Nitartha Digital Library
Tibetan
 
previousཕྱིར་བཅོས་པའི་གཞི།next

ཕྱིར་བཅོས་པའི་གཞི།


K8Z004_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཕྱིར་བཅོས་པའི་གཞི་ལ། ལྟུང་བ་ཕྱིར་བཅོས་གཞུག་པ་དང་། །རྩོད་པ་ཕྱིར་བཅོས་གཞུག་པའོ། །དང་པོ་ལ། ཕྱིར་བཅོས་པ་ཡི་གཞི་དངོས་དང་། །དུས་དང་དུས་མིན་བསྡུ་འབྱུང་གཞི། །ས་གཞན་གནས་པ་སྤྱོད་པའི་གཞི། །ཡོངས་སུ་སྦྱོང་བའི་གཞི་ཉིད་དོ། །དང་པོ་ལ། ལུང་གཞི་ཉིད་ཀྱིས་བརྗོད་པ་དང་། །ཞུ་བ་སོགས་ཀྱིས་བརྗོད་པའོ། །དང་པོ་ལ། མི་སྤྲོ་ནན་ཏུར་སྒོ་ནས་བཅོས། །སྤྲོ་བ་མཐོལ་སོགས་དག་པ་བསྒྲུབ། །དང་པོ་ལ། སྤྱིའི་དོན་དང་། དཀྱུས་མའི་དོན་ནོ། དང་པོ་ལ་བརྒྱད་ལས། དང་པོ་ནན་ཏུར་གྱི་དབྱེ་བ་ནི། མདོར་བསྡུས་སྦྱར་བའི་གནས་དབྱུང་གསུམ་བགྲངས་ན་ནན་ཏུར་བཅོ་བརྒྱད་ཡོད་ཀྱང་། བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་པའི་ནན་ཏུར་ནི་བཅོ་ལྔ་སྟེ། དེ་ཡང་བསྡིགས་པ་ནན་ཏུར་ནི་འཐབ་ཀྲོལ་བྱེད་པ་ལ་ལས་ཀྱིས་བསྡིགས་པ་སྟེ། དེ་ཡང་


K8Z004_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོད་བཞིན་དུ་གསོལ་བཞིའི་ལས་བྱས་ཏེ་ཁྱད་པར་ཅན་གྱིས་སྤྱོད་པ་ལྔ་སྤང་དགོས་པ་ཆད་ལས་སུ་བཀལ་ཞིང་། དེས་ཀྱང་མ་དུལ་ན་གནས་ནས་འབྱིན་པས་བསྡིགས་པའོ། །སྨད་པ་ནན་ཏུར་ནི་དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པ་རྒྱུན་དུ་བྱེད་པ་ལ་གཉེན་པོ་ཆུང་བའི་སྒོ་ནས་སྨད་པའོ། །བསྐྲད་པ་ནན་ཏུར་ནི་ཁྱིམ་སུན་འབྱིན་པ་དེ་སུན་ཕྱུང་པའི་གནས་དེ་ནས་ཕྱིར་བསྐྲད་པའོ། །ཕྱིར་འགྱེད་ནན་ཏུར་ནི། ཁྱིམ་པ་སོགས་ལ་བརྙས་ཐབས་བྱེད་པ་ལ་མཛའ་གཅུགས་ཀྱི་དངོས་པོས་སྦྱངས་པའི་སྒོ་ནས་ཕྱིར་འགྱེད་པའོ། །གནས་ནས་དབྱུང་བ་བདུན་ནི། མ་མཐོང་བས་གནས་ནས་དབྱུང་བ་དང་། ཕྱིར་མི་འཆོས་པ་དང་། སྡིག་ལྟ་མི་གཏོང་བ་དང་། འཐབ་ཀྲོལ་ལ་འབད་པས་མ་ལོག་པ་དང་། རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པ་ཉེ་བར་མ་ཞི་བ་དང་། འཐབ་ཀྲོལ་གྱི་རྒྱུ་ཉེ་བར་བསྒྲུབ་པ་དང་། དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་པ་གནས་ནས་དབྱུང་བའོ། །གསོ་སྦྱོང་བཞག་པའི་ནན་ཏུར་ནི། གདམས་ངག་བཞག་པས་མ་དུལ་བ་དེ་ལ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་བྱེད་དུ་མི་འཇུག་པའོ། །དགག་དབྱེ་བཞག་པའི་ནན་ཏུར་ནི། གསོ་སྦྱོང་བཞག་པས་མ་དུལ་བ་དེ་ལ་དེ་དགེ་འདུན་དང་ལྷན་ཅིག་དགག་དབྱེ་བྱེད་དུ་མི་འཇུག་པའོ། །བསྙིལ་བ་ནི་དགེ་ཚུལ་ཕ་དང་དགེ་ཚུལ་མ་བསྙིལ་བ་ལུང་ལས་དངོས་སུ་གསུངས་པའོ། །ཁྱིམ་པ་ལ་ལྷུང་བཟེད་ཁ་དབུབ་པ་ནི། ཁྱིམ་པས་རབ་ཏུ་བྱུང་བ་ལ་གཤེ་སྐུར་འདེབས་པ་ན་གསོལ་བ་འབའ་ཞིག་པའི་ལས་བྱས་ཏེ། དེ་ལ་རབ་བྱུང་རྣམས་ཀྱིས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་པ་སྤང་བའོ། །གཉིས་པ་ནན་ཏུར་གྱི་བསྡུ་བ་ནི། ཡུལ་གྱི་ཆ་ནས་བསྡུ་ན་རབ་ཏུ་བྱུང་བ་ལ་བསྒྲུབ་པ་དང་། ཁྱིམ་པ་ལ་བསྒྲུབ་པ་


K8Z004_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་བསྡུ་ལ། ཆོ་གའི་སྒོ་ནས་བསྡུ་ན་གསོལ་བཞིའི་ལས་ཀྱིས་བསྒྲུབ་པ་དང་། གསོལ་བ་འབའ་ཞིག་པའི་ལས་ཀྱིས་བསྒྲུབ་པ་སྟེ་སྔ་མ་རྣམས་དང་ཐ་མ་གོ་རིམ་བཞིན་ནོ། །ངོ་བོའི་ཆ་ནས་བསྡུ་ན་སྨད་པ་ནན་ཏུར་དང་། སྤངས་པ་ནན་ཏུར་དང་། རྣམ་དག་གི་ལས་བཞག་པའི་ནན་ཏུར་དང་གསུམ་དུ་འདུས་ཏེ་སྨད་པ་ནི་སྔ་མ་བཞིའོ། །སྤངས་པ་ནི་གནས་དབྱུང་བདུན་དང་། བསྙིལ་བ་དང་ལྷུང་བཟེད་ཁ་དབུབ་པ་སྟེ་དགུའོ། །དགེ་ཚུལ་བསྙིལ་བའི་སྐྱབས་ཀྱི་ཊཱི་ཀ་ལས། འདི་ནི་སྨད་པ་ཉིད་དུ་རྣམ་པར་བཞག་པ་ཡིན་གྱི། སྤང་བར་བྱ་བའི་ལས་ནི་མ་ཡིན་ཏེ། བསྟན་པ་ལ་གཉུག་པ་མ་རྫོགས་པའི་ཕྱིར། ཞེས་བཤད་ཀྱང་བསྙིལ་བ་དེ་ཆོས་དང་ཟང་ཟིང་གིས་སྤང་བ་ལ་བསྙོན་དུ་མེད་དོ། །ཐ་མ་ནི་གསོ་དགག་བཞག་པའོ། །གསུམ་པ་ནན་ཏུར་གྱི་མཚན་ཉིད་ནི་མི་འདོད་བཞིན་དུ་ལས་ཀྱིས་ཆད་པར་བཅས་པ་ལ་མཇུག་བཟོད་པ་གསོལ་དགོས་རུང་དུ་ཡོད་པའོ། །རྣམ་བཅད་ནི་མི་འདོད་བཞིན་དུ་ཞེས་པས་ངོ་བོ་ཉིད་ཚོལ་བ་སེལ་བའོ། །ལས་ཀྱིས་ཞེས་པས་ནི། ལས་ཀྱི་ཆོ་ག་མེད་པར་གནས་ཀྱི་བླ་མས་སློབ་མ་ལ་ཆད་པ་ལྔ་བྱ་བར་གསུངས་པ་དེ་དག་སེལ་ལོ། །ཆད་པར་བཅས་པ་ཞེས་པས་གྲངས་སུ་གཞུག་པ་བཞི་སེལ་ལོ། །མཇུག་བཟོད་པ་གསོལ་དགོས་རུང་ཞེས་པས། ནན་ཏུར་གཞན་སྟོབས་ཀྱིས་གྲོལ་བ་ལ་མ་ཁྱབ་པའི་སྐྱོན་སེལ་ལོ། །བཞི་པ་ནན་ཏུར་ལ་སྔོན་འགྲོའི་བྱ་བ་རུང་མཐུན་སྦྱར་བ་ནི། གནས་ནས་དབྱུང་བ་བདུན་ལས། ཕྱིར་མི་འཆོས་པ་གནས་ནས་དབྱུང་བ་ལ་ནི་ལྟུང་བ་ཁས་བླངས་པ་སྔོན་དུ་འགྲོ་དགོས་ཤིང་། སྡིག་ལྟ་མི་གཏོང་བས་གནས་ནས་དབྱུང་བ་ལ་གཞམས་བསྒོ་ལ་སོགས་པའི་བཟློག་པ་སྔོན་དུ་འགྲོ་དགོས་


K8Z004_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་ལ། འཐབ་ཀྲོལ་ལ་འབད་པས་མ་ལོག་པ་གནས་ནས་དབྱུང་བ་ལ་བསྡིགས་པ་ནན་ཏུར་སྔོན་འགྲོར་གསུངས་ཤིང་། རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པ་ཉེ་བར་མ་ཞི་བ་གནས་ནས་དབྱུང་བ་ལ་མངོན་སུམ་བརྒྱད་སྔོན་འགྲོར་གསུངས་སོ། །གནས་ནས་དབྱུང་བ་གཞན་རྣམས་ལ་ནི་སྔོན་འགྲོའི་བྱ་བ་ལུང་ལས་དངོས་སུ་མ་གསུངས་ཀྱང་གཞམས་བསྒོ་སྔོན་དུ་འགྲོ་སྟེ་ལས་བཞིའི་སྐྱབས་ལས་གནས་ནས་དབྱུང་བ་ལ་ཡང་དེ་བཞིན་ནོ། །ཞེས་གནས་ནས་དབྱུང་བ་ཐམས་ཅད་ལ་གཞམས་བསྒོ་སྔོན་དུ་འགྲོ་བར་གསུངས་པས་གྲུབ་བོ། །དེ་ཡང་ལུང་ལས། བསྙིལ་བ་དང་སྡིག་ལྟ་མི་གཏོང་བ་གནས་ནས་དབྱུང་བ་ལ་གཞམས་བསྒོ་སྔོན་དུ་འགྲོ་དགོས་པར་དངོས་སུ་གསུངས་པས། གནས་ནས་དབྱུང་བ་གཞན་ཐམས་ཅད་ལ་རུང་མཐུན་སྦྱར་ཏེ་མདོ་རྩ་བར་སྤྱིར་གསུངས་པའོ། །ལྔ་པ་ནན་ཏུར་ལ། རྗེས་ཀྱི་བྱ་བ་རུང་མཐུན་སྦྱར་བ་ནི། བསྡིགས་པ་ནན་ཏུར་གྱིས་འབད་པས་མ་ལོག་ན་མཇུག་ཏུ་གནས་ནས་དབྱུང་བ་དངོས་སུ་གསུངས་ལ། དེ་བཞིན་དུ་སྨད་པ་ནན་ཏུར་གྱི་འབད་པས་མ་ལོག་པ་དང་། བསྐྲད་པ་ནན་ཏུར་གྱི་འབད་པས་མ་ལོག་པ་དང་། ཕྱིར་འགྱེད་ནན་ཏུར་གྱི་འབད་པས་མ་ལོག་པ་སྟེ་དེ་གསུམ་ལ་ཡང་མཇུག་ཏུ་གནས་ནས་དབྱུང་བ་མདོར་བསྡུས་སུ་སྦྱར་ཏེ། བསྡིགས་པ་ནན་ཏུར་དང་ནན་ཏུར་གཞན་གསུམ་པོ་དེ་དག ། རྒྱུ། ངོ་བོ། ཆོ་ག ། ཆད་ལས་ཀྱི་སྒོ་ནས་རྒྱུ་མཚན་དོད་ཐུབ་དུ་གནས་པའི་ཕྱིར་རོ། །དེའང་རྒྱུ་སྨད་པ་ནན་ཏུར་གྱི་རྒྱུ་དང་། ངོ་བོ་སྨད་པ་ནན་ཏུར་དང་། ཆོ་ག་གསོལ་བཞིའི་ལས་དང་། ཆད་ལས་ཁྱད་པར་ཅན་གྱི་སྤྱོད་པ་སྤང་དགོས་པའི་སྒོ་ནས་རྒྱུ་མཚུན་མཚུངས་པའི་ཕྱིར་རོ་


K8Z004_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པའི་ཁྱབ་པ་ནི་འདུལ་བ་མདོར་བསྡུས་ཀྱི་གཞུང་གིས་སོ། །འོ་ན་གནས་ནས་དབྱུང་བ་བདུན་པས་མང་བ་ཡོད་པར་ཐལ། གནས་ནས་དབྱུང་བ་བདུན་དངོས་སུ་གསུངས་པའི་སྟེང་དུ་མདོར་བསྡུས་སྦྱར་བའི་གནས་ནས་དབྱུང་བ་གསུམ་ཡོད་པའི་ཕྱིར་ཏེ། རྟགས་ཟུར་ཕྱི་མ་ཁྱོད་ཀྱིས་ཁས་བླངས་སོ་ཞེ་ན། དངོས་དང་མདོར་བསྡུས་གཉིས་ཀ་བགྲངས་ན་དེར་ཐལ་ཟེར་ན་འདོད་ཅིང་། དངོས་སུ་གསུངས་པ་འབའ་ཞིག་བགྲངས་ན་དེར་ཐལ་ཟེར་ན་ཁྱབ་པ་མེད་དེ། དེས་ན་ནན་ཏུར་མགོ་མེད་ལ་མགོ་དང་མཇུག་མེད་ལ་མཇུག་བཏགས་ཞེས་ཐ་སྙད་བྱེད་དོ། །དྲུག་པ་ནན་ཏུར་གང་ལྟུང་བའི་རྒྱུར་འདྲ་བ་ཉིད་དུ་བསྟན་པ་ནི། ཁྱིམ་པ་སུན་འབྱིན་པ་ལ་བསྐྱེས་པ་ནན་ཏུར་བྱས་པ་དེ་དགེ་འདུན་ལ་སྐུར་པ་འདེབས་ན། དེ་ལ་གཞམས་བསྒོ་ལ་སོགས་ཀྱིས་བཟློག་ཀྱང་མ་བཏང་ན་དགེ་འདུན་ལྷག་མ་བསྐྱེད་པར་དངོས་སུ་གསུངས་པ་དེའི་མདོར་བསྡུས་སྦྱར་བས་ཁྱིམ་པ་ལ་བརྙས་ཐབས་བྱེད་པ་དང་། ཕྱིར་འགྱེད་ནན་ཏུར་བྱས་པ་དེས་དགེ་འདུན་ལ་སྐུར་བ་འདེབས་ན་ཡང་དེ་ལ་གཞམས་བསྒོ་ལ་སོགས་ཀྱིས་བཟློག་ཀྱང་མ་བཏང་ན་དགེ་འདུན་ལྷག་མ་བསྐྱེད་དེ། ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་དངོས་སུ་གསུངས་པ་དེ་དང་། རྒྱུ། ངོ་བོ། ཆོ་ག་ཆད་ལས་ཀྱི་སྒོ་ནས་རྒྱུ་མཚན་དོད་ཐུབ་ཏུ་གནས་པའི་ཕྱིར་རོ། །དེ་བཞིན་དུ་བསྡིགས་སྨད་ལ་ཡང་རྒྱུ་མཚན་མཚུངས་སོ། །འོ་ན་དགེ་སློང་པའི་དགེ་འདུན་ལྷག་མ་བཅུ་གསུམ་ལས་མང་བ་ཡོད་པར་ཐལ། དགེ་འདུན་ལྷག་མ་བཅུ་གསུམ་དངོས་སུ་གསུངས་པའི་སྟེང་དུ་མདོར་བསྡུས་སྦྱར་བའི་དགེ་འདུན་ལྷག་མ་གསུམ་ཡོད་པའི་ཕྱིར་ཞེ་ན། དངོས་དང་མདོར་བསྡུས་གཉིས་ཀ་བགྲངས་ན་དེར་ཐལ་ཟེར་ན་འདོད་ཅིང་། དངོས་


K8Z004_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསུངས་པ་འབའ་ཞིག་བགྲངས་ན་དེར་ཐལ་ཟེར་མ་ཁྱབ་པ་མེད་དོ། །སྐབས་འདིར་འགར་གར་པ་ཆེན་པོ་ན་རེ། གསོ་སྦྱོང་བཞག་པའམ་དགག་དབྱེ་བཞག་པའི་ནན་ཏུར་བྱས་པ་དེ་དགེ་འདུན་ལ་སྐུར་པ་འདེབས་ན། དེ་ལ་གཞམས་བསྒོ་ལ་སོགས་ཀྱིས་བཟློག་ཀྱང་མི་གཏོང་ན་དགེ་འདུན་ལྷག་མ་བསྐྱེད་ཅེས་མདོར་བསྡུས་སྦྱར་ཏེ། ལས་ཀྱི་ནན་ཏུར་བྱས་པ་དེ་དགེ་འདུན་ལ་སྐུར་བ་འདེབས་ན་བཟློག་ཀྱང་མི་གཏོང་བར་སྔ་མ་དང་རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། མདོར་བསྡུས་སྦྱར་བ་ལ་ནི་རྒྱུ་མཚན་མཚུངས་དགོས་པ་ལས། རྒྱུ་མཚན་མི་མཚུངས་པའི་ཕྱིར་རོ། །དེ་ཡང་སྨད་པ་ནན་ཏུར་དང་རྣམ་དག་གི་ལས་བཞག་པའི་ནན་ཏུར་གཉིས་ནི་རྒྱུ་མཚན་མཚུངས་པ་མ་ཡིན་ཏེ། རྒྱུ་ཆད་ལས་དོད་མ་ཐུབ་པར་འབྲས་བུ་དགེ་འདུན་ལྷག་མ་དོད་ཐུབ་ཏུ་བསྐྱེད་པ་འགལ་བའི་ཕྱིར་རོ། །བདུན་པ་ནན་ཏུར་གྱི་སྒྲ་བཤད་ནི། ཊཱི་ཀ་ལས། ནན་ཏུར་ཞེས་བྱ་བ་ནི་འོག་ཏུ་བཞག་ཅིང་། བཤུང་བ་ཉིད་དུ་རྣམ་པར་བཞག་པ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་བཤད་དོ། །བརྒྱད་པ་ནན་ཏུར་བྱ་བའི་ཚུལ་ལུགས་ལ་གཉིས་ཏེ། དགོས་པའི་དོན་དང་། བསྡུས་པའི་དོན་ནོ། །དང་པོ་ནི། ནན་ཏུར་བྱས་པས་ཕ་རོལ་པོ་དེ་ཉེས་པ་ལ་ཞུགས་པ་འཕྲོ་གཅོད་པར་འགྱུར་ཞིང་། མ་ཞུགས་པ་མི་འཇུག་པར་འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་དྲུག་ལས། དང་པོ་ཡུལ་གང་ལ་ནན་ཏུར་བྱ་བ་ནི། ཆད་པ་བཅད་པའི་ཡུལ་ཆོས་བཅུ་ལྡན་སྔར་ལས་གཞིར་བཤད་ཟིན་ཏོ། །གཉིས་པ་བྱེད་པ་པོ་གང་གིས་ནན་ཏུར་བྱ་བའི་ཚུལ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་འདུས་གང་གི་ཚེ་ནན་ཏུར་བྱ་བ་ནི། དབྱར་གྱི་ཚུལ་ནང་མ་ཡིན་ཅིང་། བྱ་བ་གཞན་གྱིས་སེམས་གཡེངས་


