Nitartha Digital Library
Tibetan
 
previousལས་ཀྱི་གཞི།next

ལས་ཀྱི་གཞི།


K8Z004_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་ཆོ་ག་ཁྱད་ཅན་ལས་ཀྱི་གཞི་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལས་ཀྱི་ཆོ་གའི་དགོས་པ་ནི། རང་རང་གི་ལས་འཆགས་ཤིང་དེ་ལ་བརྟེན་ནས་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལྟ་བུའོ། །གཉིས་པ་བསྡུས་པའི་དོན་ལ་གཉིས་ཏེ། ལས་འཆགས་པ་ལ་དགོས་པ་ཚོགས་པའི་བསྡུས་དོན་དང་། ལས་ཀྱི་ངོ་བོའི་བསྡུས་དོན་ནོ། །དང་པོ་ལ་ལྔ་སྟེ། གཞིའི་ཡན་ལག་དང་། བསམ་པའི་ཡན་ལག་


K8Z004_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལས་ཀྱི་ཆོ་གའི་ངོ་བོ་དང་། ལས་ཉམས་སུ་མྱོང་བའི་ཚད་དང་། ལས་འཆགས་པའི་དུས་སོ། །དང་པོ་ལ་གསུམ་སྟེ། བློས་མཐུན་པར་བྱེད་པ་དགེ་འདུན་གྱི་གཞི་དང་། རྗོད་པར་བྱེད་པ་ལས་མཁན་གྱི་གཞི་དང་། བསྒྲུབ་པར་བྱ་བ་དོན་གྱི་གཞིའོ། །དང་པོ་ལ་གསུམ་སྟེ། གྲངས་ཚང་བ་དང་། ཁ་སྐོང་བར་འོས་པ་དང་། མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པའོ། །དང་པོ་ནི། གྲངས་ཚང་གི་བྱེ་བྲག་མི་འདྲ་བ་བཅུ་གཅིག་སྟེ། བཞི་བཅུ་ཉི་ཤུ་དང་ནི་ཉི་ཤུ་རྩ་གཉིས་དང་། བཅུ་གཉིས་ནས་ནི་བཞི་ཡི་བར་ཏེ་བདུན་མ་གཏོགས། ཞེས་བཟུང་སྟེ། དེ་ཡང་བཞི་བཅུའི་གྲངས་ཚང་དང་། ཉི་ཤུའི་གྲངས་ཚང་ནི་དགེ་སློང་མའི་དབྱུང་བ་དང་། དེ་གཉིས་ཕའི་དབྱུང་བ་ལ་སྟེ། སོ་སོར་ཐར་པའི་མདོ་གཉིས་ལས། གོ་རིམ་བཞིན་དུ་གང་ན་གཉིས་ཀའི་དགེ་སློང་བཞི་བཅུའི་ཚོགས་པ་ཡོད་པ་དེར་དགེ་སློང་མ་དེ་དབྱུང་བར་བྱའོ་ཞེས་པ་དང་། གང་ན་དགེ་སློང་ཉི་ཤུའི་ཚོགས་ཀྱི་དགེ་འདུན་ཡོད་པ་དེར་དགེ་སློང་དེ་དབྱུང་བར་བྱའོ་ཞེས་གསུངས་སོ། །ཉི་ཤུ་རྩ་གཉིས་ཀྱི་གྲངས་ཚང་ནི་ཡུལ་དབུས་སུ་བུད་མེད་བསྙེན་པར་རྫོགས་པར་བྱེད་པ་ལ་དགེ་སློང་བཅུ་དང་དགེ་སློང་མ་བཅུ་གཉིས་ཀྱི་གྲངས་ཚང་བའོ། །བཅུ་གཉིས་ཀྱི་གྲངས་ཚང་བ་ནི་དགེ་སློང་མའི་བསྙེན་རྫོགས་ཀྱི་སྔོན་རོལ་གྱིས་བསྩལ་བའི་སྡོམ་པ་དང་། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་གཉིས་དང་། འཁོར་དང་འཁོར་མང་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་སྟེ་རྣམ་པ་བཞི་ལའོ། །བཅུ་གཅིག་གི་གྲངས་ཚང་བ་ནི་ཡུལ་མཐའ་འཁོབ་ཏུ་བུད་མེད་བསྙེན་པར་རྫོགས་པ་ལ་དགེ་སློང་ལྔ་དང་། དགེ་སློང་མ་དྲུག་གི་གྲངས་ཚང་བའོ། །བཅུའི་གྲངས་ཚང་བ་ནི་སྐྱེས་པ་ཡུལ་དབུས་སུ་ད་ལྟར་གྱི་ཆོ་གས་བསྙེན་རྫོགས་བྱེད་པ་ལའོ། །དགུའི་གྲངས་ཚང་ནི་དགེ་སློང་མའི་དགག་དབྱེ་བྱེད་པ་ལ་དགེ་སློང་ལྔ་དང་། དགེ་སློང་མ་བཞིའི་གྲངས་ཚང་བའོ། །བརྒྱད་ཀྱི་གྲངས་ཚང་


K8Z004_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་དགེ་སློང་མའི་མགུ་བ་སྦྱིན་པ་ལ་སྟེ། དགེ་སློང་བཞི་དང་དགེ་སློང་མ་བཞིའི་གྲངས་ཚང་བའོ། །དྲུག་གི་གྲངས་ཚང་བ་ནི་ཡུལ་མཐའ་འཁོབ་ཏུ་སྔོན་རོལ་གྱི་སྡོམ་པ་གཉིས་དང་། འཁོར་དང་འཁོར་མང་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་གཉིས་ཏེ། རྣམ་པ་བཞི་ལ་དགེ་སློང་མ་དྲུག་གི་གྲངས་ཚང་བ་ཊཱི་ཀས་མདོར་བསྡུས་སྦྱར་བའོ། །ལྔའི་གྲངས་ཚང་ནི་སྐྱེས་པ་ཡུལ་མཐའ་འཁོབ་ཏུ་ད་ལྟར་གྱི་ཆོ་གས་བསྙེན་རྫོགས་བྱེད་པ་དང་། དགེ་སློང་གི་དགག་དབྱེ་བྱེད་པ་ལའོ། །བཞིའི་གྲངས་ཚང་ནི་དེ་དག་མ་གཏོགས་པའི་ལས་ཀྱི་ཆོ་ག་གཞན་ཐམས་ཅད་ལ་སྟེ། ལྷག་མ་དག་གི་ཚེགས་ནི་བཞིའོ་ཞེས་གསུངས་སོ། །ཁྱད་པར་དུ་ཡང་ཊཱི་ཀ་ལས། དགག་དབྱེ་ལ་ནི་དགག་དབྱེ་བྱེད་པར་གཏོགས་པ་ལྔ་ལ་སོགས་པ་དགེ་འདུན་ཉིད་ཡིན་ནོ། །ཞེས་དགག་དབྱེ་ལ་དགེ་སློང་ལྔ་དགོས་པར་གསུངས་པ་ནི། དགག་དབྱེ་བྱེད་པ་པོ་བསྐོ་བ་ན་སྐོ་བྱེད་དགེ་འདུན་བཞིར་ལོངས་ཤིང་། བསྐོ་ཡུལ་དང་ལྔ་དགོས་ཀྱང་བསྐོ་ཡུལ་དེ་ནི་རང་སྐོ་བའི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་མ་ཡིན་པའི་ཕྱིར། ལུང་གཞི་ལས། གང་ན་དགེ་སློང་བཞི་གནས་པར་ནི་དེ་དག་གིས་གསོལ་བ་བྱས་ལ་དགག་དབྱེ་བྱའོ། །ཞེས་གསུངས་པས་དགག་དབྱེ་དངོས་སུ་བྱེད་པ་ན། དགེ་སློང་ལྔ་དགོས་ཀྱང་རང་མ་གཏོགས་པའི་དགེ་འདུན་བཞིར་ལོངས་པའི་ཕྱིར་ན་དགེ་སློང་གི་དགག་དབྱེ་ལ་དགེ་འདུན་གྱི་གྲངས་གྱི་ཁ་སྐོང་ནི་བཞིའི་གྲངས་ཚང་ཉིད་དོ། །དེ་བཞིན་དུ་དགེ་སློང་མ་ཡི་དགག་དབྱེ་ལ་དགེ་སློང་ལྔ། དགེ་སློང་མ་བཞི་སྟེ་དགུ་དགོས་ཀྱང་བསྐོ་ཡུལ་དེ་ནི་སྔར་བཞིན་ཏེ། དགེ་སློང་མའི་དགག་དབྱེ་ལ་གཉིས་ཀའི་དགེ་འདུན་གྲངས་ཀྱི་ཁ་སྐོང་ནི་བརྒྱད་ཀྱི་གྲངས་ཚང་ཉིད་དོ། །འོ་ན་གྲངས་ཚང་དེ་དག་ཇི་སྐད་བཤད་པ་


K8Z004_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མ་ཚང་ན་ལས་འཆགས་སམ་མི་འཆགས་ཞེ་ན། བཞི་བཅུ་དང་། ཉི་ཤུ་དང་། བརྒྱད་དང་། བཞིའི་གྲངས་ཚང་དེ་དག་ནི་གཅིག་མ་ཚང་ན་ཡང་ལས་མི་འཆགས་ཏེ། དགེ་སློང་མའི་སོ་སོར་ཐར་པ་ལས། གཉིས་ཀའི་དགེ་འདུན་བཞི་བཅུར་གཅིག་གིས་མ་ཚང་བའི་ཚོགས་ཀྱིས་དགེ་སློང་མ་དེ་འབྱིན་པར་བྱེད་ན་དགེ་སློང་མ་དེ་ཡང་མ་ཕྱིན་ལ། དགེ་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ། ཞེས་གསུངས་པ་དང་། དགེ་སློང་ཕའི་སོ་སོར་ཐར་པ་ལས། དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱིས་དགེ་སློང་དེ་འབྱིན་པར་བྱེད་ན་དགེ་སློང་དེ་ཡང་མ་ཕྱིན་ལ་ཞེས་གསུངས་པ་དང་། བརྒྱད་མ་ཚང་ན་སྐྱེས་པའམ་བུད་མེད་གང་རུང་གཅིག་དགེ་འདུན་དུ་མི་ཚང་ལ། དགེ་འདུན་མ་ཡིན་པ་ལ་ཡང་མགུ་བ་སྤྱད་པ་མི་འཆགས་སོ་ཞེས་གསུངས་པའི་གནད་དང་། བཞིར་མ་ཚང་ན་ལས་འཆགས་པ་ལ་དགོས་པའི་དགེ་འདུན་བཞི་མ་གྲུབ་པའི་ཕྱིར་རོ། །གྲངས་ཚང་གཞན་རྣམས་ནི་ཇི་སྐད་བཤད་པའི་གྲངས་མ་ཚང་ཡང་བཞིར་ལོངས་དགེ་འདུན་ཙམ་དུ་ཚང་ན་ལས་འཆགས་པ་ཙམ་དུ་འགྱུར་ཏེ། ལུང་ཞུ་བ་ལས། བཙུན་པ་བཅུར་ཡང་མཆིས་ལ་མཆིས་བཞིན་དུ་འདུལ་བ་འཛིན་པ་དང་། བཞིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་ཞེས་བྱ་སྟེ་བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པའོ། །ཞེས་གསུངས་ལ། གཞན་ལའང་དེའི་གནད་ཀྱིས་སྦྱར་རོ། །ཁ་ཅིག་ན་རེ། དབྱུང་བ་ལ་ཉི་ཤུའི་གྲངས་ཚང་དགོས་པར་གསུངས་པ་ནི་ཡུལ་དབུས་སུ་དབྱུང་བ་བྱེད་པ་ལ་དགོངས་པ་ཡིན་གྱི། མཐའ་འཁོབ་ཏུ་གྲངས་དེའི་ཕྱེད་ཀྱིས་དབྱུང་བའི་ལས་འཆགས་ཏེ་བསྙེན་རྫོགས་དང་མཚུངས་པའི་ཕྱིར་


K8Z004_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་ཟེར་རོ། །འོ་ན་ཡུལ་དབུས་སུ་མཐའ་འཁོབ་ཀྱི་གྲངས་ཚང་གིས་བསྙེན་པར་རྫོགས་པར་བྱེད་ན་སྡོམ་པ་སྐྱེ་བ་བཞིན་དུ་ཁྱེད་རང་བཞེད་པའི་མཐའ་འཁོབ་ཀྱི་གྲངས་ཚང་བཅུའི་ཚོགས་ཀྱིས་ཡུལ་དབུས་སུ་དབྱུང་བ་འཆགས་པར་ཐལ་བར་འགྱུར་བ་ལས། སོ་སོར་ཐར་པ་ལས། ཉི་ཤུར་གཅིག་གིས་མ་ཚང་ན་དབྱུང་བ་མི་འཆགས་པར་གསུངས་པ་དང་འགལ་ལོ། །གཉིས་པ་ཁ་སྐོང་བར་འོས་པ་ནི། ལས་འཆགས་པའི་དགེ་འདུན་གྱི་གྲངས་ཀྱིས་ཁ་སྐོང་བར་འོས་པ་སྟེ། དེ་ཡང་ཁ་སྐོང་བའི་ཆོས་བཅོ་ལྔ་ཚང་བ་སྟེ། དེ་ཡང་མི་འདུག་པར་འགྲེང་བ་མ་ཡིན་པ་དང་། སྦྱིན་བསྐོ་ཆད་བཅད་པའི་ལས་གང་ལ་བྱ་བའི་ཡུལ་མ་ཡིན་པ་དང་། འདུན་པ་ཡོངས་དག་འབུལ་བ་ཙམ་མ་ཡིན་པ་སྟེ་མི་འདུག་པར་འགྲེང་བ་ནི་ཞེས་དང་། གང་ལ་བྱ་བ་ཡང་མ་ཡིན་ནོ་དང་། དེའི་ཕྱིར་འདུན་པ་དང་། ཡོངས་སུ་དག་པའི་ཆོ་ག་ལས་མ་ཡིན་ནོ་ཞེས་མདོ་གསུམ་གྱིས་སོ། །བསྙེན་རྫོགས་ཡིན་པ་དང་། ཕམ་པ་མ་བྱུང་བ་དང་། མཚམས་མེད་མ་བྱས་པ་དང་། སྡིག་པའི་ལྟ་བ་ཅན་མ་ཡིན་པ་དང་། ས་གཞན་ན་གནས་པ་མ་ཡིན་པ་དང་། ཐ་དད་པར་གནས་པ་མ་ཡིན་པ་དང་། འཁྲུལ་བ་དང་བཅས་པ་མ་ཡིན་པ་སྟེ་བསྙེན་པར་མ་རྫོགས་པ་དང་། ཉམས་པ་དང་ཞེས་པ་ནས་འཁྲུལ་བ་དང་བཅས་པ་ཡང་ངོ་ཞེས་གསུངས་པས་སོ། །མཚམས་གཞན་ན་གནས་པ་མ་ཡིན་པ་སྟེ་མཚམས་གཞན་ན་གནས་པ་ནི་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ནོ། །ཞེས་གསུངས་པས་སོ། །སངས་རྒྱས་དཀོན་མཆོག་ལས་གཞན་ཡིན་པ་སྟེ་ཁ་སྐོང་བར་བྱེད་པ་ཉིད་མ་ཡིན་ནོ་ཞེས་གསུངས་པས་སོ། །མཚན་མཐུན་པ་སྟེ་འདི་ལ་མཚན་མི་མཐུན་པ་ནི་ཡན་ལག་མ་ཡིན་ནོ་ཞེས་གསུངས་པའི་གནད་ཀྱིས་སྦྱར་ཞིང་། ལུང་ཕྲན་ཚེགས་ལས།


K8Z004_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་གི་ལས་མ་གཏོགས་པར་དགེ་སློང་དང་དགེ་སློང་མ་རྣམས་ཀྱི་ལས་སོ་སོར་གྱིས་ཤིག་ཅེས་གསུངས་པས་སོ། །ལུས་ཐ་མལ་པར་གནས་པ་སྟེ་ལྟུང་བ་བསྐྱེད་པའི་རྟེན་མ་གསུངས་པའི་གནད་ཀྱིས་སྦྱར་རོ། །རིགས་པས་ཀྱང་ལུས་མི་སྣང་བར་བྱས་པའི་སྦྲུལ་སྟག་ཏུ་བསྒྱུར་བ་ལྟ་བུ་ཡིན་ན་དགེ་སློང་སྦྲུལ་སྟག་ཏུ་ཁྲ་ཁྱི་ལེའི་འདུག་པ་དེས་འདུལ་བའི་ཆོ་ག་རྣམ་པར་བཞག་པ་མི་རིགས་པའི་ཕྱིར་རོ། །ཐ་སྙད་གསུམ་དང་ལྡན་པ་སྟེ། སྨྲ་ཤེས། དོན་གོ། ཤེས་པ་རང་བཞིན་དུ་གནས་པའོ། །དེ་ཡང་ལུང་དགག་དབྱེའི་གཞི་ཞུ་བ་ལས། སྨྱོ་བ་དང་། སེམས་འཁྲུགས་པ་དང་། ཚོར་བས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། གཉིད་ལོག་པ་དང་། སྙོམས་པར་ཞུགས་པ་རྣམས་ཀྱི་གྲངས་སུ་བགྲངས་ཏེ་དགག་དབྱེ་བགྱི་ན་དགག་དབྱེ་བྱས་པ་ཞེས་བགྱིའམ། ཨུ་པ་ལི་དགག་དབྱེ་བྱས་པ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ་ཞེས་གསུངས་ཤིང་། དེ་ལྟར་ལུང་ལས་ལྐུགས་པ་དང་ཞེས་པའི་ཤུགས་ཀྱིས་སྨྲ་ཤེས་དགོས་པར་བསྟན་ཏོ། །གླེན་པ་དང་འོན་པ་ཞེས་པའི་ཤུགས་ཀྱིས་དོན་གོ་དགོས་པར་བསྟན་ལ། སྨྱོན་པ་དང་ལ་སོགས་པས་ཤེས་པ་རང་བཞིན་དུ་གནས་དགོས་པར་ཤུགས་ཀྱིས་བསྟན་ཏོ། །བསྡུས་པ་ལས་ཀྱང་། སྨྱོན་པས་ལས་ཀྱི་གྲངས་སུ་བཀོད་ན་བསྙེན་པར་རྫོགས་པ་མ་ཡིན་ནོ། །ཞེས་བཤད་དོ། །འོ་ན་གསོ་སྦྱོང་གི་གཞི་ཞུ་བ་ལས། སྨྱོན་པས་སོ་སོར་ཐར་པའི་མདོ་ཀློག་པར་བགྱིས་ན་གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི་གསོ་སྦྱོང་བྱས་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ། །ཇི་ལྟར་སོ་སོར་ཐར་པའི་མདོ་ཀློག་པ་དེ་བཞིན་དུ་མང་པོར་ཁ་སྐོང་བ་ཡང་རྒྱས་པར་སྦྱར་རོ། །ཞེས་གསུངས་པ་དང་། ལས་ཀྱི་གཞི་ཞུ་བ་ལས་ཀྱང་།


K8Z004_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོན་པས་དགེ་འདུན་གྱི་གྲངས་སུ་ཁ་སྐོང་བས་ཀྱང་ལས་བྱས་ན། ལས་འཆགས་པར་གསུངས་པ་དང་འགལ་ཅེ་ན། སྨྱོ་བས་དགེ་སློང་གི་འདུ་ཤེས་མི་རྙེད་པ་དེས་དགེ་འདུན་གྱི་ཁ་སྐོང་བྱས་ན་ལས་མི་འཆགས་ལ། སྨྱོ་བའི་བག་ཞད་ཅུང་ཟད་ཡོད་ཀྱང་དགེ་སློང་གི་འདུ་ཤེས་རྙེད་པ་དེས་དགེ་འདུན་གྱི་ཁ་སྐོང་བྱས་ན་ལས་འཆགས་པའི་ཁྱད་པར་གྱིས་མི་འགལ་བར་ཤེས་པར་བྱའོ། །དེ་ལྟར་ཁ་སྐོང་གི་ཆོས་བཅོ་ལྔ་པོ་དེ་ལ་དམིགས་ཀྱིས་བསལ་བ་ནི། འདུག་པའི་དམིགས་བསལ་མགྲོན་པོ་མི་སྡོད་ན་འགྲོ་བཞིན་དུ་བྱའོ་ཞེས་པ་དང་། རྐྱེན་དཀའ་བས་འཚོ་བའི་དོན་དུ་གང་ཟག་མང་པོ་འདུས་ཏེ་བག་ཡངས་བྱ་བ་སྟེ། བག་ཡངས་འགའ་ཞིག་དང་རྣམ་པར་དག་པའི་ལས་གསོ་སྦྱོང་ལ་ནི་གང་ལ་བྱ་བ་མ་ཡིན་པ་ཡན་ལག་ཏུ་མི་དགོས་ཏེ། གང་ལ་བྱ་བའི་ཡུལ་དགེ་འདུན་གྱི་ཁོངས་སུ་གཏོགས་པའི་དགེ་སློང་དེ་དག་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་ཡིན་པའི་ཕྱིར་རོ། །ཐ་དད་པར་གནས་པ་རྣམས་ཀྱིས་རང་རང་གི་ལས་བྱེད་པ་ལ་ནི་ཐ་དད་པར་གནས་པ་མ་ཡིན་པ་ཡན་ལག་ཏུ་མི་དགོས་ཏེ། འདི་ལ་སོ་སོ་རང་གི་ལས་ནི་འཆགས་སོ་ཞེས་གསུངས་པས་སོ། །ལྟུང་བ་ཐུན་མོང་བ་བྱིན་གྱིས་རློབ་པའི་ལས་ལ་ནི་འཁྲུལ་བ་དང་བཅས་པ་མ་ཡིན་པ་མི་དགོས་ཏེ། འཁྲུལ་བཅས་དེ་ཉིད་ལས་དེ་འཆགས་པའི་ཡན་ལག་ཡིན་པའི་ཕྱིར་རོ། །དགེ་སློང་མའི་མགུ་བ་དང་དབྱུང་བ་དང་བུད་མེད་བསྙེན་པར་རྫོགས་པར་བྱེད་པའི་ལས་དང་། དགེ་སློང་མའི་དགག་དབྱེ་སྟེ་དེ་རྣམས་ལ་ནི་མཚན་མཐུན་ཁོ་ན་ཡན་ལག་ཏུ་མི་དགོས་ཏེ། ཕྱོགས་གཅིག་ནས་མཚན་མི་མཐུན་པ་ཡན་ལག་ཏུ་དགོས་པའི་ཕྱིར་རོ། །གསུམ་པ་མི་མཐུན་པ་གཉིས་ཀྱི་མི་མཐུན་པ་མེད་པ་ལ་བཟློག་ཕྱོགས་མི་མཐུན་པ་གཉིས་ཏེ་མ་འདུས་པའི་མི་མཐུན་པ་དང་།


K8Z004_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ཕྱིར་བཟློག་གི་མི་མཐུན་པའོ། །དང་པོ་ལ་ཡན་ལག་དྲུག་སྟེ། ལས་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་དང་། ཁ་སྐོང་བར་འོས་པ་དང་། འདུས་སམ་འདུན་པས་མ་འདུས་པ་དང་། གང་ལ་ཆད་ལས་བྱ་བའི་ཡུལ་མ་ཡིན་པ་དང་། སྨྱོས་པའི་གནང་བ་མ་ཐོབ་པ་དང་། ངེས་པར་ཤེས་སམ་འཕྲིགས་པ་ཡིན་པའོ། །དེ་ཡང་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཞེས་པ་ལ་སོགས་པའི་གསུམ་དང་། འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ་ཞེས་པ་དང་། སྨྱོས་པའི་གནང་བ་ཐོབ་པས་ནི་ཞེས་པ་དང་། འཕྲིགས་པས་ཀྱང་མི་མཐུན་པ་ཉིད་དུ་འགྱུར་རོ་ཞེས་གསུངས་སོ། །འདི་ལ་ཚ་རོད་པ་ན་རེ། ཁ་སྐོང་བར་མི་འོས་ཀྱང་འཁྲུལ་བཅས་དང་། གཉིད་ལོག་པ་གཉིས་ཀྱིས་མ་འདུས་པའི་མི་མཐུན་པ་བསྐྱེད་དེ་ཉེས་པ་བསལ་སླ་བའི་ཕྱིར། གཞན་དུ་ན་མ་འདུས་པའི་མི་མཐུན་པ་བསྐྱེད་པ་རྒྱུན་ཆད་དུ་འགྱུར་བས་ཧ་ཅང་ཐལ་ཆེས་སོ་ཞེས་ཟེར་རོ། །འོ་ན་དགེ་སློང་གི་བྱེ་བྲག་མ་འདུས་པར་ལས་བྱེད་པ་ཆོས་ཅན། མ་འདུས་པའི་མི་མཐུན་པ་བསྐྱེད་པ་ལ་ཁ་སྐོང་བར་འོས་པ་ངེས་བཟུང་གི་ཡན་ལག་ཏུ་མི་དགོས་པར་ཐལ། ཁ་སྐོང་བར་མི་འོས་པས་ཀྱང་མ་འདུས་པའི་མི་མཐུན་པ་བསྐྱེད་པའི་ཕྱིར་རོ། །རྟགས་ཁས་བླངས། འདོད་ན། མདོ་རྩ་བ་ལས། ཁ་སྐོང་བར་འོས་པ་ཞེས་དེ་ཡན་ལག་ཏུ་དགོས་པར་གསུངས་སོ། །སྤྱིར་བཏང་ལ་ཁ་སྐོང་བར་འོས་པ་དགོས་ཀྱང་དམིགས་བསལ་འདི་གཉིས་ཉེས་པ་བསལ་སླ་བས་མ་འདུས་པའི་མི་མཐུན་པ་བསྐྱེད་དོ་ཞེ་ན། འོ་ན་ནམ་མཁའ་ལ་ཅུང་ཟད་འཕགས་པ་དེ་ཆོས་ཅན། མ་འདུས་པའི་མི་མཐུན་པ་བསྐྱེད་པར་ཐལ། ཉེས་པ་བསལ་སླ་བའི་ཕྱིར། རྟགས་ནི་ཁྱོད་ཀྱིས་ཁས་བླངས་པ་དེ་དང་རྒྱུ་མཚན་མཚུངས་པར་གྲུབ་ལ་ཁྱབ་པ་ཁས་བླངས་སོ། །འདོད་ན་མཚམས་གཞན་ན་གནས་


K8Z004_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ནོ་ཞེས་སོ། །འཁྲུལ་བཅས་དང་གཉིད་ལོག་པས་མ་འདུས་པའི་མི་མཐུན་པ་མི་བསྐྱེད་ཀྱང་མ་འདུས་པའི་མི་མཐུན་པ་བསྐྱེད་པ་རྒྱུན་ཆད་དུ་ཡང་མི་འགྱུར་ཏེ། འཁྲུལ་བཅས་མ་ཡིན་པ་དང་གཉིད་མ་ལོག་ཅིག་པ་སྐོང་བར་འོས་པས་མ་འདུས་པའི་མི་མཐུན་པ་བསྐྱེད་པའི་ཕྱིར་རོ། །གཉིས་པ་འདུས་པ་ཕྱིར་བཟློག་གི་མི་མཐུན་པ་བསྐྱེད་པ་ལ་ཆོས་བརྒྱད་དེ། ལས་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་དང་། གང་ལ་ཡང་ལས་བྱ་བའི་ཡུལ་མ་ཡིན་པ་དང་། སྤྱོད་ལམ་མ་ཉམས་པ་དང་། རང་བཞིན་དུ་གནས་པ་དང་། ངག་ཡང་དག་པར་བསྡམས་པ་དང་། འདུལ་བར་གཏོགས་པའི་བསླབ་པ་ཤེས་པ་དང་། གང་ལ་བྱ་བ་ཞེ་འགྲས་པ་མ་ཡིན་པ་དང་། ཐོས་པའི་ཉེ་འཁོར་ན་གནས་པའོ། །དང་པོ་བདུན་ནི། ཕྱིར་ཟློག་པར་བྱེད་པ་ཡང་ཞེས་པ་ནས་ནད་དང་བཅས་པ་མ་གཏོགས་པ་ཞེས་པ་ཡན་ཆད་གཞུང་གིས་དངོས་སུ་བསྟན་ལ། ཐ་མ་ནི་དགག་བྱའི་གནད་ཀྱིས་ཏེ། གཞན་དུ་ན་རང་ཚིག་དོན་མེད་དུ་འགྱུར་བའི་ཕྱིར་རོ། །བརྒྱད་པོ་དེ་དག་ལས་གཞན་དུ་ན་ཕྱིར་བཟློག་མི་འཆགས་ཏེ། ཚིགས་རིགས་པར་བཟུང་བར་མི་འོས་པའི་ཕྱིར་རོ། །འོ་ན་སངས་རྒྱས་ཀྱིས་ཕྱིར་བཟློག་ཆགས་སམ་མི་ཆགས་ཞེ་ན། འདི་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁྲ་རུ་ཕྱར་བ་ཆེན་པོ་ན་རེ། སངས་རྒྱས་ཆོས་ཅན། ཕྱིར་བཟློག་མི་འཆགས་ཏེ། ཁ་སྐོང་བར་མི་འོས་པའི་ཕྱིར་རོ། །དེ་ཡང་དགེ་འདུན་གྱི་གྲངས་ཀྱིས་ཁ་སྐོང་བར་མི་འོས་པ་སྟེ། ཁ་སྐོང་བར་བྱེད་པ་ཉིད་ནི་མ་ཡིན་ནོ་ཞེས་གསུངས་སོ། །སྒྲུབ་བྱེད་གཞན་ཡང་རྒྱལ་བ་ནི་མི་མཐུན་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་སྤྱིར་གསུངས་པས་མ་འདུས་པའི་མི་མཐུན་པ་དང་། ཕྱིར་ཟློག་གི་མི་མཐུན་


K8Z004_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་པ་མ་ཡིན་ཅེས་བསྟན་ཏོ་ཞེས་ཟེར་རོ། །དེ་ལྟར་ན་ལུང་གླེང་གཞི་དང་། གཏམ་གྱི་གཞི་དང་། རང་གི་རྣམ་བཤད་དང་། ཊཱི་ཀ་དང་བཞི་པོ་མཐུན་པར་རྒྱལ་བ་ནི་མ་འདུས་པའི་མི་མཐུན་པར་བྱེད་པ་ཉིད་མ་ཡིན་ཅེས་བྱེ་བྲག་ཏུ་གསུངས་པ་དང་འགལ་ལོ། །གང་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་ཡུལ་དགེ་ཚུལ་དེས་ནི་ལས་དེ་ལ་ཕྱིར་བཟློག་མི་འཆགས་པར་ཐལ། ཁ་སྐོང་བར་མི་འོས་པའི་ཕྱིར། གྲུབ་སྟེ། དེ་ཡང་ལས་འཆགས་པར་བྱེད་པའི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་བར་མི་འོས་པའི་ཕྱིར་རོ། །རྩ་ཁྱབ་ཁས་བླངས། འདོད་ན། དགེ་སློང་བྲམ་ཟེའི་བུ་མོ་ལྟ་བུས་ཞུས་པ་ལས། དགེ་ཚུལ་བསྙེན་པར་རྫོགས་པར་བྱ་བས་བདག་ལ་བསྙེན་པར་རྫོགས་པར་མ་བྱེད་ཅིག་ཅེས་ཟེར་ན་ཡང་དེའི་ཕྱིར་བཟློག་པ་བཙན་ནོ། །ཞེས་གསུངས་པ་དང་། མི་ནོད་ན་བྱིན་པ་ཉིད་མ་ཡིན་ནོ་ཞེས་ཀྱང་ངོ་། །གཉིས་པ་རང་ལུགས་བཞག་པ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་ཆོས་ཅན། བྱེད་པ་པོ་རང་སྟོབས་ཀྱི་ཆ་ནས་ཕྱིར་ཟློག་འཆགས་པ་མིན་ཏེ། ཕྱིར་ཟློག་འཆགས་མི་འཆགས་ལ་སོགས་པ་འདུལ་བའི་བཅས་པ་ཐམས་ཅད་ཀྱི་མངའ་བདག་ཡིན་པའི་ཕྱིར་རོ། །སྒྲུབ་བྱེད་གཞན་ཡང་། སངས་རྒྱས་ཀྱིས་ཕྱིར་ཟློག་བྱེད་པའི་ཚིག་གསུངས་ཀྱང་ཕྱིར་ཟློག་མི་འཆགས་ན་སངས་རྒྱས་དོན་མེད་པའི་ཚིག་གསུང་བར་ཐལ་བར་འགྱུར་བ་ལས། སངས་རྒྱས་དོན་མེད་པའི་ཚིག་མི་གསུང་བའི་ཕྱིར་ཏེ། འོད་ལྡན་དུ་མདོ་དྲངས་པ་ལས། སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་དོན་དང་བཅས་ཞེས་གསུངས་སོ། །སྒྲུབ་བྱེད་གཞན་ཡང་དགེ་འདུན་གྱིས་ནི་ཕྱིར་ཟློག་འཆགས་ལ། དགེ་འདུན་གྱི་གསུང་བས་སངས་རྒྱས་ཀྱི་གསུང་བཙན་པའི་ཕྱིར་ཏེ། དེ་ཡང་སངས་རྒྱས་ཀྱི་གསུངས་པ་དགེ་འདུན་ལས་གཡོ་བ་མེད་དོ། །ཞེས་


K8Z004_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་གྲུབ་བོ། །སྒྲུབ་བྱེད་གཞན་ཡང་དགེ་འདུན་གྱིས་ནི་ཕྱིར་ཟློག་འཆགས་ལ། སངས་རྒྱས་ནི་དགེ་འདུན་དང་འདྲའོ་ཞེས་མ་གུས་པའི་ཚུལ་གྱིས་ལྟུང་བྱེད་བསྐྱེད་པ་ལ་འདྲ་བར་གསུངས་པས་འདིར་ཡང་འདྲ་བ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་བ་ནི། རྩོད་པ་དང་པོ། འོ་ན་སངས་རྒྱས་ཆོས་ཅན། མི་མཐུན་པར་བྱེད་པ་ཙམ་ཞིག་ཡིན་པར་ཐལ། བྱེ་བྲག་ཕྱིར་ཟློག་གི་མི་མཐུན་པ་བྱེད་པ་ཡིན་པའི་ཕྱིར། རྟགས་ཁྱབ་མ་གྲུབ་ན་དམ་བཅའ་བུད་ཅིང་། འདོད་ན། རྒྱལ་བ་ནི་མི་མཐུན་པ་བྱེད་པ་ཉིད་མ་ཡིན་ནོ་ཞེས་གསུངས་པས་གནོད་དོ་ཞེ་ན། གཞུང་དེ་ནི་མ་འདུས་པའི་མི་མཐུན་པ་བྱེད་པ་ཉིད་མ་ཡིན་ནོ་ཞེས་བསྟན་པ་སྟེ་སྔར་བཤད་ཟིན་ཏོ། །རྩོད་པ་གཉིས་པ། གཞན་ཡང་ལག་རྡུམ་བསྙེན་པར་རྫོགས་པར་བྱེད་པ་སངས་རྒྱས་ཀྱི་གསུང་གིས་བཀག་བཞིན་དུ་དགེ་འདུན་གྱིས་ལག་རྡུམ་ལ་དགེ་སློང་གི་སྡོམ་པ་སྦྱིན་པའི་ལས་བྱེད་པ་ཆོས་ཅན། ལས་དེ་མི་འཆགས་པར་ཐལ། ལས་དེ་ལ་སངས་རྒྱས་ཀྱིས་ཕྱིར་བཟློག་པ་དེ་འཆགས་པའི་ཕྱིར་རོ། །རྟགས་ཁྱབ་མ་གྲུབ་ན་དམ་བཅའ་བུད་ཅིང་། འདོད་ན། ལས་ཀྱི་ཆོ་ག་ལ་བརྟེན་ནས་སྡོམ་པ་མི་སྐྱེ་བར་ཐལ་བ་ལས། ཊཱི་ཀ་ལས། སྐྱེ་བོའི་ཆོས་ལྷག་མ་བཀག་པ་རྣམས་ཀྱང་བསྟན་པའི་ཕྱིར། ལག་རྡུམ་དང་རྐང་རྡུམ་དང་། ཞེས་བཤད་པ་དང་འགལ་ཅེ་ན། སངས་རྒྱས་ཀྱི་གསུང་གིས་དགག་པའི་བཅས་པ་མཛད་པ་དང་། ལས་ཀྱི་གནས་དེར་དངོས་སུ་བྱོན་ནས་ལས་ལ་ཕྱིར་བཟློག་པ་ཐ་དད་པ་ཡིན་པས་ན། ལས་དེ་ལ་སངས་རྒྱས་ཀྱིས་ཕྱིར་བཟློག་པ་དེ་མ་གྲུབ་བོ། །གཉིས་པ་རྗོད་པར་བྱེད་པ་ལས་མཁན་གྱི་གཞི་ནི། ལས་བྱེད་པ་པོ་དེས་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་ཡང་བྱེད་པའི་དབང་


