Nitartha Digital Library
Tibetan
 
previousསྨན་གྱི་གཞི།next

སྨན་གྱི་གཞི།


K8Z004_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྨན་གྱི་གཞི་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་དགོས་པའི་དོན་ནི། དགེ་སློང་བདེ་བ་ལ་རེག་པར་གནས་པ་དང་། སྦྱིན་བདག་གིས་བསོད་ནམས་ཐོབ་པའོ། །གཉིས་པ་བསྡུས་པའི་དོན་ལ་བདུན་ལས། དང་པོ་སྨན་དེ་རྒྱུ་གང་ལས་བསྒྲུབ་པ་ནི། ལོག་འཚོ་སྤོང་ཞིང་ཡང་དག་པའི་འཚོ་བ་ལས་བསྒྲུབ་པའོ། །གཉིས་པ་སྨན་གྱི་དབྱེ་བ་ལ་དབྱེ་གཞི་ནི་སྨན་ཙམ་མོ། །སྨན་མཚན་ཉིད་ཐ་དད་ཀྱི་སྒོ་ནས་ཕྱེ་བས་འདིར་སྨན་རྣམ་པ་བཞིར་དབྱེ་སྟེ། དེ་ནི་རྣམ་པ་བཞིའོ་ཞེས་གསུངས་སོ། །གསུམ་པ་སྨན་གྱི་མཚན་ཉིད་ལ་གཉིས་


K8Z004_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་སྨན་སྤྱིའི་མཚན་ཉིད་ལ། མཚན་གཞི་ནི་ཕྱི་རོལ་གྱི་དངོས་པོ་ཙམ་སྟེ། ལུང་ལས། བྲམ་ཟེའི་ཁྱེའུ་དག་འདི་དག་ཐམས་ཅད་ནི་སྨན་ཡིན། ཅེས་དྲང་སྲོང་རྒྱུན་ཤེས་ཀྱིས་བཤད་པ་བཞིན་ནོ། །སྨན་གྱི་ཐ་སྙད་དུ་མཚོན་པའི་མཚན་ཉིད་ནི་སྲིདོ་རེག་བྱ་སྟེ་སྐྱེ་མཆེད་གསུམ་འདུས་པའི་བདག་ཉིད་དོ། །གཉིས་པ་སྨན་སོ་སོའི་མཚན་ཉིད་ལ་བཞི་ལས། དུས་སུ་རུང་བའི་སྨན་གྱི་མཚན་ཉིད་ནི། དངོས་པོ་གང་ཞིག་བཀྲེས་པའི་ནད་སེལ་བ་ལ་གཙོ་བོར་ཞུགས་པའོ། །ཐུན་ཚོད་དུ་རུང་བའི་སྨན་གྱི་མཚན་ཉིད་ནི། ངོ་བོ་རུང་བའི་བདག་ཉིད་དུ་གནས་པའི་བཏུང་བ་ཅུང་ཟད་སླ་བའོ། །ཞག་བདུན་པའི་སྨན་གྱི་མཚན་ཉིད་ནི། དངོས་པོ་གང་ཞིག་བཀྲེས་པ་དང་འདུས་པ་གཉིས་ཀའི་ནད་སེལ་བ་ལ་གཙོ་བོར་ཞུགས་པའོ། །འཚོ་བའི་བར་དུ་བཅང་བའི་སྨན་གྱི་མཚན་ཉིད་ནི། དངོས་པོ་གང་ཞིག་འདུས་པའི་ནད་སེལ་བ་ལ་གཙོ་བོར་ཞུགས་པའོ། །བཞི་པ་སྨན་བྱིན་གྱིས་བརླབ་པའི་ཚུལ་དང་། ལྔ་པ་སྨན་ལོངས་སྤྱད་པའི་ཚུལ་དང་། དྲུག་པ་རུང་ཁང་བློ་མཐུན་བྱ་བ་དང་། བདུན་པ་ཟས་ཀྱི་རྒྱུ་མཚན་ཟག་པ་འདོར་ལུགས་ནི་འོག་ཏུ་རང་རང་གི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་ལ། ལུང་གཞི་ཉིད་ཀྱིས་བརྗོད་པ་དང་། །ཕྲན་ཚེགས་སོགས་ཀྱིས་བརྗོད་པའོ། །དང་པོ་ལ། སྨན་བསྟེན་པ་ཡི་སྐབས་དངོས་དང་། །བཙོ་བཞག་རུང་ཁང་བཅད་པ་དང་། །འཕོངས་དུས་དམིགས་ཀྱིས་བསལ་བའོ། །དང་པོ་ལ། སྨན་ཉིད་བསྟེན་པའི་གནས་སྐབས་དངོས། །སྨན་བྱིན་བརླབ་པའི་གནས་སྐབས་དང་། །སྨན་གྱིས་མཚོན་པ་གཞན་བསྟན་པའོ། །དང་པོ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང་། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། དགེ་སློང་གིས་སྨན་བསྟེན་པར་བྱའོ། །སྨན་དེ་ནི་རྣམ་པ་བཞིའོ། །སྐྱེ་རེངས་ཤར་ནས་ཉི་


K8Z004_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མ་གུང་ཚིགས་ཚུན་ཆད་ཁོ་ནའི་དུས་སུ་རྐྱེན་མེད་ཀྱང་དགེ་སློང་གིས་བཟར་རུང་བ་དང་སྟེ། ཟན་དང་འབྲས་ཆན་ལ་སོགས་པའོ། །སྔ་དྲོ་ནས་མཚན་མོའི་ཐུན་ཚོད་དང་པོ་ཚུན་ཆད་དུ་བྱིན་གྱིས་བརླབ་ཏུ་རུང་བ་དང་སྟེ། བུར་ཆུ་དང་རྩབ་མོ་དྭངས་པ་ལ་སོགས་པའོ། །ཞག་བདུན་ཚུན་ཆད་དུ་བྱིན་རླབས་འཆགས་པ་བུ་རམ་དང་སྦྲང་རྩི་ལ་སོགས་པ་དང་། ཇི་སྲིད་འཚོ་བའི་བར་དུ་བྱིན་གྱིས་བརླབས་ཏེ་བཅང་བར་བྱ་བ་གུར་གུམ་དང་ཨ་རུ་ར་ལ་སོགས་པ་ཉིད་དོ། །སྨན་གཞི་ལས། དང་པོ་དུས་སུ་རུང་བ་མ་ཡིན་པ་གཞན་གསུམ་པོ་དག་ནི་ནད་པའི་ཕྱིར་བྱིན་གྱིས་བརླབས་ཤིང་བསྟེན་པར་བྱའོ། །ཊཱི་ཀ་ལས། དེ་དག་ནི་ནད་པའི་ཕྱིར་གནང་བ་ཡིན་གྱི། མི་ན་བའི་ཕྱིར་ནི་མ་ཡིན་ནོ། །ཞེས་སོ། །ལུང་གཞི་ལས། ཐུན་ཚོད་དུ་རུང་བ་བྱིན་གྱིས་བརླབས་པ་དང་། ཞག་བདུན་པ་བྱིན་གྱིས་བརླབས་པ་དང་། འཚོ་བའི་བར་དུ་བཅང་བ་བྱིན་གྱིས་བརླབས་པ་དེ་དག་ནི་བྲེ་མ་འཚལ་བས་འཚལ་དུ་རུང་ངམ་ཉེ་བ་འཁོར་མི་རུང་ངོ་། །ཞེས་གསུངས་སོ། །དེའི་དམིགས་བསལ་ནི་བུ་རམ་བྱིན་གྱིས་བརླབས་པ་དེ་དགེ་སློང་ལམ་དུ་ཞུགས་པ་དང་། དགེ་སྐོས་ལ་སོགས་པས་བཟར་རུང་སྟེ་གཞུང་འདི་ཉིད་དུ་འཆད་པར་འགྱུར་རོ། །གཉིས་པ་ལ། གང་ལ་བྱིན་ཆགས་གང་གིས་སྤྱད། །སྨན་རྣམས་སོ་སོའི་རྣམ་བཤད་དོ། །དང་པོ་ནི། ཐུན་ཚོད་དུ་རུང་བའི་ལྟུང་བ་བརྒྱད་ལུང་ལས་གསུངས་པ་ནི། ཙོ་ཙ་ནི་ཤིང་ཏོག་ཀུ་ཤུ་ཡིན་ཏེ་ལས་བརྒྱ་པའི་མདོ་ལས་གསུངས་ཤིང་། འོད་ལྡན་ལས་ཀྱང་ཀུ་ཤུ་ཡིན་པར་བཤད་དོ། །ཆུ་ཤིང་གི་འབྲས་བུ་དང་། རྒྱ་ཤུག་དང་། ཨ་ཤྭཏྠ་དང་། ཨུ་དུམ་ཝཱ་ར་དང་། རྩུབ་འགྱུར་དང་སྟེ་ཊཱི་ཀར་པ་རུ་ཤ་ཀ་ཟེར་རོ། །རྒུན་ཆུ་དང་ཞེས་པ་ནི་མ་མོ་ལས། རྒུན་འབྲུམ་གྱི་ཆུ་ཞེས་སོ། །འབྲ་གོའི་བཏུང་བ་བྱིན་གྱིས་མ་བརླབས་པ་རྣམས་ནི་ན་བ་དང་།


K8Z004_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མི་ན་བ་དང་། དུས་དང་དུས་མ་ཡིན་པ་ཐམས་ཅད་དུ་བཏུང་དུ་རུང་བའོ། །ཐུན་ཚོད་ནོད་དུ་རུང་བ་བྱིན་གྱིས་བརླབ་པ་ནི་ནད་པས་བཏུང་བར་བྱའོ། །མི་ན་བས་བཏུང་དུ་མི་རུང་ངོ་ཞེས་ལུང་དང་ཊཱི་ཀ་ལས་བཤད་དོ། །རྒུན་ཆང་དང་སྦྲང་ཆང་ལ་སོགས་པ་བཅོས་མའི་ཆང་ལས་བྱས་པ་བཅོས་པའི་ཚྭ་དང་། ནས་ཆང་དང་འབྲས་ཆང་ལ་སོགས་པ་འབྲུའི་ཆང་ལས་བྱས་པ་འབྲུའི་ཚྭ་དང་ཞེས་པའི་ཚྭ་ནི་འགའ་ཞིག་སེངས་པོ་ལ་འཇུག་ཟེར་བ་དང་། སྐྱུར་པོ་ལ་འཇུག་ཟེར་བ་ནི་མ་དག་པ་སྟེ། བུ་སྟོན་རིན་པོ་ཆེས་ཆང་དེ་དག་ལ་སྤོས་བཏབ་སྟེ་ས་འོག་ཏུ་མནན་པ་ལས་ཆེར་འགྱུར་རོ་ཞེས་སོ། །ཞོག་ཆུ་དང་ཞེས་པ་ནི་ཞོ་ཁུའོ། །དར་བའི་དྭངས་མ་དང་ཞེས་པ་ནི་ཆུར་ཁུའོ། །འབྲས་དང་གྲོ་ལ་སོགས་པ་བཙོས་པའི་ཁུ་བ་རྩི་མེད་པར་མནན་པ་ཕབ་མ་བཏབ་པ་རྩབ་མོ་དང་ལྔ་པོ་དེ་དག་ལ་རུང་བའི་ཆུས་བཏབ་པ་རས་ཀྱི་ཚགས་ཀྱིས་བཙགས་པ་ཤིན་ཏུ་སླ་བ་བཞིན་སྣང་བ། འདམ་བུ་ཉག་མའི་མདོག་ལྟ་བུ་དག་ཀྱང་ཙོ་ཙ་ལ་སོགས་པའི་བཏུང་བ་དེ་དང་འདྲའོ། །བཏུང་བ་དེ་རྣམས་བྱིན་གྱིས་མ་བརླབས་པ་ནི་ཐམས་ཅད་ཀྱིས་བཏུང་དུ་རུང་ངོ་། །བྱིན་གྱིས་བརླབས་པ་ནི་མི་ན་བས་བཏུང་དུ་མི་རུང་བར་ཊཱི་ཀ་དང་ལུང་ལས་སོ། །རུང་ཆུ་བཏབ་པ་ལ་སོགས་པ་དེ་ལྟ་བུ་ཉིད་ཀྱི་མདུན་རོལ་ཆུས་མ་བཏབ་ཅིང་ཚགས་ཀྱིས་མ་བཙགས་པ་དེ་སྲིད་དུ་བཅོས་པའི་ཚྭ་ལ་སོགས་པ་དེ་དག་ལ་བསྙེན་པར་རྫོགས་པ་མཚན་མཐུན་པས་བཟའ་བའི་ཆེད་དུ་བྱིན་ལེན་བྱ་བའི་ཕྱིར་རེག་ཏུ་མི་རུང་ངོ་སྟེ། ཊཱི་ཀ་ལས། བསྙེན་པར་རྫོགས་པ་མཚན་མཐུན་པ་བྱིན་ལེན་མི་བྱའོ། །ཞེས་གསུངས་སོ། །ཨ་རུ་ར་ལ་སོགས་པ་སྐྱུ་རུ་ར་དང་། བ་རུ་ར་དང་། ན་ལེ་ཤམ་དང་། པི་པི་ལིང་དང་ལྔ་བྱིན་གྱིས་མ་བརླབས་པ་ལ་ཡང་ཐམས་ཅད་དུའོ་ཞེས་གོང་དུ་


K8Z004_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྙོགས་ཏེ་དུས་སམ་དུས་མ་ཡིན་པ་ཐམས་ཅད་དུ་ན་བའམ་མི་ན་བས་ཀྱང་བཟའ་བར་བྱའོ་ཞེས་པའོ། །གལ་ཏེ་སྨན་དེ་རྣམས་བྱིན་གྱིས་བརླབས་པ་ནི་ནད་པས་བཟའ་བར་བྱའི། མི་ན་བས་བཟར་མི་རུང་སྟེ་ཊཱི་ཀ་དང་ལུང་ལས་སོ། །བུ་རམ་བྱིན་གྱིས་མ་བརླབ་པ་ཡང་ངོ་སྟེ། ཐམས་ཅད་དུའོ་ཞེས་གོང་དུ་བསྙེགས་སོ། །བུ་རམ་བྱིན་གྱིས་བརླབས་པ་ནི་ནད་པ་ལ་སོགས་པ་གང་ཟག་ལྔས་བཟར་རུང་ཞེས་མདོ་འོག་མ་ནས་སྟོན་ཏོ། །གང་ཟག་ལྔ་པོ་ལས་གཞན་གྱིས་ནི་བུ་རམ་བྱིན་གྱིས་བརླབས་པ་དེ་བཟར་མི་རུང་ངོ་། །བུ་རམ་དེ་བྱིན་གྱིས་བརླབས་པ་བཟའ་བ་ལ་ནི་དགེ་སློང་ལམ་དུ་ཞུགས་པ་དང་། དགེ་སྐོས་དང་ལག་གི་བླས་ནི་ནད་པ་དང་འདྲ་བ་སྟེ། བུ་རམ་བྱིན་གྱིས་བརླབས་པ་དེ་བཟར་རུང་བ་ཉིད་དོ། །དགེ་སློང་ཟན་ཆད་པས་ཀྱང་བུ་རམ་བྱིན་གྱིས་བརླབས་པ་དེ་དང་། གཞན་ཡང་དུས་སུ་རུང་བ་མ་ཡིན་པ་ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་ཐམས་ཅད་ཀྱང་བཟར་རུང་ངོ་། །གཉིས་པ་ལ། ཐུན་རུང་གཞན་ལུགས་དགག་སྟེ་བསྟན། །ཞག་བདུན་སྨན་ཞར་བྱུང་སྟེ་བསྟན། །འཚོ་བཅང་སྨན་ཞར་བྱུང་སྟེ་བསྟན། །དུས་རུང་དུས་མིན་བསྟེན་པའི་ཚུལ། །སྨན་འདྲེས་ཆོག་ལྔས་འཇུག་དོགས་བཅད། །དང་པོ་ལ། བཏུང་སྨན་བྱེ་བྲག་རིས་ངོས་བཟུང་། །དེ་ལ་གཞན་གྱི་འཁྲུལ་བ་དགག །ཐུན་རུང་བྱེ་བྲག་གཞན་བསྟན་པའོ། །དང་པོ་ནི། ཐུན་ཚོད་དུ་རུང་བ་ཞེས་སྔར་སྨོས་ན། དེ་ནི་གང་ཞེ་ན། དེ་ནི་བཏུང་བ་དག་གོ། །བཏུང་བ་ཡིན་ཀྱང་ཐུག་པ་དང་འོ་མ་ལ་སོགས་པ་ནི་དུས་སུ་རུང་བ་ཡིན་ལ། ཐུན་ཚོད་དུ་རུང་བ་ནི་བཏུང་བ་ཤིན་ཏུ་སླ་བའོ། །རྩབ་མོ་དང་པོ་ལྟ་བུའི་རྒྱུ་དུས་སུ་རུང་བ་ཡིན་ཅིང་། བཏུང་བ་དེའི་ངོ་བོ་ཐུན་ཚོད་དུ་རུང་བ་ལྟ་བུ་སྟེ། བཏུང་བ་དེའི་རྫས་སམ་རྒྱུ་དེ་ནི་འབྲས་བུ་བཏུང་བ་དེ་དང་


K8Z004_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གྱི་རིས་གཅིག་པ་དེ་ཉིད་མ་ཡིན་ཅིང་། བཅས་ལྡན་མཚན་མཐུན་བསྙེན་རྫོགས་ཀྱིས་རེག་ན་ལག་ཉའི་ཉེས་པར་འགྱུར་བའི་ཕྱིར། གལ་ཏེ་བཏུང་བ་དེའི་རྒྱུ་དུས་སུ་རུང་བ་ལས་བསྒྲུབས་པ་ཡིན་ན་ཆོས་ཅན། བསྙེན་རྫོགས་ཀྱིས་སྦྱར་ཞིང་ཚགས་ཀྱིས་བཙགས་པར་མི་བྱ་སྟེ་ཞེས་ཤུགས་ཀྱིས་བསྟན་ཏོ། །འོ་ན་གང་གིས་སྦྱར་ཞིང་ཚགས་ཀྱིས་བཙག་པར་བྱ་ཞེ་ན། བསྙེན་པར་མ་རྫོགས་པས་སྦྱར་ཞིང་ཚགས་ཀྱིས་བཙག་པར་བྱའོ་ཞེས་སྦྱར་རོ། །བཏུང་བའི་རྒྱུ་དེ་ལྟ་བུ་དུས་མ་ཡིན་པར་རུང་ན་ནི་བསྙེན་པར་རྫོགས་པས་སྦྱར་ཞིང་བཙགས་པ་ལ་ཡང་ཉེས་པ་མེད་དོ་ཞེས་རང་གི་རྣམ་བཤད་དང་ཊཱི་ཀ་ལས་མཐུན་པར་གསུངས་ཏེ། དེ་ནི་མདོ་རྩ་བའི་ཤུགས་ཀྱིས་བསྟན་ཏོ། །འོ་ན་བཏུང་བའི་རྫས་དེ་དགེ་སློང་གིས་ཚགས་ཀྱིས་བཙག་རུང་ན་བྱིན་ལེན་མ་བྱས་པར་རེག་ན་ནི་ལག་ཉར་བླངས་པའི་ཉེས་པར་འགྱུར་ལ། བྱིན་ལེན་བྱས་ནས་ཚགས་ཀྱིས་བཙག་གོ་ཞེ་ན། དེ་ལྟ་བུ་ཉིད་ཀྱི་མདུན་རོལ་དུ་བསྙེན་པར་རྫོགས་པ་མཚན་མཐུན་པས་རེག་ཏུ་མི་རུང་ངོ་། །ཞེས་བཏུང་བའི་རྫས་དེ་ཚགས་ཀྱིས་མ་བཙགས་པ་ན་ཆོ་ག་མ་རྫོགས་པས་བཟའ་བའི་ཆེད་ཀྱི་བྱིན་ལེན་བྱར་མི་རུང་བར་གསུངས་པ་དང་འགལ་ལོ། །དེས་ན་བཏུང་བའི་རྗས་དེ་དགེ་སློང་གིས་ཇི་ལྟར་བཙག་པར་བྱ་སྙམ་ན། བཏུང་བའི་རྫས་དེ་ཚགས་ཀྱིས་མ་བཙགས་པ་དེ་ལ་བཟའ་བའི་ཆེད་དུ་བྱིན་ལེན་མི་རུང་ཡང་ལག་ཉ་འགེགས་པའི་བྱིན་ལེན་བྱས་ཏེ་དགེ་སློང་གིས་སྦྱར་ཞིང་བཙགས་པ་སྟེ། བམ་པོ་ལྔ་བཅུ་པ་ལས། གལ་ཏེ་དུས་མ་ཡིན་པར་རུང་བའི་རྫས་དེ་ལ་བཏུང་བ་དེ་སྦྱོར་ན་ནི་བསྙེན་པར་རྫོགས་པས་ཀྱང་རྫས་དེ་ཉིད་བྱིན་ལེན་བྱས་ཏེ་སྦྱར་ཞིང་བཙགས་ལ། གང་གི་ཚེ་འཐུང་བའི་ཚེ་ན་ཆུ་གྲང་མོས་གདབ་པ་དང་། བྱིན་ལེན་སྟོབ་ཏུ་བཅུག་


K8Z004_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཏུང་། ཞེས་བཤད་དོ། །གར་ལན་ཚ་བ་ན་རེ། ཨ་རུ་རའི་ཐང་ལྟ་བུའམ་བུ་རམ་གྱི་ཆབ་ལྟ་བུ་བྱིན་གྱིས་རློབ་ན་བཏུང་བ་དེའི་རྒྱུ་བུ་རམ་ལྟ་བུ་དུས་མ་ཡིན་པར་རུང་བ་ལས་བཏུང་བ་དེ་སྦྱོར་ཞིང་། བྱིན་གྱིས་རློབ་པར་བྱེད་ན་ནི་བཏུང་བ་དེ་སྦྱོར་བ་ན་ཚགས་ཀྱིས་བཙག་དགོས་པ་མི་འཐད་དེ། ཕྱི་དྲོའི་ཁ་ཟས་ཀྱི་ཤན་སྤང་མི་དགོས་པའི་ཕྱིར་ཟེར་བ་ནི་མི་རིགས་ཏེ། ཕྱི་དྲོའི་ཁ་ཟས་ཀྱི་ཤན་སྤང་མི་དགོས་ཀྱང་བཏུང་བ་དེ་རུང་ཆུ་མ་བཏབ་ཅིང་ཚགས་ཀྱིས་མ་བཙགས་ན་བཏུང་བ་བྱིན་གྱིས་རློབ་པའི་ཆོ་ག་མི་ཚང་བའི་ཕྱིར་རོ། །གལ་ཏེ་རྒྱུ་དུས་སུ་རུང་བ་ལས་བཏུང་བ་དེ་སྦྱོར་ན་ཡང་ལག་ཉ་འགེགས་པའི་བྱིན་ལེན་བྱས་ཏེ་དགེ་སློང་གིས་སྦྱར་ཞིང་བཙག་ཏུ་རུང་བར་འགྱུར་ཞེས་མཚུངས་སོ་སྙམ་ན། མི་མཚུངས་ཏེ་བུ་རམ་ཤིང་ལྟ་བུ། རྒྱུ་དུས་སུ་རུང་བ་བྱིན་ལེན་བྱས་པ་ལ་བཏུང་བ་དེ་སྦྱོར་ན་ཚགས་ཀྱིས་བཙགས་པ་ན་ཐུན་ཚོད་དུ་རུང་བར་འགྱུར་ཏེ། སྨན་གྱི་རིགས་གྱུར་པས་བྱིན་ལེན་ཞིག་སྟེ་དེ་ལ་རེག་ན་ལག་ཉའི་ཉེས་པར་འགྱུར་བའི་ཕྱིར་དང་། བུ་རམ་ལྟ་བུ་རྒྱུ་དུས་མ་ཡིན་པར་རུང་བ་བྱིན་ལེན་བྱས་པ་ལས་བཏུང་བ་དེ་སྦྱོར་ཞིང་། ཚགས་ཀྱིས་བཙགས་ཀྱང་སྨན་རིགས་མ་གྱུར་ཅིང་བྱིན་ལེན་མ་ཞིག་པས་དེ་ལ་རེག་ཀྱང་ལག་ཉའི་ཉེས་པར་མི་འགྱུར་བའི་ཕྱིར་རོ། །ཐུན་རུང་དེ་དག་ཏུ་བཏུང་བ་བརྒྱད་པོ་དེ་ལས་གཞན་བལ་པོ་སེའུ་དང་། མ་ཏུ་ལུང་ག་ལ་སོགས་པའི་རྫས་སོ་སྟེ་དེ་ལས་སྦྱར་བའང་རུང་ངོ་། །བཏུང་བའི་རྒྱུ་སྟེ་རྒུན་འབྲུམ་ལ་སོགས་པ་དུས་སུ་རུང་བ་ཉིད་ཡིན་ན་མཚན་མོའི་ཐུན་ཚོད་ཀྱི་མཐའ་གང་ཡིན་པ་དེའི་མཐའ་ཡིན་ནོ་སྟེ། བཏུང་བ་དེ་བྱིན་གྱིས་བརླབ་ཏུ་རུང་བའི་མཐའ་ཡང་དེ་ཡིན་ལ། བྱིན་གྱིས་བརླབས་པ་དེ་བཞག་ཅིང་བཏུང་དུ་རུང་བའི་མཐའ་ཡང་དེ་བཞིན་ནོ། །འོ་ན་ཐུན་ཚོད་ཀྱི་མཐའ་དེ་རང་གང་ཞེ་ན། ལུང་གཞི་


K8Z004_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཐུན་ཚོད་དུ་རུང་བ་འདི་དག་དུས་སུ་བྱིན་གྱིས་བརླབས་ན་དུས་མ་ཡིན་པར་ཡང་ལོངས་སྤྱོད་པར་བྱ་བ་ལ་ནི་ནམ་གྱི་ཐུན་དང་པོ་ཐལ་ནས་ནི་ལོངས་སྤྱད་པར་མི་བྱའོ། །ཞེས་གསུངས་ལ། ལུང་མ་མོ་ཐུན་ཚོད་དུ་རུང་བའི་སྐབས་ལས། ཉིན་པར་དང་མཚན་མོའི་ཐུན་དང་པོའི་བར་དུ་བཏུང་བར་བྱ་ཞེས་གསུངས་སོ། །ཉིན་པར་དང་སྲོད་ཀྱི་བར་དུ་བཏུང་བར་བྱ་སྟེ་ཞེས་ཀྱང་ལུང་མ་མོའི་ཐུན་ཚོད་དུ་རུང་བའི་སྐབས་ལས་སོ། །དེ་དང་མཐུན་པར་བམ་པོ་ལྔ་བཅུ་པ་ལས་ཀྱང་། མཚན་མོའི་ཐུན་ཚོད་དང་པོ་ལས་འདས་ན་གསོག་ཏུ་འགྱུར་ཞེས་བཤད་དོ། །འོན་ཀྱང་མཚན་མོའི་ཐུན་ཚོད་ཀྱི་སྐད་ཅིག་དང་པོ་ལས་འདས་ན་གསོག་འཇོག་ཏུ་འགྱུར་ཞེས་པའི་དགོངས་པ་བཀྲལ་བར་བྱ་སྟེ། འགྲེལ་ཆུང་ལས། གྲོ་ཟོས་ནས་དམར་ཐག་མ་ཆད་ཚུན་དུ་དགེ་སློང་དབང་ལ། དམར་ཐག་གི་མཚམས་འདས་ཏེ་འཐུང་དུ་མི་དབང་ངོ་། །ཞེས་གསུངས་ཤིང་། ཉི་མ་ནུབ་སྟེ་དམར་ཐག་ཆད་པ་འདས་ན་གསོག་འཇོག་བྱས་པའོ་ཞེས་ཀྱང་འགྲེལ་ཆུང་ལས་གསུངས་པ་དང་། རྒྱལ་པོའི་ཕོ་བྲང་དུ་ནུབ་མོར་འགྲོ་བའི་སྐབས་ཀྱི་ཊཱི་ཀ་ལས། ཉི་མ་ནུབ་པའི་འོག་ཏུ་འོད་དམར་པོ་ཆགས་པ་གང་ཡིན་པ་དེ་འདས་པར་གྱུར་པ་ནི་མཚན་མོ་དང་པོ་ཡིན། ཅེས་གསུངས་པས་ཀྱང་ངོ་། །གཉིས་པ་ནི། བཏུང་བ་དེའི་རྗེས་སམ་རྒྱུ་དེ་དུས་སུ་རུང་བ་ལས་གཞན་ཞག་བདུན་པའམ་འཚོ་བའི་བར་དུ་བཅང་བ་ཉིད་ཡིན་ན། རྒྱུ་དེ་བྱིན་གྱིས་བརླབ་ཏུ་རུང་བའི་མཐའ་གང་ཡིན་པ་དེ་ནི་འབྲས་བུ་བཏུང་བ་དེ་བྱིན་གྱིས་བརླབ་ཏུ་རུང་བའི་མཐའ་ཡང་དེ་ཡིན་པའོ། །འདི་ནི་ལུང་སིལ་བུའི་བུ་རམ་གྱི་བཏུང་བའི་སྐབས་ནས་བཙུན་པ་བཏུང་བ་བཙགས་པ་གུང་བདུན་པར་བྱིན་གྱིས་བརླབ་ཏུ་རུང་ངམ། ཉེ་བར་འཁོར་རུང་ངོ་ཞེས་གསུངས་པའོ། །དེས་ན་རྒྱུ་ཞག་བདུན་པ་