K8Z004_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་མ་ཡིན་པའོ། །བཞི་པ་ཚུལ་ཇི་ལྟར་ནན་ཏུར་བྱ་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་འདུ་བའི་སྐྱབས་རྗེས་སུ་བསྒྲུབ་པ་དང་། ལྟུང་བ་གླེང་དྲན་བྱ་ཞིང་། གླེང་བ་པོ་རང་མ་ལངས་ན་དགེ་འདུན་གྱིས་བསྐོས་པས་གླེང་དྲན་བྱ་བའོ། །དངོས་གཞི་ནི་གསོལ་བཞིའི་ལས་ཀྱིས་ཏེ། མཇུག་ནི་ལས་ཀྱི་མཇུག་སྡུད་བརྗོད་པ་དང་། འདི་ཉིད་དུ་ལྟུང་བ་འདི་ཕྱིར་འཆོས་པར་གྱིས་ཤིག ། དགེ་འདུན་འདི་ཉིད་ཀྱིས་ཁྱོད་བག་ཡངས་སུ་བྱེད་པར་འགྱུར་རོ་ཞེས་བརྗོད་པའོ། །ལྔ་པ་ནན་ཏུར་བྱས་པའི་བསླབ་བྱ་ནི། གང་ལ་སྨད་པ་ནན་ཏུར་བཞི་པོ་གང་དང་གང་བྱས་པ་དེས་ནི་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་བ་དང་། དེའི་སྟེང་དུ་ཁྱད་པར་དུ་ཡང་བསྐྲད་པས་སུན་ཕྱུང་བའི་གནས་སུ་མི་བསྡད་པའོ། །གནས་ནས་ཕྱུང་བས་ནི་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤངས་ཤིང་། ཆོས་འདི་པའི་རབ་ཏུ་བྱུང་བ་གཞན་རྣམས་དང་། ཆོས་དང་ཟང་ཟིང་གིས་ལོངས་སྤྱོད་པ་སྤོང་བའོ། །རང་བཞིན་དུ་གནས་པ་རྣམས་ཀྱིས་སྤང་ཞེས་གསུང་ཡང་དེར་མ་ཟད་དེ། ས་གཞན་ན་གནས་པ་རྣམས་ཀྱིས་ཀྱང་སྤང་དགོས་ཏེ། ལུང་ཞུ་བ་སྤྱིར་བསྟན་པ་ལས། བསླབ་པ་བྱིན་པ་ལ་ཡང་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བྱེད་བསྐྱེད་པར་གསུངས་པ་དང་། བྲམ་ཟེའི་བུ་མོས་ཞུས་པ་ལས། གནས་ནས་ཕྱུང་བ་ཐམས་ཅད་གཅིག་པུ་གྲོགས་མེད་པ་གཉིས་པ་མེད་པར་བརྗོད་པར་བྱའོ། །ཞེས་གསུངས་པས་གནས་ནས་ཕྱུང་བ་གཉིས་ཡོད་ཀྱང་ཕན་ཚུན་གཅིག་གིས་གཅིག་མ་སྤངས་ན་ལྟུང་བར་འགྱུར་རོ། །བསྙིལ་བའི་བསླབ་བྱ་ནི་གནས་ནས་ཕྱུང་བ་དང་འདྲའོ། །གསོ་སྦྱོང་བཞག་པ་དང་། དགག་དབྱེ་བཞག་པས་ནི་ས་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་གསོ་


K8Z004_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དགག་བྱེད་པ་སྤང་ཞིང་། ལྷུང་བཟེད་ཁ་དབུབ་པ་ལ་ནི་རབ་བྱུང་རྣམས་ཀྱིས་ཆོས་དང་། ཟང་ཟིང་གི་ལོངས་སྤྱོད་བྱེད་པ་སྤང་བ་ལ་བསླབ་བོ། །དྲུག་པ་ནན་ཏུར་བྱས་པ་ལས་གྲོལ་བའི་རྒྱུ་ནི། ཐུན་མོང་བ་གཉིས་དང་། བྱེ་བྲག་གཉིས་ཏེ། དང་པོ་གཉིས་ནི་དགྲ་བཅོམ་པ་ཐོབ་པ་དང་བཟོད་པར་བྱ་བ་ཡིན་ལ། ཕྱི་མ་གཉིས་ནི་གསོ་སྦྱོང་དང་དགག་དབྱེ་བཞག་པ་གཉིས་ལ་འཇོག་པར་བྱེད་པའམ། དེས་བསྐོས་པ་དང་ལྷན་ཅིག་ཏུ་གསོ་སྦྱོང་དང་དགག་དབྱེ་བྱས་ན་གྲོལ་བར་འགྱུར་བ་དང་། གཞན་ཡང་ནན་ཏུར་སྔ་མའི་སྟེང་དུ་ནན་ཏུར་ཕྱི་མ་བྱས་ན་སྔ་མ་ལས་གྲོལ་བར་འགྱུར་ལ། གནས་ནས་ཕྱུང་བ་ལ་ནི་དེ་ལྟར་མ་ཡིན་ཏེ། དེ་ནི་ཆོས་དང་ཟང་ཟིང་མཐའ་དག་གིས་སྤངས་ཟིན་པའི་ཕྱིར་རོ། །གཉིས་པ་ལ། ནན་ཏུར་སྤྱི་ཙམ་ཉིད་དུ་བསྟན། །ནན་ཏུར་བྱེ་བྲག་ཉིད་དུ་བརྗོད། །མཇུག་བརྗོད་ཐུན་མོང་བསྟན་པའོ། །དང་པོ་ལ། ནན་ཏུར་བྱ་བའི་ཚུལ་ལུགས་དངོས། །བཟོ་བྱེད་ཡུལ་གྱི་ཞར་བྱུང་ངོ་། །དང་པོ་ནི། ནན་ཏུར་བྱ་བའི་གཞི་ནི་ནན་ཏུར་གྱི་རྒྱུ་སྟེ། རྒྱུ་འཐབ་ཀྲོལ་བྱེད་པ་ལ་སོགས་པ་དེ་མ་ཞི་བར་ཏེ་འཕྲོ་མི་གཅོད་ཅིང་། ཕྱིར་མ་བཅོས་པར་དགེ་འདུན་གྱིས་ཤེས་ནས་ཏེ། མཐོང་ཐོས་དོགས་གསུམ་ཤེས་ནས་ཞེས་བླ་མ་རྣམས་གསུང་ཡང་མཐོང་ཐོས་ཀྱིས་ཡིད་ཆེས་ན་ཡིན་གྱི། དོགས་པས་ནི་མ་ཡིན་ནོ་སྟེ། ཊཱི་ཀ་ལས། ཡིད་ཆེས་པར་གྱུར་ནས་ཞེས་གསུངས་པས་ཡུལ་དེ་ལ་ནན་ཏུར་གྱི་ལས་བྱའོ། །ཞེས་སྦྱར་རོ། །དེ་ཡང་ཉེས་པ་གླེང་བ་པོས་ཁྱོད་ལ་ཉེས་པ་འདི་ཡོད་དོ་ཞེས་སོ་སོར་གོ་བར་བྱས། ཤེས་པར་བྱས་ཤིང་ཉེས་པ་ཁས་ལེན་དུ་བཅུག་ནས་ནན་ཏུར་གྱི་ལས་བྱའོ། །ལུང་གཞི་ལས། ཁས་བླངས་པ་དང་། ཞེས་གསུངས་ལ། འགྲེལ་ཆུང་གི་མདོ་


K8Z004_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་ལས་དམ་བཅའ་བཅུག་ནས་ཞེས་ཏེ་ཉེས་པ་ཁས་ལེན་དུ་བཅུག་ནས་སོ། །དེ་ཡང་ནན་ཏུར་བྱ་བའི་གང་ཟག་དེ་དགེ་འདུན་གྱི་མངོན་སུམ་འཇོག་པ་སྟེ། མངོན་སུམ་དུ་བཞག་པ་ལ་དགེ་འདུན་གྱིས་ནན་ཏུར་གྱི་ལས་བྱའོ། །ལུང་གཞི་ལས། མངོན་སུམ་དུ་གྱུར་པར་བྱེད་པའོ། །ཞེས་གསུངས་སོ། །འགྲེལ་ཆུང་ལས། མི་དེ་དགེ་འདུན་གྱི་ནང་དུ་བཀུག་ལ། ཞེས་སོ། །ལྟུང་བ་གླེང་བ་པོ་རང་མ་བྱུང་ན་དགེ་འདུན་གྱིས་བཏང་སྙོམས་སུ་བྱ་བའམ། འོན་ཏེ་དགེ་འདུན་ཐམས་ཅད་ཀྱིས་གླེང་བར་བྱ་སྙམ་ན། དགེ་འདུན་གྱིས་བསྐོ་བས་ལྟུང་བ་གླེང་བ་པོ་བསླང་བར་བྱའོ། །ཊཱི་ཀ་ལས། དགེ་འདུན་ཐམས་ཅད་ཀྱིས་གཤེ་བ་གང་ཡིན་པ་དེ་ནི་མི་རིགས་ཤིང་མི་མཛེས་པས། ཞེས་གསུངས་པས་གླེང་བ་པོ་བསྐོས་ཏེ་གླེང་ངོ་། །གླེང་བ་པོས་སོ་སོར་ཤེས་པར་བྱ་ཞིང་ཞེས་པ་དང་། །མངོན་སུམ་དུ་འཇོག་པ་ལ་ཞེས་སྨོས་ནས་དེ་གཉིས་ཀྱི་དམིགས་བསལ་ནི། ནན་ཏུར་བྱ་བའི་ཡུལ་གང་ཟག་དེ་དགེ་འདུན་གྱི་མངོན་སུམ་འདུ་བར་མི་སྟེར་ན། དགེ་འདུན་གྱིས་མངོན་སུམ་དུ་བཞག་པ་མ་ཡིན་པར་ཡང་ནན་ཏུར་བྱ་ཞིང་། གླེང་བ་པོས་ཉེས་པ་གླེང་བ་མེད་ཅིང་། གང་ཟག་དེས་ཉེས་པ་ཁས་བླང་བ་མེད་ཀྱང་གང་ཟག་དེ་ནན་ཏུར་གྱི་རྒྱུ་དང་ལྡན་པར་དགེ་འདུན་ལ་གྲགས་པ་ཙམ་གྱིས་ནན་ཏུར་བྱ་སྟེ། འདི་ནི་ཆད་པའི་རྒྱུ་དང་ལྡན་ནོ་སྙམ་དུ་དགེ་འདུན་གྱིས་མཁྱེན་པ་བཞིན་དུ་ཆད་པ་གཅོད་ཅིང་ཕྱིར་མི་འཆོས་པར་གནས་ནས་དབྱུང་བ་ལ་སོགས་ནན་ཏུར་གཞན་རྣམས་ལ་ནི་ཡུལ་དེས་ཉེས་པ་ཁས་ལེན་པ་ཡན་ལག་ཡིན་ན། འདི་ལ་ཡང་ཁས་ལེན་པ་ཡན་ལག་ཡིན་ནམ་ཞེ་ན། མ་མཐོང་བ་གནས་ནས་དབྱུང་བའི་རྒྱུ་ཡོད་པར་ནི། རང་ལ་ཉེས་ལྟུང་བྱུང་བ་ཐམས་


K8Z004_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཁས་ལེན་པ་ཆོས་ཅན། མ་མཐོང་བ་གནས་ནས་དབྱུང་བ་འཆགས་པའི་ཡན་ལག་མ་ཡིན་ཏེ། གནས་ནས་དབྱུང་བའི་རྒྱུ་ཡོད་པ་ཉིད་རྣམ་པར་བཤིག་པའི་ཕྱིར་རོ། །འོ་ན་ཅི་ཞིག་ཡན་ལག་ཡིན་ཅེ་ན། རང་གི་རྣམ་བཤད་དང་ཊཱི་ཀ་ལས་གྲགས་པ་དང་མངོན་སུམ་གྱི་དངོས་པོ་དེ་གཉིས་ཡན་ལག་ཡིན། ཅེས་གསུངས་ཏེ། ཆད་པའི་རྒྱུ་ཉེས་པ་དེ་དང་ལྡན་ནོ་ཞེས་དགེ་འདུན་ལ་གྲགས་པ་དང་། ཉེས་པ་དེ་བྱེད་པ་གླེང་བྱེད་ཀྱིས་མངོན་སུམ་དུ་མཐོང་བ་ཡན་ལག་ཡིན་པས། འདི་ནི་ཆད་པ་འདིའི་རྒྱུ་དང་ལྡན་ནོ་སྙམ་དུ་དགེ་འདུན་གྱིས་མཁྱེན་པ་བཞིན་དུ་ཆད་པ་བཅད་དོ། །འོ་ན་མ་མཐོང་བ་ལ་ནི་ཞེས་པའི་གཞུང་འདིས་ནན་ཏུར་བྱ་བར་བསྟན་ནམ། དང་པོ་ལྟར་ན་ནི། ཊཱི་ཀ་ལས། དེ་ལ་ནན་ཏུར་གྱི་ལས་མི་བྱ་བ་ཉིད་ཡིན་པས། ཞེས་བཤད་པ་དང་འགལ་ལོ། །གཉིས་པ་ལྟར་ན། གཞུང་འདི་ཉིད་ཀྱི་འགྲེལ་ཆུང་ལས། ཅི་ཡང་མི་སྨྲ་བར་ཁ་བཙུམ་སྟེ་འདུག་པ་མི་བཙན་གྱི་ཉེས་པ་དགེ་འདུན་གྱིས་མཁྱེན་བཞིན་དུ་ཆད་པ་བཅད་དོ་ཞེས་པ་དང་འགལ་ཅེ་ན། དངོས་སུ་ནན་ཏུར་མི་བྱ་བར་བསྟན་ཏེ། རྒྱུ་ཡོད་པ་ཉིད་དུ་རྣམ་པར་བཤིག་པའི་ཕྱིར་ཞེས་གསུངས་པས་སོ། །ཤུགས་ཀྱིས་ནི་ནན་ཏུར་བྱ་བར་བསྟན་ཏེ། ཉེས་པ་ཁས་མི་ལེན་ན་ཡང་རང་གི་རྣམ་བཤད་དང་། ཊཱི་ཀ་ལས། གྲགས་པ་དང་མངོན་སུམ་ཡན་ལག་ཡིན་པར་གསུངས་པའི་ཕྱིར་དང་། འགྲེལ་ཆུང་ལས། ཉེས་པ་དགེ་འདུན་གྱིས་མཁྱེན་པ་བཞིན་དུ་ཆད་པ་བཅད་དོ། །ཞེས་གསུངས་པས་སོ། །ལུང་རྣམ་འབྱེད་ལས། སྐབས་མི་འབྱེད་ན་ཡང་མ་གུས་པ་དེ་ཉིད་ཀྱིས་བསྐྲད་པའི་ལས་བྱའོ། །ཞེས་ཁྱིམ་སུན་འབྱིན་པ་པོ་དེ་བདག་ཉིད་ལ་ཉེས་པ་གླེང་བའི་སྐབས་མི་འབྱེད་ན་ཡང་ཁྱིམ་པ་སུན་འབྱིན་པ་པོ་དེ་ལ་བསྐྲད་པ་ནན་ཏུར་


K8Z004_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་ནི་གསུངས་ལ། སྐབས་མི་འབྱེད་ན་ཉེས་པ་ཁས་ལེན་གཞི་མ་གྲུབ་པའི་ཕྱིར་ན་ཉེས་པ་ཁས་ལེན་པ་ནི་ནན་ཏུར་གྱི་ཡན་ལག་མ་ཡིན་ནོ། །དཔེར་ན་མོ་གཤམ་གྱི་བུ་གཞི་མ་གྲུབ་པའི་ཕྱིར། མོ་གཤམ་གྱི་བུ་ནན་ཏུར་གྱི་ཡན་ལག་མ་ཡིན་པ་བཞིན་ནོ། །ཞེས་སྟོན་པ་ནི་སྐབས་མི་འབྱེད་ན་ཡང་ཞེས་གསུངས་ཏེ། ནན་ཏུར་བྱ་བའི་ཡུལ་དེས་བདག་ལ་ཉེས་པ་མ་གླེང་ཞིག་ཅེས་ཉེས་པ་གླེང་བའི་སྐབས་མི་འབྱེད་ན་ཡང་སྔར་ཁྱིམ་པ་སུན་ཕྱུང་བ་ལ་སོགས་པའི་རྒྱུ་མཚན་གྱིས་བསྐྲད་པ་ལ་སོགས་པའི་ནན་ཏུར་བྱས་པ་ལ་ཆོས་ཅན། ཡང་ཞེས་པས་ཉེས་པ་ཁས་ལེན་པ་ཡན་ལག་མ་ཡིན་ཏེ་ཞེས་གོང་དུ་བསྙེགས་ཏེ་ཉེས་པ་ཁས་ལེན་པར་ཡན་ལག་ཡིན་པར་རྒྱུ་གཉིས་ཀྱིས་མི་རིགས་པའི་ཕྱིར་རོ། །དེ་ཡང་ཉེས་པ་ཁས་ལེན་པ་མེད་པའི་ཕྱིར་དང་། ཁས་བླང་ངོ་སྙམ་དུ་སེམས་པ་ཡང་མེད་པའི་ཕྱིར་རོ་ཞེས་པ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས། འདིར་རྒྱུ་གཉིས་ཀྱིས་མི་རིགས་ཏེ་སྐབས་མི་འབྱེད་པའི་གང་ཟག་ལ་གླེང་བ་ཉིད་ཀྱང་མི་བྱེད་ན་ཁས་ལེན་པ་ལྟ་ག་ལ་ཡོད་དེ། དེའི་ཕྱིར་རྒྱུ་གཅིག་གིས་ཀྱང་མི་རིགས་ལ། གང་སྐབས་འབྱེད་པར་མི་བྱེད་པ་དེ་ལ་ཇི་ལྟར་བྱས་ཀྱང་སྐབས་རྙེད་ཅིང་གླེང་བ་ཁས་བླངས་སོ་སྙམ་དུ་སེམས་པར་མི་འགྱུར་བས་དེའི་ཕྱིར་རྒྱུ་གཉིས་པོ་དེས་ཀྱང་མི་རིགས་སོ། །ཞེས་སོ། །འོ་ན་འདི་ལ་ཅི་ཞིག་ཡན་ལག་ཡིན་ཅེ་ན། རང་གི་རྣམ་བཤད་དང་ཊཱི་ཀ་ལས། གྲགས་པ་དང་མངོན་སུམ་གྱི་དངོས་པོ་དེ་གཉིས་ཡན་ལག་ཡིན་གྱི། ཞེས་གསུངས་ཏེ་དེའི་དོན་སྔ་མ་བཞིན་ནོ། །མདོ་འདིའི་ལུང་ཁུངས་ནི། ལུང་རྣམ་འབྱེད་ཀྱི་ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མའི་སྐབས་ལས་ནབས་སོ་དང་། འགྲོ་མགྱོགས་ཀྱིས་ཁྱིམ་པ་


K8Z004_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སུན་ཕྱུང་སྟེ། བསྐྲད་པ་ནན་ཏུར་བྱ་བའི་སྐབས་སུ་སྐབས་མི་འབྱེད་ན་མ་གུས་པ་དེ་ཉིད་ཀྱིས་བསྐྲད་པའི་ལས་བྱའོ། །ཞེས་གསུངས་ཏེ། ལུང་དེས་དངོས་སུ་བསྟན་པ་དང་། ཤུགས་ཀྱིས་བསྟན་པ་སྟེ་གཉིས་ལས། དང་པོ་ནི། ཁྱིམ་སུན་འབྱིན་པ་བསྐྲད་པ་ནན་ཏུར་གྱི་རྒྱུ་དང་ལྡན་པ་སྟེ་སྐབས་མི་འབྱེད་པ་དག་ལ་ཡང་ངོ་སྟེ་བསྐྲད་པའི་ལས་བྱའོ་ཞེས་གཞུང་འོག་མས་བསྡུས་ལ། སྐབས་མི་འབྱེད་ན་ཡང་བསྐྲད་པ་ནན་ཏུར་བྱ་བར་ལུང་ལས་དངོས་སུ་གསུངས་པས་ནན་ཏུར་དེ་ལ་ཁས་ལེན་པ་ཡན་ལག་མ་ཡིན་པ་ཤུགས་ཀྱིས་བསྟན་པ་དང་། བསྐྲད་པ་གཅིག་པུར་མ་ཟད་ནན་ཏུར་གཞན་ལ་ཡང་ཁྱབ་ཆེར་སྦྱར་ཏེ་བསྟན་པའི་ཕྱིར། སྐབས་མི་འབྱེད་ན་ཡང་མི་རིགས་པའི་ཕྱིར་རོ། །ཞེས་སྤྱིར་མདོ་འདི་གསུངས་སོ། །ལྟུང་བ་གླེང་བ་པོར་རང་གི་ངང་གིས་མ་ལངས་ན་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོས་པས་ལྟུང་བ་གླེང་བ་པོ་བསླང་བར་བྱའོ་ཞེས་པ་འདི་དང་། གླེང་བ་པོ་རང་མ་བྱུང་ན་དགེ་འདུན་གྱིས་བསླང་ཞེས་སྔར་བསྟན་པའི་ཁྱད་པར་ཅི་ཞེ་ན། སྔ་མ་ནི་དགེ་འདུན་ཐམས་ཅད་ཀྱིས་གཤེད་མི་རིགས་པས་གླེང་བ་པོ་བསྐོས་ནས་གླེང་བར་བསྟན་ལ། ཕྱི་མ་འདིས་ནི་གླེང་བ་པོ་བསྐོ་བ་དེ་བསྒྲུབ་པའི་བསླབ་པར་བསྟན་ཏེ། གཞན་དུ་ན་དགེ་འདུན་རྣམས་ཐུགས་རྗེ་ཆུང་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དགོས་པའི་དོན་དང་། བསྡུས་པའི་དོན་ནོ། །དང་པོ་ལ་ནི་བཟོད་པར་བྱ་བའི་ལས་བྱས་པས་ཡུལ་དེ་ཆད་པ་ལས་གྲོལ་བར་འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་གསུམ་ལས། དང་པོ་གང་ལ་བཟོད་པ་བླང་བའི་ཡུལ་ནི་ཆོས་དགུ་ལྡན་ཏེ། དེ་ཡང་བསམ་པ་ཕྱིན་ཅི་ལོག་མི་སེམས་ཤིང་ཡང་དག་