K8Z004_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ནས་ལས་བྱེད་པ་པོ་ཆོས་གཉིས་ལྡན་དགོས་ཏེ། ཁ་སྐོང་བར་འོས་པ་དང་རང་རང་གི་ལས་ཀྱི་ཆོ་ག་ཤེས་པའོ། །དེ་ཡང་མདོ་རྩ་བ་ལས། དེ་དག་ནི་བྱེད་པ་པོ་ཉིད་མ་ཡིན་ནོ། །ཉམས་ན་མ་བྱས་པ་ཉིད་དོ། །ཞེས་གསུངས་པས་གྲུབ་བོ། །གྲངས་ཀྱི་ཁ་སྐོང་མི་བྱེད་པར་ལས་ཆོག་བརྗོད་པ་འབའ་ཞིག་བྱེད་པའི་དབང་དུ་བྱས་ན་ལས་བྱེད་པ་པོ་ཆོས་བཞི་ལྡན་ཀྱིས་འགྲུབ་སྟེ་གཞུང་གི་སྐབས་འོག་ཏུ་འཆད་དོ། །གསུམ་པ་བསྒྲུབ་པར་བྱ་བ་དོན་གྱི་གཞི་ལ་གཉིས་ཏེ། བསྒྲུབ་བྱ་སེམས་ཅན་ལ་བསྒྲུབ་པ་དང་། བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ལ་བསྒྲུབ་པའོ། །དེ་ཡང་འདུལ་བ་བསྡུས་པ་ལས། དེ་དག་ཀྱང་གཞི་གཉིས་ལ་བསྡུས་པ་ཡིན་ཏེ། སེམས་ཅན་དུ་བགྲངས་པ་དང་། སེམས་ཅན་དུ་བགྲངས་པ་མ་ཡིན་པ་ཞེས་སོ། །བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ལ་གསུམ་ལས། གསོལ་བ་འབའ་ཞིག་པའི་ལས་ཀྱི་བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ནི་ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པར་བྱ་བའི་དངོས་པོ་རས་ཡུག་ལ་སོགས་པ་ལྟ་བུའོ། །གསོལ་གཉིས་ཀྱི་ལས་ཀྱི་བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ནི་མཚམས་པོ་ཆེ་གཅོད་པའི་གཞི་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་ལྟ་བུའོ། །གསོལ་བཞིའི་ལས་ཀྱིས་བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ནི་སྲ་བརྐྱང་དབྱུང་བར་བྱ་བའི་དངོས་པོ་ཆོས་གོས་སྲ་བརྐྱང་ལྟ་བུའོ། །བསྒྲུབ་བྱ་སེམས་ཅན་ལ་བསྒྲུབ་པ་ལ་གཉིས་ཏེ། རབ་བྱུང་མ་ཡིན་པའི་སེམས་ཅན་ལ་བསྒྲུབ་པ་དང་། བསྒྲུབ་བྱ་རབ་ཏུ་བྱུང་བ་ལ་བསྒྲུབ་པའོ། །དང་པོ་ལ་ལྔ་སྟེ། སྔོན་མུ་སྟེགས་ཅན་ལ་ལས་ཀྱིས་གནས་པ་སྦྱིན་པའི་བསྒྲུབ་བྱ་དང་། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པའི་གཞི་གཉིས་དང་། ལྷུང་བཟེད་ཁ་སྦུབ་བསྲང་གཉིས་ཀྱིས་བསྒྲུབ་བྱ་དང་ལྔའོ། །གཉིས་པ་བསྒྲུབ་བྱ་རབ་ཏུ་བྱུང་བ་ལ་བསྒྲུབ་པ་ལ་གཉིས་ཏེ། བསྙེན་པར་


K8Z004_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ལ་བསྒྲུབ་པ་དང་། རབ་བྱུང་བསྙེན་པར་མ་རྫོགས་པ་ལ་བསྒྲུབ་པའོ། །དང་པོ་ལ་བཞི་སྟེ། སྦྱིན་པའི་ལས་ཀྱི་བསྒྲུབ་བྱ་དང་། བསྐོ་བའི་ལས་དང་། ཆད་པས་བཅད་པའི་ལས་དང་། རྣམ་པར་དག་པའི་ལས་ཀྱི་བསྒྲུབ་བྱའོ། །དང་པོ་ནི། སྤྱིར་བཏང་ལ་ཆོས་དགུ་ལྡན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། གནས་ནས་མ་ཕྱུང་བ་དང་། ལྟ་བ་དང་སྤྱོད་པའི་སྒོ་ནས་གཞན་ཕྱོགས་སུ་མ་སོང་བ་དང་། མཚན་མཐུན་པ་དང་། ཚོགས་སུ་མ་ལོངས་པ་དང་། རང་གིས་ལན་གསུམ་གསོལ་བ་འདེབས་པ་དང་། བརྒྱད་པོ་དེ་དག་ནི་སྦྱིན་ཡུལ་ཐུན་མོང་བ་ཆོས་བརྒྱད་ལྡན་ཅེས་བྱའོ། །རང་རང་གི་གཞི་ལེགས་པ་དང་ལྡན་པ་དང་དགུ་སྟེ། དེ་ཡང་ཁང་པའི་གནང་བ་སྦྱིན་པའི་ཡུལ་ས་གཞི་དག་པ་ཉིད་ལེགས་པར་བརྟགས་པ་དང་། སྔར་གནང་བ་བྱིན་པ་དང་མ་འབྲེལ་བ་སྟེ་གཞན་ལ་ཡང་སྐབས་ཅི་རིགས་པས་སྦྱར་རོ། །དེ་རྣམས་ལ་དམིགས་ཀྱིས་བསལ་བ་ནི་འཁོར་དང་འཁོར་མང་གི་གནང་བ་སྦྱིན་པའི་ཡུལ་སྡོམ་པ་གསོར་མི་རུང་བ་མ་ཡིན་པ་རྣམ་པར་དག་པ་དགོས་ཏེ། གཞན་གྱི་རྟེན་རྣམ་དག་གིས་བྱེད་དགོས་པའི་ཕྱིར་རོ། །འཆབ་མེད་ཀྱི་ཕམ་པ་བྱུང་བ་ལ་བསླབ་པ་སྦྱིན་པའི་ཡུལ་ནི་སྡོམ་པ་གསོར་རུང་དང་ལྡན་པ་ཡིན་གྱི། གསོར་རུང་ཡན་ཆད་ཅེས་ནི་མི་བྱ་སྟེ། གསོ་བ་ལ་ཞུགས་ཟིན་པར་བསླབ་པ་བྱིན་པ་དང་། རྣམ་དག་ནི་བསླབ་པ་སྦྱིན་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །སྨྱོས་པའི་གནང་བ་སྦྱིན་པ་ནི་ཡུལ་དེ་ཤེས་པ་རང་བཞིན་དུ་མི་གནས་པ་ལ་འཆགས་ཏེ། ཡུལ་དེ་ཤེས་པ་རང་བཞིན་དུ་མི་གནས་པ་དེཉིད་ཀྱིས་རྐྱེན་དུ་བྱས་ནས་བཅས་པའི་ཕྱིར་རོ། །བཟོད་པར་བྱ་བ་ནི་གནས་ནས་ཕྱུང་


K8Z004_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཡང་འཆགས་ཏེ། གནས་ནས་ཕྱུང་བ་ལ་བཟོད་པར་བྱ་ལ་ཡུལ་གནས་ནས་ཕྱུང་བ་ངེས་བཟུང་གི་ཡན་ལག་ཏུ་དགོས་པའི་ཕྱིར་རོ། །མཐུན་པ་སྦྱིན་པ་དང་། མཐུན་པའི་གསོ་སྦྱོང་སྦྱིན་པ་ནི་ཆོས་གཞན་ཕྱོགས་སུ་སོང་བ་ལ་འཆགས་ཏེ། ཆོས་གཞན་ཕྱོགས་སུ་སོང་བ་ངེས་བཟུང་གི་ཡན་ལག་ཏུ་དགོས་པའི་ཕྱིར་རོ། །དགེ་སློང་མའི་མགུ་བ་དང་། དབྱུང་བ་དང་། བུད་མེད་བསྙེན་རྫོགས་བྱ་བའི་ལས་ནི་མཚན་མི་མཐུན་པ་ལའང་འཆགས་ཏེ། ཕྱོགས་གཅིག་ནས་མཚན་མི་མཐུན་པ་དེ་ཉིད་ཡན་ལག་ཡིན་པའི་ཕྱིར་རོ། །གཉིས་པ་བསྐོ་བའི་ལས་ཀྱི་བསྒྲུབ་བྱ་ནི། བསྐོ་ཡུལ་ཐུན་མོང་བ་ཆོས་བཅུ་བཞི་དང་ལྡན་པ་སྟེ། སྤོང་པ་པའི་ཞལ་ཏ་བསྐོ་བའི་སྐབས་སུ་སྔར་བཤད་ཟིན་ཏོ། །འདིར་ཐུན་མོང་མ་ཡིན་པ་ནི་རང་རང་གི་གཞི་ལེགས་པ་དང་ལྡན་པ་སྟེ། དེ་ཡང་དགེ་སློང་མའི་སྟོན་པ་བསྐོ་བ་ལ་རྣམ་དག་གི་ཁྱད་པར་དང་། མཁས་པའི་ཁྱད་པར་དང་། བརྟན་པའི་ཁྱད་པར་དང་གསུམ་དགོས་ལ། དེ་ཡང་ཕམ་ལྷག་བཅུ་བདུན་གྱིས་མ་གོས་པའི་རྣམ་དག་དང་། སྡེ་སྣོད་གསུམ་འཛིན་ཅིང་གྲོང་ཁྱེར་བའི་སྐད་སྨྲ་བ་དང་། བསྙེན་པར་རྗོགས་ནས་ལོ་ཉི་ཤུ་ལས་མི་ཉུང་བ་སྟེ་གོ་རིམ་བཞིན་ནོ། །དགག་དབྱེ་བྱེད་པ་པོ་བསྐོ་བ་ལ་བསྐོ་ཡུལ་དགེ་སློང་བསྐོའི། དགེ་སློང་མ་བསྐོ་བར་མི་རུང་བས་དགེ་སློང་མ་རྣམས་ཀྱི་ཆ་ནས་དགག་དབྱེ་བྱེད་པ་པོ་ནི་མཚན་མཐུན་པ་ཡན་ལག་ཏུ་མི་དགོས་ཏེ། མཚན་མི་མཐུན་པ་ངེས་བཟུང་གི་ཡན་ལག་ཏུ་དགོས་པའི་ཕྱིར་རོ། །སྲ་བརྐྱང་གདིང་བ་པོ་བསྐོ་བ་ལ་གནས་དེ་ཉིད་དུ་དབྱར་སྔ་མར་གནས་པ་ཁས་བླངས་ཤིང་། དབྱར་རལ་བ་མ་ཡིན་པ་དང་། ས་གཞན་ན་གནས་པ་མ་ཡིན་པ་དང་། ས་གཞན་ན་གནས་པ་དེ་དག་ཐོབ་པ་མ་ཡིན་པ་དགོས་ཏེ་སྲ་བརྐྱང་གི་གཞིར་བསྟན་ཟིན་ཏོ། །གསལ་བ་དང་གསལ་བའི་


K8Z004_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་བསྐོ་བ་ལ་དགེ་འདུན་གྱི་ཚད་ལས་མི་ཉུང་བ་དགོས་ཞེས་གཞིར་ལོངས་གསུངས་པ་ནི་ལས་ཚན་ཐ་དད་དུ་བསྐོ་བ་ཡིན་གྱི། ཚོགས་ཀྱིས་མི་བྱའོ་ཞེས་པའི་དམིགས་བསལ་ནི་མ་ཡིན་ཏེ། དམིགས་བསལ་དུ་འཇོག་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །གསུམ་པ་ཆད་པ་བཅད་པའི་ལས་ཀྱི་སྒྲུབ་བྱ་ནི་ཆོས་བཅུ་ལྡན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། གནས་ནས་མ་ཕྱུང་བ་དང་། ལྟ་བ་དང་སྤྱོད་པའི་སྒོ་ནས་གཞན་ཕྱོགས་སུ་མ་སོང་བ་དང་། ཚོགས་སུ་མ་ལོངས་པ་དང་། གླེང་དྲན་སྔོན་དུ་སོང་བ་དང་། ནད་པ་མ་ཡིན་པ་དང་། དགེ་འདུན་འབྱེད་པར་ནུས་པ་མ་ཡིན་པ་དང་། རང་རང་གི་གཞི་ལེགས་པར་ལྡན་པའོ། །ཐ་མ་ནི་ཕྱིར་མི་འཆོས་པ་གནས་ནས་དབྱུང་བའི་ཡུལ་དེ་བསྡམ་བྱ་ལས་གཞན་པའི་ལྟུང་བ་ཡོད་པར་ཁས་བླངས་པ་དང་། རྐྱེན་འཛོམ་ཡང་ཕྱིར་མི་འཆོས་པ་དང་། སྔར་གནས་ནས་ཕྱུང་བ་མ་ཡིན་པ་ཆོས་གསུམ་ལྡན་ཏེ་ནན་ཏུར་གྱི་ཡུལ་གཞན་ལ་ཡང་སྦྱར་རོ། །དགེ་སློང་རྣམས་ཀྱིས་ཆད་པ་གཅོད་པ་ལ་མཚན་མཐུན་པ་ངེས་བཟུང་དུ་མི་དགོས་ཀྱང་དགེ་སློང་མ་རྣམས་ཀྱིས་ཆད་པ་གཅོད་པ་ལ་ནི་མཚན་མཐུན་དགོས་ཏེ། གཞན་དུ་ན་ལྕི་བའི་ཆོས་ལས་འདས་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །བཞི་པ་རྣམ་པར་དག་པའི་ལས་ཀྱི་བསྒྲུབ་བྱ་ལ་གསོ་སྦྱོང་གི་ལས་ཀྱི་བསྒྲུབ་བྱ་ནི། དགེ་འདུན་མཚན་ཉིད་གསུམ་ལྡན་ཏེ་གྲངས་ཚང་ཁ་སྐོང་བར་འོས་པ་མི་མཐུན་པ་གཉིས་དང་བྲལ་བ་དེའི་སྟེང་དུ་གསོ་སྦྱོང་གི་ཆོ་ག་ཤེས་པའོ། །རང་འགྲེལ་དང་ཊཱི་ཀ་ལས། ཁ་སྐོང་བར་འོས་པ་མ་ཡིན་པས་གསོ་སྦྱོང་དང་དགག་དབྱེ་བྱས་པ་ནི་བྱས་པ་ཁོ་ན་ཡིན་ནོ། །ཞེས་གསུངས་སོ། །འོ་ན་ཁྱིམ་པ་ལ་སོགས་


K8Z004_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་གསོ་སྦྱོང་འདི་བྱའམ་ཞེ་ན་མ་ཡིན་པ་སྟེ། རང་གི་གསོ་སྦྱོང་མ་བྱས་པའི་ཉེས་པ་མི་འབྱུང་བའི་ཕྱིར་རོ། །གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་པའི་གང་ཟག་གི་བྱེ་བྲག་ནི་ཆོས་ལྡན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་ཞེས་པ་ལ་སོགས་པ་ཆད་པ་བཅད་པའི་སྐབས་སུ་སྔར་བཤད་མ་ཐག་པའི་དང་པོ་ལྔའི་སྟེང་དུ་མཚམས་ཀྱི་ནང་ན་གནས་པ་དང་། གསོ་སྦྱོང་བཞག་པ་མ་ཡིན་པ་དང་། མཚན་མཐུན་པ་དང་བརྒྱད་དོ། །དགག་དབྱེ་ལ་ཡང་གང་ཟག་གི་བྱེ་བྲག་གི་ཆོས་བརྒྱད་ལྡན་ཏེ། གསོ་སྦྱོང་གི་སྐབས་སུ་བཤད་མ་ཐག་པའི་སྔ་མ་དྲུག་དང་། དགག་དབྱེ་བཞག་པ་མ་ཡིན་པ་དང་། དབྱར་གནས་པར་ཁས་བླངས་པ་ཡིན་པ་དང་བརྒྱད་དོ། །དབྱར་གནས་པར་ཁས་བླངས་ན་དབྱར་རལ་བས་ཀྱང་དགག་དབྱེ་བྱ་སྟེ་རང་འགྲེལ་དང་ཊཱི་ཀ་ལས་བཤད་དོ། །དགེ་སློང་མའི་དགག་དབྱེ་ནི་དགེ་སློང་གི་དགེ་འདུན་ལ་ཡང་བྱ་དགོས་པས་འདིར་ནི་མཚན་མཐུན་པ་མ་བགྲངས་སོ། །གཉིས་པ་རབ་བྱུང་བསྙེན་པར་མ་རྫོགས་པ་ལ་བསྒྲུབ་པ་ལ་སྦྱིན་པ་དང་བསྐོ་བའོ། །ཆད་པ་བཅད་པའི་ལས་ཀྱི་བསྒྲུབ་བྱ་ནི་སྔར་བསྙེན་རྫོགས་ཀྱིས་སྐབས་སུ་བཤད་པ་དང་འདྲ་བ་ལས། འདིར་ཁྱད་པར་ནི་རབ་བྱུང་བསྙེན་པར་མ་རྫོགས་པའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་སྟེ། སྐོ་བའི་ཆོ་ག་རྗེས་སུ་བསྒྲགས་པའི་ཚུལ་གྱིས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ཏེ། འདུ་ཤེས་དང་ཀུན་སློང་ངོ་། །དེ་ལ་འདུ་ཤེས་ནི་གཞི་མཚན་ཉིད་དང་ལྡན་པར་ཤེས་པའོ། །དེ་ལ་གཉིས་ཏེ། ལས་གང་གི་འདུ་ཤེས་ཀྱིས་འཇོག་པ་དང་། འདུ་ཤེས་ཀྱི་ངོ་བོ་ཇི་ལྟ་བུ་དགོས་པའོ། །དང་པོ་ལ་གཉིས་ལས། སེམས་ཅན་མ་ཡིན་པ་ལ་བསྒྲུབ་པ་ལ་འདུ་ཤེས་གཙོ་བའི་སྐབས་སུ་ལས་དགེ་འདུན་གྱི་འདུ་


K8Z004_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱིས་འཇོག་པ་ཡིན་གྱི། ཡུལ་གྱི་འདུ་ཤེས་ཀྱིས་འཇོག་པ་མི་སྲིད་དེ་ཡུལ་དེ་ལ་འདུ་ཤེས་མི་སྲིད་པའི་ཕྱིར་རོ། །དངོས་པོ་གཙོ་བོའི་སྐབས་སུ་ནི་ལས་དགེ་འདུན་གྱི་འདུ་ཤེས་ཀྱིས་འཇོག་པ་མ་ཡིན་ཏེ། བཅད་པ་ཉིད་དུ་ཤེས་པ་ཉིད་ནི་མི་ཆགས་པའི་ཡན་ལག་མ་ཡིན་ནོ་ཞེས་གསུངས་པས་སོ། །སེམས་ཅན་ལ་འདུ་ཤེས་གཙོ་བོའི་སྐབས་སུ་སྒྲུབ་བྱེད་མཁན་པོ་ལ་སོགས་པ་དེ་དག་ལ་དམིགས་ནས་དགེ་འདུན་རྣམས་ཀྱིས་ནི་མཚན་ཉིད་དང་མི་ལྡན་པར་ཤེས་ལ། བསྒྲུབ་བྱ་ཡུལ་གྱིས་ནི་སྒྲུབ་པར་བྱེད་པ་པོ་དེ་དག་མཚན་ཉིད་དང་ལྡན་པར་འདུ་ཤེས་ན་གང་གིས་འདུ་ཤེས་ཀྱིས་འཇོག་ཅེ་ན། སྦྱིན་པ་དང་བསྐོ་བའི་ལས་ལ་སྦྱིར་བཏང་ལ་ཡུལ་གྱི་འདུ་ཤེས་ལས་འཇོག་སྟེ། ལུང་ཞུ་བ་ལས། ཉེ་བ་འཁོར་མཁན་པོ་ཚུལ་ཁྲིམས་འཆལ་བས་བསྙེན་པར་རྫོགས་པར་བྱེད་ན། གལ་ཏེ་སྡོམ་པ་ལེན་པ་པོའི་གང་ཟག་གིས་མི་ཤེས་ན་བསྙེན་པར་རྫོགས་པ་ཡིན་ནོ། །ཞེས་གསུངས་པ་དང་། ཊཱི་ཀས་ལུང་ཞུ་བ་ཁུངས་སུ་དྲངས་པ་ལས། བསྙེན་པར་རྫོགས་པར་འཆེལ་བ་དེ་མཁན་པོ་རྐུ་ཐབས་སུ་གནས་པས་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ་མ་རྫོགས་པ་ཞེས་བགྱི། གལ་ཏེ་བདག་གི་མཁན་པོ་རྐུ་ཐབས་སུ་གནས་པའོ་ཞེས་ཤེས་ན་ནི་བསྙེན་པར་མ་རྫོགས་པ་ཞེས་བྱའོ། །གལ་ཏེ་མི་ཤེས་ན་ནི་བསྙེན་པར་རྫོགས་པ་ཞེས་བྱའོ། །ཞེས་གསུངས་པས་ཤེས་སོ། །གཞན་ཡང་ལུང་ཞུ་བ་ལས། མཁན་པོ་ཁྱིམ་པ་དང་། མཁན་པོ་ཟ་མ་དང་། མཁན་པོ་མ་ནིང་ནས་བསླབ་པ་བྱིན་པའི་བར་དུ་དེ་རྣམས་ཀྱིས་བསྙེན་པར་རྫོགས་པ་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བགྱི་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དང་བཅས་


K8Z004_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཞེས་གསུངས་སོ། །དེ་ཡང་བསྙེན་རྫོགས་ལེན་པ་པོས་ནི་མཁན་པོ་མཚན་ཉིད་དང་ལྡན་པར་འདུ་ཤེས་ཀྱང་དགེ་འདུན་རྣམས་ཀྱིས་ནི་མཁན་པོ་མཚན་ཉིད་དང་མི་ལྡན་པ་དེ་རྒྱུས་ཤེས་པའི་དབང་དུ་བྱས་པ་སྟེ། འདས་པ་དང་བཅས་པའོ་ཞེས་གསུངས་པས་ཤེས་སོ། །གལ་ཏེ་དགེ་འདུན་རྣམས་ཀྱིས་ཀྱང་དེ་ལ་མཁན་པོ་མཚན་ཉིད་དང་ལྡན་པར་འདུ་ཤེས་ན་ནི་འདས་པ་དང་བཅས་པར་འགྱུར་བར་མི་རིགས་པའི་ཕྱིར་རོ། །དེ་ལྟར་ན་སྦྱིན་བསྐོའི་ལས་ཡུལ་གྱི་འདུ་ཤེས་ཀྱིས་བཞག་གོ། །དམིགས་བསལ་ནི། སྨྱོས་པའི་གནང་བ་སྦྱིན་པ་དང་། དྲན་པས་འདུལ་བ་སྦྱིན་པ་དང་། མ་སྨྱོས་པས་འདུལ་བ་སྦྱིན་པ་དང་། ཆད་པ་བཅད་པའི་ལས་ནི་དགེ་འདུན་གྱི་འདུ་ཤེས་ཀྱིས་འཇོག་པ་ཡིན་གྱི། བསྒྲུབ་བྱ་ཡུལ་གྱི་འདུ་ཤེས་ཀྱིས་འཇོག་པ་ནི་མ་ཡིན་ཏེ། དང་པོ་ལ་ནི་བསྒྲུབ་བྱ་ཡུལ་ལ་ཐ་སྙད་དུ་རུང་བའི་འདུ་ཤེས་མེད་པའི་ཕྱིར་དང་། དེའི་འོག་མ་གཉིས་ནི་གླེང་བྱ་གླེང་བྱེད་ཀྱིས་དགེ་འདུན་ལ་རག་ལས་པར་བྱ་བའི་ཕྱིར་དང་། ཐ་མ་ནི་འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ་ཞེས་གསུངས་པ་དང་། འགྲེལ་ཆུང་ལས། དགེ་འདུན་གྱིས་མཁྱེན་པ་བཞིན་དུ་ཆད་པ་བཅད་དོ། །ཞེས་བཤད་ཅིང་། །ཆད་པ་བཅད་པའི་ལས་ཀྱིས་གནས་དེར་བསྒྲུབ་བྱ་ཡུལ་དེ་འདུ་བ་མི་སྟེར་ན་ཡུལ་དེ་ལ་དགེ་འདུན་ལ་དངོས་སུ་དམིགས་པའི་འདུ་ཤེས་མི་འབྱུང་བའི་ཕྱིར་རོ། །དང་པོ་གཙོ་བོའི་སྐབས་སུ་ནི། ལས་བསྒྲུབ་བྱ་དང་དགེ་འདུན་གྱི་འདུ་ཤེས་ཀྱིས་མི་འཇོག་སྟེ། མཚམས་མེད་དང་ལྡན་ན་མི་ལྡན་པར་ཤེས་ཀྱང་སྡོམ་པ་མ་སྐྱེ་བ་བཞིན་ནོ། །གཉིས་པ་འདུ་ཤེས་ཀྱི་ངོ་བོ་ཇི་ལྟ་བུ་དགོས་པ་ལ། ལས་འཆགས་པ་ལ་དགོས་པའི་འདུ་ཤེས་ནི་གཙོ་ཆེར་གཞིའི་ཡན་ལག་ལ་དམིགས་པའི་འདུ་ཤེས་ཡིན་ལ། དེ་ལ་གཉིས་ཏེ། སྒྲིབ་བྱེད་ལ་དམིགས་


K8Z004_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། བསྒྲུབ་བྱ་ལ་དམིགས་པས་སོ། །དང་པོ་ནི། མཁན་པོ་དང་ལས་བྱེད་ལ་སོགས་པ་རྣམས་དོན་ལ་མཚན་ཉིད་དང་ལྡན་རུང་མི་ལྡན་རུང་སྟེ། མཚན་ཉིད་དང་ལྡན་པར་འདུ་ཤེས་ན་འདུ་ཤེས་ཀྱི་ཆ་ནས་འཆགས་ཏེ། མཁན་པོ་ཚུལ་ཁྲིམས་འཆལ་བ་ལ་ལྡན་པར་ཤེས་ན་བསྙེན་པར་རྫོགས་ཞེས་གསུངས་པ་ལས། འོད་ལྡན་ལས། འདི་ཙམ་ཞིག་ལས་བྱེད་པ་ལ་ཡང་རྗེས་སུ་སྦྱར་བར་བྱའོ་ཞེས་གསུངས་པ་དང་། དེ་དགེ་འདུན་ལ་ཡང་སྦྱར་ཏེ་དཔྱད་པ་ཐ་སྙད་པ་ཡིན་པར་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་ཡང་མཁན་པོ་དང་ལས་བྱེད་པ་ལ་སོགས་པའི་དབང་དུ་མཛད་ནས། འོད་ལྡན་ལས། འདུལ་བ་ཐམས་ཅད་ལས་འབྱུང་བའི་དཔྱད་པ་ཐ་སྙད་པ་ཡིན། ཅེས་བཤད་ཅིང་། ཡང་དེ་ཉིད་ལས། གལ་ཏེ་དཔྱད་པ་ཐ་སྙད་པ་མ་ཡིན་ན་བསྟན་པ་བསྒྲུབ་པར་མི་ནུས་པར་མི་འགྱུར་རོ། །ཞེས་ཀྱང་བཤད་དོ། །རིགས་པས་ཀྱང་འདུ་ཤེས་ཀྱིས་བཟུང་བ་དེ་དོན་ལ་ཡིན་པ་དང་། ཕྲད་པ་ཡན་ལག་ཏུ་དགོས་ན་བསྒྲུབ་པར་མི་ནུས་པར་འགྱུར་ཏེ། མཁན་སློབ་ལ་སྡོམ་པ་སྐྱེས་མ་སྐྱེས་ལྟ་བུའི་དོན་ལ་ཡིན་མིན་དེ་ནི་ཐ་མལ་གྱི་ཤེས་པས་ངེས་པར་མི་རྟོགས་པའི་ཕྱིར་དང་། མངོན་ཤེས་ཀྱིས་རྟོགས་པ་བཀག་པའི་ཕྱིར་རོ། །གཉིས་པ་བསྒྲུབ་བྱ་ལ་དམིགས་པ་ནི། སྤྱིར་བཏང་ལ་འདུ་ཤེས་ཀྱིས་བཟུང་བ་དེ་དོན་ཡིན་པ་དང་ཕྲད་པ་ཡན་ལག་ཏུ་དགོས་ཏེ། སྡོམ་པ་སྐྱེ་བ་ལ་སྐྱེ་བའི་བར་ཆད་དང་མི་ལྡན་པ་ཡན་ལག་ཏུ་དགོས་ཤིང་། མཚམས་གཅོད་པའི་ལས་འཆགས་པ་ལ་སྔར་མཚམས་བཅད་ཟིན་མ་ཡིན་པ་ཡན་ལག་ཏུ་དགོས་པ་ལྟ་བུ་སྟེ། ལུང་གཞི་ལས། གང་ཟག་མ་བསད་པ་དང་། ཕ་བསད་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས། ཞེས་གསུངས་པ་དང་། བཅད་པ་ཉིད་དུ་ཤེས་པ་ཉིད་ནི་མི་


K8Z004_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འཆགས་པའི་ཡན་ལག་མ་ཡིན་ནོ་ཞེས་གསུངས་པས། ཊཱི་ཀ་ལས། མཚམས་བཅད་ཟིན་པ་ཡོད་ན་ཤེས་ཀྱང་རུང་མི་ཤེས་ཀྱང་རུང་སྟེ། བཅད་པ་གཞན་ནི་མི་འཆགས་སོ། །ཞེས་བཤད་དོ། །དམིགས་བསལ་ལོ་ཉི་ཤུ་མ་ལོན་པ་ལ་ནི་ལོན་པར་འདུ་ཤེས་ཡོད་ན་དོན་དང་མ་ཕྲད་ཀྱང་ལས་འཆགས་ཏེ། གཅིག་ཤོས་ལ་ནི་ལོན་པར་འདུ་ཤེས་པ་ཉིད་ནའོ་ཞེས་གསུངས་ཤིང་། ཊཱི་ཀ་ལས། ལོ་ཉི་ཤུ་མ་ལོན་པའི་གང་ཟག་ལ་ནི་ལོ་ཉི་ཤུ་ལོན་པ་ཉིད་དུ་ཤེས་ན་བསྙེན་པར་རྫོགས་པ་འཆགས་ཏེ། འདི་ལ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ། །ཞེས་བཤདཔས་གྲུབ་བོ། །དོན་ལ་ལས་འཆགས་པའི་གཞི་ཉིད་མ་ཡིན་པ་ལ་ནི་དངོས་པོ་གཙོ་སྟེ། ཕ་མ་བསད་པའི་མཚམས་མེད་བྱས་པ་ལྟ་བུ། སྡོམ་པ་སྐྱེ་བའི་བར་ཆད་དང་ལྡན་པ་ལ་མི་ལྡན་པར་འདུ་ཤེས་ཀྱང་སྡོམ་པ་སྦྱིན་པའི་ལས་མི་འཆགས་པའི་ཕྱིར་དང་། བཅས་པ་ཉིད་དུ་ཤེས་པ་ཉིད་ནི་ཞེས་གསུངས་པས་སོ། །གཉིས་པ་ཀུན་སློང་ནི། བསམ་པ་ཐག་པ་ནས་ལས་བྱེད་པར་འདོད་པ་རྒྱུན་མ་ཆད་པ་སྟེ། བཞད་གད་ཀྱི་དངོས་པོས་ནི་གང་གིར་ཡང་མི་འགྱུར་རོ་ཞེས་པ་དང་། བཏང་བ་ཡང་ངོ་ཞེས་གསུངས་པའི་གནད་ཀྱིས་སྦྱར་བས་ལས་འཆགས་པའི་སྔ་རོལ་ཏུ་ལས་བྱེད་འདོད་ལོག་སྟེ། ཀུན་སློང་རྒྱུན་ཆད་ན་ལས་མི་འཆགས་སོ། །དགེ་སློང་གི་སྡོམ་པ་སྦྱིན་པའི་ལས་བྱེད་པ་ལ་ནི་སྡོམ་པ་ནོད་པར་འདོད་པ་རྒྱུན་མ་ཆད་པའང་ཀུན་སློང་དུ་དགོས་སོ། །གསུམ་པ་ལས་བརྗོད་པའི་ངོ་བོ་ནི། བརྗོད་པ་ཆོས་གོས་གསུམ་ཚང་བ་སྟེ། བརྗོད་པ་ཚང་བ་དང་། བརྗོད་པ་མ་ནོར་བ་དང་། བརྗོད་པ་མ་འཁྲུགས་པ་སྟེ་ཉམས་ན་མ་བྱས་པ་ཉིད་དོ། །དེས་བྱ་བ་ལས་མ་ཡིན་པས་མི་འཆགས་སོ། །བྱེད་པ་ཉིད་ན་སོང་ན་ཚིག་མ་བརྗོད་པར་རྣམ་པར་འཁྲུགས་པ་ཉིད་དོ་ཞེས་པ་དང་། གོ་རིམ་འཁྲུགས་


K8Z004_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་མི་བྱ་བ་ཉིད་དོ་ཞེས་གསུངས་པས་གྲུབ་བོ། །བཞི་པ་ལས་ཉམས་སུ་མྱོང་བའི་ཚད་ནི། དགེ་འདུན་གྱིས་ལས་ཀྱི་ཆོ་གའི་ཚིག་ཐོས་ཤིང་དོན་གོ་བ་སྟེ། རང་གིས་འོས་པའི་དགེ་འདུན་གྱིས་ཉམས་སུ་མྱོང་བ་མ་གྲུབ་པ་ཉིད་ན་མ་ཡིན་ནོ་ཞེས་གསུངས་སོ། །གལ་ཏེ་བསྒྲུབ་བྱ་ཡུལ་དེས་ལས་ཉམས་སུ་མྱོང་བ་དགོས་ན་ནི་མི་རིགས་ཏེ། བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ལ་བསྒྲུབ་པ་ལ་བསྒྲུབ་བྱའི་ཡུལ་གྱིས་ལས་ཉམས་སུ་མྱོང་བ་མེད་ཀྱང་ལས་འཆགས་པའི་ཕྱིར་རོ། །དེ་བཞིན་དུ་འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་བྱ་བའི་ནན་ཏུར་གྱི་ལས་དང་། མངོན་དུ་མ་གྱུར་པའི་ལས་བཅུ་དང་། ཕྲིན་གྱི་བསྙེན་རྫོགས་བྱེད་པ་ལ་ཡང་བསྒྲུབ་བྱ་ཡུལ་གྱིས་ལས་ཉམས་སུ་མྱོང་བ་མེད་ཀྱང་ལས་འཆགས་སོ། །དེ་བཞིན་དུ་ལུང་ཞུ་བ་ལས། གཉིད་ལོག་གམ་སྙོམས་པར་ཞུགས་ཀྱང་བསྙེན་པར་རྫོགས། ཞེས་གསུངས་པས། བསྒྲུབ་བྱ་ཡུལ་གྱིས་དངོས་གཞིའི་ཆོ་ག་ཉམས་སུ་མྱོང་བ་ངེས་བཟུང་དུ་མི་དགོས་སོ། །མདོ་སྡེ་དྲིན་ལན་བསབ་པ་དང་། མངོན་པ་མཛོད་ཀྱི་འགྲེལ་བཤད་ལས། སེམས་མེད་པ་ལ་སྡོམ་པ་སྐྱེ་བ་ཡོད་དེ། སྡོམ་པ་ལེན་པ་པོ་འགོག་པ་ལ་སྙོམས་པར་ཞུགས་བཞིན་དུ་སེམས་མེད་པ་ལ་དགེ་སློང་གི་སྡོམ་པ་སྐྱེ་བར་ཡོད་པར་བཤད་དོ། །དགེ་འདུན་གྱིས་ལས་ཉམས་སུ་མྱོང་བ་དེ་ཡང་གསོལ་བ་ཐོས་ན་ལས་བརྗོད་པ་ན་ཉམས་སུ་མྱོང་བ་ནི་ལས་ཉམས་སུ་མྱོང་བའི་ཚད་ལ་ངེས་བཟུང་དུ་མི་དགོས་ཏེ། གསོལ་བ་ཐོས་ན་དེ་གྲུབ་པ་ཉིད་ཡིན་ནོ་ཞེས་གསུངས་པས་སོ། །དེའི་གནད་ཀྱིས་མི་མཐུན་པ་བསྐྱེད་པ་ཡང་གསོལ་བའི་དུས་ན་སྟེ། དེའི་དུས་ན་མི་མཐུན་པ་མེད་ན་བརྗོད་པའི་དུས་ན་དགེ་སློང་འགའ་ཞིག་མ་འདུས་ཀྱང་འཆགས་པར་གསལ་ཞེས་གསུངས་སོ། །ལྔ་པ་ལས་