K8Z004_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱས་པའི་འབྲས་བུ་བཏུང་བ་དེ་ཡང་ཞག་བདུན་པའི་རིགས་ཉིད་ཡིན་ལ། དེ་བཞིན་དུ་འཚོ་བའི་བར་དུ་བཅང་བ་ལས་བྱས་པའི་འབྲས་བུ་བཏུང་བ་དེ་ཡང་འཚོ་བའི་བར་དུ་བཅང་བའི་རིགས་ཉིད་ཡིན་པའོ། །གལ་ཏེ་བུ་རམ་ལས་བྱས་པའི་བཏུང་བ་དེ་ཞག་བདུན་པའི་རིགས་ཉིད་ཡིན་ན་ནི་ཐུན་ཚོད་དུ་རུང་བར་བྱིན་གྱིས་རློབ་པར་གསུངས་པ་དང་འགལ་ཏེ། དེ་ཡང་ཉིད་བཤད་དང་ཊཱི་ཀ་ལས། དུས་སུ་རུང་བ་མ་ཡིན་པའི་རྫས་ལས་བྱས་པའི་བཏུང་བ་དེ་བཏུང་བ་ཉིད་ཀྱི་ཕྱིར་དུས་ཐམས་ཅད་པ་ཉིད་ཡིན་པར་ཤེས་པར་བྱ་ཞིང་། བྱིན་གྱིས་བརླབ་པའི་ཕྱིར་ནི་ཐུན་ཚོད་དུ་རུང་བ་ཉིད་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་དང་འགལ་ཅེ་ན། རྒྱུ་བུ་རམ་ལས་བྱས་པའི་བཏུང་བ་དེ་ཞག་བདུན་པའི་རིགས་ཡིན་ཀྱང་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་ཏུ་རུང་སྟེ། དུས་ལྷག་པ་ལ་བརྟེན་ནས་མི་འཆགས་ཀྱང་དུས་ཉུང་བ་ལ་བརྟེན་ནས་སྐབས་འདིར་བྱིན་རླབས་འཆགས་པ་ཡོན་ཏན་ཡང་ལྡན་ཡིན་པའི་ཕྱིར་ཞེས་གསུངས་སོ། །དེས་ན་ཊཱི་ཀ་ལས། ཐུན་ཚོད་ཀྱི་མཐའ་དང་ལྷན་ཅིག་འགལ་བ་མེད་དོ། །ཞེས་གསུངས་ཏེ། ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་ཏུ་རུང་བའི་ཕྱིར་ཐུན་ཚོད་ཀྱི་མཐའ་དང་འགལ་བ་མེད་དོ། །འདིར་རྒྱ་གར་གྱི་འདུལ་འཛིན་ཁ་ཅིག་ན་རེ། བུ་རམ་གྱི་བཏུང་བ་དེ་ཞག་བདུན་གྱི་ནང་ཁོངས་སུ་རོ་དང་སླ་བར་མ་གྱུར་ན་བུ་རམ་གྱི་བཏུང་བ་དེ་ཞག་བདུན་པའི་རིགས་དེ་ཡིན་གྱི། གྱུར་ན་ནི་སྐད་ཅིག་མ་གང་ཚུན་ཆད་དེ་ཚུན་ཆད་པའི་རིགས་ཡིན་པའོ་སྟེ་ཞག་ལྔ་ན་རོ་དང་སླ་བར་གྱུར་ན་བུ་རམ་གྱི་བཏུང་བ་དེ་སྨན་ཞག་ལྔ་པའི་རིགས་ཡིན་གྱི། སྨན་ཞག་བདུན་པའི་རིགས་ནི་མ་ཡིན་པའོ་ཞེས་ཟེར་རོ། །མ་གྱུར་ན་དེ་ཡིན་གྱི་ཞེས་པ་དེ་འཐད་ཀྱང་གྱུར་ན་གང་ཚུན་ཆད་དེ་ཡིན་པའོ་ཞེས་ཟེར་བ་དེ་ནི་མ་ཡིན་ཏེ། བུ་རམ་གྱི་བཏུང་བ་དེ་སོ་སོའི་སྐྱེ་བོ་


K8Z004_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་པ་རྣམས་ཀྱིས་བྱིན་གྱིས་བརླབ་པར་བྱ་བ་ཉིད་གཏན་ནས་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཏན་ཚིགས་དེ་ཇི་ལྟར་གྲུབ་ན་བུ་རམ་གྱི་བཏུང་བ་ཚེས་ལྔ་ལ་རོ་སླ་བར་གྱུར་པ་དེ་ལ་དེའི་སྔ་རོལ་ཚེས་གཅིག་ལ་བྱིན་གྱིས་རློབ་ན་ཞག་བདུན་པར་བྱིན་གྱིས་རློབ་བམ། ཞག་ལྔ་པར་བྱིན་གྱིས་རློབ། དང་པོ་ལྟར་ན་ཁྱེད་རང་ཞག་ལྔ་ན་རོ་སླ་བར་འགྱུར་བ་དེ་ཞག་ལྔ་པའི་རིགས་ཉིད་ཡིན་པ་དེ་ལ་ཆོས་ཅན། ཞག་ལྔ་པ་ལ་ཞག་བདུན་པར་བྱིན་གྱིས་རློབ་པ་མི་འཐད་པར་ཐལ། ཞག་ལྔ་པ་ལ་ཞག་བདུན་པར་བྱིན་གྱིས་རློབ་ན། རང་དུས་བས་དུས་ལྷག་པ་ལ་བརྟེན་ནས་བྱིན་རླབས་མི་འཆགས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལྟར་ན་དགེ་སློང་མངོན་ཤེས་མེད་པས་སྨན་བྱིན་གྱིས་རློབ་པ་ན་ད་གཟོད་ཞག་ལྔ་ན་རང་བཞིན་གྱིས་རོ་སླ་བར་འགྱུར་བ་དེ་ཆོས་ཅན། ད་གཟོད་ཞག་ལྔ་ན་རང་བཞིན་ཀྱིས་རོ་སླ་བར་འགྱུར་བ་དེ་ལ་ཕལ་པ་རྣམས་ཀྱིས་ཞག་ལྔ་པར་བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་པར་ཐལ། ད་གཟོད་ཞག་ལྔ་ནས་རང་བཞིན་གྱིས་རོ་སླ་བར་འགྱུར་པ་དེ་འབྱུང་བར་འགྱུར་ན། སོ་སོའི་སྐྱེ་བོ་ཕལ་པ་མངོན་ཤེས་མེད་པ་རྣམས་ཀྱིས་ཤེས་པའི་ནུས་པས་བགྲོད་པ་མ་ཡིན་པའི་ཕྱིར་ཞེས་གསུངས་སོ། །འོན་ཀྱང་མངོན་ཤེས་མེད་ཀྱང་ད་གཟོད་ཞག་ལྔ་ན་རོ་སླ་བར་འགྱུར་བ་དེ་ཤེས་པ་སྲིད་དེ། བུ་རམ་གྱི་བཏུང་བ་དེ་ཞག་ལྔ་ན་ཏ་རུ་དང་བསྲེ་བར་བྱ་སྙམ་དུ་བཅས་པའམ། ཞག་ལྔ་ན་བསྐོལ་ཏེ་སླ་བ་ཉིད་དུ་ཡོངས་སུ་འགྱུར་བར་བྱ་སྙམ་དུ་དམ་བཅས་པ་ནི་དེ་འབྱུང་བར་ཕལ་པ་རྣམས་ཀྱིས་ཤེས་ནུས་ཀྱང་དེ་ལྟར་མ་ཡིན་པའི་དབང་དུ་བྱས་སོ། །དགག་པ་འདི་རྣམས་ནི་སློབ་དཔོན་ཡོན་ཏན་འོད་ཀྱི་བཞེད་པ་ལ་ཡང་མཚུངས་སོ་ཞེས་ཁ་ཅིག་ཟེར་ཏེ། དེ་ནི་མ་ཡིན་ཏེ། ཞག་ལྔ་ན་རོ་སླ་བར་འགྱུར་


K8Z004_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེའི་སྔ་རོལ་དུ་བྱིན་གྱིས་རློབ་པའི་ཚེ་ན་ཞག་བདུན་པའི་རིགས་ཉིད་ཡིན་པས། ཞག་བདུན་པའི་བྱིན་རླབས་འཆགས་པ་དང་། ཞག་ལྔ་པའི་རིགས་ཉིད་དུ་འདོད་པ་ལྟར་ན་ཞག་བདུན་པའི་བྱིན་རླབས་མི་འཆགས་པ་སྟེ་དེ་གཉིས་ཤིན་ཏུ་མི་མཚུངས་སོ། །གསུམ་པ་ནི། ཐུན་ཚོད་དུ་རུང་བ་འདིར་རོ་དང་ཆང་གི་སྣོད་དུ་བཅངས་ཏེ། ཆང་གི་དྲིས་བསྒོས་པའི་ཕྱེ་མ་དང་སྦྱར་བའི་བཏུང་བ་དག་འདུས་པ་ཉིད་ཡིན་ནོ། །སྨན་རྩབས་ཤིན་ཏུ་སླ་བ་ཡང་ངོ་སྟེ་ཐུན་ཚོད་དུ་རུང་བའི་བཏུང་བ་དག་འདུས་པ་ཉིད་ཡིན་ནོ་ཞེས་སྔ་མར་སྦྱར་རོ། །དེ་ནི་གང་ཞེ་ན། སྨན་རྩབས་དེ་ནི་རྩ་བ་ལ་སོགས་པའི་སྨན་བཀུས་པ་སྐྱུར་པོའོ། །གཉིས་པ་ནི། ཞུན་མར་ནི་ཞག་བདུན་པ་ཡིན་ཀྱང་མར་དཀར་ནི་དུས་སུ་རུང་བ་ཡིན་ཏེ། ཊཱི་ཀ་ལས། དུས་སུ་རུང་བ་མར་དང་། ཞེས་འབྱུང་བས་སོ། །ཞེས་སོག་པོ་དང་རྩང་གི་འདུལ་འཛིན་ཁ་ཅིག་ཟེར་རོ། །ཊཱི་ཀའི་ཚིག་དེ་ནི་དུས་སུ་རུང་བ་མ་ཡིན་པ་ཞུན་མར་དང་ཞེས་པ་ལ་ཡི་གེ་ཆད་པ་སྟེ། དུས་སུ་རུང་བ་ཡིན་པ་ཞེས་པའི་འབྲུ་གནོད་ཡིན་པས་ཤེས་སོ། །མར་དཀར་དུས་སུ་རུང་བ་ཡིན་ན། ལུང་སྨན་གྱི་གཞི་ལས། ཞག་བདུན་པ་ནི་མར་དཀར་དང་ཏིལ་མར་དང་སྦྲང་རྩི་དང་། ཞེས་གསུངས་པ་དང་འགལ་ལོ། །འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བ་དག་ནི་ཞག་བདུན་པའོ། །བུ་རམ་དང་ཧྭགས་དང་ལི་ཁ་ར་ལ་སོགས་པ་ཐམས་ཅད་ནི་བུ་རམ་གྱི་དབུ་བ་ཉིད་ཀྱིས་འཕངས་སོ། །དེའི་ཁྱད་པར་ནི་བུ་རམ་གྱི་དབུ་བའི་ཕྱེ་མ་རྡོག་པོར་མ་བྱས་པ་ན་ཧྭགས་བྱས་པ་ན་ལི་ཁ་ར་དང་ཤ་ཁ་རའོ། །ལྷའི་བདུད་རྩི་ནི་ཞག་བདུན་པར་ཞུན་མར་དང་འདྲ་བ་ཉིད་དོ། །ཞག་སྟེ་ཚིལ་བསྐོལ་ཞིང་བཙགས་པ་དག་ནི་འབྲུ་མར་དང་འདྲ་བ་ཉིད་དོ། །ཞག་ནི་ལྔ་སྟེ་ཉའི་དང་། རི་བོང་གི་དང་། ཆུ་སྲིན་


K8Z004_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པ་གསོད་ཀྱི་དང་། དོམ་གྱི་དང་། ཕག་གིའོ། །ཞག་རྣམ་པ་ལྔ་པོ་དེ་དག་ནི་ནད་པ་ལ་ཕལ་ཆེར་སྦྱོར་བར་བྱེད་དོ། །སོས་པ་ཉིད་ན་དེ་དག་ནད་པའི་ཕྱིར་སློང་ན་སྦྱིན་ནོ། །སློང་བ་དེ་མེད་ན་དགེ་འདུན་གྱི་སྨན་ཁང་དུ་བཞག་གོ། །སྨན་ཁུ་དང་མིག་སྨན་དག་ཀྱང་སྨན་ཁང་དུའོ་ཞེས་སྦྱར་རོ། །གསུམ་པ་ནི། འཚོ་བའི་བར་དུ་བཅང་བ་ནི་རྩ་བ་དང་། སྡོང་པོ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་ཟས་ཀྱི་དོན་དུ་བྱ་བ་པར་བྱེད་པ་མ་ཡིན་པའོ། །རྩ་བའི་སྨན་གང་ཞེ་ན། འདི་ལྟ་སྟེ། གླ་སྒང་དང་། ཤུ་དག་དང་། ཡུང་དང་། སྒེའུ་གཤེར་དང་། བོང་ང་དཀར་པོ་ལ་སོགས་པ་དག་གོ། །སྡོང་བུའི་སྨན་གང་ཞེ་ན། ཙནྡན་དང་། དབྱི་མོང་དང་། ཤུག་པ་དང་། སླེ་ཏྲེས་དང་། ཐང་ཤིང་དང་། སྐྱེར་པ་དག་གོ། །འདབ་མའི་སྨན་གང་ཞེ་ན། བ་ཤ་ཀ་དང་། ཀོ་ཤ་ཏ་ཀི་དང་། པ་ཏོ་ལ་དང་། ནིམྤ་དང་། སཔྟ་པརྞའི་འདབ་མ་དག་གོ། །སཔྟ་པརྞ་ནི་འདབ་མ་བདུན་པའོ། །མེ་ཏོག་གི་སྨན་གང་ཞེ་ན། མེ་ཏོག་ནི། བ་ཤ་ཀ་དང་། ནིམྤ་དང་། ད་ཏ་ཀི་དང་། ཀླུ་ཤིང་དང་། པདྨའི་ཟེ་བ་དག་གོ། །འབྲས་བུའི་སྨན་གང་ཞེ་ན། ཨ་རུ་ར་དང་། བ་རུ་ར་དང་། སྐྱུ་རུ་ར་དང་། ན་ལེ་ཤམ་དང་། པི་པི་ལིང་དག་གོ། །སྦྱིན་པའོ་ཞེས་པ་ནི་ཚི་ཡོད་པ་སྟེ། ལུང་ལས་གྲང་ཆུའོ་ཞེས་གསུངས་སོ། །སྦྱིན་པ་དེ་གང་ཞེ་ན། འདི་ལྟ་སྟེ། ཤིང་ཀུན་དང་། སྲ་རྩི་དང་། སྲ་རྩི་ནི་ཤིང་སཱ་ལའི་ཞོའོ། །རྒྱ་སྐྱེགས་དང་། སྦྲང་ཚིལ་དང་། ཤིང་མ་ཞོ་ནི་ཐང་ཆུ་ལ་སོགས་པའོ། །འཚོ་བཅངས་ཀྱི་འགྱུར་བྱེད་ཀྱི་སྡེ་ཚན་སྟོན་ཏོ། །དེ་གང་ཞེ་ན། འདི་ལྟ་སྟེ། ཏིལ་གྱི་དང་། རྒྱ་སྐྱེགས་ཀྱི་ཤིང་གི་དང་། ས་ཚུག་གྱི་དང་། ནས་ཀྱི་དང་། ནས་ཀྱི་གྲ་མའི་དང་། བ་ཤ་ཀའི་དང་སྟེ་སྨོས་པ་དེ་རྣམས་ཀྱི་ཐལ་བ་དང་། དེ་རྣམས་དང་འདྲ་བ་གཞན་གྱི་


K8Z004_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བའི་འགྱུར་བྱེད་དོ། །འཚོ་བཅང་གི་སྨན་ལན་ཚྭའི་སྡེ་ཚན་སྟོན་ནོ། །དེ་གང་ཞེ་ན། འདི་ལྟ་སྟེ། རྒྱ་མཚོ་དང་། ཁ་རུ་ཚྭ་དང་། ཚྭ་དམར་དང་། རྒྱ་མཚོའི་ཚྭ་དང་། བ་ཚྭའོ། །སྨན་མི་བཏགས་པར་བསྐོལ་བ་དང་། བསྒྲུངས་པ་དང་། བཀྲུ་བར་བྱ་བ་སྨན་ཁུའོ། །དེའི་སྡེ་ཚན་ནི། འདི་ལྟ་སྟེ། ཤིང་ཨ་མྲ་དང་། ནིམྤ་དང་། ཀོ་ཤིམྦ་དང་། ཤི་རི་ཤ་དང་། ཛམྦུ་དག་གོ། །ལུང་ལས། དགེ་སློང་གཡན་པའི་ནད་ཀྱིས་ཐེབས་པ་ལ་གསུངས་པ་ནི། གཡན་པ་ལ་སོགས་པའི་ནད་སེལ་བའི་སྨན་ཁུ་ཇི་ཙམ་གྱིས་ཆོག་པ་བསྟེན་ནོ་སྟེ། སྨན་འདུས་པའི་ཁུ་བས་ནམ་སོས་ཀྱི་བར་དུ་ལན་དུ་མར་བཀྲུས་ཀྱང་རུང་ངོ་། །ནད་པའི་ལུས་ལ་སྨན་ཁུ་བྱུགས་ཏེ་ལག་པས་ཇི་ཙམ་ཆོག་གི་བར་དུ་ལུས་མཉེས་ནས་ཆུ་ཐ་མལ་པས་ནད་པས་ལུས་བཀྲུས་ནས་སླར་ཡང་སྨན་ཁུས་ནད་པའི་ལུས་ལ་བསྐུས་ནས་ཆུ་ཐ་མལ་པས་བཀྲུའོ། །ཞེས་དོན་དེ་ལྟར་ལུང་ལས་བྱུང་ངོ་། །ནད་པའི་ལུས་ལ་སྨན་ཁུ་བྱུགས་ཤིང་ལུས་མཉེ་བ་ལ་ནི་སྨན་ཁུས་ལན་དུ་མ་བཀྲུ་བ་དེ་ལྟར་ཡིན་ཀྱང་ནད་པ་ཉམ་ཆུང་བའི་ལུས་མི་མཉེ་བ་ལ་ནི། སྨན་ཁུས་ཉིན་གཅིག་ལ་ལན་གཅིག་བཀྲུའོ། །ནད་ཁ་ཅིག་ལ་ལུས་མ་མཉེས་པར་སྨན་ཁུས་སྤྱི་བོ་ནས་བླུགས་ནའང་ཕན་ཞེས་འགྲེལ་པ་ལས་བཤད་དོ། །འདི་ནི་ཊཱི་ཀ་ལས། ངལ་བ་ལ་སོགས་པ་སྤང་བའི་ཕྱིར་ལན་དུ་མ་བཀྲུ་བ་བཀག་གོ། །ཞེས་སོ། །སྨན་ཁུ་རྣམ་པ་དེ་ལྟར་བསྟེན་ནོ། །འདི་ནི་སྐམ་རྡོ་ལ་སོགས་པ་ཡིན་ནོ་ཞེས་ཊཱི་ཀ་ལས་བཤད་དོ། །དེའི་དོན་ཅི་ཞེ་ན། འགྲེལ་ཆུང་ལས། སྨན་འདུས་པའི་ཁུ་བས་རྡོ་དང་གཡན་པ་ལ་སོགས་པ་ལ་ཕན་པའི་ཕྱིར་རྟག་པར་བཀྲུ་ཞིང་བཀྲུ་ཞེས་སོ། །སྨན་བསྟེན་པར་བྱའོ་ཞེས་སྔར་སྨོས་པས་དུག་སྨན་ཀྱང་བསྟེན་པར་བྱ་བ་ཉིད་དུ་མ་བསྡུས་པ་ཉིད་མ་ཡིན་ནོ། །དུག་སྨན་དེ་ནི་


K8Z004_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་བཞི་པོ་གང་གིས་བསྡུས་ཞེ་ན། དུག་སྨན་དེ་ནི་འཚོ་བའི་བར་དུ་བཅང་བ་ཉིད་དོ། །དུག་སྨན་དེ་ནི་གང་ཞེ་ན། ནུ་ཞོས་འཚོ་བའི་བེའུ་རྣམས་ཀྱི་ལྕི་བ་དང་གཅིན་དག་ནི་དུག་སྨན་དེ་ཞེས་བྱའོ། །ཅིའི་ཕྱིར་དུག་སྨན་ཞེས་བྱ་ཞེ་ན། བེའུ་རྣམས་ཀྱི་ལྕི་བ་དང་གཅིན་ལ་སོགས་པ་དེ་དག་ནི་དུག་ལ་ཕན་ནོ། །ཐལ་བའི་སྡེ་ཚན་སྟོན་ནོ། །ཐལ་བ་གང་ཞེ་ན། ཤིང་ཀ་ན་ཙན་དང་། ཀ་པི་ཏ་ལ་དང་། ཨ་ཤྭཏྠ་དང་། ཨུ་དུམྺ་ར་དང་། ཉ་གྲོ་དྷ་རྣམས་ཀྱི་ཐལ་བའོ། །ཐལ་བ་ནི་དུག་ལ་ཕན་པའོ། །དུག་ལ་ཕན་པའི་ས་ནི་སོར་བཞིའི་འོག་གི་བཟང་ངོ་སྟེ། རླུང་དང་ཉི་མ་ལ་སོགས་པས་མ་ཉམས་པའི་ཕྱིར་རོ། །དུག་སྨན་དེ་དགེ་བསྙེན་དད་པ་ཅན་ལས་བླང་ངོ་། །དགེ་བསྙེན་དད་པ་ཅན་དེས་དུག་སྨན་དེའི་བྱིན་ལེན་བསྟབ་པར་བྱའོ། །ཤའི་བདག་ཉིད་ཀྱི་སྨན་དེ་ཡང་དགེ་བསྙེན་དད་པ་ཅན་དེས་བྱིན་ལེན་བསྟབ་པར་བྱའོ། །ཤ་རློན་པ་འབའ་ཞིག་དུ་མ་ཟད་ཀྱིས་ཤའི་སྨན་ཐམས་ཅད་དད་པ་ཅན་གྱིས་ཤན་པའི་གནས་ནས་བླང་ངོ་། །དགེ་བསྙེན་དད་པ་ཅན་ཤ་འཚོང་བ་ལ་ཉོར་བཏང་སྟེ་ཉོས་པ་ལ་ཟོས་ཀྱང་ཉེས་པ་མེད་དོ། །དགེ་བསྙེན་དད་པ་ཅན་གྱིས་ཤན་པའི་གནས་ནས་ཤའི་སྨན་བླང་བ་དེ་ནི་བྱ་བ་ཉིད་ཡིན་ནོ། །བཞི་པ་ནི། གལ་ཏེ་དུས་མ་ཡིན་པར་ཕྱིར་འཕྲད་དམ། ནུབ་མོར་ནས་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན་ནས་ལས་བྱས་པའི་སྨན་དེའི་དོན་དུ་བ་ལང་རྒན་པའི་ལྕི་བའི་ནང་ནས་བྱུང་བའི་ནས་ཀྱིས་ཆོག་པར་བྱའི། ནས་གཞན་དུས་མ་ཡིན་པར་བཟའ་བར་མི་བྱའོ། །གལ་ཏེ་ལྕི་བའི་ནས་དེ་ལས་བྱས་པའི་སྐྱོ་མ་ཚགས་ཀྱིས་བཙགས་ནས་ཏེ། ཚགས་ཀྱིས་མ་བཙགས་པ་གཞན་ནི་མ་ཡིན་ནོ། །གལ་ཏེ་དུས་མ་ཡིན་པར་ཤའི་སྨན་དགོས་པ་ཉིད་ཡིན་ན་མཚམས། ལུང་ལས་དེ་