K8Z004_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་པ་སེམས་པ་ནི་གཤེ་བ་དང་ཁྲོ་བ་དང་སྤྱོ་བ་ཉིད་མི་འཛིན་ནོ་ཞེས་སོ། །རྟེན་ཕྱིན་ཅི་ལོག་མི་བརྟེན་ཅིང་ཡང་དག་པའི་རྟེན་ལ་བརྟེན་པ་ནི་བླའི་གྲྭ་དང་འོག་ཟུར་དང་ཉེ་དུའི་གང་ཟག་རྟེན་ཉིད་དུ་མི་འཛིན་ནོ་ཞེས་པ་ནས་སོ། །ཆ་ལུགས་ཕྱིན་ཅི་ལོག་མི་འཆང་ཞིང་། ཡང་དག་པའི་ཆ་ལུགས་འཆང་བ་ནི་ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བར་མི་བྱེད་ཅེས་སོ། །རྟེན་དང་བསླབ་པ་ཕྱིན་ཅི་ལོག་སྤོང་ཞིང་ཡང་དག་པའི་བསླབ་པ་ལ་སློབ་པ་ནི་མུ་སྟེགས་ཅན་ལ་བརྟེན་པར་མི་བྱེད། ཆོ་ག་མ་ཡིན་པ་སྤྱོད་པར་མི་བྱེད་ཅེས་པ་ནས་སོ། །ང་རྒྱལ་དང་རྒྱགས་པ་གཞོམ་པ་ནི། སྐྲ་འགྲེང་བར་གྱུར་བ་དང་ཞེས་པ་ནས་སོ། །མ་ཉམས་པའི་སྤྱོད་པ་ལ་སློབ་པ་ནི་འབྱུང་བར་བསྐྱོད་པ་དང་ཞེས་པ་ནས་སོ། །ནན་ཏུར་གྱི་རྒྱུ་གཏོང་བ་ནི་རྒྱུ་ལས་ཕྱིར་བཟློག་པ་ཞེས་སོ། །རང་གིས་ལན་གསུམ་དུ་གསོལ་བ་འདེབས་པ་ནི་བཟོད་པ་གསོལ་བ་ལའོ་ཞེས་སོ། །དེ་ལྟར་བརྒྱད་ནི་སྐབས་འདི་ཉིད་ནས་གསུངས་ལ། དེའི་སྟེང་དུ་ཚོགས་སུ་མ་ལོངས་པ་དང་དགུ་སྟེ། དེ་ནི་སྔར་ལས་ཀྱི་གཞི་ལས་ཚོགས་ཀྱིས་མི་བྱའོ་ཞེས་གསུངས་པས་སོ། །གཉིས་པ་གང་གིས་བཟོད་པ་ལེན་པའི་རྟེན་ནི་ཆོས་ལྔ་ལྡན་ཏེ། དགེ་འདུན་མཚན་ཉིད་བཞི་ལྡན་གྱི་སྟེང་དུ་ཆད་པ་གཅོད་བྱེད་དེ་ཡིན་པའམ། དེས་བསྐོས་པ་ཡིན་པ་སྟེ་ནན་ཏུར་བྱེད་པ་དག་གིས་མ་བསྐོས་ན་ནན་ཏུར་བྱས་པ་ལ་བཟོད་པ་མི་འཆགས་སོ་ཞེས་པས་གྲུབ་བོ། །གསུམ་པ་ཇི་ལྟར་བཟོད་པ་བླང་བའི་ཆོ་ག་ནི་སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་དང་། ཕྱག་འཚལ་ནས་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས་གསོལ་བ་ལན་གསུམ་འདེབས་


K8Z004_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དངོས་གཞི་ནི་གསོལ་བཞིའི་ལས་ཀྱིས་བྱ་ཞིང་། མཇུག་ཏུ་ལས་ཀྱི་མཇུག་སྡུད་བརྗོད་པའོ། །གཉིས་པ་ལ། བསམ་ལོག་སྤང་ཞིང་ཡང་དག་བསམ། །རྟེན་ལོག་སྤོང་ཞིང་ཡི་དམ་བརྟེན། །ཆ་ལུགས་ལོག་སྤང་ཡང་དག་འཆད། །རྟེན་བསླབ་ལོག་སྤང་ཡང་དག་སློབ། །ང་རྒྱལ་རྒྱགས་པ་གཞོམ་པ་དང་། །མཉམ་པའི་སྤྱོད་ལ་སློབ་པ་དང་། །ནན་ཏུར་རྒྱུ་ཉིད་གཏོང་བ་དང་། །རང་གིས་ལན་གསུམ་གསོལ་འདེབས་པའོ། །དང་པོ་ནི། ནན་ཏུར་བྱས་པ་དེས་ཕྱིས་དགེ་འདུན་ལ་བཟོད་གསོལ་བྱེད་ན་ཡུལ་ཇི་ལྟ་བུ་ལ་དགེ་འདུན་གྱིས་བཟོད་པར་བྱ་ཞེ་ན། གཤེ་བ་ནི་ཁྱིམ་པའི་ཕྱོགས་ཀྱི་སྐྱོན་གྱིས་སྨོད་པ་དང་། ཁྲོ་བ་དང་སྤྱོ་བ་ཉིད་ནི་རབ་ཏུ་བྱུང་བའི་སྐྱོན་གྱིས་སྨད་པ་སྟེ། དེ་མི་འཛིན་པ་དང་། འཚོ་བ་དང་། ལྟ་བ་ཉམས་པའི་སྒོ་ནས་གཤེ་བ་དང་། ཚུལ་ཁྲིམས་དང་ལྟ་བ་ཉམས་པའི་སྒོ་ནས་སྤྱོ་བའོ་ཞེས་ཀྱང་རུང་ངོ་། །དགེ་འདུན་གྱི་ཞེས་པ་ནི་དཔེ་སྟེ། དགེ་སློང་གང་ཟག་གིས་ཡང་རྙེད་པ་མེད་པ་དང་། དགེ་འདུན་གྱི་གནས་གཙུག་ལག་ཁང་སྤངས་ཤིང་མེད་པར་བྱའོ་སྙམ་དུ་སེམས་པ་ཉིད་མི་འཛིན་པ་དང་ཞེས་སོ། །གཉིས་པ་ནི། བླའི་གྲྭ་དང་འོག་ཟུར་དང་ཞེས་པ་ནི། རྣམ་འབྱེད་འགྲེལ་པ་ལས། བླའི་གྲྭ་ནི་རྒྱལ་པོས་བསྐོས་པའི་མིའོ། །འོག་ཟུར་ནི་ཡུལ་མིའི་ཚོགས་སོ་ཞེས་སོ། །ཉེ་དུའི་གང་ཟག་གི་རྟེན་ཉིད་དུ་མི་འཛིན་པ་དང་ཞེས་པ་ཡིན་ལ། དམིགས་བསལ་ནི། ཁྱིམ་པས་བཟོད་པ་གསོལ་བར་བྱེད་ན་ནི་ཁྱིམ་པ་དེ་ཉེ་དུའི་གང་ཟག་རྟེན་ཉིད་དུ་འཛིན་ཀྱང་རུང་སྟེ། དེས་དེ་རྟེན་ཉིད་དུ་འཛིན་པ་ལ་མི་རིགས་པ་མེད་པའི་ཕྱིར་རོ། །དགེ་འདུན་རྟེན་མ་ཡིན་པ་ཉིད་དུ་མི་འཛིན་པ་དང་ཞེས་སོ། །གསུམ་པ་ནི། ཁྱིམ་པ་དང་མུ་སྟེགས་


K8Z004_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་རྒྱལ་མཚན་འཆང་བར་མི་བྱེད་པ་དང་སྟེ། དམིགས་བསལ་ནི། ཁྱིམ་པས་བཟོད་པར་གསོལ་བར་བྱེད་ན་ནི་དེ་ཁྱིམ་པའི་རྒྱལ་མཚན་འཆང་ཡང་རུང་སྟེ། དེས་རྒྱལ་མཚན་དེ་འཆང་བ་ལ་མི་རིགས་པ་མེད་པའི་ཕྱིར་རོ། །བཞི་པ་ནི། མུ་སྟེགས་ཅན་ལ་བརྟེན་པར་མི་བྱེད་པ་དང་། དགེ་སློང་གི་ཆོ་ག་མ་ཡིན་པ་སྟེ་བཅས་པའི་ཁ་ན་མ་ཐོ་བ་སྤྱོད་པར་མི་བྱེད་པ་དང་། དགེ་སློང་གི་བསླབ་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བ་དག་ལ་མི་སློབ་པར་མི་བྱེད་པ་དང་ཞེས་སོ། །ལྔ་པ་ནི། སྐྲ་འགྲེང་བར་གྱུར་པ་དང་ཞེས་བྱ་བ་ནི། ཊཱི་ཀ་ལས། སྐྲ་དག་གྱེན་དུ་རྣམ་པར་འགྲེངས་པར་གྱུར་པ་ཉིད་དོ། །ཞེས་སོ། །སྐྲ་འཕྱར་བར་གྱུར་པ་དང་ཞེས་པ་ནི། ཊཱི་ཀ་ལས། སྐྲ་དག་རྣམ་པར་འཕྱང་བར་གྱུར་པ་ཉིད་དོ། །དེ་གཉིས་ཀྱིས་ནི་སྨ་དབབ་པ་ཉིད་དུ་བསྟན་པ་ཡིན་ཏེ། འདི་ལྟར་སྨ་དབབ་པ་ནི་སྐྲ་འགྲེང་བར་གྱུར་པ་དང་། སྐྲ་འཕྱར་བར་གྱུར་པ་ཡིན་ནོ་ཞེས་གྲགས་པའི་ཕྱིར་ཏེ། དེ་ལྟར་གྱུར་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །ཞེས་སོ། །དེས་ན་འཇིག་རྟེན་པ་དག་སྤྱི་བོར་ཐོར་ཅོག་བཅིངས་པ་ནི་རྒྱགས་པའི་དུས་ཡིན་གྱི། མྱ་ངན་གྱི་དུས་སྐྲ་གྲོལ་བའི་བྱེ་བྲག་ལ་འགྲེང་འཕྱར་གཉིས་ཡོད་པའི་དབང་དུ་བྱས་པ་ཡིན་ནོ། །ཁ་ཅིག་ཁྱིམ་པས་བཟོད་པ་བྱེད་པའི་དུས་ལུས་ཀྱི་བྱི་བྱད་ལ་བཟུང་ཞེས་འཆད་ཀྱང་མ་ཡིན་ཏེ། ཡུལ་བཟོད་བྱ་ཁྱིམ་པ་དང་རབ་བྱུང་གཉིས་ཀས་ང་རྒྱལ་དང་རྒྱགས་པ་སྤང་བ་མཚོན་བྱེད་དུ་བྱས་པའོ་ཞེས་ཞང་ཞུང་བ་ཟེར་རོ། །དགེ་འདུན་ལ་སྤུ་སྙོལ་བར་བྱེད་པ་དང་ཞེས་བྱ་བ་ནི་དགེ་འདུན་གྱི་ཡུལ་ལ་སྤུ་འཁུམས་པར་བྱེད་པ་སྟེ། དེས་ནི་རྒྱགས་པ་མེད་པ་ཉིད་དུ་བསྟན་ཏེ། འདི་ལྟར་རྒྱགས་པ་དང་བཅས་པ་


K8Z004_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤུ་དག་ཏེ་བོར་ཤིན་ཏུ་སྤུངས་པར་སྟོན་ལ། དེས་ནི་དགེ་འདུན་ལ་རྒྱགས་པ་མེད་པ་ཉིད་དུ་བསྟན་ཏེ། དེ་ལྟར་བྱེད་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ་ཞེས་སོ། །དྲུག་པ་ནི། སྨད་པའི་གནས་སྐབས་དེ་ནས་རྣམ་པར་དག་པའི་གནས་སུ་འབྱུང་བར་བསྐྱོད་པ་སྟེ། འབྱུང་བར་སྒྲུབ་པར་བྱེད་པ་དང་། རང་བཞིན་གནས་པའི་དགེ་འདུན་དང་སྤྱོད་ཚུལ་མཚུངས་པར་ལུས་ངག་ཡིད་གསུམ་གྱིས་ཉེ་བར་སྟོན་པ། ལུས་གུས་པ་དང་བཅས། ངག་ཞེ་ས་དང་བཅས། སེམས་མ་ཉེན་ཞིང་རྗེས་སུ་མཐུན་པའི་བྱ་བ་བྱེད་པའོ། །བདུན་པ་ནི། ནན་ཏུར་གྱི་རྒྱུ་འཐབ་ཀྲོལ་ལ་སོགས་པ་ལས་ཕྱིར་ལོག་པའོ། །བརྒྱད་པ་ལ། བཟོད་གསོལ་ལན་གསུམ་བརྗོད་པ་དངོས། །དེ་ཡི་ཞར་ལས་བྱུང་བའོ། །དང་པོ་ནི། བཟོད་པ་མཛད་པར་ཞུ་ཞེས་གསོལ་བ་ལན་གསུམ་འདེབས་པ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །གཉིས་པ་ཞར་བྱུང་ནི། ལས་སྦྱིན་པ་ཁང་པའི་གནང་བ་སྦྱིན་པ་ལ་སོགས་པ་དང་། ལྷག་མ་དབྱུང་བ་དང་། ཚུར་ཤོག་ལ་སོགས་ལས་གཞན་པ་སྟེ། ལས་ཀྱིས་བསྙེན་པར་རྫོགས་པར་བྱ་བ་དང་། ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པ་དང་། ལྷུང་བཟེད་ཁ་བསྲང་བ་ཡང་ངོ་ཞེས་གསོལ་བ་ལའོ་ཞེས་གོང་དུ་བསྙེགས་ཏེ་གསོལ་བ་ལན་གསུམ་འདེབས་པ་ལ་སྦྱིན་ནོ། །གཉིས་པ་ལ། སྨད་པ་ནན་ཏུར་བྱ་བ་དང་། །སྤངས་པ་ནན་ཏུར་བྱ་བའོ། །དང་པོ་ལ། སྡིགས་སྨད་བསྐྲད་དང་ཕྱིར་འགྱེད་དོ། །དང་པོ་ནི། འཐབ་ཀྲོལ་བྱེད་པ་ལ་ལན་གསུམ་དུ་བསྒོ་སྟེ། མ་ཐུབ་ན་གསོལ་བཞིའི་ལས་ཀྱིས་སྡིགས་པ་ནན་ཏུར་བྱའོ། །ཁྱོད་འཐབ་ཀྲོལ་བྱེད་པ་མི་གཏོང་ན་གནས་ནས་འབྱིན་ནོ་ཞེས་བསྡིགས་པའོ། །འདི་ལ་ཁ་ཅིག་འདི་སྙམ་དུ་སྡིགས་


K8Z004_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནན་ཏུར་བྱ་བའི་སྐབས་མེད་པར་འགྱུར་ཏེ། གླེང་དྲན་མ་བྱས་པར་ནི་སྤྱིར་བཏང་ལ་ནན་ཏུར་མི་འཆགས་ལ། དམིགས་བསལ་ནི། འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིའོ། །ཞེས་སོ། །གླེང་དྲན་བྱེད་པ་ན་སྐབས་འབྱེད་མི་འབྱེད་གཉིས་ལས། མཐའ་དག་ལ་སྐབས་མི་འབྱེད་ན་བཀའ་བློ་མི་བདེ་བའི་ལྷག་མར་ཁ་འཁྱོགས་པར་འགྱུར་ཞིང་། ཕྱོགས་འགའ་ལ་སྐབས་མི་འབྱེད་ན་བརྗོད་བཅས་དང་ཕུར་བཅས་སོགས་སུ་ཁ་འཁྱོགས་པར་འགྱུར་རོ། །སྐབས་ཕྱེ་ན། དེ་ལ་ཉེས་པ་གླེང་བ་ན་ཉེས་པ་ཁས་ལེན་མི་ལེན་གཉིས་ལས། ཉེས་པ་ཁས་མི་ལེན་ན་མ་མཐོང་བ་གནས་ནས་དབྱུང་བ་བྱེད་དགོས་ལ། ཉེས་པ་ཁས་བླངས་ན་ཉེས་པ་ཕྱིར་འཆོས་མི་འཆོས་གཉིས་ལས། ཕྱིར་མི་འཆོས་ན་ནི་ཕྱིར་མི་འཆོས་པ་གནས་ནས་དབྱུང་བ་བྱེད་དགོས་ཤིང་། ཉེས་པ་ཕྱིར་བཅོས་ཏེ་ཉེས་པའི་རྒྱུ་རྣམས་བསྡོམས་ན་ཡང་ནན་ཏུར་མི་བྱེད་པས། བསྡིགས་པ་ནན་ཏུར་གྱི་གཞི་སྟོར་བའི་སྐྱོན་དུ་འགྱུར་རོ། །དེ་བཞིན་དུ་སྨད་པ་དང་བསྐྲད་པ་སོགས་ཀྱང་གཞི་སྟོར་གྱི་སྐྱོན་དུ་འགྱུར་རོ་ཞེ་ན། དེ་ནི་སྐྱོན་མེད་དེ། ནན་ཏུར་བྱ་བའི་ཡུལ་དེས་མཐའ་དག་ལ་སྐབས་མི་འབྱེད་པ་ལ་སོགས་པར་གྱུར་ཀྱང་། བཀའ་བློ་མི་བདེ་བ་ལ་སོགས་པ་གཞན་དུ་ཁ་འཁྱོགས་སུ་མི་འཇུག་པར་བསྡིགས་སྨད་བསྐྲད་པ་སོགས་ཀྱི་ནན་ཏུར་གྱི་གཞི་གང་ཡིན་པ་དེ་ཉིད་ནན་ཏུར་གྱི་གཞི་བཙན་དུ་བྱས་པ་ཡིན་ཏེ། བསྐྲད་པའི་སྐབས་སུ་གསུངས་པའི་སྐབས་མི་འབྱེད་པ་དག་ལ་ཡང་ངོ་། །དེ་མ་མཐོང་ཞེས་ཟེར་ན་ཡང་ངོ་ཞེས་བསྐྲད་པ་ནན་ཏུར་གཞི་བཙན་དུ་བྱ་བར་གསུངས་སོ། །དེའི་གནད་ཀྱིས་བསྡིགས་པ་དང་། སྨད་པ་ལྟ་བུའི་ནན་ཏུར་གཞན་ལ་ཡང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །རིགས་


K8Z004_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དེ་ལྟར་མ་ཡིན་ན་བསྡིགས་སྨད་ལྟ་བུའི་ནན་ཏུར་གཞི་སྟོར་དུ་འགྱུར་པའི་ཕྱིར་རོ། །འོ་ན་མཐའ་དག་ལ་སྐབས་མི་འབྱེད་ན་ཡང་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་མི་འབྱུང་ན་ཡང་དེ་འབྱུང་བ་རྒྱུན་ཆད་དུ་འགྱུར་རོ་ཞེ་ན་མི་འགྱུར་ཏེ། ནན་ཏུར་དང་མ་འབྲེལ་བའི་ཉེས་པ་གླེང་བར་འདོད་པ་ན། མཐའ་དག་ལ་སྐབས་མི་འབྱེད་ན་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་འབྱུང་བའི་ཕྱིར་དང་། ནན་ཏུར་དང་འབྲེལ་བ་རང་ལ་ཡང་ནན་ཏུར་བྱས་ནས་བཟོད་པ་ནི་གསོལ། ལྟུང་བ་ཕྱིར་བཅོས་ནི་མ་བྱས་པའི་སྐབས་སུ་ལྟུང་བ་གླེང་བར་འདོད་པ་ན་མཐའ་དག་ལ་སྐབས་མི་འབྱེད་པ་ལ་བརྟེན་ནས་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་དེ་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་ལ་ནི་གཉེན་པོ་ཆུང་པའི་སྒོ་ནས་སྨད་པའོ། །ཁྱོད་ནི་གནས་གཞན་ལ་བརྟེན་དགོས་པས་གཞན་ལ་གནས་ཤིང་འདུག་ཅིག་པར་བསྒོ་བར་བྱ་སྟེ། དགེ་སློང་བྲམ་ཟེའི་བུ་མོ་ལྟ་བུས་ཞུས་པ་ལས། སྨད་པ་ཞེས་བྱ་བའི་དོན་ཅི་ལགས། ཨུ་པ་ལི་སྨད་པ་ཞེས་བྱ་བ་དེ་ནི་དགེ་སློང་གང་གི་ཕྱིར་དགེ་འདུན་ལྷག་མའི་ལྟུང་པ་བྱུང་བར་གྱུར་བ་ལ་ཁྱོད་ཀྱིས་ནམ་ལྟུང་བ་དེ་ལས་སླར་མ་ལོག་པ་དེའི་བར་དུ་གཞན་ལ་གནས་འཆའ་ཞིང་འདུག་ཅིག་ཅེས་བསྒོ་བའོ། །ཞེས་སོ། །ལུང་ལས། ཁྱོད་གནས་འཆའ་ཞིང་འདུག་ཅིག་ཅེས་པ་དེ་ལ་རྒྱ་ནི་གོ་བ་མི་འདུག་གསུང་ཡང་ཁྱོད་ལྟ་བུས་རང་རྐྱ་མ་ཐུབ་པས་གང་ཟག་གང་ལ་མཛད་པའམ། ངོ་ཚ་ཤེས་པའམ་ཁྲེལ་ཡོད་འབྱུང་བར་འགྱུར་བ་དེ་ལ་གནས་ཏེ་འདུག་པར་བྱའོ། །ཞེས་གསུངས་ཏེ། བསྡིགས་བསྐྲད་ཕྱིར་འགྱེད་པ་ལ་ཡང་སྦྱར་དུ་རུང་