K8Z004_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

འཆགས་པའི་དུས་ནི། ཆོ་གའི་ཚིག་འོག་མ་མེད་པ་གང་ཡིན་པའི་ཚིག་ཕལ་ཆེར་བྱས་པ་ན་ལས་འཆགས་པ་ཡིན་ཏེ། ཚིག་ཕལ་ཆེར་བྱས་ན་བྱས་པ་ཉིད་དོ། །འོག་མ་མེད་པ་ལ་ཡང་ངོ་ཞེས་གསུངས་སོ། །དེའི་འཐད་སྒྲུབ་ནི་དགག་དབྱེའི་གཞི་ཊཱི་ཀ་ལས། ཕལ་ཆེར་བྱས་པ་ནི་བྱས་པ་ཉིད་ཡིན་ནོ། །ཞེས་འཕགས་པའི་གྲགས་པ་ཡིན་པས་ཞེས་སོ། །དེ་ཡང་ཆོ་གའི་ཚིག་འོག་མ་མེད་པ་ནི་གསོལ་བ་འབའ་ཞིག་པའི་ལས་ལ་ནི་གསོལ་བ་དེ་ཉིད་ཀྱི་ཆོ་གའི་ཚིག་འོག་མ་མེད་པ་སྟེ། གསོལ་བ་ཕལ་ཆེར་བྱས་པ་སྟེ་སུམ་གཉིས་བྱས་པ་ཉིད་ན་ལས་འཆགས་སོ། །གསོལ་གཉིས་ཀྱི་ལས་ལ་གསོལ་བ་ནི་ཆོ་གའི་ཚིག་འོག་མ་ཡོད་པ་ཡིན་ལ། བརྗོད་པ་ནི་ཆོ་གའི་ཚིག་འོག་མ་མེད་པ་སྟེ། བརྗོད་པ་ཕལ་ཆེར་བྱས་པ་ཉིད་ན་ལས་འཆགས་སོ། །གསོལ་བཞིའི་ལས་ལ་གསོལ་བ་ནས་བརྗོད་པ་གཉིས་པ་ནི་ཆོ་གའི་ཚིག་འོག་མ་ཡོད་པ་ཡིན་ལ། བརྗོད་པ་གསུམ་པ་ནི་ཆོ་གའི་ཚིག་འོག་མ་མེད་པ་སྟེ། བརྗོད་པ་གསུམ་པ་ཕལ་ཆེར་བྱས་པ་ཉིད་ན་ལས་འཆགས་སོ། །བརྗོད་པ་གསུམ་པ་དེ་ཡང་ཆ་གསུམ་དུ་དབྱེ་སྟེ། ངོ་བོ་བརྗོད་པ་དང་། བྱ་བ་བརྗོད་པ་དང་། བྱེད་པ་བརྗོད་པའོ། །དེའང་གང་ལ་བྱ་བའི་ཡུལ་ལ་ངག་གཙོ་བོར་ཞུགས་པ་དང་། གང་བྱ་བ་སྐབས་དོན་ལ་ངག་གཙོ་བོར་ཞུགས་པ་དང་། གང་གིས་བྱེད་པ་དགེ་འདུན་ལ་ངག་གཙོ་བོར་ཞུགས་པ་སྟེ་གོ་རིམ་བཞིན་ནོ། །འདིར་ངོ་བོ་བརྗོད་པ་དང་། བྱ་བ་བརྗོད་ཟིན་ཅིང་བྱེད་པ་མ་བརྗོད་པ་ན་ལས་འཆགས་པའོ། །གང་ཟག་གི་སྔགས་ལ་ཡང་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་སྦྱར་རོ། །གཉིས་པ་ལས་ཀྱི་ངོ་བོའི་བསྡུས་དོན་ནི་སྐབས་འོག་ཏུ་སྟོན་པར་འགྱུར་རོ། །གཉིས་པ་ལ། ལུང་གཞིའི་སྐབས་ནས་བརྗོད་པ་དང་། །ཞུ་བ་ལ་སོགས་སྐབས་ནས་སོ། །དང་པོ་ལ།


K8Z004_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ཙམ་ཉིད་དུ་བསྟན་པ་དང་། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། ལས་ཆགས་པའི་རྒྱུར་གྱུར་པའི་ཆོ་ག་ལས་འདས་ཏེ། བཞིར་མ་ཚང་བ་ལྟ་བུས་གསོལ་བཞི་ལ་སོགས་པའི་ལས་བྱེད་ན་ལས་གཏན་ནས་མི་འཆགས་ལ། ལས་དེ་དག་གི་འབྲས་བུ་བསྙེན་པར་རྫོགས་པ་ལ་སོགས་པ་ཡང་མི་འཆགས་སོ། །ལས་དེ་བྱས་པར་ཡང་མི་འགྱུར་ཞིང་ལས་ཀྱི་འབྲས་བུ་ཡང་འགྲུབ་པར་མི་འགྱུར་རོ་ཞེས་ཊཱི་ཀ་ལས་སོ། །ལས་བརྗོད་པའི་གོ་རིམ་འཁྲུགས་པ་ལ་སོགས་པ་སྐབས་ཁ་ཅིག་ཏུ་ནི་ཆོ་ག་ལས་འདས་ན་ཉེས་མེད་ཀྱི་ལས་མི་འཆགས་ཞེས་ཀྱང་མདོ་ནས་བསྟན་ཏེ་ཉེས་བྱས་ཀྱི་ལས་ནི་འཆགས་སོ། །དེ་ལྟར་ན་ལས་གཏན་ནས་མི་འཆགས་པ་དང་། ལས་ཉེས་མེད་མི་འཆགས་པ་སྟེ་དེ་དག་གཉིས་སུ་དབྱེའོ་ཞེས་གསུངས་སོ། །ཆོ་ག་ལས་འདས་ན་ལས་མི་འཆགས་པའི་སྐབས་འདིར་ཆོ་ག་ནི་དགེ་འདུན་ཚང་བ་སྟེ། དགེ་སློང་གི་ལྷག་མའི་དབྱུང་བ་ལ་དགེ་སློང་ཉི་ཤུ་ཚང་བ་ལྟ་བུ་དང་། གསོལ་བ་ལ་སོགས་པའི་ལས་ཀྱི་ཆོ་ག་བརྗོད་པ་མ་ཆད་པ་དང་། ལས་ཀྱི་སློབ་དཔོན་དུ་འོས་པའི་དགེ་སློང་ལྟ་བུ་ལས་ཀྱི་ཆོ་ག་བྱེད་པ་མཚན་ཉིད་དང་ལྡན་པ་ཉིད་དོ། །ལས་ནི་གང་དང་གང་ཞེ་ན། གསོལ་བ་དང་བརྗོད་པ་དང་ཞེས་པ་ལས་བརྒྱ་རྩ་གཅིག་གི་གསོལ་བ་བརྒྱ་རྩ་གཅིག་དང་། བརྗོད་པ་བརྒྱ་དང་སོ་བདུན་ཏེ་གསོལ་གཉིས་ཀྱི་ལས་བཞི་བཅུ་རྩ་བདུན་ལ་བརྗོད་པའང་དེ་སྙེད་དང་། གསོལ་བཞིའི་ལས་སུམ་ཅུ་ལ་བརྗོད་པ་དགུ་བཅུ་ཡོད་པའི་ཕྱིར་རོ། །སོ་སོར་ཐར་པ་གདོན་པ་དང་དགག་པར་དབྱེའོ་ཞེས་པ་ནི། ལས་ཀྱི་མཚན་ཉིད་དང་མི་ལྡན་ཞིང་ལས་བརྒྱ་རྩ་གཅིག་ཏུ་ཡང་མ་གཏོགས་པས་ལས་དངོས་མ་ཡིན་ཡང་བཏགས་པ་བ་སྟེ་འདི་གཉིས་བསྙེན་པར་མ་རྫོགས་པས་ཐོས་ན་རྐུ་ཐབས་སུ་


K8Z004_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ལ་སོགས་པའི་སྒོ་ནས་ལས་དང་རྣམ་པ་འདྲ་བའི་ཕྱིར་ལས་དང་འདྲ་བའི་ལས་ཞེས་བཏགས་པའོ། །ཁྱད་པར་དུ་ཡང་དགག་དབྱེ་ནི་སྔགས་རྣམ་པར་བཞག་པ་ཡིན་ཡང་ལས་སུ་བཏགས་པ་ནི་ལན་གསུམ་བརྗོད་ས་ཡོད་པའི་སྒོ་ནས་དེར་བཏགས་ཏེ། འདུལ་བ་བསྡུས་པ་ལས། ལས་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། གསོལ་བའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་དང་། ལན་གསུམ་བརྗོད་པའི་ལས་སོ། །ཞེས་གསུངས་ཏེ། ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབ་པ་ལན་གསུམ་བརྗོད་པ་ལ་ཡང་མིང་ལས་སུ་བཏགས་པ་བཞིན་ནོ། །སོག་པ་ན་རེ། དགག་དབྱེ་དངོས་གཞིའི་ཆོ་ག་དེ་ནི་ལས་དངོས་ཉིད་ཡིན་ཞེས་ཟེར་རོ། །འོ་ན་འདུལ་བ་ལས་དངོས་སུ་གསུངས་པ་ཆོ་ག་རྣམ་པར་བཞག་པའི་ལས་ཆོས་ཅན། འདུལ་བ་ལས་དངོས་སུ་གསུངས་པའི་ལས་བརྒྱ་རྩ་གཅིག་ཏུ་གྲངས་ངེས་མ་ཡིན་པར་ཐལ། འདུལ་བ་ལས་དངོས་སུ་གསུངས་པའི་ལས་བརྒྱ་རྩ་གཅིག་ལས་གཞན་དགག་དབྱེ་དངོས་གཞིའི་ཆོ་ག་ལས་ཉིད་ཡིན་པའི་ཕྱིར་རོ། །རྟགས་དང་ཁྱབ་པ་མ་གྲུབ་ན་དམ་བཅའ་ཉམས། འདོད་ན། ཀར་ཤ་ལས། ལས་ཀྱི་གྲངས་བརྒྱ་རྩ་གཅིག་ཏུ་ངེས་པར་གང་གིས་ཤེས་ཞེ་ན། གཏམ་གྱི་གཞི་ལས། ལས་ཀྱི་གྲངས་བརྗོད་པ་ལས་བཙུན་པ་ལས་དུ་དག་མཆིས། ཉེ་བ་འཁོར་བརྒྱ་རྩ་གཅིག་གོ་ཞེས་ལུང་ཁུངས་དང་བཅས་ཏེ་གསུངས་སོ། །གཞན་ཡང་དགག་དབྱེའི་དངོས་གཞིའི་ཆོ་ག་དེ་ཆོས་ཅན། འདུལ་བའི་ཆོ་ག་རྣམ་བཞག་གི་ལས་མཚན་ཉིད་པ་མ་ཡིན་པར་ཐལ། ལས་དེའི་མཚན་ཉིད་མི་ལྡན་པའི་ཕྱིར་ཏེ། དགེ་འདུན་མཚན་ཉིད་གསུམ་ལྡན་གྱིས་ཆོ་ག་ཁྱད་པར་ཅན་གྱི་སྒོ་ནས་གྲོས་སུ་བསྡུར་བའི་བདག་ཉིད་དུ་གནས་པ་མ་ཡིན་པའི་ཕྱིར་རོ། །འདོད་ན་དམ་བཅའ་


K8Z004_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སོ། །ཤབ་བེ་ན་རེ། དགག་དབྱེ་ལས་ཡིན་པར་བཤད་པ་འདི་ནི་དགག་དབྱེའི་སྔོན་འགྲོའི་གསོལ་བ་འབའ་ཞིག་པའི་ལས་དེ་ལ་དགོངས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། གསོལ་བ་དང་ཞེས་སྔར་བསྟན་མ་ཐག་པ་དང་ཟློས་པའི་སྐྱོན་ཡོད་པའི་ཕྱིར་དང་། དགག་དབྱེ་བྱའོ་ཞེས་པ་འདིའི་ཊཱི་ཀ་ལས། གནས་གསུམ་གྱིས་དགག་དབྱེ་བྱའོ་ཞེས་དགག་དབྱེ་དངོས་གཞིའི་ཆོ་ག་ཡིན་པར་བཤད་པ་དང་འགལ་བའི་ཕྱིར་རོ། །ཆོ་ག་ལས་འདས་ན་ལས་མི་འཆགས་ཞེས་སྔར་སྨྲས་པ་དེ་ཡང་མེད་ན་མི་འབྱུང་བའི་ཆོ་ག་ལས་འདས་ན་ལས་གཏན་ནས་མི་འཆགས་ལ། ཕུན་སུམ་ཚོགས་བྱེད་ཀྱི་ཆོ་ག་ལས་འདས་ཀྱང་ལས་ཐོས་པར་བྱ་བ་མ་ཡིན་པས། ལས་ཐོས་པས་ནི་ལས་མི་འཆགས་པར་མི་འགྱུར་རོ། །འདིར་ཡང་ཕུན་སུམ་ཚོགས་པ་ཉེས་མེད་ཀྱི་ལས་ནི་མི་ཆགས་ཏེ། ཊཱི་ཀ་ལས། ལས་བྱེད་པ་ལ་སོགས་པ་དག་ལ་ལྟུང་བ་ཙམ་དུ་ནི་འགྱུར་རོ། །ཞེས་ཉེས་བྱས་ཙམ་དུ་འགྱུར་བའོ། །འོན་ཀྱང་ལས་ཀྱི་ཆོ་ག་ཐོས་ན་རྒྱལ་པོ་དད་པ་འཕེལ་བར་འགྱུར་ན་ནི་དེས་ཐོས་པར་གསོ་སྦྱོང་བྱེད་པ་ལ་ཉེས་པ་མེད་ཅིང་། ཉན་དུ་མ་བཅུག་ན་ཉེས་བྱས་སུ་འགྱུར་བ་ཡོད་དེ། ལུང་སིལ་བུ་ལས། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གསོ་སྦྱོང་གི་ཚེ་སོ་སོར་ཐར་པ་འདོན་པ་ཉན་དུ་མ་བཅུག་པ་དེ་ཀུན་དགའ་བོ་ཁྱོད་ཀྱིས་ཉེས་སོ། །རྒྱལ་པོས་སོ་སོར་ཐར་པ་ཐོས་པར་གྱུར་ན་ངེས་པར་དེ་སྔར་བས་ཀྱང་དགའ་བར་འགྱུར་ཏེ། དགའ་བའི་དབང་གིས་བྱ་བ་བྱེད་དུ་གདོན་མི་ཟའོ་ཞེས་ལུང་སིལ་བུ་ལས་སོ། །ལས་འཆགས་པའི་རྒྱུར་གྱུར་པའི་ཆོ་ག་ལས་འདས་ཏེ་མི་འཆགས་པའི་ལས་དེ་མི་བྱའོ། །ཆོས་མ་ཡིན་པས་མི་བྱའོ་ཞེས་པ་ནི་སྦྱིན་པའི་ལས་ལ་གསོལ་བ་མི་འདེབས་ན་ཆོས་མིན་གྱི་ལས་དང་། བསྐོ་བའི་ལས་ལ་སྤྲོ་བ་མི་འདྲི་ན་དང་། ཆད་


K8Z004_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཅད་པའི་ལས་ལ་གླེང་དྲན་སྔོན་དུ་མི་གཏོང་ན་ཆོས་མ་ཡིན་པའི་ལས་ཏེ། ཊཱི་ཀ་ལས། ཆོས་མ་ཡིན་པ་ཞེས་བྱ་བ་ནི་གླེང་བར་མ་བྱས་དྲན་པར་མ་བྱས་མཐུས་མངོན་སུམ་དུ་མ་གྱུར་པར་ཆད་པའི་ལས་བྱེད་དུ་འཇུག་པ་ལ་སོགས་པའོ། །ཞེས་སོ། །མ་འདུས་པའི་མི་མཐུན་པ་དང་ཕྱིར་བཟློག་གི་མི་མཐུན་པ་སྟེ་མི་མཐུན་པ་དག་མི་བྱའོ། །བསྒྲུབ་བྱ་བཞིར་ལོངས་པ་ཡན་ཆད་ཚོགས་ཀྱི་ལས་ཚོགས་ཀྱིས་མི་བྱའོ། །ལྷག་མའི་དབྱུང་བ་ལ་དགེ་སློང་ཉི་ཤུར་མ་ཚང་བའམ། གསོ་སྦྱོང་གི་ལས་ལ་དགེ་སློང་བཞིར་མ་ཚང་བ་ལྟ་བུ་སྟེ། རང་རང་གི་དགེ་འདུན་གྱི་གྲངས་ཚང་བ་ཉིད་དུ་མ་གྱུར་པ་དག་གིས་ལས་མི་བྱའོ། །གཉིས་པ་ལ། འཆགས་ཕྱེད་དགེ་འདུན་ཚོགས་པའི་ཁྱད། །བྱེད་པོ་དོགས་གཅོད་དམིགས་བསལ་བསྟན། །ལས་ཐོས་དགག་གནད་བྱེ་བྲག་བརྗོད། །ལས་སྔོན་ཡིན་མིན་བྱེ་བྲག་བསྟན། །བརྗོད་ལས་གསོལ་སྔོན་ངེས་བཟུང་བརྗོད། །མི་མཐུན་དབྱེ་བ་བྱེ་བྲག་བསྟན། །ལྟ་སྦྱོད་ཡུལ་སོགས་བྱེ་བྲག་བརྗོད། །དང་པོ་ལ། དགེ་འདུན་གྲངས་ཚང་བརྗོད་པ་དང་། །ཁ་སྐོང་འོས་པར་བརྗོད་པའོ། །དང་པོ་ལ། དགེ་སློང་ཕ་ཡི་གྲངས་ཚང་བསྟན། །ཁྱད་བཅས་མ་ཡི་གྲངས་ཚང་བརྗོད། །དང་པོ་ནི། དགེ་འདུན་ཚང་བ་དང་ཞེས་སྨོས་ན། དགེ་འདུན་གྲངས་ཚང་བ་དེ་ཇི་ལྟ་བུ་ཞེ་ན། དགེ་སློང་ཕའི་ལྷག་མའི་དབྱུང་བ་ལ་ནི་དགེ་སློང་ཉི་ཤུ་ལ་སོགས་པ་དགེ་འདུན་ཉིད་དོ། །སྐྱེས་པ་བསྙེན་པར་རྫོགས་པ་ལ་ནི་ཡུལ་དབུས་སུ་དགེ་སློང་བཅུ་ལ་སོགས་པའོ། །སྐྱེས་པ་བསྙེན་པར་རྫོགས་པ་ལ་ཡུལ་མཐའ་འཁོབ་དག་ཏུ་ནི་དགེ་སློང་བཅུ་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །གསང་སྟེ་སྟོན་པ་བསྐོ་བ་ན་བསྐོ་བའི་ཡུལ་དགེ་སློང་དེ་ཁོ་ཉིད་བསྐོ་བའི་དགེ་འདུན་གྱི་ཁ་སྐོང་མི་བྱེད་པས་དེ་མ་གཏོགས་


K8Z004_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་སློང་བཞི་དགོས་པས་བསྐོ་ཡུལ་དང་དགེ་སློང་ལྔ་དགོས་ལ། གལ་ཏེ་གསང་སྟོན་བསྐོས་ཟིན་ནས་ཀྱང་དངོས་གཞིའི་ཆོ་གའི་དུས་སུ་བཞི་ཚོགས་ཀྱིས་བསྙེན་རྫོགས་བྱེད་ན་ཉེས་བྱས་སུ་འགྱུར་བས་ལྔའི་གྲངས་ཚང་དགོས་པའོ། །དབྱུང་བ་དང་བསྙེན་རྫོགས་བྱ་བ་སྟེ་ལས་དེ་གཉིས་ཀྱིས་ལྷག་མ་དགེ་སློང་ཕའི་ལས་གཞན་རྣམས་ལ་ནི་བཞི་ལ་སོགས་པའོ། །དགག་དབྱེ་ལ་ནི་དགག་དབྱེ་བྱེད་པར་གཏོགས་པ་ལྔ་ལ་སོགས་པའི་དགེ་འདུན་ཉིད་དོ། །གཉིས་པ་ལ། མ་ཡི་ལས་ཁྱད་བསླབ་བྱ་བསྟན། །མ་ཡི་གྲངས་དངོས་ཞར་བྱུང་བརྗོད། །དང་པོ་ནི། དགེ་སློང་མ་རྣམས་ཀྱི་ལས་ནི་གནས་ཐ་དད་པ་ཉིད་དོ་ཞེས་པ་ནི་ལུང་གཞི་ལས་བཤད་ཅེས་བླ་མ་རྣམས་གསུང་ཡང་ཁུངས་ནོར་ཏེ། ལུང་ཕྲན་ཚེགས་ལས། ལས་བྱེད་པའི་ཚེ་དགེ་སློང་ཕ་མའི་དགེ་འདུན་གཉིས་ཀ་བསྡུ་བས་བྱ་བ་མང་བར་གྱུར་ཏེ། དགེ་བའི་ཕྱོགས་ཀྱི་བར་ཆད་དུ་གྱུར་པ་ལས་དབྱུང་བ་དང་། བསྙེན་པར་རྫོགས་པ་དང་། ཕྱིས་མགུ་བར་བྱ་བའི་ལས་མ་གཏོགས་པ་དགེ་སློང་ཕའི་ལས་ཀྱང་ལོགས་ཤིག་ཏུ་བྱོས་ཤིག །དགེ་སློང་མ་རྣམས་ཀྱང་ལས་ལོགས་ཤིག་ཏུ་བྱོས་ཤིག །ཅེས་གསུངས་པའོ། །ཐམས་ཅད་དུའམ་ཞེ་ན། དགེ་སློང་མ་རྣམས་ཀྱི་དགག་དབྱེ་ནི་དགེ་སློང་གི་དགེ་འདུན་ལ་ཡང་བྱ་དགོས་སོ། །དགེ་སློང་མ་རྣམས་ཀྱི་གསོ་སྦྱོང་ནི་དགེ་སློང་དང་གནས་ཐ་དད་དུ་བྱ་བ་ཡིན་ཡང་དགེ་སློང་གི་དགེ་འདུན་དེ་དང་མཐུན་པ་གྲུབ་པ་རྣམས་ཀྱིས་བྱའོ། །ཊཱི་ཀ་ལས། དགེ་སློང་གི་དགེ་འདུན་དང་མཐུན་པར་མ་གྱུར་པ་རྣམས་ཀྱིས་མི་འགྲུབ་བོ། །ཞེས་སོ། །མཐུན་པ་ཇི་ལྟར་བསྒྲུབ་ཅེ་ན། དགེ་སློང་མ་རྣམས་ཀྱི་འདུན་པ་དང་གསོ་སྦྱོང་གི་དགེ་འདུན་ལ་འབུལ་བས་མཐུན་པ་དེ་བསྒྲུབ་བོ། །འདུན་པ་དང་གསོ་སྦྱོང་འབུལ་བ་འདི་ལ་


K8Z004_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མ་གཉིས་ཀྱིས་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱའོ། །དགེ་སློང་མ་དེ་གཉིས་འདུན་པ་དང་གསོ་སྦྱོང་འབུལ་ནུས་པ་ཉིད་ཀྱིས་འབུལ་བར་བྱའོ། །དགེ་སློང་མ་གཉིས་ཀས་ནུས་པ་ཉིད་མེད་ན་དགེ་སློང་མ་གཅིག་གིས་བྱའོ། །དགེ་སློང་གི་དགེ་འདུན་གྱིས་དགེ་སློང་མའི་དགེ་འདུན་གྱི་འདུན་པ་དང་། གསོ་སྦྱོང་དགེ་སློང་མ་དེ་གཉིས་ལ་ལེན་པའི་དགེ་སློང་ཞིག་བསྐོ་བར་བྱའོ། །ཐ་མལ་གྱི་ཚིག་གིས་བསྐོའོ། །ལེན་པར་བསྐོས་པའི་དགེ་སློང་དེས་གཙུག་ལག་ཁང་གི་སྒོ་ཁང་དུ་བསྡད་པར་བྱའོ། །ལེན་པར་བསྐོས་པའི་དགེ་སློང་དེ་འབྲོས་ན་དགེ་སློང་མ་དེ་གཉིས་ཀྱིས་ཤད་ཀྱིས་སྦྱང་སྟེ་ངེད་ལ་མ་འབྲོས་ཤིག །ངེད་འདུན་པ་དང་གསོ་སྦྱོང་འབུལ་བ་ཡིན་ནོ་ཞེས་ཚིག་གིས་སྦྱང་ངོ་། །ལུང་ལས། དགེ་སློང་མ་དེ་དག་དེའི་དྲུང་དུ་འོངས་པ་དང་། དགེ་སློང་དེས་མ་རེག་ཅིག་མ་རེག་ཅིག །ཅེས་སྨྲས་ཏེ་འབྲོས་པར་བྱེད་ནས་འདི་དག་གསུངས་སོ། །དགེ་སློང་དེས་ཀྱང་དེ་གཉིས་བྲོས་ན་དེ་བཞིན་དུ་ཤད་ཀྱིས་སྦྱང་ངོ་། །ལེན་པའི་དགེ་སློང་དང་འབུལ་བའི་དགེ་སློང་མ་དེ་གཉིས་འབྲོས་པར་མི་བྱའོ། །འབུལ་བའི་དགེ་སློང་མ་དེ་གཉིས་ཀྱིས་ལེན་པའི་དགེ་སློང་དེ་ངོ་མི་ཤེས་ན་དེ་གཉིས་ཀྱིས་དེའི་མིང་རུས་དྲིའོ། །གཉིས་པ་ནི། དགེ་སློང་མ་རྣམས་ཀྱི་ལས་ནི་ཐ་དད་པ་ཉིད་དོ་ཞེས་སྨོས་ན་ཐམས་ཅད་དུའམ་ཞེ་ན། དགེ་སློང་མའི་མགུ་བ་དང་དབྱུང་བ་ནི་དགེ་སློང་ཕའི་དགེ་འདུན་དང་དགེ་སློང་མའི་དགེ་འདུན་གཉིས་ཀ་ཚོགས་པ་ལ་བྱའོ། །གཉིས་ཀ་ཚོགས་པ་ལ་བྱ་བ་དེ་ཙམ་དུ་ཟད་དམ་ཞེ་ན། བུད་མེད་བསྙེན་པར་རྫོགས་པར་བྱ་བ་ཡང་གཉིས་ཀའི་དགེ་འདུན་ཚོགས་པ་ལའོ། །བུད་མེད་བསྙེན་པར་རྫོགས་པར་བྱ་བ་འདི་ལ་དགེ་སློང་མ་དེ་དག་གི་ཚོགས་ནི་ཡུལ་དབུས་སུ་བཅུ་གཉིས་སོ། །ཡུལ་མཐའ་འཁོབ་ཏུ་


K8Z004_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་མེད་ན་འདུལ་བ་འཛིན་པ་ཉིད་གཏོགས་པར་དྲུག་ཡན་ཆད་དོ། །བཅུ་གཉིས་ཡོད་ན་གཞིའི་ཆོ་ག་ཁོ་ནས་བསྙེན་པར་རྫོགས་པར་བྱའོ། །དགེ་སློང་མ་བསྙེན་པར་རྫོགས་པའི་སྔོན་རོལ་གྱི་སྡོམ་པ་གཉིས་དགེ་སློབ་མའི་སྡོམ་པ་དང་། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་པ་དང་། འཁོར་དང་འཁོར་མང་པོ་ཉེ་བར་བཞག་པའི་གནང་བ་སྦྱིན་པ་སྟེ་ལས་བཞི་པོ་དེ་དག་དང་། མདོ་སྔ་མས་བུད་མེད་བསྙེན་པར་རྫོགས་པར་བྱེད་པའི་ལས་ཀྱི་སྟེང་དུ་ལས་བཞི་པོ་དེ་དག་དང་བཅས་པ་སྟེ། ལས་ལྔའི་དགེ་འདུན་མའི་གྲངས་ཚང་གི་མ་མཐའ་ནི་བཅུ་གཉིས་སོ། །མཐའ་འཁོབ་ཏུ་བཅུ་གཉིས་མེད་ན་འདུལ་བ་འཛིན་པ་ཉིད་གཏོགས་པ་དྲུག་ཡན་ཆད་དགེ་འདུན་ཉིད་ཡིན་ནོ། །བཅུ་གཉིས་ཡོད་ན་ནི་མཐའ་འཁོབ་ཏུ་ཡང་གཞིའི་ཆོ་ག་ཉིད་ལ་བསྟེན་པར་བྱའོ། །དགག་དབྱེ་མགུ་དབྱུང་བསྙེན་རྫོགས་བྱེད་པ་དང་། །སྔོན་རོལ་སྡོམ་གཉིས་འཁོར་དང་འཁོར་མང་གནང་། །དེ་ལྟར་དགེ་སློང་མའི་ལས་བརྒྱད་ཀྱི་གྲངས་ཚང་བ་ནི་གོང་དུ་བཤད་ཟིན་ཏོ། །དགེ་སློང་མའི་ལས་བརྒྱད་པོ་དེ་རྣམས་ཀྱི་ལྷག་མ་དགེ་སློང་མའི་ལས་གཞན་ཐམས་ཅད་དག་གི་ཚོགས་ནི་དགེ་སློང་མ་བཞིའོ། །དགེ་སློང་མ་ལས་བྱེད་པ་མོས་ལས་ཀྱི་ཆོ་ག་བརྗོད་མི་ནུས་ན་དགེ་སློང་མ་དེས་དགེ་སློང་མ་དེས་དགེ་སློང་གིས་ལས་ཀྱི་ཆོ་ག་བྱས་པའི་ཚིག་དེ་ཡིད་ཀྱིས་ངེས་པར་བརྟགས་ཤིང་མཉན་ཏེ་ཐོས་ན་དེ་ལས་བྱས་པ་ཉིད་དུ་རུང་ངོ་། །ཇི་ཙམ་ཡན་ཆད་ཅེ་ན། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བྱ་བ་སྟེ་ལས་ཀྱི་མཇུག་སྡུད་བརྗོད་པའི་གོང་ཡན་ཆད་ནི་དགེ་སློང་གིས་བྱས་པ་མཉན་ན་རུང་ངོ་། །ཉིད་བཤད་ལས། ལས་ཀྱི་མཇུག་སྡུད་ནི་དགེ་སློང་མ་ལས་བྱེད་པ་ཉིད་ཀྱིས་ངེས་པ་ཁོ་ནར་བརྗོད་དགོས་སོ། །ཞེས་སོ། །གཉིས་པ་ལ།


K8Z004_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྐོང་ཆོས་བཅུ་སོ་སོར་བསྟན། །འཁྲུལ་བཅས་བྱེ་བྲག་ཉིད་དུ་བརྗོད། །དང་པོ་ནི། དགེ་སློང་ས་ལ་མི་འདུག་པར་འགྲེང་བ་ནི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་བ་ཉིད་མ་ཡིན་ནོ། །སྤྱོད་ལམ་ཐ་དད་པས་ཐ་དད་པ་ཉིད་དུ་ཡིད་ལ་སྣང་བའི་ཕྱིར་རོ། །དམིགས་བསལ་ནི། མགྲོན་པོ་མི་སྡོད་ན་འགྲོ་བཞིན་དུ་བྱའོ། །ཞེས་སོ། །སྦྱིན་སྐོ་དང་ཆད་པའི་ལས་ལ་གང་ལ་བྱ་བའི་ཡུལ་ཡང་ལས་དེའི་ཁ་སྐོང་བ་ཉིད་མ་ཡིན་ནོ། །དམིགས་བསལ་ནི་གསོ་སྦྱོང་གི་ལས་ལྟ་བུའོ། །གཙུག་ལག་ཁང་མཚམས་གཅིག་གི་ནང་དུ་དགེ་འདུན་ཚོགས་པ་ཐ་དད་པ་གཉིས་ཕན་ཚུན་འདུན་པ་ཕུལ་ཏེ་ལས་སོ་སོར་བྱེད་ན་ལས་གཞན་ལ་འདུན་པ་ཕུལ་ཏེ། ལས་གཞན་གྱི་ཁ་སྐོང་བྱེད་པ་སྲིད་ཀྱང་གང་དུ་འདུན་པ་ཕུལ་བའི་ལས་དེའི་ཕྱིར་འདུན་པ་དང་ཡོངས་དག་ཕུལ་བ་ཙམ་གྱིས་ནི་ལས་དེའི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་བ་ཉིད་མ་ཡིན་ནོ་ཞེས་སྟོན་པ་ནི་ལས་དེའི་ཕྱིར་འདུན་པ་དང་ཡོངས་སུ་དག་པ་འབུལ་བའི་ཆོ་ག་བྱས་པ་ལས་ནི་ལས་དེའི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་བྱེད་པ་མ་ཡིན་པ་ཉིད་དོ། །ལས་དེའི་གནས་སུ་ལུས་ཀྱིས་མ་འདུས་པའི་ཕྱིར། ཊཱི་ཀ་ལས། བདག་ཉིད་ལས་ཀྱི་གནས་སུ་མ་འོངས་ན། ཞེས་སོ། །གསོ་སྦྱོང་བྱེད་པ་ན་མཚམས་དེ་ན་དགེ་སློང་བཞི་ལས་མེད་པ་ལྟ་བུ་དགེ་འདུན་གྱི་ཁ་སྐོང་དངོས་སུ་བྱེད་དགོས་པའི་དགེ་སློང་ནི་འདུན་པ་དང་ཡོངས་དག་དེ་གཉིས་འབུལ་བར་བྱ་བ་ཉིད་མ་ཡིན་ནོ་སྟེ། འདུན་པ་དང་ཡོངས་དག་ཕུལ་ཏེ་དངོས་སུ་མ་འདུས་ན་དགེ་འདུན་གྱི་གྲངས་མ་ཚང་བའི་ཕྱིར་རོ། །གང་ན་དགེ་སློང་བཞི་ཁོ་ན་ཡོད་ན་བཞིའི་ཁ་སྐོང་བར་བྱེད་པའི་དགེ་སློང་གཅིག་དགག་དབྱེ་བྱེད་པ་ཉིད་དུ་མི་བསྐོའོ་སྟེ། དགེ་སློང་གསུམ་ལ་དགེ་སློང་གཅིག་གིས་དགག་དབྱེ་བྱར་མི་རུང་ངོ་། །


