐམས་ན་ཅིར་འགྱུར་ཞེ་ན། ཊཱི་ཀ་ལས། ཆུ་ཆད་ན་ནི་མཚམས་བཅད་པ་ཉིད་སྔ་མ་ཁོ་ན་བཞིན་མཚམས་ཉིད་དུ་རུང་བར་འགྱུར་རོ། །ཞེས་སོ། །གཙུག་ལག་ཁང་གཉིས་ཀྱི་


K8Z004_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་འབབ་ཆུས་ཆོད་པ་ལྟ་བུའི་དབང་དུ་བྱས་ནས་བར་དུ་ཆོད་ན་མཚམས་གཅིག་པ་ཉིད་མ་ཡིན་ནོ། །ཆུས་བར་དུ་ཆོད་པའི་ཕ་རོལ་ཚུ་རོལ་གཉིས་མཚམས་གཅིག་ཏུ་བསྡུ་བའི་ཕྱིར་མཚམས་བཅད་དུ་མི་རུང་ལ། མཚམས་བཅད་ཟིན་ནས་མཚམས་ཀྱི་ནང་དུ་ཆུ་འབབ་ན་སྔར་མཚམས་བཅད་པས་བརྩིར་མི་རུང་སྟེ་ཆུས་མཚམས་སུ་བཟུང་ངོ༌། །གལ་ཏེ་ཆུས་ཆོད་ཀྱང་ཆུ་དེ་ལ་ཟམ་པ་ཆུས་མི་ཁྱེར་བ་བརྟན་པོ་ཡོད་པ་ཡིན་ན་མཚམས་གཅིག་པའི་ཡུལ་ཉིད་ཡིན་ནོ། །ཟམ་པ་དེ་ཞིག་པ་ཡང་ཕྱིར་བཅོས་པ་བྱས་ན་ནི་མཚམས་གཅིག་པ་ཉིད་རྗེས་སུ་འཇུག་སྟེ། ཆུས་ཆོད་པའི་ཕྱོགས་གཉིས་ཀ་མཚམས་གཅིག་གི་ཁོངས་སུ་གཏོགས་པར་འགྱུར་རོ། །དེ་ཐམས་ཅད་དུའམ་ཞེ་ན། ཟམ་པ་ཞིག་ན་ཡང་ཕྱིར་བཅོས་པའི་སྦྱོར་བ་མ་བཏང་བ་ཉིད་དོ། །དེ་དེས་ཀྱང་ཕྱིར་བྱས་ན་ནི་རྗེས་སུ་འཇུག་གོ་ཞེས་སྔ་མར་སྦྱར་རོ། །དུས་ཇི་སྲིད་དུ་སྦྱོར་བ་མ་བཏང་ན་ཕྱིར་བྱས་ན་རྗེས་སུ་འཇུག་ཅེ་ན། ཞག་བདུན་ཕན་ཆད་ནི་ཕྱིར་བྱས་ན་ཡང་མཚམས་གཅིག་པ་ཉིད་མི་འཇུག་སྟེ་ཡུན་རིང་བ་ཉིད་དུ་བཏང་བའི་ཕྱིར་རོ། །སྦྱོར་བ་བཏང་བར་མ་བྱས་ན་ནི་ཞག་བདུན་ཕན་ཆད་དུ་ཕྱིར་བཅོས་ཟིན་པར་བྱས་ན་ཡང་རྗེས་སུ་འཇུག་པར་འགྱུར་རོ་ཞེས་ཊཱི་ཀ་ལས་སོ། །ནམ་མཁའ་ནི་མཚམས་གཞན་ཡིན་ཏེ་བར་དུ་ཆོད་པར་གྱུར་པ་ཐ་དད་པ་ཡིན་པས་སོ། །ནམ་མཁའ་དེ་ལ་ཡོད་པ་ཉིད་ཀྱི་ཐ་སྙད་ཀྱང་མེད་ན། ས་ལ་སོགས་པ་དང་འབྲེལ་བ་ལྟ་ག་ལ་ཡོད་དེ། འབྲེལ་བ་མེད་པ་ཉིད་དོ། །དེ་ལྟ་བས་ན་གནས་ཁང་གི་ནང་ན་འདུག་པའི་ནམ་མཁའ་ཡང་གནས་ཁང་དང་འབྲེལ་བ་མེད་དེ། མཚམས་གཅིག་པ་ཉིད་མ་ཡིན་ནོ་ཞེས་ཊཱི་ཀ་ལས་སོ། །དེས་ན་དགེ་སློང་ནམ་མཁའ་ལ་འདུག་པ་དེས་ས་གཞི་ལ་འདུག་པའི་དགེ་འདུན་གྱི་ཁ་སྐོང་དུ་མི་རུང་