K8Z004_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བར་དགོངས་ནས། མདོ་རྩ་བ་ལས། གྲོགས་བཤེས་ལ་བརྟེན་ཏེ་གནས་པར་བྱ་བ་ཉིད་དོ་ཞེས་སོ། །དེ་ཡང་རྒྱུན་དུ་ཞེས་པ་ནི་ལྷག་མ་རིགས་འདྲ་བཞི་སྡུད་པར་བྱེད་ཅིང་ཕྱིར་མི་འཆོས་པ་ལ་བྱ་སྟེ། ཡང་གཞི་ནས་བསླངས་ཏེ་སྤོ་ཞིག་པ་ལ་བྱ་བར་གསུངས་པའི་ཕྱིར་དང་། ཕྱིར་མི་འཆོས་པར་ཞེས་གཞུང་འདི་ཉིད་ལས་གསུངས་པའི་ཕྱིར་དང་། ཚ་རོད་པ་ན་རེ། བཞི་སྡུད་དུ་བྱེད་ན་ཕྱིར་འཆོས་ཀྱང་སྨད་པ་ནན་ཏུར་བྱ་སྟེ། དེ་དོན་གྱིས་ན་ཕྱིར་འཆོས་པ་མ་ཡིན་ཏེ། ཕྱིར་འཆོས་པ་ལ་སྡོམ་སེམས་དགོས་ཤིང་། དེ་ལ་སྡོམ་སེམས་མེད་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། གཞུང་འདི་ཉིད་ལས་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་ཞེས་གསུངས་པ་དང་། རིགས་པ་ཡང་ལྷག་མ་རིགས་འདྲ་བཞི་སྡུད་བྱེད་ཀྱང་ཕྱིར་འཆོས་པར་བྱེད་པ་ལ་ནི་སྨད་པ་ནན་ཏུར་བྱས་ཀྱང་མི་འཆགས་ཏེ། ནན་ཏུར་བྱས་པ་ལ་དགོས་པ་མེད་པའི་ཕྱིར་རོ། །བཞི་སྡུད་དུ་བྱེད་ན་དོན་གྱིས་ཕྱིར་འཆོས་པ་མ་ཡིན་ཟེར་བ་དེ་ནི་མ་ངེས་ཏེ། བསམ་པ་ཐག་པ་ནས་ཕྱིན་ཆད་སྡོམ་སེམས་ཀྱིས་ཕྱིར་འཆོས་པར་བྱེད་ཀྱང་གཉེན་པོ་མི་བརྟན་པའི་རིགས་སྲིད་པའི་ཕྱིར་རོ། །གསུམ་པ་ཁྱིམ་སུན་འབྱིན་པ་མི་གཏོང་བ་ལ་ནི། གསོལ་བཞིའི་ལས་ཀྱིས་བསྐྲད་པ་ནན་ཏུར་བྱའོ། །བསྐྲད་པར་བྱ་བ་དེའི་ཕྱིར་དགེ་འདུན་འདུ་བ་ན་བསྐྲད་བྱ་དེ་འདུ་བ་མི་སྦྱིན་པ་དང་། ཉེས་པ་གླེང་བའི་སྐབས་མི་འབྱེད་པ་དག་ལ་ཡང་བསྐྲད་པ་ནན་ཏུར་བྱའོ། །ཁྱིམ་སུན་འབྱིན་པ་པོ་དེས་བདག་ལ་ལྟུང་བ་དེ་མ་མཐོང་ངོ་། །ཞེས་ཟེར་ན་ཡང་བསྐྲད་པ་ནན་ཏུར་བྱའོ། །དེ་ལྟར་ཁྱིམ་སུན་འབྱིན་པ་པོ་དེ་ལ་ལྟུང་བ་གླེངས་པ་ན། ལྟུང་བ་མ་མཐོང་ངོ་ཞེས་ཟེར་ཡང་མ་མཐོང་བ་གནས་ནས་དབྱུང་བའི་ལས་མི་བྱ་བར་བསྐྲད་པ་ནན་ཏུར་བྱ་བར་གསུངས་པས། ནན་ཏུར་བྱེད་པ་ལ་དང་པོ་གཞི་


K8Z004_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་པར་བྱ་བ་ཉིད་དོ། །བཞི་པ་ལ། ཕྱིར་འགྱེད་དངོས་ཉིད་བཤད་པ་དང་། །ཞར་ལས་བྱུང་བ་བརྗོད་པའོ། །དང་པོ་ནི། ཁྱིམ་པ་ལ་ཐོ་འཚམས་བརྙས་ཐབས་བྱེད་པ་ལ་ནི་མཛའ་གཅུགས་ཀྱི་དངོས་པོས་ཕྱིར་བསྡུ་ཞིང་། ཕྱིར་འགྱེད་པའི་ནན་ཏུར་བྱ་སྟེ་གསོལ་བཞིའི་ལས་ཀྱིས་སོ། །གཉིས་པ་ནི། ཕྱིར་འགྱེད་བྱས་པ་འདི་ལ་བཟོད་པ་གསོལ་བའི་ལས་ཀྱི་གནས་སྐབས་སུ་སྟེ། ལུང་གཞི་ལས། བཟོད་པར་བྱ་པའི་གསོལ་བའི་ལས་བྱས་ཟིན་པའི་གནས་སྐབས་སུ་ཁྱིམ་པ་དེ་ལ་བཟོད་པ་གསོལ་དུ་གཞུག་གོ། །འདིར་ལུང་ལས་གསོལ་བ་ཙམ་ཞིག་གསུངས་ཀྱི། བརྗོད་པའི་ཆོ་ག་ནི་ལུང་ན་མི་སྣང་ཡང་ཀར་ཤ་ལས་བརྗོད་པའི་ཆོ་ག་ཡང་བཤད་དོ། ཊཱི་ཀ་ལས། གསོལ་བ་བྱས་ཏེ་ཁྱིམ་པ་ལ་བཟོད་པ་གསོལ་དུ་འཇུག་པར་བྱ་སྟེ། ཁྱིམ་པས་བཟོད་པ་ཉིད་བཟོད་པར་བྱས་པ་ཡིན། ཅེས་བཤད་ཅིང་། རང་གི་རྣམ་བཤད་ལས། ཁྱིམ་པ་དེ་ལ་བཟོད་པ་གསོལ་དུ་གཞུག་པ་ཡིན་པར་བལྟ་བར་བྱའི། འདིར་ལས་ནི་མི་བྱའོ། །ཞེས་པ་ནི་གསོལ་བ་བྱས་མ་ཐག་པའི་སྐབས་འདིར་ལས་བརྗོད་པར་མི་བྱའོ་ཞེས་པ་སྟེ། གསོལ་བ་བྱས་ཟིན་ནས་ཁྱིམ་པ་ལ་བཟོད་པ་གསོལ་བའི་འོག་ཏུ་ལས་བརྗོད་པ་གསུམ་མཇུག་སྡུད་དང་བཅས་པ་བྱའོ། །གཉིས་པ་ལ། ཕྱིར་མི་འཆོས་པ་གནས་ནས་དབྱུང་། །མ་མཐོང་གནས་ནས་དབྱུང་བ་དང་། །སྡིག་ལྟ་མི་གཏོང་དབྱུང་བའོ། །དང་པོ་ནི། ཕྱིར་མི་འཆོས་པ་གནས་ནས་དབྱུང་བ་ནི། ལྟུང་བ་གྲགས་པ་ནི་ཊཱི་ཀ་ལས་ལྟུང་བ་བྱུང་བ་དེ་གནས་ནས་འབྱིན་པར་བྱེད་པའི་དགེ་འདུན་དག་གིས་ཤེས་པའོ་ཞེས་སོ། །ལྟུང་བ་བྱུང་བ་གཞན་ལ་གྲགས་པ་དེ་ཕྱིར་མ་བཅོས་ན་ཡིད་ཀྱིས་བསྡམས་པས་ཕྱིར་བཅོས་སུ་མི་རུང་བས་བཤགས་དགོས་ཡན་ཆད་ཀྱི་ལྟུང་བ་ཕྱིར་འཆོས་པའི་རྐྱེན་


K8Z004_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འཛོམ་བཞིན་དུ་ཕྱིར་མི་འཆོས་པར་བྱེད་པ་ལ་གནས་དབྱུང་བྱ་བ་དང་། གཉིས་པ་ནི། ལྟུང་བ་གླེངས་པ་ན་ཤེས་བཞིན་དུ་བདག་ལ་ལྟུང་བ་བྱུང་བ་མཐོང་ཞེས་ཟེར་ཞིང་། ལྟུང་བ་ཕྱིར་བཅས་པས་རྗེས་སུ་བསྒྲུབ་པར་མི་འདོད་པ་དབྱུང་བར་བྱའོ། །གསུམ་པ་ནི། སྡིག་པ་ཅན་གྱི་ལྟ་བ་མི་གཏོང་བ་གནས་ནས་དབྱུང་བར་བྱའོ། །གསུམ་པ་ནི། ཊཱི་ཀ་ལས། ནན་ཏུར་གྱི་ལས་གང་ཡང་རུང་བ་བྱས་པའི་རྗེས་ལ་ལས་དེ་བྱེད་པའི་དགེ་འདུན་གྱིས་ནན་ཏུར་གང་ལ་བྱས་པའི་གང་ཟག་དེ་ལ་འདི་སྐད་བསྒོ་བར་བྱའོ། །གནས་འདི་ཉིད་དུ་ནན་ཏུར་གྱི་རྒྱུའི་ལྟུང་བ་འདི་ཕྱིར་བཅོས་པར་གྱིས་ཤིག ། ཅེས་ཏེ། ཊཱི་ཀ་ལས། གནས་གཞན་དུ་ཕྱིར་འཆོས་སུ་མ་གནང་བར་བསྟན་པའོ། །ཞེས་སོ། །དགེ་འདུན་འདི་ཉིད་ལ་བཟོད་གསོལ་གྱིས་ཤིག ། དགེ་འདུན་འདི་ཉིད་ཀྱིས་ཁྱོད་ནན་ཏུར་ལས་བག་ཡངས་སུ་བྱེད་པར་ཏེ་ནན་ཏུར་ལས་གྲོལ་བར་འགྱུར་རོ། །ཞེས་བརྗོད་པར་བྱའོ། །ཊཱི་ཀ་ལས། དགེ་འདུན་འདིས་མ་གནང་ན་མཚམས་གཞན་གྱི་དགེ་འདུན་གྱི་བག་ཡངས་སུ་བྱེད་པ་མི་དབང་བར་བསྟན་ཏོ། །ཞེས་སོ། །གཉིས་པ་ལ། སྤྱིའི་དོན་དང་། དཀྱུས་ཀྱི་དོན་ནོ། །དང་པོ་ལ། དགོས་དོན་བསྡུས་པའི་དོན་ནོ། །དང་པོ་ནི། ལྟུང་བ་ཕྱིར་བཅོས་བྱས་པའི་དགོས་པ་ལྟུང་བ་དག་པར་འགྱུར་བ་སྟེ། ལུང་གཞི་དང་ཀརྨ་ཤ་ཏམ་ལས། དབྱུང་བ་བྱས་མ་ཟིན་པའི་སྐབས་ན་ཁྱོད་ཀྱི་འགྲོ་བ་ནི་གཉིས་ཏེ། དམྱལ་བ་དང་དུད་འགྲོའོ་ཞེས་གསུངས་ནས་དབྱུང་བ་བྱས་པ་ན་ཁྱོད་ཀྱི་འགྲོ་བ་ནི་གཉིས་ཏེ། ལྷའམ་མིའོ་ཞེས་ངན་སོང་དུ་འགྲོ་རྒྱུའི་ཉེས་པ་དེ་དག་པར། གསུངས་པ་དང་། གཞུང་འདི་ཉིད་ལས། མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་ལྡང་། ཞེས་གསུངས་པས་སོ། །ཉིང་དགོས་ནི་ཚུལ་ཁྲིམས་དག་པའི་ཕན་ཡོན་


K8Z004_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཐོབ་པ་སྟེ། ཉན་ཐོས་ཀྱི་ས་ལས་ཕན་ཡོན་བཅུ་ཉིད་དོ། །ཞེས་ལྟུང་བ་མ་བྱུང་བས་དགག་པ་དང་། བྱུང་ཡང་བཤགས་པས་དག་པའི་ཕན་ཡོན་ཐུན་མོང་དུ་གསུངས་ཤིང་། དེ་གཉིས་དག་པའི་རང་བཞིན་དུ་འདྲ་བའི་ཕྱིར་དང་། སོ་ཐར་གྱི་མདོ་ལས། མཐོལ་ན་དེ་བདེ་བ་ལ་རེག་པར་འགྱུར་རོ། །ཞེས་གསུངས་ཤིང་། བམ་པོ་ལྔ་བཅུ་པ་ལས། མཐོལ་ན་ཚུལ་ཁྲིམས་ཀྱི་ཕན་ཡོན་བཅུ་ཐོབ་ཅིང་། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་ལ་རེག་པར་གནས་པར་འགྱུར་བའོ་ཞེས་བཤད་དོ། །འོ་ན་བཤགས་པས་ལྟུང་བ་དག་ལུགས་ཇི་ལྟར་དག་པ་ཡིན་ཅེ་ན། སོག་པ་ན་རེ། བཤགས་པས་ལྟུང་བ་འཕེལ་བའི་རྒྱུན་ཆད་པ་ཙམ་ཡིན་གྱི། ལས་ཀྱི་ངོ་བོ་མི་འདག་སྟེ། ལུང་གཞི་ལས། དགེ་འདུན་འཚོ་བའི་བྱུང་བའི་སྐབས་ནས་སྡིག་པའི་ལས་བཤགས་ཀྱང་ལས་དེའི་རྣམ་པར་སྨིན་པ་ལས་རྒྱན་འདྲ་བ་དག་ཏུ་གྱུར་ཏོ། །ཞེས་བཤད་པ་དང་། ལུང་ཕྲན་ཚེགས་ལས། བ་གླང་བདག་གི་བྱུང་བའི་སྐབས་ནས་བཤགས་པ་བྱས་ཀྱང་དུད་འགྲོར་སྐྱེས་པར། གསུངས་པས་ཤེས་ཞེས་ཟེར་རོ། །དེ་ལ་གནོད་བྱེད་ནི། ལུང་གཞི་དང་ཀརྨ་ཤ་ཏམ་གྱི་དབྱུང་བའི་སྐབས་ལས་དང་གཞུང་འདི་ཉིད་ནས་དག་པར་གསུངས་པ་དང་འགལ་ལོ། །འཕེལ་བ་རྒྱུན་ཆད་པ་ཙམ་ནི་མཐོལ་བས་ཀྱང་གྲུབ་པས་བཤགས་པ་དོན་མེད་དུ་འགྱུར་བ་དང་། སྡིག་ལྟུང་ངོ་བོ་གཅིག་ཅིང་སྡིག་པ་ནི་སྟོབས་བཞིས་དག་པར་གསུངས་པའི་གནད་དང་འགལ་ལོ། །དེར་མ་ཟད་གཉེན་པོས་མི་འདག་ན་ལྟུང་བ་འདུས་མ་བྱས་སུ་ཐལ་བར་འགྱུར་རོ། །སྒྲུབ་བྱེད་གཞིག་པ་ནི། བཤགས་པར་བྱས་ཀྱང་རྣམ་སྨིན་སྨྱོང་བར་གཟུངས་པ་ཐམས་ཅད་ནི་ལས་ཀྱི་ལྷག་མ་ལུས་པ་དེའི་འབྲས་བུའམ། ཕྱིར་བཅོས་མཚན་ཉིད་དང་མི་ལྡན་པ་ལ་དགོངས་སོ་ཞེས་གསུངས་སོ། །རྒྱ་ན་རེ། བཤགས་


K8Z004_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་བྱས་པ་ན་ལྟུང་བའི་བག་ཞད་ཙམ་ཡང་མ་ལུས་པར་དག་སྟེ་ལས་ཀྱི་ཁ་སྐོང་བཏུབ་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་གནོད་བྱེད་ནི། གཏམ་གྱི་གཞི་ལས། ནོངས་པ་བསྒོམས་པས་སྤང་བར་བྱའོ། །ཞེས་གསུངས་ལ། དེ་ཡང་ལྟུང་བ་ནི་བཅས་པའི་རྟེན་ཅན་གྱི་ལུས་ངག་ཡིད་གསུམ་གྱི་ལས་ལ་བཅས་ལ། ལས་ལ་བག་ཆགས་མེད་པ་མི་སྲིད་ཅིང་། བག་ཆགས་ནི་བཤགས་པས་མི་བདག་སྟེ། སྒོམ་བྱུང་ཟག་མེད་ཤེས་རབ་ཀྱིས་སྤང་བྱ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །སྒྲུབ་བྱེད་གཞིག་པ་ནི་ལས་ཀྱི་ཁ་སྐོང་བཏུབ་པས་ནི་བག་ཞད་ཙམ་ཡང་མ་ལུས་པས་དག་པར་མ་ངེས་ཏེ། ལྟུང་བ་བྱིན་གྱིས་བརླབས་པས་ལས་ཀྱི་ཁ་སྐོང་བཏུབ་ཀྱང་བག་ཞད་ཙམ་ཡང་མ་ལུས་པར་དག་པར་མ་ངེས་པ་བཞིན་ནོ། །འོ་ན་དག་ལུགས་ཇི་ལྟར་ཡིན་ཅེ་ན། ཤ་མི་ལ་སོགས་པ་རྣམས་ནི་འདི་ལྟར་འཆད་དེ། ཚུལ་བཞིན་དུ་བཤགས་པ་བྱས་པ་ན་ལྟུང་བའི་མངོན་གྱུར་བྱེད་ལས་དང་བཅས་པ་ནི་དག་ལ། ས་བོན་བག་ཆགས་དང་བཅས་པ་ནི་མི་འདག་པ་ཡིན་ཏེ། བམ་པོ་ལྔ་བཅུ་པ་ལས། གདུག་པ་ཞེས་བྱ་བ་ནི་ལྟུང་བ་སྟེ། སྤྲུལ་གྱི་དུག་དང་འདྲ་བའི་ཕྱིར་རོ། །རྣམ་སེལ་ཞེས་བྱ་བ་ནི་རྣམ་པར་གནོན་པ་སྟེ་ཀུན་ཏུ་སྤྱོད་པ་སེལ་བའི་ཕྱིར་རོ། །ཞེས་གསུངས་པས། ས་བོན་བག་ཆགས་དང་བཅས་པ་རྣམ་པར་གནོན་ཏེ། མངོན་གྱུར་བྱེད་ལས་དང་བཅས་པའི་ཀུན་ཏུ་སྤྱོད་པ་སེལ་བའི་ཕྱིར་ཞེས་ཟེར་རོ། །དེ་ལྟར་ན་ས་བོན་བག་ཆགས་དང་བཅས་པ་ཁས་ལེན་པ་ནི་ཐེག་ཆེན་སེམས་ཙམ་པའི་གྲུབ་མཐའ་ཡིན་གྱི། ཉན་ཐོས་པའི་གྲུབ་མཐའ་ནི་མ་ཡིན་ནོ། །འོན་ཀྱང་ལས་མྱོང་ངེས་མ་ཡིན་པའི་སྡིག་པ་དང་ངོ་བོ་གཅིག་པའི་ལྟུང་བ་ལ་ནི་བཤགས་པ་བྱས་པས་མངོན་གྱུར་བྱེད་ལས་དང་བཅས་པ་དེ་དག་པ་


K8Z004_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་ཀྱང་ལས་མྱོང་ངེས་དང་། ངོ་བོ་གཅིག་པའི་ལྟུང་བ་ནི་བཤགས་པ་བྱས་པས་སྲབ་པ་ཙམ་དུ་བྱེད་ཀྱི། ལས་དེའི་མངོན་གྱུར་བྱེད་ལས་དང་བཅས་པ་དག་པར་མི་རིགས་ཏེ། རྣམ་སྨིན་མྱོང་ངེས་ཀྱི་ལས་ཡིན་པའི་ཕྱིར་རོ། །གཞན་དུ་ན། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་སྦོམ་པོ་དེ་དགེ་སློང་དྲུག་ལ་ཆོ་ག་ལན་གསུམ་བརྗོད་ཅིང་བཤགས་པ་སྔ་མ་བྱས་ན་མཚམས་མེད་པའི་ལས་ཀྱིས་ཚེ་ཕྱི་མར་དམྱལ་བར་འཕེན་པའི་བྱེད་ལས་ཀྱང་དག་པར་སྨྲའམ་ཅི། དེས་ན་ལས་མྱོང་ངེས་དང་མྱོང་ངེས་མ་ཡིན་པའི་དབྱེ་བ་གཉིས་ལས། ལས་སྲབ་པ་ཙམ་དུ་བྱེད་པ་དང་། མངོན་གྱུར་བྱེད་ལས་དང་བཅས་པ་དེ་དག་པ་གོ་རིམ་བཞིན་ནོ། །འོ་ན་ལྟུང་བ་དག་པའི་རྒྱུ་དུ་ཡོད་ཅེ་ན། མིང་རིགས་བརྗོད་པའི་ཕྱིར་བཅོས་དང་། མཐའ་བརྩོལ་བའི་རྐྱེན་མ་འབྱོར་བ་དང་། མཚན་གྱུར་པ་དང་། དགྲ་བཅོམ་པ་ཐོབ་པ་དང་། སྟོང་ཉིད་སྒོམ་པ་དང་ལྔའོ་ཞེས་སྔ་རབས་པ་ལ་གྲགས་མོད། དང་པོ་གཉིས་ནི་དག་བྱེད་མཚན་ཉིད་པ་སྟེ་གཞུང་འདི་ཉིད་ལས་བྱུང་ངོ་། །གསུམ་པ་ནི། མངོན་གྱུར་གྱི་སྐབས་ལས་ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་ཞེས་གསུངས་ཏེ། ལྟུང་བ་མངོན་གྱུར་བྱེད་པ་ནུས་ལྡན་ལས་ཉམས་པ་ཙམ་ལ་ལྟུང་བ་དག་པའི་ཐ་སྙད་བཏགས་པ་ཡིན་གྱི། དག་བྱེད་མཚན་ཉིད་པ་ཡིན་ན། ལུང་ཞུ་བ་ལས། མཚན་སླར་གྱུར་པ་ན་སྔར་གྱི་ལྟུང་བ་དེ་ལྡོག་པར་གསུངས་པ་དང་འགལ་ཏེ། རྒྱས་པར་སྤྱིར་བསྟན་དུའོ། །བཞི་པ་ལྟུང་བ་དག་པའི་རྒྱུ་ཡིན་ནོ་ཞེས་འཆད་ཀྱང་། འོག་མ་ནི་དགྲ་བཅོམ་པ་ཉིད་ཀྱིས་སོ་ཞེས་གསུངས་ཏེ། དེ་ནི་ཊཱི་ཀ་ལས། གང་གི་ཚེ་དགྲ་བཅོམ་པ་ཐོབ་པ་དེའི་ཚེ་ན་ནི་བསླབ་པ་བྱིན་པ་ཞེས་མི་བྱ་སྟེ། འཁྲུལ་བའི་རྒྱུ་འདོད་ཆགས་ལ་སོགས་པ་སྤང་བའི་ཕྱིར་ཞེས་གསུངས་


K8Z004_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལྟུང་བ་དག་པ་དངོས་ཉིད་ཡིན་གྱི། ལྟུང་བ་འདག་པའི་རྒྱུ་དངོས་མ་ཡིན་ནོ། །ལྔ་པ་ནི། དག་བྱེད་མཚན་ཉིད་པར་འཆད་པའི་ཚུལ་ལ། མདོ་སྡེ་རྒྱན་གྱི་འགྲེལ་བཤད་དུ། ཉན་ཐོས་ཀྱི་ལུགས་བརྗོད་པ་ལས་ཀྱང་། ཆོས་རྣམས་ལ་ཆོས་ཀྱི་སྡོམ་སྟོང་པ་ཉིད་ཚུལ་བཞིན་དུ་སོ་སོར་རྟོགས་པ་དེའི་ཚེ་ལྟུང་བ་ཕྲ་མོའི་ཡང་ཕྲ་མོ་དག་ལས་ལྡང་བར་འགྱུར་རོ་ཞེས་གསུངས་ཏེ། ལྟུང་བ་ཕྲ་མོ་ནི་མཚོན་པ་ཙམ་སྟེ། བསླབ་པ་བྱིན་པས་ཆོས་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པ་ཉིད་དེ་ནན་ཏན་གྱིས་བསྒོམས་པས་དོན་ལ་རང་རྒྱུད་ཀྱི་ལྟུང་བ་ཐམས་ཅད་དག་སྟེ་མཐོང་ལམ་སྐྱེས་པ་ལྟ་བུའོ། །མདོར་ན་ལས་ཀྱི་རྣམ་སྨིན་མྱོང་བ་ལ་ཁམས་གསུམ་གང་དུ་སྐྱེ་བ་ལེན་པ་དེའི་ཚེ་འཁོར་བའི་གནས་དེར་མ་རིག་པའི་དབང་གིས་གཞི་བདག་ཏུ་ལྟ་བའི་སྒོ་ནས་འཕེན་འགྲུབ་ཀྱི་འདུ་བྱེད་དང་། སྲེད་ལེན་གྱིས་མཚམས་སྦྱར་ནས་སྲིད་པར་སྐྱེ་བ་བླངས་ནས་ལས་གང་བྱས་ཀྱི་རྣམ་སྨིན་མྱོང་དགོས་པ་ལས། གང་ཟག་གི་བདག་ལྟ་སྟོང་པར་རྟགས་ནས་འཕེན་འགྲུབ་ཀྱི་བྱེད་པ་ཆད་པས་འཁོར་བར་མི་སྐྱེ་ན་དེའི་ལས་འབྲས་མི་མྱོང་བ་ཡིན་ནོ། །གལ་ཏེ་བྱང་སེམས་བདེན་མཐོང་གི་རྒྱུད་ལས། བསྐལ་པ་དཔག་མེད་ནས་ཕ་བསད་པ་ལྟ་བུའི་ལས་ཀྱི་ལྷག་མ་མྱོང་དགོས་ཀྱི་བག་ཆགས་ཡོད་པས། བྱང་སེམས་དེ་ངན་སོང་དུ་སེམས་ཅན་གྱི་དོན་དུ་སྐྱེ་བ་བཞེས་པ་ན་ལས་ལྷག་མྱོང་དགོས། དེའི་བག་ཆགས་དེས་དེའི་འབྲས་བུ་སྡུག་བསྔལ་མྱོང་ངམ་ཞེ་ན། མ་ཡིན་ཏེ། བྱང་སེམས་དེའི་རྒྱུད་ལ་ལས་ལྷག་མྱོང་དགོས། དེའི་བག་ཆགས་ཡོད་དུ་ཆུག་ཀྱང་ངན་སོང་དེར་སྐྱེ་བའི་འཕེན་བྱེད་དེས་ལས་ཀྱི་ལྷག་མ་དེ་མཐུ་ཅན་དུ་བྱས་པའི་སྒོ་ནས་མ་ཡིན་པར་སེམས་ཅན་ལ་བརྩེ་


K8Z004_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྙིང་རྗེ་ཆེན་པོ་འཕེན་བྱེད་དུ་བྱས་པའི་སྒོ་ནས་སྐྱེ་བ་བླངས་པའི་རྒྱུ་ལས་འབྲས་བུ་ངན་སོང་གི་སྲིད་པར་ཡང་མཚམས་མེད་ཀྱི་ལས་ལྷག་དེའི་འབྲས་བུ་དུཿཁ་འབྱུང་བ་མ་ཡིན་ནོ། །འོ་ན་བདེན་པ་མཐོང་བ་དང་དགྲ་བཅོམ་ཐོབ་ཀྱང་མི་དགེ་བའི་ལས་ལྷག་གི་རྣམ་སྨིན་མྱོང་དགོས་པ་ཅི་ལྟར་ཞེ་ན། བདེན་པ་མཐོང་བའི་ལུས་རྟེན་དང་། དགྲ་བཅོམ་ཐོབ་པའི་ལུས་རྟེན་ཏེ་འཕེན་བྱེད་ཀྱི་ལས་དེས་མི་དགེ་བའི་ལས་ལྷག་དེ་མཐུ་ཅན་དུ་བྱས་པའི་སྒོ་ནས་སྐྱེ་སྲིད་བླངས་པ་ཡིན་པས། ལས་ཀྱི་ལྷག་མ་མྱོང་བར་བཤད་པ་ནི་ཉན་ཐོས་པའི་ལུགས་ཡིན་ནོ། །ཐེག་ཆེན་པ་ལྟར་ན། ཟབ་མོ་སྟོང་ཉིད་ལ་ཐོས་བསམ་གྱི་ཤེས་རབ་ཁྱད་པར་ཅན་བྱས། གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པས་སྡིག་པ་མི་དགེ་བ་བཅུའི་ལས་མངོན་གྱུར་བྱེད་ལས་དང་བཅས་པ་དག་པས་ཚོགས་ལམ་ཆེན་པོ་ཡན་དུ་ལས་མི་དགེ་བ་སྤྱད་པའི་འབྲས་བུ་ཡེ་མི་མྱོང་བར་བཤད་དོ། །འདི་དག་གི་བཤད་པ་ཆེས་ཕྲ་བ་རྣམས་ནི་ཐེག་པ་མཆོག་དམན་གྱི་ཆོས་མངོན་པ་གོང་འོག་གི་རྒྱ་ཆེར་འགྲེལ་རྣམས་སུ་འཆད་པར་འདོད་དོ། །གཉིས་པ་བསྡུས་པའི་དོན་ལ་གཉིས་ཏེ། བསམ་པས་ཕྱིར་བཅོས་པ་དང་སྦྱོར་བས་དག་པར་བསྒྲུབ་པའོ། །དང་པོ་ལ་བཞི་ལས། ཉེས་པ་སྔ་མ་ལ་འགྱོད་པ་དང་། ཕྱིན་ཆད་སྡོམ་པ་དང་། ད་ལྟ་ཕྱིར་བཅོས་པར་འདོད་པ་དང་། མྱ་ངན་ལས་འདས་པའི་བསམ་པ་དང་ལྡན་པ་སྟེ། ལུང་སིལ་བུ་ལས། ཉེས་པར་མཐོང་ངམ་ཕྱིན་ཆད་སྡོམ་པར་དམ་འཆའམ། ཞེས་གསུངས་པ་དང་། བསམ་པས་ལྟུང་བ་ལས་ལྡང་གི་ཞེས་པ་དང་། མདོ་མཐའ་དག་ངེས་འབྱུང་གི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་གསུངས་པས། ཕྱིར་བཅོས་ཀྱི་གཞི་འདི་ཡང་ངེས་འབྱུང་གི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་


K8Z004_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །བསམ་པ་སྔ་མ་གསུམ་མེད་ན་ལྟུང་བ་མི་འདག་སྟེ། ཕྱིར་བཅོས་པའི་བསམ་པ་མཚན་ཉིད་པ་མེད་ན་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་པ་དང་། ཊཱི་ཀ་ལས། སྡོམ་པ་མེད་ན་བཤགས་པས་ཅིར་ཡང་མི་འགྱུར་རོ། །ཞེས་པ་དང་། ཕྱིན་ཆད་སྡོམ་པའི་བསམ་པ་ཡོད་པ་ལས་གཞན་དུ་ན་སྟེ། ཕྱིན་ཆད་སྡོམ་པའི་བསམ་པ་མེད་པར་སྡོམ་ལགས་ཞེས་བརྗོད་ན་བརྫུན་དུ་སྨྲ་བ་ཁོ་ནར་འགྱུར་ཞེས་ཊཱི་ཀ་ལས་སོ། །བསམ་པ་ཆོས་བཞིའི་ཐ་མ་མེད་ན་ངེས་འབྱུང་གི་ཚུལ་ཁྲིམས་སུ་མི་འགྱུར་རོ། །གཉིས་པ་སྦྱོར་བས་དག་པར་བསྒྲུབ་པ་ལ་གཉིས་ཏེ། འཆབ་པའི་ཉེས་པ་མི་འབྱུང་བའི་དོན་དུ་མཐོལ་བ་དང་། ཉེས་པ་ཕྱིར་བཅོས་པ་དངོས་སོ། །དང་པོ་ལ་གཉིས་ཏེ། དགོས་པའི་དོན་དང་། བསྡུས་པའི་དོན་ནོ། །དང་པོ་ནི། ཉེས་པ་མཐོལ་བས་འཆབ་པའི་ཉེས་པ་མི་འབྱུང་ཞིང་། འཆབ་པའི་ཉེས་པ་འཕེལ་བ་རྒྱུན་ཆད་པར་འགྱུར་བ་སྟེ། ལུང་གཞི་ལས། བཅབས་པ་ཆར་པ་བཞིན་དུ་འབབ། །མ་བཅབས་ཆར་བཞིན་དེ་མི་འབབ། །ཅེས་གསུངས་སོ། །མདོ་སྡེ་རྟོགས་པ་ཆེན་པོ་ལས། བཅབས་ཤིང་གསང་བས་ཉིན་ཞག་རེ་རེ་ཞིང་འཕེལ་བར་འགྱུར་བ། ཞེས་གསུངས་པ་ལྟར་ན་ཉེས་པ་འཕེལ་བར་འགྱུར་བ་དེ་རྒྱུན་མི་ཆད་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་མཐོལ་བ་ནི། དགེ་སློང་ཆོས་བདུན་ལྡན་ལ་མཐོལ་ཏེ། དེ་ཡང་བསྙེན་རྫོགས་ཀྱི་སྡོམ་པ་དག་པ་སྟེ། བསྙེན་པར་རྫོགས་པ་དང་བཅས་པ་ལའོ་ཞེས་སོ། །ལྟ་བ་མཐུན་པ་དང་མཚན་མཐུན་པ་སྟེ། ལྟ་བ་ཐ་མི་དད་པ་ལའོ། །མཚན་མཐུན་པ་ལའོ་ཞེས་སོ། །ཐ་སྙད་གསུམ་དང་ལྡན་པ་སྟེ། སྨྲ་ཤེས། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པའོ། །དེ་ཡང་སྤྱིར་བསྟན་པ་ལས། སྨྲ་


K8Z004_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དོན་གོ་བ་དེ་ནི་ལྟུང་བའི་སྣོད་ཡིན་ནོ། །ཞེས་པ་དང་། རང་བཞིན་དུ་གནས་པ་ལའོ་ཞེས་སོ། །ལུས་ཐ་མལ་པར་གནས་པ་སྟེ། ལྟུང་བ་བསྐྱེད་པའི་ཡུལ་ལ་གསུངས་པའི་གནད་ཀྱིས་སྦྱར་ཏེ། གཞན་དུ་ན། ལུས་ཀྱི་ཐ་སྙད་ལས་ཉམས་པས་ལྟུང་བ་མཐོལ་བའི་ཡུལ་དུ་མི་འོས་པའི་ཕྱིར་རོ། །ས་རང་བཞིན་དུ་གནས་པ་སྟེ། སྤོ་བའི་གཞི་ལས་ས་གཞན་ན་གནས་པ་ཡིན་ན་དགེ་སྦྱོང་བླ་མའི་གནས་ལྟ་བུ་སྤང་དགོས་པར་གསུངས་པའི་ཕྱིར་རོ། །མཚམས་ཀྱི་ནང་ན་གནས་པ་སྟེ། མཚམས་གཞན་ན་གནས་པས་ནི་ཞེས་པ་དང་། དེ་ན་གནས་ན་མཚམས་ཀྱི་སྒོ་ནས་ཐ་དད་པ་ཡིད་ལ་སྣང་བའི་ཕྱིར་རོ། །དེ་རྣམས་ལ་ཐུན་མོང་ཆོས་བདུན་ལྡན་ཅེས་བྱ་སྟེ། ཆོས་བདུན་ལྡན་དགོས་པའི་སྐབས་གོང་འོག་ཐམས་ཅད་དུ་ཡང་དེ་བཞིན་དུ་སྦྱར་རོ། །འོ་ན་དེ་ལྟ་བུའི་མཐོལ་ཡུལ་གྲངས་ཇི་ཙམ་དགོས་ཞེ་ན། བསྒོ་བ་ལས་གྱུར་པ་རྣམས་ནི་རང་ལ་བསྒོ་བ་མཛད་པའི་དགེ་འདུན་ཐམས་ཅད་ལ་མཐོལ་ཏེ། བསྒོ་བ་ལས་བྱུང་བ་རྣམས་ནི་དགེ་འདུན་ཐམས་ཅད་ལའོ་ཞེས་གསུངས་སོ། །སོ་སོར་བཤགས་པར་བྱ་བ་ནི་གནས་ཁང་ལ་སོགས་པའི་གནས་དེར་དགེ་སློང་ཇི་ཙམ་ཚོགས་པ་ལ་མཐོལ་ཏེ། སོ་སོར་བཤགས་པར་བྱ་བ་ནི་གནས་དེར་འཚོགས་པ་ལའོ་ཞེས་སོ། །དེ་གཉིས་ལས་གཞན་པའི་ལྟུང་བ་རྣམས་ནི་ཆོས་བདུན་ལྡན་གྱི་དགེ་སློང་གཅིག་ལ་མཐོལ་བར་བྱའོ། །མཐོལ་ཡུལ་ཆོས་བདུན་ལྡན་དེ་ཡང་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་གྱི། ཆོས་བདུན་མ་ཚང་བ་སྟེ་དགེ་བསྙེན་དང་། དགེ་ཚུལ་དང་མཚན་མི་མཐུན་པ་ཡིན་ཡང་ཆོས་འདི་པ་ལ་དེ་བྱས་ན་བྱས་པ་ཉིད་དོ་ཞེས་གསུངས་སོ། །འོན་ཀྱང་དེ་དག་ལ་མཐོལ་ན་འཆབ་པའི་ཉེས་པའི་བྱུང་བ་དེ་ཁེགས་ཀྱང་མཐོལ་ཡུལ་མཚན་ཉིད་དང་མི་ལྡན་པ་ལ་མཐོལ་བའི་ཉེས་བྱས་སུ་


K8Z004_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འགྱུར་རོ། །ཆུ་བོའི་ཕ་རོལ་ན་གནས་པའི་དགེ་སློང་མ་བོས་ཏེ། བདག་ལ་ལྟུང་བ་བྱུང་ངོ་ཞེས་བརྗོད་ན་ཡང་འཆབ་པའི་ཉེས་པ་ཁེགས་པས་མཐོལ་བ་ཙམ་དུ་ནི་འགྱུར་བས་མཚམས་གཞན་ན་གནས་པ་ལ་ཡང་ངོ་ཞེས་སོ། །གཉིས་པ་རྟེན་གང་གིས་མཐོལ་བ་ནི་རྟེན་ཆོས་བཞི་ལྡན་གྱིས་ཏེ། སྡེ་ལྔའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། གནས་ནས་མ་བྱུང་བ་དང་བཞིའོ། །གསུམ་པ་ལྟུང་བ་གང་མཐོལ་བ་ནི། ལྟུང་བ་ཆོས་བཞི་ལྡན་ཏེ། ལྟུང་བ་གང་ཡང་རུང་བ་ཡིན་པ་དང་། བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་དང་། ངོ་ཤེས་སམ་ཡིད་གཉིས་ཟ་བ་དང་། སྔར་མཐོལ་ཟིན་མ་ཡིན་པ་དང་བཞིའོ། །བཞི་པ་ཆོ་ག་གང་གིས་མཐོལ་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་ཡུལ་དེ་བསླབ་པ་རྒན་ན་དེ་ལ་ཕྱག་བྱ་བ་དང་། ཐུགས་གཏད་པར་ཞུ་བ་དང་། ལྷྭམ་ཕུད་དེ་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེན་པའོ། །དངོས་གཞི་ནི་སྔགས་ལན་གསུམ་བརྗོད་པ་སྟེ། དམིགས་བསལ་སོ་སོར་བཤགས་པའི་མཐོལ་བ་ནི་སྔགས་ལན་གཅིག་གོ། །མཇུག་ཐབས་ཡིན་ནོ། །ལེགས་སོ་ཞེས་སོ། །འོན་ཀྱང་བདག་ལ་ལྟུང་བ་འདི་བྱུང་ངོ་ཞེས་ཐ་མལ་པའི་ཚིག་བརྗོད་ན་ཡང་འཆབ་པའི་ཉེས་པ་འབྱུང་བ་ཁེགས་སོ། །གཉིས་པ་ཉེས་པ་ཕྱིར་བཅོས་པ་དངོས་ནི། སྐབས་འོག་ཏུ་འཆད་དོ། །གཉིས་པ་ལ། འཆབ་ཉེས་མི་འབྱུང་ཆེད་དུ་མཐོལ། །ཉེས་པ་བྱུང་ཟིན་ཕྱིར་བཅོས་པའོ། །དང་པོ་ལ། ལྟུང་བ་མི་བཅབས་མཐོལ་ཡུལ་བསྟན། །རབ་བྱུང་མ་རྗོགས་གསུམ་ཕྱིར་བཅོས། །མཐོལ་ཡུལ་མཐོལ་ཆོག་བྱེ་བྲག་བསྟན། །དང་པོ་ནི། གཞན་གྱི་ལྟུང་བ་


K8Z004_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

འཆབ་པའི་ཉེས་པ་ནི། སྔར་གནས་ངན་ལེན་བརྗོད་པའི་སྐབས་སུ་བསྟན་ཟིན་ལ། འདིར་ནི་རང་གི་ལྟུང་བ་བཅས་པར་མི་བྱའོ་སྟེ་རང་གི་ལྟུང་བ་བཅབས་ན་ཉེས་བྱས་སོ། །རྒྱས་པར་གོ་བར་བྱ་མ་ནུས་ན་ཐ་ན་ལྟུང་བའི་སྡེ་ཚན་གྱི་མིང་གོ་བར་བྱ་བ་ཉིད་དོ། །ཉེས་བྱས་ནི་བདག་ལ་ལྟུང་བ་བྱུང་ངོ་ཞེའམ། བདག་གིས་ཁ་ན་མ་ཐོ་བ་བྱས་སོ་ཞེས་རྣམ་པ་གང་ཡང་རུང་བས་གོ་བར་བྱ་བ་ཉིད་དོ། །རང་བཞིན་དུ་གནས་པ་ལའོ་ཞེས་པ་ནི། ཤེས་པ་རང་བཞིན་དུ་གནས་པ་དང་། བསླབ་པ་རང་བཞིན་དུ་གནས་པ་དང་། ས་རང་བཞིན་དུ་གནས་པ་གསུམ་གང་ཡིན་ཊཱི་ཀ་ན་མི་གསལ་ཡང་། ལུང་ཞུ་བ་ལས། སྨྱོན་པ་ལ་ནོངས་པ་སྨྲས་ན་སྨྲས་པ་ཞེས་བགྱིའམ། ཨུ་པ་ལི་མ་ཡིན་ནོ་ཞེས་གསུངས་པས་ཤེས་པ་རང་བཞིན་དུ་གནས་པ་ལའོ་ཞེས་བསྟན་ཏོ། །བསླབ་པ་རང་བཞིན་དུ་གནས་པ་ཡང་བསྟན་ཏེ། འགྲེལ་ལས། དགེ་སློང་ཕམ་པ་མ་བྱུང་བ་གཅིག་ལའོ། །ཞེས་སོ། །འོ་ན་རང་བཞིན་དུ་གནས་ན་ལྟ་བ་མི་མཐུན་པ་ལ་ཡང་རིག་པར་བྱའམ་ཞེ་ན། ལྟ་བ་ཐ་མི་དད་པ་ལ་གོ་བར་བྱ་བ་ཉིད་དོ། །འོ་ན་ལྟ་བ་མཐུན་པའི་ཁྱིམ་པའམ་དགེ་ཚུལ་ལྟ་བུ་ལ་ཡང་རིག་པར་བྱའམ་ཞེ་ན། བསྙེན་པར་རྫོགས་པ་དང་བཅས་པ་ལའོ། །འོ་ན་དགེ་སློང་ཕ་མ་ཕན་ཚུན་དུ་རིག་པར་བྱའམ་ཞེ་ན། མཚན་མཐུན་པ་ལའོ། །གཉིས་པ་ལ། སྤྱིའི་དོན་དང་། དཀྱུས་ཀྱི་དོན་ནོ། །དང་པོ་ལ་དགོས་པའི་དོན་ནི། དགེ་ཚུལ་ལ་སོགས་པ་གསུམ་པོ་རང་རང་གི་ལྟུང་བ་དག་པར་འགྱུར་རོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་བཤགས་པ་ནི། བཤགས་ཡུལ་བསྙེན་རྫོགས་ཆོས་བརྒྱད་དང་ལྡན་པ་ལ་སྟེ། ཐུན་མོང་བ་ཆོས་བདུན་ལྡན་སྔར་བཤད་པའི་སྟེང་དུ་ལྟུང་བ་མིང་རིགས་མཐུན་པ་དང་མི་ལྡན་པ་སྟེ། དཔེར་ན་ཆང་འཐུང་བའི་ལྟུང་བ་བཤགས་པར་བྱེད་ན་བཤགས་ཡུལ་དེས་ཆང་འཐུང་བའི་ལྟུང་


K8Z004_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པ་ལྟ་བུ་དང་བརྒྱད་དོ། །གཉིས་རྟེན་གང་གིས་བཤགས་པ་ནི། རྟེན་ཆོས་བཞི་ལྡན་ཏེ་རབ་ཏུ་བྱུང་ཞིང་། བསྙེན་པར་མ་རྫོགས་པའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་དུ་གནས་པ་དང་། བསྙེལ་བ་མ་ཡིན་པ་སྟེ་བཞིའོ། །གསུམ་པ་ལྟུང་བ་གང་བཤགས་པ་ནི། ཆོས་བཞི་ལྡན་ཏེ། བཤགས་པར་བྱ་བའི་ཉེས་བྱས་ཡིན་པ་དང་། བདག་གི་རྒྱུད་དང་འབྲེལ་པར་ཡོད་པ་དང་། ངོ་ཤེས་ཤིང་དྲན་པར་ནུས་པ་དང་། འཆབ་པ་དང་མི་ལྡན་པའོ། །དང་པོ་ནི། སྤྱིར་ན་དགེ་ཚུལ་གྱི་ལྟུང་བ་ཐམས་ཅད་ཉེས་བྱས་རྣམ་པ་གསུམ་ལས། བཤགས་པར་བྱ་བའི་ཉེས་བྱས་ནི་དགེ་ཚུལ་གྱིས་ཆང་འཐུང་བ་ལ་སོགས་པའི་ཉས་བྱས་རྣམས་སོ། །གཞན་དུ་ན་ཕམ་པ་དང་འདྲ་བའི་ཉེས་བྱས་ནི་བཤགས་པས་མི་འདག་ཅིང་། བསྡམ་པར་བྱ་བའི་ཉེས་བྱས་ནི་ཡིད་ཀྱིས་བསྡམས་པས་འདག་སྟེ་བཤགས་མི་དགོས་སོ། །བཞི་པ་ཆོ་ག་གང་གིས་བཤགས་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་འཆབ་པ་ཡོད་ན་འཆབ་པའི་ཉེས་པ་དེ་ཡིད་ཀྱིས་བསྡམས་ལ། དེ་ནས་བཤགས་བྱའི་ཉེས་པ་དངོས་ཉིད་བཤགས་པར་བྱེད་པ་ན་བཤགས་ཡུལ་ལ་ཕྱག་བྱས་ཏེ་ཐུགས་གཏད་པར་ཞུ་བ་དང་། ལྷྭམ་ཕུད་དེ་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེན་པའོ། །དངོས་གཞི་ནི་སྔགས་ལན་གསུན་བརྗོད་པ་སྟེ། དེ་ཡང་ལྟུང་བ་གཅིག་དང་། གཉིས་དང་། གསུམ་སོགས་ཚད་མང་པོ་དང་། དཔག་ཏུ་མེད་པ་བྱུང་སྟེ་ཞེས་བརྗོད་ཅིང་བཤགས་པའོ། །མཇུག་མཐོང་སྡོམ་ལན་གསུམ་འདྲི་ཞིང་ལན་འདེབས་པ་དང་། ཐབས་ཡིན་ནོ། །ལེགས་སོ་ཞེས་སོ། །གཉིས་པ་ལ། དགེ་ཚུལ་ཕ་མ་དང་དགེ་སློབ་མ་དང་གསུམ་གྱིས་ཡུལ་གང་ལ་ཚུལ་


K8Z004_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ལྟུང་བ་མཐོལ་བ་དང་བཤགས་པར་བྱ་ཞེ་ན། བསྙེན་པར་རྫོགས་པ་དང་བཅས་པ་སྟེ་དེ་ཉིད་ལ་ལྟུང་བ་རིག་པར་བྱ་བ་འདི་དང་། གཞུང་གི་སྐབས་འོག་མ་ནས་འབྱུང་བའི་བཤགས་པ་དང་བཅས་ཏེ་ཕྱིར་བཅོས་པར་བྱའོ། །དགེ་ཚུལ་ཕ་མ་དགེ་སློབ་མ་དང་གསུམ་གྱི་ལྟུང་བ་བཤགས་པར་བྱེད་པ་ན་རང་རང་གི་རིས་མཐུན་པའི་ཡུལ་ལ་ཅིའི་ཕྱིར་མི་རུང་ཞེ་ན། རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་དགེ་ཚུལ་ཕ་མ་དང་དགེ་སློབ་མ་དང་གསུམ་པོ་དག་ནི་ལྟུང་བ་མཐོལ་བཤགས་ཀྱི་ཡུལ་མ་ཡིན་ཏེ། བསྙེན་པར་རྫོགས་པའི་དགེ་འདུན་གྱིས་འཁོར་དུ་ཡོངས་སུ་བཟུང་བ་ཙམ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཆོས་འདི་པ་བསྙེན་པར་རྫོགས་པ་མཚན་མི་མཐུན་པ་དང་། དགེ་ཚུལ་ལ་སོགས་པ་དང་། ཁྱིམ་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་ལྟ་བ་ཅན་ལ་ལྟུང་བ་རིག་པར་བྱ་བ་དེ་བྱས་ན་བྱས་པ་ཉིད་ཡིན་པས་བཅབས་པའི་ཉེས་པར་མི་འགྱུར་རོ། །མཚན་མི་མཐུན་པ་དགེ་སློང་ཕ་མ་གཉིས་ཕན་ཚུན་དུ་ལྟུང་བ་རིག་པར་བྱེད་ན་བཅབས་པའི་ཉེས་པར་མི་འགྱུར་ཡང་ཚུལ་དང་མི་མཐུན་པའི་ཉེས་བྱས་སུ་ནི་འགྱུར་རོ། །དགེ་བསྙེན་ནམ་དགེ་ཚུལ་ལ་སོགས་པ་ལ་ལྟུང་བ་རིག་པར་བྱེད་ན་བཅབས་པའི་ཉེས་པར་མི་འགྱུར་ཡང་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དམ། ཉེས་བྱས་ཅི་རིགས་པར་འགྱུར་ཏེ་ཊཱི་ཀས་དེ་ལྟར་བཤད་དོ། །མཚམས་གཞན་ན་གནས་པ་ནི་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ནོ་ཞེས་པ་དེའི་དམིགས་བསལ་ནི། །མཚམས་གཞན་ན་གནས་པ་ལ་ཡང་རིག་པར་བྱ་བ་དེ་བྱས་ན་བྱས་པ་ཉིད་དོ། །དེས་ན་ལྟུང་བ་བཅབས་པའི་ཉེས་པར་མི་འགྱུར་ཡང་བརྗོད་པ་ལས་ཉེས་བྱས་སུ་འགྱུར་ཏེ་ཊཱི་ཀ་དང་ལུང་ལས་སོ། །དབྱེན་བྱེད་པའི་དགེ་འདུན་ལྷག་མ་ལ་སོགས་པ་བསྒོ་བ་ལས་བྱུང་བའི་ལྟུང་བ་


K8Z004_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་བདག་ཉིད་ལ་བསྒོ་བའི་ལས་བྱས་པའི་དགེ་འདུན་ཐམས་ཅད་ལ་གོ་བར་བྱ་བ་ཉིད་དོ། །རང་འགྲེལ་ལས། བསྒོ་བ་ལས་བྱུང་བ་འདི་རྣམས་དགེ་འདུན་ཐམས་ཅད་ལ་བཤགས་དགོས་པར་བཤད་པ་ནི་ཡི་གེ་ལྷག་པར་སེམས་ཏེ། ལུང་ལས། འདི་རྣམས་དགེ་འདུན་ཐམས་ཅད་ལ་མཐོལ་དགོས་པར་གསུངས་ཀྱང་འདི་རྣམས་དགེ་འདུན་ཐམས་ཅད་ལ་བཤགས་དགོས་པའི་ལུང་མེད་ཅིང་། དེ་གཅིག་པུ་ལྟ་བ་ཐ་མི་དད་པ་ལ། ཞེས་གསུངས་པས་སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ནི་གཅིག་ལ་བཤགས་པར་བྱ་བ་ཉིད་དོ། །སོ་སོར་བཤགས་པར་བྱ་བ་ནི་གནས་ཁང་ལ་སོགས་པ་དགེ་སློང་དག་འདུ་བའི་གནས་དེར་ཚོགས་པ་ཐམས་ཅད་ལའོ་ཞེས་སྔ་མར་སྦྱར་ཏེ། དགེ་སློང་ཇི་སྙེད་ཚོགས་པ་དེ་ཐམས་ཅད་ལ་གོ་བར་བྱའི། དགེ་འདུན་ཁོ་ན་ནི་མ་ཡིན་ནོ། །ཁ་ཅིག་གཉིད་ལོག་པ་ལ་སོགས་པའི་དབང་གིས་མ་ཐོས་ན་ཡང་ཉེས་པ་མེད་དོ། །དགེ་ཚུལ་ལ་སོགས་པ་ཐོས་པར་བྱ་བ་མ་ཡིན་པ་དག་གིས་ནི་མི་ཐོས་པར་བྱའོ། །གནས་དེར་ཚོགས་པ་ལ་ཚིག་ཇི་སྐད་དུ་རིག་པར་བྱ་ཞེ་ན། ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་ཏེ། ཟང་ཟིང་མེད་པའི་ཆོས་བསྒྲུབ་པའི་ཕྱིར་ཞུགས་པ་རྣམས་སྨད་པའི་གནས་ཟང་ཟིང་དེ་ཉིད་ལ་རྒྱུག་པ་ནི་ཧ་ཅང་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གི། ཞེས་སྨྲེ་སྔགས་ཀྱིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ། །དེ་ནི་མཐོལ་བ་ཡིན་གྱི། བཤགས་པ་དངོས་ནི་མ་ཡིན་ནོ། །སོར་བཤགས་ཀྱི་ལྟུང་བ་རིག་པར་བྱ་བ་དེ་ནི་ལན་གསུམ་བརྗོད་པའི་སྔགས་དང་འདྲ་བ་མ་ཡིན་ཏེ། ལན་གཅིག་བརྗོད་པས་ཆོག་གོ། །གཉིས་པ་ལ། བསྡམ་བྱའི་ཉེས་པ་ཕྱིར་བཅོས་དང་། །བཤགས་བྱའི་ཉེས་པ་ཕྱིར་བཅོས་དང་། །དག་བྱེད་


K8Z004_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གཞན་ཡང་བསྟན། །འགྱོད་པ་སེལ་བྱེད་ཕྱིར་བཅོས་བསྟན། །ལྟུང་བ་དག་བྱེད་ཕྱིར་བཅོས་སོ། །དང་པོ་ནི། རྫས་ཀྱི་གཞན་འཆི་བར་འདོད་པ་ལ་སོགས་པ་ཡིད་ཀྱི་བསྡམ་པར་བྱ་བའི་ཉེས་བྱས་དེ་ལས་ནི་ཕྱིན་ཆད་མི་བྱའོ་སྙམ་དུ་བསམ་པས་བསྡམ་པར་བྱས་ན་ལྟུང་བ་ལས་ལྡང་ངོ་། །འདིར་འོད་ལྡན་རྩ་འགྲེལ་ལས་ནི་བསྡམ་བྱ་ལ་ལྟུང་བའི་མིང་མི་འདོགས་ཏེ། དེ་ནི་ལྟུང་བར་མི་འགྱུར་བསྡམ་བྱ་ཡིན་ཅེས་པ་དང་། ལྟུང་བ་ནི་མ་ཡིན་ཏེ་བསྡམ་བྱའོ་ཞེས་བཤད་དོ། །འོན་ཀྱང་རང་གི་རྣམ་བཤད་དང་ཊཱི་ཀ་ལས། ཡིད་ཀྱི་ལྟུང་བ་དེ་ལས། ཞེས་གསུངས་ཤིང་། བསྡམ་བ་བྱས་ན་ལྟུང་བ་ལས་ལྡང་བར་འགྱུར་རོ་ཞེས་གསུངས་སོ། །ཡིད་ཀྱི་ལྟུང་བ་དེ་ལས་ནི་བསྡམ་པ་བྱས་ན་ལྡང་ངོ་ཞེས་གསུངས་ཀྱང་བསྡམ་པ་ཙམ་གྱིས་མི་འདག་པ་ནི་འདི་རྣམས་ཏེ། ལུང་ལས། དགེ་སློང་མས་ལུས་ངག་ཏུ་མ་ཐོན་ཀྱང་འཆབ་པའི་ཕམ་པ་འབྱུང་བར། གསུངས་པ་དང་། ཐག་བཅད་པའི་རབ་དབྱེ་རྣམ་པ་གསུམ་གྱི་སྐབས་ལས་སྔར་མ་སྦྱིན་པར་ཐག་བཅད་ན་སྦོམ་པོར་གསུངས་པ་དང་། བརྙས་པ་དང་། བསྐྱིས་པ་དག་གི་ནི་མི་སྦྱིན་པར་སེམས་པའོ་ཞེས་སྦོམ་པོར་གསུངས་པ་སྟེ། དེ་དག་ལ་ལུས་ངག་ཏུ་ཐོན་པར་ནི་ལུང་དང་བསྟན་བཅོས་གང་ལས་ཀྱང་མ་གསུངས་སོ། །གཉིས་པ་ལ། སྤྱིའི་དོན་དང་། དཀྱུས་ཀྱི་དོན་ནོ། །དང་པོ་ནི། འདིར་བསྙེན་རྫོགས་ཀྱི་ལྟུང་བ་མཐོལ་བ་དང་། བཤགས་པའི་ཕྱིར་བཅོས་པའི་སྤྱི་དོན་འཆད་པར་འདོད་དེ། དེ་ཡང་འཆབ་བའི་ཉེས་པ་ཡོད་ན་དེ་ཕྱིར་བཅོས་མ་བྱས་པར་ནི་ལྟུང་བ་དངོས་ཉིད་ཕྱིར་བཅོས་བྱར་མི་རུང་སྟེ། ཊཱི་ཀ་ལས། སྤོ་བ་བཅབས་པའི་ཉེས་པ་མེད་སར་མ་བྱས་པ་དེ་སྲིད་དུ་མགུ་བ་མི་འཆགས་སོ། །


K8Z004_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་ནི་འཆགས་སོ། །དེའི་རྗེས་སུ་འབྲངས་པས་ལྟུང་བ་གཞན་དག་ལ་སྔར་བཅབས་པའི་ཉེས་པ་ཕྱིར་བཅོས་པར་བྱ་ཞིང་། ཕྱིས་ལྟུང་བ་ཕྱིར་བཅོས་པར་བྱ་བར་ཤེས་པར་བྱའོ། །ཞེས་འབྱུང་བས་སྐབས་འདིར་མཐོལ་བཤགས་རིམ་པ་གསུམ་སྟེ། འཆབ་པའི་ཉེས་པ་མཐོལ་བ་དང་། འཆབ་པའི་ཉེས་པ་བཤགས་པ་དང་། དེ་ནས་ལྟུང་བ་དངོས་ཉིད་མཐོལ་ཞིང་བཤགས་པའོ། །དང་པོ་ལ་གཉིས་ཏེ། དགོས་པའི་དོན་དང་། བསྡུས་པའི་དོན་ནོ། དང་པོ་ནི། སྤྱིར་ན་རང་གི་ལྟུང་བ་འཆབ་པའི་ཉེས་པ་མཐོལ་བས་དེའི་བཤགས་པ་འཆབ་པའི་རྟེན་དུ་རུང་བ་དང་། བྱེ་བྲག་ཏུ་རང་གི་ལྷག་མ་འཆབ་པའི་ཉེས་པ་མཐོལ་བས་སྤོ་བ་འཆབ་པའི་རྟེན་དུ་རུང་བའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་མཐོལ་བ་ནི། མཐོལ་ཡུལ་ཆོས་བདུན་ལྡན་སྔར་བཤད་ཟིན་ཏོ། །གཉིས་པ་རྟེན་གང་གིས་མཐོལ་བ་ནི། ཆོས་བཞི་ལྡན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤེས་པར་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། གནས་ནས་མ་ཕྱུང་བ་སྟེ་བཞིའོ། །དང་པོ་ལས་གཞན་དུ་ན་བསྙེན་པར་མ་རྫོགས་པ་ནི་རང་གི་ཕམ་པ་དང་འདྲ་བའི་ཉེས་བྱས་བཅབས་ན་གསོར་མི་རུང་ཞིང་། ལྟུང་བ་གཞན་བཅབས་པའི་ཉེས་པ་ནི་བསྡམ་བ་ཡིན་ཏེ་བཤགས་མི་དགོས་སོ། །གསུམ་པ་ལྟུང་བ་གང་མཐོལ་བ་ནི། འཆབ་པའི་ཉེས་པ་ཆོས་བཞི་ལྡན་ཏེ། དེ་ཡང་རང་གི་ལྟུང་བ་བཅབས་པའི་ཉེས་པ་ཡིན་ཏེ། གཞན་གྱི་གནས་ངན་ལེན་འཆབ་པའི་ལྟུང་བ་ནི་ལྟུང་བ་དངོས་ཉིན་མིན་པས་སོ། །རང་གི་ཕམ་པ་བཅབས་པ་དང་། བསྡམ་བྱ་བཅབས་པ་ལས་གཞན་ཡིན་པ་སྟེ། དེ་ཡང་རང་གི་ཕམ་པ་བཅབས་པ་ན་ཕྱིར་


K8Z004_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་སུ་མི་རུང་ལ། བསྡམ་བྱ་བཅབས་ཀྱང་ཡིད་ཀྱིས་བསྡམས་པ་ཙམ་གྱིས་འདག་ཅིང་། མཐོལ་བཤགས་མི་དགོས་པའོ། །བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་དང་། ངོ་བོ་ཤེས་ཤིང་དྲན་པར་ནུས་པ་སྟེ་སྐབས་གཞན་དུ་བཤད་པ་བཞིན་ནོ། །བཞི་པ་གང་གིས་མཐོལ་བའི་ཆོ་ག་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་མཐོལ་ཡུལ་དེ་ལ་ཕྱག་འཚལ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དངོས་གཞི་ནི་མཐོལ་བའི་སྔགས་རྣམ་པར་བཞག་བ་མུ་བཅུ་དགུ་སྟེ། འདི་ལྟར་ལྟུང་བ་གཅིག་བྱུང་བ་དང་གཉིས་བྱུང་བ་དང་། ཚད་མང་པོ་བྱུང་བ་ནི་གསུམ་ནས་གྲངས་ཤེས་པ་ཚུན་ཆད་བྱུང་བ་དང་། དཔག་ཏུ་མེད་པ་བྱུང་བ་ནི་གྲངས་མི་ཤེས་པ་བྱུང་བ་སྟེ། དེ་དག་གང་རུང་རེ་རེ་གཞིར་བཞག་པ་ལ་ཞག་གཅིག་བཅབས་པ་དང་། ཞག་གཉིས་བཅབས་པ་དང་། ཞག་དཔག་ཏུ་མེད་པ་བཅབས་པ་སྟེ། དེ་ཡང་ལྟུང་བ་གཅིག་བྱུང་བ་དེ་ཞག་གཅིག་བཅབས་པ་དང་། ཞག་གཉིས་བཅབས་པ་དང་། ཞག་ཚད་མང་པོ་བཅབས་པ་ལ་འཆབས་པའི་ཉེས་པའི་གྲངས་ཤེས་པ་དང་། གྲངས་མི་ཤེས་པ་གཉིས་དང་། ཞག་དཔག་ཏུ་མེད་པར་བཅབས་པའི་མཐོལ་བ་སྟེ་མུ་ལྔའོ། །དེ་བཞིན་དུ་ལྟུང་བ་གཉིས་བྱུང་བ་ན་མུ་ལྔ་དང་། ལྟུང་བ་ཚད་མེད་པ་བྱུང་བ་ལ་མུ་ལྔ། ལྟུང་བ་དཔག་མེད་བྱུང་བ་ལ་མུ་བཞི་སྟེ། ལྟུང་བ་དཔག་ཏུ་མེད་པ་བྱུང་བའི་མཐོལ་བ་འདི་ལ་ཞག་ཚད་མང་པོ་བཅབས་པ་ལ་ཉེས་པའི་གྲངས་ཤེས་པ་དང་། གྲངས་མི་ཤེས་པ་གཉིས་སུ་དབྱེ་པ་མེད་དེ། གྲངས་མི་ཞེས་པ་འབའ་ཞིག་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མཐོལ་བ་མུ་བཅུ་དགུའོ། །མཇུག་གོ་ཆོ་ག་ནི། འདིར་མཐོང་སྡོམ་དྲི་མི་དགོས་བས་ཐབས་ཡིན་ནོ། །