K8Z004_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཚུལ་སོགས་བསྙེན་པར་མ་རྫོགས་པ་དང་། རྣམ་དག་ལས་ཉམས་པ་དང་། སྡིག་པ་མཚམས་མེད་པ་བྱས་པ་དང་། ལྟ་བའི་སྒོ་ནས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་ལྟ་བུ་སྡིག་པའི་ལྟ་བ་ངན་པ་ཅན་དང་། བུ་ཊཱིཀ་ཏུ་མདོ་སྡེ་ཚངས་པའི་དྲྭ་བ་ནས་བཤད་པའི་ལྟ་ངན་རེ་གཉིས་སོ་ཞེས་སོ། །སྤོ་བ་སྤྱོད་པ་ལ་སོགས་པ་ས་གཞན་ན་གནས་པ་དང་། ཐ་དད་པར་གནས་པ་རྣམས་ཀྱང་ཁ་སྐོང་བར་འོས་པ་མ་ཡིན་ནོ། །སྡིག་ལྟ་ཅན་དང་ཐ་དད་དུ་གནས་པའི་ཁྱད་པར་གང་ཞེ་ན། རང་གི་རྣམ་བཤད་དང་ཊཱི་ཀ་ལས་། ཐ་དད་པར་གནས་པ་ཞེས་བྱ་བ་ནི་འདིར་ཆོས་དང་མཐུན་པའི་ལྟ་བ་ཅན་ཡིན་ཏེ། ཆོས་མ་ཡིན་པར་ཁས་བླངས་པའི་ཐ་དད་པར་གནས་པ་ནི་སྡིག་པའི་ལྟ་བ་ཅན་སྨོས་པ་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །ཞེས་བཤད་དོ། །ཐ་དད་པར་གནས་པ་འདི་ནི་ཆོས་ཕྱོགས་པ་རྣམས་ཡིན་ཏེ། དེས་ན་ཆོས་ཕྱོགས་པ་རྣམས་ནི་ཆོས་མིན་ཕྱོགས་པའི་ལས་ཀྱི་ཁ་སྐོང་ཉིད་མ་ཡིན་ནོ། །ཐ་དད་པར་གནས་པ་འདི་ནི་འགྲེལ་པར་དེ་གཉིས་ཀྱི་ཆོས་དང་མཐུན་པའི་ལྟ་བ་ཅན་ཡིན་པར་བཤད་པ་དེ་ནི་མཚོན་པ་ཙམ་སྟེ། ཆོས་ཕྱོགས་པ་དང་ཆོས་མིན་ཕྱོགས་པ་གཉིས་ཀ་ཕན་ཚུན་ཐ་དད་པར་གནས་པ་ཡིན་པར་བཟུང་ངོ་། །དེས་ན་སྡིག་པའི་ལྟ་བ་ཅན་ནི་ཐ་དད་པར་གནས་པའི་བྱེ་བྲག་སྟེ་སྤྱི་དང་བྱེ་བྲག་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་དོ། །བླ་མ་རྣམས་འདི་སྐད་དུ། སྡིག་པའི་ལྟ་བ་ཅན་ནི་ལྟ་བའི་སྒོ་ནས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་སྟེ་ལྷས་བྱིན་པའི་ཕྱོགས་སུ་སོང་བ་ལྟ་བུ་ཡིན་ལ། ཐ་དད་པར་གནས་པ་ནི་སྤྱོད་པའི་སྒོ་ནས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་སྟེ། ཀཽ་ཤཱམྦཱའི་དགེ་སློང་ལྟར་བུའོ་ཞེས་འཆད་དོ། །ཚུལ་ཁྲིམས་ལ་འགལ་བའི་འཁྲུལ་བ་དང་བཅས་པ་སྟེ་ལྟུང་བ་དང་བཅས་པ་ཡང་ཁ་སྐོང་བ་ཉིད་མ་ཡིན་ནོ། །


K8Z004_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ལག་རྡུམ་བསྙེན་རྫོགས་བྱེད་པ་ན། །ལས་དེ་བྱེད་པའི་སྦྱོར་བ་ཡི། །ཉེས་བྱས་འབྱུང་ཡང་ལས་འཆགས་སོ། །དེ་མཚུངས་གཞན་ལའང་དེ་བཞིན་ནོ། །དེས་ན་གཞི་དེ་ཉིད་ལས་བྱུང་བའི་ཉེས་པས་ལས་ལ་མི་སྒྲིབ་པས་འཁྲུལ་བཅས་ནི་ལས་དེ་ཉིད་ལས་བྱུང་བའི་ཉེས་པ་མ་ཡིན་པ་དང་། རང་གི་རྒྱུད་ལ་ཡོད་པའི་ལྟུང་བ་ཡིན་པ་དང་། ངོ་བོ་ཤེས་སམ་ཡིད་གཉིས་ཟ་བ་དང་བཅས་པ་སྟེ་ལྟུང་བ་ཆོས་གསུམ་ལྡན་ནོ། །བྱིན་གྱིས་བརླབས་པས་འདག་ཏུ་རུང་བ་དང་ཆོས་བཞི་ལྡན་ནོ་ཞེས་བཤད་དེ། དེ་ལྟར་ན་བསྡམ་བྱ་ལ་མ་ཁྱབ་ཅིང་། ཕམ་པ་ལའང་མ་ཁྱབ་སྟེ། ཕམ་པ་བྱུང་བ་ནི་འཁྲུལ་བཅས་ཡང་ཡིན་ལ་ཉམས་པ་ཡང་ཡིན་ནོ། །གཉིས་པ་ནི། འཁྲུལ་བཅས་དེའི་ཚད་གང་ཞེ་ན། ཡིད་ཀྱིས་བསྡམ་པར་བྱ་བས་ཀྱང་འཁྲུལ་བཅས་ཡིན་གྱི། བཤགས་པར་བྱ་བ་འབའ་ཞིག་གིས་འཁྲུལ་བཅས་ཡིན་པར་མ་ཟད་དོ། །འདིའི་ལུང་ཁུངས་ནི། དགག་དབྱེའི་གཞི་ལས། གལ་ཏེ་བསྡམ་པར་བྱ་བ་བྱུང་བར་ཤེས་ན་བསྡམ་པར་བྱས་ཏེ་དགག་དབྱེ་བྱའོ། །ཞེས་གསུངས་པ་དང་། ལུང་སིལ་བུ་ལས། བཙུན་པ་ཇི་ཙམ་གྱིས་རང་བཞིན་དུ་གནས་པ་མ་ལགས་པར་འགྱུར། ཉེ་བར་འཁོར་སྤྱད་པར་བྱ་བ་མ་ཡིན་པ་སྤྱོད་ཅིང་དགེ་སློང་གི་བསླབ་པ་ལ་མི་སློབ་པ་སྟེ། དེ་ཙམ་གྱིས་ན་རང་བཞིན་དུ་གནས་པ་མ་ཡིན་པར་འགྱུར་རོ། །ཞེས་གསུངས་སོ། །འདི་ལ་ཊཱི་ཀས་ཕྱོགས་སྔར་བཀོད་པའི་པཎྜི་ཏ་ཁ་ཅིག་ན་རེ། ཉེས་བྱས་ཙམ་གྱིས་ཀྱང་ཁ་སྐོང་བར་མི་འོས་ན་དེ་ཙམ་གྱིས་མ་གོས་པའི་དགེ་འདུན་མི་རྙེད་པའི་ཕྱིར་ན་ལས་མི་འཆགས་པས་སངས་རྒྱས་ཀྱི་བསྟན་པ་ལ་སོ་སོར་ཐར་པའི་སྡོམ་པ་དྲུངས་ནས་ཕྱུང་བར་འགྱུར་རོ། །དེས་ན་ཕམ་པ་འབྱུང་བ་ནི་འཁྲུལ་པ་དང་བཅས་པ་ཡིན་པས། དེ་ནི་ཁ་སྐོང་བ་ཉིད་མ་ཡིན་པར་རིགས་ཀྱིས། ལྟུང་བ་གཞན་


K8Z004_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ནི་ཁ་སྐོང་བ་ཉིད་དུ་རུང་ངོ་ཞེས་ཟེར་བ་དག་ཡོད་དེ། ཞེས་ཊཱི་ཀས་གཞན་འདོད་བཀོད་ནས། ཊཱི་ཀ་ལས། དེ་དག་ནི་རང་དགའ་དང་འདོད་རིས་ཀྱི་དབང་གིས་བདག་ཉིད་ཀྱང་རབ་ཏུ་ཉམས་པར་བྱེད་ཅིང་། གཞན་ཡང་རབ་ཏུ་ཉམས་པའི་ལམ་དུ་འཛུད་པ་བདེ་བར་གཤེགས་པའི་བསྟན་པ་མར་གྱི་ཉིང་ཁུ་ལྟ་བུ་ལ་མི་གཙང་བའི་བཙོག་ཆུས་བསླད་པར་བྱེད་པ་ཡིན་པས། འདིར་དེ་དག་གི་ལུགས་ཀྱི་རྗེས་མི་བསྙེགས་པར་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བའི་གཞུང་ལུགས་ཐམས་ཅད་དང་བསྟུན་ཏེ། མདོ་རྩ་བྱས་པ་འདི་ཉིད་ཚད་མར་བལྟའོ། །ཞེས་སོ། །དེ་ལྟར་ན་ཉེས་བྱས་ཕྲ་བས་ཀྱང་མ་གོས་པའི་དགེ་སློང་ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་དགེ་སློང་གི་སྡོམ་པ་སྦྱིན་པའི་ལས་མི་ཆགས་པར་འགྱུར་བས། སོ་སོར་ཐར་པའི་སྡོམ་པ་དྲུངས་ནས་ཕྱུང་བར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། དགེ་འདུན་ལྷག་མ་དང་སྤང་བའི་ལྟུང་བྱེད་ནི་བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ། །དེའི་ཚེ་བཤགས་པ་ལེན་པ་པོ་མེད་ན་ནི་ལྟུང་བྱེད་འབའ་ཞིག་པ་དང་། སོ་སོར་བཤགས་པར་བྱ་བ་དང་། ཕྱིར་བཅོས་པར་བྱ་བའི་ཉེས་བྱས་ཀྱང་བྱིན་གྱིས་བརླབས་པས་གནས་སྐབས་དག་པ་ཉིད་དུ་འགྱུར་རོ། །ཐམས་ཅད་དུའམ་ཞེ་ན། ཉིན་ཞག་དེ་ཉིད་ལ་དངོས་སུ་བཤགས་པར་ནུས་པ་ཉིད་ཡིན་ན་མི་འགྱུར་རོ། །ནུས་པ་ཉིད་དེ་ནི་གང་ཞེ་ན། ཉི་མ་གང་ལ་ལས་བྱེད་པའི་ལས་ཀྱི་གནས་སུ་འདུ་བར་འགྱུར་བ་དེའི་ཚེ་བཤགས་པ་ལེན་པ་པོར་འོས་པ་ཡོད་ན་ལྕི་བའི་ཆོས་ལས་འདས་པའི་ཁ་ན་མ་ཐོ་བ་ལས་གཞན་པའི་དབང་དུ་བྱས་ཏེ་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱི་བཤགས་པས་ཕྱིར་བཅོས་པར་བྱ་བའི་ཉེས་


K8Z004_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནི་ཆོས་ཅན། ལྟུང་བའི་ངོ་བོའི་ཆ་ནས་ཉིན་ཞག་དེ་ཉིད་ལ་བཤགས་པར་ནུས་པ་ཡིན་ཏེ། ལྟུང་བའི་ངོ་བོའི་ཆ་ནས་ཞག་གི་ཆད་ལས་ལ་མི་བལྟོས་པར་བཤགས་པ་ཡན་ལག་དང་བཅས་པ་ཙམ་གྱིས་ཕྱིར་བཅོས་པར་བྱ་བ་ཡིན་པའི་ཕྱིར་རོ། །སྦོམ་པོ་དང་གང་ཟག་ཁྱད་པར་ཅན་གྱི་ལྷག་མ་དང་། གང་ཟག་དེའི་སྤང་ལྟུང་བཞིན་མཐུན་དཔེར་སྦྱར་རོ། །ལྟུང་བ་བྱུང་བ་ལ་ནི་ལས་ཀྱི་གནས་སུ་འདུ་བའི་ཚེ་ན་ལས་བྱེད་པའི་དགེ་འདུན་རྣམས་ཀྱིས་འདུ་ཤེས་ཇི་ལྟ་བ་བཞིན་དུ་ཕྱིར་བཅོས་བྱེད་དུ་གཞུག་པའམ་བསྙིལ་བ་བསྒྲུབ་པར་བྱའོ། །ལས་བྱེད་པ་ལས་གཞན་གྱི་དུས་སུ་ཡང་ལྷག་མ་ལ་ལྟུང་བྱེད་ཡིན་པར་འདུ་ཤེས་པ་རང་གི་འདུ་ཤེས་ཇི་ལྟ་བ་བཞིན་དུ་ཕྱིར་བཅོས་བྱས་ན་ལྟུང་བ་དག་པར་རིགས་ཏེ། མཁན་པོ་ཚུལ་ཁྲིམས་འཆལ་བ་ལ་ལྡན་པར་ཤེས་ན་སྡོམ་པ་སྐྱེ་བར་གསུངས་པའི་གནད་ཀྱིས་ཤེས་ཏེ། དེ་དང་འདི་དཔྱད་པ་ཐ་སྙད་པར་མཚུངས་པའི་ཕྱིར་རོ། །འོ་ན་གང་ཟག་ལྟུང་བ་བྱུང་བ་གཅིག་ལ་ཕྱིར་བཅོས་དུ་མ་རིག་པར་ཐལ། ལྟུང་བ་གཅིག་ལ་རེས་འགའ་ལྟུང་བྱེད་ཡིན་པར་འདུ་ཤེས་ལ། རེས་འགའ་ཉེས་བྱས་ཡིན་པར་འདུ་ཤེས་པ་ལྟ་བུ་རེས་འཇོག་གི་འདུ་ཤེས་མི་འདྲ་བ་དུ་མ་སྲིད་པའི་ཕྱིར་རོ་ཞེ་ན་འདོད་པ་ཡིན་ཏེ། གང་ཟག་ལྟུང་བ་བྱུང་བ་གཅིག་ལ་དེ་ལྟར་གསོ་བའི་ལྷག་མ་མེད་པར་འདུ་ཤེས་ན་བསྙིལ་བ་དང་། མི་བསྙིལ་བའི་ཕྱིར་འདུ་ཤེས་ན་མི་བསྙིལ་བ་དང་། ཕྱིར་བཅོས་པའམ་བསྡམས་པའམ་སྟེ་བཤགས་པའི་བྱེ་བྲག་རྣམ་པ་དུ་མར་རིགས་པ་ཁོ་ནའོ། །གཉིས་པ་ནི། བསྙེན་པར་མ་རྫོགས་པ་དང་ཕམ་པས་ཉམས་པ་ལ་སོགས་ཏེ་ལས་ཀྱི་ཁ་སྐོང་བར་མི་འོས་པ་དེ་དག་ནི་ལས་ཀྱི་ཆོ་ག་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་པའི་ཊཱི་ཀ་ལས། ལས་བྱེད་པ་ནི་ཚོགས་ཀྱི་ཁ་སྐོང་བ་གཞན་དག་པས་ཆེས་གཅེས་པ་ཡིན་པའི་ཕྱིར་དང་།


K8Z004_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་སོ། །ལུང་གླེང་གཞི་ལས། བཙུན་པ་བསླབ་པ་སྩལ་བས་ལས་དག་པ་བགྱི་ན་ལས་བགྱིས་པ་ཞེས་བགྱིའམ། མ་བགྱིས་པ་ཞེས་བགྱི། ལས་མ་བྱས་པ་ཞེས་བྱ་སྟེ་ཡང་བྱ་བ་དག་ཡིན་ནོ། །ཞེས་གསུངས་སོ། །འོ་ན་ལས་བྱེད་པ་པོ་ཁ་སྐོང་བར་མི་འོས་པས་ལས་བྱས་ཀྱང་ལས་མི་འཆགས་ན། ལུང་ཞུ་བ་ལས། ལས་བགྱིད་པ། བསླབ་པ་སྩོལ་བ་རྣམས་ཀྱིས་ལས་བགྱི་ན་ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི་ལས་བྱས་པ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ། །ཞེས་གསུངས་པ་དང་། ལྷག་མ་དང་བཅས་པའི་ཕྱིར་འཆོས་པ་སྤོ་མགུ་དབྱུང་བ་བྱེད་པ་ལ་ཞུགས་པ་ན་ཁ་སྐོང་བར་མི་འོས་ཀྱང་གསོ་སྦྱོང་ལ་སོ་སོར་ཐར་པའི་མདོ་འདོན་པར་བྱེད་པ་ཉིད་ཡིན་ནོ་ཞེས་པ་དང་། སྤོ་བར་བྱེད་པས་ནི་ཉེ་བར་གནས་པའི་སྡོམ་པ་ལས་གཞན་པའོ། །ཞེས་ལས་འཆགས་པར་གསུངས་པ་དང་འགལ་ཅེ་ན། གཞུང་དེ་དག་གི་འགལ་སྤང་ལ་གཉིས་ལས། དང་པོ་གཞན་ལུགས་དགག་པ་ལ་གཉིས་ཏེ། ཆོ་གའི་དམིགས་བསལ་དུ་འདོད་པ་དགག་པ་དང་། གང་ཟག་གི་དམིགས་བསལ་དུ་འདོད་པ་དགག་པའོ། །དང་པོ་ནི། ལམ་གར་པ་ན་རེ། སྦྱིར་བཏང་ལ་ཁ་སྐོང་བར་མི་འོས་པས་ལས་མཁན་མི་བཏུབ་ཀྱང་དམིགས་བསལ་གསོ་སྦྱོང་གི་ལས་མཁན་སོ་སོར་ཐར་པའི་མདོ་འདོན་པ་པོ་བཏུབ་པ་ཡིན་ཏེ། ལྷག་མ་དང་བཅས་པའི་ཕྱིར་ཞེས་སོགས་སྔར་དྲངས་པའི་གཞུང་དེས་ཤེས་ཟེར་རོ། །དེ་དགག་པ་ནི། སྤོ་བར་བྱེད་པས་ནི་ཉེ་བར་གནས་པའི་སྡོམ་པ་ལས་གཞན་པའོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ནི། འབལ་ན་རེ། སྤྱིར་བཏང་ལ་ཁ་སྐོང་བར་མི་འོས་པས་ལས་མཁན་མི་བཏུབ་ཀྱང་དམིགས་བསལ་དགེ་འདུན་ལྷག་མ་ཕྱིར་འཆོས་པ་ལ་ཞུགས་པ་དེ་ཁ་སྐོང་བར་མི་འོས་ཀྱང་དེས་ལས་བྱས་ན་ལས་འཆགས་


K8Z004_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། ལྷག་མ་དང་བཅས་པ་ཞེས་སོགས་དང་། སྤོ་བ་བྱེད་པས་ཞེས་སོགས་སྔར་དྲངས་པའི་གཞུང་དེ་དག་གིས་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ནི། ལུང་ཞུ་བ་ལས། བསླབ་པ་བྱིན་པས་ལས་བྱེད་ན་ལས་འཆགས་པར་གསུངས་པ་སྔར་དྲངས་པ་དང་འགལ་ཅིང་། སྨྱོན་པས་སྟོན་པ་ཡང་ངོ་། །ཞེས་གསུངས་པ་དང་ཡང་འགའ་ལོ། །གཉིས་པ་རང་ལུགས་བཞག་པ་ནི། ལས་བྱེད་པ་ཁ་སྐོང་བར་འོས་པ་དགོས་པའི་གཞུང་དེ་དག་ཐམས་ཅད་ནི་དགེ་སློང་ལས་བྱེད་པ་པོ་དེས་དགེ་འདུན་གྱི་གྲངས་མ་ཚང་བའི་ཁ་སྐོང་ཡང་བྱེད་པའི་དབང་དུ་བྱས་པ་སྟེ། ཊཱི་ཀ་ལས། དེ་ལྟར་དགེ་འདུན་ཐམས་ཅད་ཀྱིས་གང་བྱ་བ་དེ་ལས་བྱེད་པ་དེས་བྱ་དགོས་པས། དེའི་ཕྱིར་དེ་ནི་དགེ་འདུན་དུ་གྱུར་པ་ཉིད་ཡིན་ནོ། །ཞེས་གསུངས་པས་ཤེས་སོ། །ལས་བྱེད་པ་པོ་ཁ་སྐོང་བར་མི་འོས་པས་ལས་བྱས་ན་ཡང་ལས་འཆགས་པར་གསུངས་པ་དེ་ཐམས་ཅད་ནི། ལས་བྱེད་པ་པོ་དེ་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་བ་ལ་མི་བལྟོས་པར་གཞན་གྱིས་དགེ་འདུན་གྱི་གྲངས་ཚང་བའི་ཚེ་ན་བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན། ཡང་དག་པའི་ལྟ་བ་དང་ལྡན། རང་རང་གི་ལས་ཀྱི་ཆོ་ག་ཤེས། མཚམས་གཞན་ན་གནས་པ་མ་ཡིན་པ་སྟེ། ཆོས་བཞི་ལྡན་གྱིས་ལས་བྱས་ན་ལས་འཆགས་པ་ཡིན་ཏེ། དང་པོ་ནི། ལུང་ཞུ་བ་ལས། ལས་བྱེད་པ་བསླབ་བ་བྱིན་པས་ལས་བྱས་ན་ལས་འཆགས་པར་གསུངས་པ་དང་། ལུང་ཞུ་བ་ལས། ལས་བགྱིད་པ་ཁྱིམ་པ་དང་། ཟ་མ་དང་། མ་ནིང་དང་། གནས་པར་མི་བྱ་བ་དག་གིས་ལས་བགྱིད་ན་ལས་བགྱིད་པ་ཞེས་བགྱིའམ། ཨུ་པ་ལི་མ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། ཆོས་འདི་པས་ལས་དེ་བྱས་ན་བྱས་པ་ཉིད་དོ། །ཞེས་ལྟུང་བ་མཐོང་ཡུལ་བྱེད་པ་ལའང་ཡང་དག་པའི་ལྟ་བ་དང་ལྡན་དགོས་པའི་གནད་ཀྱིས་དང་། ལུང་ཞུ་བ་ལས། ཐ་དད་


K8Z004_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པ་དང་། ཞེས་ཆོས་གཞན་ཕྱོགས་སུ་སོང་བས་ཆོས་འདི་པའི་ལས་བྱེད་ན་ལས་མི་འཆགས་པར་གསུངས་པས་སོ། །གསུམ་པ་ནི། ལས་ཀྱི་ཆོ་ག་མི་ཤེས་ན་ནི་ཉམས་ན་མ་བྱས་པ་ཉིད་དོ་ཞེས་གསུངས་པས་སོ། །བཞི་བ་མཚམས་གཞན་ན་གནས་པ་ནི་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ནོ་ཞེས་གསུངས་པས་གྲུབ་བོ། །གསུམ་པ་ནི། ལྷག་མ་དང་བཅས་པ་ཕྱིར་འཆོས་པ་ལ་ཞུགས་པ་དེ་ལས་གཞན་པ་བསྙེན་པར་མ་རྫོགས་པ་དང་། ཉམས་པ་ལ་སོགས་པ་དེ་དག་གིས་ནི་ལས་ཀྱི་ཆོ་ག་ཐོས་པ་དང་བཙས་པར་མི་བྱའོ། །དེ་ལས་འགལ་ན་ཉེས་བྱས་སུ་བསྟན་ལ། ཁ་ཅིག་ན་རེ། དགེ་འདུན་མང་པོ་གསོ་སྦྱོང་བྱེད་པ་ན་ཚུལ་ཁྲིམས་མ་དག་པ་དུ་མ་གནས་དེར་འོང་སྲིད་པས་དེ་དག་གིས་ཐོས་པ་དང་བཅས་པར་ལས་བྱེད་ན་དགེ་སློང་རེ་རེ་ལ་ཉེས་བྱས་དུ་མ་འབྱུང་ལ། གསོ་སྦྱོང་མ་བྱས་པ་ལ་ནི་དགེ་སྤོང་རེ་རེ་ལ་ཉེས་བྱས་གཅིག་ཡིན་པས་ཉེས་པ་དུ་མ་འབྱུང་བ་དེ་སྤང་བའི་ངོར་གསོ་སྦྱོང་མ་བྱས་པའི་ཉེས་པ་གཅིག་པོ་དེ་གནང་ངོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། ཉེས་པ་དུ་མ་འབྱུང་བ་དེ་སྤང་བའི་ངོར་གསོ་སྦྱོང་མི་བྱེད་པ་གནང་བའི་ངེས་པ་མེད་དེ། དགག་དགོས་ཆེ་ཆུང་ཡོད་ཅིང་། དགག་དགོས་ཆུང་ཤོས་ཀྱི་ངོར་ཆེ་ཤོས་གནང་ན་འགལ་བའི་ཕྱིར་རོ། །དེའི་དམིགས་བསལ་ནི། མ་སྤངས་པ་ཆོས་འདི་པ་གནས་ནས་མ་ཕྱུང་བ་དང་མ་ལོག་པ་སྟེ། དང་མཚམས་མེད་མ་བྱས་པའི་བསྙེན་རྫོགས་ནི་ལས་སུ་མི་རུང་བ་ལ་མ་གཏོགས་སོ། །སྤང་ལོག་ལྔས་ཐོས་སུ་མི་རུང་བ་ཡིན་གྱི། སྤང་ལོག་ལྔ་ལས་གཞན་པས་ཐོས་པ་ལ་ནི་ཉེས་པ་མེད་དོ། །སྤངས་པ་གཉིས་ནི་ཆོས་འདི་པས་སྤངས་ཏེ་ཆོས་ཅན་མ་ཡིན་པའི་ཕྱོགས་སུ་སོང་བ་དང་། ཆོས་དང་ཟང་ཟིང་གིས་སྤངས་ཏེ་གནས་ནས་ཕྱུང་བའོ། །ལོག་པ་གསུམ་ནི། རྣམ་དག་


K8Z004_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལོག་སྟེ་ཕམ་པས་ཉམས་པ་དང་། བདེ་འགྲོར་འགྲོ་བ་ལས་ལོག་སྟེ་མཚམས་མེད་བྱས་པ་དང་། བསྙེན་རྫོགས་ལས་ལོག་སྟེ་བསྙེན་པར་མ་རྫོགས་པའོ། །དམིགས་བསལ་ནི། མ་སྤངས་ཤིང་མ་ལོག་པ་ཡིན་ཡང་བཀའ་བློ་མི་བདེ་བའི་ལྷག་མ་ལྟ་བུ་བསྒོ་བ་ལས་བྱུང་བ་ཕྱིར་མ་བཅོས་པས་ལས་ཉམས་སུ་མྱོང་བར་མི་བྱ་བ་དང་། ཕམ་པ་བྱུང་བ་ཡིན་ཡང་ལས་ཐོས་སུ་རུང་ཡོད་དེ། ཊཱི་ཀ་ལས། བསླབ་པ་བྱིན་པས་ཐོས་པ་དང་བཅས་པར་ལས་བྱེད་ན་ལས་བྱེད་པ་ལ་ཉེས་པ་མེད་དོ། །ཞེས་བཤད་པ་དང་། སྤངས་པ་ཡིན་ཡང་ལས་ཐོས་སུ་རུང་བ་ཡོད་དེ། གནས་ནས་ཕྱུང་བ་ནི་རང་གི་བཟོད་པར་བྱ་བའི་ལས་ལ་ཡང་ཐོས་སུ་མི་རུང་བ་ལ་མ་གཏོགས་སོ། །དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་པ་དང་ལ་སོགས་པས་བསྙེན་རྫོགས་བྱེད་པའི་དངོས་གཞི་གསོལ་གཞིའི་ལས་བསྡུས་པ་སྟེ། ལས་དེ་གཉིས་ནི་བསྙེན་པར་རྫོགས་པར་བྱ་བའི་དགེ་ཚུལ་དང་། བསྙེན་པར་རྫོགས་པར་བྱ་བའི་དགེ་སློབ་མ་དག་གིས་ཡང་ཐོས་སུ་མི་རུང་བ་ལ་མ་གཏོགས་སོ། །མདོ་སྔ་ཕྱི་འདི་གཉིས་ནི་སྤངས་ལོག་གཉིས་ཀྱི་དམིགས་བསལ་ཡིན་ཏེ། བཞི་པ་ནི། རང་འགྲེལ་ལས། ཅི་ཐོས་པར་བྱ་བ་མ་ཡིན་པ་ལ་མངོན་སུམ་དང་རྗེས་སུ་བསྒྲགས་པ་རྣམས་གང་གིས་བཟུང་བར་བྱ་ཞེ་ན། རང་འགྲེལ་དང་ཊཱི་ཀ་ལས། མངོན་སུམ་དང་རྗེས་སུ་བསྒྲགས་པ་དེ་དག་བྱ་བ་ལ་མངོན་སུམ་དུ་བྱ་བ་ནི་ཇི་ལྟ་བུ་ཞེ་ན། དགེ་ཚུལ་བསྙེན་པར་རྫོགས་པའི་བྱ་བ་ལ་སོགས་པའི་ལས་བྱེད་པ་ན་བསྒྲུབ་བྱ་ཡུལ་དེ་དགེ་འདུན་གྱིས་ལྟ་བའི་ཉེན་ཀོར་དུ་བཞག་པས་ནི་མཐོང་བའི་མངོན་སུམ་དུ་བསྒྲུབ་བོ་སྟེ། རྣམ་པ་གཅིག་ཏུ་ན། ལུང་དང་ཀར་ཤ་དང་བམ་པོ་ལྔ་བཅུ་པ་ལས། དགེ་ཚུལ་བསྙིལ་བ་དང་ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་


K8Z004_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ལྷུང་བཟེད་ཁ་དབུབ་པའི་ལས་ནི་ཐོས་པའི་མངོན་སུམ་དུ་མ་གྱུར་པའི་ལས་ཡིན་ཡང་བསྒྲུབ་བྱ་ལྟ་བའི་ཉེ་འཁོར་དུ་བཞག་སྟེ་མཐོང་བའི་མངོན་སུམ་དུ་བསྒྲུབ་བོ། །མངོན་སུམ་དུ་བྱ་བ་ནི་ལྟ་བའི་ཉེན་ཀོར་དུ་བཞག་པས་བསྒྲུབ་བོ་ཞེས། ཊཱི་ཀས་བཤད་དོ། །རྗེས་སུ་བསྒྲུབས་པ་ནི་ཇི་ལྟ་བུ་ཞེ་ན། དགེ་ཚུལ་བསྙིལ་བའི་ལས་བརྗོད་པ་དང་པོ་བྱས་ཟིན་ཏོ། །ཞེས་པ་ལ་སོགས་པ་ཡུལ་དེ་ལ་གོ་བར་བྱས་པས་སྒྲུབ་པ་ནི་རྗེས་སུ་བསྒྲགས་པའོ། །རྗེས་སུ་བསྒྲགས་པ་ནི་གོ་བར་བྱ་བས་བསྒྲུབ་བོ་ཞེས་ཊཱི་ཀས་སྔ་ཕྱི་རིམ་པ་བསྒྱུར་ཏེ་བཤད་དོ། །ད་ནི་མངོན་སུམ་དུ་མ་གྱུར་པར་བྱ་བའི་ལས་རྣམས་སྟེན་ཏེ་དགེ་སློང་བྱེ་མ་སྐྱེས་ལ་བུ་ལ་སྨྱོས་པའི་གནང་བ་དང་། དགེ་སློང་གནས་ནས་ཕྱུང་བ་ལ་དགེ་སློང་མ་རྣམས་ཀྱིས་སྤངས་པ་དེ་དག་ལ་ཕྱག་མི་བྱ་བའི་སྡོམ་པ་དང་། སྤངས་པ་དེ་དག་ལ་མི་སྨྲ་བའི་སྡོམ་པ་དང་། དེ་དག་ཆོས་དང་ཟང་ཟིང་གིས་ལོངས་མི་སྤྱོད་པའི་སྡོམ་པ་དང་། དེ་དག་གི་གཙུག་ལག་ཁང་དུ་འགྲོ་བར་མི་བྱ་བའི་སྡོམ་པ་དག་ནི་ཡུལ་དེའི་མངོན་སུམ་དུ་མ་གྱུར་པར་བྱའོ་ཞེས། འདི་གཏན་ལ་དབབ་པ་ལ་བཞི་ལས། དང་པོ་མངོན་སུམ་དུ་མ་གྱུར་པའི་ལས་ལྔ་འདིར་བསྡུ་ལ། གཞན་མི་བསྡུ་བའི་འཐད་པ་ནི་འདིའི་ལུང་ཁུངས་ནི། མ་མོ་ལས་མངོན་སུམ་དུ་མ་གྱུར་པར་བྱ་བའི་ལས་བཅུ་གང་ཞེ་ན། ལྷུང་བཟེད་ཁ་དབུབ་པ་དང་། ལྷུང་བཟེད་ཁ་དབུབ་པ་བག་ཡངས་སུ་བྱ་བ་དང་། བསླབ་པའི་སྡོམ་པ་དང་། བསླབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་དང་། དགེ་ཚུལ་གྱི་སྡོམ་པ་སྟེ་དགེ་ཚུལ་བསྙིལ་པའི་དང་། སྨྱོས་པའི་གནང་བ་དང་། ཕྱག་མི་བྱ་བའི་སྡོམ་པ་དང་། མི་སྨྲ་བའི་སྡོམ་པ་དང་། ལོངས་མི་སྤྱད་པའི་སྡོམ་པ་དང་། གཙུག་ལག་ཁང་གི་སྡོམ་པའོ། །ཞེས་གསུངས་སོ། །དེ་ལྟར་ལུང་ལས་བཅུ་


K8Z004_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལས་ལྔ་ནི་འདིར་བསྡུས་ལ། གཞན་ལྔ་པོ་འདིར་མི་བསྡུ་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། སྨྱོས་པའི་གནང་བ་ལ་སོགས་པ་ལྔ་པོ་འདི་དག་ཆོས་ཅན། མངོན་སུམ་དུ་མ་གྱུར་པའི་ལས་ཡིན་ནོ་ཞེས་གཞུང་དུ་བསྟན་དགོས་པ་ཡིན་ཏེ། བསྒྲུབ་བྱ་བསྙེན་རྫོགས་ལ་བསྒྲུབ་པ་ཡིན་པའི་ཆ་ནས་ལས་ཐོས་པའི་མངོན་སུམ་དུ་བྱའམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་རོ། །ལྷུང་བཟེད་ཁ་དབུབ་པ་ནས་དགེ་ཚུལ་བསྙིལ་བའི་བར་གྱི་ལས་ལྔ་པོ་དེ་དག་ཆོས་ཅན། མངོན་སུམ་དུ་མ་གྱུར་པའི་ལས་ཡིན་ནོ་ཞེས་མདོ་རྩ་བའི་སྐབས་འདིར་བསྟན་མི་དགོས་པ་ཡིན་ཏེ། བསྙེན་པར་མ་རྫོགས་པ་འབའ་ཞིག་གི་ཡུལ་ལ་བསྒྲུབ་པ་ཡིན་པའི་ཆ་ནས་ལས་ཐོས་པའི་མངོན་སུམ་དུ་བྱའམ་སྙམ་པའི་དོགས་པ་མེད་པའི་ཕྱིར། དེ་ཡང་རང་གི་རྣམ་བཤད་ལས། དེ་རྣམས་ནི་བསྙེན་པར་མ་རྫོགས་པའི་ཡུལ་ཡིན་པས་དེ་དག་ལ་མངོན་སུམ་དུ་གྱུར་པའི་དོགས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་མི་སྨྲ། ལོངས་མི་སྤྱད། གཙུག་ལག་ཁང་གི་སྡོམ་པ་དང་གསུམ་པོ་འདི་དག་ཆོས་ཅན། མངོན་སུམ་དུ་མ་གྱུར་པའི་ལས་ཡིན་ནོ་ཞེས་མདོ་རྩ་བའི་སྐབས་འདིར་བསྟན་མི་དགོས་པར་ཐལ། བསྙེན་པར་མ་རྫོགས་པ་འབའ་ཞིག་གི་ཡུལ་ལ་བསྒྲུབ་པ་ཡིན་པའི་ཆ་ནས་ལས་ཐོས་པའི་མངོན་སུམ་དུ་བྱའམ་སྙམ་པའི་དོགས་པ་མེད་པའི་ཕྱིར་ཏེ། འདི་གསུམ་ཡུལ་གང་ལ་བྱེད་ན། ཊཱི་ཀ་ལས། ལྷུང་བཟེད་ཁ་ཕུབ་པ་ནས་དགེ་ཚུལ་བསྙིལ་བའི་བར་ལ་བྱ་བར། བཤད་པས་གྲུབ་བོ་ཞེ་ན། རྟགས་ཟུར་སྔ་མ་བསྙེན་པར་མ་རྫོགས་པ་འབའ་ཞིག་གི་ཡུལ་ལ་བསྒྲུབ་པ་དེ་མ་གྲུབ་སྟེ། གནས་ནས་ཕྱུང་པའི་དགེ་སློང་ལ་ཡང་བསྒྲུབ་པའི་ཕྱིར་རོ། །གཉིས་པ་ཡུལ་གང་ལ་སྒྲུབ་པ་གཏན་ལ་དབབ་པ་ནི། མི་སྨྲ། ལོངས་མི་སྤྱོད། གཙུག་ལག་