K8Z004_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལ་མ་འདུས་པའི་མི་མཐུན་པའང་མི་བསྐྱེད་དོ། །གནས་ཁང་གི་ནང་གི་ནམ་མཁའ་ལ་འདུག་ན་དབྱར་རལ་བའི་ཉེས་པ་དང་ས་གཞིར་བཞག་པའི་ཆོས་གོས་དང་བྲལ་བའི་ཉེས་པ་ཡང་འོང་མདོ་འདིས་མདོ་སྡེ་པས་ནམ་མཁའ་དངོས་མེད་དུ་འདོད་པའི་དབང་དུ་བྱས་སོ། །རང་མཆན། ངོ༌། །དབུས་ནས་མཚམས་དེ་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུ་མཚམས་བཅད་པ་འཆགས་ཀྱི། དེ་ཕན་ཆད་དེ་ལས་ལྷག་པར་མཚམས་བཅད་པ་ནི་མི་འཆགས་སོ། །རིའི་སྨད་དང་རིའི་རྩེ་མོ་ལ་སོགས་འོག་དང་སྟེང་དུ་ཆུས་བར་དུ་མ་ཆོད་པས་ས་རྡོའམ་ཤིང་ལྗོན་པ་ལ་སོགས་པ་སྲ་བ་དང་འབྲེལ་བ་ལ་དཔག་ཚད་ཕྱེད་དང་གསུམ་དེ་ཚུན་ཆད་ནི་ཐད་ཀའི་ས་གཞི་དང་འདྲ་བ་ཉིད་དོ་སྟེ་མཚམས་གཅིག་གི་ཁོངས་སུ་གཏོགས་པའོ། །མཚམས་པོ་ཆེ་བཅད་ན་ཐད་ཀའི་ས་གཞིར་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་མཚམས་གཅིག་པ་དང་འདྲ་བར་སྟེང་འོག་ཏུ་ཡང་དཔག་ཚད་ཕྱེད་དང་གསུམ་མཚམས་གཅིག་ཡིན་ཅེས་བསྟན་ཏོ། །དཀྱིལ་འཁོར་པ་ཡང་ཐད་ཀའི་ཞེང་ཚད་དང་མཉམ་པར་སྟེང་འོག་ཏུ་ཡང་དེ་ཙམ་གྱི་སྲ་བ་དང་འབྲེལ་ནའོ། །ལས་ཀྱི་ཆོ་གས་ས་གཞི་མཚམས་མ་བཅད་པ་ཉིད་དུ་ནི་ལས་མཚམས་དེར་དགེ་སློང་ཐམས་ཅད་ཆོས་གོས་གསུམ་ཆར་དང་མི་འབྲལ་བའི་གནང་བ་མི་འཆགས་སོ། །ས་གཞི་མཚམས་མ་བཅད་ཀྱང་རྒན་པོ་དང་ནད་པ་སྣམ་སྦྱར་ཁོ་ན་དང་མི་འབྲལ་བའི་གནང་བ་ཆགས་ཏེ་དེས་ནི་ས་གཞི་མཚམས་བཅད་པ་ལ་མི་བལྟོས་སོ། །མཚམས་བཅད་པ་དེ་ལས་ཀྱིས་བཀྲོལ་བས་སམ་དགེ་སློང་མེད་པར་སྐྱ་རེངས་ཤར་བ་ལ་སོགས་པས་ཞིག་ན་ས་གཞི་མཚམས་བཅད་པ་དེར་ཆོས་གོས་གསུམ་དང་མི་འབྲལ་བའི་གནང་བ་དེ་ཡང་ཞིག་གོ།(།རྟེན་གྱང་ཞིག་ན་བརྟེན་པ་གྱང་རིས་ཞིག་པ་བཞིན་ནོ། །ཆོས་གོས་དང་མི་འབྲལ་བའི་གནང་བ་ཞིག་པ་དེས་ནི་མཚམས་བཅད་པ་དེ་མི་ཞིག་གོ། །


K8Z004_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གྱང་རིས་ཞིག་ཀྱང་གྱང་མི་ཞིག་པ་བཞིན་ནོ། །མ་མོ་ལས། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་ནངས་པར་སྔ་ལངས་ཏེ་མཆོད་རྟེན་དང་གནས་ཁང་ཕྱུར་བུ་དང་འཁོར་ས་དང་གསོ་སྦྱོང་གི་གནས་དག་ཕྱགས་བདར་བྱ་བ་ཉིད་དོ། །ཞེས་སོ། །གནས་ཁང་ངམ་ཁྱམས་སམ། རྫིང་བུའི་ཚད་ཙམ་ཞིག་ཕྱགས་ན་ཕྱགས་བདར་བྱས་པ་ཉིད་ཡིན་ནོ། །གསུམ་པ་ནི། དགེ་སློང་ན་བ་ལ་སོགས་པས་དགེ་འདུན་ལ་འདུན་པ་དང་ལ་སོགས་ཀྱི་བསྡུས་པ་ཡོངས་དག་ཕུལ་བ་ཉིད་ནི་བུལ་བ་ཉིད་ཡིན་ནོ། །འདུན་པ་དང་ཡོངས་དག་འབུལ་བར་བྱེད་པ་དེ་ཉིད་ཀྱིས་དགེ་འདུན་ལ་ཕུལ་ཟིན་པ་དེ་ལས་དགེ་འདུན་གྱིས་ཐོས་ཟིན་ཀྱང་དགེ་འདུན་དེའི་ནང་ནས་གང་ཟག་གང་ཡང་རུང་བས་འདུན་པ་དང་ཡོངས་དག་དེ་དགེ་འདུན་ལ་བརྗོད་པར་བྱ་བ་ཉིད་ཡིན་ནོ་སྟེ་བསྟན་པ་རྣམ་པར་བཞག་པ་རྗེས་སུ་བསྲུང་བའི་ཕྱིར་རོ། །མཚམས་ཀྱི་ཕྱི་རོལ་ན་གནས་པས་འདུན་པ་ལ་སོགས་པ་དེ་དགེ་འདུན་ལ་ཕུལ་བ་དང་ལེན་པར་བྱེད་པས་ཀྱང་འབུལ་དུ་གཞུག་པར་མི་བྱའོ། །འདི་ནི་མི་འཆགས་ཞེས་ཊཱི་ཀ་ལས་སོ། །དམིགས་བསལ་ནི་དབྱར་ཁང་ན་གནས་པའི་དགེ་སློང་མ་རྣམས་ཀྱིས་གཙུག་ལག་ཁང་དུ་དགེ་སློང་གསོ་སྦྱོང་བྱེད་པ་ལ་འདུན་པ་དབུལ་བར་བྱའོ། །ལེན་པར་བྱེད་པས་གཞན་ལ་ཕུལ་ནས་དེས་ཀྱང་གཞན་ལ་འབུལ་བའི་བརྒྱུད་པས་མི་བྱའོ། །འདུན་པ་ཕུལ་བས་ལས་དེ་དང་མཐུན་པར་འགྲུབ་བོ་ཞེས་སྔར་སྨོས་ན་སྐྱོན་མེད་ཀྱང་འབུལ་དུ་རུང་ངམ་ཞེ་ན། ན་བ་དང་དབང་མེད་པ་དང་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཀྱིས་འཇིགས་པ་ལས་གཞན་པས་བདག་ཉིད་དགེ་འདུན་གྱི་ནང་དུ་མི་འདུ་བར་འདུན་པ་ལ་སོགས་པ་འབུལ་བ་ལ་ནི་ཉེས་བྱས་སོ། །འབུལ་བ་མི་འཆགས་པ་ནི་མ་ཡིན་ནོ། །ལེན་པར་བྱེད་པས་འདུན་པ་ལ་སོགས་པ་བླངས་པ་དགེ་འདུན་ལ་མ་བརྗོད་ན་ནི་མ་གུས་པའི་ལྟུང་བྱེད་ཀྱི་རྗེས་སུ་མཐུན་པ་ལས་ཉེས་བྱས་སོ། །འདུན་པ་ལ་སོགས་


K8Z004_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེན་པར་བྱེད་པ་དེས་མཚམས་ཀྱི་ནང་ནས་འདུན་པ་ལ་སོགས་བླངས་ནས་ཚངས་པར་སྤྱོད་པ་ལ་སོགས་པའི་བར་ཆོད་ཀྱིས་འཇིགས་པས་མཚམས་ཀྱི་ཕྱི་རོལ་ནས་ཀྱོགས་ཏེ་འདུན་པ་ལ་སོགས་པ་དེ་དགེ་འདུན་གྱི་ནང་དུ་ཁྱེར་ཏེ་འོང་བ་ལ་ནི་ཉེས་པ་མེད་དོ། །ཕྱི་རོལ་ཏུ་མི་བྱའོ་ཞེས་སྔར་སྨོས་པ་དང༌། དེར་སོང་ན་ཚོགས་པའི་ཡན་ལག་ཉམས་སོ་ཞེས་འབྱུང་བའི་དམིགས་བསལ་ཡིན་ནོ། །དགེ་སྐོས་ཀྱིས་གསོ་སྦྱོང་གི་དུས་སུ་ཚུལ་ཤིང་བྲིམས་པས་དགེ་སློང་རྣམས་བགྲང་བར་བྱའོ་སྟེ་འོངས་པ་དང་མ་འོངས་པ་ཤེས་པར་བྱ་བའི་དགོས་པ་ཡིན་ནོ། །བཞི་པ་ནི། སོ་སོར་ཐར་པའི་མདོ་འདོན་པས་སོ། །ཞེས་སྔར་སྨོས་ན་དེ་སུས་འདོན་ཞེ་ན། སོ་སོར་ཐར་པའི་མདོ་ཁ་ཏོན་དུ་ལེགས་པར་ཐོན་པས་གདོན་ཏེ། ཇི་ལྟར་ལེགས་པར་ཐོན་པ་ཉིད་ཡིན་ཅེ་ན། ཚིག་ཕྱེད་ཀྱང་མ་འཁྲུལ་བ་ཉིད་ནའོ། །དེ་ལས་གཞན་དུ་མི་འཆགས་སོ་ཞེས་ཀར་ཤ་ལས་གསུངས་པས། དེང་སང་ལག་ལེན་དུ་བྱེད་པ་རྣམས་སྐད་ཆ་འདི་འདྲ་ལ་བསམ་མནོ་ཅུང་ཟད་རེ་བཏང་དགོས་པ་འདྲའོ། །སོ་སོར་ཐར་པའི་མདོ་འདོན་པ་དེ་སུས་བྱ་བ་ཡིན་ཅེ་ན། དགེ་འདུན་གྱི་གནས་བརྟན་གྱིའོ། །གནས་