K8Z004_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ་ཞེས་སོ། །གཉིས་པ་འཆབ་བའི་ཉེས་པ་བཤགས་པ་ནི། འདི་ལ་གཉིས་ཏེ། དང་པོ་དགོས་པའི་དོན་ནི། འཆབ་པའི་ཉེས་པ་དག་པར་འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ལྟུང་བ་གང་བཤགས་པ་ནི་ཆོས་གསུམ་ལྡན་ནོ། །དེ་ཡང་རང་གི་ལྟུང་བ་བཅས་པའི་ཉེས་པ་གང་ཞིག་རང་གི་ཕམ་ལྷག་བཅབས་པ་ལས་གཞན་ཡིན་པ་སྟེ། རང་གི་ཕམ་པ་བཅབས་ན་ཕྱིར་བཅོས་མི་རུང་ལ། རང་གི་དགེ་འདུན་ལྷག་མ་བཅབས་ན་སྤོ་བ་སྤྱོད་དགོས་པའི་ཕྱིར་རོ། །བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་སྟེ། སྐབས་དོན་གྱིས་གྲུབ་བོ། །ངོ་ཤེས་ཤིང་དྲན་པར་ནུས་པ་སྟེ། གཞན་དུ་ན་དངོས་སུ་དག་བྱེད་ཀྱི་ཕྱིར་བཅོས་མེད་ཅིང་། ཡིད་གཉིས་ཟ་ན་ལྟུང་བ་བཤགས་པ་མི་འཆགས་ཏེ། ལྟུང་བ་བྱིན་གྱིས་བརླབ་དགོས་པར་གསུངས་པའི་ཕྱིར་རོ། །གཉིས་པ་ཡུལ་གང་ལ་བཤགས་པ་ནི། བཤགས་ཡུལ་ཆོས་བརྒྱད་ལྡན་གཅིག་པ་སྟེ། མཐོང་ཡུལ་ཆོས་འདུན་ལྡན་གྱི་སྟེང་དུ་ལྟུང་བ་མིང་རིགས་མཐུན་པ་དང་མི་ལྡན་པ་སྟེ། ཁ་ན་མ་ཐོ་བ་མི་མཐུན་པ་ལའོ་ཞེས་སོ། །གསུམ་པ་རྟེན་གང་གིས་བཤགས་པ་ནི། རྟེན་ཆོས་བཞི་ལྡན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་ལ་སོགས་པ་བཞི་པོ་མཐོལ་བའི་སྐབས་སུ་སྔར་བཤད་པ་དང་འདྲའོ། །བཞི་པ་ཆོ་ག་གང་གིས་བཤགས་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་སྔར་དང་འདྲ་ཞིང་། དངོས་གཞི་ནི་བཤགས་པ་མུ་བཅུ་དགུ་སྟེ། མཐོལ་བ་ལ་སྔར་བཤད་པ་བཞིན་ནོ། །མཇུག་གི་ཆོ་ག་ནི་མཐོང་སྡོམ་ལན་གསུམ་དྲི་ཞིང་ལན་འདེབས་པ་དང་། ཐབས་ཡིན་ནོ། །ལེགས་སོ་ཞེས་བརྗོད་དོ། །གསུམ་པ་ལྟུང་བ་དངོས་ཉིད་མཐོལ་ཞིང་བཤགས་


K8Z004_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། འདི་ལ་གཉིས་ཏེ། དང་པོ་དགོས་པའི་དོན་ནི། བཤགས་བྱའི་ལྟུང་བ་དག་པར་འགྱུར་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ལྟུང་བ་གང་བཤགས་པ་ནི། ཆོས་གསུམ་ལྡན་ནོ། །དེ་ཡང་བཤགས་བྱའི་ལྟུང་བ་ཡིན་པ་དང་། བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་དང་། ངོ་ཤེས་ཤིང་དྲན་པར་ནུས་པ་སྟེ། ཕྱི་མ་གཉིས་སྔར་དང་འདྲ་ལ། དང་པོ་ནི། སྦོམ་པོ་དང་། སྤང་ལྟུང་དང་། ལྟུང་བྱེད་འབའ་ཞིག་པ་དང་། སོ་སོར་བཤགས་པར་བྱ་བ་དང་། བཤགས་པར་བྱ་བའི་ཉེས་བྱས་རྣམས་ཏེ། དེ་རྣམས་ནི་བཤགས་བྱའི་ལྟུང་བ་ཡིན་ནོ། །གཉིས་པ་ཡུལ་གང་ལ་བཤགས་པ་ནི། བཤགས་ཡུལ་ཆོས་བརྒྱད་ལྡན་སྔ་མ་བཞིན་ནོ། །དེ་ཡང་ཕམ་པའི་སྦོམ་པོ་ལྕི་བ་ནི་བཤགས་ཡུལ་དྲུག་ཡན་ཆད་ལ་བཤགས་པར་བྱ། ལྷག་མའི་སྦོམ་པོ་ལྕི་བ་ནི་ལྔ་ལ། ཕམ་པའི་སྦོམ་པོ་ཡང་བ་ནི་བཞི་ལ། ལྷག་མའི་སྦོམ་པོ་ཡང་བ་དང་། སྤང་ལྟུང་ལ་སོགས་པ་བཤགས་བྱའི་ལྟུང་བ་གཞན་ཐམས་ཅད་ནི་བཤགས་ཡུལ་གཅིག་ལ་བཤགས་པར་བྱའོ། །འོན་ཀྱང་སྦོམ་པོ་བཤགས་ཡུལ་ལ་དམིགས་བསལ་ཡོད་དེ། གང་ཟག་ཁྱད་པར་ཅན་ལྔས་ནི་ཕམ་ལྷག་གི་སྦོམ་པོ་ལྕི་ཡང་ཐམས་ཅད་དགེ་སློང་གཅིག་ལ་བཤགས་ཏེ། གང་ཟག་ཁྱད་པར་ཅན་གྱིས་ལྷག་མའི་ལྟུང་བ་ཡང་གཅིག་གི་མདུན་དུ་བཤགས་པས་འདག་པར་གསུངས་པའི་གནད་ཀྱིས་ཤེས་སོ། །གསུམ་པ་རྟེན་གང་གིས་བཤགས་པ་ནི། ཆོས་བཞི་ལྡན་ཏེ་སྔར་བཤད་མ་ཐག་པ་དང་འདྲའོ། །བཞི་པ་ཆོ་ག་གང་གིས་བཤགས་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་ཁྱད་པར་དུ་ཡང་སྤང་ལྟུང་ཕྱིར་འཆོས་པ་ན་སྤངས་པ་དང་བྲལ་བ་སྔོན་དུ་བཏང་བ་ལས་སོ་ཞེས་གསུངས་སོ། །འོན་ཀྱང་གང་ཟག་ཁྱད་པར་ཅན་ལྔས་ནི་སྤངས་པ་དང་བྲལ་བ་དེ་མི་དགོས་པར་བམ་པོ་ལྔ་བཅུ་པ་ལས་གསུངས་


K8Z004_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བཤགས་པ་བྱེད་པ་ན་ཐམས་ཅད་དུ་ཡང་སྦྱོར་བའི་དུས་སུ་བཤགས་ཡུལ་རང་བས་བསླབ་པ་གཞོན་ཡང་དགེ་འདུན་དུ་ལོངས་པའམ། བསླབ་པ་རྒན་ན་ཕྱག་འཚལ་བ་དང་། ཐུགས་གཏད་པར་ཞུ་བ་དང་། ལྷྭམ་ཕུད་དེ་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེན་པའོ། །དངོས་གཞི་ནི་སྔགས་ལན་གསུམ་བརྗོད་པ་སྟེ། དེ་ཡང་ལྟུང་བ་གཅིག་དང་། གཉིས་དང་། ཚད་མང་པོ་དང་། དཔག་ཏུ་མེད་པ་བྱུང་སྟེ་ཞེས་བརྗོད་ཅིང་བཤགས་པའོ། །མཐོལ་བ་སྔོན་དུ་སོང་ན་བཤགས་པ་རྐྱང་པ་བྱ་ལ། མ་སོང་ན་མཐོལ་བཤགས་དུས་གཅིག་ལ་ལན་གསུམ་བྱའོ། །མཇུག་གི་ཆོ་ག་ནི་མཐོང་སྡོམ་ལན་གསུམ་འདྲི་ཞིང་ལན་འདེབས་པ་དང་། ཐབས་ཡིན་ནོ། །ལེགས་སོ་ཞེས་སོ། །གཉིས་པ་ནི་ཡིད་ཀྱི་ལྟུང་བ་དེ་ལས་གཞན་བཤགས་པར་བྱ་བའི་ལྟུང་བ་ལས་ནི་བསྡམས་པ་དེ་དང་བཅས་པའི་བཤགས་པ་བྱས་ན་ལྟུང་བ་ལས་ལྡང་ངོ་། །ཊཱི་ཀར། སྡོམ་པ་མེད་ན་བཤགས་པས་ཅིར་ཡང་མི་འགྱུར་རོ། །ཞེས་སོ། །བཤགས་ཡུལ་རང་བཞིན་དུ་གནས་པ་དང་། བསྙེན་པར་རྫོགས་པ། མཚན་མཐུན་པ་སྟེ་ཆོས་གསུམ་ལྡན་དེ་གཅིག་པུ་ལྟ་བ་ཐ་མི་དད་པ་ལ་བཤགས་པར་བྱའོ། །དེ་ཞེས་པ་འདིར་སྔར་མཐོལ་བའི་སྐབས་སུ་ལྟ་བ་ཐ་མི་དད་པ་ལའོ་ཞེས་པར་མི་བསྙེགས་པར་འདིར་ལྟ་བ་ཐ་མི་དད་པ་འདི་ལོགས་ཤིག་ཏུ་བཀར་ཏེ་སྨོས་པ་ནི་གལ་ཆེ་བའི་ཕྱིར་ཏེ། ཆོས་གསུམ་ལྡན་ལས་གཞན་མཚན་མི་མཐུན་པ་དགེ་སློང་མ་ལ་བཤགས་པ་བྱས་ན་ཡང་ལྟུང་བ་དག་པ་ཙམ་དུ་འགྱུར་ལ། ལྟ་བ་ཐ་དད་ལ་ནི་བཤགས་པ་བྱས་ཀྱང་ལྟུང་བ་གཏན་ནས་མི་འདག་པས་ལྟ་བ་ཐ་མི་དད་པ་ལའོ་ཞེས་སོ། །བཤགས་པའི་ཡུལ་གྱི་ཁྱད་པར་ཅི་ལྟ་བུ་ཞེ་ན། ལྟུང་བ་


K8Z004_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་དགེ་སློང་མ་རྙེད་ན་རང་དང་ཁ་ན་མ་ཐོ་བ་མི་མཐུན་པ་ལྟུང་བ་མི་འདྲ་བ་ལ་བཤགས་པར་བྱའོ། །ཁ་ན་མ་ཐོ་བ་མི་མཐུན་པ་དེ་ཇི་ལྟ་བུ་ལས་ཞེ་ན། རང་དང་ལྟུང་བའི་སྡེ་ཚན་མི་མཐུན་པ་ལས་བཤགས་སོ། །དགེ་སློང་ཕ་རོལ་པོ་དེ་ལ་ལྷག་མའི་སྡེ་ཚན་གྱི་ལྟུང་བས་གོས་ཀྱང་ལྟུང་བྱེད་མེད་ན་དེས་ལྟུང་བྱེད་བཤགས་པའི་ཡུལ་བྱར་རུང་བའོ། །སྡེ་ཚན་མི་མཐུན་པ་མེད་ན་ལྟུང་བ་བྱེ་བྲག་ནང་མི་མཐུན་པ་ལས་བཤགས་དགོས་སོ། །སྤངས་པའི་ལྟུང་བྱེད་ལས་ནི་དངོས་པོ་དེ་སྤངས་པ་དང་། ཞག་གཅིག་བྲལ་བ་སྔོན་དུ་བཏང་བ་ལས་སོ། །ཕྱིར་བཅོས་པའི་ལྷག་མ་དང་བཅས་པར་གཏོགས་པ་སྟེ། དགེ་འདུན་ལྷག་མའམ་ཆར་གཏོགས་པའི་སྦོམ་པོ་ལྕི་བ་ལས་ནི་དགེ་འདུན་ལྔ་ལ་སོགས་པ་མཚམས་ཁང་དེར་གཏོགས་པའི་དགེ་སློང་ཐམས་ཅད་ལ་བཤགས་དགོས་སོ། །ཕྱིར་བཅོས་པའི་ལྷག་མ་མེད་པ་ནི་ཕམ་པའོ། །དེའི་ཆར་གཏོགས་པའི་སྦོམ་པོ་ལྕི་བ་ལས་ནིི་མཚམས་དེར་གཏོགས་པའི་དགེ་འདུན་གནས་ཀྱི་གཞི་དེ་ནས་མཚམས་ཀྱི་ཕྱི་རོལ་དུ་མ་བཅད་པ་ལྔ་བས་ལྷག་པ་དྲུག་ལ་བཤགས་པས་ལྟུང་བ་ལས་ལྡང་བར་འགྱུར་རོ། །ཕམ་པའི་ཆར་གཏོགས་པའི་སྦོམ་པོ་ཡང་བ་དེ་ལས་ནི་བཞི་ལ་སོགས་པའོོ། །གསུམ་པ་ནི། འཆི་བའི་གནས་སྐབས་ཀྱི་མཐར་ཕྱིར་བཅོས་པ་དེ་ལ་ལུས་དང་ངག་གི་འབད་ཅིང་རྩོལ་བས་བཤགས་པའི་རྐྱེན་མ་འབྱོར་བ་ཉིད་ན་ཕྱིར་བཅོས་པའི་ལས་བྱས་པ་དང་འདྲའོ། །བཞི་པ་ནི། དགེ་སློང་སྨྱོས་པས་སྲོག་གཅོད་པ་སོགས་བྱས་པ་དེས་ཕྱིས་སྤངས་པ་ན་བདག་གིས་མ་ལེགས་པ་བྱས་སོ་སྙམ་འདུ་ཤེས་པ་ནི་ཉེས་བྱས་དང་འདྲ་བ་གང་ཟག་གཅིག་གི་མདུན་དུ་བཤགས་པར་བྱ་བའི་སྒོ་ནས་འདྲ་བ་ཉིད་དོ། །ལྔ་པ་ལ།


K8Z004_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མིང་རིས་བརྗོད་པའི་ཕྱིར་བཅོས་བསྟན། སྤོ་མགུ་དབྱུང་པའི་ཕྱིར་བཅོས་སོ། །དང་པོ་ནི། སྤྱིར་ལྟུང་བའི་སྡེ་ཚན་གྱི་མིང་དང་། བྱེ་བྲག་ཏུ་ལྟུང་བ་གང་བྱུང་བ་དེའི་རིགས་དང་ལྡན་པར་བརྗོད་པ་སྟེ། ལྟུང་བྱེད་ཀྱི་སྡེ་ཚན་ལས་ས་རྐོོ་བའི་ལྟུང་བྱེད་བྱུང་སྟེ་ཞེས་པ་ལྟ་བུ་བརྗོད་ཅིང་། བཤགས་པ་དང་སྡོམ་པ་བྱས་པ་ན་ལྟུང་བ་ལས་ལྡང་ངོ་། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གང་ཟག་ཁྱད་པར་ཅན་གྱི་ཕྱིར་བཅོས་པ་དང་། གང་ཟག་ཁྱད་པར་ཅན་མ་ཡིན་པས་ཕྱིར་བཅོས་པའོ། །དང་པོ་ནི། གང་ཟག་ཁྱད་པར་ཅན་ལྔ་ལ་ལྷག་མའི་ལྟུང་བ་བྱུང་ཡང་སྤོ་མགུ་དབྱུང་བ་མི་དགོས་པར་དགེ་སློང་གཅིག་གི་མདུན་དུ་བཤགས་པས་འདག་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། དང་པོ་ལྷག་མ་བཅབས་པའི་ཉེས་པ་ཕྱིར་བཅོས་པ་དང་། ལྷག་མ་དངོས་ཉིད་ཕྱིར་བཅོས་པའོ། །དང་པོ་ལ་གཉིས་ཏེ། མཐོལ་བས་ཕྱིར་བཅོས་པ་དང་། སྤོ་བས་ཕྱིར་བཅོས་པའོ། །དང་པོ་ནི། ཐུན་མོང་དུ་སྨྲས་ཟིན་ཏོ། །གཉིས་པ་ལ་གཉིས་ལས། དང་པོ་སྤོ་བས་ཕྱིར་བཅོས་པའི་དགོས་པ་ནི། རང་གི་ལྷག་མ་བཅབས་པའི་ཉེས་པ་དག་པར་འགྱུར་བ་སྟེ། སྤོ་བས་དེ་མེད་པར་འགྱུར་རོ། །ཞེས་སོ། །གཉིས་པ་བསྡུས་པའི་དོན་ལ་གཉིས་ཏེ། སྤོ་བ་མནོད་པ་དང་། སྤོ་བ་སྤྱོད་པའོ། །དང་པོ་ལ་དྲུག་ལས། དང་པོ་ཡུལ་གང་ལས་མནོད་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་ལས་ཏེ། བཞི་ཡན་གྱི་གྲངས་ཚང་བ་ཁ་སྐོང་བར་འོས་པ་མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ་དང་། ལས་བྱེད་པ་པོ་དང་བཅས་པ་སྔར་བསྟན་པ་བཞིན་ནོ། །གཉིས་པ་རྟེན་གང་གིས་ནོད་པ་ནི། ཐུན་མོང་བ་བརྒྱད་ནི་ལས་ཀྱི་གཞིར་སྨོས་ལ། སྔར་སྤོ་བ་མནོས་པ་དང་


K8Z004_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབྲེལ་བ་དང་། གང་ཟག་ཁྱད་པར་ཅན་མ་ཡིན་པ་སྟེ་ཆོས་བཅུ་ལྡན་གྱིས་ནོད་པའོ། །གསུམ་པ་ལྟུང་བ་གང་དག་པའི་དོན་དུ་ནོད་པ་ནི། རང་གི་ལྷག་མའི་ལྟུང་བ་བཅབས་པའི་ཉེས་པ་ཡིན་པ། གང་ཟག་ཁྱད་པར་ཅན་མ་ཡིན་པ་བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་དང་། ངོ་བོ་ཤེས་ཤིང་དྲན་པར་ནུས་པ་སྟེ། ལྟུང་བ་ཆོས་གསུམ་ལྡན་དག་པར་བྱ་བའི་དོན་དུའོ། །བཞི་པ་ཡུལ་ཇི་སྲིད་དུ་སྤོ་བ་ནོད་པ་ནི་ཡུན་ཇི་སྲིད་བཅབས་པ་དེ་སྲིད་དུའོ། །དེའང་ལྷག་མའི་ལྟུང་བ་དུ་མ་སྔ་ཕྱིར་བྱུང་བ་སྟེ། འཆབས་པའི་དུས་རིང་ཐུང་ཡོད་ན་ནི་དུས་རིང་ཤོས་དེ་སྲིད་དུའོ། །ལྔ་པ་ཆོ་ག་གང་གིས་ནོད་ཅིང་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་དང་། རྒན་པའི་མཐའ་ལོགས་ནས་ཕྱག་འཚལ་བ་དང་། ལྷྭམ་ཕུད་དེ་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེན་པ་དང་། རང་གིས་ལན་གསུམ་གསོལ་བ་བཏབ་པས་ནོད་པའོ། །དངོས་གཞི་ནི་གསོལ་བཞིའི་ལས་ཀྱིས་སྦྱིན་པ་སྟེ། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །དྲུག་པ་སྤོ་བའི་སྒྲ་བཤད་པ་ནི། ས་རང་བཞིན་དུ་གནས་པ་ལས་དམན་པའི་སར་སྤོ་བ་ཡིན་པས་ན་སྤོ་བ་ཞེས་བྱའོ། །གཉིས་པ་སྦོ་བ་སྤྱད་པ་ལ་ཡང་དྲུག་ལས། དང་པོ་ཡུལ་གང་ལ་སྦོ་བ་སྤྱད་པ་ནི། དགེ་འདུན་མཚན་ཉིད་ལྔ་ལྡན་ཏེ། དེ་ཡང་བསྙེན་རྫོགས་བཞི་ཡན་ཆད་ཀྱི་གྲངས་ཚང་བ་སྟེ། དགེ་འདུན་མ་ཡིན་པ་ལ་ཡང་ངོ་ཞེས་པ་དང་གཞན་དུ་ན་སྤོ་བ་སྤྱད་པའི་མཇུག་ཡུལ་མ་ཡིན་པའི་ཕྱིར་རོ། །ས་རང་བཞིན་དུ་གནས་པ་སྟེ། ས་རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་ཡོངས་སུ་གནས་པ་དག་མི་འཆགས་སོ་ཞེས་པ་དང་། དམན་པ་ལ་གནས་པས་དམན་པ་ནི་གནས་པ་དབྱུང་བར་མི་ནུས་པའི་