K8Z004_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དྲེད་མོ་ཞེས་དང་། བསྡུས་པ་ལས། འཕར་བའི་རྟུག་པ་ཞེས་གསུངས་ཏེ་དེའི་ནང་ནས་བྱུང་བའི་ཤས་ཆོག་པར་བྱའོ། །གལ་ཏེ་ཤ་དེའི་ཁུ་བ་ཡར་ཚགས་ཀྱིས་བཙགས་ནས་ཡིན་གྱི། དེ་མི་བཙགས་པ་གཞན་ནི་མ་ཡིན་ནོ། །ལྔ་པ་ནི། གཞན་དུས་སུ་རུང་བ་དང་བཅས་པ་སྟེ་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་འདྲེས་པ་ལ་གཞན་དུ་རུང་བ་དེ་ལྷག་པར་སྤྱད་པའི་ཉེས་པ་འབྱུང་བ་དེ་ཡོད་དོ། །དེའི་ཕྱིར་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་འདྲེས་པ་དང་། ཞག་བདུན་པ་དང་། འཚོ་བའི་བར་བཅང་བ་འདྲེས་པ་ལ་ཡང་སྔ་མ་སྔ་མ་ལྷག་པར་སྤྱད་པའི་ཉེས་པ་འབྱུང་བ་དེ་ཡོད་དོ། །དེ་ཕྱིར་གཞན་དེ་དང་བཅས་པ་སྟེ་དུས་སུ་རུང་བ་དང་། སྨན་གཞན་གསུམ་འདྲེས་པ་དང་བཅས་པ་ལ་ཆོ་ག་སྔ་མ་དུས་སུ་རུང་བའི་ཆོ་གས་འཇུག་པར་བྱའོ་སྟེ། སྔ་དྲོའི་དུས་ཁོ་ནར་བཟའ་བར་བྱའི། དུས་མ་ཡིན་པར་ཡོངས་སུ་ལོངས་སྤྱད་པར་ནི་མི་བྱའོ། །ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་འདྲེས་པའམ། ཐུན་ཚོད་དུ་རུང་བ་དང་། འཚོ་བའི་བར་དུ་བཅང་བ་འདྲེས་པ་ནི་ཆོ་ག་སྔ་མ་ཐུན་ཚོད་དུ་རུང་བའི་ཆོ་གས་འཇུག་པར་བྱ་སྟེ། ཐུན་ཚོད་ཀྱི་མཐའ་ལས་མ་ཡོལ་བ་ཁོ་ནར་ཡོངས་སུ་ལོངས་སྤྱད་པར་བྱའི། ཐུན་ཚོད་ཀྱི་མཐའ་ལས་ཡོལ་བར་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །ཞག་བདུན་པ་དང་འཚོ་བའི་བར་དུ་བཅང་བ་འདྲེས་པ་ནི་ཆོ་ག་སྔ་མ་ཞག་བདུན་པའི་ཆོ་གས་འཇུག་པར་བྱ་སྟེ། ཞག་བདུན་གྱི་ནང་འདྲེས་ཏེ་དབྱེར་ཡང་མི་རུང་ན་ཆོ་ག་སྔ་མས་འཇུག་པར་བྱའི། འདྲེས་ཏེ་དབྱེར་རུང་ན་སྔ་མ་ལྟར་མི་བཙན་གྱིས་ཕྱེ་ཞིག་ཅེས་འགྲེལ་ཆུང་ལས་མདོ་འོག་མའི་སྐབས་ནས་བཤད་དོ། །བུ་རམ་གྱི་གོང་བུ་འབྲས་ཕྱེའི་ནང་དུ་བཞག་ཀྱང་བུ་རམ་ཉིད་ཡིན་པ་ལྟ་བུ་སྟེ། སྨན་རིགས་མི་མཐུན་པ་གཞན་དང་རེག་ཀྱང་རང་


K8Z004_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཞན་དུ་མ་གྱུར་པ་ནི་སྔོན་གྱི་རང་བཞིན་མ་ཡིན་པ་ཉིད་མ་ཡིན་ཏེ། སྔོན་སྨན་གྱི་རིགས་གང་ཡིན་པ་དེའི་ངོ་བོ་ཉིད་ཡིན་ནོ། །འདྲེས་ཏེ་དབྱེར་རུང་ན་ཕྱེས་ཤིག །དེའི་ཕྱིར་སྨན་རིགས་མི་མཐུན་པ་གཞན་དང་རེག་ཀྱང་གཞན་དང་མ་འདྲེས་པ་ལ་ནི་སྨན་རང་རང་གི་ཆོ་གས་བྱིན་གྱིས་བརླབ་ཅིང་ལོངས་སྤྱད་པས་རུང་བར་བྱ་བ་མི་འགྲུབ་པ་མ་ཡིན་ནོ། །བུ་རམ་བསྒོང་བའི་ཕྱིར་འབྲས་ཕྱེའི་ནང་དུ་བཞག་པ་སྟེ། འབྲས་ཕྱེའི་བག་ཆགས་ནི་ཆུས་བཀྲུས་པས་བུ་རམ་རང་ཁོ་ནའི་གྲངས་ཉིད་དུ་འགྲུབ་བོ། །བུ་རམ་བསྐོལ་བ་ན་བསྒར་དུ་མི་བཏུབ་པ་ལས་བསྒར་གྱི་གཟུངས་འབྲས་ཕྱེ་ལ་སོགས་པ་ཅུང་ཟད་ཅིག་ལྡུགས་པ་དེ་ནི་བུ་རམ་ཉིད་དུ་ཤེས་པར་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་དགོས་པའི་དོན་ནི། སྔར་བྱིན་ལེན་ལན་གཅིག་བྱས་པ་དེས་ཆོག་སྟེ། ཡང་ཡང་དུ་ཟ་བ་ན་ཡང་ཡང་དུ་བྱིན་ལེན་མི་དགོས་པས་གསོག་འཇོག་མི་འབྱུང་བ་དང་། ཚེགས་ཆུང་བས་བདེ་བ་ལ་རེག་པར་གནས་པ་དང་། ཆོ་གས་བྱིན་གྱིས་བརླབས་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་བདུན་ལས། དང་པོ་གང་བྱིན་གྱིས་བརླབ་པ་ནི་བདུན་ལས། སྨན་གསུམ་ལས་གང་ཡང་རུང་བ་ཡིན་པ་སྟེ། དང་པོ་མ་ཡིན་པ་དག་ནི་ཞེས་གསུངས་པས་སོ། །རུང་བ་ཡིན་པ་སྟེ་ལག་ཉར་བླངས་པ་དང་ཞེས་མི་རུང་བ་ལ་བྱིན་རླབས་མི་འཆགས་པར་གསུངས་སོ། །ཚད་དང་ལྡན་པ་དང་རང་གི་ཡིན་པ་དང་མངོན་སུམ་ན་ཡོད་པ་སྟེ། གཞན་དུ་ན་བྱིན་རླབས་ཀྱི་ཆོ་གའི་འཇུག་ཡུལ་མ་ཡིན་པའི་ཕྱིར་རོ། །རུང་ཆུ་དང་བྱིན་ལེན་ལ་སོགས་པའི་ཆོ་ག་རྫོགས་པ་སྟེ། ལུང་སྨན་གྱི་གཞི་ལས། བཏུང་བ་བརྒྱད་པོ་འདི་དག་དུས་སུ་བྱིན་ལེན་བྱས། དུས་སུ་མཉེས།


K8Z004_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་བཙགས། དུས་སུ་བྱིན་གྱིས་བརླབས་པ། ཞེས་གསུངས་པ་དང་། བྱིན་ལེན་བྱས་ཏེའོ་ཞེས་གསུངས་པས་སོ། །སྔར་བྱིན་གྱིས་བརླབས་པ་དང་མ་འབྲེལ་བ་སྟེ། གཞན་དུ་ན་རྫས་གཞན་གྱི་སྟེང་དུ་ཆོ་ག་དོན་མེད་པའི་ཕྱིར་རོ། །གཉིས་པ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབ་པ་ནི། ཡུལ་དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །ཡུལ་མེད་ན་རང་གཅིག་པུས་ཀྱང་བྱིན་གྱིས་བརླབས་ཏེ་གནས་ནས་ཕྱུང་བས་ཀྱང་ངོ་། །གསུམ་པ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི། བསྙེན་པར་རྫོགས་པའམ་དགེ་སློབ་མའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་སྟེ། རྟེན་དེ་དག་ལ་གསོག་འཇོག་གི་ཉེས་པ་དགག་དགོས་པའི་ཕྱིར་རོ། །ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་དུ་གནས་པ་དགོས་པ་སྟེ། གཞན་དུ་ཆོ་ག་འཆགས་པའི་རྟེན་མ་ཡིན་པའི་ཕྱིར་རོ། །ནད་པ་ལ་སོགས་པ་སྨན་བྱིན་གྱིས་རློབ་པའི་རྐྱེན་ལྡན་ཡིན་དགོས་པ་སྟེ། དང་པོ་མ་ཡིན་པ་དག་ནི་ནད་པའི་ཕྱིར་རོ་ཞེས་པ་དང་། ནད་པའི་ཆེད་དུ་ཡོངས་སུ་ལོངས་སྤྱད་པའི་ཕྱིར་ཞེས་གསུངས་པས་སོ། །དེའང་ཐུན་ཚོད་དུ་རུང་བ་དང་འཚོ་བའི་བར་དུ་བཅང་བ་གཉིས་ནི་ནད་པ་ཁོ་ནས་བྱིན་གྱིས་བརླབ་ཅིང་། སྨན་ཞག་བདུན་པ་ནི་གང་ཟག་བཞིས་བྱིན་གྱིས་བརླབ་ཏུ་རུང་སྟེ། དེ་ཡང་ནད་པས་བྱིན་གྱིས་བརླབ་ཏུ་རུང་བར་མ་ཟད། ལམ་དུ་ཞུགས་པ་དང་དགེ་སྐོས་དང་ལག་གི་བླས་ཀྱང་བྱིན་གྱིས་བརླབ་ཏུ་རུང་སྟེ། ལུང་སྨན་གྱི་གཞི་ལས། ཁྱིམ་བདག་ལུག་གི་བྱུང་བའི་དགེ་སློང་ལམ་དུ་ཞུགས་པའི་སྐབས་ལས་དགེ་སློང་གིས་བུ་རམ་ཞག་བདུན་པར་བྱིན་གྱིས་བརླབས་ནས་རང་ཉིད་ཀྱིས་བསྐུར་བར་བྱའོ། །ཞེས་དང་། ཆོ་ག་ལན་གསུམ་བརྗོད་པ་དང་བཅས་པ་གསུངས་སོ། །དེའི་གནད་ཀྱིས་དགེ་སྐོས་དང་ལག་གི་བླས་


K8Z004_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་རྒྱུ་མཚན་མཚུངས་པར་སྦྱར་རོ། །དེ་བྱིན་གྱིས་བརླབ་པ་བཟའ་བ་ལ་ལམ་དུ་ཞུགས་པ་དང་དགེ་སྐོས་དང་ལག་གི་བླ་རྣམས་ནི་ནད་པ་དང་འདྲ་བ་ཉིད་དོ། །ཞེས་བྱིན་གྱིས་བརླབས་པ་བཟའ་བ་ལ་ནད་པ་དང་འདྲ་བར་གསུངས་པས་བྱིན་གྱིས་རློབ་པ་ལ་ཡང་ནད་པ་དང་འདྲ་ཞེས་སྦྱར་རོ། །འདིར་རྒྱ་ན་རེ། སྨན་ཞག་བདུན་པ་ནི་གང་ཟག་ལྔ་བྱིན་གྱིས་བརླབ་ཏུ་རུང་སྟེ་གང་ཟག་བཞི་པོ་དེ་དག་དང་། ཟན་ཆད་པས་ཀྱང་བྱིན་གྱིས་བརླབ་ཏུ་རུང་བར་སྦྱར་ཞེས་འཆད་པ་ནི་མི་རིགས་ཏེ། ཟས་ཆད་པས་བྱིན་གྱིས་བརླབ་ཏུ་རུང་བའི་སྒྲུབ་བྱེད་ཀྱི་གཞུང་མེད་ཅིང་། བྱིན་གྱིས་བརླབ་ཏུ་རུང་བའི་ཁྱད་པར་གྱི་རྐྱེན་དང་ཡང་མི་ལྡན་པའི་ཕྱིར་རོ། །གཞན་ཡང་སྨན་བྱིན་གྱིས་བརླབ་པའི་དུས་ནི་སྔ་དྲོ་ཡིན་ལ། སྔ་དྲོ་ཟན་ཆད་པ་མ་གྲུབ་པས་ཟན་ཆད་པས་བྱིན་གྱིས་རློབ་པ་མི་འཐད་གསུངས་སོ། །བཞི་པ་དུས་གང་གི་ཚེ་བྱིན་གྱིས་རློབ་པ་ནི། སྔ་དྲོ་ཁོ་ན་སྟེ་ཟས་སྔ་མའི་ཚེའོ་ཞེས་གསུངས་སོ། །ཊཱི་ཀ་ལས། བསྐོལ་བ་དང་བཙགས་པ་གཉིས་ནི་དུས་སུ་བྱས་ཀྱང་རུང་། དུས་མ་ཡིན་པར་བྱས་ཀྱང་རུང་བྱིན་ལེན་བྱ་བ་དང་། བྱིན་གྱིས་རློབ་པ་ནི་དུས་ཁོ་ནར་བྱ་དགོས་སོ། །ཞེས་སྔ་དྲོས་དུས་ཁོ་ནར་བྱ་དགོས་པར་གསུངས་སོ། །ལྔ་པ་ཡུན་ཇི་སྲིད་དུ་བྱིན་གྱིས་བརླབ་པ་ནི། ཐུན་ཚོད་དུ་རུང་བ་བྱིན་གྱིས་རློབ་ན་ཉིན་མཚན་དེ་ཉིད་ཀྱི་མཚན་མོའི་མཐའ་ཚུན་ཆད་བྱིན་གྱིས་རློབ་ཅིང་། ཞག་བདུན་པར་བྱིན་གྱིས་རློབ་ན་ཞག་བདུན་མཚན་མོའི་མཐའ་ཚུན་ཆད་ཀྱང་འཚོ་བའི་བར་དུ་བཅང་བར་བྱིན་གྱིས་རློབ་ན། ཇི་སྲིད་ནད་སོས་པར་མ་གྱུར་གྱི་བར་དུ་བྱིན་གྱིས་བརླབས་ཏེ། འདི་ཉིད་ལས། རང་གི་དུས་ཀྱི་མཐའི་བར་དུ་བྱིན་གྱིས་བརླབ་པར་བྱའོ། །ཞེས་གསུངས་ལ། དུས་ལྷག་པ་ལ་


K8Z004_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་མི་འཆགས་པའི་ཕྱིར་ཞེས་གསུངས་སོ། །དྲུག་པ་ཆོ་ག་གང་གིས་བྱིན་གྱིས་རློབ་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་རུང་ཆུ་གདབ་པ་དང་། ལག་པ་གཉིས་བཀྲུས་ནས་བྱིན་ལེན་བྱ་བ་སྟེ། ཁྱད་པར་དུ་ཡང་བཏུང་བ་བྱིན་གྱིས་རློབ་ན་ནི་ཚགས་ཀྱིས་བཙགས་པ་ཡང་སྔོན་དུ་འགྲོ་བའོ། །དངོས་གཞི་སྔགས་རྣམ་པར་བཞག་པ་ལན་གསུམ་དང་མཇུག་ཐབས་ཡིན་ནོ་ལེགས་སོ་ཞེས་སོ། །བདུན་པ་བྱིན་གྱིས་བརླབ་པ་འཇིག་པའི་རྒྱུ་ནི། བྱིན་ལེན་འཇིག་པའི་རྒྱུ་ཀུན་གྱིས་འཇིག་སྟེ་བྱིན་རླབས་འཆགས་པའི་རྟེན་ཞིག་པའི་ཕྱིར་རོ། །གནས་སྐབས་རོ་དང་སླ་བར་གྱུར་པ་དང་བྱིན་རླབས་ཀྱི་འཕེན་པ་ཟད་པ་དང་སྔགས་ཀྱིས་ཕྱུང་ན་ཡང་འཇིག་གོ། །གཉིས་པ་ལ། བྱིན་གྱིས་བརླབ་པའི་ཚུལ་ལུགས་དང་། །བྱིན་རླབས་འཆགས་པའི་ཟློག་ཕྱོགས་དང་། །བྱིན་རླབས་ཞིག་པའི་བྱེད་ལས་དང་། །བྱིན་གྱིས་བརླབ་པའི་བསླབ་བྱའོ། །དང་པོ་ནི། བྱིན་གྱིས་བརླབས་པ་ལ་གསོག་འཇོག་གི་ཉེས་པ་མི་འབྱུང་ངོ་། །ནད་པའི་ཆེད་དུ་ཡོངས་སུ་ལོངས་སྤྱོད་པའི་དུས་སུ་རུང་བ་ལས་གཞན་པའི་སྨན་གསུམ་པོ་རང་རང་གི་དུས་ཀྱི་མཐའི་བར་དུ་བྱིན་གྱིས་བརླབ་པར་བྱའོ། །དུས་གང་གི་ཚེ་བྱིན་གྱིས་བརླབ་ཅེ་ན། ཟས་སྔ་མ་སྔ་དྲོའི་སྟེ་གུང་ཚིགས་ཚུན་ཆད་པའི་ཚེའོ། །ཇི་ལྟར་ཞེ་ན། དེ་བྱིན་ལེན་བྱས་ཏེའོ། །སྨན་བྱིན་གྱིས་རློབ་པའི་ཚེ་ན་བྱིན་ལེན་མ་བྱས་པ་དང་། གསོག་འཇོག་དང་འདྲེས་པ་ལ་བྱིན་གྱིས་བརླབ་ཏུ་མི་རུང་བས་དེ་གཉིས་བསྲུང་བར་བྱ་བ་ཡིན་ནོ། །དེ་གཉིས་དང་འདྲེས་པ་བསྲུང་བར་བྱ་བ་ཡིན་པ་དེའི་ཕྱིར་ལག་པ་གཉིས་བསྙལ་ཞེས་པ་ནི་ལག་པ་གཉིས་བཀྲུས་ནས་སོ། །གཉིས་པ་ནི། ལག་ཉར་བླངས་པ་དང་། གསོག་འཇོག་བྱས་པ་དང་། བྱིན་ལེན་མ་བྱས་པ་


K8Z004_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པ་དང་། དགེ་སློང་གིས་བཙོས་པ་དང་ལྔ་པོ་དག་ལ་སྨན་གྱི་བྱིན་རླབས་མི་འཆགས་སོ། །གསུམ་པ་ནི། བུ་རམ་གྱི་བཏུང་བ་བྱིན་ལེན་བྱས་ཤིང་ཞག་བདུན་པར་བྱིན་གྱིས་བརླབས་ཏེ་ཞག་ལྔ་ན་རོ་དང་སླ་བ་ཉིད་ཡོངས་སུ་གྱུར་ན་གསོག་འཇོག་བྱས་པ་ཉིད་ཡིན་ནོ་ཞེས་གསུངས་ཏེ། གསོག་འཇོག་འགེགས་བྱེད་ཀྱི་བྱིན་རླབས་ཞིག་ཅིང་། གསོག་འཇོག་སྐྱེད་བྱེད་ཀྱི་བྱིན་ལེན་མ་ཞིག་པས་ན་རོ་སླ་བར་གྱུར་ནས་སྐྱ་རེངས་ཤར་བའམ། གུང་ཚིགས་ལྟ་བུ་ཐུན་ཚོད་ཀྱི་མཚམས་ལས་འདས་ན་གསོག་འཇོག་བྱས་པའོ། །ཞེས་སོགས་ཤས་གསུངས་པ་དེ་ལེགས་སོ། །དེའང་བྱིན་གྱིས་བརླབ་པ་ནི་སྨན་གྱི་གནས་སྐབས་ལ་བརྟེན་པ་ཡིན་པས་རོ་དང་སླ་བར་གྱུར་པ་ན་སྨན་གྱི་གནས་སྐབས་གྱུར་པས་བྱིན་རླབས་ཞིག་པའོ། །བྱིན་ལེན་ནི་སྨན་གྱི་རིགས་ལ་བརྟེན་པས་རོ་དང་སླ་བར་གྱུར་ཀྱང་སྨན་གྱི་རིགས་མ་གྱུར་པ་སྟེ། ཞག་བདུན་པ་ལས་སྨན་གྱི་རིགས་གཞན་དུ་མ་གྱུར་པས་བྱིན་ལེན་མ་ཞིག་པར་ཡོད་པའོ། །རོ་དང་སླ་བར་གྱུར་ན་གསོག་འཇོག་བྱས་པ་འདིའི་ཁུངས་ནི། ལུང་སིལ་བུའི་བུ་རམ་གྱི་བཏུང་བའི་སྐབས་ལས། བཏུང་བ་བཙགས་པ་དགུང་བདུན་པར་བྱིན་གྱིས་བརླབ་ཏུ་རུང་ངམ། ཉེ་བ་འཁོར་རུང་ངོ་། །བཙུན་པ་ཡུན་ཇི་སྲིད་དུ་བཞག་པ་འཚལ་བར་བགྱི། ཉེ་བ་འཁོར་ཤིན་ཏུ་སླ་ཞིང་མི་སྐྱུར་ལ། རང་གི་ངོ་བོ་ཉིད་མི་སྤོང་བ་དེ་སྲིད་དུའོ་ཞེས་གསུངས་པ་ཡིན་ནོ་ཞེས་རང་འགྲེལ་དང་ཊཱི་ཀ་ལས་ཁུངས་སུ་དྲངས་སོ། །ལུང་དེའི་ཤུགས་ཀྱིས་འདི་ལྟར་བསྟན་ཏེ། ཤིན་ཏུ་སླ་ཞིང་མི་སྐྱུར་བའི་ངོ་བོ་ཉིད་སྤང་ན་ནི་བཏུང་བར་བྱ་བ་མ་ཡིན་པ་ཉིད་དུ་བསྟན་པས་གསོག་འཇོག་བྱས་པ་ཡིན་པར་ཤེས་ཏེ། རང་འགྲེལ་ལས། འདིར་


K8Z004_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བཏུང་བར་བྱ་བ་མ་ཡིན་པར་གསུངས་ཏེ། བཏུང་བར་བྱ་བ་མ་ཡིན་པ་ཉིད་འདི་ལ་གསོག་འཇོག་ཉིད་ལས་གཞན་པའི་རྒྱུ་རྣམ་པར་མི་གནས་པ་དེ་བས་ན་གསོག་འཇོག་ཉིད་དུ་ཤེས་པའོ། །ཞེས་གསུངས་སོ། །འདིར་བྱ་ཊཱིཀ་པ་ན་རེ། འདི་ནི་གསོག་འཇོག་བཏགས་པ་བ་ཡིན་གྱི། གསོག་འཇོག་མཚན་ཉིད་པ་མི་འབྱུང་སྟེ། འདི་ལྟར་བུ་རམ་གྱི་བཏུང་བ་ཞག་བདུན་པར་བྱིན་གྱིས་བརླབས་པ་ལས། བར་སྐབས་སུ་རོ་དང་སླ་བར་གྱུར་པ་ཆོས་ཅན། གསོག་འཇོག་གི་ཉེས་པ་རང་མཚན་པ་མི་བསྐྱེད་དེ། རྒྱུ་བྱིན་ལེན་མེད་པའི་ཕྱིར་རོ། །དེའི་རྟགས་དང་ཁྱབ་པ་གང་གིས་གྲུབ་ན་གཞུང་གིས་གྲུབ་སྟེ། ཊཱི་ཀ་ལས། སླ་བ་འབའ་ཞིག་ཡོངས་སུ་གྱུར་ན་ཡང་བཏུང་བར་མི་བྱ་སྟེ་བྱིན་ལེན་མ་བྱས་པའི་ཕྱིར། ཞེས་གསུངས་ཤིང་། མདོར་ན་རོ་སླ་བར་གྱུར་པའི་དབང་གིས་བྱིན་ལེན་ཞིག་ནས་བྱིན་ལེན་མེད་ཅེས་སྙམ་པའོ། །དེ་ལ་ཊཱི་ཀ་ལས། བྱིན་ལེན་མ་བྱས་པ་ལ་གསོག་འཇོག་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པས་རྟགས་དང་ཁྱབ་པ་གོ་རིམ་བཞིན་དུ་གྲུབ་བོ་ཞེ་ན། རྟགས་མ་གྲུབ་སྟེ། རང་གི་རྣམ་བཤད་ལས། འདི་ལ་གསོག་འཇོག་ཉིད་ལས་གཞན་པའི་རྒྱུ་རྣམ་པར་མི་གནས་པ་དེ་བས་ན་གསོག་འཇོག་ཉིད་དུ་ཤེས་པར་བྱའོ། །ཞེས་རོ་དང་སླ་བར་གྱུར་པ་འདི་ལ་འབྲས་བུ་གསོག་འཇོག་འབྱུང་བར་གསུངས་པས་དེའི་རྒྱུ་དུས་ན་བྱིན་ལེན་ཡོད་པར་རྟགས་ཀྱིས་གྲུབ་བོ། །ཊཱི་ཀ་ལས། བྱིན་ལེན་མ་བྱས་པའི་ཕྱིར། ཞེས་པ་དེ་བྱིན་ལེན་མ་བྱས་པ་དང་འདྲ་བའི་ཕྱིར་ཞེས་དགོངས་པ་ཡིན་ནོ་ཞེས་སྔོན་གྱི་འདུལ་འཛིན་རྣམས་ཀྱིས་མཐུན་པར་གསུངས་སོ། །ཡང་ན་ནི་རོ་འགྱུར་ནས་བྱིན་ལེན་བྱ་བ་རྒྱུ་མེད་པ་ལ་དགོངས་སྲིད་ཀྱང་དེ་ལྟའི་བྱིན་ལེན་མེད་ན་སྔར་གྱི་བྱིན་ལེན་འཇིག་རྒྱུར་མ་བཤད་པས་ཉེས་པ་


K8Z004_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །མྱང་མཚམས་པ་ན་རེ། སྐབས་འདིར་བསྟན་པའི་རོ་སླ་བར་གྱུར་པ་ན་བྱིན་ལེན་ཞིག་པ་ཡིན་ཏེ་སྨན་གྱི་དངོས་པོར་གྱུར་པའི་ཕྱིར་རོ། །དེའང་རོ་སླ་བར་གྱུར་པའི་ཊཱི་ཀས། འདི་གཉིས་ཀྱི་ངོ་བོ་ཉིད་གྱུར་པར་བསྟན་ཏེ། ཞེས་བཤད་པས་ཤེས་ཞེས་ཟེར་རོ། །དེ་བཞིན་དུ་རང་འགྲེལ་ལས་ཀྱང་། ངོ་བོ་ཉིད་དུ་གྱུར་པ་ཞེས་བསྟན་མོད་ཀྱི། འོན་ཀྱང་ངོ་བོ་ཉིད་དུ་གྱུར་པ་དེ་ནི་སྨན་གྱི་རིགས་འཕོས་ཏེ། དངོས་པོའི་ངོ་བོ་ཉིད་དུ་གྱུར་པ་མ་ཡིན་གྱི། རོ་དང་སླ་བའི་གནས་སྐབས་གྱུར་ཏེ་གནས་སྐབས་ཀྱི་ངོ་བོ་ཉིད་དུ་གྱུར་པ་སྟེ། དེས་ནི་བྱིན་ལེན་ཞིག་པར་མི་འགྱུར་རོ། །བཞི་པ་ནི། སྨན་གསུམ་པོ་བྱིན་གྱིས་བརླབས་པ་འོག་མ་དུས་སུ་རུང་བ་དང་ལྷན་ཅིག་བསྲེས་ཏེ་ལོངས་སྤྱད་པར་མི་བྱའོ། །ཞག་བདུན་པ་དང་འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབས་པ་འོག་མ་ཐུན་ཚོད་དུ་རུང་བ་དང་ལྷན་ཅིག་བསྲེས་པ་དང་། འཚོ་བའི་བར་དུ་བཅང་བའི་བྱིན་གྱིས་བརླབས་པ་འོག་མ་ཞག་བདུན་པ་དང་ལྷན་ཅིག་བསྲེས་ཏེ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །གསུམ་པ་ལ། མིག་སྨན་སོགས་ཀྱི་གནང་བཀག་བསྟན། །ཤ་སྨན་སོགས་ཀྱི་གནས་སྐབས་བསྟན། །ཆང་གྱུར་སོགས་ཀྱི་གནས་སྐབས་བསྟན། །སྒོག་པའི་སྨན་བསྟེན་གནང་བཀག་གོ། །དང་པོ་ནི། དེ་ནི་རྣམ་པ་བཞིའོ་ཞེས་སྔར་སྨན་གྱི་གོ་རིམ་བཞི་གསུངས་པ་ནི་དཔེའམ་མཚོན་བྱེད་ཙམ་དུ་ཟད་དེ། མིག་སྨན་ལ་སོགས་པ་དག་ཀྱང་འཕངས་པ་ཡིན་ནོ། །དེས་ན་མིག་ལ་བསྐུ་བའི་མིག་སྨན་བསྟེན་པར་བྱའོ། །སྨན་མ་ཡིན་པ་སྒེག་པའི་དོན་དུ་མི་བྱའོ། །མིག་སྨན་དེའི་སྣོད་རིགས་པའོ་ཞེས་པ་ནི་མིག་སྨན་ཟངས་དང་འཁར་བའི་ནང་དུ་བླུགས་ན་གཡའ་འོང་བའི་ཕྱིར་རྭ་ལ་སོགས་པ་གཡའ་མེད་པར་བླུགས་སོ། །མིག་སྨན་