K8Z004_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གི་སྡོམ་པ་དང་གསུམ་པོ་འདི་ཡུལ་གང་ལ་བྱ་ཞེ་ན། ལྷུང་བཟེད་ཁ་དབུབ་བྱས་པ་ལ་སོགས་པའི་བསྙེན་པར་མ་རྫོགས་པ་ལ་འདི་གསུམ་བྱ་ཞིང་། གནས་ནས་ཕྱུང་བ་ལ་ཡང་འདི་གསུམ་བྱ་བ་ཡིན་ཏེ། སྔ་མ་ནི། ཊཱི་ཀ་ལས། ལྷུང་བཟེད་ཁ་དབུབ་པ་ནས་དགེ་ཚུལ་བསྙིལ་བའི་བར་ལ་བྱ་བར། བཤད་པས་གྲུབ་ཅིང་། ཕྱི་མ་ནི། ལུང་ཞུ་བ་ལས། མངོན་སུམ་དུ་མ་གྱུར་པར་ལས་རྣམས་བགྱིས་ཀྱང་ལས་རྣམས་བགྱིས་པར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། དགེ་སློང་མ་རྣམས་ཀྱིས་དགེ་འདུན་གྱིས་ཕྱག་མི་བྱ་བའི་སྡོམ་པའམ། ལོངས་སྤྱོད་དང་བྲལ་བའི་སྡོམ་པ་སྦྱིན་པའོ། །ཞེས་གསུངས་པ་དང་། གཏམ་གྱི་གཞི་ལས། དགེ་སློང་མ་རྣམས་ཀྱིས་དགེ་སློང་ལ་ཕྱག་མི་བྱ་བར་བཅས་པ་དང་། གཏམ་མི་སྨྲ་བར་བཅས་པ་དང་། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྐོས་པ་དེ་ལྟ་བུ་ནི་མངོན་སུམ་དུ་མ་གྱུར་ཀྱང་དགེ་འདུན་གྱི་ལས་བྱེད་ན། ཞེས་གསུངས་སོ། །མི་སྨྲ། ལོངས་མི་སྤྱོད། གཙུག་ལག་ཁང་གི་སྡོམ་པ་ཞེས་པའི་སྐབས་འདི་ཉིད་ཀྱི་རང་གི་རྣམ་བཤད་ལས་ཀྱང་། འདི་རྣམས་ནི་བསྙེན་པར་རྫོགས་པ་མངོན་སུམ་དུ་གྱུར་པ་མ་ཡིན་པ་རྣམས་ལ་བྱེད་པ་ཡིན་ནོ་ཞེས་བསྙེན་པར་རྫོགས་ལ་འདི་གསུམ་བྱེད་པར་གསུངས་སོ། །གསུམ་པ་དཀའ་བའི་གནས་གསུམ་གཏན་ལ་དབབ་པ་ནི། མི་སྨྲ། ལོངས་མི་སྤྱོད། གཙུག་ལག་ཁང་གི་སྡོམ་པ་དང་གསུམ་པོ་འདི་གང་ལ་བྱ་བའི་ཡུལ་ནི། ཊཱི་ཀ་ལས། ལྷུང་བཟེད་ཁ་སྦུབ་པ་ནས་དགེ་ཚུལ་བསྙིལ་བའི་བར་གྱི་སྡོམ་པ་ལྔ་པོ་བཅས་པ་དེ་དག་ལ་བྱ། ཞེས་བཤད་དོ། །འོ་ན་ལྷུང་བཟེད་ཁ་བསྲང་བ་དང་། ཁྱིམ་གྱི་བསླབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་གཉིས་ནི་སྨྲ་བ་དང་། ལོངས་སྤྱད་པའི་ཕྱིར་ཡིན་པ་ལ་མི་སྨྲ་བ་དང་། ལོངས་མི་སྤྱོད་པ་ལ་སོགས་བྱེད་པ་འགལ་ཏེ་གོ་དཀའ་


K8Z004_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས་དེ་དང་པོའོ། །ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་ལ་ཡང་མི་སྨྲ། ལོངས་མི་སྤྱོད། གཙུག་ལག་ཁང་གི་སྡོམ་པ་བྱེད་ན་བྱིན་པ་དེའི་སེམས་རྟོགས་ན་ཁྱིམ་དུ་འགྲོ་བ་དང་། སྟན་ལ་འདུག་པ་དང་ཆོས་བསྟན་པ་དག་བྱའོ་ཞེས་གསུངས་པ་དང་འགལ་ཏེ་གོ་དཀའ་བའི་གནས་གཉིས་པའོ། །མི་སྨྲ། ལོངས་མི་སྤྱོད། གཙུག་ལག་ཁང་གི་སྡོམ་པ་དང་གསུམ་པོ་འདི་ལ་ལུང་དང་བསྟན་བཅོས་ལས་ནི་ལས་ཀྱི་ཆོ་ག་གསུངས་པ་མེད་པས། ལས་འདི་གསུམ་བྱེད་ན་ཆོ་ག་ཅི་འདྲ་བ་ཞིག་གིས་བྱེད་དེ། གོ་དཀའ་བའི་གནས་གསུམ་པའོ་ཞེ་ན། དཀའ་བའི་གནས་དང་པོ་ནི། ལྷུང་བཟེད་ཁ་བསྲང་བ་དང་། ཁྱིམ་གྱི་བསླབ་པའི་སྡོམ་པ་བག་ཡངས་བྱ་བ་དང་གཉིས་པོ་དེ་ནི་ཊཱི་ཀས་ཁ་ཐལ་ཏེ་ཞར་ལ་ཤོར་བ་ཡིན་ཅེས་འདུལ་བ་འཛིན་པ་རྣམས་འཆད་པར་བྱེད་དོ། །རྣམ་གྲངས་གཞན་ཡང་སྐབས་འདིའི་ཊཱི་ཀ་དང་། དེས་ཁུངས་སུ་དྲངས་པའི་ལུང་ལས། ལྷུང་བཟེད་ཁ་དབུབ་པ་བག་ཡངས་སུ་བྱ་བ་དང་། ཁྱིམ་གྱི་བསླབ་པའི་སྡོམ་པའི་བག་ཡངས་སུ་བྱ་བ་དང་། ཞེས་གསུངས་ཀྱི། དེ་གཉིས་བག་ཡངས་སུ་བྱས་པ་དང་ཞེས་ནི་མ་གསུངས་ཏེ། ལྷུང་བཟེད་ཁ་དབུབ་པ་བག་ཡངས་སུ་བྱ་བ་དང་ཞེས་གསུངས་པ་དེ་གང་ཞེ་ན། དེ་ཡང་ལྷུང་བཟེད་ཁ་དབུབ་བྱས་པའི་ཁྱིམ་བདག་དེས་རབ་བྱུང་ལ་གཤེ་སྐུར་བཏབ་པ་ལ་འགྱོད་པར་གྱུར་པ་ནས་ཁ་སྦུབ་པ་བག་ཡངས་སུ་བྱས་ན་མི་ཟིན་པ་ན། ཁྱིམ་བདག་དེ་ནི་གང་ལ་ལྷུང་བཟེད་ཁ་སྦུབ་པ་བག་ཡངས་སུ་བྱ་བ་ཡིན་ནོ། །དེ་བཞིན་དུ་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་བདག་དེའི་ཡོ་བྱད་སོར་ཆུད་པར་གྱུར་པ་ནས་ཁྱིམ་གྱི་བསླབ་པའི་སྡོམ་པ་དེ་བག་ཡངས་སུ་བྱས་ན་མི་ཟིན་པ་ན། ཁྱིམ་བདག་དེ་ནི་གང་ལ་བསླབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་སྟེ། དེ་ལྟར་ན་ཡུལ་གང་ལ་བག་ཡངས་སུ་བྱ་བའི་


K8Z004_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་བདག་དེ་ལ་ནི་མི་སྨྲ་བ་ལ་སོགས་པ་གསུམ་པོ་དེ་དག་བྱ་དགོས་ཏེ། ཁ་དབུབ་པ་དང་བསླབ་པའི་སྡོམ་པ་དེ་གཉིས་བག་ཡངས་སུ་བྱ་བར་འོས་ལ། དེ་གཉིས་བག་ཡངས་སུ་བྱས་ན་མི་ཟིན་པའི་ཕྱིར་རོ། །འོན་ཀྱང་བག་ཡངས་སུ་བྱ་བར་གསོལ་བ་ལན་གསུམ་འདེབས་པའི་ཆོ་ག་ཁྱིམ་པས་བརྗོད་པ་ན་དགེ་སློང་གིས་ཁྱིམ་པ་དེ་ལ་རྗེས་སུ་བརྗོད་པ་དེ་སློབ་པར་རིགས་ཏེ། འདི་ནི་དགེ་སློང་གིས་དེ་ལ་མི་སྨྲ་བའི་དམིགས་བསལ་ཡིན་པར་སེམས་སོ། །དཀའ་གནས་གཉིས་པ་ནི། ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པ་དེ་ལ་ཆད་པའི་ལས་ཀྱིས་མི་སྨྲ་བ་སོགས་མ་ཡིན་མོད་ཀྱང་། ཟས་བླང་བའི་བསམ་པས་མི་སྨྲ་བ་དང་། ལོངས་མི་སྦྱོད་པ་ལ་སོགས་ལ་ཡིན་ལ། ཟས་བླང་བའི་བསམ་པ་མེད་པར་ནི་ཁྱིམ་དུ་འགྲོ་བ་དང་། སྟན་ལ་འདུག་པ་དང་། ཆོས་བསྟན་པ་དག་བྱ་བ་སྟེ་འགལ་བ་མེད་དོ། །ཁྱིམ་པ་ལ་གཙུག་ལག་ཁང་ཡོད་དེ། གཙུག་ལག་ཁང་ནི་ཁྱིམ་པས་ལེགས་པར་སྦྱར་དགོས་པའི་ཕྱིར་རོ། །དཀའ་བའི་གནས་གསུམ་པ་ནི། ཤ་ལུགས་པར་སྨྲ་བ་རྣམས་ན་རེ། འདི་གསུམ་ལ་གསོལ་གཉིས་ཀྱི་ལས་ཀྱི་ཆོ་ག་བྱེད་དོ་ཟེར་ཡང་རང་གར་སྨྲ་བའོ། །རྒྱ་ན་རེ། འདི་གསུམ་ལ་ལས་ཀྱི་ཆོ་ག་མེད་གསུང་བ་དེ་ལེགས་སོ། །དེ་ཡང་མི་སྨྲ། ལོངས་མི་སྤྱད། གཙུག་ལག་ཁང་གི་སྡོམ་པ་འདི་གསུམ་ནི་ལས་བཏགས་པ་བ་ཡིན་ཏེ། གཏམ་སྨྲ་བ་དང་ལོངས་སྤྱད་པ་ལ་སོགས་པ་ཡང་དག་པར་བསྡམས་པ་ལ་ལས་སུ་མིང་བཏགས་པ་ཙམ་མོ། །དེ་ཡང་འབྲས་བུ་ལ་རྒྱུའི་མིང་བཏགས་ཏེ་བསྙིལ་བ་ལ་སོགས་པའི་ལས་ཀྱི་འབྲས་བུ་གཏམ་མི་སྨྲ་བ་ལ་སོགས་པ་ལ་ལས་ཞེས་བཏགས་སོ། །དེས་ན་འདི་གསུམ་ལ་ལས་ཀྱི་ཆོ་ག་ནི་མེད་དེ། འདུལ་བ་ལུང་ན་འདི་གསུམ་ལ་ལས་


K8Z004_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོ་ག་ཡི་གེ་འབྲུ་གཅིག་ཀྱང་མེད་དོ། །དེའི་རྒྱུ་མཚན་གྱིས་ཀརྨ་ཤ་ཏཾ་ལ་སོགས་པ་འདུལ་བའི་བསྟན་བཅོས་གང་ནའང་འདི་གསུམ་ལ་ལས་ཀྱི་ཆོ་ག་བཤད་པ་མེད་དོ། །འདི་གསུམ་ཡང་ལས་མཚན་ཉིད་པ་ཡིན་ན་ནི་དངོས་སུ་གསུངས་པའི་ལས་བརྒྱ་རྩ་བཞིར་མི་འགྱུར་རམ་ཞེས་དཔྱད་པར་རིགས་སོ། །འོ་ན་མངོན་དུ་མ་གྱུར་པའི་ལས་བཅུ་མེད་པར་ཐལ། འདི་གསུམ་ལ་ལས་ཀྱི་ཆོ་ག་མེད་པའི་ཕྱིར་རོ་ཞེ་ན། ལས་མཚན་ཉིད་པ་དང་བཏགས་པ་བ་གཉིས་ཀ་བགྲངས་པའི་ལས་བཅུ་མེད་པར་ཐལ་ཟེར་རམ། ལས་མཚན་ཉིད་པ་འབའ་ཞིག་བགྲངས་པའི་ལས་བཅུ་མེད་པར་ཐལ་ཟེར། དང་པོ་ལྟར་ན་ཁྱབ་པ་མ་གྲུབ་ཅིང་། གཉིས་པ་ལྟར་ན་འདོད་པ་ཡིན་ཏེ། མངོན་དུ་མ་གྱུར་པའི་ལས་བཅུ་ལ་ལས་བརྒྱ་རྩ་གཅིག་ཏུ་གཏོགས་པ་སྔ་མ་བདུན་ལས་མེད་ཅིང་། ཕྱི་མ་གསུམ་ནི་ལས་མཚན་ཉིད་པ་མ་ཡིན་པའི་ཕྱིར་རོ། །བཞི་པ་མཐོང་ཐོས་ཚོགས་པའི་མངོན་སུམ་དུ་བསྒྲུབ་པར་མི་བྱ་བ་ནི། ཊཱི་ཀ་ལས། ལས་བཅུ་པོ་དེ་དག་ནི་ལྟ་བའི་ཉེན་ཀོར་དུ་བཞག་པ་ཉིད་ཀྱིས་མངོན་སུམ་དུ་བསྒྲུབ་པར་མི་བྱའོ། །ཞེས་གསུངས་པས། མཐོང་ཐོས་ཚོགས་པའི་མངོན་སུམ་དུ་བསྒྲུབ་པར་ཡང་མི་བྱའོ། །མཐོང་ཐོས་ཚོགས་པའི་མངོན་སུམ་དུ་མི་བྱ་བ་འདི་ལ་གཉིས་ཏེ། མཐོང་ཐོས་གཉིས་ཀའི་མངོན་སུམ་དུ་མ་གྱུར་པར་བྱ་བ་དང་། ཐོས་པ་ཁོ་ནའི་མངོན་སུམ་དུ་མ་གྱུར་པར་བྱ་བའོ། །དང་པོ་ནི། སྨོས་པའི་གནང་བ་དང་། ཕྱག་མི་བྱ་བ་དང་། ཁྱིམ་གྱི་བརླབ་པའི་སྡོམ་པ་སྦྱིན་པ་དང་། ལྷུང་བཟེད་ཁ་དབུབ་པ་སྟེ་བཞིའོ། །གཉིས་པ་ནི། དགེ་ཚུལ་བསྙིལ་བ་ལ་སོགས་པ་འདི་དག་ཀྱང་མཐོང་ཐོས་གཉིས་ཀའི་མངོན་སུམ་དུ་མ་གྱུར་པར་བྱའོ་ཞེས་འཆད་པ་ནི་ཤིན་ཏུ་མང་ཡང་ནོར་བར་སེམས་ཏེ། ཀྱེ་མ་རྣམ་


K8Z004_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དག་གཞུང་རྣམས་དང་འགལ་ཡང་། གཞུང་དང་འགལ་བའི་འཆད་ཚུལ་མི་འདོར་ཞིང་། རྣམ་དག་གཞུང་བཞིན་འཆད་པར་མི་བྱེད་ན། །ཀྱེ་མའོ་བསྟན་ལ་བསྒྲུབ་པ་ཇི་ལྟར་བྱ། །དེའི་ཕྱིར་དགེ་ཚུལ་བསྙིལ་བ་དང་། ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པ་དང་། ལྷུང་བཟེད་ལ་བསྲང་བ་དང་གསུམ་ནི་ལས་ཐོས་པའི་མངོན་སུམ་དུ་མ་གྱུར་པར་བྱ་བ་ཡིན་ཡང་མཐོང་བའི་མངོན་སུམ་དུ་བསྒྲུབ་པར་བྱ་བ་ཡིན་ཏེ། རྣམ་འབྱེད་གཉིས་ཀ་དང་ཀར་ཤ་དང་ལུང་དང་བསྟན་བཅོས་ཀྱི་གཞུང་བཅུ་གཅིག་ལས་གསུངས་ཏེ། དེ་ཡང་དགེ་ཚུལ་བསྙིལ་བ་ནི་དེ་ལྟར་ཡིན་པའི་གཞུང་ལྔ་ཡོད་དེ། ལུང་དགེ་སློང་ཕའི་རྣམ་འབྱེད་ལས། དགེ་ཚུལ་ཚེར་མ་དང་ཆེན་པོ་གཉིས་ཐོས་པའི་ཉེན་ཀོར་ནས་སྤངས་ཏེ། མཐོང་བའི་ཉེན་ཀོར་དུ་བཞག་ནས་དགེ་ཚུལ་བསྙིལ་བ་གསོལ་བ་དང་བཞིའི་ལས་བྱའོ། །ཞེས་གསུངས་པ་དང་། ལུང་དགེ་སློང་མའི་རྣམ་འབྱེད་ལས་ཀྱང་། དགེ་ཚུལ་མ་མཛེས་པ་དང་། རྒྱལ་མ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་འདུག་ཏུ་བཅུག་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བར་བྱའོ་ཞེས་གསུངས་པ་དང་། ཀར་ཤ་ལས་ཀྱང་། དགེ་ཚུལ་དེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་བཞག་ནས། དགེ་ཚུལ་བསྙིལ་བའི་གསོལ་བ་དང་བཞིའི་ལས་བྱའོ། །ཞེས་གསུངས་ལ། དེ་བཞིན་དུ་བམ་པོ་ལྔ་བཅུ་པ་དང་འགྲེལ་ཆུང་ལས་ཀྱང་བཤད་དོ། །ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པ་ལ་ནི་དེ་ལྟར་ཡིན་པའི་གཞུང་བཞི་ཡོད་དེ། དགེ་སློང་ཕའི་རྣམ་འབྱེད་ལས། དམག་དཔོན་སེང་གེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་བཞག་ནས་ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པའི་གསོལ་བ་འབའ་ཞིག་པའི་


K8Z004_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱའོ་ཞེས་དང་། ཀར་ཤ་ལས་ཀྱང་། སྦྱིན་བདག་དེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་བཞག་ནས་ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པ་གསོལ་བ་འབའ་ཞིག་པའི་ལས་བྱའོ། །ཞེས་གསུངས་ལ། དེ་ཁོ་ན་བཞིན་དུ་བམ་པོ་ལྔ་བཅུ་པ་ལས་ཀྱང་བཤད་དོ། །འདིའི་ཐད་ཀྱི་རྣམ་འབྱེད་ཀྱི་འགྲེལ་པ་ལས་ཀྱང་། མཐོང་བའི་ཉེན་ཀོར་དུ་བཞག་ནས་ཞེས་བྱ་བ་ནི། གསོལ་བའི་ལས་བྱེད་པའི་མཚན་མ་བརྟན་པར་བྱ་བའི་ཕྱིར་རོ་ཞེས་བཤད་དོ། །ལྷུང་བཟེད་ཁ་བསྲང་བ་ལ་ནི་དེ་ལྟར་ཡིན་པའི་གཞུང་གཉིས་ཡོད་དེ། ལུང་ཕྲན་ཚེགས་ལས། ལི་ཙྪ་བཱི་ཆེན་པོ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་བཞག་ལ། ལྷུང་བཟེད་ཁ་བསྲང་བ་གསོལ་བ་འབའ་ཞིག་གི་ལས་བྱའོ། །ཞེས་གསུངས་ལ། ལུང་དེ་ཉིད་ཀྱི་འགྲེལ་པ་ལས་ཀྱང་མཐོང་བའི་ཉེན་ཀོར་ནི་གང་དུ་འདུག་ན་དགེ་འདུན་མཐོང་བར་འགྱུར་བའོ་ཞེས་བཤད་དོ། །མདོར་ན་དགེ་ཚུལ་བསྙིལ་བ་ལ་སོགས་པ་དེ་དག་ཐམས་ཅད་མཐོང་ཐོས་ཚོགས་པའི་མངོན་སུམ་དུ་བསྒྲུབ་པར་མི་བྱའོ། །ལྔ་པ་ནི། སྔར་གསོལ་བ་མ་བྱས་པར་གང་གི་དོན་དུ་ལས་བྱེད་པའི་གཞི་དེའི་དོན་དུ་ལས་བརྗོད་པར་མི་བྱའོ་ཞེས་སྨོས་པས་གསོལ་བ་བྱས་ནས་བརྗོད་པའོ་ཞེས་ཤུགས་ཀྱིས་བསྟན་ཏེ། གསོལ་གཉིས་དང་གསོལ་བཞིའི་ལས་བྱེད་པ་ནའོ། །དྲུག་པ་ལ། མ་འདུས་མི་མཐུན་པ་ཉིད་དང་། །འདུས་པ་ཕྱིར་བཟློག་མི་མཐུན་པའོ། །དང་པོ་ནི། མི་མཐུན་པ་དག་མི་བྱའོ། །ཞེས་སྔར་སྨོས་ན་མི་མཐུན་པ་དག་གང་ཞེ་ན། འདི་ལ་གཉིས་ལས། དང་པོ་མ་འདུས་པའི་མི་མཐུན་པ་ནི། ལས་བྱེད་པ་དེའི་མཚམས་ཀྱི་ནང་ཁོངས་སུ་གཏོགས་པའི་དགེ་སློང་ལས་ཀྱི་ཁ་སྐོང་བར་འོས་པ་དེས་ལུས་ཀྱིས་མ་འདུས་ཏེ། ལུས་ཀྱི་འདུས་པར་རྗེས་སུ་


K8Z004_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞུགས་སམ། ལས་དེ་ལ་ངག་གི་རིག་བྱེད་ལ་སོགས་པས་འདུན་པ་ཕུལ་བས་འདུས་པར་རྗེས་སུ་མ་ཞུགས་པ་མི་མཐུན་པ་ཉིད་དོ་ཞེས་འོག་ཏུ་སྦྱར་ཏེ་མ་འདུས་པའི་མི་མཐུན་པ་ཉིད་དོ། །གཉིས་པ་ལ། འདུས་པ་ཕྱིར་བཟློག་མི་མཐུན་དངོས། །དེ་ཡི་ཆོས་གསུམ་བཟློག་ནས་བསྟན། །དང་པོ་ནི། གཉིས་པ་ཕྱིར་བཟློག་གི་མི་མཐུན་པ་ནི། ཕྱིར་ཟློག་པར་བྱེད་པ་ཡང་ཞེས་པ་ལ། ཁ་ཅིག་ཡང་གི་སྒྲས་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་དང་། ཁ་སྐོང་བར་འོས་པ་གཉིས་བསྡུས་སོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། རང་གི་རྣམ་བཤད་ལས། ཁ་སྐོང་བའི་ཕྱིར་འོས་པ་ལས་ཆོས་དེ་བཞིན་ནོ་སྙམ་དུ་ཤེས་པར་བྱ་བའི་ཕྱིར་ཡང་གི་སྒྲའོ་ཞེས་གསུངས་པ་དང་། ཊཱི་ཀ་ལས། ཡང་ཞེས་བྱ་བའི་སྒྲས་ནི་ཕྱིར་ཟློག་པར་བྱེད་པ་ཡང་གལ་ཏེ་མཚམས་དེའི་ཁོངས་སུ་གཏོགས་པ་ཁོ་ན་ཡིན་ན་མི་མཐུན་པ་ཉིད་ཡིན་ནོ། །ཞེས་བཤད་པ་དང་འགལ་ལོ། །ཕྱིར་བཟློག་གི་མི་མཐུན་པ་སྐྱེད་པ་ལ་ཁ་སྐོང་བར་འོས་པ་ངེས་བཟུང་གི་ཡན་ལག་ཏུ་དགོས་ན། གང་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་ཡུལ་དགེ་ཚུལ་དེས་ནི་ལས་དེ་ལ་ཕྱིར་བཟློག་མི་འཆགས་པར་ཐལ། ཁ་སྐོང་བར་མི་འོས་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །འདོད་ན། དགེ་སློང་བྲམ་ཟེའི་བུ་མོ་ལྟ་བུས་ཞུས་པ་ལས། དགེ་ཚུལ་བསྙེན་པར་རྫོགས་པར་བྱ་བས་བདག་ལ་བསྙེན་མར་རྫོགས་པར་མ་བྱེད་ཅིག་ཟེར་ན་ཡང་དེའི་ཕྱིར་བཟློག་པ་བཙན་ནོ། །ཞེས་གསུངས་སོ། །གཞན་ཡང་སྔོན་མུ་སྟེགས་ཅན་ལ་ལས་ཀྱི་གནས་པ་སྦྱིན་པའི་ཡུལ་དེ་དང་། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པའི་ཡུལ་ཁྱིམ་པ་དེ་དང་། གང་ལ་དབྱུང་བར་བྱ་བའི་ཡུལ་དེ་དང་། གང་ལ་བཟོད་པར་བྱ་བའི་ཡུལ་གནས་ནས་ཕྱུང་བ་དེ་དང་། གང་ཟག་བཅུ་


K8Z004_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བསྐོ་བའི་ཡུལ་དེ་དང་ལྔ་པོ་རེ་རེ་ཆོས་ཅན་དུ་བཀོད་ནས། ཐལ་རྟགས་སྔར་བཞིན་ཏེ། འདོད་ན། ཊཱི་ཀ་ལས། སྦྱིན་པ་དང་། དབྱུང་བ་དང་། བཟོད་པ་དང་། བསྐོ་བ་དག་ལ་ནི་གང་ལ་ལས་དེ་བྱེད་པ་དེེས་ཕྱིར་བཟློག་པ་ཡང་འཆགས་སོ། །ཞེས་གསུངས་ཤིང་། ལུང་གླེང་གཞི་ལས། བཙུན་པ་རེ་ཞིག་གང་ཟག་བཅུ་གཉིས་པོ་དག་བསྐོ་བ་ན། དེ་དག་འདི་སྐད་ཅེས་བདག་མ་སྐོ་ཞིག་ཅེས་མཆི་ན་དེ་དག་གིས་སླར་བཟློག་པ་འཆགས་སམ། ཉེ་བ་འཁོར་འཆགས་སོ། །ཞེས་གསུངས་སོ། །དེས་ན་རང་ལུགས་ནི། ཡང་ཞེས་མཚམས་དེའི་ཁོངས་སུ་གཏོགས་པ་ཁོ་ན་ལ་བསྙེགས་སོ། །མདོར་ན་གང་ལ་བྱ་བ་མ་ཡིན་པ་དང་། སངས་རྒྱས་དཀོན་མཆོག་ལས་གཞན་ཡིན་པ་སྟེ། དེ་གཉིས་ནི་ཁ་སྐོང་བར་འོས་པའི་ཡན་ལག་ཏུ་དགོས་ཀྱང་ཕྱིར་བཟློག་འཆགས་པའི་ཡན་ལག་ཏུ་མི་དགོས་སོ། །ཡན་ལག་དེ་གཉིས་མ་གཏོགས་པ་ཁ་སྐོང་བར་འོས་བའི་ཡན་ལག་གཞན་རྣམས་ནི་ཕྱིར་བཟློག་འཆགས་པའི་ཡང་ཡན་ལག་ཡིན་ཏེ། ཡན་ལག་ཐུན་མོང་བ་ཡིན་ནོ། །གང་ལ་ལས་དེ་བྱེད་པའི་ཡུལ་དེ་ལས་གཞན་པས་ཕྱིར་བཟློག་འཆགས་སོ། །ཞེས་པ་གང་ལ་བྱ་བའི་ཡུལ་དེས་ནི་མི་འཆགས་སོ་ཞེས་ཤུགས་ཀྱིས་སོ། །འོ་ན་ཐམས་ཅད་དུའམ་ཞེ་ན། གལ་ཏེ་ཡུལ་དེའི་འདོད་པས་མི་མཐུན་པ་ཆད་པའི་ལས་དང་། ལས་དེའང་ཆོས་དང་ལྡན་ན་གང་ལ་བྱ་བའི་ཡུལ་དེས་ཕྱིར་བཟློག་མི་འཆགས་ལ། ལས་ཆོས་དང་མི་ལྡན་ན་ནི་ཆད་པའི་ལས་ལ་ཡང་གང་ལ་བྱ་བའི་ཡུལ་དེས་ཕྱིར་བཟློག་འཆགས་སོ། །ཞེས་བསྟན་ཏེ་ལུང་དང་ཊཱི་ཀ་ལས་བཤད་དོ། །གང་ཟག་ཇི་ལྟ་བུས་ཕྱིར་བཟློག་འཆགས་ཞེ་ན། འདུག་པའི་སྤྱོད་ལམ་ལས་མ་ཉམས་པ་དང་། རང་བཞིན་དུ་གནས་པ་དང་ཞེས་པ་ནི་བསླབ་པ་རང་བཞིན་དུ་གནས་


K8Z004_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནམ། ཤེས་པ་རང་བཞིན་དུ་གནས་པ་ཡིན་ནམ། ས་རང་བཞིན་དུ་གནས་པ་ཡིན་ནམ། དེ་གསུམ་གང་ཞེ་ན། སྐབས་འདི་ཉིད་ཀྱི་ལུང་ཞུ་བ་ལས། ངོ་ཚ་མེད་པ་དང་། ཚིག་མི་བརྟན་པ་དང་། ཡི་དམ་ལས་ཉམས་པ་དང་། སྔོན་ཉེས་པ་བྱུང་བ་དང་། དང་པོར་འཁྲུགས་པ་དང་། སྨྱོས་པས་ནི་ཕྱིར་བཟློག་ཅིང་སླར་དཀྲུག་ཀྱང་འཁྲུགས་པར་མི་འགྱུར་རོ་ཞེས་གསུངས་པས། ཚིག་མི་བརྟན་པས་ན་དང་པོ་འཁྲུགས་པ་ཞེས་པའི་ཤུགས་ཀྱིས་བསླབ་པ་རང་བཞིན་དུ་གནས་པ་དང་། སྨྱོས་པ་ནི་ཞེས་པའི་ཤུགས་ཀྱིས་ཤེས་པ་རང་བཞིན་དུ་གནས་དགོས་པར་བསྟན་ཏེ། ས་རང་བཞིན་དུ་གནས་པ་ཡང་དོན་གྱིས་བསྟན་ཏོ། །བྱེ་བྲག་ཏུ་ངག་ཡང་དག་པར་བསྡམས་པས་མི་མཐུན་པ་ཉིད་དོ་ཞེས་སྦྱར་རོ། །དེ་ལ་དམིགས་བསལ་འདི་གཉིས་ནི་མ་གཏོགས་ཏེ། ཕྱིར་ཟློག་བྱེད་པ་དེས་འདུལ་བའི་དོན་མངོན་པར་མི་ཤེས་པ་དང་། ཕྱིར་ཟློག་བྱེད་པ་དེ་ནང་དང་བཅས་པ་སྟེ་དེ་གཉིས་མ་གཏོགས་པ་ནི་ཕྱིར་བཟློག་མི་མཐུན་པ་ཉིད་དོ། །གཉིས་པ་ནི། སྔར་སྨོས་པའི་ངག་ཡང་དག་པར་བསྡམས་པ་དེ་གང་ཞེ་ན། བཟློག་པའི་སྒོ་ནས་བསྟན་པའི་ཕྱིར་བརྫུན་དུ་སྨྲ་བའི་རྗེས་སུ་མཐུན་པ་བརྫུན་དུ་སྨྲ་བ་ལས་སེམས་ཕྱིར་མ་བསྡུས་པ་ཉིད་ནི་ངག་ཡང་དག་པ་མ་བསྡམས་པའོ། །བརྫུན་ངག་ཏུ་སྨྲ་ན་ལྟ་ཅི་སྨོས་སོ། །ཅི་བརྫུན་འབའ་ཞིག་གམ་ཞེ་ན། ཕྲ་མ་དང་ངག་རྩུབ་མོ་དང་ཚིག་བརྐྱལ་བའི་ཡང་རྗེས་སུ་མཐུན་པ་ཉིད་ནི་ངག་ཡང་དག་པར་མ་བསྡམས་པའོ། །སྔར་སྨོས་པའི་རང་བཞིན་དུ་གནས་པ་དེ་གང་ཞེ་ན། བཟློག་པའི་སྒོ་ནས་བསྟན་པའི་ཕྱིར་རང་བཞིན་དུ་གནས་པ་མ་ཡིན་པ་ཉིད་ཀྱང་བརྫུན་དུ་སྨྲ་བ་ལ་སོགས་པ་བཞི་པོ་དེ་དག་གི་རྗེས་སུ་མཐུན་པ་དེ་དག་ཡིན་ནོ། །བརྫུན་


K8Z004_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྨྲ་བ་ལ་སོགས་པ་བཞི་པོ་དེ་དག་གི་རྗེས་སུ་མཐུན་པ་ཉིད་ནི་ངག་ཡང་དག་པར་མ་བསྡམས་པར་ཡིན་པར་མ་ཟད་ཀྱི། རང་བཞིན་དུ་གནས་པ་མ་ཡིན་པ་ཉིད་ཀྱང་ཡིན་ཏེ། བཞི་པོ་དེ་དག་ནི་ངག་ཡང་དག་པར་མ་བསྡམས་པ་ཞེས་ཀྱང་བྱ། རང་བཞིན་དུ་གནས་པ་མ་ཡིན་པ་ཞེས་ཀྱང་བྱ་སྟེ་གཞི་མཐུན་པ་ཡིན་ནོ། །སྐབས་འདིའི་ཊཱི་ཀ་ལས། རང་བཞིན་དུ་གནས་པ་མ་ཡིན་པ་ལས་གཞན་ཡང་། ཞེས་སྣང་ངོ་། །དེ་ནི་ཊཱི་ཀར་ཡི་གེ་ཆད་པ་སྟེ་རང་བཞིན་དུ་གནས་པ་མ་ཡིན་པ་བཞི་པོ་དེ་དག་ལས་གཞན་ཡང་ཡོད་དེ། སྲོག་གཅོད་པ་ལ་སོགས་པ་བྱ་བ་མ་ཡིན་པ་བྱེད་པའོ། །གསོ་སྦྱོང་ལ་སོགས་པའི་བྱ་བ་མི་བྱེད་པའོ། །སྔར་སྨོས་པའི་སྤྱོད་ལམ་ལས་མ་ཉམས་པ་དེ་གང་ཞེ་ན། བཟློག་པའི་སྒོ་ནས་བསྟན་པའི་ཕྱིར་མདོ་འདི་སྨོས་ཏེ། ཊཱི་ཀ་ལས། འདུག་པའི་སྤྱོད་ལམ་དེ་བརྩམས་པ་སྟེ་འདུག་པ་ལས་འགྲོ་བའི་སེམས་ཀྱིས་འདུག་པའི་སྤྱོད་ལམ་བཏང་བ་སྟེ་སྤྱོད་ལམ་ལས་ཉམས་པ་ཡིན་ནོ། །ཞེས་སོ། །བདུན་པ་ནི། རང་འགྲེལ་ལས། དགེ་འདུན་གྱི་བྱ་བ་ལ་དགོས་པ་ལྟ་བའི་བློ་ནི་ལྟ་བ་ཞེས་བྱ། ཞེས་གསུངས་ཏེ། ལྟ་བ་ནི་གང་ཟག་འདི་ལ་ཆད་པའི་ལས་ལ་སོགས་པ་འདི་བྱ་བ་ནི་ལེགས་སོ་སྙམ་པའི་བློ་སྟེ་དགེ་འདུན་ལ་བརྗོད་པར་བྱའོ། །དགེ་འདུན་ལས་གཞན་གང་ཟག་ལ་ལྟ་བ་བརྗོད་པར་མི་བྱའོ། །བསྙེན་པར་མ་རྫོགས་པ་ཚོགས་སུ་ལོངས་པ་ལ་ལྟ་བ་བརྗོད་པར་མི་བྱའོ། །བསྙེན་པར་རྫོགས་ཀྱང་དགེ་འདུན་གྱི་ཁ་བསྐང་བར་འོས་པ་མ་ཡིན་པ་ཕམ་པ་བྱུང་བ་ལ་སོགས་པ་ལ་ཡང་ངོ་སྟེ་ལྟ་བ་བརྗོད་པར་མི་བྱའོ། །གསོ་བའི་ལྷག་མ་ལུས་པ་ཉིད་དེ། འདི་ལ་ཕམ་པ་བྱུང་བ་བདག་གིས་ཤེས་སོ་ཞེས་སུ་ལ་ཡང་བརྗོད་པར་མི་བྱའོ། །མདོ་འདི་དག་ནི་གཞུང་མ་མོ་ལས་ཆོས་དང་ལྡན་པའི་ལྟ་བ་བརྗོད་པ་ལྔ་