བརྟན་དང་པོས་གདོན་པར་མི་ནུས་པ་ཉིད་ཡིན་ན་གནས་བརྟན་གཉིས་པའི་བྱ་བའོ། །གཉིས་པ་དེས་ཀྱང་མ་ནུས་ན་གནས་བརྟན་གསུམ་པའི་བྱ་བའོ། །འདི་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀརྨ་ཕྲིན་ལས་པའི་ཞལ་སྔ་ནས་དགེ་འདུན་གྱི་སྡེ་རེ་རེ་ལའང་གནས་པ་བླ་མ་དུ་མ་ཡོད་ཅིང༌། དང་པོ་གཉིས་དང་གསུམ་པའི་ཁྱད་པར་ཡང་མཆོག་དམན་ཡོད་ནས་བྱས་པ་མ་ཡིན་གྱི། མདོ་གདོན་པར་ནུས་མི་ནུས་གྲངས་གསུམ་པས་ཚད་བཟུང་བ་ཡིན་ཅེས་བཀའ་སྩལ་ཏོ། །གནས་བརྟན་གསུམ་པ་དེས་ཀྱང་མི་ནུས་ན་དགེ་འདུན་ཐམས་ཅད་རེས་ཀྱིས་སོ། །རེས་བབ་ཚེ་གདོན་མི་ནུས་ན་གདོན་ནུས་གཞན་ལ་བཅོལ་བར་བྱའོ། །གང་ཟག་གིས་བཅོལ་ཏེ་མ་


K8Z004_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བཏུབ་ན་དགེ་འདུན་གྱིས་བཅོལ་བར་བྱའོ། །དེས་རྟག་ཏུ་གདོན་པར་ཡང་དགེ་འདུན་གྱིས་བཅོལ་བར་བྱའོ། །བར་དུ་བརྗེད་པ་སོགས་འདོན་པ་བརྡུགས་ན་འཕྲོ་རྣམས་དགེ་སློང་གཞན་གྱིས་གདོན་ནོ། །དགེ་སློང་ཁ་ཅིག་གིས་ནི་གླེང་གཞི་བློ་ལ་འཛིན། ཁ་ཅིག་གིས་ནི་ཕམ་པ་འཛིན་པ་ལྟ་བུ་དགེ་སློང་རེ་རེས་དུམ་བུ་འཛིན་པ་ཉིད་ཡིན་ན་གདོན་པོ་ཇི་སྙེད་ཀྱིས་གདོན་པ་འགྲུབ་པའི་དགེ་སློང་དུ་མ་དག་གིས་རིམ་གྱིས་གདོན་པར་བྱའོ། །ཆོམ་རྐུན་པོ་ལ་སོགས་པའི་འཇིགས་པ་དང་བཅས་པ་ཉིད་ཡིན་ན་ནེའུ་སིང་ལ་སོགས་པའི་གནས་མཛེས་པ་ལ་སྲེད་ཅིང་འདོད་པས་གྲོང་དང་མི་ཉེ་བར་གསོ་སྦྱོང་བྱར་མི་རུང་ངོ༌། །གསོ་སྦྱོང་ནི་དཔེ་སྟེ་ལས་གཞན་ཡང་ངོ༌། །དགེ་སློང་ལམ་ཞུགས་ཚོང་པ་ལ་སོགས་པ་མགྲོན་པོ་མི་སྡོད་ན་འགྲོ་བཞིན་དུ་བྱའོ། །ཆོམ་རྐུན་ལ་སོགས་པའི་འཇིགས་པ་དང་བཅས་པ་དེར་གསོ་སྦྱོང་རྒྱས་པར་བྱེད་པའི་སྒྲ་མི་འདོད་ན་མདོར་བསྡུས་པས་སོ། །བསྡུས་པ་