K8Z004_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེར་ཁན་དའི་སྣོད་ནི་རིའི་ཟ་མ་ཏོག་ནི་གྭའུ་སྟེ་དེའི་ནང་དུ་གཞུག་གོ། །མིག་སྨན་རིལ་བུ་ནི་རས་ལ་སོགས་པའི་སྒྱེའུའོ། །མིག་སྨན་དུ་བ་དང་སྦྲུས་པ་དང་ཕྱེ་མ་རྣམས་ཀྱི་སྣོད་ནི་སྨྱུག་སོགས་ཀྱི་དོང་བུའོ། །མིག་སྨན་བསྐུ་བའི་ཐུར་མ་བཅང་བར་བྱའོ། །ཐུར་མ་དེ་ཟངས་མ་དང་ལྕགས་དག་གིས་བཟང་ངོ་། །ཐུར་མ་དེ་བརྡུངས་པ་མི་བཟང་གི་རང་འཁྲུངས་ཏེ་རང་བཞིན་གྱིས་གྲུབ་པ་དག་གམ་བཞུས་ཏེ་བླུགས་པ་དག་བཟང་ངོ་། །ནད་པས་སྨན་འཇུག་པའི་ཕྱིར་མཆན་ཁུག་བཅང་བར་བྱའོ། །དེར་མི་ཤོང་བ་ཉིད་ཡིན་ན་བྲུངས་སམ་ཐུམ་པོར་བྱས་ཏེ་བཅེར་རོ། །མཆན་ཁུང་དུ་བཅུག་པ་མི་འདྲུལ་བར་བྱ་བའི་ཕྱིར་དུས་དུས་སུ་བསྐམ་མོ། །གང་དུ་བསྐམ་ན་ཉི་གྲིབ་ལའོ། །ཉི་མ་ཚ་བ་ལ་བསྐམ་ན་སྨན་གྱི་མཐུ་འབྲིའོ། །སྨན་བསྐམས་ནས་རླུང་ཆར་གྱིས་མ་རུང་བར་འགྱུར་བའི་རྒྱུ་བྱུང་ན་དགེ་སློང་རང་གིས་བྲུབ་པར་བྱ་སྟེ་ལག་ཉར་བླངས་པའི་ཉེས་པ་མེད་དོ། །གནས་སྐབས་ཐམས་ཅད་དུའམ་ཞེ་ན། བསྙེན་པར་མ་རྫོགས་པ་མེད་ནའོ། །ནད་པས་སྨན་ཕོར་བཅང་བར་བྱའོ། །སྨན་གྱི་ཟེ་ཡང་ངོ་སྟེ་སྨན་དཀྲུག་ཅིང་བཅུ་བ་ལག་པ་ཚ་བར་མི་འགྱུར་བར་བྱ་བའི་ཕྱིར་ལྕགས་སམ་ཟངས་ལས་གཟར་བུ་བྱས་ཏེ་བཅང་བར་བྱའོ། །རང་འགྲེལ་ལས། མགུལ་པའི་ནད་ཅེས་བྱ་བ་ཟས་མིད་པའི་ཚེ་ན་འགྲོར་མི་བཏུབ་པས་ཟས་མགུལ་པར་ཐོགས་པ་དེ་འཕུལ་བའི་ཆེད་དུ་སྐོམ་བཏུང་བའི་ཕྱིར་བཏུང་ཕོར་བཅང་བར་བྱའོ། །ནད་པས་ལན་ཚྭ་བཅང་བར་བྱའོ། །ནད་པའི་བད་ཀན་ལ་ཕན་པའི་ཚྭ་རྡོག་ཟླུམ་པོར་བྱས་ཏེ་མིད་པས་བད་ཀན་གྱི་སྟེང་དུ་ཕོག་ན་བད་ཀན་སླར་བྱང་བར་ཕན་ཏེ། རྒྱ་མཚོའི་ལན་ཚྭ་མ་རྙེད་ན་ཚྭ་ཐ་མལ་པ་བཅང་ངོ་། །ལན་ཚྭ་དེའི་སྣོད་ནི་རྭའི་སྦུགས་བཟང་ངོ་། །རྭའི་སྣོད་སྣུམ་དང་དྲི་མི་ཞིམ་པ་བསལ་བའི་ཕྱིར་གཅི་བས་ཀུན་ནས་བསྐོལ་བའོ་


K8Z004_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་གཅི་བ་དང་སྤྱོད་པའི་ཆུའི་ནང་དུ་བསྐོལ་བའོ། །ཞེས་ལུང་ཕྲན་ཚེགས་ལས་བཤད་ཅིང་། ལུང་ལས། བ་ལང་གི་གཅི་བ་དང་ཚོས་ལ་ཤེས་སོ། །འགྲེལ་ཆུང་ལས་ཀྱང་། སྨན་གྱི་སྣོད་རྭ་ལས་བྱས་པ་ཁྲག་དང་མི་གཙང་བས་རེག་པ་བཀྲུ་བའི་ཕྱིར་ཟངས་ཀྱི་ནང་དུ་བ་ལང་གི་གཅི་བ་དང་བསྲེས་ཏེ་བཙོས་ན་དག་པར་འགྱུར་རོ། །ཞེས་སོ། །ཁ་གབ་དེ་མེད་པའི་ཉེས་པ་མི་འགྱུར་བར་བྱ་བའི་ཕྱིར་ཁ་གབ་གཞུག་གོ། །ཁ་གབ་དེ་ཅི་ལས་བྱ་ཞེ་ན། རྭ་ལྕི་བས་ཀུན་ནས་བསྐོར་བ་དེ་ཉིད་ལས་བྱས་པའོ། །དྲི་བསུང་ཞིམ་པོ་བགོས་པའི་ས་ནད་པས་བཅང་བར་བྱའོ། །དེ་ནི་ལག་པ་བཀྲུ་བ་ལ་སོགས་པའི་ཆེད་དུ་དགོས་པའི་ཕྱིར་ཞེས་ཊཱི་ཀ་ལས་བཤད་དོ། །ཕྲན་ཚེགས་ཀྱི་འགྲེལ་པ་ལས། དྲིས་བགོས་པའི་འཇིམ་པ་ནི་དྲི་དང་ཡང་དག་པར་ལྡན་པ་ནད་ཞི་བར་བྱེད་པ་ཅན་ནོ། །ཞེས་བཤད་ཅིང་། འགྲེལ་ཆུང་ལས། ས་རང་ལ་དྲི་བསུང་ཞིམ་པོ་ཡོད་པ་དེ་ལྟ་བུས་ཁ་ལག་བཀྲུས་ཀྱང་མི་རིགས་པ་མ་ཡིན་ཏེ། བཀྲུར་ཡང་གནང་། འཆང་དུའང་གནང་། ཞེས་སོ། །ཆུ་བསྲོ་བའི་ཕྱིར་ལྕགས་ཀྱི་གར་བུ་ནད་པས་བཅང་བར་བྱའོ་ཞེས་སྦྱར་རོ། །དགེ་འདུན་གྱིས་ཀྱང་བཅང་དུ་རུང་ངོ་ཞེས་རང་འགྲེལ་དང་ཊཱི་ཀ་ལས་སོ། །ནད་པས་བཅང་བ་དེ་ནི་ན་བ་དང་མི་ན་བ་ཐམས་ཅད་ཀྱིས་སྤྱད་པར་བྱའོ། །ལྕགས་ཀྱི་གར་བུ་དེ་བསྲེགས་པ་གདེགས་པའི་ཕྱིར་གར་བུ་དེ་ལ་ལྕགས་ཐག་གདགས་སོ། །ལྕགས་ཀྱི་གར་བུ་བསྲེགས་པའི་ཚེ་ལྕགས་ཐག་དེ་མེས་ཚ་བའི་དུས་ནས་གཤེར་བས་ལྕགས་ཐག་དེ་མནན་ནོ། །ལྕགས་ཀྱི་གར་བུ་ཟས་ཀྱིས་རེག་པ་དེ་བསྲེགས་པ་ན་དེ་ལ་ཟས་དང་འབགས་པའི་གནས་མེད་དོ། །དེ་བས་ན་ལྕགས་ཀྱི་གར་བུ་དེ་རུང་བའི་ཕྱིར་འབད་པ་ནི་དོན་མེད་དོ་ཞེས་རང་འགྲེལ་དང་ཊཱི་ཀ་ལས་སོ། །བཏུང་བར་བྱ་


K8Z004_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པའི་ཆུ་རུང་བ་སྔར་བསྲོའོ། །ཆབ་ཁུང་ལ་སོགས་པར་ཁྲུས་བྱ་བར་ལོངས་སྤྱད་པའི་ཆུས་ནི་ཕྱིས་བསྲོའོ། །སྨན་པ་ན་རེ། གཞན་གྱིས་འཚོ་བར་མི་འགྱུར་རོ་ཞེས་ཟེར་ན། ནད་པས་འདོམས་ཀྱི་གསོ་གམས་གཏོང་བ་ལ་སོགས་པ་བསྟེན་པར་བྱའོ། །སྨན་གཞན་གྱིས་ནད་འཚོ་བར་ནུས་པ་ཉིད་ཡིན་ན་འདོམས་ཀྱི་གསོ་བ་བསྟེན་པ་དེ་ལ་མི་ཚངས་པར་སྤྱད་པར་བྱ་བའམ། དགའ་བ་འདོད་པའི་ཕྱིར་གཅིའུ་བཅུག་ན་ཕམ་པ་དང་པོའི་ཆར་གཏོགས་པའི་སྦོམ་པོའོ། །འདོམས་ཀྱི་གསོ་བ་འདི་ལ་སྦུ་གུའི་རྒྱུ་ནི། ཟངས་མའམ་འཁར་བའི་སྦུ་གུ་བཟང་གི། ལྕགས་ཀྱིས་ནི་མི་རུང་ངོ་། །མཚོན་གྱི་གསོ་གཏར་ཁ་ཡང་འདོམས་ཀྱི་གསོ་བ་དེ་དང་འདྲ་སྟེ། ཐབས་གཞན་གྱིས་འཚོ་ན་མི་བསྟེན་ལ། མི་འཚོ་ན་བསྟེན་ནོ་སྟེ། ལུང་ལས། དགེ་སློང་གི་གདོང་ནི་མེ་ལོང་ལྟ་བུ་ཡིན་པས་གདོང་དུ་ནི་རྩའི་རྒྱུན་ལས་གཞན་པར་མཚོན་གྱིས་གསོ་བ་དེ་མ་བསྟེན་ནོ། །གདོང་ལ་གཏར་ཁ་བྱ་བ་ན་རྩ་གང་ན་འདུག་པའི་སྟེང་དུ་བྱས་པ་ནི་ཉེས་པ་མེད་དོ། །རྩ་མེད་པར་གདོང་ལ་གཏར་ཁ་བྱས་ན་གསོད་པའི་ཆར་གཏོགས་པའི་སྦོམ་པོའོ། །ཞེས་སོ། །གདོང་ལས་གཞན་པའི་ལུས་ལ་ནི་རྩ་ཡོད་པ་དང་མེད་པ་གཉིས་ཀར་སྨན་པས་བགོ་བ་བཞིན་དུ་གཏར་ཁ་བྱས་ཀྱང་ཉེས་པ་མེད་དོ། །གཞང་འབྲུམ་བཅད་པར་མི་བྱའོ། །མཚོན་གྱིས་གསོ་བར་མི་བྱ་བའི་ཕྱོགས་གཅིག་ནི་གཞང་འབྲུམ་གཅོད་པ་འདི་ཡིན་པས་འདི་ལ་ཡང་སྦོམ་པོར་རིག་པར་བྱའོ། །མཚོན་ལས་གཞན་ལ་སེན་མོ་ལ་སོགས་པས་ཀྱང་གཞང་འབྲུམ་བཅད་པར་མི་བྱའོ། །གཞང་འབྲུམ་དེ་ནི་གསང་སྔགས་དང་སྨན་དག་གིས་སོ། །སྨན་པ་ཞེ་འགྲས་པ་ལ་གཞང་འབྲུམ་གསོར་མི་གཞུག་གོ། །ནད་པ་གསོ་བའི་ཕྱིར་ནུབ་མོར་ཟ་བ་ནི་ཚུལ་དང་མི་མཐུན་པ་མ་ཡིན་ནོ། །


K8Z004_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པ་གསོ་བ་འདི་ལ་བྱིན་ལེན་མ་བྱས་པ་དང་གསོག་འཇོག་བྱས་པ་དག་བཟའ་བ་དང་བཏུང་བར་མི་རུང་བ་ཉིད་དུ་དོགས་པར་མི་བྱའོ། །གཞི་འགྲེལ་ལས། མུ་སྟེགས་ཀྱི་དཀའ་ཐུབ་ཅེས་བྱ་བ་ནི་དུ་བ་རྔུབ་པ་ལ་སོགས་པའོ། །ཞེས་བཤད་པ་ལྟར་དུ་བ་རྔུབ་པ་ནི་མུ་སྟེགས་ཀྱི་ལུགས་ཡིན་པས་ནད་གསོ་བའི་ཕྱིར་ཡང་མི་རུང་ངོ་། །མཉམ་དུ་དོགས་པ་བསལ་བའི་ཕྱིར་དགེ་སློང་ནད་པས་གསོ་བའི་ཕྱིར་སྨན་གྱི་རེང་བུའི་དུ་བ་ཁོང་དུ་རྔུབ་པར་བྱའོ་སྟེ། འགྲེལ་ཆུང་ལས་ཀྱང་། དུ་བ་བཏུང་བ་ནི་དུ་བ་འབྱུང་བའི་གྱོ་མོ་བརྡོལ་བའི་ནང་དུ་སྦུ་གུ་དེ་ཁར་བཅུག་ལ་དུ་བ་བཏུང་ངོ་། །ཞེས་སོ། །དུ་བ་རྔུབ་པ་དེ་ནི་སྨན་གཅེའུ་སྟེ་སྦུ་གུས་འགྲུབ་བོ། །སྨན་གཅེའུ་དེ་ལྕགས་ལས་བྱའོ། །ལྕགས་མེད་ན་སྨྱིག་མ་ལ་ཞེས་འགྲེལ་ཆུང་ལས་བཤད་ཀྱང་། ལུང་ལས། སྨྱིག་མའི་སྦུ་གུས་རྔུབ་པར་མི་བྱའོ། །ཞེས་གསུངས་སོ། །སྨན་གཅེའུ་དེ་སྲིད་ཀྱི་ཚད་སོར་བཅུ་གཉིས་པ་བཟང་ངོ་། །སྨན་གཅེའུ་དེ་རྩེ་མོ་རྣོ་བ་དང་རྩུབ་པ་མི་བྱའོ། །དུ་བ་རྔུབ་པའི་ལྕགས་ཀྱི་སྦུ་གུ་དེ་བཙས་མི་ཁྱེར་བའི་ཕྱིར་ཞུན་མར་རམ་འབྲུ་མར་གྱིས་བསྐུས་ཏེ་ཤུབས་སུ་གཞུག་གོ། །སྨན་གཅེའུའི་ཤུབས་དེ་ནི་ཟུང་ངམ་ཆོས་གོས་ཀྱི་གདང་བུ་ལ་བཞག་གོ། །སྨན་གཅེའུ་དེ་དྲི་མ་མེད་པར་བྱ་བའི་ཕྱིར་མར་གཞུག་གོ། །ལུང་ལས། བྱིན་ལེན་བྱས་ནས་སྣར་བླུགས་པར་བྱའོ། །ཞེས་གསུངས་པས་སྣར་བླུགས་པའི་ལས་བྱའོ། །ལས་དེ་ནི་སྣར་བླུགས་པའི་དཔྱད་ཀྱིས་འགྲུབ་བོ། །སྣར་བླུགས་པའི་དཔྱད་ནི་ཁ་བྲག་མཆུ་གཉིས་པ་མི་རྣོ་བ་བཟང་ངོ་། །སྣར་བླུགས་པའི་དཔྱད་དེ་བྱའོ། །གཉིས་པ་ནི། སྨན་གྱི་ཕྱིར་ཤ་རློན་པ་བསྟེན་པར་བྱའོ། །དེ་ཟ་མི་ནུས་ན་ཐབས་བྱའོ། །ཐབས་རས་ཀྱིས་མིག་གཉིས་དགབ་བོ། །མི་


K8Z004_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བརྒལ་བ་དེ་སྐྱུགས་མི་བྲོ་བར་བྱ་བའི་ཕྱིར་དྲི་ཞིམ་པོ་བསྒོའོ། །ཤ་རློན་གྱིས་དུམ་གྲུགས་སོགས་ཀྱི་ཤན་མེད་པ་ཉིད་ཡིན་ན་མདུན་དུ་བཟའ་བ་དང་བཅའ་བ་ཡིད་དུ་འོང་བ་བཞག་སྟེ་མིག་རས་ཀྱིས་གཡོགས་པ་དེ་དགྲོལ་ལོ། །ཤ་རློན་དེ་དགེ་སློང་གིས་སྨན་ལས་གཞན་གྱི་དོན་གསང་སྔགས་ལ་སོགས་པ་བསྒྲུབ་པའི་དོན་དུ་ཟ་ན་དབྱེན་གྱི་ལྷག་མའི་ཆར་གཏོགས་པའི་སྦོམ་པོའོ། །མིའི་ཤ་ནི་དགེ་སློང་གིས་ཟོས་ན་སྨན་གྱི་དོན་དང་སྨན་མ་ཡིན་པའི་དོན་ཐམས་ཅད་དུ་སྦོམ་པོའོ། །བདག་གི་ཆེད་དུ་ཤ་བསྔོས་ཏེ་བསད་པ། རང་འགྲེལ་དང་ཊཱི་ཀ་ལས། ཟ་བ་པོས་མཐོང་ཐོས་དོགས་པའི་སྒོ་ནས་ཤེས་ན་བཟའ་བར་མི་བྱའོ། །ཞེས་སོ། །སྟག་གིས་གོད་པ་མི་ཟའོ་སྟེ། ལུང་ཕྲན་ཚེགས་ལས། སེང་གེ་ནི་ཤ་བཟང་པོ་དག་ཟོས་ནས་བོར་ཏེ་འགྲོའི། སྟག་གི་ནི་གོང་མ་སྦེད་པར་བྱེད་པ་དེ་ལྟ་བས་ན་དགེ་སློང་གིས་སྟག་གི་གོད་མ་བཟའ་བར་མི་བྱ་སྟེ། ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་ཤིང་། དེ་ནི་བལྟོས་པ་དང་བཅས་པའི་ཕྱིར་བཀག་པས་དེའི་ཕྱིར་བལྟོས་པ་དང་བཅས་པ་གཞན་གྱིས་སྦས་པར་ཤེས་ན་ཡང་བཟའ་བར་མི་བྱའོ་ཞེས་ཊཱི་ཀ་ལས་བཤད་ཅིང་། སེང་གེ་མ་གཏོགས་པའི་སྟག་ལ་སོགས་པ་གཅན་གཟན་གྱིས་ཟོས་པའི་ལྷག་མ་སང་ཟ་བར་རེ་བའི་སེམས་ཡོད་པ་བདག་གིས་བླངས་ན་ཉེས་བྱས་ཞེས་འགྲེལ་ཆུང་ལས་བཤད་དོ། །འོད་ལྡན་དུ་ལུང་དྲངས་པ་ལས་ནི། དགེ་སློང་གིས་སྟག་གི་གོད་མ་སྤྱོད་ན་སྦོམ་པོར་འགྱུར་རོ་ཞེས་བཤད་ཅིང་། འོད་ལྡན་ལས། སྦོམ་པོ་འདི་ནི་མི་ཤ་ཟ་བ་དེ་སྦོམ་པོ་ཡིན་པ་དང་འདྲ་བ་རྐུ་བའི་སྦོམ་པོ་ཁོ་ན་ཡིན་པར་རིགས་པར་བྱའོ། །ཞེས་སོ། །འདི་ནི་སྦོམ་པོ་བཏགས་པ་བ་ཡིན་ནོ་ཞེས་རིགས་སོ། །གླང་པོ་ཆེ་དང་རྟ་དང་ཀླུ་རྣམས་ཀྱི་


K8Z004_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་མི་ཟའོ། །རྨིག་པ་གཅིག་པ་རྟ་བོང་དྲེ་བུ་ལ་སོགས་པ་དང་། ཝ་དང་། སྤྲེའུ་དང་། ཤིང་རྟ་མོ་དང་། བྱ་རོག་དང་། བྱ་རྒོད་དང་། ཆུ་སྐྱར་དང་། ཁྱི་དང་། བྱེ་ཁྲ་དང་། འུག་པ་དང་། དེ་དག་ལས་གཞན་པའི་བྱ་མི་རོ་ཟ་བ་དག་དང་། བྱ་དཀར་་དང་། ཕ་ཝང་དང་། སྐྱིན་ཀོར་ཏེ་ཆུ་ལ་གནས་པའི་སྐྱིན་ཀོར་དང་། སྐམ་ན་གནས་པའི་སྐྱིན་ཀོར་རོ། །ཞེས་ཊཱི་ཀ་ལས་ཏེ་སྲམ་དང་བྱིའུ་སྐྱིན་ཀོར་གོ་རིམ་བཞིན་ནོ། །ས་ལ་སྐྱེས་པའི་སྲིན་བུ་རིང་པོ་དྲེའུ་སྲིན་དང་། སྲིན་བུ་རྣམས་ཀྱི་ཤ་ཡང་མི་ཟའོ། །རྣམས་ཀྱི་མང་ཚིག་ནི་ཤིང་སྲིན་དང་། སྦྲུལ་དང་། སྡིག་པ་དང་། སྲེ་མོང་དང་། བྱི་བ་ལ་སོགས་པ་གཞན་དག་ཀྱང་བསྡུས་སོ། །སྲིན་བུ་རྣམས་ཀྱི་ཚིལ་བཟའ་བར་མི་བྱའོ། །ནད་དང་དབྲལ་བའི་ཕྱིར་ཚིལ་ལུས་ལ་བསྐུར་བར་བྱའོ། །ཤའི་བྱིན་ལེན་སྟོབ་པ་པོ་དེ་ལ་དགེ་སློང་གིས་བཟར་མི་རུང་བ་མི་ཤ་ལ་སོགས་པ་སྤྱད་པ་ལས་བྱུང་བ་ཉིད་མ་ཡིིན་ནམ་ཞེས་དྲི་བར་བྱའོ། །ཟ་པོ་དུ་མ་ཉིད་ན་དང་པོས་དྲིའོ། །དང་པོའི་དྲི་བ་ཉམས་ན་འོག་མས་སོ། །གླང་པོ་ཆེ་དང་མིའི་འོ་མ་དག་རབ་ཏུ་བྱུང་བས་བཏུང་བར་མི་བྱའོ། །ཤ་དང་འོ་མ་ལ་སོགས་རུང་བ་མིན་པ་དག་གིས་པགས་པ་དང་། རྨ་རྐུ་བ་དང་། སྣར་བླུགས་པ་དང་། མིག་སྐུད་ཅིང་བཟའ་བཏུང་མ་བྱེད་པ་ལ་ནི་སྐྱོན་ཆགས་པ་མེད་དོ། །གསུམ་པ་ནད་པས་ནི། ཞུན་མར་དང་། འབྲུ་མར་ཆང་དང་འདྲེས་པ་ཆང་གི་དྲི་རོ་མི་མངོན་པར་བཏུང་བར་བྱ་བ་ཉིད་དོ། །ཆང་དག་ཆང་མ་ཡིན་པ་ཉིད་ན་འཐུངས་ཀྱང་ཉེས་པ་མེད་པ་ཉིད་དོ། །ཆང་མ་ཡིན་པ་ཉིད་དེ་ནི་ཕྱེད་ཙམ་དུ་བསྐོལ་བ་ལས་འགྲུབ་བོ། །ཆང་ཟངས་གང་ཙམ་བསྐོལ་ནས་ཕྱེད་ཙམ་དུ་བྲོ་བ་དྲི་དང་རོ་དང་ཁ་དོག་ཀྱང་ཆང་དང་མི་འདྲ་ན་འཐུང་དུ་རུང་ངོ་། །ཆང་དེ་ནི་ནས་དེ་བརྔོས་པས་བཏབ་


K8Z004_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། ཆང་དེའི་ནང་དུ་ཡོས་བླུགས་ཏེ་སྣོད་དང་བཅས་སའི་ནང་དུ་བཅུག་ན་ཚྭ་ཉིད་དུ་འགྱུར་རོ། །ཆང་ནི་ཡོས་བླུགས་ལ་དོང་དུ་གཞུག་པར་བྱ་སྟེ་ཚར་གྱུར་ན་ལོངས་སྤྱད་པར་བྱའོ་ཞེས་ལུང་ལས་གསུངས་སོ། །ཚར་གྱུར་ཏེ་ཁ་དོག་ཀྱང་ཆང་མི་འདྲ། རོ་ཡང་ཆང་མི་བྲོ་ན་ཉེས་པ་མེད་ཅེས་འགྲེལ་ཆུང་ལས་སོ། །རྒུན་གྱི་ཁུ་བ་ནི་བཙིར་མ་ཐག་ཏུ་བསྐོལ་ན་ཡུན་རིང་དུ་བཞག་ཀྱང་ཆང་ཉིད་དུ་མི་འགྱུར་རོ། །རང་འགྲེལ་དང་ཊཱི་ཀ་ལས། ཏིལ་དག་ནི་ཏིལ་མར་ཐ་དད་པ་མ་ཡིན་པ་ཉིད་ལ་ནི་ཏིལ་མར་གྱི་ངོ་བོར་ཡོད་པ་ཉིད་མ་ཡིན་ནོ་སྟེ། དེས་ན་ཏིལ་ལ་བྱིན་ལེན་བྱས་པས་ཏིལ་མར་ལ་བྱིན་ལེན་བྱས་པར་མི་འགྱུར་རོ། །དེ་བས་ན་དགེ་སློང་གིས་ཏིལ་བྱིན་ལེན་བྱས་ཏེ་བཙིར་ན་དེའི—ཏིལ་མར་གཟོད་བྱིན་ལེན་བྱེད་དགོས་པ་ཡིན་ནོ། །བུ་རམ་ཤིང་བྱིན་ལེན་བྱས་ཏེ་བཙིར་ན་དེའི་ཁུ་བ་གཟོད་བྱིན་ལེན་བྱ་དགོས་སོ་ཞེས་ཊཱི་ཀ་ལས་གསུངས་པས། བྱིན་ལེན་བྱས་པའི་འོ་མ་ལས་མར་དུ་གྱུར་པ་ཡང་དེ་བཞིན་ནོ། །ལུང་དང་རང་འགྲེལ་དང་ཊཱི་ཀ་ལས། ཚིལ་རུང་བ་མ་ཡིན་པ་དང་ལྷན་ཅིག་བསྐོལ་བའི་ལན་ཚྭ་ལ་སོགས་པར་རྫས་རུང་བ་མ་ཡིན་པའི་བག་ཆགས་སུ་གྱུར་པ་ཉིད་ནི་རུང་བ་མ་ཡིན་པའི་བདག་ཉིད་དུ་ཡོད་པ་ཉིད་ཡིན་པས་བཟའ་བ་དང་བཏུང་བར་མི་བྱ་བ་ཉིད་དོ། །འགྲེལ་ཆུང་ལས། སྣོད་དམ་ཆུ་ཁ་ཟས་ཀྱིས་འཕགས་པ་ཞིག་ལས་ཟས་བཙོས་ཏེ་ཟོས་པ་ན་ཉེས་བྱས་སུ་འགྱུར། ཞེས་བཤད་དོ། །ནད་པས་ནི་ཞུན་མར་དང་འབྲུ་མར་ཆང་དང་འདྲེས་པ་བཏུང་བར་བྱ་བ་ཉིད་དོ་ཞེས་པ་དང་འགལ་བར་མི་བསམས་ཏེ། དེ་ནི་ཆང་གི་དྲི་རོ་མི་མངོན་ཞིང་ནད་པ་ལ་དམིགས་ཀྱིས་བསལ་བ་ཡིན་པའི་ཕྱིར་རོ། །ཆང་གི་སྲེད་པ་དང་བྲལ་བར་བྱ་བའི་ཕྱིར། རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་


K8Z004_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྨན་སྐམ་པོའི་ཕྱེ་མ་རས་དཀར་པོའི་ནང་དུ་ཐུམ་པོར་བྱས་ནས་ཆང་གི་རླངས་པས་བདུགས་ཏེ་ཆང་གི་དྲིས་བསྒོས་པ་ཆུ་དང་སྦྱར་བ་བཏུང་ངོ་། །ཆང་གི་དྲི་བསྒོ་བའི་ཐབས་ནི་སྨན་གྱི་ཕྱེ་མ་ཐུམ་པོ་དེ་ཆང་དང་བཅས་པའི་སྣོད་དུ་དཔྱངས་ཏེ་བཞག་པས་བསྒོ་བར་བྱའོ། །སྨན་གྱི་ཕྱེ་མའི་ཐུམ་པོ་དེ་ཆང་དང་རེག་པ་བསྲུང་ངོ་། །རེག་པ་བསྲུང་དགོས་པ་དེའི་ཕྱིར་ཆང་གི་སྣོད་ཆང་གིས་མ་གང་བ་དང་། ཆང་གི་ཤུགས་དང་བྲལ་བ་ཉིད་ཀྱི་ནང་དུ་དཔྱངས་ཏེ་བཞག་པར་བྱའོ། །ཕྱེ་མ་དེ་ཆང་དང་རེག་པ་བསྲུང་དགོས་པ་དེ་བཞིན་དུ་རྫས་གང་དང་རེག་ན་བཏུང་བ་དེའི་དྲི་རོ་མེད་པར་བྱེད་པའི་རྫས་མུ་ཟིའམ། ཤིང་ཀུན་ལ་སོགས་པ་དང་རེག་པ་བསྲུངས་པ་དང་དུས་མ་ཡིན་པ་ཕྱི་དྲོ་ལ་སོགས་པ་བཏུང་བ་ལ་ནི་དུས་སུ་རུང་བའི་ཟས་དང་ཡང་རེག་པ་བསྲུང་ངོ་། །ཆང་གི་དྲི་རོ་མེད་པར་བྱེད་པའི་རྫས་དང་རེག་པ་བསྲུང་ཞེས་པའི་འགྲེལ་ཆུང་ལས། མེ་ཏོག་དང་འབྲས་བུའི་སྨན་བསྐམ་པོའི་ཕྱེ་མ་བྱ་བ་ལ་ནི་རོ་ཁ་བ་དང་མངར་བ་ལ་མི་བྱའི། ཉུག་པ་དང་སྐྱུར་བ་ལ་བྱའི། དུས་མ་ཡིན་པར་བཏུང་བ་ན་ཚེས་གཅིག་པ་དང་ཞག་བདུན་པ་ལ་བྱའི། ཁ་ཟས་ཀྱིས་འབགས་ན་བཏུང་བའི་ཕྱིར་མ་འབགས་པས་བྱ། ཞེས་སོ། །བཏུང་བ་དེ་ཟས་དང་རེག་པ་བསྲུང་བ་དེ་ནི་མཛེས་པ་ཡང་ཡིན་ཏེ་དེ་ནི་བཟང་ངོ་། །མཛེས་པ་བཟང་བ་དེའི་ཕྱིར་བཏུང་བ་དེ་རས་མ་དཀར་པོས་བཙག་པར་བྱའོ། །ནད་པས་ཀྱང་མི་བཏུང་ན་མི་ན་བས་ལྟ་ཅི་སྨོས་སོ། །ཆང་ནི་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ་། །རྩྭ་མཆོག་ནི་རྩའི་རྩེ་མོ་ཡིན་པར་ལུང་རྣམ་འབྱེད་དང་མཛོད་འགྲེལ་ལས་བཤད་དོ། །དགེ་སློང་མན་ཆད་ནས་དགེ་བསྙེན་ཡན་ཆད་ཆོས་འདི་པ་ཐམས་ཅད་ཀྱིས་གཞན་ལ་ཆང་མི་བླུད་དོ། །དགེ་བསྙེན་གྱིས་


K8Z004_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་བླུད་པའི་ལུང་ནི་གཅིག་ལས་འཕྲོས་པ་ལས། དགེ་བསྙེན་གྱིས་མི་བྱ་བའི་ལས་དྲུག་སྟེ། སེམས་ཅན་བཙོང་བ་དང་། མཚོན་ཆ་དང་། ཆང་དང་། དུག་འཚོང་བ་དང་། རྒྱ་སྐྱེགས་ཀྱི་ལས་དང་། ཏིལ་བཙོང་བའི་ལས་སོ་ཞེས་སོ། །ནད་པ་ལ་ཕྱི་དྲོའི་ཁ་ཟས་སོགས་གནང་ན་ཡང་ཆང་འཐུང་བ་གནང་ངམ་ཞེ་ན། མ་གནང་སྟེ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་སྲོག་གཅོད་པ་ལྟ་བུ་ལས་གཞན་པ་གནང་བའི་རྐྱེན་ཅན་གྱི་བཅས་པ་ཐམས་ཅད་ལ་ནད་པ་གསོ་བའི་དོན་ཉིད་དུ་ནི་བཀག་པ་ལ་མ་གཏོགས་སོ་ཞེས་བྱ་བ་སྟེ། །ནད་པ་ལ་གནང་ངོ་ཞེས་གསུངས་པ་དེའི་ལྷག་མ་ནི་ཆང་འཐུང་བ་བཀག་པ་འདི་ཡིན་ཏེ། འདི་ནི་ནད་པ་གསོ་བའི་དོན་དུ་ཡང་བཀག་པའོ། །ཆང་དང་མར་བསྲེས་པ་དང་ཆང་བསྐོལ་བ་ནི་གཞན་གྱིས་མི་འཚོ་ན་དབེན་པར་འཐུངས་ཀྱང་ཉེས་པ་མེད་དོ་ཞེས་འགྲེལ་ཆུང་ལས་བཤད་པ་ནི་ཞུན་མར་ཆང་དང་འདྲེས་པ་ཆང་གི་དྲི་རོ་མི་མངོན་པ་དང་། ཆང་བསྐོལ་ཏེ་མྱོས་འགྱུར་ལས་ཉམས་ནའོ། །བཞི་པ་ནི། སྒོག་སྐྱ་དང་། ཀུན་དོང་བཙོང་དང་། ཀིའུ་རྒྱ་སྒོག་བཟའ་བར་མི་བྱའོ། །ཐམས་ཅད་དུའམ་ཞེ་ན། ནད་པས་ནི་དབེན་པའི་ཕྱོགས་སུ་སྒོག་སྐྱ་བཟའ་བར་བྱའོ། །སྒོག་སྐྱ་ལ་སོགས་པ་ཟོས་ན་སྒོག་སྐྱ་ནི་ཞག་བདུན། ཀུན་དོང་ནི་ཞག་གསུམ། ཀིའུ་ནི་ཞག་གཅིག་མ་ལོན་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ། །དགེ་འདུན་གྱི་གནས་མལ་ལ་ལོངས་སྤྱད་པར་མི་བྱའོ། །དགེ་འདུན་གྱི་བཤང་བའི་སར་འཇུག་པར་མི་བྱའོ། །གཅི་བའི་སར་ཡང་མི་བྱའོ། །དགེ་འདུན་གྱི་ནང་དུ་འགྲོ་བར་མི་བྱའོ། །མཆོད་རྟེན་གྱི་ཉེ་འཁོར་དུ་འགྲོ་བར་མི་བྱའོ། །ཉེ་འཁོར་དེའི་ཐག་ནི་འདོམ་གང་ངོ་། །ཁྱིམ་པ་དག་ལ་ཆོས་བསྟན་པར་མི་བྱའོ། །ཁྱིམ་པའི་


K8Z004_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །སྐྱེ་བོས་གང་བའི་ཕྱོགས་སུ་འགྲོ་བར་མི་བྱའོ། །ཟོས་ཟིན་ནས་མཇུག་ཏུ་ཁྲུས་བྱའོ། །སྒོག་པ་བསྟེན་པའི་གོས་དག་གི་དྲི་ནི་བཀྲུ་བ་དང་དུ་བ་དག་གིས་བསལ་ལོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། མཚམས་བཙོས་དང་ཞག་ལོན་གྱི་ཉེས་པ་ཁེགས་པ་དང་། བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་བདུན་ལས། དང་པོ་གཞི་གང་ལ་རུང་ཁང་བཅད་པ་ནི། གནས་ཆོས་དྲུག་ལྡན་ལས། རང་བཞིན་གྱི་མཚམས་དང་དེའི་ཉེ་འཁོར་ཡིན་པ་སྟེ། མཚམས་བཅོས་ཀྱི་སྐབས་སུ་མཚམས་བཙོས་ཀྱི་ནང་དུ་ཞེས་པའི། ཊཱི་ཀ་ལས། གནས་ཀྱི་གཞི་བརྗོད་དེ་གསོལ་བ་ལ་སོགས་པའི་ལས་ཀྱིས་བཅད་པའི་ས་མཚམས་བཟུང་བར་བྱ་བ་ནི་མ་ཡིན་ནོ། །ཞེས་པ་དང་། ཆོ་ག་ལས་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་འདི་ཞེས་གསུངས་པས་སོ། །རང་ངམ་རང་དང་ཆོ་ག་གཅིག་པ་དབང་བ་ཡིན་པ་སྟེ། མུ་སྟེགས་ཅན་གྱི་འདུག་གནས་དང་། རྒྱལ་པོའི་ཕོ་བྲང་དང་ཞེས་དེ་དག་ཏུ་རུང་ཁང་མི་བཅད་པར་གསུངས་ལ། གནས་དེ་དག་ཏུ་མཚམས་བཙོས་ཞག་ལོན་གྱི་ཉེས་པར་མི་འགྱུར་བས་དེ་དག་ཏུ་རུང་ཁང་བཅད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །ཐུན་མོང་དུ་མཁོ་བའི་གནས་གཞན་མ་ཡིན་པ་སྟེ། སྒོ་ཁང་དང་ཁྱམས་དང་བསྲོ་ཁང་དང་དཔོངས་སའི་ར་བ་དག་ཏུ་མི་བྱའོ་ཞེས་གསུངས་པས་སོ། །དཀོན་མཆོག་རྣམ་གཉིས་ཀྱི་ཕོ་བྲང་མ་ཡིན་པ་སྟེ། མཆོད་རྟེན་གྱི་གཞི་དང་ཞེས་རུང་ཁང་དུ་མི་བཅད་པར་གསུངས་ལ། དེར་རུང་ཁང་བྱས་ཏེ་གཡོས་དང་བཙོས་པ་ལ་སོགས་པ་བྱས་ན་དཀོན་མཆོག་ལ་མ་གུས་པར་འགྱུར་བའི་ཕྱིར་རོ། །སྔར་རུང་ཁང་བཅད་པ་དང་མ་འབྲེལ་བ་སྟེ། གཞན་དུ་ན་རུང་ཁང་གི་ཆོ་ག་


K8Z004_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་པའི་ཕྱིར་རོ། །འཚེད་པ་ལ་བླ་གབ་དང་བཅས་པ་སྟེ། དེར་གཡོག་དང་བཙོ་བ་ཡང་མི་བྱའོ་ཞེས་གསུངས་པས་ཤིང་དྲུང་དང་བླ་གབ་མེད་པར་གཡོས་བྱེད་པ་དང་། ཟས་ཞག་ལོན་པར་བཞག་ན་ལོངས་སྤྱོད་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་རུང་ཁང་བཅད་པ་ནི། སྤྱིར་བཏང་ལ་རུང་ཁང་བཞི་པོ་ཐམས་ཅད་ལ་ལས་འཆགས་པ་དགོས་པའི་དགེ་འདུན་གྱིས་ཏེ་ཐམས་ཅད་ལ་དགེ་འདུན་གྱི་ལས་ཀྱིས་སོ་ཞེས་གསུངས་སོ། །བྱེ་བྲག་ཏུ་དང་པོ་རྡོ་བཏེགས་པའི་མཐའ་ལས་བྱུང་བའི་རུང་ཁང་བཅད་པ་ནི་དགེ་སློང་ལག་གི་བླ་གཅིག་འབའ་ཞིག་གིས་ཀྱང་ངོ་། །གཉིས་པ་སེམས་བསྡུ་བའི་མཐའ་ལས་བྱུང་བའི་རུང་ཁང་བཅད་པ་ན། ལག་གི་བླ་དགེ་སློང་རབ་ཏུ་མང་པོས་སོ། །གསུམ་པ་ལས་ཀྱི་མཐའ་ལས་བྱུང་བའི་རུང་ཁང་བཅད་པ་ནི་དགེ་འདུན་གྱིས་སོ། །བཞི་འཕྲལ་ལ་བྱུང་བའི་རུང་ཁང་བཅད་པ་ནི། དགེ་སློང་ཇི་སྙེད་ཕྱིན་པ་དེ་སྙེད་ཀྱིས་ཏེ་གཞུང་དུ་ཤེས་པར་འགྱུར་རོ། །གསུམ་པ་དུས་གང་གི་ཚེ་རུང་ཁང་བཅད་པ་ནི་དུས་བཞི་སྟེ། དང་པོ་སོ་ཕག་འགྲེམ་པ་ལ། ཕྱིས་ལས་གསར་པ་དང་བཅས་པ་དང་། དགེ་སློང་གནས་པ་ཉིད་དང་མ་བྲལ་བ་དང་། དེར་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པའོ། །འདི་ལ་དུས་བཞི་ཡོད་ཅེས་པ་ལ་སོགས་པས་བསྟན་ཏོ། །བཞི་པ་ཆོ་ག་གང་གིས་རུང་ཁང་བཅད་པ་ནི། སྤྱིར་བཏང་ལ་རུང་ཁང་བཞི་པོ་ཐམས་ཅད་ལ་གསོལ་གཉིས་ཀྱི་ལས་ཀྱིས་སོ། །བྱེ་བྲག་ཏུ་དང་པོ་དང་བཞི་པ་ལ་ནི་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ་ཞེས་བརྗོད་པ་སྟེ་ལན་གསུམ་བརྗོད་དགོས་པར་མེ་ཏོག་ཕྲེང་རྒྱུད་ལས་བཤད་དོ། །གཉིས་པ་ལ་ནི་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་སེམས་སྡུས་ཤིག་ཅེས་ལན་གསུམ་བརྗོད་པའོ། །གསུམ་པ་ལ་ནི་


K8Z004_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཁོ་ནས་སོ་ཞེས་སོ། །དམིགས་བསལ་ནི་ཤེས་པ་ཆུང་ངུའི་རུང་ཁང་དང་འཇུག་པ་མི་ཞན་པའི་རུང་ཁང་གཉིས་འདུལ་བ་བསྡུས་པ་ལས་བཤད་དེ། ལུང་ན་དངོས་སུ་མེད་ཀྱང་མདོར་བསྡུས་སྦྱར་བའོ། །ལྔ་པ་རུང་ཁང་གི་བྱེད་ལས་ནི། གཅིག་གིས་གཙུག་ལག་ཁང་དུ་མིའི་བྱ་བ་བྱེད་ཅེས་གསུངས་ཏེ་གཞུང་དུ་འཆད་པར་འགྱུར་རོ། །དྲུག་པ་རུང་ཁང་གི་སྒྲ་བཤད་ནི། མཚམས་ཀྱི་ནང་དུ་ཡིན་ཀྱང་དེར་ཟས་བཙོ་བ་དང་ཞག་ལོན་བཞག་ཏུ་རུང་བས་ན་རུང་ཁང་ཞེས་བྱའོ། །བདུན་པ་རུང་ཁང་བཅས་པ་འཇིག་པའི་རྒྱུ་ནི། །སྔར་བཤད་པའི་མཚམས་པོ་ཆེ་འཇིག་པའི་རྒྱུ་རྣམས་ནི་འདིའི་ཡང་འཇིག་རྒྱུ་ཐུན་མོང་བ་སྟེ། ལས་ཀྱི་བཀྲོལ་བ་ནི་འདིར་རང་མཐུན་སྦྱར་བའོ། །མཚན་མ་བརྟན་པོ་ཞིག་པས་ནི་མཚམས་པོ་ཆེ་འཇིག་ཀྱང་རུང་ཁང་མི་འཇིག་གོ། །གཉིས་པ་ལ། རུང་ཁང་བཅད་པའི་ཕན་ཡོན་དང་། །རུང་ཁང་གཅོད་པའི་ཚུལ་ལུགས་དང་། །རུང་ཁང་དེ་ཡི་བྱེད་ཚུལ་ལོ། །དང་པོ་ནི། གཙུག་ལག་ཁང་གི་ནང་དུ་ཡང་རུང་བའི་ཁང་པ་ཉིད་དུ་བྱིན་གྱིས་བརླབ་པར་བྱས་ན་ཁང་པ་དེའི་ནང་དུ་ཟས་བཙོས་པ་དང་། དེའི་ནང་དུ་ཟས་ཞག་ལོན་པར་བཞག་སྟེ་གནས་པ་དག་ནི་མཚམས་བཙོས་དང་ཞག་ལོན་གྱི་ཉེས་པ་མི་འབྱུང་སྟེ། ཊཱི་ཀ་ལས། དཔེར་ན་དགེ་སློང་གི་གནས་ཉེ་འཁོར་དང་བཅས་པ་ནས་ཕྱི་རོལ་ཏུ་གྱུར་པའི་འབྲོག་དགོན་པ་ལ་སོགས་པ་དེར་ཟས་འཚེད་པ་དང་། ཟས་བཞག་པ་དག་ལ་ནང་དུ་བཙོས་པ་དང་། ནང་དུ་ཞག་ལོན་པའི་ཉེས་པ་མི་འབྱུང་བ་དང་འདྲའོ། །གཉིས་པ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང་། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། དེས་ན་རུང་བའི་ཁང་པ་དེ་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་ལ། རུང་ཁང་མི་བཅད་ཞར་བྱུང་དང་། །རུང་ཁང་གཅོད་དུས་བྱེ་བྲག་བསྟན། །རུང་ཁང་གཅོད་པའི་


K8Z004_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་གའོ། །དང་པོ་ནི། དེའང་བཅུ་པོ་འདི་རྣམས་སུ་རུང་ཁང་བྱིན་གྱིས་བརླབ་པར་མི་བྱ་སྟེ། ཤིང་དྲུང་དང་། གླང་པོ་ཆེའི་ར་བ་དང་། མུ་སྟེགས་ཅན་གྱི་འདུག་གནས་དང་། རྒྱལ་པོའི་ཕོ་བྲང་ས་དང་། དགེ་སློང་མའི་དབྱར་ཁང་དང་། གཙུག་ལག་ཁང་གི་བང་རིམ་དང་། སྒོ་ཁང་དང་། ཁྱམས་དང་། བསྲོ་ཁང་དང་། ལས་བརྒྱ་རྩ་གཅིག་བྱེད་པའི་དཔོང་སའི་ར་བ་དག་ཏུ་མི་བྱའོ། །ལུང་ཁ་ཅིག་ལས། བླ་གབ་མེད་པ་དང་། མེ་ཁང་དང་། མཆོད་རྟེན་གྱི་གཞི་དང་། ཁྱིམ་བདག་གི་གཞིར་ཡང་ཞེས་བྱའོ། །དེར་གཡོས་དང་བཙོ་བ་ཡང་མི་བྱའོ། །ཚོས་པའི་བྱི་དོར་ཡང་མི་བྱའོ། །གཉིས་པ་ནི། རུང་ཁང་བྱིན་གྱིས་བརླབ་པ་འདི་ལ་དུས་བཞི་ཡོད་དེ། རུང་ཁང་དེ་ཉིད་ཐོག་མར་རྩིག་པའི་ཚེ་དང་པོ་སོ་ཕག་འགྲེམས་པའོ། །དང་པོ་སོ་ཕག་བཀྲམ་པའི་ཕྱིས་ལས་གསར་བ་དང་བཅས་པ་སྟེ། དང་པོ་སོ་ཕག་བཀྲམ་ཟིན་པའི་འོག་ཏུ་གནས་དེ་བརྩིག་པའི་ལས་གསར་པ་རྩོམ་པ་ནས་མགོ་བཟུང་སྟེ། དེའི་མཁར་ལམ་གྱི་ལས་མ་རྫོགས་ཤིང་། ད་དུང་ལས་གསར་པའི་མཇུག་ཡོད་བ་ཉིད་ཀྱི་བར་གྱི་དུས་གང་ཡང་རུང་བ་ཉིད་དོ། །རྩིག་འཕྲོའི་ལས་གསར་པ་དང་བཅས་པ་ལས་གཞན་གྱི་ཚེ་དགེ་སློང་གནས་པ་ཉིད་དང་མ་བྲལ་བ་སྟེ། གནས་དེར་དང་པོ་དགེ་སློང་ཞུགས་ནས་ཕྱིས་དེ་ན་དགེ་སློང་འགའ་ཡང་མེད་པར་མ་གྱུར་གྱི་བར་གྱི་དུས་གང་ཡང་རུང་བའོ། །དགེ་སློང་སྔར་གནས་པ་དེ་དག་མེད་པ་ན་གནས་པའི་ཕྱིར་དགེ་སློང་དག་གནས་དེར་ཕྱིན་མ་ཐག་པའི་ཚེ་ཁོ་ནའོ། །དགེ་སློང་ཕྱིན་པའོ་ཞེས་སྨོས་ན། དེའི་དུས་ཀྱི་ཚིགས་ཅིས་བཟུང་ཞེ་ན། གནས་དེར་ཕྱིན་ནས་བྱ་བ་གཞན་ཆུ་བཙག་པ་དང་། གནས་ཁང་བསྐོ་བ་ལ་སོགས་པ་བརྩམས་པ་དང་། ངལ་གསོ་བ་ནི་སྟན་ལ་སོགས་པ་ལ་འདུག་པ་སྟེ། བྱ་བ་དེ་གཉིས་དངོས་ནི་ད་དུང་མ་བྱས་པ་


K8Z004_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་ཆད་ནི་དགེ་སློང་དག་ཕྱིན་པ་ཉིད་ཀྱི་དུས་ཉིད་དོ། །གསུམ་པ་ནི་། དུས་བཞི་པོ་དེ་དག་ཐམས་ཅད་ལ་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་རུང་ཁང་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་བརླབ་པའི་དུས་དང་པོ་གཉིས་ལ་ནི་གང་ཟག་གིས་ཀྱང་བྱིན་གྱིས་བརླབ་ཏུ་རུང་ངོ་། །གང་ཟག་ཇི་ལྟ་བུ་ཞེ་ན། དེའི་མཁར་ལས་ཀྱི་ལག་གི་བླས་སོ། །དང་པོ་གཉིས་ཀྱི་ཡང་དང་པོ་ཤོས་ལ་སྟེ། དང་པོ་སོ་ཕག་འགྲེམས་པའི་དུས་ནི། དགེ་སློང་ལག་གི་བླ་གཅིག་འབའ་ཞིག་གིས་ཀྱང་བྱིན་གྱིས་བརླབ་ཏུ་རུང་ངོ་། །ཇི་ལྟར་བྱིན་གྱིས་བརླབ་ཅེ་ན། དགེ་སློང་ལག་གི་བླས་རྡོ་བཏེགས་པ་ནི་དེའི་དང་པོར་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ་སྙམ་དུ་སེམས་བསྐྱེད་པ་སྔོན་དུ་བཏང་ནས་ཚིག་ཏུ་ལན་གསུམ་བརྗོད་པས་སོ། །རྡོ་བཏེགས་པའི་མཐའ་ལས་བྱུང་བའི་རུང་ཁང་ཞེས་བྱའོ། །གཉིས་པ་ཕྱིས་ལས་གསར་པ་དང་བཅས་པ་ལ་ནི། དགེ་སློང་ལག་གི་བླ་གསུམ་ཡན་ཆད་རབ་ཏུ་མང་པོ་དག་གིས་ཚེ་དང་ལྡན་པ་དག་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བས་སེམས་སྡུས་ཤིག་ཅེས་བརྗོད་དེ། རུང་བའི་ཁང་པར་སེམས་བསྡུ་བས་བྱིན་གྱིས་བརླབས་པའོ། །ལུང་ལས་ནི། ཚེ་དང་ལྡན་པ་དག་གཞི་འདི་དགེ་འདུན་གྱི་རུང་བའི་གནས་སུ་འགྱུར་བ་ངེས་པར་ཟུང་ཞིག །ཅེས་བརྗོད་པར་གསུངས་པས་སོ། །སེམས་བསྡུས་པའི་མཐའ་ལས་བྱུང་བའི་རུང་ཁང་ཞེས་བྱའོ། །གསུམ་པ་ལ་ནི་གསོལ་གཉིས་ཀྱི་ལས་ཁོ་ནས་སོ། །ལས་ཀྱི་མཐའ་ལས་བྱུང་བའི་རུང་ཁང་ཞེས་བྱའོ། །བཞི་པ་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པ་ལ་ནི་དགེ་སློང་གསུམ་ལ་སོགས་པ་ཇི་སྙེད་ཕྱིན་པ་དེ་སྙེད་ཀྱིས་གཞི་འདི་ནི་དགེ་འདུན་གྱིས་རུང་བའི་ཁང་པར་འགྱུར་བའོ། །ཞེས་རུང་བའི་ཁང་པ་ཉིད་དུ་