K8Z004_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། གནས་པར་མི་བྱ་བ་ལ་ལྟ་བ་བརྗོད་པ་དང་། ཐ་དད་པར་གནས་པ་ལ་ལྟ་བ་བརྗོད་པ་དང་། བསྙེན་པར་མ་རྫོགས་པ་ལ་ལྟ་བ་བརྗོད་པ་དང་། ཚོགས་པ་ལ་ལྟ་བ་བརྗོད་པ་དང་། ལྷག་མ་ལུས་པའི་དངོས་པོའི་ལྟ་བ་བརྗོད་པ་སྟེ་ཞེས་གསུངས་སོ། །དེ་ཡང་ཚིག་དང་པོ་གཉིས་ནི་ཁ་སྐོང་བར་འོས་པ་མ་ཡིན་པ་ལ་ཡང་ངོ་ཞེས་པའི་ཁུངས་ཡིན་ནོ། །ཚིག་གསུམ་པ་ནི་བསྙེན་པར་མ་རྫོགས་པ་ལ་མི་བྱ་ཞེས་པའི་ཁུངས་ཡིན་ནོ། །ཚིག་བཞི་པ་ནི་དགེ་འདུན་ལས་གང་ཟག་གཞན་ལ་མི་བྱའོ་སྟེ། ཊཱི་ཀ་ལས། འདིར་ཚོགས་ཞེས་སྨོས་པས་ནི་དགེ་འདུན་དུ་མ་གྱུར་པ་དག་བཟུང་ངོ་། །ཞེས་བཤད་དོ། །ལྔ་པ་ནི། ལྷག་མ་མ་ལུས་པ་ཞེས་པ་འདི་ཉིད་ཀྱི་ཁུངས་སོ། །དགེ་འདུན་གྱི་ཞལ་ཏ་པ་སོགས་ལ་བསྐོས་པ་སྔ་མ་བརྗེས་ནས་ཕྱི་མ་བསྐོ་བ་ནི་ཆེས་ལེགས་པ་སྟེ། ཆོས་དང་མཐུན་པར་བྱེད་པ་དང་། ཞག་གྲངས་དང་ཟླ་གྲངས་ཆེས་མང་དུ་བྱེད་པ་སྟེ་ཡུན་རིང་དུ་བྱེད་པ་བསྐོ་བར་བྱའོ། །དུས་ངེས་པར་བྱས་ཏེ་བསྐོ་བར་མི་བྱའོ། །དེའི་ཕྱིར་ཇི་ལྟ་བུ་ཞེ་ན། དགག་དབྱེའི་མཆོད་གཉེར་ལྟ་བུ་བྱ་བ་རིས་གཅིག་ཉིད་ལ་ཡང་དང་ཡང་དུའམ། དུས་གཞན་དང་གཞན་དུ་ཡང་དགོས་པ་བྱུང་ངོ་ཅོག་ལ་ཁྱོད་ཁོ་ན་བསྐོའོ་ཞེས་དུས་ངེས་པར་བྱས་ཏེ། བསྐོ་བར་མི་བྱའོ་ཞེས་སྔ་མར་སྦྱར་རོ། །འགྲེལ་ཆུང་ལས། ལོ་གཉིས་སམ་གསུམ་དུ་གྱིས་ཤིག །ཅེས་མི་བསྐོའི། །ཅི་ནུས་བར་གྱིས་ཤིག་ཅེས་བྱའོ་ཞེས་སོ། །བྱ་བ་རིགས་གཅིག་ལས་གཞན་བྱ་བ་རིགས་ཐ་དད་གཞན་དང་གཞན་དག་ལའོ། །ཁྱོད་ཁོ་ན་བསྐོའོ་ཞེས་དུས་ངེས་པར་བྱས་ཏེ་བསྐོ་བར་མི་བྱའོ་ཞེས་ཊཱི་ཀ་ལས་སོ། །དེ་ཡང་དགག་དབྱེར་མཆོད་གཉེར་ལ་ཁྱོད་བསྐོའོ། །གནས་ཁང་བསྐོ་བར་ཡང་ཁྱོད་བསྐོའོ། །སྤོང་བའི་ཞལ་


K8Z004_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་པར་ཡང་ཁྱོད་བསྐོའོ་ཞེས་དེ་ལྟར་དུ་མི་བྱའོ། །ཡང་དང་ཡང་དུའམ་གཞན་ལའོ་ཞེས་སྨོས་པ་ལས། གཞན་བྱ་བ་རིགས་གཅིག་ལ་དུས་ངེས་མེད་དུ་བསྐོས་པ་ལ་ཡང་ངོ་ཞེས་བྱ་བ་སྟེ། བྱ་བ་རིགས་གཅིག་ལ་ཡང་དང་ཡང་དུ་བསྐོས་པ་དང་། བྱ་བ་རིས་ཐ་དད་ལ་དུས་ངེས་པར་བྱས་ཏེ་བསྐོས་པ་དེ་གཉིས་ལས་གཞན་པ་སྟེ། བྱ་བ་གཅིག་ལ་དུས་ངེས་མེད་དུ་བསྐོ་བ་ལ་ཡང་ཡུན་ཇི་ཙམ་གྱིས་ཆོག་པ་ན་བྱ་བ་བྱེད་འཕྲོ་གཅོད་ཅིང་འཕྲོ་སྤང་བ་སྦྱིན་ནོ། །ཊཱི་ཀར། བསྙིལ་བའི་ཚུལ་དུ་མི་བྱའོ། །ཞེས་སོ། །སྣོད་སྤྱད་འགྱེད་པ་ལ་སོགས་པར་བསྐོས་པའི་གང་ཟག་མེད་ན་མདུང་བོར་ཏེ་ཚུལ་ཤིང་དོར་བས་རྙེད་པ་རྣམས་བགོའོ། །བསྙེན་པར་མ་རྫོགས་པ་དང་ཕམ་པ་བྱུང་བ་ལ་སོགས་པ་གང་ལས་ཀྱི་ཁ་སྐོང་བར་མི་འོས་པ་དེ་ནི་རྙེད་པ་བགོ་བ་ལ་སོགས་པའི་མདུང་དོར་བར་ཡང་མི་འོས་སོ། །དགེ་འདུན་གྱི་དབྱེན་བྱེད་པ་ལ་ཡང་ཚུལ་ཤིང་འབྲིམ་མཁན་དེ་ལས་ཀྱི་ཁ་སྐོང་བར་འོས་པ་མ་ཡིན་པར་བསྙེན་པར་མ་རྫོགས་པ་དང་། ཕམ་པ་བྱུང་བ་ལས་ནི་གྲལ་ན་འཁོད་བའི་དགེ་སློང་དེ་རྣམས་ཆོས་དང་ཆོས་མིན་གང་གི་ཕྱོགས་སུ་གཏོགས་པ་བསྟན་པའི་ཕྱིར་ཚུལ་ཤིང་དག་འབྲིམ་པ་མི་འཆགས་ཏེ་དབྱེན་མི་འཆགས་སོ། །འདིར་སྨྲས་པ། མཁྱེན་བརྩེ་སྤེལ་བའི་རྒྱ་མཚོ་ཕྱུར་བའི་རྩེར། །མི་འཇིགས་རླབས་ཕྲེང་འབུམ་གྱི་རོལ་རྩེད་ལས། །བླུན་པོའི་དྲི་མ་འཁྲུད་བྱེད་བདུད་རྩིའི་རྒྱུན། །ཟླ་ཚེས་ཞུ་བའི་རྒྱུན་འདྲ་མང་དུ་མཐོང་། །ལྷ་མཆོག་གཙུག་ནོར་འོད་ཟེར་དང་འདྲེས་པའི། །ཕྲིན་ལས་དབང་པོའི་ཞབས་པད་དགོས་པ་ལས། །བདེ་བའི་དགའ་སྟོན་རོ་ཆེན་སྔོན་མྱོང་ཞིང་། །ད་ལྟ་བླ་མར་སེམས་པའི་ཡི་དམ་ཅན། །འཁྲུལ་མེད་བཟོད་དཀའི་ལམ་ལ་ཆེར་འབད་ནས། །མངོན་རྟོགས་བདུད་རྩིའི་ཐིགས་ཕྲེང་འབུམ་ཕྲག་


K8Z004_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །ཡེ་ཤེས་ཤེལ་གྱི་བུམ་བཟང་གང་བ་ལས། །འགྲོ་བའི་དགོས་འདོད་སྐོངས་ལ་ཤིན་ཏུ་རིངས། །ལས་ཀྱི་གཞིར་གཏོགས་པའོ།། །།གཉིས་པ་ལས་ཀྱི་གཞི་ལ། ལས་ཉིད་སྤྱི་ཙམ་བསྟན་པ་དང་། །ལས་གཞི་སོ་སོར་བསྟན་པའོ། །དང་པོ་ལ། བརྗོད་པ་ངག་གི་རིག་བྱེད་སྐབས། །བྱ་བ་ལུས་ཀྱི་རིག་བྱེད་སྐབས། །གང་ལ་བརྗོད་ཡུལ་བྱེ་བྲག་བཟུང་། །དབྱུང་དང་བསླབ་པའི་ཚུལ་ལུགས་དང་། །གུས་བྱ་ཀུན་སྦྱོར་ཚུལ་ལུགས་དང་། །སྔགས་བརྗོད་མཇུག་ཆོག་སྤྱིར་བསྟན་དང་། །ལས་ཆོག་ཐུན་མོང་ཆོས་སྤྱིར་བསྟན། །དང་པོ་ལ། བརྗོད་པ་ལྷག་ཆད་བྱེད་པའི་ཁྱད། །ཆོ་ག་འཁྲུགས་མ་འཁྲུགས་ཀྱི་ཁྱད། །ཆོ་ག་སྐྱར་མཇུག་བྱ་བའི་ཁྱད། །ལན་གྲངས་ཇི་ཙམ་བརྗོད་ཁྱད་དོ། །དང་པོ་ནི། ལས་བརྗོད་པ་རིལ་པོ་ལྷག་གམ། ཚིག་གི་ཆ་ཤས་ལྷག་པ་དག་གིས་ནི་ལས་མ་བྱས་པ་ཉིད་མ་ཡིན་ནོ་སྟེ་ལས་མི་འཆགས་པ་མ་ཡིན་ནོ། །ལྷག་པ་ལ་ནི་ཉེས་པ་མེད་དོ་ཞེས་ཊཱི་ཀའི་སྐབས་གཞན་ནས་བཤད་དོ། །འོན་ཀྱང་དགག་ཚིག་ལྷག་ན་ནི་ལས་མི་འཆགས་ཏེ་བསྙེན་པར་རྫོགས་པར་མཛད་དོ་ཞེས་པ་ལ་བསྙེན་པར་རྫོགས་པར་མི་མཛད་དོ་ཞེས་བརྗོད་པ་ལྟ་བུའོ། །ལས་བརྗོད་པ་ཉམས་ན་སྟེ་བརྗོད་པའི་རིལ་པོ་ཆད་དམ། ངེས་བཟུང་དུ་བརྗོད་དགོས་པའི་ཚིག་ཆད་ན་ལས་མ་བྱས་པ་ཉིད་དོ། །དེ་ཡང་ལས་འཆགས་པའི་དུས་ཡན་དུ་ཆོ་ག་ཆད་ན་སྟེ། དེ་མན་ཆད་ཀྱི་ཆོ་ག་ཆད་ཀྱང་ལས་མི་འཆགས་པ་མ་ཡིན་ནོ། །གཉིས་པ་ནི། ལས་ཀྱི་ཆོ་ག་བྱེད་བཞིན་པ་ཉིད་ན་དགེ་འདུན་དེའི་གྲལ་ནས་དགེ་སློང་ཁ་ཅིག་སྟན་ལས་ལངས་ཏེ་སོང་ན་གསོལ་བཞིའི་ལས་ཚིག་བཞི་ཡོད་པ་ལྟ་བུའི་ཚིག་མ་རྫོགས་པ་རྣམ་པར་འཁྲུགས་པ་སྟེ་ཞིག་པ་ཉིད་དོ། །དཔེར་ན་བརྗོད་པ་དང་པོ་བྱེད་བཞིན་པ་ན་


K8Z004_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ཁ་ཅིག་ལངས་ཏེ་སོང་ན། དགེ་འདུན་གྲངས་ཚང་བ་ཤུལ་དུ་ལུས་ཀྱང་ཚིག་མ་རྫོགས་ན་འཁྲུགས་པས་བརྗོད་པ་དང་པོ་བསྐྱར་དགོས་སོ། །ཚིག་རྫོགས་པ་ནི་མི་འཁྲུགས་པས་སྔར་གསོལ་བ་བྱས་ཟིན་པ་དེ་ནི་བསྐྱར་མི་དགོས་སོ། །བསྙེན་རྫོགས་བྱེད་པ་ལ་སོགས་པའི་ལས་དེ་ལ་དགེ་སློང་བཅུ་ལ་སོགས་པ་རང་རང་གི་དགེ་འདུན་གྱི་གྲངས་ཀྱི་ཚད་དག་ཏུ་དགེ་སློང་ཁ་ཅིག་སྟན་ལས་ལངས་ཏེ་སོང་བའི་ཤུལ་ན་དགེ་སློང་སྟན་ལས་མ་ལངས་པ་རྣམས་མ་ལུས་པ་ཉིད་ན་ཚིག་རྫོགས་པ་དག་ཀྱང་འཁྲུགས་པ་ཉིད་དོ། །དཔེར་ན་བརྗོད་པ་དང་པོ་བྱེད་བཞིན་པ་ན་དགེ་སློང་ཁ་ཅིག་སྟན་ལས་ལངས་ཏེ་སོང་ན་དགེ་འདུན་ཚང་བ་ཤུལ་དུ་མ་ལུས་ན་ནི་ཚིག་མ་རྫོགས་པ་བརྗོད་པ་དང་པོ་འཁྲུགས་པར་མ་ཟད་ཀྱི། ཚིག་རྫོགས་པར་གསོལ་བ་བྱས་ཟིན་པ་དེ་ཡང་འཁྲུགས་པ་སྟེ། སྔ་གསོལ་བྱས་ཟིན་པ་དེ་ཡང་གཞི་ནས་བསྐྱར་དགོས་སོ། །ལས་ཀྱི་ཆོ་ག་བྱེད་བཞིན་པ་ན་དགེ་སློང་ཁ་ཅིག་ལངས་ཏེ་སོང་ཡང་རང་རང་གི་དགེ་འདུན་གྱི་ཚད་དུ་ལོངས་པ་ཤུལ་དུ་ལུས་པ་ཉིད་ན་ཚིག་རྫོགས་པ་དེ་འཁྲུགས་པར་མི་འགྱུར་རོ། །གསུམ་པ་ནི། གལ་ཏེ་ཚིག་རྫོགས་པ་ལ་ནི་ལས་དེའི་ཆོ་ག་ཡང་དག་པར་ཡིད་མ་ཆེས་ཏེ། ཡང་བསྐྱར་ཏེ་བྱེད་པར་འདོད་ན་ཚིག་རྫོགས་པ་མ་འཁྲུགས་པ་དེ་དང་པོར་ཚིག་གིས་རྣམ་པར་དཀྲུགས་ཤིང་། དེའི་འོག་ཏུ་གཞི་ནས་བཟླ་བར་བྱའོ། །ཇི་ལྟར་ཚིག་གིས་དཀྲུག་ཅེ་ན། གསོལ་བས་ཏེ་ཞུ་བས་སོ། །སུ་ལ་གསོལ་ཞེ་ན། དགེ་འདུན་ལོའོ། །རྣམ་པ་གང་གིས་གསོལ་ཅེ་ན། བཙུན་པ་དག་གསོལ་བ་འཁྲུགས་ན་ཡང་གསོལ་བ་བགྱིའོ་ཞེའམ། བརྗོད་པ་འཁྲུགས་ན་རྗེས་སུ་བསྒྲག་གོ་ཞེས་བྱ་བས་རྣམ་པར་བཀྲུགས་ནས་སོ། །གསོལ་བ་དང་བརྗོད་པ་


K8Z004_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་བསྐྱར་ཏེ་བྱེད་ན་ནི་ཡང་གསོལ་བ་བགྱི་ཞིང་རྗེས་སུ་བསྒྲག་གོ་ཞེས་ཚིག་གཉིས་ཀ་བརྗོད་དེ། དགེ་འདུན་ལ་ཞེས་པ་ནི་དཔེ་སྟེ། ལྷུང་བཟེད་བྱིན་གྱིས་བརླབ་པ་ལ་སོགས་པའི་སྔགས་ཀྱི་ཚིག་དཀྲུག་ན་ཡང་རྗེས་སུ་བསྒྲག་གོ་ཞེས་གང་ཟག་ལ་ཡང་བརྗོད་དོ། །བཞི་པ་ལ། སྦྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། ལས་ཀྱི་ངོ་བོའི་བསྡུས་དོན་འཆད་དེ། དང་པོ་ལས་ཀྱི་དབྱེ་བ་ནི། བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་པའི་ལས་བརྒྱ་རྩ་གཅིག་སྟེ། དེ་ཡང་གསོལ་བ་འབའ་ཞིག་པའི་ལས་ཉི་ཤུ་རྩ་བཞི་ནི། ཀར་ཤ་ལས། གསང་སྟེ་སྟོན་པ་བསྐོ་བ་དང་དགེ་འདུན་གྱི་ནང་དུ་བར་ཆད་ཀྱི་ཕྱིར་དང་། །གསོ་སྦྱོང་བྱ་བའི་ཕྱིར་གསོལ་བ་འབའ་ཞིག་པ་དང་གསོ་སྦྱོང་དེ་ལ་དགེ་འདུན་ཐམས་ཅད་ལྟུང་བ་བཅས་ན་ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབས་པ་དང་། །གསོ་སྦྱོང་གི་དེ་ལ་དགེ་འདུན་ཡིད་གཉིས་ཟ་བ་དང་། །ལྟུང་བའི་ཕྱིར་རྩོད་པ་དང་ལྟུང་བ་དེ་ནི་གང་ཡིན་ངེས་པ་ཉིད་མ་ཡིན་ན་ལྟུང་བ་བྱིན་གྱིས་བརླབས་དང་། །གསོ་སྦྱོང་དེ་ཡི་དོན་དུ་གསོལ་བ་འབའ་ཞིག་པའི་ལས་ལྔ་པོ་དག །ཐམས་ཅད་དགག་དབྱེར་ཡང་གཏོགས་པ་ཡིན། །དགག་དབྱེ་དེ་ལ་ལྟུང་བཅས་དང་དེ་ལ་དགེ་འདུན་ཡིད་གཉིས་དང་རྩོད་ངེས་ཉིད་མ་ཡིན་པ་དང་ཞེས་གོ་རིམ་དུ་སྦྱར་རོ་དབྱར་གནས་པར་ཁས་བླངས་པའི་ཕྱིར་གསོལ་བ་འབའ་ཞིག་པ་ཉིད་དང་ནི། །ཤི་བའི་རྫས་བྱིན་གྱིས་བརླབས་པ་དང་ནོར་དང་འདྲ་བ་བྱིན་གྱིས་བརླབས་པ་དང་། །ཆོས་གོས་སྲ་བརྐྱང་གདིང་བ་པོ་ལ་གཏད་པ་དང་། །ཆོས་གོས་ངན་པས་ཆོས་གོས་རས་ཡུག་ཆེན་གྱི་གནང་བ་སྦྱིན་པར་བྱ་བ་དང་། །དགེ་འདུན་རྣམས་ཀྱི་གནས་ངན་ལེན་ནི་བརྗོད་པ་འདི་དངོས་སུ་བག་ཡངས་བྱ་བའི་ལས་དང་། །གླེང་བར་གཏོགས་པའི་བསྒོ་བ་ཚིག་གིས་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པ་དང་། གང་ཟག་བཅུ་གཉིས་པོ་རྣམས་ལ་ངོར་འཕྱ་བ་དང་། ཐུབ་ཀྱི་གཞོགས་འཕྱས་བྱེད་པ་སྟེ་གྲངས་སུ་གཞུག་པ་བཞི་དག་དང་། །ཁྱིམ་གྱི་བསླབ་པའི་སྡོམ་དང་དེ་ཁྱིམ་གྱི་བསླབ་པའི་སྡོམ་


K8Z004_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞིག་པ་དང་། །ལྷུང་བཟེད་ཁ་དབུབ་བྱ་བ་དང་། །ཁ་དབུབས་པ་དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པ་དང་། ནོར་དང་འདྲ་བ་བྱིན་གྱིས་བརླབ་པ་གཉིས་ཡོད་ཀྱང་ཚུལ་འདྲ་བས་གཅིག་ཏུ་བགྲང་ཞིང་། སྲ་བརྐྱང་བརྟད་པ་དང་རས་ཡུག་ཆེན་གྱི་གནང་བ་སྦྱིན་པ་གཉིས་ཡོད་ཀྱང་ཚུལ་འདྲ་བས་གཅིག་ཏུ་བགྲང་ངོ་། །གསོལ་གཉིས་ཀྱི་ལས་བཞི་བཅུ་རྩ་བདུན་ནི། ཀར་ཤ་ལས། གསོ་སྦྱོང་གི་གནས་ལ་བློ་མཐུན་བྱ་བ་དང་མཚམས་ནི་ཆེ་ཆུང་གཉིས་གཉིས་བཅད་པ་དང་། །ས་གཞི་མཚམས་བཅད་པ་དེར་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པ་དང་མྱོས་པའི་གནང་བ་དང་དགག་དབྱེ་བྱེད་པ་པོ་བསྐོ་བ་དང་། །དབྱར་གནས་པའི་གནས་མལ་སྟོབ་པར་བྱེད་པ་པོ་བསྐོ་བ་དང་། །རུང་བའི་ས་གཞི་བསྐོ་བ་སྟེ་རུང་ཁང་བཅད་པ་དང་། །སྲ་བརྐྱང་ལ་བློ་མཐུན་བྱ་བ་དང་ནི་སྲ་བརྐྱང་དེ་གདིང་བ་པོ་བསྐོ་བ་དང་། །སྤོང་བ་པའི་ཞལ་ཏ་པ་བསྐོ་བ་དང་ལག་གི་བླ་བསྐོ་བ་དང་ལག་དབོན་བསྐོ་བ་དང་ནི། །གནས་ཁང་བསྐོ་ལ་སོགས་པ་གང་ཟག་བཅུ་གཉིས་བསྐོ་བ་དང་། །གཟུ་བོ་བསྐོ་བ་དང་གསལ་བ་དང་གསལ་བའི་གསལ་བ་བསྐོ་བ་དང་རྩོད་པ་སྦེད་པ་པོ་བསྐོ་བ་དང་། །གང་མང་གི་ཚུལ་ཤིང་འབྲིམ་པར་བྱེད་པ་པོ་བསྐོ་བ་དང་། །ཁང་པ་དང་ཁང་ཆེན་གྱི་ས་གཞི་རུང་བ་བསྟན་པ་སྟེ་གནང་བ་སྦྱིན་པ་གཉིས་དང་། །ལྟུང་བ་གླེང་པ་པོ་བསྐོ་བ་དང་རྒན་པོ་དང་ནད་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྦྱིན་པ་དང་། །ལོ་དྲུག་སྟན་གྱི་གནང་བ་སྦྱིན་པ་དང་ལྷུང་བཟེད་འབྲལ་མེད་འབྲིམ་པ་པོ་བསྐོ་བ་དང་། །ཁྱིམ་པ་མ་དད་པ་ལ་གོ་བར་བྱ་བ་གནས་ངན་ལེན་བརྗོད་པའི་གང་ཟག་བསྐོ་བ་གནས་ངན་ལེན་བརྗོད་པ་ནི་དགེ་སློང་དགེ་སློང་མ་གང་དག་གི་མ་དད་པར་འགྱུར་བའི་སྤྱོད་པ་ཁྱིམ་པ་ལ་བརྗོད་པ་ཡིན་ལ། འདི་ནི་བསྟན་པ་སུན་འབྱིན་པའི་དགེ་སློང་ལ་ཆོས་མ་ཡིན་པ་གླེང་བའི་གང་ཟག་བསྐོའོ་དང་། །གསོལ་བ་འབའ་ཞིག་པའི་སྐབས་ཀྱི་འབྱིན་པའི་དགེ་སློང་ལ་ཆོས་མ་ཡིན་པས་གླེང་པའི་གང་ཟག་བསྐོའོ། །དགེ་སློང་མའི་སྟོན་པ་བསྐོ་བ་དང་ནི་ནགས་ཉུལ་བའི་དགེ་སློང་བསྐོ་


K8Z004_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །དགེ་སློང་གནས་ནས་ཕྱུང་བ་ལ་དགེ་སློང་མས་ཕྱག་མི་བྱ་བའི་སྡོམ་པ་དང་འཁོར་དང་འཁོར་མང་ཉེ་བར་འཇོག་པའི་ཕྱིར་དང་། །འཁོར་བ་དང་དྲ་བའི་གནང་བ་སྦྱིན་པའི་ཕྱིར་དང་ནི། །གཙུག་ལག་ཁང་མཚམས་ཐ་དད་པ་གཉིས་ཀྱི་རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །དགེ་སློང་མའི་བསླབ་པ་སྦྱིན་པ་དང་ཚངས་སྤྱོད་ཉེར་གནས་སྦྱིན་པ་དང་། །དགེ་སློང་མ་ལ་བུ་ཆུང་ངུ་དང་ལྷན་ཅིག་ཉལ་བའི་གནང་བ་སྦྱིན་པ་དང་མུ་གེའམ་ཆེས་དགེ་སློང་གཅིག་པུ་ཉེ་དུའི་ཕྱིར་ཁྱིམ་དུ་འགྲོ་བའི་གནས་པ་སྦྱིན་པ་དང་དབྱར་གྱི་ཚུལ་ནང་ནས་ཞག་བཞི་བཅུ་ཙམ་གྱི་ནང་ནས་འགྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །ཞེས་གསུངས་སོ། །ད་ཡང་མཚམས་པོ་ཆེ་བཅད་པ་དང་། མཚམས་བུ་ཆུང་བཅད་པ་གཉིས་ཡོད་ཀྱང་ཚུལ་འདྲ་བས་གཅིག་ཏུ་བགྲངས་ལ། ལག་གི་བླ་བསྐོ་བ་དང་། ལག་དཔོན་བསྐོ་བ་གཉིས་ཡོད་ཀྱང་ཚུལ་འདྲ་བས་གཅིག་ཏུ་བགྲང་ངོ་། །གསལ་བ་བསྐོ་བ་དང་། གསལ་བའི་གསལ་བ་བསྐོ་བ་གཉིས་ཡོད་ཀྱང་ཚུལ་འདྲ་བས་གཅིག་ཏུ་བགྲང་ངོ་། །མང་ཕྱིར་དང་ཞེས་སྡོམ་གཅིག་གིས་བསྡུས་ཀྱང་འཁོར་མུ་གེའི་ཚེ་ན་དགེ་སློབ་མ་གཅིག་བུ་ཉེར་འཇོག་དང་། འཁོར་མང་ཉེར་འཇོག་གི་གནང་བ་སྦྱིན་པ་སྟེ་ལས་གཉིས་ཡོད་དོ། །གསོལ་བ་དང་བཞིའི་ལས་སུམ་ཅུ་ནི། ཀར་ཤ་ལས། སྐྱེས་པ་དང་བུད་མེད་བསྙེན་པར་རྫོགས་པར་བྱ་བ་དང་། །སྔོན་མུ་སྟེགས་ཅན་ལ་གནས་པ་སྦྱིན་པ་དང་མཚམས་ཆེ་ཆུང་གཉིས་དགྲོལ་བ་དང་། །ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་ལ་མཐུན་པ་སྦྱིན་པ་དང་མཐུན་པའི་གསོ་སྦྱོང་སྦྱིན་པ་དང་ནན་ཏུར་གྱི་ལས་བདུན་པོ་དང་། །བརྒྱད་དང་ཞེས་པ་ལས་བརྒྱད་དེ། ཊཱི་ཀ་ལས། སྤོ་བ་དང་མགུ་བར་བྱ་བ་དང་གཞི་ནས་སྤོ་བ་དང་གཞི་ནས་མགུ་བར་བྱ་བ་དང་ཡང་གཞི་ནས་བསླངས་ཏེ་སྤོ་བ་དང་ཡང་གཞི་ནས་བསླངས་ཏེ་མགུ་བར་བྱ་བ་དང་དགེ་འདུན་ལྷག་མ་ལས་དབྱུང་བ་དང་སྲ་བརྐྱང་དབྱུང་བ་དག་ཅེས་སོ་དང་དྲན་པས་འདུལ་བ་དང་མ་སྨྱོས་པའི་འདུལ་བ་དང་། །ལྟུང་བ་དེ་ཡི་ངོ་བོ་ཉིད་འཛོལ་དུ་གཞུག་པ་དང་། །


K8Z004_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོ་བར་བྱ་བའི་ལས་རྣམ་པ་བཞི་དང་ནི། །ངམ་པ་འཆབ་མེད་བྱུང་སྟེ་ཉམས་པ་ལ་བསླབ་པ་སྦྱིན་པར་བྱེད་པ་དག །གསོལ་དང་བཞི་ཡི་ལས་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་སྐྱེས་པ་བསྙེན་པར་རྫོགས་པར་བྱ་བ་དང་། བུད་མེད་བསྙེན་པར་རྫོགས་པར་བྱ་བའི་ལས་གཉིས་ཡོད་ཀྱང་ཚུལ་འདྲ་བས་གཅིག་ཏུ་བགྲངས་ཤིང་མཚམས་དགྲོལ་དང་ཞེས་མཚམས་པོ་ཆེ་དགྲོལ་བ་དང་། མཚམས་བུ་ཆུང་དགྲོལ་བ་གཉིས་ཡོད་ཀྱང་ཚུལ་འདྲ་བས་གཅིག་ཏུ་བགྲང་ངོ་། །བདུན་པོ་དང་ཞེས་པ་ནི་སྤོང་བའི་ནན་ཏུར་བདུན་ཡོད་ཀྱང་གནས་ནས་དབྱུང་བ་ཙམ་དུ་འདྲ་བས་གཅིག་ཏུ་བགྲངས་ནས་སྨད་པ་ནན་ཏུར་བཞི་དང་། །མ་མཐོང་མི་འཆོས་སྡིག་ལྟ་མི་གཏོང་བས་གནས་དབྱུང་དང་གསོ་དགག་བཞག་པ་གཉིས་ཏེ། ནན་ཏུར་དངོས་ཀྱི་ལས་བདུན་ཡོད་ཀྱང་ནན་ཏུར་དངོས་ཀྱི་ལས་གཅིག་ཏུ་བགྲང་ཞིང་། དེ་དག་ལ་བཟོད་པ་བླང་བའི་ལས་བདུན་ཡོད་ཀྱང་ནན་ཏུར་བྱས་པ་ལ་བཟོད་པར་བྱས་པའི་ལས་གཅིག་ཏུ་བགྲངས་ཏེ། དེ་ལྟར་ན་ནན་ཏུར་དངོས་ཀྱི་ལས་དང་། ནན་ཏུར་བྱས་པ་ལ་བཟོད་པར་བྱ་བའི་ལས་ཞེས་ལས་གཉིས་སུ་བཟུང་ངོ་། །བརྒྱད་དང་ཞེས་པ་ནི། སྤོ་བ་སྦྱིན་པ་གསུམ་དང་། མགུ་བ་སྦྱིན་པ་གསུམ་དང་། ལྷག་མ་ལས་དབྱུང་བ་དང་། སྲ་བརྐྱང་དབྱུང་བ་སྟེ་བརྒྱད་དོ། །བསྒོ་བར་བྱ་བ་རྣམས་དང་ཞེས་པ་ནི་ལས་བཅུ་གཅིག་བསྟན་ཏེ། དགེ་འདུན་ལྷག་མ་ཐ་བཞིའི་སྐབས་ནས་བསྒོ་བའི་ལས་བཞི་དང་། ལྟུང་བྱེད་ཀྱི་སྐབས་ནས་སྡིག་ལྟ་མི་གཏོང་བ་ལ་བསྒོ་བ་སྟེ་བསྒོ་བའི་ལས་ལྔ་དང་། དགེ་སློང་མའི་རྣམ་འབྱེད་ལས། བཟློག་པའི་ཕམ་པའི་སྐབས་དང་གནས་ཕྱུང་གི་རྗེས་སུ་ཕྱོགས་པའི་དགེ་སློང་མ་སྟེ་དོན་གཅིག་མིང་གི་རྣམ་གྲངས་སོ། །། དཀོན་མཆོག་གཏོང་བ་དང་། འཐབ་གྲོལ་བྱེད་པ་དང་། བདེ་ཞིང་གནས་པ་དང་། བདེ་ཞིང་


K8Z004_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་འཇུག་པ་སྟེ་ལྔ་པོ་དེ་དག་ལ་བསྒོ་པའི་ལས་ལྔ་སྟེ་བསྒོ་བའི་ལས་བཅུ་དང་དགེ་ཚུལ་བསྙིལ་བའི་ལས་དང་བཅུ་གཅིག་གོ་ཞེས་སོ། །གཉིས་པ་བསྡུས་པ་ནི། ལས་དེ་རྣམས་ཐམས་ཅད་བསྡུ་ན་གསུམ་དུ་འདུས་ཏེ། གསོལ་བ་འབའ་ཞིག་པའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་སོ། །དེ་ཡང་གཏམ་གྱི་གཞི་ལས། བཙུན་པ་ལས་དུ་དག་གི་ལས་ཐམས་ཅད་བསྡུས། ཉེ་བ་འཁོར་གསུམ་གྱིས་ཏེ་ཞེས་གསུངས་ལ། འབད་པ་ཆུང་འབྲིང་ཆེ་གསུམ་གྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །གསུམ་པ་མཚན་ཉིད་ནི། དགེ་འདུན་མཚན་ཉིད་གསུམ་ལྡན་གྱིས་ཆོ་ག་ཁྱད་པར་ཅན་གྱི་སྒོ་ནས་གྲོས་སུ་བསྡུར་བའི་བདག་ཉིད་དུ་གནས་པ་སྟེ། དེ་ནི་འདུལ་བ་ནས་གསུངས་པའི་ཆོ་ག་རྣམ་གཞག་གི་ལས་ཀྱི་མཚན་ཉིད་དོ། །བཞི་པ་རྟེན་གང་ལ་ལས་གང་བཞག་པ་ནི། དགེ་སློང་མའི་སྟོན་པ་བསྐོ་བ་དང་། དགག་དབྱེ་བྱེད་པ་པོ་བསྐོ་བ་དང་། རས་ཆེན་སྦེད་པ་པོ་བསྐོ་བ་དང་། གཟུ་བོ་དང་། གསལ་བ་དང་། གསལ་བའི་གསལ་བ་བསྐོ་བ་ནི་རྟེན་སྐྱེས་པ་རྣམས་ཀྱིའོ། །ཕྱག་མི་བྱ་བའི་སྡོམ་པ་དང་། བཟློག་པའི་ཕམ་པའི་སྐབས་ཀྱི་བསྒོ་བ་དང་། དཀོན་མཆོག་གཏོང་བ་ལ་སོགས་པ་ལ་བཟློག་པའི་ཕྱིར་བསྒོ་བ་དང་། སྔོན་རོལ་གྱི་སྡོམ་པ་གཉིས་དང་། འཁོར་དང་འཁོར་མང་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང་། བུ་ཆུང་ངུ་དང་ལྷན་ཅིག་ཉལ་བའི་དང་། ཉེ་དུ་དང་ལྷན་ཅིག་འབྲེལ་བའི་གནང་བ་སྦྱིན་པ་ནི་བུད་མེད་རྣམས་ཀྱིའོ། །བསྙེན་རྫོགས་བྱ་བའི་ལས་ལ་སོགས་པ་སྟེ། ལས་ཕལ་ཆེ་བ་རྣམས་ནི་སྐྱེས་པ་དང་བུད་མེད་ཐུན་མོང་གི་ལས་རྣམས་ཡིན་ནོ། །ལྔ་པ་ལས་བརྒྱ་རྩ་གཅིག་ཏུ་གྲངས་ངེས་པའི་ཚུལ་ནི་