ནི་ལུང་རྣམ་འབྱེད་ལས། སྡིག་པ་ཅི་ཡང་མི་བྱ་ཞིང༌། །ཞེས་བྱ་བའི་ཚིགས་བཅད་འདོན་པ་ཡིན་པར་གསུངས་སོ། །མདོར་བསྡུས་པའི་གསོ་སྦྱོང་བྱེད་པའི་སྒྲ་དེ་ཙམ་མགྲོན་པོ་དག་མི་འདོད་ན་ཡང་དགེ་སློང་རྣམས་སོ་སོ་ནས་ཡིད་ཀྱིས་གསོ་སྦྱོང་བྱིན་གྱིས་བརླབ་བོ། །ཁྱིམ་པ་དད་པ་ཅན་དང་རྒྱལ་པོ་སོགས་གཙོ་བོ་དག་དགའ་བར་འགྱུར་བ་ལྟ་ན་ཆོ་ག་དགེ་སློང་གི་བྱ་བ་དང་བྱ་བ་མ་ཡིན་པ་དག་རྗེས་སུ་བསྒྲགས་པ་ལ་ཁ་ན་མ་ཐོ་བ་མེད་དོ། །དད་པ་ཅན་དང་གཙོ་བོ་དག་དགའ་བར་འགྱུར་བར་བལྟ་ན་དེ་དག་གི་དྲུང་དུ་གསོ་སྦྱོང་བྱེད་པ་ལ་ཡང་ཁ་ན་མ་ཐོ་བ་མེད་དོ། །ལུང་ལས། དགེ་སློང་ཆོམ་རྐུན་པས་བསད་པར་བཤམ་པ་ལྟ་བུ་ཕོངས་ཤིང་ཉམ་ང་བར་གྱུར་པའི་ཚེ་ཁྱིམ་པས་ཐོས་བཞིན་པའི་དྲུང་དུ་བཤགས་ཡུལ་དགེ་སློང་ལ་ལྟུང་བ་བཤགས་པར་བྱ། དགེ་སློང་གིས་དགེ་སློང་གི་མདུན་དུ་ལྟུང་བ་བཤགས་པར་བྱེད་པ་དེ་ཆོམ་རྐུན་པས་ཐོས་བཞིན་དུ་ཆོམ་རྐུན་པའི་དྲུང་དུ་


K8Z004_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པར་བྱར་རུང་བར་ལུང་ལས་གསུངས་ཏེ། ཊཱི་ཀ་ལས། གླེང་གཞི་ནི་ཆོམ་རྐུན་པ་དག་ལ་གསུངས་མོད་ཀྱི། ཁྱིམ་པ་གཞན་དག་ལ་ཡང་རུང་བ་ཉིད་ཡིན་པའི་ཕྱིར་འདིར་སྤྱིར་བསྡུས་སོ། །འགྲེལ་ཆུང་ལས། དགེ་སློང་ན་ཚབས་ཆེ་བའམ་མི་རྒོད་ལ་སོགས་པས་གསོད་པར་བཤམས་ཏེ་ཤི་ལ་ཐུག་པ་ན་དགེ་སློང་གྲོགས་ལ་མཐོལ་བཤགས་བྱེད་དུ་མི་སླེབས་ན་བདག་གི་ཉེས་པ་ཅི་ཡོད་པ་ཁྱིམ་པ་ལ་མཐོལ་མཚངས་སུ་བྱ། ཞེས་བཤད་དེ། ཁྱིམ་པ་ལ་རང་གི་གནས་ངན་ལེན་བརྗོད་པར་འགྱུར་བས་དེ་ནི་མི་རིགས་སོ། །ཕོངས་པའི་ཚེ་ཁྱིམ་པ་དེ་ལ་རབ་བྱུང་གི་བསླབ་པའི་ཆོ་གའི་ཁྲིམས་ཀྱི་ཚིག་སོ་ཐར་གྱི་མདོ་རྗེས་སུ་བསྒྲགས་པ་ལ་ཡང་ཉེས་པ་མེད་དོ། །ཕོངས་པའི་