K8Z004_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲགས་པའི་ཚིག་གཅིག་ཅར་ལན་གསུམ་བརྗོད་པས་སོ། །འཕྲལ་ལས་བྱུང་བའི་རུང་ཁང་ཞེས་བྱའོ། །གསུམ་པ་ནི། རུང་བའི་ཁང་པ་གཅིག་གི་རྩིག་མཚམས་གཅིག་གི་ནང་དུ་གཙུག་ལག་ཁང་ཐ་དད་རབ་ཏུ་མང་པོ་གཎྜི་ཐ་དད་པ་དུ་མའི་བྱ་བ་བྱེད་དགོས་པའི་ནང་དུ་བཙོས་པ་དང་ཞག་ལོན་པ་འཇོག་པའི་གནས་བྱེད་པ་ལ་མི་མཛེས་པ་མེད་དོ། །བ་ལང་གི་གནས་ལྟ་བུའི་རུང་ཁང་ཞེས་བྱའོ། །ཞེས་རང་འགྲེལས་ལས་བ་ལང་གི་གནས་ལྟ་བུ་ཞེས་གསུངས་པ་ནི་ཁང་པ་གཅིག་ཁོ་ན་ཡིན་ནོ་ཞེས་སོ། །འགྲེལ་ཆུང་ལས། མཚམས་པོ་ཆེ་གཅིག་གི་ནང་དུ་གཙུག་ལག་ཁང་མང་ཞིག་གི་དགེ་འདུན་ཀུན་གནས་གཅིག་ཏུ་འདུས་ཏེ་གཙུག་ལག་ཁང་གཅིག་གི་ཚང་མང་དང་། སྲིས་མཛོད་རུང་ཁང་བཅད་ན་གཙུག་ལག་ཁང་གཞན་ཐམས་ཅད་ཀྱི་ཚང་མང་དང་། སྲིས་མཛོད་དང་རུང་ཁང་དུ་འགྱུར། ཞེས་བཤད་དེ་མི་འཐད་པར་སེམས་སོ། །འོ་ན་གང་ཞེ་ན། ལྕགས་རིས་བསྐོར་བ་གཅིག་གི་ནང་ན་གཙུག་ལག་ཁང་ཐ་དད་པ་དུ་མའི་གཎྜི་ཐ་དད་པ་བཞི་ཡོད་ཅིང་། བཀད་ས་ཐ་དད་པ་བཞི་ཡོད་པ་དེ་དག་གི་དབུས་ན་ཐུན་མོང་གི་རུང་ཁང་གཅིག་ལ་སྒོ་བཞི་ཡོད་པ་བྱས་ཏེ། རུང་ཁང་དེར་ཐབ་ཀ་ཐ་དད་པ་བཞི་བྱས་ནས་དེར་གཡོས་བྱས་ཏེ་བཀད་ས་བཞི་པོ་སོ་སོར་ཟས་འགྱེད་པར་བྱེད་པ་ལྟ་བུའོ། །འདི་ནི་ཊཱི་ཀ་ལས་ལུང་དྲངས་པ་ལས་བ་ལང་གི་གནས་ལྟ་བུའི་རུང་ཁང་། ཞེས་གསུངས་སོ། །ལུང་གཞི་ལས། བ་ཉལ་བ་ལྟ་བུ་གང་ཞེ་ན། གང་ལ་སྒོ་ཐ་དད་པར་གསེས་པ་སྟེ། ཞེས་གསུངས་ཤིང་། མེ་ཏོག་ཕྲེང་རྒྱུད་ལས། ཀུན་ནས་བ་ལང་ལྷས་བཞིན་ནོ། །ཞེས་གསུངས་ཏེ། དཔེར་ན་བདག་པོ་ཐ་དད་པ་དུ་མའི་བ་ལང་རྣམས་ཐུན་མོང་ལྷས་གཅིག་པ་ནང་དུ་ཉལ་བ་ལྟར་གཙུག་ལག་ཁང་ཐ་དད་པ་དུ་མ་རྣམས་ཐུན་མོང་གི་རུང་


K8Z004_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གཅིག་ཏུ་གཡོས་མལ་བྱེད་པ་ལ་བ་ལང་གི་གནས་ལྟ་བུའི་རུང་ཁང་ཞེས་བྱའོ། །ཐུན་མོང་གི་རུང་ཁང་གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་བ་བྱེད་པ་དེ་ནི་མཚམས་དང་ཉེ་འཁོར་ཐ་དད་པར་གྱུར་པའི་རུང་བའི་ཁང་པ་ཉིད་དུ་མ་བསྟན་ཏོ། །མི་མཛེས་པ་མེད་དོ་ཞེས་སྔར་བསྟན་པ་དེ་ལྟར་མ་ཡིན་ཏེ་མི་མཛེས་ཤིང་མི་འཚམས་པ་ཡོད་དོ། །དེས་ན་རུང་ཁང་དེར་གཙུག་ལག་ཁང་ཐ་དད་པའི་ཟས་བཙོ་བ་དང་། ཞག་ལོན་དུ་བཞག་ན་མཚམས་བཙོས་དང་། ཞག་ལོན་གྱི་ཉེས་པ་ཁེགས་ཀྱང་མི་མཛེས་ཤིང་མི་འཚམས་པས་ན་གཙུག་ལག་ཁང་མཚམས་ཐ་དད་པ་དུ་མའི་ཐུན་མོང་གི་རུང་ཁང་གཅིག་གིས་མི་བྱ་བ་ཉིད་དོ། །གསུམ་པ་ནི། འོག་གི་མདོ་ལས། པདྨའོ་ཞེས་བྱ་བ་ཡན་ཆད་མུ་གེའི་ཚེ་ན་གནང་གི། གཞན་གྱི་ཚེ་ན་མི་གནང་ངོ་། །ཟས་སྤངས་པས་པདྨ་བཟང་གནང་བ་འདི་མུ་གེའི་རྐྱེན་གྱིས་བཟར་གནང་བའི་ཁོངས་སུ་གཏོགས་སམ། མི་གཏོགས་ཞེས་འདྲི་ན། པདྨ་ཡང་མུ་གེའི་ཚེ་ཉིད་གནང་བར་བསྡུས་ཏེ། ལུང་མ་མོ་དང་རང་གི་རྣམ་བཤད་དང་ཊཱི་ཀ་གསུམ་ག་མཐུན་པ་འདི་སྐད་གསུངས་ཏེ། ཀུན་དགའ་བོ་ངས་གྲོང་ཁྱེར་ཡངས་པ་ཅན་དུ་མུ་གེའི་གནོད་པ་བྱུང་བ་ན་དགེ་སློང་རྣམས་དངོས་པོ་བརྒྱད་པོ་ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པ་ཞེས་བྱ་བ་ནས་ནགས་ཀྱི་རུས་པ་དང་། པདྨ་གང་དག་རྗེས་སུ་གནང་བའི་དངོས་པོ་བརྒྱད་རྗེས་སུ་གནང་བ་དེ་དག་མུ་གེའི་ཚེ་ཡོངས་སུ་ལོངས་སྤྱད་པར་བྱའོ། །ལོ་ལེགས་པའི་ཚེ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་གསུངས་སོ། །འདི་ལ་ཤ་ལུགས་པ་དག་པདྨ་ནི་དཀོན་ཟས་ཡིན་པའི་ཕྱིར་མུ་གེ་མ་བྱུང་བའི་ཚེ་ན་ཡང་སྤངས་ཟའི་ཉེས་པ་མི་འབྱུང་བར་པདྨ་བཟང་གནང་ངོ་ཞེས་འཆད་པ་ནི་གཞུང་གསུམ་དང་འགལ་ལོ། །སློབ་


K8Z004_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཡན་ཆད་ཅེས་པ་དང་། བཀོལ་བ་ཡན་ཆད་ཅེས་པ་དང་། བཏུང་བ་ལ་སྦྱོར་བའི་ཚིག་ཡན་ཆད་ཅེས་པ་ལ་སོགས་པ་ཡན་ཆད་ཅེས་སྨོས་པ་ནི་སྐབས་དེའི་ཁོངས་སུ་མ་གཏོགས་པ་ལ་མཛད་པ་སྟེ། མདོ་རྩ་བའི་རྩོམ་ལུགས་སྦྱིར་ཡིན་ཀྱང་པདྨའོ་ཞེས་བྱ་བ་ཡན་ཆད་འདི་ནི་དམིགས་ཀྱིས་བསལ་བའོ། །མུ་གེའི་ཚེ་དགེ་སློང་གིས་བཙོས་པ་དང་ལག་ཉར་བླངས་པ་བྱིན་ལེན་བྱས་པ་དག་བཟའ་བར་བྱའོ། །ནང་དུ་བཙོས་པ་དང་ཞག་ལོན་པ་བྱིན་ལེན་བྱས་པ་དག་བཟའ་བར་བྱའོ། །སྔ་དྲོ་བའི་ཟས་སྤངས་ནས་ཟ་བ་ཡང་བཟར་གནང་ངོ་། །བྱུག་པ་དང་སྐྱོ་མ་ལ་སོགས་པའི་བཏུང་བ་ནི་མུ་གེ་དང་ལོ་ལེགས་པའི་དུས་ཐམས་ཅད་དུ་སྤང་ཟ་དང་ཡང་ཡང་ཟ་བའི་སྐབས་སུ་གནང་ངོ་། །མུ་གེའི་ཚེ་ན་དངོས་པོ་སྔར་བྱིན་ལེན་བྱས་པ་དེ་དགེ་སློང་ཟས་སྤངས་ཏེ་ལངས་པས་ཀྱང་བཟའ་བར་བྱའོ་སྟེ་སྤང་ཟའི་ཉེས་པ་མི་འབྱུང་བར་གནང་བའོ། །འདི་ནི་ལུང་གཞི་ནས་གསུངས་པའི་གླེང་གཞི་དང་སྦྱར་ཏེ་བཤད་པར་བྱ་སྟེ། མུ་གེའུ་ཚེ་ན་དགེ་སློང་རྣམས་ཁྱིམ་བདག་གི་ཁྱིམ་དུ་ཟས་ཀྱི་བྱ་བ་བྱས་ཏེ་ཟས་སྤངས་ནས་དེའི་སྔར་རྙེད་པའི་བསོད་སྙོམས་བྱིན་ལེན་བྱས་པ་ཁྱེར་ནས་གཙུག་ལག་ཁང་དུ་སོང་སྟེ། དགེ་སློང་རྣམས་དེ་ཟ་བར་འདོད་ཀྱང་འགྱོད་པས་མ་ཟོས་པའི་སྐབས་ལས་སྔར་བྱིན་ལེན་བྱས་པ་དེ་ཡང་བཟའ་བར་རྗེས་སུ་གནང་ངོ་ཞེས་གསུངས་སོ། །སྔར་བྱིན་ལེན་བྱས་པ་དེ་བླང་བའི་ཕྱིར་ཟས་བརྩམས་པ་ལས་ལྡང་བར་བྱའོ། །མུ་གེའི་ཚེ་ན་ཁྱིམ་དུ་ཆོས་སྟོན་དྲངས་པའི་ཟས་ཀྱི་ལྷག་མ་དགེ་སློང་ཟས་སྤངས་ཏེ་ལངས་པས་བཟའ་བར་བྱ་ཞེས་སྔ་མར་སྦྱར་ཏེ། དེ་ཡང་ཁྱིམ་དུ་ཆོས་སྟོན་དྲངས་པའི་ཟས་ཀྱི་ལྷག་མ་དགེ་སློང་གིས་མ་ཁྱེར་བར་ཁྱིམ་པས་གཙུག་ལག་ཁང་དུ་ཁྱེར་འོངས་པ་དེ་བཟའ་བར་བྱ་བ་སྟེ་


K8Z004_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གི་གླེང་གཞི་དང་སྦྱར་རོ། །མུ་གེའི་ཚེ་ན་ཁྱིམ་དུ་ཆོས་སྟོན་དྲངས་པའི་ལྷག་མ་དེ་དགེ་སློང་གིས་ཁྱེར་ཏེ་གཙུག་ལག་ཁང་དུ་དྲངས་པ་དགེ་སློང་ཟས་སྤངས་ཏེ་ལངས་པས་ཀྱང་བཟའ་བར་བྱའོ་ཞེ་སྔ་མར་སྦྱར་ཏེ་ལུག་གི་གླེང་གཞི་དང་སྦྱར་རོ། །མུ་གེའི་ཚེ་ན་ཁྱིམ་དུ་ཆོས་སྟོན་དྲངས་པའི་ལྷག་མ་དེ་དགེ་སློང་གིས་ཁྱེར་ཏེ་གཙུག་ལག་ཁང་དུ་དྲངས་ནས་དགེ་སློང་གིས་ཁྱེར་བའི་བྱ་བ་དེ་བསྒྲུབ་པར་བྱའི། དེ་ཡང་གནས་གཞན་དུ་དྲང་བར་བྱ་སྟེ་ལག་ཉར་བླང་བའི་ཉེས་པར་མི་འགྱུར་རོ། །མུ་གེའི་ཚེ་ན་ནགས་ཀྱི་རུས་པ་སྔར་ཟས་སྤངས་ཏེ་ལངས་པས་ཀྱང་བཟའ་བར་བྱའོ། །ནགས་ཀྱི་རུས་པ་ནི་ཤིང་ཏོག་རུས་པ་ཅན་ནོ། །ནགས་ཀྱི་རུས་པ་དེ་གང་ཞེ་ན། འདི་ལྟ་སྟེ། རྒུན་དང་། བལ་པོས་སེའུ་དང་། བྲ་གོ་སྟེ་ཏ་ལའི་འབྲས་བུ་དང་། སྟར་ག་དང་། པད་མ་སྟེ་ཁ་ཆེའི་ཡུལ་ན་ཡོད་པ་དང་། ཨུ་རུ་མིི་ཡི་ཀ་ནི་བེ་འབྲུ་དང་། ཀུ་རུ་མ་ཡི་ཀ་སྟེ་ཐང་ཤིང་གི་འབྲས་བུ་དང་། ཁམ་བུ་དང་། རྒྱ་ཤུག་དང་། སར་དག་ནི་སྟོད་ཕྱོགས་ན་ཡོད་པས་ནགས་ཀྱི་རུས་པ་དེ་ཞེས་བྱའོ། །མུ་གེའི་ཚེ་ན་པདྨ་དེ་དགེ་སློང་ཟས་སྤངས་ཏེ་ལངས་པས་ཀྱང་བཟའ་བར་བྱའོ་ཞེས་སྔར་སྦྱར་རོ། །ལུང་གཞི་ལས། ཆུ་ནས་སྐྱེས་པའོ་ཞེས་གསུངས་ཤིང་། ཆུ་ནས་སྐྱེས་པ་གང་ཞེན། འདི་ལྟ་སྟེ། པདྨའི་རྩ་བ་དང་པདྨའི་རྩ་ལག་དང་བ་ཊཱི་ནི་ཀུ་མུ་ཏའི་ས་བོན་དང་ཨུཏྤ་ལའི་རྩ་བ་དང་པདྨའི་སྙིང་པོ་དག་ནི་ཆུ་སྐྱེས་དེ། ཞེས་བྱའོ། །འདིར་སྨྲས་པ། འཇམ་དབྱངས་ཐུགས་རྗེའི་གཏེར་གཅིག་རྣམ་འཕྲུལ་པ། །བདག་ལྟ་རྣམ་པར་གཅོད་པའི་རལ་གྲི་དབབ། །ལོག་འདྲེན་འབུམ་གྱི་སྙིང་ལ་འགོང་བ་གང་། །དེང་འདིར་འཇིགས་མེད་སྦྱིན་ཕྱིར་འདི་ན་རོལ། །བདེ་ཆེན་འཛུམ་བག་གཡོ་བའི་དཔལ་ཕྲེང་


K8Z004_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །འཕགས་པའི་ས་ཆེན་མཛེས་པར་བྱེད་པ་གང་། །པདྨ་རྒྱས་པའི་རོལ་མཚོར་རྟ་ལྗང་ཅན། །ངོ་མཚར་མཛེས་པས་བསྒྱུར་བས་མཚོན་ནུས་མིན། །གཞིར་གཏོགས་པའི་སྨན་གྱི་གཞིའོ། །འདུལ་བའི་མདོ་བམ་པོ་བརྒྱད་པ།། །།གཉིས་པ་ལ། ཟས་འདུའི་སྒོ་བཀག་གནང་བའི་སྐབས། །ཟས་ལ་ཇི་ལྟར་བསྒྲུབ་པའི་ཚུལ། །ཟས་ཀྱི་རྒྱུ་མཐུན་ཟག་འདོར་རོ། །དང་པོ་ནི། ཊཱི་ཀ་ལས། རེ་ཞིག་འབྲེལ་བ་བསྟན་པར་བྱ་སྟེ། བཀྲེས་སྐོམ་ནི་ནད་དང་འདྲ་བ་ཡིན་ཏེ་ལུས་ལ་གནོད་པར་བྱེད་པའི་ཕྱིར་བཀྲེས་སྐོམ་གྱི་གཉེན་པོར་འགྱུར་བ་ཟས་ཀྱི་འདུ་བའི་སྒོ་ནས་བསྟན་པའི་ཕྱིར་རོ། །དགེ་སློང་གིས་རྒྱལ་སྲིད་དང་རྒྱལ་སྲིད་དེའི་ཕྱེད་དེ་མངའ་རིས་ཀྱི་ཕྱེད་གནོད་པར་མི་བྱའོ། །འདི་ནི་ཀཱ་ཏྱ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་དད་པར་བྱས་ཏེ་རྒྱལ་སྲིད་ཕུལ་བའི་བྱུང་བ་ལས་སོ། །རྒྱལ་པོ་ལ་སོགས་པས་དགེ་སློང་ལ་ཕུལ་ན་དགེ་འདུན་གྱི་ཆེད་དུ་གྲོང་མནོད་པར་བྱའོ། །ཞིང་ཡང་མནོད་པར་བྱའོ། །གྲོང་དང་ཞིང་དགེ་འདུན་ལ་ནི་གནང་གི། གང་ཟག་ལ་ནི་མ་ཡིན་ནོ། །ཞིང་དེ་ཡལ་བར་མི་འདོར་རོ། །ལུང་ལས། དགེ་འདུན་གྱིས་ཞིང་ཐ་བར་བོར་བ་ལ་བརྟེན་ནས། གསུངས་སོ། །ཞིང་དེའི་ཐོག་ཤས་མནོད་དེ་ཐོག་ཤས་བླང་བར་བྱ་བ་ཉིད་དོ། །དེས་ན་ཞིང་གི་ཐོག་ཤས་བྱེད་པ་བཙལ་ལོ། །ཞིང་པ་གང་གིས་ཞིང་དེ་རྨོས་ཏེ་ཐོག་ཤས་བྱེད་པ་དེས་ཞིང་དེའི་ཐོག་ཤས་ཀྱི་ཆ་དེ་གཙུག་ལག་ཁང་དུ་འབུལ་བར་བྱ་བ་ཉིད་དོ། །ལུང་ལས། སྔར་ཞིང་པ་དེ་ཉིད་ཀྱིས་བསྐྱངས་ནས་བཀའ་སྩལ་པ། ཆེས་མི་བདག་ཉིད་ཀྱི་ཐོག་ཤས་ཀྱི་སྐལ་བ་བས་དང་པོར་དགེ་འདུན་གྱིས་ཐོག་ཤས་འབུལ་བར་བྱ་བ་ཉིད་དོ། །ལུང་ལས། ཐོག་ཤས་དེ་དག་བསྐྱེད་པ་ན་བརྐུས་ནས་བཀའ་སྩལ་པ། བསྲུང་བའི་


K8Z004_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དགེ་སློང་བསྐོའོ། །ཞེས་སོ། །གཙུག་ལག་ཁང་དེར་ཞག་རེ་ལ་སོགས་པ་གཞན་ནས་རྫས་ཇི་ཙམ་འདུ་བ་དང་འགོད་པ་དང་གཉིས་ཀ་ལས་གང་ཡང་རུང་བ་མི་མངོན་པས་རྩིས་གདབ་པར་མི་བྱའོ། །འདུ་འགོད་མི་སྣང་བ་ལས་གཞན་སྣང་བ་ལ་ནི་དྲན་པ་དང་ཤེས་བཞིན་སྔོན་དུ་བཏང་སྟེ་རྩིས་གདབ་པ་དེ་ལ་འཇུག་པར་བྱའོ། །དགེ་འདུན་གྱིས་ཆེད་དུ་ཡོན་བདག་གིས་གཡོག་འབུལ་ན་ཉེ་བར་བཞག་གོ། །ལྷ་འབངས་ཀྱི་ཁྱིམ་གང་ནས་གཙུག་ལག་ཁང་དུ་གཡོག་རྣམས་ཀྱིས་བྱིས་པ་རྩེ་བ་ལ་སོགས་པ་གཏམ་ཐ་མལ་པའི་སྒྲ་མི་འབྱུང་བ་དེར་ལྷ་འབངས་ཀྱི་ཁྱིམ་བྱེད་དུ་གཞུག་གོ། །ལྷ་འབངས་ནི་དགེ་འདུན་གྱི་གཡོག་བྱེད་པའི་མི་སྐྱ་ཡིན་ཏེ། རྒྱལ་པོས་འབངས་ལ་བསྒོ་བ་ལྟར་གཡོག་དེ་རྣམས་ཀྱང་དགེ་འདུན་རྣམས་ཀྱིས་ཇི་སྐད་བསྒོ་བ་བཞིན་དུ་ལས་རུང་བར་བྱེད་པས་ལྷ་འབངས་ཞེས་མིང་བཏགས་ཏེ། རྣམ་འབྱེད་འགྲེལ་པ་ལས། ལྷ་འབངས་ཞེས་བྱ་བ་ནི་ལས་སུ་རུང་བར་བྱེད་ཅེས་བྱའོ་ཞེས་སོ། །རྒྱལ་པོས་དགེ་འདུན་ལ་ཕུལ་བའི་གཡོག་ལྔ་བརྒྱ་པོ་ཐམས་ཅད་གཙུག་ལག་ཁང་དུ་འཇུག་པའི་ཀླག་ཅོར་གྱི་སྒྲས་དགེ་སློང་དག་སེམས་རྩེ་གཅིག་པ་ཉིད་མི་འགྲུབ་ནས་གསུངས་པ་ནི། དགེ་འདུན་གྱི་ལས་བྱེད་པ་ན་གཡོག་ཇི་སྙེད་དགོས་པ་དེ་ཙམ་ཞིག་གཙུག་ལག་ཁང་གི་ནང་དུ་འཇུག་པར་བྱའི། གཡོག་པོ་ཐམས་ཅད་ནི་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ་ཞེས་ལུང་ལས་གསུངས་སོ། །དགེ་འདུན་གྱི་གཡོག་རྣམས་ལ་དགེ་འདུན་གྱིས་ཟན་དང་གོས་སྦྱིན་པར་བྱ་བ་ཉིད་དོ། །གཡོག་ཐམས་ཅད་ལ་སྦྱིན་པར་བྱའམ་ཞེ་ན། གལ་ཏེ་ལས་བྱེད་ནའོ། །གཡོག་ན་བ་རྣམས་ལ་དགེ་སློང་གིས་ནད་གཡོག་བྱའོ། །བ་ལང་དང་། མ་ཧེ་དང་། ར་དང་། ལུག་དང་སྟེ་དགེ་


K8Z004_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ལ་གནང་གི། གང་ཟག་ལ་ནི་མ་ཡིན་པས་འོག་མ་ལ་ཡང་སྦྱར་རོ། །གླང་པོ་ཆེ་དང་། རྟ་དང་། རྔ་མོང་དང་། བོང་བུ་དང་། འབྲུ་རྩམ་པ་སྟེ་འབྲུ་རྗེན་པ་དང་། སྣོད་ཀྱང་དགེ་འདུན་གྱིས་ཆེད་དུ་བླང་དུ་རུང་ངོ་། །གྲོང་ལ་སོགས་པ་དང་བ་ལང་ལ་སོགས་པ་དེ་དག་མཆོད་རྟེན་གྱི་ཆེད་དུ་བླང་དུ་མི་རུང་བ་མ་ཡིན་ནོ། །དགེ་འདུན་དང་གང་ཟག་གིས་འཁར་བ་ལས་བྱས་པའི་ཁ་བཟར་དང་ཚྭ་ཁུག་བཅང་བར་བྱའོ། །ཁ་བཟར་དང་། ཚྭ་ཁུག་དེ་གཉིས་དང་། ཕུལ་བའི་བཏུང་ཕོར་དང་། ཆུ་ལ་བལྟ་བའི་སྣོད་དང་བཞི་ལས་གཞན་པའི་འཁོར་བའི་སྣོད་གང་ཟག་གིས་བཅང་བར་མི་བྱའོ། །དགེ་འདུན་ནམ་གང་ཟག་གིས་ཀུན་དགའ་ར་བ་པའི་གཡོག་ཉེ་བར་བཞག་པར་བྱའོ། །གནོད་སྦྱིན་གདུག་པ་ལ་སོགས་པའི་འཇིགས་པ་བསྲུང་བའི་ཕྱིར་བྱིས་པ་མཚན་མཐུན་པ་འབུལ་བ་དག་བླང་བར་བྱའོ། །བྱིས་པ་དེ་དག་གི་ཆ་ལུགས་ནི། མགུལ་བར་དགེ་སློང་གི་ཆོས་གོས་ཀྱི་ཚལ་བུ་བཏགས་པ་ཉིད་དོ། །སྐེད་པར་ཡང་བཏགས་རུང་ངོ་། །བྱིས་པ་དེ་དག་ལ་ཕན་གདགས་པའི་སེམས་ཀྱིས་སོ་སོར་བསྐྱང་བར་བྱའོ། །བྱིས་པ་དེ་སྐྱོང་བ་ན་བྱིས་པ་དེའི་ཉེ་དུས་དགེ་སློང་ལ་ཆོས་གོས་སོགས་ཕུལ་བ་བླང་བར་བྱའོ། །བྱིས་པ་དེ་དག་བསྐྱངས་པའི་མཇུག་ཏུ་བྱིས་པ་ཕྱིར་ལེན་པའི་ཚེ་བྱིས་པའི་རིན་ཉིད་དུའམ། བརྔན་པ་ཡང་དེའི་ཉེ་དུས་ཕུལ་བ་བླང་བར་བྱའོ། །དད་པའི་དབང་དུ་བྱས་པ་ཡིན་པས་ལོག་འཚོ་ཡིན་པར་དོགས་པར་མི་བྱའོ། །བྱིས་པ་དེ་དག་ཆེར་སྐྱེས་པ་ན་བྱིས་པ་དེ་དག་གིས་བྱས་པ་ཤེས་པས་ཀྱང་དགེ་སློང་ལ་གོས་ཕུལ་བ་བླང་བར་བྱའོ། །དགེ་སློང་གིས་བྱིས་པ་བསྐྱངས་པ་དེའི་རིན་བདའ་བར་མི་བྱའོ། །དགེ་འདུན་ནམ་གང་ཟག་ལ་གཞན་གྱིས་ཤིང་ཏོག་གི་རྙེད་པ་ཕུལ་ན་བདག་གིར་བྱའོ། །


K8Z004_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ནམ་གང་ཟག་ལ་ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བའི་བུམ་པ་ཡང་ཕུལ་ན་བླང་བར་བྱ་ཞིང་བདག་གིར་བྱའོ། །དེ་དག་གི་སྣོད་ཀྱང་ངོ་། །སྣོད་དེ་དག་བཞག་པར་བྱའོ། །གང་དུ་བཞག་ན་གཞི་ལའོ། །བཤང་བ་དང་། གཅི་བ་དང་། ཆང་གི་བུམ་པ་དག་ནི་གར་ཡང་ཉེ་བར་མི་བཞག་སྟེ་མི་མཁོ་བ་ཉིད་དོ། །དགེ་འདུན་གྱི་ཕྱིར་གཡོས་དང་འཚེད་པ་གང་ཡིན་པ་དག་གི་ཞལ་ཏ་བྱའོ། །གཉིས་པ་ལ། ཟས་འཇུག་སྐབས་ཀྱི་ཞར་བྱུང་བཅས། །འདུག་བྱ་སྐབས་ཀྱི་ཞར་བྱུང་བཅས། །ཟས་བླངས་སྤྱད་ཚུལ་ཞར་བྱུང་བཅས། །ཟས་ཀྱི་བྱེ་བྲག་དགག་གནང་དབྱེ། །ཟས་སྣོད་འབྲེལ་བའི་བསླབ་བྱ་དང་། །བགོ་བྱ་ཡོད་མེད་བསླབ་བྱ་དང་། །ཟས་སྦྱོར་དངོས་འབྲེལ་བསླབ་བྱ་དང་། །ཟོས་ནས་རྗེས་སྒྲུབ་བསླབ་བྱའོ། །དང་པོ་ནི། གྲོང་དུ་བསོད་སྙོམས་ལ་འགྲོ་བའི་ཚེ་ལྷུང་བཟེད་དུ་བསོད་སྙོམས་མ་བླུགས་པའི་མདུན་རོལ་ཏུ་བློས་མ་བཟུང་བ་ཉིད་ཀྱིས་བསོད་སྙོམས་ལ་འཇུག་པ་བརྟེན་པར་མི་བྱའོ། །མི་གཙང་བ་ལ་སོགས་པས་གོས་པའི་ཉེས་པ་མི་འབྱུང་བའི་ཕྱིར་ལྷུང་བཟེད་ཀྱིས་ཁ་གཡོགས་བཅང་བར་བྱའོ། །ཁ་གཡོགས་བཅང་བ་འདི་དང་འཁར་བའི་སྣོད་བཅང་བ་གཉིས་དགེ་སློང་ཕ་དང་། དགེ་སློང་མ་ལ་ཐུན་མོང་མ་ཡིན་པ་ཉིད་དུ་དོགས་པར་མི་བྱའོ། །དགེ་སློང་མ་ནད་པས་ཀོ་པགས་ལ་སོགས་པའི་ཞྭ་བཅང་བ་ལ་མི་རུང་བ་ཉིད་དུ་ཡང་དོགས་པར་མི་བྱའོ། །བསིལ་བྱེད་ཀྱི་སྒྲ་མ་ཕྱུང་བར་བསོད་སྙོམས་ལ་ཁྱིམ་དུ་འཇུག་པར་མི་བྱའོ། །བསིལ་བྱེད་དེ་བཅང་བར་བྱའོ། །བསོད་སྙོམས་པས་ཁྱིམ་ནས་ཕྱིར་འབྱུང་བ་དང་འཇུག་པའི་ལམ་རྒྱུད་དག་ལ་མཁས་པར་བྱའོ། །མཁས་པར་འབད་པ་དེ་ཚུལ་ཇི་ལྟར་ཞེ་ན། མཚན་མ་བྱ་བས་སོ། །མཚན་མ་ཅི་ཞིག་གིས་ཞེ་ན།