K8Z004_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་པའི་ལས་བརྒྱ་རྩ་གཅིག་ཏུ་གྲངས་ངེས་པ་སྟེ། ཀར་ཤ་ལས། ལས་ཀྱི་གྲངས་བརྒྱ་རྩ་གཅིག་ཏུ་ངེས། ཞེས་གསུངས་སོ། །དེ་ཡང་དངོས་སུ་གསུངས་པའི་ལས་བརྒྱ་རྩ་གཅིག་ཏུ་ངེས་པ་ཡིན་ཀྱང་མདོར་བསྡུས་དང་བཅས་ན་དེར་མ་ཟད་དེ། ལུང་གཞིའི་འགྲེལ་པ་ལས། ལས་བརྒྱ་རྩ་གཅིག་པོ་གཙོ་ཆེར་སྨོས་པར་ཟད་ཀྱི། འདིར་ལས་བརྒྱ་རྩ་གཅིག་པོ་དག་ཉི་ཚེ་བཟུང་བར་མ་ཟད་དེ། འདུལ་བ་དང་ལྡན་པའི་ལས་ཐམས་ཅད་བསྡུས་པར་རིགས་པར་བྱའོ། །ཞེས་བཤད་པ་དང་། ལུང་ཕྲན་ཚེགས་ལས། བཀའ་བསྡུ་བ་དང་པོའི་སྐབས་ལས་ཉེ་བ་འཁོར་འདུལ་བ་སྡུད་པ་པོར་བསྐོ་བ། གསོལ་བ་དང་གཉིས་ཀྱི་ལས་དང་། ཀུན་དགའ་བོ་མདོ་སྡེ་སྡུད་པ་པོར་བསྐོ་བ། གསོལ་བ་དང་གཉིས་ཀྱི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བའི་སོ་སོར་ཐར་པའི་སྡོམ་པ་གཏན་ལ་དབབ་པའི་སྐབས་ལས། དགེ་འདུན་གྱི་དབྱེན་སྤང་བའི་དོན་དུ་བག་ཡངས་སུ་བྱ་བ་གསོལ་བཞིའི་ལས་དང་། གང་ཟག་རླབས་པོ་ཆེ་བསྟན་པ་ལ་གཞུག་པའི་དོན་དུ་བག་ཡངས་སུ་བྱ་བ་གསོལ་བཞིའི་ལས་དང་། བསྟན་པ་འཕེལ་བར་བྱ་བའི་དོན་དུ་བག་ཡངས་སུ་བྱ་བ་གསོལ་བ་དང་བཞིའི་ལས་དང་། དཀའ་བས་འཚོ་བ་སྤང་བའི་དོན་དུ་བག་ཡངས་སུ་བྱ་བ་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲ་བ་བག་ཡངས་སུ་བྱེད་པའོ་ཞེས་གསུངས་པས་སོ། །དྲུག་པ་སྐབས་འདིར་གསོལ་བཞིའི་ལས་སྨོས་ལ། གཞན་མི་སྨོས་པའི་འཐད་པ་ནི་གསོལ་བཞིའི་ལས་མ་ཡིན་པ་ལ་ཡིན་པར་སྒྲོ་འདོགས་བསལ་བའི་དགོས་པ་ཡོད་པའི་ཕྱིར། འདིར་གྲངས་སུ་གཞུག་པ་བཞི་དང་། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་དང་། བཟོད་པ་གསོལ་བ་


K8Z004_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཁ་བསྲང་བ་དང་། ཕྱག་མི་བྱ་བའི་སྡོམ་པ་སྦྱིན་པ་དང་། རྩོད་པ་སྦེད་པ་བོ་བསྐོ་བ་སྟེ། དང་པོ་དྲུག་གསོལ་བ་འབའ་ཞིག་པའི་ལས་ཡིན་ལ། ཐ་མ་གཉིས་ནི་གསོལ་གཉིས་ཀྱི་ལས་ཡིན་པར་ལུང་གི་དཔེ་ཕལ་ཆེར་ལས་གསུངས་པ་དེ་རྣམ་དག་ཡིན་ལ། བརྒྱད་པོ་དེ་རྣམས་ཀྱང་གསོལ་བཞིའི་ལས་སུ་འདུལ་བའི་དཔེ་ཁ་ཅིག་ལ་སྣང་ཡང་འདིར་ནི་གསོལ་བཞིའི་ལས་སུ་མ་བྱས་ཏེ། བརྒྱད་པོ་དེ་རྣམས་ཀྱང་གསོལ་བཞིའི་ལས་ཡིན་ན་ནི་གསོལ་བཞིའི་ལས་སུམ་ཅུ་སོ་བརྒྱད་དུ་འགྱུར་བ་ལས། གཏམ་གྱི་གཞི་ལས། བཙུན་པ་ལས་དག་དུ་མཆིས། ཉེ་བ་འཁོར་བརྒྱ་རྩ་གཅིག་དག་གོ། །བཙུན་པ་ལས་དུ་དག་གིས་ལས་ཐམས་ཅད་བསྡུས། ཉེ་བ་འཁོར་གསུམ་གྱིས་ཏེ། གསུམ་གང་ཞེ་ན། གསོལ་བའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞི་ལས་སོ། །བཙུན་པ་ལས་བརྒྱ་རྩ་གཅིག་པོ་དེ་དག་ལ་གསོལ་བའི་ལས་དག་ནི་དུ། གསོལ་བ་དང་གཉིས་ཀྱི་ལས་ནི་དུ། གསོལ་བ་དང་བཞིའི་ལས་དག་ནི་དུ་མཆིས། བཀའ་སྩལ་པ། ཉེ་བ་འཁོར་གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུའོ། །ཞེས་གསུངས་ཏེ་དྲུག་པོ་གསོལ་བ་འབའ་ཞིག་པའི་ལས་སུ་བསྡུས་ཤིང་། གཉིས་པོ་གསོལ་གཉིས་ཀྱི་ལས་སུ་བསྡུས་ནས་གསོལ་བཞིའི་ལས་སུམ་ཅུ་ཉིད་དུ་གསུངས་པས་སོ། །གཉིས་པ་ལ། ལས་བརྗོད་ལན་གྲངས་ཇི་ཙམ་བརྗོད། །སྔགས་བརྗོད་ལན་གྲངས་ཇི་ཙམ་བརྗོད། །དང་པོ་ནི། གསོལ་བཞིའི་ལས་སུམ་ཅུ་ནི་དབྱེན་བྱེད་པ་ལས་སོགས་པ་བཟློག་པའི་ཕྱིར་བསྒོ་བའི་ལས་བཅུ་དང་། དགེ་ཚུལ་བསྙིལ་བ་དང་། ལྟུང་བ་བྱུང་ནས་མི་དྲན་ན་ལྟུང་བ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་། ཕམ་པ་འཆབ་མེད་བྱུང་བ་ལ་བསླབ་པ་


K8Z004_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་དང་། ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་ལ་མཐུན་པ་སྦྱིན་པ་དང་། མཐུན་པ་དེའི་གསོ་སྦྱོང་སྦྱིན་པ་དང་། སྔོན་མུ་སྟེགས་ཅན་ད་ལྟ་དགེ་བསྙེན་གྱི་སྡོམ་ལྡན་གྱི་གང་ཟག་ལ་ལས་ཀྱི་གནས་པ་སྦྱིན་པ་དང་། མུ་སྟེགས་ཅན་གྱི་གནས་པ་དེ་ལས་གཞན་པའི་སྤོ་བ་སྟེ། ལྷག་མ་དང་བཅས་པ་ལ་སྤོ་བ་སྦྱིན་པ་དང་། ལྷག་མ་དང་ལྕི་བའི་ཆོས་ཀྱི་མགུ་བ་སྦྱིན་པ་དང་། ཡང་གཞི་ནས་བསླང་བས་སྤོ་མགུ་གཉིས་དང་། སླར་ཡང་བསླང་བའི་གཉིས་ཏེ་ལས་བཞི་དང་། དགེ་སློང་དག་ལ་ལྟུང་བ་གླེང་ན་དྲན་པས་འདུལ་བ་སྦྱིན་པ་དང་། དགེ་སློང་སྨྱོན་པས་བྱས་པ་ལ་ལྟུང་བ་གླེང་ན་མ་སྨྱོས་པའི་འདུ་བ་སྦྱིན་པ་དང་། སྐྱེས་པ་དང་བུད་མེད་བསྙེན་པར་རྫོགས་པར་བྱ་བ་དང་། མཚམས་ཆེ་ཆུང་གཉིས་དགྲོལ་བ་དང་། ནན་ཏུར་གྱི་ལས་གཉིས་ཏེ། ནན་ཏུར་དངོས་ཀྱི་ལས་དང་། ནན་ཏུར་བྱས་པ་ལ་བཟོད་པར་བྱ་བའི་ལས་དང་། དབྱུང་བ་གཉིས་ཏེ་ལྷག་མ་དབྱུང་བ་དང་། སྲ་བརྐྱང་དབྱུང་བ་དག་སྟེ་ལས་སུམ་ཅུ་པོ་དེ་རྣམས་ལ་ནི་བརྗོད་པ་གསུམ་མོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། སྤྱིར་སྔགས་རྣམ་པར་བཞག་པ་ལ་གཉིས་ཏེ། རང་དོན་དུ་བརྗོད་པ་དང་། གཞན་དོན་དུ་བརྗོད་པའོ། །དང་པོ་ལ་གཉིས་ཏེ། ལན་གཅིག་བརྗོད་པས་འགྲུབ་པ་དང་། །ལན་གསུམ་བརྗོད་དགོས་པའོ། །དང་པོ་ནི། ལྷག་པོར་བྱ་བར་གསོལ་བ་ནི། ཊཱི་ཀ་ལས། འབྲས་བུ་ཆུང་བས་ལན་ཅིག་བརྗོད་པས་འགྲུབ་པས་ལན་གསུམ་བརྗོད་མི་དགོས་སོ། །ཞེས་སོ། །དེ་བཞིན་དུ་སོ་སོར་བཤགས་པར་བྱ་བའི་མཐོལ་བ་དང་། དགེ་འདུན་ཀྱི་ནང་དུ་ལྟུང་བ་བྱིན་གྱིས་བརླབ་པ་དང་། དགག་དབྱེ་དུས་ལས་ཡོལ་བར་འགྱུར་བ་ན་གོ་བར་བྱ་བ་དང་། བསླབ་པ་བརྗོད་པ་ཁས་བླང་བ་དང་། ཞག་བདུན་པའི་ཉི་མ་འདས་པ་བརྗོད་པ་དང་སྟེ་དེ་རྣམས་ལན་གཅིག་བརྗོད་པའོ། །དེ་ལྟར་


K8Z004_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཞུང་འདིས་ནི་ལྷག་པོར་བྱ་བ་གསོལ་བ་ལ་སོགས་པ་ལན་གཅིག་བརྗོད་པ་དེ་དག་མ་གཏོགས་པ་རང་གི་དོན་གྱི་སྔགས་བརྗོད་པ་ཡང་བརྗོད་པ་གསུམ་མོ་ཞེས་བསྟན་ཏེ། དེ་ཡང་རང་གི་དོན་དུ་དགེ་འདུན་ལ་ལན་གསུམ་བརྗོད་པ་ནི་བསྙེན་པར་རྫོགས་པར་གསོལ་བ་འདེབས་པ་དང་། སྤོ་མགུ་སྦྱིན་པར་གསོལ་བ་འདེབས་པ་ལ་སོགས་པའོ། །རང་གི་དོན་དུ་གང་ཟག་ལ་ལན་གསུམ་བརྗོད་པ་ནི་ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབ་པ་དང་ལྟུང་བྱེད་བཤགས་པ་ལ་སོགས་པའོ། །གཉིས་པ་གཞན་དོན་བསྒྲུབ་པ་ལ་གཉིས་ཏེ། ལན་གསུམ་བརྗོད་པ་དང་། ལན་གཅིག་བརྗོད་པའོ། །གཞན་དོན་དུ་གང་ཟག་ལ་བརྗོད་པ་ལ་ནི་ལན་གསུམ་བརྗོད་པ་སྟེ། ལུང་གཞི་ལས། འདུན་པ་དགེ་སློང་ལ་བརྗོད་པར་གསུངས་པ་ལྟ་བུའོ། །གཞན་དོན་དུ་དགེ་འདུན་ལ་བརྗོད་དོ་ཅོག་ལན་གཅིག་བརྗོད་པ་སྟེ། ལུང་གཞི་ལས། འདུན་བ་དགེ་འདུན་ལ་བརྗོད་ན་འགྲེངས་ཏེ་ལན་གཅིག་བརྗོད་པར་གསུངས་པ་དང་། རབ་ཏུ་འབྱིན་པའི་ཞུ་བ་ལན་གཅིག་བརྗོད་པ་ལྟ་བུའོ། །གཉིས་པ་ནི། ལྷག་པོར་མ་གཏོགས་པར་རང་གི་དོན་གྱི་སྔགས་བརྗོད་པ་ཡང་ངོ་སྟེ་བརྗོད་པ་གསུམ་མོ། །འདུན་པ་བརྗོད་པ་ལ་སོགས་པ་གཞན་གྱི་དོན་དུ་གང་ཟག་ལ་བརྗོད་པ་རྣམས་ལ་ཡང་བརྗོད་པ་གསུམ་མོ། །གཞན་གྱི་དོན་དུ་དགེ་འདུན་ལ་བརྗོད་པ་ནི་ལེན་གཅིག་གིས་ཆོ་ག་ཞེས་ཤུགས་ཀྱིས་བསྟན་ཏེ་འདུན་པ་བརྗོད་པ་ལ་སོགས་པ་གལ་ཏེ་དགེ་འདུན་ལ་སོགས་པ་གལ་ཏེ་དགེ་འདུན་ལ་བརྗོད་ན་ནི་ལན་གཅིག་གོ། །གཉིས་པ་ནི། ལྷག་པོར་གསོལ་བའི་སྔགས་བརྗོད་པ་ཡང་གང་ཟག་གི་མདུན་དུ་ཙོག་པུར་འདུག་སྟེ་བྱའོ་ཞེས་ལན་གསུམ་བརྗོད་པ་དང་། སྤྱོད་ལམ་ཡང་མི་འདྲའམ་སྙམ་པའི་


K8Z004_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པ་བསལ་ལོ། །རབ་ཏུ་འབྱིན་པར་དགེ་འདུན་ལ་ཞུ་བ་ཡང་རབ་ཏུ་དབྱུང་བར་འདོད་པ་དེ་ཙོག་པུར་འདུག་སྟེའོ། །སྐྱེས་པ་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་པར་བྱེད་པ་ན་ཆོས་གོས་ལྷུང་བཟེད་བྱིན་གྱིས་བརླབ་པ་དང་། གསངས་ཏེ་སྟོན་པས་བར་ཆད་དྲི་བའི་སྐབས་མ་གཏོགས་པར་བསྙེན་རྫོགས་ལེན་པ་པོ་དེ་ཕ་གུ་རྩྭ་ལ་བཏིང་བ་གཉིས་ཀྱིས་གཟེར་ཏེ་འདུག་པར་བྱའོ། །ཊཱི་ཀར། འདིར་ཕ་གུ་ཞེས་བྱ་བ་ནི་བོད་པ་ཡིན་པར་ཤེས་པར་བྱའོ། །ཞེས་སོ། །བུད་མེད་ནི་ད་ལྟར་གྱི་ཆོ་གས་བསྙེན་རྫོགས་བྱེད་པ་ན། ཆོས་གོས་ལྷུང་བཟེད་བྱིན་གྱིས་རློབ་པ་དང་། གསངས་ཏེ་སྟོན་པའི་སྐབས་མ་གཏོགས་པར་སྟན་ནང་ཚངས་ཅན་ལ་སོགས་པའི་སྒྲས་ནི་སྟན་འཇམ་པོ་དང་གཞན་ཡུང་བསྡུའོ། །དེ་ལ་ཅི་བདེར་དུ་གཞུག་པ་ཡིན་གྱི། ཙོག་པུར་འདུག་ཏུ་མི་གཞུག་གོ། །དགེ་འདུན་ལས་གཞན་གང་ཟག་ལ་གཙོ་བོར་རག་ལས་པ་མ་ཡིན་པ་ཉིད་ནི་གཉིས་ཏེ། དགེ་འདུན་ལ་གཙོ་ཆེར་རག་ལས་པ་དང་། དགེ་འདུན་རྐྱང་པ་ལ་རགས་ལས་པའོ། །དེ་དག་ལ་ནི་དགེ་འདུན་ལ་རང་དོན་གྱི་སྔགས་བརྗོད་པས་དགེ་འདུན་གྱི་རྒན་པའི་མཐར་ཙོག་པུར་འདུག་སྟེ་བརྗོད་པར་བྱའོ། །དགེ་འདུན་ལ་གཙོ་ཆེར་རག་པ་ནི་བསྙེན་པར་རྫོགས་པར་གསོལ་བ་འདེབས་པ་ལྟ་བུ་ཡིན་ལ། ཡུལ་དགེ་འདུན་རྐྱང་པ་ལ་རག་ལས་པ་ནི་ཁང་པ་ཁང་ཆེན་གྱི་གནང་བ་སྦྱིན་པར་གསོལ་བ་འདེབས་པ་ལྟ་བུ་སྟེ། དགེ་འདུན་གྱི་མཐར་ཙོག་པུར་འདུག་སྟེ་བརྗོད་པར་བྱའོ་ཞེས་གཞུང་འདིས་བསྟན་ཏོ། །གང་ཟག་ལ་གཙོ་ཆེར་རག་ལས་པ་ནི་མཁན་པོ་དེ་གསོལ་བ་ལྟ་བུ་སྟེ། གང་ཟག་དེའི་མདུན་དུ་ཙོག་པུར་འདུག་སྟེ་བརྗོད་ཅེས་དོན་གྱི་གོ་བར་བྱའོ། །རབ་ཏུ་འབྱིན་པར་ཞུ་བ་དང་། ནང་དུ་འོང་བ་ཞུ་བ་ལ་སོགས་པ་གཞན་གྱི་དོན་དུ་ནི། དགེ་


K8Z004_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ལ་སྔགས་བརྗོད་ན་བརྗོད་པ་པོ་སྟེ་འགྲེང་སྟེ་འདུད་པ་དང་བཅས་པར་རོ། །ཊཱི་ཀར། ཐལ་མོ་སྦྱར་བ་ཉིད་དང་མགོ་སྨད་པ་ཉིད་ཀྱིས་བརྗོད་པར་བྱའོ། །ཞེས་སོ། །ལུང་ཁ་ཅིག་ལས། གསངས་ཏེ་སྟོན་པ་ཉིད་ཀྱི་ནང་དུ་འོང་བ་ཞུ་བ་ནི། ས་ཐག་ཇི་ཙམ་དུ་བཀར་བའི་ལམ་གྱི་དབུས་བར་ཆད་དྲིས་པའི་གནས་དང་། ལས་ཀྱི་གནས་ཀྱི་བར་བས་འགྲེངས་ཏེ་འདུད་པ་དང་བཅས་པའོ། །ཞེས་སོ། །ལྷུང་བཟེད་དང་ཆོས་གོས་དང་སྨན་ལ་སོགས་པའི་རྫས་བྱིན་གྱིས་བརླབ་པ་ཡང་འགྲེང་སྟེ་བྱའོ། །མདུན་དུ་ཞེས་ཤུགས་ཀྱིས་འཐོབ་བོ། །དབྱུང་བ་ཡང་དེ་བཞིན་ནོ། །ཆོས་གོས་ལྷག་པོའི་ཡོ་བྱད་དུ་རུང་བར་བྱ་བ་ནི་བྱིན་གྱིས་བརླབས་པ་དེ་ཉིད་ཡིན་ནོ། །དེས་ན་དགེ་སློང་གི་མདུན་དུ་འགྲེང་སྟེ་བྱའོ། །རྫས་དེ་དགེ་སློང་གཉིས་ཀའི་ལག་པས་བཟུང་སྟེ་བྱིན་གྱིས་བརླབ་པ་དེ་བྱའོ། །ལྷུང་བཟེད་དང་སྨན་བརླབ་པ་ནི། དགེ་སློང་གཉིས་ཀའི་ལག་པ་གཡོན་པར་བཞག་སྟེ། གཉིས་ཀའི་ལག་པ་གཡས་པས་སྟེང་ནས་བཀབ་ནས་སོ། །ཊཱི་ཀ་ལས། སྨན་དབྱུང་བ་དེ་བཞིན་ནོ། །ཞེས་སོ། །ལྷུང་བཟེད་དབྱུང་བ་ནི་ལག་པ་གཡས་པས་ལྷུང་བཟེད་ཀྱི་ཁ་ནས་བཟུང་སྟེ་བྱའི། སྟེང་ནས་བཀབ་སྟེ་མི་བྱའོ། །དགེ་སློང་གི་ལག་གིས་བཟུང་བར་བྱ་བ་མ་ཡིན་པ་སྟེ། གསེར་དངུལ་ལ་སོགས་པ་རེག་ཏུ་མི་རུང་བ་ཉིད་ལ་ནི་མདུན་དུ་བཞག་སྟེ་བརླབ་བོ། །གསོལ་བ་ལ་སོགས་པའི་ལས་ཐམས་ཅད་ལ་ནི་འདུག་པ་ཉིད་ཀྱིས་བྱའི། སྤྱོད་ལམ་གཞན་གྱིས་ནི་མི་བྱའོ། །བརྟད་པ་བྱུང་ན་ནི་སྤྱོད་ལམ་གཞན་གྱིས་ཀྱང་གསོ་སྦྱོང་ལ་སོགས་པའི་ལས་བྱའོ་ཞེས་ཊཱི་ཀ་ལས་སོ། །མགྲོན་པོ་མི་སྡོད་ན་འགྲོ་བཞིན་དུ་བྱའོ་ཞེས་སོ། །གསུམ་པ་བརྗོད་པའི་ཡུལ་དགེ་འདུན་ཁོ་ན་ལ་བརྟེན་པ་ནི། སྤོ་བའི་ཉ་མ་བརྗོད་པ་ལྟ་བུའོ། །བརྗོད་པའི་ཡུལ་


K8Z004_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གཅིག་ཁོ་ན་ལ་བརྟེན་པ་ནི་དུས་མ་ཡིན་པར་གྲོང་དུ་འཇུག་པ་ལྟ་བུ་སྟེ། དེ་ལ་ནི་བརྗོད་པའི་ཡུལ་དགེ་སློང་མེད་ན་དགེ་སློང་མའམ། དགེ་ཚུལ་ལ་བརྗོད་ཀྱང་རུང་། བཤད་མ་ཐག་པ་དེ་གཉིས་ལག་གཞན་ནི་ཡུལ་དགེ་འདུན་ནམ། གཅིག་ཁོ་ན་ལ་མ་བརྟེན་པ་སྟེ་ཡུལ་དགེ་འདུན་ལ་ཡང་མ་བརྟེན་པའམ། ཡུལ་གང་ཟག་གཅིག་ཁོ་ན་ལམ་བརྟེན་པར་ཆོས་གོས་བྱིན་གྱིས་བརླབ་པ་ལ་སོགས་པ་ཇི་ཙམ་དུ་གསུངས་པ་རྣམས་ལ་ནི་གང་ཟག་དགེ་སློང་ལ་བརྗོད་པར་བྱ་བ་ཉིད་དོ། །གང་ཟག་ཅེས་སྨོས་པས་ནི་བརྗོད་པའི་ཡུལ་དགེ་འདུན་དུ་ལོངས་པ་མི་དགོས་པར་བསྟན་ཏོ། །དགེ་སློང་ལ་ཞེས་པས་ནི་བརྗོད་པའི་ཡུལ་དགེ་ཚུལ་ལ་སོགས་པ་མ་ཡིན་པར་བསྟན་ཏོ། །དེ་ལྟར་ན་མདོ་འདིས་ནི་དགེ་སློང་གི་ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་རློབ་པ་ལ་སོགས་པའི་ཡུལ་དགེ་སློང་གཅིག་ལ་བརྗོད་པར་བྱ་བ་ཉིད་དོ་ཞེས་བསྟན་ཏོ། །དེ་བཞིན་དུ་དགེ་སློང་མ་རྣམས་ཀྱིས་ནི་དགེ་སློང་མ་གཅིག་ལ་བརྗོད་པར་བྱའོ། །བཞི་པ་ནི། ཆོས་གོས་བྱིན་རླབས་དབྱུང་བ་དང་། བྱིན་གྱིས་རློབ་པ་ནི་ཉེ་བར་མི་གནས་ན་རང་གི་ཡིད་ཀྱིས་རྣམ་པར་བརྟགས་པས་རུང་སྟེ། རང་གཅིག་པུས་བྱིན་གྱིས་བརླབས་པ་དང་དབྱུང་བ་འཆགས་སོ། །བྱིན་གྱིས་བརླབས་པ་ནི་ཆོས་གོས་ཉེ་བར་གནས་པ་ལ་བྱིན་གྱིས་བརླབ་པར་བྱའོ། །དབྱུང་བ་ལ་ནི་ཉེ་བར་གནས་པ་མི་དགོས་སོ་ཞེས་ཊཱི་ཀ་ལས་སོ། །ཆོས་གོས་ལ་སོགས་པའི་བྱིན་རླབས་སྔ་མ་མ་ཕྱུང་ན་བྱིན་རླབས་ཕྱི་མ་མི་འཆགས་སོ། །དམིགས་བསལ་ནི། དགེ་སློང་མས་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་གོས་བྱིན་གྱིས་བརླབ་པ་ནི་སྔ་མ་མ་ཕྱུང་ཡང་ཕྱི་མ་འཆགས་སོ། །རང་གཅིག་པུས་ཆོས་གོས་ལྷུང་བཟེད་དམ་གསོ་སྦྱོང་ལ་སོགས་པ་བྱིན་གྱིས་རློབ་ན། བྱིན་གྱིས་རློབ་པའི་ཡུལ་དེ་ལ་དང་


K8Z004_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འདི་བྱིན་གྱིས་བརླབ་བོ་སྙམ་དུ་བསམ་པས་བསྒྲུབ་ཅིང་། སྔགས་ཚིག་ཏུ་བརྗོད་པར་བྱའོ། །ལྔ་པ་ནི། བཤགས་པ་ལ་སོགས་པ་དག་ལ་དགེ་སློང་དང་ལྷན་ཅིག་ཏུ་འདུ་བ་ཉིད་ན་བླ་གོས་ཕྲག་པ་གཅིག་ཏུ་བྱས་པ་ཉིད་དོ། །ཆོས་གོས་བྱིན་གྱིས་བརླབ་པའམ། སྤོ་བ་སྦྱིན་པར་གསོལ་བ་ལ་སོགས་པ་རང་གི་དོན་དུ་སོགས་སྔགས་ལན་གསུམ་གང་ཟག་ལའམ། དགེ་འདུན་ལ་བརྗོད་པར་བྱ་བ་ཉིད་ན་ཕ་རོལ་པོ་དེ་ཕྱག་བྱ་བ་དེའི་འོས་པ་ཉིད་ལ་ཕྱག་བྱས་ཏེའོ། །དེ་ཡང་རང་གི་དོན་དུ་ཞེས་སྨོས་པའི་ཤུགས་ཀྱིས་གཞན་གྱི་དོན་དུ་བརྗོད་ན་ནི་ཕྱག་བྱ་མི་དགོས་སོ། །ཞེས་བསྟན་ཏེ། དེའི་དམིགས་བསལ་ནི། བདག་སང་ལྷུང་བཟེད་འབྲེལ་མེད་འབྲིམ་པར་འགྱུར་གྱི། ཞེས་དགེ་འདུན་ལ་བརྗོད་པའི་ཚེ་ན་གཞན་དོན་དུ་བརྗོད་པ་ཡིན་ཡང་ཕྱག་འཚལ་དགོས་པར་ལུང་རྣམ་འབྱེད་དང་ཀར་ཤ་ལས་བཤད་དོ། །སྔགས་ལན་གསུམ་ཞེས་སྨོས་པའི་ཤུགས་ཀྱིས་སྔགས་ལན་གཅིག་རྗོད་པར་བྱེད་ན་ནི་ཕྱག་བྱ་མི་དགོས་སོ་ཞེས་བསྟན་ཏེ། དེའི་དམིགས་བསལ་ནི། སོ་སོར་བཤགས་པར་བྱ་བ་མཐོལ་བའི་སྔགས་རྗོད་པར་བྱེད་པ་ན་སྔགས་ལ་མ་གཅིག་བརྗོད་པ་ཡིན་ཡང་ཕྱག་འཚལ་དགོས་པར་བམ་པོ་ལྔ་བཅུ་པ་ལས་བཤད་དོ། །རྐྱེན་དབང་གིས་དགག་དབྱེ་ལན་གཅིག་བརྗོད་པ་ན་ཡང་ཡུལ་དེ་བསླབ་པ་རྒན་ན་ཕྱག་བྱ་དགོས་སོ། །དེའི་འོས་པ་ཉིད་ལ་ཞེས་སྨོས་པའི་ཤུགས་ཀྱིས་ཕྱག་བྱ་བ་དེ་འོས་ཉིད་མ་ཡིན་ན་ནི་ཕྱག་བྱ་མི་དགོས་སོ་ཞེས་བསྟན་ཏེ། རང་བས་བསླབ་པ་གཞོན་པའམ་སྡོམ་པ་ཐོབ་དུས་མཉམ་པ་ཡིན་ན་ནི་དེའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པ་ལ་སོགས་པའི་ཚེ་ན་ཕྱག་བྱ་མི་དགོས་པའོ། །གསངས་ཏེ་སྟོན་པར་ཡང་ཕྱག་བྱ་སྟེའོ། །བསྙེན་རྫོགས་བྱ་བའི་གང་ཟག་ལ་སྣམ་སྦྱར་བསྐོན་པས་སྣམ་སྦྱར་དང་བཅས་པ་ཉིད་ན་བདག་ཉིད་


K8Z004_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་པར་བྱ་བའི་ཕྱིར་འདུས་པ་ལ་ཡང་ཕྱག་བྱའོ། །བསྙེན་རྫོགས་བྱ་བའི་ཕྱིར་འདུས་པའི་དང་པོར་དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་མོ། །ཐལ་མོ་སྦྱོར་བར་བྱེད་པའི་གང་ཟག་དེའི་དོན་ཉིད་དུ་སྟེ། གང་ཟག་དེའི་རང་གི་དོན་ཉིད་དུ་བརྗོད་ན་ཐལ་མོ་སྦྱར་བ་ཉིད་དོ་ཞེས་པའོ། །གང་ཟག་དེའི་དོན་དུ་བརྗོད་པ་ནི། རབ་ཏུ་དབྱུང་བར་ཞུ་བ་དང་། མཁན་པོར་གསོལ་བ་དང་། བསྙེན་པར་རྫོགས་པར་གསོལ་བ་ལ་སོགས་པ་སྟེ་གང་ཟག་དེའི་རང་གི་དོན་ཉིད་དུ་བརྗོད་ན་འདུས་པའི་དགེ་འདུན་ལ་བརྗོད་པའམ། གང་ཟག་འདུས་པ་ལ་བརྗོད་ན་ཡང་རུང་སྟེ། གང་ཟག་དེས་ཐལ་མོ་སྦྱར་བ་ཉིད་དོ། །སྤོ་བའི་དུས་འདས་པ་བརྗོད་པ་ལ་སོགས་པ་ཉི་མ་བརྗོད་པ་ལ་གང་ཟག་དེས་ཐལ་མོ་སྦྱར་བ་ཉིད་དོ། །དྲུག་པ་ནི། གལ་ཏེ་ཆོས་གོས་བྱིན་གྱིས་བརླབ་པ་ལ་སོགས་པ་གང་ཟག་གིས་རང་གི་དོན་དུ་གང་ཟག་ལ་སྔགས་བརྗོད་ན། ཡུལ་གང་ལ་གསོལ་བ་བཏབ་པའི་གང་ཟག་དེས་མཇུག་ཏུ་ཐབས་ཡིན་ནོ་ཞེས་བརྗོད་དེ། ཁྱོད་ཀྱིས་དེ་ལྟར་བྱས་པ་ནི་དོན་དེ་བསྒྲུབ་པའི་ཐབས་ཡིན་ནོ་ཞེས་པའོ། །ཐབས་ཡིན་ནོ་ཞེས་བརྗོད་པ་དེའི་རྗེས་ལ་གཅིག་ཤོས་ཀྱིས་ལེགས་སོ། །ཞེས་སོ། །བདུན་པ་ལ། བསྐོ་ལས་སྔོན་འགྲོ་སྤྱིར་བསྟེན་དང་། །ལས་བརྗོད་མཇུག་སྡུད་བརྗོད་པ་བསྟན། །མཚམས་གཉིས་ཇི་ལྟར་སྤྱོད་ཚུལ་བསྟན། །ལས་རྣམས་འདུ་རྗེས་བསྒྲུབ་པའོ། །དང་པོ་ནི། བསྐོ་བའི་ལས་ཐམས་ཅད་ཀྱི་ཐུན་མོང་གི་ཆོས་དྲུག་སྟེ། འདུན་པ་སྟེ་ཆགས་པ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་དང་བྲལ་བ་དོན་གང་གི་ཕྱིར་བསྐོ་བ་རང་རང་གི་སྐབས་ཀྱི་བྱ་བ་བྱེད་པ་དང་མ་བྱས་པ་དྲན་པར་ནུས་པ་ནི། དཔེར་ན་སྲ་བརྐྱང་བཏིང་བ་དང་མ་བཏིང་བ་དྲན་ནུས་བ་ལྟ་བུའོ། །དེ་ཡང་སྤྲོ་བ་དྲིས་


K8Z004_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤྲོ་བར་བྱས་ཏེ་ལས་ཐམས་ཅད་བྱ་བ་ལ་བསྐོའོ། །གཉིས་པ་ནི། གསོལ་གཉིས་དང་གསོལ་བཞིའི་ལས་བྱས་པ་ཉིད་ན་ལས་བྱས་པ་བརྟན་པར་གནས་པ་སྟེ་ལས་ཀྱི་མཇུག་སྡུད་བརྗོད་པར་བྱའོ། །གསོལ་བ་འབའ་ཞིག་པ་ལ་ནི་ཆོ་ག་འདི་མེད་དེ་གསོལ་བ་ནི་གོ་བར་བྱ་བ་ཙམ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། མཚམས་གཅོད་པ་རྩོམ་པར་བྱེད་པ་ཉིད་ནི་མཚམས་པོ་ཆེ་བཅད་ཟིན་པའི་ནང་དུ་དགེ་འདུན་མེད་ན་མཚམས་འཇིག་པ་དང་འདྲ་བ་ཉིད་དུ་ཤེས་པར་བྱའོ། །དཔེར་ན་མཚམས་པོ་ཆེ་བཅད་ཟིན་པ་འཇིག་པ་བསྲུང་བ་ལ་དགེ་སློང་མཚམས་ཀྱི་ཕྱི་རོལ་ན་གནས་པས་བསྲུངས་པར་མི་འགྱུར་བ་དང་འདྲ་བར་མཚམས་བཅད་པར་བྱེད་པ་ན་ཡང་ཕྱོགས་བཞིའི་མཚན་མ་བརྟན་པོའི་ས་ཁོངས་ཀྱི་ཕྱིར་རོལ་དུ་འདུག་ནས་བཅད་དུ་མི་རུང་སྟེ། ཕྱོགས་བཞིའི་མཚན་མ་བརྟན་པོའི་ས་ཁོངས་སུ་དགེ་སློང་རྣམས་འདུག་སྟེ་མཚམས་གཅོད་དགོས་སོ། །དེ་ནས་ཆོ་ག་གཅིག་གིས་མཚམས་པོ་ཆེ་དང་། དཀྱིལ་འཁོར་བ་གཉིས་ཀ་གཅོད་ན་མཚམས་པོ་ཆེར་འགྱུར་བའི་ས་གཞིའི་སྟེང་ན་འདུག་པའི་དགེ་འདུན་རྣམས་ཀྱིས་དཀྱིལ་འཁོར་བ་བཅད་དུ་མི་རུང་ལ། དཀྱིལ་འཁོར་བར་འགྱུར་བའི་ས་གཞིའི་སྟེང་ན་འདུག་པའི་དགེ་འདུན་རྣམས་ཀྱིས་ཀྱང་མཚམས་པོ་ཆེ་བཅད་དུ་མི་རུང་བས། མཚམས་དེ་གཉིས་སོ་སོ་རང་རང་གི་ཕྱོགས་བཞིའི་མཚན་མ་བརྟན་པོའི་ས་ཁོངས་སུ་དགེ་འདུན་སྡེ་ཚན་གཉིས་སོ་སོར་བཀོད་ནས་མཚམས་དེ་གཉིས་གཅོད་པ་སྟེ། ལུང་གཞི་ལས། མཚམས་གཉིས་ཀར་དགེ་འདུན་བཀོད་དེ། དགེ་སློང་ལས་བྱེད་པས་མཚམས་གཉིས་ཀར་ཤིང་ངམ། དབྱུག་པའམ། སེག་གམ། རེ་ལྡེས་མནན་ཏེ་གསོལ་བ་བྱས་ཏེ་ལས་བྱའོ། །ཞེས་གསུངས་ལ། ཀར་ཤ་ལས་ཀྱང་ངོ་། །མཚམས་