ཚེ་རྒྱལ་པོ་ལ་རབ་ཏུ་བྱུང་བའི་ཁྲིམས་རྣམས་ཀྱི་ཚིག་རྣམས་ཀྱི་དོན་གོ་བར་བྱ་བ་ལ་ཡང་ཁ་ན་མ་ཐོ་བ་མེད་དོ། །རྒྱལ་པོ་ནི་དཔེ་ཙམ་སྟེ་བདག་ཆོས་དང་ལྡན་པའི་དོན་འགྲུབ་པ་དེ་ལ་རིག་པར་བྱའོ། །བརྩམས་པའི་སྡེ་ཚན་ནི་རྫོགས་པར་བྱ་དགོས་སོ་ཞེས་སྔར་སྨོས་ན་དེ་མ་རྫོགས་ན་གསོ་སྦྱོང་ཆགས་སམ་མི་ཆགས་ཞེ་ན། གླེང་གཞི་གདོན་པ་དང་གསོལ་བ་ལས་གཞན་ཕམ་པ་དང་ལྷག་མ་ལ་སོགས་པ་རྣམས་གདོན་པར་བརྩམས་ནས་མ་རྫོགས་པ་ལ་གསོ་སྦྱོང་མི་ཆགས་པ་མེད་དོ། །བྱས་ན་ཉེས་བྱས་སོ། །དགེ་སློང་རྣམས་གསོ་སྦྱོང་བྱེད་པ་ན། གང་གདོན་པར་བྱ་བ་མདོ་དང་ཇི་ཙམ་གདོན་པ་དེའི་ཚད་གླེང་གཞི་དང༌། གང་གི་ཚེ་འདོན་པའི་དུས་དང་གང་གིས་འདོན་པར་བྱེད་པ་བསྙེན་རྫོགས་ཀྱི་སྡོམ་པ་དག་ཅིང་ལྟ་བ་མཐུན་པ་སྟེ། དེ་ལྟར་བཞི་པོ་དེ་རྣམས་དེ་ཁོ་ན་བཞིན་དུ་ཉེ་བར་མ་བཟུང་བ་ནི་གསོ་སྦྱོང་གི་སྐབས་འདིར་ཆོས་མ་ཡིན་པས་གསོ་སྦྱོང་གི་ལས་མི་འཆགས་པ་ཡིན་ནོ། །གནས་དེ་ནས་འགའ་ཡང་མ་སོང་བ་ཉིད་ཡིན་ན་ངེས་པ་ཡིན་ནོ་ཞེས་སྔར་སྨོས་ན་གནས་དེ་ནས་སོང་བ་ཉིད་ཀྱི་ཚད་ཇི་ཙམ་ཞེ་ན། གསོ་སྦྱོང་བྱས་པའི་ཚོམས་དེ་ནས་དགེ་སློང་འགའ་ཞིག་སྟན་ལས་ལངས་ཏེ་ཐོས་པའི་ཉེན་ཀོར་ལས་འདས་པ་ཉིད་ནི་སོང་བ་ཉིད་ཡིན་
ནོ། །གསོ་སྦྱོང་གི་གཞི་དང་འབྲེལ་བ་རྣམ་པར་འབྱེད་པ་ལ་སོགས་པའི་སྐབས་སོ། །སྨྲས་པ། མོས་གུས་བྱ་ཡུལ་དྭགས་པོ་བཀའ་བརྒྱུད་ལ། །བཟོད་མེད་དད་པ་སྐྱེས་པའི་བཀའ་དྲིན་གྱིས། །སྒྲུབ་པའི་ལུས་ཅན་བདག་གི་ཡིད་འདི་ལ། །སངས་རྒྱས་འཆར་བའི་བྱིན་རླབས་འཕོས་པ་འདྲ། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། གསོ་སྦྱོང་གི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།


previousགོས་ཀྱི་གཞི།next