K8Z004_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་སྙོམས་ཀྱི་འབྲས་ཆན་ལ་སོགས་པའི་འབྲམ་ཟེར་ལ་སོགས་པས་སོ། །ཆོས་འཆད་པ་བཙོང་བས་འཚོ་བ་སྦྱར་བར་མི་བྱའོ་སྟེ་ལོག་འཚོ་ཡིན་པ་དགག་པའོ། །ཆུ་མེད་ན་ཞོ་ལ་སོགས་པའི་ཁུ་བ་དག་གིས་རྐང་པ་བཀྲུའོ། །གཉིས་པ་ནི། གདན་གཞན་མེད་ན་རྩྭ་བམ་ལ་འདུག་པར་བྱའོ། །རྩྭ་བམ་མི་སྤྱོད་པ་ན་བླ་གབ་མེད་པའི་མཐའ་ཞིག་ཏུ་བཞག་གོ། །རྩྭ་བམ་རྣམས་སྤུངས་ཏེ་ཡང་ངོ་། །རྩྭ་བམ་གྱི་བྱ་བ་ཟིན་པའི་མཇུག་ཏུ་དོར་རོ། །དགེ་སློང་མང་བ་ཉིད་ཡིན་ན་རྩྭ་བམ་ལ་སྟན་བྱའོ། །དགེ་སློང་མང་ན་གྲལ་གྱི་ཚར་དུ་མ་ཉིད་ཀྱང་ངོ་། །གྲལ་དེའི་ཚད་ཇི་ཙམ་ཞེ་ན། ལྔ་བརྒྱའི་ཚར་རོ། །ཚར་དུ་ཡོད་པའི་རྒན་པའི་མཐའ་དེར་ཟས་ཀྱི་སྤྱི་དཔུངས་བྱའོ། །དགེ་འདུན་ལ་ཟས་འབྲིམ་པ་དག་རྐུ་བ་ཉིད་ན་སྦྱན་པ་དག་བསྐོའོ། །ཟན་གྱི་ལས་བྱེད་པ་ཞལ་ཏ་པ་དག་གིས་དང་པོར་བཟའ་བར་བྱའོ། །འདུས་པ་ཆེན་པོའི་ཚེ་རྒན་རིམ་དུ་འཁོད་དུ་གཞུག་པའི་ཕྱིར་དང་། འབྲིམ་དུ་གཞུག་པའི་ཕྱིར་དགེ་སློང་དག་བསྐོའོ། །འདུས་པ་ཆེན་པོ་འདི་ལ་དགེ་སློང་མས་ནི་གཉིས་སམ་གསུམ་རྒན་རིམ་བཞིན་གྲལ་གོང་དུ་བཞག་སྟེ་གཞན་རྣམས་ཅི་དགར་འཁོད་པར་བྱའོ། །སྒྲ་བསྐྱུངས་ཏེ་ཟན་གྱི་ཆེད་དུ་འགྲོ་བར་བྱའོ། །ཤིན་ཏུ་བསྡམས་པ་དང་། འགྲོ་བའི་སྤྱོད་ལམ་མཛེས་པ་དང་། ཆ་ལུགས་མཛེས་པས་སོ། །དེ་བཞིན་དུ་འདུག་པར་བྱའོ། །ཟས་རྐང་པས་བརྗི་བར་མི་བྱའོ། །ལྷུང་བཟེད་ཀྱི་གཞི་ལ་རྐང་པས་རེག་པར་མི་བྱའོ། །གསུམ་པ་ནི། དྲན་པ་ཉེ་བར་བཞག་སྟེ་བསོད་སྙོམས་བླང་བར་བྱའོ། །སེམས་རྣམ་པར་མི་གཡེང་བས་བསོད་སྙོམས་བླང་བར་བྱའོ། །དེ་ལྟར་བསོད་སྙོམས་བླངས་ནས་ཟ་བའི་ཚེ་ན་ནི་སེམས་མི་གཡེང་ཞིང་། སེམས་གཞན་དུ་མི་འཕྲ་བ་དང་། ལུས་འཚོ་བ་ཙམ་དང་། བསོད་སྙོམས་དེ་


K8Z004_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲེས་པ་དང་། མི་དཀྲུག་པ་དང་། ཤིན་ཏུ་དབེན་པ་དང་། དུས་ལས་མ་ཡོལ་བར་བསྒྲུབ་པར་བྱའོ། །ནས་ཀྱི་ཐུག་པ་ལ་སོགས་པ་གང་ལ་མགྲོན་དུ་བོས་པ་དེ་ལས་གཞན་ཤ་སྐམ་ལ་སོགས་པ་རྙེད་པ་བདག་གིར་བྱེད་པ་ལ་མི་རིགས་པ་ཉིད་མེད་དོོ། །རང་གི་ཟས་ཟོས་པ་ལས་གཞན་སྦྱིན་བདག་གི་ཟས་མནོས་པ་དང་ཟ་བ་ལ་ཡང་ཡང་ཟ་བའི་ཉེས་པ་མེད་པ་ཉིད་དོ། །ཡུལ་སྡིག་བྱུང་གི་གྱད་རྣམས་ལྟ་བུ་སྦྱིན་བདག་གཞན་གྱིས་མགྲོན་དུ་བོས་པའི་བཀད་ས་ན་དགེ་སློང་འདུག་པ་ལ་སྦྱིན་བདག་དེས་ལེན་པ་དང་ཟ་བར་གནང་ན། སྦྱིན་བདག་དེ་ལས་གཞན་པ་སྣ་ཆེན་པོ་ལ་གཏོགས་པ་སྣང་བྱེད་ལྟ་བུ། གཞན་གྱིས་དགེ་སློང་ལ་བཟའ་བ་དང་བཏུང་བ་བྱིན་པ་ནི། ཡུལ་སྡིག་བྱུང་གི་གྱད་རྣམས་ལྟ་བུ་སྦྱིན་བདག་དེའི་ཟས་ཀྱི་ཁོངས་སུ་གཏོགས་པ་དང་འདྲའོ། །དེ་ལ་ནི་དམ་བཅས་པ་ལས་འདས་པ་དང་། ཡང་ཡང་ཟ་བའི་ཉེས་པར་མི་འགྱུར་རོ་ཞེས་ཊཱི་ཀ་ལས་གསུངས་ཏེ། སྦྱིན་བདག་གཞན་གྱི་བཟའ་བར་བསམས་ནས་སྦྱིན་བདག་གཞན་གྱི་ཟོས་པ་ཡིན་པས་དམ་བཅའ་ལས་འདས་པར་འགྱུར་རོ་སྙམ་དུ་དོགས་པ་དང་། ཡང་ཡང་ཟ་བའི་ཉེས་པར་འགྱུར་རོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་རོ། །སྨྲ་བ་པོའི་བསམ་པའི་དོན་གྱིས་བརྡའི་དབང་གིས་སྒྲ་ཐམས་ཅད་དོན་ཐམས་ཅད་ཀྱིས་རྗོད་པར་བྱེད་པ་དག་ཡིན་ལ། དོན་ཐམས་ཅད་ཀྱང་སྒྲ་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་དག་ཡིན་པ་དེའི་ཕྱིར་ཞེས་ཊཱི་ཀ་ལས་གསུངས་ཏེ། སངས་རྒྱས་ཚུར་ཤོག་ཅེས་འབོད་ཅིང་། དགེ་སློང་ལ་བསོད་སྙོམས་སྦྱིན་པར་བྱེད་པ་ན་སངས་རྒྱས་ཞེས་བརྗོད་པའི་སྒྲའི་དོན་གང་ལ་སྦྱོར་བ་ནི་སྨྲ་བ་པོའི་བསམ་པའི་དོན་གྱིས་རྣམ་པར་བཞག་གི། སངས་རྒྱས་ཞེས་ཐུབ་ཆེན་ཉིད་ལ་གྲགས་པས་རྣམ་པར་བཞག་པ་ཁོ་ན་ནི་མ་ཡིན་ནོ། །


K8Z004_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ལས། དགེ་སློང་བསོད་སྙོམས་པ་ལ་ཁྱིམ་པ་དག་གིས་སངས་རྒྱས་ཚུར་སྤྱོནའདི་སྣོམས་ཤིག་ཟེར་ན་བླང་དུ་རུང་ངམ་མི་རུང་སྙམ་ན། ཁྱིམ་བདག་ལ་དྲིས་ལ་ཐུབ་པ་ཆེན་པོ་ལ་འབུལ་བའོ་ཞེས་སྨྲ་ན་བདག་གིར་མི་བྱའོ། །འོན་ཏེ་སངས་རྒྱས་ནི་ཁྱོད་ཉིད་ལགས་སོ་ཞེས་སྨྲ་ན་བླང་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །ཆོས་དང་དགེ་འདུན་ལ་ཡང་དེ་བཞིན་དུ། གསུངས་སོ། །ཟས་དང་གོས་ལ་སོགས་པ་གཞན་ལས་བླངས་པ་སྤང་བར་མི་བྱའོ། །ཕྱི་མ་ཐོབ་ན་ལྷག་པ་སྦྱིན་པར་བྱ་བ་ཉིད་དོ་ཞེས་གོང་དུ་གསུངས་པ་འདིའི་དམིགས་བསལ་ལོ། །ལྟ་བ་ཕུན་སུམ་ཚོགས་པ་ནི་རྒྱུ་འབྲས་ལ་སྐུར་བ་མི་འདེབས་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི་སོ་སོར་ཐར་པའི་སྡོམ་པ་དང་ལྡན་པའོ་ཞེས་ཊཱི་ཀ་ལས་གསུངས་ཏེ། དེ་ལྟ་བུའི་སྦྱིན་བདག་གི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དག་ལས་རྫས་བླངས་པ་ལས་གཞན་ལྟ་བ་ཉམས་པ་དང་། ཚུལ་ཁྲིམས་འཆལ་བ་གོ་རིམ་བཞིན་དུ་ལྟ་བ་ཕུན་སུམ་ཚོགས་པ་ལས་བླངས་ནས་བསམས་བཞིན་དུ་ལྟ་བ་ཉམས་པ་ལ་སྦྱིན་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལས་བླངས་ནས་ཚུལ་འཆལ་ལ་སྦྱིན་པ་ནི་དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པ་ཡིན་ན་ཞེས་སྦྱོར་རོ། །དེ་དག་ཀྱང་དཔེ་ཙམ་དུ་ཟད་དེ། མཆོག་ལས་བླངས་པ་མཆོག་མ་ཡིན་པ་ལ་སྦྱིན་པ་ཡང་དེ་བཞིན་ནོ། །བདག་ཉིད་ཚིམ་པར་གྱུར་ཟིན་པས་བསམས་བཞིན་དུ་འཚོ་བར་བྱེད་པ་ཐ་ན་ཁམ་གཅིག་ཡན་ཆད་ལེན་པ་དང་ཟ་བ་ནི་དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པ་ཡིན་ནོ། །དམིགས་བསལ་ནི་ལྟ་བའམ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མིན་ཀྱང་ཕ་མ་དང་། ཕུ་ནུ་དང་། སྲིང་མོ་དང་། ཉེ་བ་དང་། ནད་པ་དང་། རབ་ཏུ་འབྱུང་བར་འདོད་


K8Z004_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྦྲུམ་མ་དང་། སྙིང་རྗེའི་གནས་ཡིན་པར་ཤེས་རབ་བྱེད་པ་ལས་གསུངས་པ་དག་དང་། གདུལ་བྱ་འདུལ་བ་དང་ཁྱིམ་པ་བསོད་སྙོམས་འདོད་པས་དགེ་སློང་གི་བསོད་སྙོམས་ལ་ལག་གིས་འཛིན་ཅིང་རེག་པ་དང་། ཁྱིམ་པ་ཟན་གྱི་དུས་སུ་གློ་བུར་དུ་འོང་བ་ལ་ནི་དད་པས་བྱིན་པ་དེ་ལས་བགོ་བཤའ་བྱའོ། །ཁམ་གཅིག་ཟ་བ་པོ་རྣམ་པར་མ་བཅད་པར་བཞག་པར་བྱའོ། །ཊཱི་ཀ་ལས། སེམས་ཅན་ཐམས་ཅད་ལ་བསྔོས་ཏེ་བཞག་གོ། །ཁམ་ཆད་བཞག་པ་དེ་དུད་འགྲོ་ལ་ཡང་སྦྱིན་པར་བྱའོ། །བདག་ཉིད་བཟའ་བའི་ཕྱིར་ཉེ་བར་བཞག་པ་ལས་ཟས་ཀྱི་བྱ་བ་མ་རྫོགས་པར་ལྷག་མ་ཟ་བ་ལ་སོགས་ལ་སྦྱིན་པར་མི་བྱའོ། །ཁྱོད་ཁོ་ནས་འདི་བཟའ་བར་བྱའོ། །ཞེས་དད་པས་སྦྱིན་པར་བྱ་བ་ཉིད་ཀྱིས་མགྲོན་དུ་བོས་པའི་ཟས་ལ་ཡང་སྦྱིན་པར་མི་བྱའོ། །ཡང་ཞེས་པ་ནི་རང་གི་ཟས་ཀྱི་བྱ་བ་མ་རྫོགས་པར་སྦྱིན་པར་མི་བྱ་བ་མ་ཟད་ཀྱི། དེ་རྫོགས་ན་ཡང་སྦྱིན་བར་མི་བྱ་བའོ། །ལྷུང་བཟེད་ཀྱི་འོག་གཞི་ནི་ལྷག་མ་ཟ་བ་རྣམས་ལ་ཅི་བདེར་བྱའོ། །གཙུག་ལག་ཁང་ན་གཉུག་མར་གནས་པ་རྣམས་ལ་གཏོར་མ་སྦྱིན་ནོ། །གཉུག་མར་གནས་པ་དེ་དག་གི་ཟས་ཀྱི་ཆོ་གའི་རྗེས་སུ་འབྲང་བས་སྔ་དྲོ་ལ་སོགས་པར་རོ། །གཏོར་མ་བཏང་བ་ནི། ཁ་ཅིག་སྔ་དྲོ་སྦྱིན། ཁ་ཅིག་ཕྱི་དྲོ་སྦྱིན་པ་ཡོད་པས་སྔ་དྲོ་ཕྱི་དྲོ་མི་བསྣོར་བའི་བར་དུ་སྦྱིན་ནོ། །གཙུག་ལག་ཁང་གང་ན་གཉུག་མར་གནས་པའི་མི་མ་ཡིན་ཁ་ཅིག་གི་ཆོ་ག་དང་། མི་མ་ཡིན་ཁ་ཅིག་གི་ཆོ་ག་ཐ་དད་པ་སྟེ། དྲི་དང་། མེ་ཏོག་དང་། བདུག་པ་དང་། གཏོར་མ་ལ་སོགས་པ་ཆོ་ག་ཐ་དད་པ་ཉིད་ཡིན་ན་ཐ་དད་པར་རོ། །གཙུག་ལག་ཁང་གི་སྲུང་མའི་ལྷ་ལ་ཁྱིམ་པས་མཆོད་པ་ཡོད་དེ། ཁྱིམ་པས་མཆོད་པའི་དུས་བཞིན་དུ་མཆོད་ཅིང་གཏོར་མ་


K8Z004_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ནོ། །བཞི་པ་ནི། ཨ་མྲའི་རུས་པ་མ་ཆགས་པ་ཉིད་ཀྱི་གནས་སྐབས་སུ་བཟའ་བར་མི་བྱའོ་སྟེ། མ་སྨིན་པ་མི་འཕྲོད་པ་ཉིད་ཡིན་པའི་ཕྱིར་རོ། །བཅའ་བ་ལྔ་ནི། རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་སྟེ་ལྔའོ། །དེ་རྣམས་དང་གཞན་ཡང་བཅའ་བར་བྱ་བ་རྣམས་དང་། བཟའ་བ་ལྔ་ནི། འབྲས་ཆན་དང་། ཟན་དྲོན་དང་། ལྡེ་གུ་དང་། ཤ་དང་། སྣུམ་ཁུར་ཏེ་ལྔའོ། །བསོད་པ་ལྔ་ནི། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་སྐམ་སྟེ་ལྔའོ། །དེ་དག་ནི་མི་རུང་བ་ཉིད་མ་ཡིན་ནོ། །གསོ་མ་དང་། ཡུངས་ཀར་དང་། རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པའི་ཐུག་པ་དག་བསྟེན་པར་བྱ་བ་ཉིད་མ་ཡིན་པར་དོགས་པར་མི་བྱའོ། །བཟའ་བཅའ་དེ་དག་འོ་མས་སྤངས་པར་མ་ཟད། ཐ་ན་ཆུས་ཀྱང་སྤངས་ན་ལུས་ཀྱི་འཚགས་ཏེ་སྟོབས་སུ་འགྱུར་བ་ཉིད་དོ། །ལྔ་པ་ནི། བཏུང་བ་ལ་སོགས་པ་རྐྱལ་པར་བླུགས་པ་ནི་མི་རུང་བ་ཉིད་མ་ཡིན་ནོ། །དགེ་སློང་གིས་སྣོད་དུ་ཟན་བཟར་རུང་ངོ་། །སྣོད་ཇི་ལྟར་ན། ཊཱི་ཀ་ལས། ཤིང་ལས་བྱས་པའི་ཡོལ་གོར་རོ། །ཡོལ་གོར་རྡོ་ལས་བྱས་པར་ཡང་ངོ་སྟེ་ཀར་ཡོལ་ཡང་བསྡུས་སོ། །སྣོད་དེར་སྔོན་ཟས་ཟོས་པར་བྱས་པ་ཡང་ཟས་ཀྱི་སྣོད་བྱར་རུང་ངོ་། །ཟས་ཀྱི་སྣོད་སྔར་བྱས་པ་དེ་ལྕགས་ཀྱི་ལྷུང་བཟེད་ལ་སོགས་པ་བཞིན་བཀྲུས་ཏེའོ། །བཀྲུ་བཤལ་ནི་གནས་པའི་ལས་ཡིན་ནོ། །ཟོས་ནས་ཀྱང་བཀྲུ་བཤལ་བྱ་བ་ནི་གནས་པའི་ལས་ཡིན་ནོ། །དགེ་སློང་གིས་གཞན་དང་ལྷན་ཅིག་སྣོད་གཅིག་ཏུ་བཟའ་བར་མི་བྱའོ། །ལམ་དུ་སྣོད་དག་མེད་ན་སྣོད་གཅིག་ཏུ་བཟའ་བར་བྱའོ། །དགེ་སློང་གིས་སུ་དང་སྣོད་གཅིག་ཏུ་བཟའ་རུང་ཞེ་ན། དགེ་སློང་དང་ཡང་ངོ་། །ལམ་དུ་གཞན་དང་སྣོད་


K8Z004_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ཟ་བའི་ཚེ་དགེ་སློང་གཞན་གྱིས་ལག་པ་བཏེགས་ན་རང་གིས་ལག་གཞུག་གོ། །དགེ་སློང་ལམ་དུ་ཞུགས་པ་ན་ཡང་དགེ་ཚུལ་དང་ནི་སྣོད་གཅིག་ཏུ་མི་བཟའ་སྟེ། གཞུང་འོག་མ་གཡོག་རྣམས་ལ་བཅངས་ཏེ་སྦྱིན་ནོ། །ཞེས་པ་བཞིན་དུ་དགེ་ཚུལ་ལ་བཅངས་ཏེ་ལག་ཏུ་སྦྱིན་ནོ། །ལམ་དུ་སྣོད་གཞན་མེད་པའི་ཚེ་རྐྱེན་དབང་གིས་དགེ་ཚུལ་ལ་འཚལ་མ་སོགས་སུ་སྦྱིན་པའི་རྐྱེན་དང་མི་ལྡན་ན་དགེ་སློང་གིས་དགེ་ཚུལ་དང་ཡང་ལྷན་ཅིག་ཏུ་སྣོད་གཅིག་ཏུ་བཟའོ། །ལམ་དུ་སྣོད་གཞན་མེད་ཀྱང་དགེ་སློང་གིས་གཡོག་རྣམས་དང་སྣོད་གཅིག་ཏུ་བཟའ་བར་མི་བྱའི། གཡོག་རྣམས་ལ་ཟས་བཅངས་ཏེ་སྦྱིན་ནོ། །ཉེ་དུས་བཅུག་པས་སྣོད་གཅིག་ཏུ་བཟའ་བར་ཞུ་ཞེས་གསོལ་ན། ལམ་ཡིན་མིན་ཐམས་ཅད་དུ་དབེན་པའི་ཕྱོགས་སུ་སྣོད་གཅིག་ཏུ་བཟའོ། །ལུང་ལས། ནད་པ་ཞིག་གིས་རྔུལ་གཟན་ལ་བརྟེན་པར་མ་ནུས་ནས་བཀའ་སྩལ་པ། ཕྱོགས་དབེན་པར་བཟའ་བར་བྱའོ། །ཞེས་སོ། །དེའི་འགྲེལ་ཆུང་ལས། རྔུལ་གཟན་ཙམ་གྱོན་ཀྱང་མི་ནུས་ན་ནད་གཡོག་གིས་དབེན་པར་བཞག་སྟེ་ཟས་སྦྱིན་ནོ། །ཞེས་སོ། །དེ་གཉིས་ཀྱིས་རེག་པ་ལས་དགེ་སློང་གིས་ཟས་བྱིན་ལེན་བྱས་པ་འཇིག་པ་དང་། དགེ་སློང་གིས་ཟས་བྱིན་ལེན་བྱས་པ་དེ་དགེ་ཚུལ་ལམ། ཉེ་དུའི་ཟན་སྐལ་བྱིན་ལེན་མ་བྱས་པ་དང་འདྲེས་པ་བསྲུང་བར་བྱ་བ་ཉིད་དོ། །འཇིག་པ་དང་འདྲེས་པ་ཇི་ལྟར་བསྲུང་ཞེ་ན། ཟས་དང་བཅས་པའི་ལྷུང་བཟེད་བྱིན་གྱིས་བརླབས་ཞེས་བྱ་བ་ནི་ལྷུང་བཟེད་བྱིན་ལེན་བྱས་ཏེ། དགེ་ཚུལ་ལམ་ཉེ་དུ་དེའི་ལག་པ་དག་བསྙལ་དུ་བཅུག་ནས་ཞེས་པ་ནི་ལག་པ་འཁྲུར་བཅུག་ནས་དགེ་སློང་གིས་སྣོད་བཟུང་ནས་བཟའ་བར་བྱའོ། །དྲུག་པ་ནི། མཆིལ་ལྷྭམ་དང་བཅས་བཞིན་དུ་


K8Z004_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བར་མི་བྱའོ། །ནད་པས་ནི་ལྷྭམ་གཉིས་ཕུད་པའི་སྟེང་དུ་རྐང་པ་གཉིས་གྱིས་མནན་ཏེ་བཟའོ། །སྒྲེན་མོ་དང་གོས་གཅིག་པས་བཟའ་བར་མི་བྱའོ། །ནད་པ་ལ་ནི་ལྟུང་བ་མེད་དོ། །ནད་པ་དེ་གཡོག་དག་གིས་སྦྲའམ་གུར་གྱིས་བསྐྱོར་བར་བྱའོ། །ནད་པས་ནུས་ན་རྔུལ་གཟན་ལ་བསྟེན་པར་བྱའོ། །ནད་པས་ནུས་ན་འཁོར་གསུམ་ཁེབས་པའི་མཐར་ཐུག་པའི་ཤམ་ཐབས་བསྟེན་པར་བྱ་སྟེ། གསང་བའི་ཕྱོགས་ཀྱང་ངོ་། །བདུན་པ་ནི། ཟན་གྱི་ཕྱིར་འདུག་པས་དངོས་པོ་འདི་བྱིན་ཅིག་ཅེའམ། སྤྱི་སྤུངས་འདི་ནས་བྱིན་ཅིག་ཅེས་འབྲིམ་མཁན་ལ་གོ་བར་མི་བྱའོ། །ཟས་ལ་ལོངས་སྤྱོད་པའི་ཚུལ་འདི་ལ་སྦྱོར་བ་དང་དངོས་གཞི་དང་མཇུག་གསུམ་མོ། །དང་པོ་སྦྱོར་བའི་དུས་སུ་ལུས་ཀྱིས་ཚུལ་བཞིན་དུ་འདུག་པ་དང་། ངག་གིས་འདི་ནས་བྱིན་ཅིག་ཅེས་མི་བྱ་བ་དང་། ཡིད་ཀྱིས་འདི་ནི་སྦྱིན་པའོ། །བདག་ནི་ལེན་པའོ་སྙམ་དུ་དྲན་པ་ཉེ་བར་བཞག་པ་སྟེ་དེ་བཞིན་དུ་འདུག་པར་བྱའོ། །འདིའམ་འདི་ནས་བྱིན་ཅིག་ཅེས་འབྲིམ་མཁན་ལ་གོ་བར་མི་བྱའོ་ཞེས་གསུངས་སོ། །དངོས་གཞིའི་དུས་སུ་ལུས་ཀྱིས་ཁམ་ཆེས་པ་ལ་སོགས་པ་སྤང་བ་དང་། ངག་གིས་ཟས་ལ་འཕྱས་འདོགས་པ་ལ་སོགས་པ་སྤང་བར་བྱ་ཞིང་། ཡིད་ཀྱིས་ནི་རྒྱགས་པའི་གཉེན་པོར་བཀྲེས་པའི་ནད་ཞི་བར་བྱ་བའི་ཕྱིར་དང་། ཚུལ་ཁྲིམས་ཀྱི་རྟེན་ལ་ཕན་གདགས་པའི་བསམ་པ་དང་། ཟས་ལ་ཆགས་པའི་གཉེན་པོར་འདུ་ཤེས་བཅུ་ལས་གང་ཡང་རུང་བ་བསྒོམ་པ་དང་། ལྟུང་བ་འབྱུང་བའི་གཉེན་པོར་ལྟུང་བ་མི་འབྱུང་བར་བྱ་བའི་དྲན་པ་ཉེ་བར་བཞག་པ་སྟེ། བདག་ཉིད་ལ་ནད་པའི་འདུ་ཤེས་དང་ཞེས་པ་དང་། འབྱུང་བ་དང་འདྲ་བ་དང་འགྱུར་བ་དང་ཞེས་པ་དང་། ལྟུང་བའི་སྒོར་འཇུག་པ་ཐམས་ཅད་ལ་དྲན་པས་བསྒྲུབ་ཅེས་