K8Z004_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཟིན་པ་བསྲུང་བ་དང་འདྲ་བའི་དམིགས་བསལ་ནི་མཚམས་པོ་ཆེའི་ཁོངས་ན་ཡོད་པའི་དཀྱིལ་འཁོར་བ་འཇིག་པ་བསྲུང་བ་ནི་དགེ་སློང་མཚམས་པོ་ཆེ་ན་གནས་པས་ཀྱང་འགྲུབ་མོད་ཀྱི། དཀྱིལ་འཁོར་བ་གཅོད་པ་ནི་དགེ་སློང་མཚམས་པོ་ཆེ་ན་གནས་པ་རྣམས་ཀྱིས་མི་འགྲུབ་སྟེ། དཀྱིལ་འཁོར་བ་ཉིད་དུ་བྱེད་པའི་ཕྱོགས་བཞིའི་མཚན་མ་བརྟན་པོའི་ས་ཁོངས་སུ་དགེ་སློང་རྣམས་འདུག་སྟེ། དཀྱིལ་འཁོར་པ་བཅད་པར་བྱའོ། །བཞི་པ་ལ། འདུ་སྐབས་རྗེས་སུ་བསྒྲུབ་པ་དངོས། །ཞར་ལས་དབྱུང་བ་བརྗོད་པའོ། །དང་པོ་ནི། དགེ་འདུན་སྡུད་པར་བྱེད་པས་གཎྜི་བརྡུང་བ་དང་། ཅིའི་ཕྱིར་གཎྜི་བརྡུང་ཞེས་འདྲི་བ་ལ་གསོ་སྦྱོང་ལ་སོགས་པ་བརྗོད་པ་རྗེས་སུ་བསྒྲུབ་པ་དག་གིས་བསྡུ་བར་བྱ་བ་ལ་གོ་བར་བྱའོ། །སྡུད་པར་བྱེད་པ་དེས་བསྡུ་བྱ་དགེ་སློང་དེ་དག་གི་དོན་དུ་སྟན་བཤམ་མོ། །ལག་གི་བླ་སྲ་བརྐྱང་གདིང་བར་བསྐོས་པ་ལྟ་བུ་བསྐོས་པའི་བྱ་བ་དེའི་དོན་ཉིད་ལ་སྟན་བཤམ་པ་སོགས་དགེ་འདུན་བསྡུ་བའི་བྱ་བ་བསྒྲུབ་པ་ནི་གང་ཟག་ལག་གི་བླ་ལྟ་བུ་བསྐོས་པ་དེ་ཉིད་ཀྱི་ལས་ཡིན་ནོ། །གཉིས་པ་ནི། ཤིང་དྲུང་ལ་སོགས་འདུག་པའི་གནས་ཐམས་ཅད་ལ་རྒན་རིམ་དུ་བསྐོ་བར་བྱའོ། །གནས་མལ་ལ་སོགས་པ་བླང་བར་བྱ་བ་ལ་ནི་ལེན་པོས་གང་འདོད་པ་དེ་མཆོག་ཉིད་དུ་བཞག་གི། དངོས་པོ་ལས་ནི་མ་ཡིན་ནོ། །འདུ་བ་དང་ཕྱག་བྱ་བ་དང་མདུན་དུ་འགྲོ་བ་ལ་ནི་རྒན་རིམ་ཁོ་ནས་བཞག་གི། འདོད་པས་ནི་མི་བཞག་གོ། །ལས་སྤྱིར་བསྟན་པའོ། །གཉིས་པ་ལ། ལས་མྱོང་མི་བྱ་དམིགས་བསལ་བཅས། །མཚམས་ཐ་དད་བརྟེན་བསླབ་བྱ་བསྟན། །དཀོན་མཆོག་ཆོ་གའི་ཁྱད་པར་བརྗོད། །ལས་ཉིད་འཆགས་དུས་ཆར་བྱུང་བསྟན། །ལས་བྱེད་དོགས་གཅོད་དོན་གཞན་བརྗོད། །འདུས་


K8Z004_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལས་མྱོང་དགོས་ཚད་བཟུང་། །ཆོ་གའི་དམིགས་བསལ་དོགས་གཅོད་བརྗོད། །དང་པོ་ནི། དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ་ལ་སོགས་པ་བསྒོ་བ་ལས་བྱུང་བའི་ལྟུང་བ་དེ་བཤགས་པ་དང་། བྱིན་གྱིས་བརླབ་པས་ཕྱིར་མ་བཅོས་པས་གསོལ་བ་དང་། བརྗོད་པའི་ལས་དགེ་འདུན་དང་ལྷན་ཅིག་ཏུ་ཉམས་སུ་མྱོང་བར་མི་བྱའོ། །ཊཱི་ཀ་ལས། དེ་མྱོང་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་འདུན་དེ་དག་ལ་ཡང་ཉེས་བྱས་སུ་འགྱུར་རོ། །ཞེས་སོ། །ཐམས་ཅད་དུའམ་ཞེ་ན། གསོ་སྦྱོང་དང་དགག་དབྱེ་དག་ནི་མ་གཏོགས་སོ་ཞེས་སོ། །ལུང་རྣམ་འབྱེད་འགྲེལ་པ་ལས། ཁ་ཅིག་ན་རེ། གསོ་སྦྱོང་དང་དགག་དབྱེ་དག་ནི་མྱོང་བར་བྱ་རུང་ངོ་། །ཞེས་ཟེར་བ་དེ་ཡང་མི་རིགས་ཏེ། མི་མཐུན་པ་ཡིན་ན་ཚུལ་མ་ཡིན་པ་ཉིད་དུ་འདྲ་བའི་ཕྱིར་ཞེས་བཤད་ཀྱང་། དེའི་རྗེས་སུ་མི་འབྲང་སྟེ་མདོ་རྩ་བའི་རྗེས་སུ་འབྲང་ངོ་། །གཉིས་པ་ནི། དགེ་འདུན་ནམ་གང་ཟག་མཚམས་གཞན་ན་གནས་པ་ནི་ལས་ཀྱི་ཁ་སྐོང་ལ་སོགས་པའི་ཆོ་གའི་རྣམ་གཞག་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ཏེ། བྱིན་ལེན་ལ་སོགས་པ་བྱས་ཀྱང་མ་བྱས་པ་ཉིད་དུ་ཤེས་པར་བྱའོ། །མཚམས་གཞན་ན་གནས་པ་ལ་ཡང་ངོ་ཞེས་པ་ནི་འདིའི་དམིགས་བསལ་ཡིན་ནོ། །མཚམས་གཞན་དེར་འདུན་པ་དང་། ཡོངས་དག་ལེན་པ་པོ་དེ་སོང་ན་ཚོགས་པ་གཅིག་པའི་ཡན་ལག་འདུན་པ་དང་། ཡོངས་དག་བླངས་པ་དེ་ཉམས་སོ་སྟེ་ཞིག་པའོ། །ཊཱི་ཀ་ལས། དེ་དག་བླངས་ནས་དགེ་འདུན་གྱི་ནང་དུ་མ་བརྗོད་པར་མཚམས་གཞན་དུ་སོང་ན་དེ་དག་ཉམས་སོ། །ཞེས་སོ། །དེས་འཇིགས་པས་མཚམས་ཀྱི་ཕྱི་རོལ་ནས་ཁྱེར་ཏེ་འོངས་པ་ལ་ཉེས་པ་མེད་དོ་ཞེས་སྔར་སྨོས་པའི་དམིགས་བསལ་ཡིན་ནོ། །


K8Z004_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་བྱེད་པ་དང་། དབྱར་གནས་པར་ཁས་ལེན་པ་ན། ཊཱི་ཀ་ལས། མཚམས་གཅིག་ཏུ་རྐང་པ་ཡ་གཅིག་བཞག་ལ། མཚམས་གཅིག་ཏུ་ཡ་གཅིག་བཞག་ན་མཚམས་གཉིས་ཀར་གནས་པ་ཉིད་དོ། །ཡུར་བ་གཅིག་གི་ཕ་རོལ་ཚུ་རོལ་ན་དགེ་འདུན་སྡེ་གཉིས་ལས་བྱེད་དེ། དགེ་སློང་གྲངས་སུ་གཅིག་གིས་མ་ཚང་ན་དགེ་སློང་གཅིག་གི་ཡུར་བའི་ཕ་རོལ་ཚུ་རོལ་དུ་རྐང་པ་ཡ་རེ་བཞག་ན་གཉིས་ཀའི་དགེ་འདུན་གྱི་གྲངས་སུ་ཆུད་ཅེས་འགྲེལ་ཆུང་ལས་སོ། །གཙུག་ལག་ཁང་དུ་མའི་མཚམས་ཐམས་ཅད་ནོན་པའི་ཤིང་ངམ། རེ་ལྡེ་ལ་སོགས་པའི་རྫས་ལ་དགེ་སློང་གནས་པ་ན་མཚམས་ཇི་ཙམ་ནོན་པ་དེ་དག་ཏུ་གནས་པ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ། མཚམས་ཇི་སྙེད་ནོན་པ་དེ་དག་གིས་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་དུ་རུང་ཞིང་། མཚམས་ཇི་སྙེད་ནོན་པ་དེ་དག་ཏུ་དབྱར་གནས་པར་ཁས་བླང་དུ་རུང་ཞེས་བསྟན་ཏོ། །འདི་ནི་ལུང་གླེང་གཞི་ལས། བཙུན་པ་ལས་བགྱིད་པ་གཅིག་གིས་ལས་ཀྱི་ཚིག་གཅིག་གིས་གནས་གཞིར་སྡེ་བཞི་ལ་ལས་བགྱིར་རུང་ངམ། ཨུ་པ་ལི་རུང་སྟེ། གནས་གཞིར་དགེ་སློང་གསུམ་གསུམ་གནས་ལ། དེར་གསོལ་བ་བྱེད་པའི་དགེ་སློང་གིས་གནས་གཞིའི་མཚམས་སུ་སབ་མོའམ། རེ་ལྡེའམ། ཁྲིའམ། གཞན་གང་ཡང་རུང་བ་དེས་མནན་ཏེ། དེའི་སྟེང་དུ་འདུག་ནས་ལས་བྱའོ། །ལས་བྱེད་པ་དེ་ཉིད་དེ་དག་གི་གྲངས་སུ་བསྐོང་བའོ། །ཞེས་གསུངས་ལ། །ལུང་ཞུ་བ་ལས། དགེ་སློང་གིས་གནས་གཞིར་དབྱར་ཚུལ་དུ་ཞུགས་པར་འགྱུར་བ་མཆིས་སམ། ཡོད་དེ། འདི་ལྟར་དགེ་སློང་དེས་གནས་གཞིའི་མཚམས་སུ་ཤིང་ངམ། །རེ་ལྡེས་མནན་ཏེ་དབྱར་ཚུལ་དུ་ཞུགས་པའོ། །ཞེས་གསུངས་སོ། །གཅིག་ཏུ་རྐང་པ་ཡ་


K8Z004_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གམ། ཐམས་ཅད་ནོན་པ་ལ་གནས་ན་དེས་གནས་དུ་མར་དབྱར་གནས་པར་ཁས་བླངས་པ་ལ་ནི་གནས་དུ་མར་དབྱར་གནས་པར་ཁས་བླངས་པ་འཆགས་པ་ཁོ་ནའོ། །དེ་ལྟར་དགེ་སློང་གཅིག་གིས་གནས་དུ་མར་དབྱར་ཁས་བླངས་ན་གནས་མལ་གྱི་སྐལ་བ་ནི། གཙུག་ལག་ཁང་རེ་རེ་ནས་རེ་རེ་བླངས་ཏེ་དུ་མ་ནོད་པར་རིགས་པ་ཉིད་དོ། །གནས་དུ་མར་དབྱར་གནས་པར་ཁས་བླངས་བ་དེས་ཅི་དགར་གནས་པར་བྱ་བ་ཉིད་ཡིན་ནོ། །གསུམ་པ་ནི། རྒྱལ་བ་ནི་མི་མཐུན་པ་བྱེད་པ་ཉིད་མ་ཡིན་ཏེ། ཊཱི་ཀ་ལས། མ་འདུས་པའི་མི་མཐུན་པ་བྱེད་པ་ཉིད་མ་ཡིན་ནོ། །ཞེས་བཤད་པ་དང་མཐུན་པར། ལུང་གླེང་གཞི་ལས། མཚམས་ཀྱི་ནང་ན་རྒྱལ་བ་བཞུགས་བཞིན་དུ་དེ་མ་འདུས་པར་ལས་བགྱིར་རུང་ངམ། ཨུ་པ་ལི་རུང་ངོ་། །ཞེས་གསུངས་སོ། །ཕྱིར་བཟློག་ལ་ནི་སངས་རྒྱས་ཀྱིས་ཕྱིར་བཟློག་འཆགས་པའི་ལུང་གཏན་ནས་མི་སྣང་ངོ་། །རྒྱལ་བ་ནི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་བར་བྱེད་པ་ཉིད་མ་ཡིན་ནོ་སྟེ་དཀོན་མཆོག་གཞན་ཡིན་པའི་ཕྱིར་རོ། །ལས་དེ་བྱ་བ་སྟེ་ད་ལྟར་གྱི་ཆོ་གས་བསྙེན་རྫོགས་བྱས་པ་ལྟ་བུ་ནི་ཆོ་ག་ལས་མ་ཡིན་པས་བྱས་ན་མི་འཆགས་སོ་ཞེས་པ་འདི་ནི། ལུང་ཞུ་བ་ལས། བསྙེན་པར་རྫོགས་པར་བགྱི་བ་ལ་གསོལ་བ་དང་བཞིའི་ལས་མི་བགྱིད་ན་བསྙེན་པར་རྫོགས། ཞེས་བགྱིའམ། མ་རྫོགས་པ་ཞེས་བགྱི། བསྙེན་པར་མ་རྫོགས་པ་ཞེས་བྱའོ། །ཞེས་བསྙེན་རྫོགས་བྱ་བ་ལ་གསུངས་ཀྱང་དེ་དང་མཚུངས་པ་ཐམས་ཅད་ལ་སྦྱར་ཏེ་སྤྱིར་མདོ་འདི་བྱས་སོ། །བསྙེན་པར་རྫོགས་པར་བྱ་བ་ནི་སྤྱིར་བཏང་ལ་ལས་དེས་བྱས་པ་ཡང་ཡིན་ལ། ལས་མ་ཡིན་པས་ཀྱང་ཆགས་ཏེ་ཚུར་ཤོག་དང་། སྐྱབས་འགྲོ་ཁས་བླངས་ཀྱི་བསྙེན་རྫོགས་ལྟ་བུའོ། །སྲ་བརྐྱང་དབྱུང་


K8Z004_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་རུང་ཁང་བཅད་པ་ནི་ལས་དེས་བྱ་བ་ཡང་ཡིན་ལ། ལས་མ་ཡིན་པས་ཀྱང་འགྲུབ་བོ། །མཚམས་དགྲོལ་བ་དང་ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པ་ཡང་དེ་བཞིན་ནོ། །བཞི་པ་ནི། གསོལ་བའམ་བརྗོད་པའི་ཚིག་ཕལ་ཆེར་བྱས་པ་སྟེ་སུམ་གཉིས་བྱས་པ་ཉིད་ན་ལས་བྱས་པ་ཉིད་དོ་ཞེས་པ་འདི་ནི་ལུང་ལས་མཚམས་གཅོད་པ་ལ་གསུངས་ཀྱང་ལས་ཐམས་ཅད་ལ་མཚུངས་པས་སྤྱིར་མདོ་འདི་བྱས་སོ། །དེ་ཡང་ལུང་གླེང་གཞི་ལས། བཙུན་པ་དགེ་སློང་གིས་མཚམས་བཅད་བཞིན་པའི་ཚེ་ན་ལས་བྱས་པའི་དགེ་སློང་གུམ་སྟེ་ཚེའི་དུས་བགྱིས་ན་མཚམས་བཀུམ་པ་ཞེས་བགྱིའམ། མ་བཀུམ་པ་ཞེས་བགྱི། མཚན་མ་རྣམས་བརྗོད་ལ་ལས་ཀྱང་མང་དུ་བྱས་ན་མཚམས་བཅད་པ། ཞེས་བྱའོ། །བཟློག་པ་ནི་མ་བཅས་པའོ་ཞེས་གསུངས་སོ། །གསོལ་བཞིའི་ལས་ལ་ཆོ་ག་ཚིག་བཞི་ཡོད་དེ། ཚིག་འོག་མ་མེད་པ་ནི་བརྗོད་པ་གསུམ་པ་སྟེ། བརྗོད་པ་གསུམ་པ་དེ་ཕལ་ཆེར་བྱས་པ་ལ་ལས་འཆགས་པའོ། །མཚམས་གཅོད་པའི་སྐབས་སུ་ནི་ཕྱོགས་བཞིའི་མཚན་མ་དག་མ་བརྗོད་པ་ཉིད་ནི་ཚིག་ཕལ་ཆེར་བྱས་ཀྱང་མ་བཅད་ཡིན་ནོ། །ལྔ་པ་ནི། དེ་དག་ནི་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་སྔར་བསྟན་ན། དེའི་དམིགས་བསལ་ནི། སྤོ་བར་བྱེད་པས་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་ལས་གཞན་པའི་ལས་བྱས་པ་ཉིད་ན་བྱས་པ་ཉིད་དོ། །དགེ་སློང་བྲམ་ཟེའི་བུ་མོ་ལྟ་བུས་ཞུས་པ་ལས། སྤོ་བ་སྦྱིན་པས་དགེ་སློང་གནས་ནས་འབྱིན་པར་བགྱིད་ན། གནས་ནས་ཕྱུང་བར་བརྗོད་པར་བགྱིའམ། ཉེ་བར་གནས་པའི་སྡོམ་པ་མ་གཏོགས་པར་ལས་ཐམས་ཅད་བྱས་པར་བརྗོད་པར་བྱའོ། །ཞེས་གསུངས་ལ། ཊཱི་ཀ་ལས། དེ་ནི་དཔེ་ཙམ་དུ་ཟད་དེ། དགེ་འདུན་ལྷག་མ་ཕྱིར་འཆོས་པའི་སྤྱོད་པ་ལ་གནས་


K8Z004_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞན་དག་ལ་ཡང་ཆོ་ག་འདི་རིག་པར་བྱའོ། །ཞེས་སོ། །དེ་ཡང་དགེ་འདུན་གྱི་གྲངས་ནི་གཞན་གྱིས་ཚང་ལ། ལས་བྱེད་པ་པོས་རང་བཞིན་དུ་གནས་པ་མེད་ན་སྤོ་བ་བྱེད་པས་ལས་མཁན་བྱས་ན་ཚངས་སྤྱོད་ཉེར་གནས་མ་གཏོགས་པའི་ལས་ནི་ཉེས་མེད་འཆགས་ལ། ཚངས་སྤྱོད་ཉེར་གནས་སྦྱིན་པའི་ལས་ན་ཉེས་བཅས་འཆགས་ཀྱི། ཉེས་མེད་མི་འཆགས་པར་བཅས་པའོ། །དེ་ཡང་ཚངས་སྤྱོད་ཉེར་གནས་ནི་རྒྱུད་སྣོད་དུ་རུང་བའི་སྒོ་ནས་རྒྱུད་དག་པར་བྱེད་པ་ཡིན་ལ། ལས་བྱེད་པ་རྒྱུད་མ་དག་ན་རྒྱུ་འབྲས་རྗེས་སུ་མི་མཐུན་པའི་ཕྱིར་རོ། །དགེ་སློང་སྨྱོན་པས་སོ་སོར་ཐར་པའི་མདོ་བཏོན་པ་ཡང་བྱས་པ་ཉིད་དོ། །དགེ་འདུན་གྱི་དབྱེན་རྗེས་སུ་བསྒྲུབ་པ་ནི། ཡུལ་དང་རྟེན་བསྙེན་པར་མ་རྫོགས་པ་ལས་ཀྱི་ཁ་སྐོང་བར་མི་འོས་ན་དགེ་འདུན་གྱི་དབྱེན་མི་འཆགས་ཏེ། དཔེར་ན་དེ་དག་གིས་གསོལ་བའི་ལས་མི་འཆགས་པ་དང་འདྲའོ། །དབྱེན་རྗེས་སུ་བསྒྲུབ་པ་འདི་ལ་ཡུལ་རྟེན་མཚན་མི་མཐུན་པ་ཉིད་ནི་དབྱེན་འཆགས་པའི་ཡན་ལག་མ་ཡིན་ནོ། །གཏམ་གྱི་གཞི་ལས། དགེ་སློང་ཁོ་ནས་དགེ་སློང་གི་དགེ་འདུན་འབྱེད་པར་འགྱུར་གྱི། དགེ་སློང་མས་ཀྱང་མི་འགྱུར། དགེ་སློང་མ་ཁོ་ནས་དགེ་སློང་མའི་དགེ་འདུན་འབྱེད་པར་འགྱུར་གྱི། དགེ་སློང་གིས་ཀྱང་མི་འགྱུར། ཞེས་གསུངས་སོ། །བཞད་གད་ཀྱི་དངོས་པོ་སྟེ་ཀུ་རེ་བྱ་བའི་བསམ་པས་བྱས་པ་ཐམས་ཅད་ནི་དགེ་སློང་བྲམ་ཟེའི་བུ་མོ་ལྟ་བུས་ཞུས་པ་ལས། དགེ་འདུན་དབྱེན་གྱི་སྐྱབས་སུ་གསུངས་པར་མ་ཟད་ཀྱི། སྔགས་རྣམ་པར་བཞག་པ་ལ་སོགས་པ་འདུལ་བའི་ཆོ་ག་གང་གིར་ཡང་ཡན་ལག་ཏུ་མི་འགྱུར་རོ། །དབྱེན་གྱི་ལས་དང་གནས་ནས་དབྱུང་བའི་ལས་མི་འཆགས་པར་ཤེས་བཞིན་དུ་མི་འཆགས་པའི་བློས་དབྱེན་བྱེད་པ་དང་


K8Z004_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་འབྱིན་པ་དག་ནི་དབྱེན་གྱི་ཕྱོགས་ཀྱི་སྦོམ་པོའོ། །དབྱེན་བྱས་པའི་ཡུལ་དགེ་འདུན་དུ་མ་གྱུར་ཏམ། གནས་ནས་འབྱིན་པ་པོ་དགེ་འདུན་དུ་མ་གྱུར་པ་ཉིད་ཀྱིས་དབྱེན་བྱེད་དམ། གནས་ནས་འབྱིན་ན་ཉེས་བྱས་སོ། །འདི་ནི་རྩེད་མོའི་རྣམ་པ་ཡིན་གྱི། རྗེས་སུ་བསྒྲུབ་པའི་རྣམ་པས་ནི་མ་ཡིན་ནོ། །ལྟ་བ་ཆོས་མ་ཡིན་པའི་ཕྱོགས་སུ་ཁས་བླངས་པ་ཐ་དད་པར་གནས་པ་དག་གིས་ནི་སོ་སོ་རང་རང་གི་ལས་ནི་འཆགས་སོ་ཞེས་འོག་ནས་སྟོན་ཏོ། །དེ་ལས་གཞན་པ་ལས་ཀྱི་ཁ་སྐོང་བར་འོས་པ་མ་ཡིན་པ་མཚམས་མེད་བྱས་པ་ལ་སོགས་པ་དག་གི་བཞི་ཡན་ཆད་ཀྱི་ཚོགས་ཀྱིས་གསོལ་བ་དང་བརྗོད་པ་དག་ནི་ལས་བྱས་པ་ཉིད་མ་ཡིན་ནོ། །དྲུག་པ་ནི། ལྷག་མའི་འབྱུང་བ་ལ་དགེ་སློང་ཉི་ཤུ་གྲངས་ཚངས་བའམ། སྲ་བརྐྱང་དབྱུང་བ་ལ་དགེ་སློང་བཞིའི་གྲངས་ཚང་བ་ལྟ་བུ་སྟེ། རང་གི་དགེ་འདུན་གྱི་གྲངས་ཚང་བ་དག་གི་ཁ་སྐོང་བར་འོས་པའི་དགེ་འདུན་གྱིས་ལས་དེ་མ་ཐོས་ཏེ་ཉམས་སུ་མྱོང་བ་མ་གྲུབ་པ་ཉིད་ན་ལས་དེ་བྱས་པ་ཉིད་ནི་མ་ཡིན་ནོ། །ལྷག་མ་དབྱུང་བ་ལ་དགེ་སློང་ཉི་ཤུ་ཚང་ཡང་ལས་བྱེད་པའི་ཚེ་གྲལ་ན་གཉིད་ཡུར་ཏེ། གསོལ་བའི་ལས་མ་ཐོས་ན་དགེ་འདུན་གྱི་གྲངས་མ་ཚང་བ་དང་འདྲ་སྟེ་ལས་སུ་མི་རུང་ངོ་། །ལས་ཀྱི་ཚིག་ཐམས་ཅད་མྱོང་དགོས་སམ་ཞེ་ན། དགེ་འདུན་གྱིས་གསོལ་བ་ཐོས་ན་ཉམས་སུ་མྱོང་བ་སྟེ་དེ་གྲུབ་པ་ཉིད་ཡིན་ནོ་སྟེ། ལྷག་མ་དབྱུང་བ་ལ་གསོལ་བ་ཐོས་པས་བརྗོད་པ་བྱ་བའི་ཚེ་གཉིད་ལོག་པས་མ་ཐོས་ཀྱང་ལས་སུ་རུང་ངོ་། །བྲམ་ཟེའི་བུ་མོས་ཞུས་པ་ལས། དགེ་འདུན་ཐམས་ཅད་གཉིད་ལོག་པས་དགེ་སློང་སྤངས་ན་སྤངས་པ་ཞེས་བགྱིའམ། དེས་གསོལ་བ་བྱས་ནས་ཉལ་ཏེ་སྤངས་ན་སྤངས་པ་ཞེས་བྱའོ། །ཞེས་སོ། །བདུན་པ་ནི། རྒྱུན་དུ་ཞུགས་པའམ།


K8Z004_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པར་འཕྲལ་དུ་འགྱུར་བའམ། རབ་ཏུ་བྱུང་བའི་སྐོལ་བ་དང་ལྡན་པའི་རང་བཞིན་ཅན་ལ་ཁྱིམ་ནས་ཕྱིར་དབྱུང་བའི་སྐྱབས་མི་རྙེད་ན་མངགས་པ་ནི་ཕྲིན་པ་སྟེ། འདྲ་བས་ཤེས་པ་ནི་ལེན་པ་པོ་དང་འདྲ་བ་སྟེ་ལེན་པ་པོའི་དངོས་པོ་འཕྲིན་པ་དེས་རྗེས་ཟློས་ལ་སོགས་པ་བྱ་བས་རབ་ཏུ་འབྱིན་དུ་འཇུག་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ། །མངགས་པ་དེས་རབ་ཏུ་བྱུང་བ་དེའི་སྐབས་ཀྱི་བྱ་བ་རྣམས་རྗེས་སུ་བསྒྲུབ་པར་བྱའོ། །བསླབ་པ་ལེན་པ་པོ་བུད་མེད་ལ་ཕྲིན་པ་པོ་དེ་ནི་བུད་མེད་དང་སྐྱེས་པས་ཀྱང་ངོ་། །བརླབ་པ་ལེན་པ་པོ་སྐྱེས་པ་ལ་ནི་ཕྲིན་པ་དེ་སྐྱེས་པ་ཁོ་ནས་སོ། །རབ་བྱུང་དང་མཁན་པོར་གསོལ་བ་དང་། བསླབ་བ་ཁས་བླངས་པ་དག་བསླབ་པ་ལེན་པ་པོ་དེའི་མིང་ཁོ་ནས་སོོ། །མངགས་པ་དང་འདྲ་བས་ཞེས་སོགས་སྨོས་ན་མངགས་པས་རབ་ཏུ་དབྱུང་བ་དེ་ཁོ་ནར་ཟད་དམ་ཞེ་ན། བསྙེན་པར་རྫོགས་པ་མན་ཆད་རབ་ཏུ་དབྱུང་བ་གོང་མ་དགེ་ཚུལ་ཕ་མ་དང་། དགེ་སློང་མའི་བསླབ་པ་སྦྱིན་པ་དང་། ཚངས་སྤྱོད་ཉེར་གནས་སྦྱིན་པ་ཡང་འཕྲིན་གྱིས་བྱར་རུང་ངོ་། །བདག་ལ་བསླབ་པ་མ་སྦྱིན་ཅིག་ཅེས་སམ། བདག་བསྙེན་པར་རྫོགས་པར་མ་བྱ་ཞིག་ཅེས་བསླབ་པ་མི་ནོད་ན་ཆོ་ག་བྱས་ཀྱང་བྱིན་པ་ཉིད་མ་ཡིན་ནོ། །གསོལ་བ་བྱས་ཟིན་ནས་མི་ནོད་ན་ནི་མི་ནོད་པ་དེ་ལ་སྔར་གསོལ་བའི་ལས་བྱས་པ་དེ་ཡང་ཉམས་སོ། །ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་སྨོས་ན། བསྒོ་བའི་ལས་ཀྱི་ཆོ་ག་གང་ཞེ་ན། སྔར་གཞམས་ཏེ་བསྒོ་བ་ཉིད་ནི་བསྒོ་བའི་ལས་འཆགས་པ་ལ་ངེས་བཟུང་དུ་དགོས་པའི་ཆོ་ག་ཉིད་ཡིན་ནོ། །དེས་ན་སྔར་གཞམས་ཏེ་བསྒོ་བ་མ་བྱས་ན་བསྒོ་བའི་ལས་མི་འཆགས་སོ། །གནས་ནས་དབྱུང་བ་ལ་ཡང་སྔར་གཞམས་ཏེ་བསྒོ་བ་ཉིད་ཆོ་ག་ཡིན་ཏེ། སྔར་སྨོས་པ་དེ་བཞིན་ནོ། །དེས་ན་སྔར་


K8Z004_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གཞམས་ཏེ་བསྒོ་བ་མ་བྱས་ན་གནས་ནས་དབྱུང་བའི་ལས་མི་འཆགས་སོ། །དགོངས་སུ་གསོལ། གསན་དུ་གསོལ། སེམས་སྡུས་ཤིག ། ཁྱོད་ཉོན་ཅིག ། ཅེས་བྱ་བ་ལ་སོགས་པ་ལ་ནི་ཕ་རོལ་གྱིས་སེམས་གཏད་པ་ཉིད་གཙོ་བོ་ཡིན་ནོ། །གཙོ་བོ་མ་ཡིན་པ་མི་དགོས་པར་བསྟན་པ་ནི་མ་ཡིན་ནོ། དེས་ན་ཕ་རོལ་པོས་སེམས་གཏད་ན་ཡང་དགོངས་སུ་གསོལ་ལ་སོགས་པ་མ་བརྗོད་ན་ཉེས་བྱས་སུ་འགྱུར་རོ། །གསོལ་བའམ་བརྗོད་པའི་ཚིག་དོན་གྱི་སྐབས་དག་གི་ཚིག་སྔ་ཕྱིའི་གོ་རིམ་འཁྲུགས་པས་ནི་དོན་གོ་བར་བྱེད་ནུས་ན་ལས་མི་འཆགས་པ་མ་ཡིན་ནོ། །ཊཱི་ཀ་ལས། དེ་ཡང་ཚིག་ཕྲད་སྔ་ཕྱི་འཁྲུགས་པས་གོ་བར་བྱེད་པ་མ་ཡིན་ན་ནི་མི་འཆགས་སོ། །ཞེས་སོ། །དགོངས་གསོལ་མེད་པ་དང་། གོ་རིམ་འཁྲུགས་པ་དེ་ནི་མི་བྱ་བ་ཉིད་དོ། །བྱས་ན་ཉེས་བྱས་སོ། །སྐྱེས་པ་ལ་ཚེ་དང་ལྡན་མ་ཞེས་བརྗོད་པ་ལྟ་བུ་མཚན་གཞན་ལ་བརྟེན་པས་ནི་ལས་མི་འཆགས་པ་མ་ཡིན་ནོ་སྟེ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་དང་དགེ་སློང་མ་ཉིད་དག་གི་ལས་ཀྱི་ཆོ་གས་ཕན་ཚུན་གཞན་བྱེད་པས་ལས་མི་འཆགས་པ་མ་ཡིན་ནོ་ཞེས་པ་ལ། ལུང་སིལ་བུ་ལས། །བཙུན་པ་དགེ་ཚུལ་དགེ་སློང་མའི་ལས་ཀྱིས་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཉེ་བ་འཁོར་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་ལ། ཊཱི་ཀ་ལས། དགེ་སློང་གི་ལས་ཀྱིས་ཀྱང་དགེ་སློང་མ་ཉིད་དུ་འགྱུར་པར་ཤེས་པར་བྱའོ། །ཞེས་བཤད་དོ། །དགེ་སློང་མའི་ལས་ཀྱིས་དགེ་ཚུལ་དུ་བསྒྲུབ་པ་ནི། ཊཱི་ཀ་ལས། ཆོ་ག་ཉམས་པ་མེད་ཅིང་ལྷག་པ་དག་གིས་ནི་མ་བྱས་པ་ཉིད་མ་ཡིན་ནོ། །ཞེས་སོ། །དགེ་སློང་གི་ལས་ཀྱིས་དགེ་སློང་མ་བསྒྲུབ་པ་ནི། ཊཱི་ཀ་ལས་ལུང་ཕྲན་
ཚེགས་ཁུངས་སུ་དྲངས་ཏེ་དགེ་སློང་རྣམས་ལས་དགེ་སློང་མའི་དངོས་པོ་བརྩལ་བར་བྱའོ། །ཞེས་སོ། །ལས་ཀྱི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ། །འདིར་སྨྲས་པ། ཆོས་ཀྱི་བགོ་སྐལ་ཤིན་ཏུ་ཕྲ་བ་ཡི། །རྩྭ་རྩེར་ཆགས་པའི་ཆུ་ཐིགས་དང་འདྲ་བས། །ཚིམ་པ་བསྐྱེད་ཅིང་རྨོངས་པའི་རྗེས་འབངས་འགའ། །རྒྱ་ཆེན་ཆོས་ཚུལ་འདི་ཐོས་ཡིད་དཔའ་འགོད། །ཨ་ཧོ། བདག་ཚུལ་རྨི་ལམ་མིན་ན་རུང་བ་ཙམ། །ས་ལ་གནས་པའི་ཡོངས་འཛིན་མཆོག་གིས་བཟུང་། །གསུང་རབས་མཐོང་དང་ཐོས་ཚད་དོན་ཀུན་གོ། །ཇི་ལྟའི་དོན་ལ་མྱོང་བ་སྐྱེས་སྙམ་བགྱིད། །ཨ་ཧོ། བདག་ཚུལ་རྨི་ལམ་མིན་ན་འགྱོད་མེད་ཙམ། །ལུས་ངག་དགེ་བའི་བྱ་བར་རྟག་ཏུ་བཀོལ། །སེམས་ལ་ཉོན་མོངས་སྤང་པའི་ཡིད་མ་བརྟན། །མངོན་སུམ་སྣང་བ་ཕལ་ཆེར་དག་པར་ཤར། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། ལས་ཀྱི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།


previousལས་ཀྱི་གཞི།next