K8Z004_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་པས་སོ། །མཇུག་གི་དུས་སུ་ལུས་ཀྱིས་རུང་བའི་ཆུས་ཁ་བཀྲུ་བ་དང་ངག་གིས་སྦྱིན་པའི་ཚིགས་བཅད་གཉིས་འདོན་པ་དང་ཡིད་ཀྱིས་ཟས་སྤང་བ་སྟེ། ཀཱ་རི་ཀཱ་ལས། རུང་བའི་ཆུ་ཡིས་དེའི་འོག་ཏུ། །ཞེས་པ་དང་། སྦྱིན་པའི་ཚིགས་བཅད་གཉིས་ཤིག་བརྗོད། །ཅེས་གསུངས་ཤིང་། ཟོས་ནས་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་ནོ་ཞེས་གསུངས་པ་དང་། ལུང་རྣམ་འབྱེད་ལས། དགེ་སློང་གིས་ཟས་ཟིན་ཅིང་སྤངས་ཏེ། ཞེས་གསུངས་པས་སོ། །ནད་པས་འཕྲོད་པའི་ཟས་འདིའམ་འདི་ནས་བྱིན་ཅིག་ཅེས་བརྗོད་པ་ལ་ནི་ལྟུང་བ་མེད་དོ། །དཔེར་ན་ཕོ་བའི་དྲོད་ཆུང་བས་ཚོས་པ་བྱིན་ཅིག་ཅེས་པ་དང་། དྲོད་ཆེ་བས་རློན་པ་ལྟ་བུ་བྱིན་ཅིག་ཅེས་བརྗོད་པའོ། །བདག་ཉིད་ལ་ནད་པའི་འདུ་ཤེས་དང་། ཟས་ལ་སྨན་གྱི་འདུ་ཤེས་ཉེ་བར་བཞག་སྟེ་བཟའ་བར་བྱའོ། །ཆགས་པའི་གཉེན་པོ་ནི་ཟས་ལ་དྲན་པ་བཅུ་པོ་ཡང་བཞག་སྟེ་བཟའོ། །དྲན་པ་བཅུ་པོ་ཇི་ལྟར་ཉེ་བར་བཞག་ཅེ་ན། ཟས་འདི་མི་གཙང་བ་ལུད་ལ་སོགས་པ་ལས་འབྱུང་བ་དང་། འབྲས་ཆན་ནི་སྲིན་བུ་དང་འདྲ་ཞིང་། ཕྱེ་ནི་རུས་ཕྱེ་དང་འདྲ་བ་དང་། ཟས་ཟོས་ནས་བད་ཀན་དང་། སྣབས་དང་། རྣག་ཁྲག་ལ་སོགས་པར་འགྱུར་བ་དང་། ཟས་ཀྱི་ཕྱིར་རྒོལ་བ་རྣམས་དང་འབྲེལ་བ་སྟེ། ཟས་གྱི་ཕྱིར་མ་དང་བུ་འཐབ་པར་བྱེད་པ་ལ་སོགས་པ་ཉིད་དང་། ཟས་ནི་བཤང་གཅི་ལ་སོགས་པ་ཤིན་ཏུ་སྨད་པ་དག་དང་རྒྱུ་མཐུན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་པ་ཞིང་ལ་སོགས་པ་ལ་བརྟེན་ཏེ་ཟས་འབྱུང་ལ། ཟས་ལ་བརྟེན་ཏེ་སྲེད་པ་ལ་སོགས་པ་ཉོན་མོངས་འབྱུང་བ་དང་། ཟས་དེ་བརྩལ་བ་ཚེགས་ཆེན་བསྒྲུབ་དགོས་པ་དང་། ཟས་འདི་བྱིན་ལེན་དང་གཡོས་ལ་སོགས་པ་གཞན་ལ་རག་ལས་པ་ཉིད་དང་། ཟས་ལོག་པར་ཞུ་ན་རིམས་ལ་


K8Z004_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ནད་་དང་བཅས་པ་ཉིད་དང་། ཟས་དེ་ཆ་རྣམ་པ་བཞི་པོ་སོ་སོར་འགྲོ་བར་འགྱུར་ཏེ། ཟས་ཀྱི་ཆ་གཅིག་ནི་ལུས་ཀྱི་མེས་བསྲེགས། ཆ་གཉིས་པ་ནི་བཤང་གཅིར་འགྱུར། ཆ་གསུམ་པ་ནི་སྲིན་བུ་རྣམས་ཀྱིས་ཟ། ཆ་བཞི་པ་ནི་ལུས་བརྟས་པའི་རྐྱེན་དུ་འགྱུར་བ་ཉིད་དེ་བཅུ་པོ་དེ་དག་གིས་ཟས་ལ་མི་མཐུན་པ་ཉིད་དུ་དྲན་པ་ཉེ་བར་བཞག་པར་བྱའོ། །དྲན་པ་ཉེ་བར་གནས་པས་བཟའ་བར་བྱའོ། །སེམས་རྣམ་པར་མ་གཡེངས་པས་བཟའ་བར་བྱའོ། །ཤེས་བཞིན་གྱི་སྒྲ་བསྐྱུངས་ཤིང་བཟའོ། །སྒྲ་དེ་མི་བྱ་བར་བཟའོ། །སྒྲ་མི་དབྱུང་བར་ཐུག་པ་དག་བཏུང་ངོ་། །སྒྲ་ཁྲུམ་ཁྲུམ་མི་བྱ་བར་རོ། །ཟས་ལྡད་པ་ན་སྒྲ་དབྱུང་བ་དག་ཆུ་ལ་སོགས་པས་སྙི་བར་བྱའོ། །ཟ་བ་དེའི་དོན་དུ་རོལ་མོ་བྱེད་དུ་མི་གཞུག་གོ། །ཊཱི་ཀ་ལས། ཁང་པའི་དུས་སྟོན་དང་མཆོད་རྟེན་ལ་རོལ་མོ་བྱེད་དུ་བཅུག་པ་ལ་ནི་ལྟུང་བ་མེད་དོ། །ཞེས་སོ། །ཆོས་བཤད་པ་དང་ཡོན་བཤད་བྱེད་པ་ཉིད་ན་བཟའ་བར་མི་བྱའོ། །ཡོན་བཤད་པ་དེ་སོ་སོར་རིག་པར་བྱའོ། །དགེ་སློང་རྣམས་སྔར་གདུགས་ཚོད་གསོལ་ཟིན་ནས་ཡོན་བཤད་བྱེད་པ་ན་དགེ་སློང་འགའ་ཕྱིས་འོང་སྟེ། ཡོན་འཆད་ཀྱི་བར་དུ་མ་ཟོས་ན་ཕྱིས་འོང་སྟེ་དྲོ་ཡོལ་བར་འགྱུར་བ་ལྟ་བུ་དུས་ལས་ཡོལ་བར་གྱུར་ན་ཚིགས་སུ་བཅད་པ་གཉིས་སམ་གསུམ་བཤད་པ་བྱེད་ཀྱི་བར་དུ་བཟའ་བར་མི་བྱའོ། །བརྒྱད་པ་ནི། ཟན་ཟོས་ནས་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་ནོ། །ཟོས་ནས་མགྲོན་དུ་འབོད་པ་པོ་སྦྱིན་བདག་ལ་ཡོན་བཤད་པ་དང་ཆོས་བཤད་པར་བྱའོ། །དགེ་སློང་ཐམས་ཅད་ཀྱིས་ཟོས་ཟིན་པ་ཉིད་དུ་ངེས་པར་ཤེས་ནས་ཡོན་བཤད་དང་ཆོས་བཤད་བྱའོ། །ཇི་ལྟར་ཤེས་པར་བྱ་ཞེ་ན། ཀུན་ཏུ་ལྟ་བས་སོ། །དགེ་སློང་དུ་མ་ཉིད་ཡིན་ན་གྲལ་གྱི་དང་པོས་ཡོན་བཤད་དང་ཆོས་བཤད་བྱའོ། །གྲལ་གྱི་དང་པོས་


K8Z004_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་ན་ནུས་པ་གཞན་ལ་བཅོལ་ལོ། །གལ་ཏེ་ཡོན་དང་ཆོས་བཤད་པ་མ་བྱས་པར་དགེ་སློང་རྣམས་འགྲོ་བའི་རྐྱེན་བྱུང་ན་ཡོན་འཆད་པར་བྱེད་པ་ལ་འཁོར་ཐ་ན་དགེ་སློང་བཞི་ཡན་ཆད་སྦྱིན་ནོ། །འགྲོ་དགོས་པའི་རྐྱེན་བྱུང་ན་གང་གི་འཁོར་དུ་བདག་ཉིད་བྱིན་པ་ཡོན་འཆད་པ་པོ་དེ་ལ་ཞུས་ཏེ་འཁོར་དེ་དེ་ནས་འགྲོ་བར་བྱའོ། །ཡོན་འཆད་པ་ན་ཀླུ་རྒྱལ་དགའ་བོ་དང་ཉེ་དགའ་དག་གི་མིང་སྨོས་པར་བྱའོ། །གསུམ་པ་ནི། དགེ་སློང་བ་ལང་བདག་ལྟ་བུ་མིད་པ་གཉིས་པས་དུས་མ་ཡིན་པའི་ཚེ་སྒྲེག་པ་དག་བྱུང་ན་དང་པོར་གཉིས་སམ་གསུམ་ཕྱིར་བོར་ཏེ་ཁ་བཀྲུས་ནས་སྒྲེག་པ་ཕྱི་མ་མིད་པར་བྱའོ། །སྒྲེག་པ་དེ་ནི་ཟས་མ་ཡིན་པ་མ་ཡིན་ནོ། །སྒྲེག་པ་དེ་ཟས་ཡིན་པ་དེའི་ཕྱིར་མིད་པ་གཉིས་པ་ཅན་ལས་གཞན་གྱི་ནི་དུས་མ་ཡིན་པ་དང་། སྤངས་པའི་ཚེ་སྒྲེག་པ་བྱུང་ན་ཐམས་ཅད་ཕྱིར་བོར་ཏེ་ཁ་བཀྲུ་བར་བྱའོ། །མཆིལ་མའི་སྣོད་ལ་སོགས་པ་མ་བཤམས་པའི་ས་ཕྱོགས་སུ་མཆིལ་མ་དོར་བར་མི་བྱའོ། །བྱི་དོར་བྱས་པ་ཡང་མཆིལ་མ་དོར་བར་མི་བྱའོ། །སོས་ལྕེ་བཙིར་ཏེ་མཆིལ་མ་དོར་བར་མི་བྱའོ། །མཆིལ་མ་དོར་བ་དེ་དང་དེའི་སྒྲ་དཀོན་མཆོག་དང་བླ་མའི་དྲུང་དུ་མི་བྱའོ། །གཞན་ཟས་ཟ་བའི་དྲུང་དུ་ཡང་མི་བྱའོ། །དཀོན་མཆོག་དང་བླ་མ་དང་ཟས་ཟ་བ་གསུམ་བསྟན་ཟིན་པའི་ལྷག་མའི་དགེ་སློང་དང་ཁྱིམ་པ་ལ་སོགས་པ་གཞན་གྱི་དྲུང་དུ་དེ་དང་དེའི་སྒྲ་ཡང་དང་ཡང་མི་བྱའོ། །མཆིལ་མ་དོར་བ་དེ་དང་དེའི་སྒྲ་བྱ་བ་བཀག་པ་དེ་བསྲུང་བར་མི་ནུས་ན་གཞན་དུ་འགྲོ་བར་བྱའོ། །སྤྱིར་ན་གཞན་ལ་མི་བདེ་བར་མི་བྱའོ། །བྱེ་བྲག་ངུར་སྒྲ་ཅན་གྱིས་ཉལ་བར་མི་བྱའོ། །ངུར་སྒྲ་ཅན་དེས་བཅག་པའམ་གཞན་དུ་འགྲོ་བར་བྱའོ། །མཆིལ་མ་དེའི་སྣོད་ནི་གླང་པོ་ཆེའི་རྨིག་མཐིལ་ལྟ་བུའམ་བརྩེགས་མའོ་སྟེ། ཊཱི་ཀ་ལས། ལྕགས་སྒྱེད་


K8Z004_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟེང་དུ་ཆོལ་ཟངས་བཞག་པའོ། །ཞེས་སོ། །མཆིལ་མའི་སྣོད་དེ་ཉེ་བར་བཞག་པར་བྱའོ། །མཆིལ་མའི་སྣོད་དེར་སོ་ཕག་གིིི་ཕྱེ་མ་ཕའམ། བྱེ་མའམ་ཐལ་བ་དག་གི་ཅལ་བླུགས་སོ། །མཆིལ་མའི་སྣོད་དེའི་སྦྲང་བུ་དག་བསྐྲད་པ་ནི་གཉེན་པོ་ཡིན་ནོོ། །སྣོད་དེར་དྲི་ང་བར་མི་འགྱུར་བ་དང་། སྲོག་ཆགས་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར་དུས་དུས་སུ་བཀྲུ་བ་དང་བསྐམ་པར་བྱའོ། །མཆིལ་སྣོད་བཀྲུ་སྐམ་དེའི་དུས་ཀྱི་ཆེད་དུ་མཆིལ་སྣོད་ཐེབ་གཞན་ཉེ་བར་བཞག་གོ། །མི་བྲེལ་བར་བྱ་བའི་ཕྱིར་གཙུག་ལག་ཁང་གི་གྲྭའི་ཀ་བ་བཞི་པོ་དག་གི་ངོས་སུ་ཡང་མཆིལ་མའི་སྣོད་དག་བཞག་པར་བྱའོ། །རླུང་གི་ལས་འཕྱེན་སྒྲ་དང་བཅས་པར་མི་བྱའོ། །དཀོན་མཆོག་དང་བླ་མའི་མདུན་དུ་སྒྲ་མེད་པར་ཡང་མི་བཏང་ངོ་། །དཀོན་མཆོག་དང་བླ་མ་ལས་གཞན་གྱི་དྲུང་དུ་ཡང་དང་ཡང་དུ་མི་བཏང་ངོ་། །ཤིང་ལྗོན་པའི་དྲུང་དུ་བཤང་བ་དང་གཅི་བ་དག་མི་བྱའོ། །ནགས་འཐུག་པོས་ཁྱབ་པའི་དགོན་པར་ཤིང་ལྗོན་པ་དེ་དག་གིས་ཁྱབ་ཅིང་། ཤིང་དྲུང་ལས་གཞན་དུ་བྱ་བའི་སྐབས་མེད་པ་ཉིད་ཡིན་ན་མ་གཏོགས་སོ། །ཚེར་མ་ཅན་གྱི་དྲུང་དུ་ཡང་མ་གཏོགས་ཏེ་དེར་སྐྱེ་བོ་དག་མི་འདུ་བའི་ཕྱིར་རོ། །བཤང་བའི་སྐྱབས་བྱའོ། །གང་དུ་ན་གལ་ཏེ་གཙུག་ལག་ཁང་དུ་ན་ནུབ་བམ་བྱང་གི་ངོས་སུའོ་སྟེ། གཙུག་ལག་ཁང་གི་རྒྱབ་བམ་གཡོན་གྱི་ངོས་སུ་ཞེས་པ་སྟེ། མདུན་རྒྱབ་གཉིས་ནི་རྒྱབ་ཀྱི་ཕྱོགས་དམན་ཞིང་གཡས་གཡོན་གཉིས་ཀྱང་གཡོན་གྱི་ཕྱོགས་དམན་པས་ཕྱོགས་ནི་དམན་ཤོས་གང་ཡིན་དེ་གཉིས་སུ་བྱ་བ་དམན་པའི་སྐྱབས་དེ་བྱ་བར་གསུངས་ཞེས་སོ། །གསོང་སྡོང་ནི་ཁུང་ལ་གཏོར་ཁུང་གི་ཝ་བཙུགས་པའམ། ཕུགས་རྡུགས་གཏོར་ཁུང་གི་ཝ་མ་བཙུགས་པར་ཁུང་ཉི་ཚེ་བསྐོས་པ་སྟེ་ཆབ་ཁུང་དེ་གཉིས་གང་རུང་བྱའོ། །ཡང་ཐོག་ན་ཆབ་ཁུང་


K8Z004_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བཏོད་ན་ནི་འོག་ཏུ་ཤིང་ཚེར་མ་ཅན་དག་བསྐྱེད་པར་བྱའོ། །ཆབ་ཁུང་གི་ནང་གི་ས་གཞིའི་སྟེང་དུ་བུ་གུའི་ཉེན་ཀོར་དུ་རྐང་རྟེན་དག་གཞུག་གོ། །དེང་སང་མདོ་རྩ་བའི་དཔེ་རྣམས་ལས་རིལ་བ་སྤྱི་བླུགས་བཞག་པར་བྱའོ་ཞེས་སྣང་ཡང་། རིལ་བ་སྦྱི་བླུགས་བཞག་པར་བྱའོ་ཞེས་ལུང་དང་མདོ་རྩ་བའི་འགྲེལ་པ་གསུམ་ཆར་དང་ཕྲན་ཚེགས་འགྲེལ་པ་ལས་བཤད་དོ། །ཆབ་ཁུང་སའི་སྒོ་བསྣོལ་མར་གཏོད་དོ། །སྒོ་གླེགས་གཞུག་གོ། །ཡང་མིག་དང་སྒོ་གཏན་དག་ཀྱང་གཞུག་གོ། །ཆབ་ཁུང་ནང་དུ་གཞུག་པར་འདོད་པས་སྒྲ་བྱའོ། །ཆབ་ཁུང་དེར་ཞུགས་ཟིན་པས་ཀྱང་ཐོས་ནའོ། །ཆབ་ཁུང་སར་གོས་ལེགས་པར་བརྫེས་པས་ཤེས་བཞིན་དུ་འཇུག་པར་བྱའོ། །ཁུང་གི་དཀྱིལ་དུ་འདུག་པར་བྱའོ། །རྐང་རྟེན་གཉིས་ལ་བཤད་པས་མི་གོས་པར་ཁད་ཀྱིས་བྱའོ། །རང་ཤུགས་སུ་མི་འོང་ན་བསྡད་ཅིང་མཐུས་བཙིར་བར་མི་བྱའོ། །ཤུགས་ཀྱིས་འོང་ན་དགག་པར་མི་བྱའོ། །མི་འོང་ན་བསྡད་པ་གཞར་འབྲུམ་གྱི་རྒྱུ་ཡིན་ཅིང་། འོང་ན་དགག་པ་འོར་གྱི་རྒྱུ་ཡིན་པར་སྨན་དཔྱད་ཡན་ལག་བརྒྱད་པ་ལས་བཤད་དོ། །ཆབ་ཁུང་དེ་དང་འབྲེལ་བ་བཤང་བ་བྱ་བའི་དོན་ལས་གཞན་པས་དེའི་དྲུང་དུ་འདུག་པར་མི་བྱའོ། །རྐང་པ་བཀྲུ་བ་དང་འཐོར་འཐུང་བྱ་བ་དག་ཏུ་ཡང་དེ་བཞིན་ནོ་སྟེ། དེ་དང་འབྲེལ་བའི་དོན་ལས་གཞན་པས་དེ་དག་གི་དྲུང་དུ་འདུག་པར་མི་བྱའོ། །དགེ་སྐོས་ཀྱིས་དགེ་འདུན་གྱི་བཤང་གཅིའི་སྐྱབས་གཉིས་དང་། རྐང་ཁྲུས་ཀྱི་ས་དང་། འཐོར་འཐུང་གི་ས་དག་ཉི་མ་རེ་རེ་ཞིང་བྱི་དོར་བྱའོ། །བཤད་པའི་སྐྱབས་དེར་ས་དང་ལོ་མ་བཞག་པ་དགེ་སྐོས་ཀྱིས་ཡང་ངོ་། །ལོ་མ་ནི་ཕྱི་བར་བྱ་བའི་བོང་རྡོག་ལ་སོགས་པ་དག་གི་དཔེ་ཡིན་ནོ། །གཅིན་གཅི་བའི་ཕྱོགས་མ་ཡིན་པར་གཅི་བར་མི་བྱའོ། །དུ་མར་གཅི་བར་མི་བྱའོ། །གཅི་བའི་རྒྱུན་གྱི་ཁུང་རྐོར་གཞུག་གོ། །གཅི་བའི་སྐྱབས་བྱའོ། །གང་ན་བྱ་ན་བཤང་བའི་སྐྱབས་དེའི་གློར་རོ། །གཅི་བའི་སྐྱབས་ནི་ཕུགས་རྡུགས་ལ་ཝ་གཞུག་


K8Z004_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །གཞན་ནི་བཤང་བའི་སྐྱབས་དང་འདྲའོ། །རྒྱུ་གཟེར་ལ་སོགས་པ་འཁྲུ་བའི་ནད་ཅན་ལ་ནི་ནད་པ་ངལ་བ་སྤང་བའི་ཆེད་དུ་ཁྲིའུའི་བུ་གུ་བྱའོ། །བུ་གུ་ཇི་ལྟར་བྱ་ཞེ་ན། ཁྲིའུ་ཐག་མ་བརྒྱུས་པ་རྣམས་དབུས་ནས་ཐག་མ་ཕན་ཚུན་དུ་བཤུགས་པས་དབུས་སུ་མཐོང་གདོད་པས་སོ། །བཤུགས་མི་ཐུབ་ན་ཐག་མ་དེ་གཅོད་དོ། །གལ་ཏེ་རྐུབ་རུས་ན་ཐན་ཀོར་དུ་ལོ་མའི་ཆང་བུ་དག་གཞུག་གོ། །འཁྲུ་བའི་ཆེད་དུ་གནས་ཁང་ལ་སོགས་པའི་ས་བརྐོ་མི་རུང་བས་ས་བསྣད་པ་བསྲུང་བར་བྱའོ། །ས་བསྣད་བསྲུང་བྱ་དེའི་ཕྱིར་ཁྲིའུའི་བུ་ག་དེའི་འོག་གཞིར་གྱོ་མོ་བཟེད་པར་བྱའོ། །གྱོ་མོ་ཧ་ཅང་མི་མཐོ་བ་བཟང་ངོ་། །གྱོ་མོ་དེ་དྲི་ང་བར་མི་འགྱུར་བའི་ཕྱིར་དུས་དུས་སུ་བཀྲུ་བ་དང་། བསྐམ་པ་དང་། ཡུངས་མར་གྱིས་བསྐུ་བར་བྱའོ། །བསྐྲུ་བ་སོགས་དེའི་དུས་ཀྱི་ཆེད་དུ་གྱོ་མོའི་ཐེབ་གཞན་བསྒྲུབ་བོ། །གྱོ་མོའི་ཐེབ་གཞན་མ་འབྱོར་ན་གཞི་ཉིད་དུ་ལོ་ཆུན་བཞག་པར་བྱའོ། །བཤང་བ་བྱས་ནས་དེ་བྱེད་པའི་བཤང་བའི་ལམ་ཕྱི་བར་བྱའོ། །ཅི་ཞིག་ཕྱི་ན། རྫས་རྣོན་པོ་དང་རྩྭའི་ཆངས་པ་མ་ཡིན་པས་སོ། །ཕྱི་བ་འདི་ལ་རས་མ་དང་། ལོ་ཆུན་དང་། ལོ་མའི་ཆང་བུ་དང་། ཤིང་དང་། བོང་རྡོག་དག་བཟང་བ་ཉིད་དོ། །ས་གཉིས་ཀྱིས་བཀྲུ་བར་བྱའོ། །ཞེས་པའི་སྐབས་འདིར་འོད་ལྡན་ལས། ཐ་སྙད་པ་ཕྱིའི་གཙང་སྦྲ་དང་། དོན་དམ་པ་ནང་གི་གཙང་སྦྲ་གཉིས་གསུངས་པ་སྟེ། རྩ་བ་སུམ་བརྒྱ་པ་ལས། བཅོམ་ལྡན་ནང་གི་གཙང་སྦྲ་གསུངས་པ་ནི། །ལུས་ལ་སོགས་པའི་སྡིག་སྤང་གང་ཡིན་པའོ། །ཞེས་བཤད་དོ། །ཕྱིས་ནི་ས་ཕུང་གིས་བཀྲུ་བ་དེ་ཇི་ལྟར་བྱ་ཞེ་ན། བཤང་བ་བྱེད་པའི་སྔ་རོལ་ཏུ་སྔར་བཞག་པའི་ས་མ་འདྲེས་པ་དག་གིས་ཕྱིས་བཀྲུ་བར་བྱའོ། །འཐོར་འཐུང་བྱ་བའི་ཆེད་དུ་འཐོར་འཐུང་གི་རྐང་རྟེན་དག་ཁྲུས་ཆུའི་ཟེར་མ་དག་གིས་མི་ཉམས་པ་ཉིད་ཀྱིས་དལ་བུ་དལ་བུས་བཀྲུ་བཤལ་བྱའོ། །སའི་ཕུང་པོ་བདུན་པོ་དག་གིས་ལག་པ་གཡོན་པ་བཀྲུའོ། །ས་ཕུང་གཞན་བདུན་གྱིས་ནི་ལག་པ་གཉིས་ཀ་
བཀྲུའོ། །དེའི་རྗེས་ལ་ལག་ངར་གཉིས་ཀྱང་བཀྲུའོ། །དེའི་འོག་ཏུ་ཡང་ལག་པ་གཉིས་སས་བཀྲུའོ། །དེའི་རྗེས་ལས་གཞན་གྱིས་རིལ་བ་སྤྱི་བླུགས་བཀྲུའོ། །དེ་ནས་རྐང་པ་གཉིས་བཀྲུའོ། །ལྟོ་འཛག་པས་ནི་འཛག་པ་ཐ་མ་མཐར་ཐུག་པའི་མདུན་རོལ་མཛག་པ་མ་ཆད་པའི་གནས་སྐབས་དག་ཏུ་བཤང་བ་བྱེད་པའི་རྗེས་ལ་རས་མ་ལ་སོགས་པས་ཕྱི་ཙམ་དུ་བྱས་ཏེ་ས་ལ་སོགས་པས་མ་བཀྲུས་པར་འདུག་པ་ལ་ཉེས་པ་མེད་དོ། །འཛག་པ་ཆད་པའི་རྗེས་ལ་ནི་སྔར་བཞིན་བཀྲུའོ། །ལྟོ་འཛག་པ་དེ་ལས་གཞན་པས་ནི་ཆུ་ཡོད་ན་འཐོར་འཐུང་མ་བྱས་པར་འདུག་པར་མི་བྱའོ། །སྨན་གྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ།། །།འདིར་སྨྲས་པ། རྨོངས་ཆེན་ཨ་མྲའི་ནགས་ཀླུང་ཉམ་ང་བར་། །ལེགས་བཤད་ལ་སྡང་གཅན་གཟན་གཏུམ་པོས་གཏམས། །འདི་ལྟའི་དབུས་སུ་ངེས་འབྱུང་དྲག་པོ་ཡིས། །ལེགས་པར་བདས་པའི་ལྷག་བསམ་རི་དྭགས་གང་། །བག་ཡངས་དོན་མཐུན་རྒྱུ་བའི་རིགས་མིན་ཀྱང་། །ལས་ཀྱི་དབང་གིས་དུས་ཀྱི་ཆད་པས་མནར། །དེ་ལྟ་མོད་ཀྱང་བསྟན་པའི་སྙིང་པོ་ནི། །སེམས་ལ་བཞག་པའི་འགྲོས་ཚུལ་མང་དུ་ཤེས། །ཕྲག་དོག་མཆེ་བའི་ལམ་ནས་རིང་གྲོལ་ཅིང་། །མ་རུངས་གཏུམ་པོར་བློ་གྲོས་བྱམས་བྱས་ཏེ། །བདེ་བའི་དབུགས་འབྱིན་གསུང་རབས་སྒྲོག་བཞིན་པར། །པད་སྔོན་བཞད་པའི་ལྷུན་པོར་ཐར་ཏེ་སོང་། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། སྨན་གྱི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།


previousསྨན་གྱི་གཞི།next