K8Z004_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །མཚམས་དེ་ན་གནས་པ་ལས་གུད་དུ་བཅད་པ་མ་ཡིན་པ་སྟེ། གནས་དེ་ན་འཁོད་པ་དག་ལས་ཡོངས་སུ་བཅད་པ་དག་ལ་ཡང་ངོ་ཞེས་པ་དང་། མཆོག་གི་ཆ་སྤང་བར་མི་རིགས་པའི་ཕྱིར་རོ། །མཚན་མཐུན་པ་དང་ལྟ་བ་མཐུན་པ་སྟེ། གཞན་དུ་ན་མཚན་གྱི་སྒོ་ནས་དང་། ལྟ་བའི་སྒོ་ནས་ཐ་དད་པ་ཉིད་དུ་ཡིད་ལ་སྣང་བའི་ཕྱིར་རོ། །གཉིས་པ་གནས་གང་དུ་སྤོ་བ་སྤྱད་པ་ནི། གནས་ཆོས་གསུམ་ལྡན་དུ་སྤྱད་དེ། དེ་ཡང་གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་གནས་ཡིན་པ་སྟེ། གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པ་ཉིད་དུ་ཞེས་པ་དང་། གཞན་དུ་ན་ཁྲེལ་ཡོད་ཕུན་སུམ་ཚོགས་པ་མི་འབྱུང་ཞིང་། གནས་མེད་ཀྱི་ཉེས་པ་འབྱུང་བའི་རྒྱུར་འགྱུར་བའི་ཕྱིར་རོ། །གང་ན་གཞན་གསུམ་ལ་སོགས་པའི་མི་མཐུན་པ་ཡོད་པའི་གནས་པ་མ་ཡིན་པ་སྟེ། གང་ན་གཞན་གསུམ་ལ་སོགས་པ་དེ་དག་གི་མིང་ཞེས་པ་དང་། གཞན་དུ་ན་ཉེས་པ་ལས་བཟློག་པའི་རྒྱུར་མི་འགྱུར་བའི་ཕྱིར་རོ། །གང་དུ་མནོས་པའི་གནས་ཡིན་པ་སྟེ། དང་པོ་གཉིས་ཀྱིས་གཞན་དུ་སྐྱ་རེངས་འཆར་བར་མི་བྱ་ཞེས་པ་དང་། གཞན་དུ་ན་ཉིན་མཚན་དཔྱད་དགོས་པར་འགྱུར་བའི་ཕྱིར་རོ། །གསུམ་པ་རྟེན་གང་གིས་སྤོ་བ་སྤྱོད་པ་ནི། སྤོ་བ་ནོས་པ་དང་འབྲལ་བ་སྟེ། གཞན་དུ་ན་སྤོ་བ་སྤྱོད་པ་མི་འཆགས་པའི་ཕྱིར་རོ། །བཞི་པ་ལྟུང་བ་གང་དག་པའི་དོན་དུ་སྤོ་བ་སྤྱད་པ་ནི། ལྟུང་བ་ཆོས་གསུམ་ལྡན་ཏེ། སྤོ་བ་ནོད་པའི་སྐབས་སུ་སྔར་བཤད་པ་དང་འདྲའོ། །ལྔ་པ་ཡུན་ཇི་སྲིད་དུ་སྤོ་བ་སྤྱད་པ་ནི། ཡུན་ཇི་སྲིད་དུ་ནོས་པ་དེ་སྲིད་དུའོ། །དྲུག་པ་ཚུལ་ཇི་ལྟར་སྤོ་བ་སྤྱད་པ་ནི། ཁྱད་པར་གྱི་སྤྱོད་པ་ལྔ་སྤང་བ་དང་། དམན་པའི་སྤྱོད་པ་ལྔ་དང་དུ་བླང་བ་དང་།


K8Z004_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འདས་པ་དང་། དབྱུང་བར་འགྱུར་བ་བརྗོད་པ་དང་། འཐབ་ཀྲོལ་ཅན་གྱི་རྐྱེན་གྱིས་བཏང་ཞིང་དེ་དང་བྲལ་ན་སླར་བླང་བའོ། །དང་པོ་ལ་ལྔ་སྟེ། གུས་པའི་བྱ་བ་བདག་གིར་བྱེད་པ་ལ་སོགས་པ་སྤང་བ་ནི་སྤོ་བ་དང་མགུ་བར་སྤྱོད་པ་དག་གིས་ཞེས་པ་ནས་སོ། །ལྷག་པ་དང་མཉམ་པའི་སྤྱོད་པ་སྤང་བ་ནི་དེ་དང་ལྷན་ཅིག་གོམ་པ་སྲི་བ་ཞེས་པ་ནས་སོ། །དགེ་སྦྱོང་བླ་མའི་གནས་ལྟ་བུ་སྤང་བ་ནི་རབ་ཏུ་བྱུང་བ་དང་ཞེས་པ་ནས་སོ། །ཆད་པའི་སྐབས་སུ་གཏོགས་པའི་བྱ་བ་སྤང་བ་ནི་དགེ་སློང་ལས་ཉམས་པས་གླེང་བར་མི་བྱ་ཞེས་པ་ནས་སོ། །བསྟེན་པའི་ཁྱད་པར་སྤངས་ཤིང་ཉེས་པ་སྤོང་བ་ནི་དེ་དང་བརྟེན་པར་མི་བྱ་ཞེས་པ་ནས་སོ། །གཉིས་པ་དམན་པའི་སྤྱོད་པ་ལྔ་དང་དུ་བླང་བ་ལ་ལྔ་སྟེ། ནངས་པར་གྱི་དུས་སུ་ཇི་ལྟར་བསྒྲུབ་པ་ནི་ནངས་པར་ལངས་ཏེ་སྒོ་དབྱེ་བ་དང་ཞེས་པ་ནས་སོ། །མཆོད་སྟོན་ལ་སོགས་པའི་དུས་སུ་ཇི་ལྟར་བསྒྲུབ་པ་ནི་སྤྱི་དཔུངས་བཤམ་གཎྜི་བརྡུང་ཞེས་པ་ནས་སོ། །འདུ་བའི་དུས་སུ་ཇི་ལྟར་བསྒྲུབ་པ་ནི་འདུ་བའི་དུས་སུ་བཤམ་པ་ལ་སོགས་པ་ཞེས་པ་ནས་སོ། །དགོང་ཀའི་དུས་སུ་ཇི་ལྟར་བསྒྲུབ་པ་ནི་དགོང་འདུས་དང་མཐུན་པའི་ཆུས་ཞེས་པ་ནས་སོ། །དུས་ཐམས་ཅད་དུ་ཇི་ལྟར་བསྒྲུབ་པ་ནི་དེའི་གཙུག་ལག་ཁང་ཐ་མར་འོས་ཞེས་པ་ནས་སོ། །གཉིས་པ་ལྷག་མ་དངོས་ཉིད་ཕྱིར་བཅོས་ལ་གཉིས་ཏེ། མགུ་བས་ཕྱིར་བཅོས་པ་དང་། དབྱུང་བས་ཕྱིར་བཅོས་པའོ། །དང་པོ་ལ་གཉིས་ཏེ། མགུ་བ་ནོད་པ་དང་མགུ་བ་སྤྱད་པའོ། །དེ་ཡང་མགུ་བ་ནོད་པ་དང་། སྤྱད་པའི་ཚུལ་ནི་གཞན་ཐམས་ཅད་སྤོ་བའི་སྐབས་སུ་སྔར་ཇི་ལྟར་བཤད་པ་དང་འདྲ་བ་ལས། འདིར་ཁྱད་པར་བཞི་ལས། ཆེད་དུ་བྱ་བའི་ཁྱད་པར་ལ་སྦོ་བ་ནི་དགེ་འདུན་ལྷག་མ་བཅབས་པའི་


K8Z004_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་དག་པར་བྱ་བའི་ཕྱིར་ཡིན་ལ། མགུ་བ་ནི་དགེ་འདུན་ལྷག་མ་དངོས་ཉིད་ཕྱིར་བཅོས་པར་བྱ་བའི་ཕྱིར་ཡིན་ཅིང་། དགེ་སློང་མས་ལྕི་བའི་ཆོས་ལས་འདས་པའི་ལྟུང་བ་ཕྱིར་བཅོས་པར་བྱ་བའི་ཕྱིར་ཡང་ཡིན་ནོ། །དགོས་པའི་ཁྱད་པར་ལ་སྤོ་བ་སྤྱད་པའི་དགོས་པ་ནི་ལྷག་མ་བཅབས་པའི་ཉེས་པ་དག་པར་འགྱུར་བ་ཡིན་ལ། མགུ་བ་སྤྱད་པའི་དགོས་པ་ནི་ལྷག་མའི་དབྱུང་བ་འཆགས་པའི་རྟེན་དུ་འགྱུར་བ་དང་། ལྕི་བའི་ཆོས་ལས་འདས་པའི་ལྟུང་བ་བཤགས་པ་འཆགས་པའི་རྟེན་དུ་འགྱུར་བའོ། །ཞག་གྲངས་ཀྱི་ཁྱད་པར་ལ་སྤོ་བའི་ཞག་གྲངས་ནི་ཡུན་ཇི་སྲིད་དུ་བཅབས་པ་དེ་སྲིད་ཡིན་པས་ཞག་གྲངས་ཕྱོགས་གཅིག་ཏུ་ངེས་པ་མེད་ལ། མགུ་བའི་ཞག་གྲངས་ནི་དགེ་སློང་གིས་མགུ་བ་ཞག་དྲུག་དང་། དགེ་སློང་མའི་མགུ་བ་ཟླ་བ་ཕྱེད་དོ། །སྒྲ་བཤད་ཀྱི་ཁྱད་པར་ལ་སྤོ་བའི་སྒྲ་བཤད་ནི་སྔར་བཤད་ཟིན་ལ། མགུ་བའི་སྒྲ་བཤད་པ་ནི་དགེ་འདུན་ལྷག་མ་ཕྱིར་བཅོས་པའི་དོན་དུ་དགེ་འདུན་གྱི་ཐུགས་མགུ་བར་བྱེད་པས་ན་མགུ་བ་ཞེས་བྱ་སྟེ། དགེ་སློང་མས་ལྕི་བའི་ཆོས་ལས་འདས་པའི་ལྟུང་བ་ཕྱིར་བཅོས་པའི་དོན་དུ་དགེ་སློང་ཕ་མ་གཉིས་ཀའི་དགེ་འདུན་གྱི་ཐུགས་མགུ་བར་བྱེད་པས་ན་དེ་སྐད་ཅེས་བྱའོ། །གཉིས་པ་དབྱུང་བས་ཕྱིར་བཅོས་པ་ལ་གཉིས་ལས། དབྱུང་བ་བྱ་བའི་དགོས་པ་ནི་ལྷག་མའི་ལྟུང་བ་དག་པར་འགྱུར་བའོ། །བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་དབྱུང་བ་བྱ་བ་ནི་ཆོས་བཅུ་ལྡན་ཏེ། མཐུན་མོང་བ་བརྒྱད་ནི་ལས་གཞིར་སྨོས་ལ། དེའི་སྟེང་དུ་གང་ཟག་ཁྱད་པར་ཅན་མ་ཡིན་པ་དང་། མགུ་བ་སྤྱད་པ་དང་ལྡན་པའོ། །གཉིས་པ་རྟེན་གང་གིས་དབྱུང་བ་བྱ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་


K8Z004_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཉི་ཤུའམ་བཞི་བཅུའི་གྲངས་ཚང་བ་དང་། བསྐོང་བར་འོས་པ་དང་། མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ་དང་། ལས་བྱེད་པ་པོ་དང་བཅས་པའོ། །གསུམ་པ་ལྟུང་བ་གང་དག་པའི་དོན་དུ་དབྱུང་བ་ནི། དགེ་འདུན་ལྷག་མའི་ལྟུང་བ་ཆོས་གསུམ་ལྡན་སྔར་སྤོ་བ་སྦྱིན་ཡུལ་ལ་བཤད་པ་དང་འདྲ་ཞིང་། དེའི་སྟེང་དུ་འཆབ་པ་དང་མི་ལྡན་པ་སྟེ་བཞིའོ། །བཞི་པ་ཆོ་ག་གང་གིས་དབྱུང་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་སྔར་སྤོ་བ་ནོད་པའི་སྐབས་སུ་བསྟན་པ་དང་འདྲའོ། །དངོས་གཞི་ནི་གསོལ་བཞིའི་ལས་ཀྱིས་ཏེ། གསོལ་བ་དང་ལས་བརྗོད་པའི་བར་དུ་བསྡིགས་པ་ཡང་བྱའོ། །མཇུག་ནི་ལས་ཀྱི་མཇུག་སྡུད་དང་གཟེངས་བསྟོད་པའོ། །གཉིས་པ་ནི། དགེ་འདུན་ལྷག་མ་ལས་ནི་གལ་ཏེ་བཅབས་ན་ནི་ཞག་གཅིག་བཅབས་པའམ། ཞག་གཉིས་བཅབས་པ་ལ་སོགས་པ་དུས་འདི་སྲིད་གཅིག་བཅབས་པ་ཉིད་དང་ལྡན་པར་བརྗོད་པར་བྱའོ། །མ་བཅབས་པ་ཉིད་དང་ལྡན་པར་བརྗོད་པར་བྱའོ་ཞེས་གསུངས་ཀྱང་ལྟུང་བ་མ་བཅབས་སོ་ཞེས་ནི་བརྗོད་མི་དགོས་ཏེ། ལྟུང་བ་བཅབས་པ་ལ་བརྗོད་དགོས་པ་ལ་དགོངས་ནས་མ་བཅབས་པ་ཉིད་དང་ལྡན་པར་བརྗོད་ཅེས་གསུངས་པའོ། །དགེ་འདུན་ལྷག་མ་དེ་ལས་སློང་བར་བྱེད། དག་པར་བྱེད་པ་ནི་ལྟུང་བ་ལས་དབྱུང་བའོ། །དབྱུང་བ་དེ་གང་ལ་བྱ་ན་དགེ་འདུན་ལ་ཞག་དྲུག་མགུ་བར་བྱ་བ་ནོས་ཏེ་སྤྱད་པ་ལ་དབྱུང་བར་བྱའོ། །དགེ་སློང་མས་ནི་གཉིས་ཀའི་དགེ་འདུན་ལ་ཟླ་བ་ཕྱེད་མགུ་བ་ནོས་པ་ལས་དབྱུང་ངོ་། །དགེ་སློང་མས་ནི་དགེ་འདུན་ལྷག་མ་འབའ་ཞིག་ཏུ་མ་ཟད་ཀྱི། ལྕི་བའི་ཆོས་ལས་འདས་ན་ཡང་གཉིས་ཀའི་དགེ་འདུན་ལ་ཟླ་ཕྱེད་མགུ་བ་དེ་ནོས་ཏེ་སྤྱད་པར་བྱ་བ་


K8Z004_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་ནོ། །ལྷག་མའི་ལྟུང་བ་བཅབས་པའི་ཉེས་པ་མེད་ན་མགུ་བ་དེ་འཆགས་སོ། །སྤོ་བས་བཅབས་ཉེས་དེ་མེད་པར་འགྱུར་རོ། །ཞེས་པའི་ཊཱི་ཀ་ལས། དེའི་རྗེས་སུ་འབྲང་བས་ལྟུང་བ་གཞན་དག་ཀྱང་སྔར་བཅབས་པའི་ཉེས་པ་ཕྱིར་བཅོས་པར་བྱ་ཞིང་། ཕྱིས་བཅབས་པའི་ལྟུང་བ་ཕྱིར་བཅོས་པར་ཤེས་པར་བྱའོ། །ཞེས་སོ། །ཡུན་ཇི་སྲིད་བཅབས་པའི་དུས་དེ་སྲིད་དགེ་འདུན་ལས་སྤོ་བ་ནོས་ཏེའོ། །སྤོ་བ་དང་མགུ་བ་དེ་གཉིས་སྤྱོད་པར་བྱེད་པ་ཉིད་ན་དགེ་འདུན་ལྷག་མའི་ལྟུང་བ་རིགས་འདྲ་དེ་བྱུང་ན་སྔར་སྤོ་མགུ་ནོས་ཏེ་བྱས་པ་དེ་ཞིག་པས་དེའི་ཕྱིར་གཞི་ནས་བརྩམས་པའི་སྤོ་མགུ་ཉིད་སྦྱིན་ནོ། །ངག་དོན་དགེ་སློང་སྤོ་བ་དེ་སྤྱོད་པར་བྱེད་པ་ཉིད་ན་དགེ་འདུན་ལྷག་མ་སྔ་མ་དང་རིགས་མཐུན་པ་དེ་བྱུང་སྟེ། རྐྱེན་གཞན་མ་བྱུང་བ་ཆོས་ཅན། གཞི་ནས་སྤོ་བ་སྦྱིན་པར་བྱ་བ་ཡིན་ཏེ། ནོས་ཏེ་སྤྱད་པར་བྱས་པའི་སྤོ་བ་དེ་ཞིག་ཅིང་། གཞི་ནས་སྤོ་བ་སྦྱིན་མི་དགོས་ཀྱི། རྐྱེན་གཞན་མ་བྱུང་བའི་ཕྱིར་རོ། །རྐྱེན་གཞན་བྱུང་བ་སྤྱིར་བཀག་པ་ཆོས་ཅན་གྱི་ཟུར་ཡིན་ལ། བྱེ་བྲག་བཀག་པ་ནི་རྟགས་ཀྱི་ཟུར་རོ། །མགུ་བ་ཞིག་པ་ལ་གཞི་ནས་མགུ་བ་སྦྱིན་པ་ཡང་དེ་བཞིན་དུ་སྦྱར་ཏེ་བརྗོད་དོ། །འདིར་སྣང་ཡེ་ཤེས་རྒྱན་ནི་མུ་བཞི་མེད་གསུང་ཡང་མུ་བཞི་པོ་འདི་ནི་རྒྱ་འདུལ་གྱི་བཞེད་པ་སྟེ། མཚན་ཉིད་ཀྱང་འཕོ་ཞིང་མིང་ཡང་འཕོ་བ་ནི་སྤོ་མགུ་ཞག་གཅིག་གམ། ཞག་གཉིས་སྤྱད་པ་ལྟ་བུ་སྟེ་སྤོ་མགུ་ཞག་ལོན་པར་སྤྱད་པ་ན་དགེ་འདུན་ལྷག་མ་སྔ་མ་དང་རིགས་འདྲ་བྱུང་ན་སྔར་ཞག་ལོན་པར་སྤྱད་པ་དེ་ཞིག་སྟེ། གཞི་ནས་བསྐྱར་དགོས་པས་མཚན་ཉིད་འཕོ་བ་ཞེས་བྱའོ། །སྔར་གྱི་སྤོ་མགུ་


K8Z004_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མིང་གཞན་དུ་འཕོ་བ་སྟེ། གཞི་ནས་སྤོ་མགུའི་མིང་གིས་སྦྱིན་པའོ། །དེ་བཞིན་དུ་གཞི་ནས་སྤོ་མགུ་ཞག་ལོན་པར་སྤྱད་པ་ན་དགེ་འདུན་ལྷག་མ་སྔ་མའི་རིགས་འདྲ་བྱུང་ནས་ཡང་གཞི་ནས་བསླངས་ཏེ་སྤོ་མགུ་སྦྱིན་པ་ལ་ཡང་སྦྱར་རོ། །མཚན་ཉིད་ཀྱང་མི་འཕོ་ལ་མིང་ཡང་མི་འཕོ་བ་ནི། ཡང་གཞི་ནས་བསླངས་ཏེ་སྤོ་མགུ་བྱིན་ནས་ཞག་མ་ལོན་པར་དགེ་འདུན་ལྷག་མ་སྔ་མ་དང་རིགས་འདྲ་བྱུང་ན་ཞག་ལོན་པར་སྤྱད་པ་ཞིག་ནས་སྦྱིན་པ་ནི་མ་ཡིན་པས། མཚན་ཉིད་མི་འཕོ་བ་ཞེས་ཐ་སྙད་གདགས་སོ། །མིང་ཡང་མི་འཕོ་སྟེ། གཞི་ནས་བསླངས་ཏེ་སྤོ་མགུའི་མིང་གིས་སྦྱིན་པར་བྱ་ཡི། མིང་སྔ་མ་ལས་མིང་གཞན་མེད་པའི་ཕྱིར་རོ། །མཚན་ཉིད་འཕོ་ལ་མིང་མི་འཕོ་བ་ནི། ཡང་གཞི་ནས་བསླངས་ཏེ་སྤོ་མགུ་ཞག་གཅིག་གམ། གཉིས་ལྟ་བུ་ཞག་ལོན་པར་སྤྱད་པ་ན་དགེ་འདུན་ལྷག་མ་སྔ་མ་དང་རིགས་འདྲ་བྱུང་ན་སྔར་ཞག་ལོན་པར་སྤྱད་པ་དེ་ཞིག་སྟེ་གཞི་ནས་བསྐྱར་དགོས་པས་མཚན་ཉིད་འཕོ་བ་ཞེས་བྱའོ། །ཡང་གཞི་ནས་བསླངས་ཏེ་སྤོ་མགུ་ཞེས་སྔར་གྱི་མིང་དེ་ཉིད་ཀྱིས་སྦྱིན་དགོས་པས་མིང་མི་འཕོ་བ་ཞེས་བྱའོ། །མིང་འཕོ་ལ་མཚན་ཉིད་མི་འཕོ་བ་ནི་སྤོ་མགུ་བྱིན་ནས་ཞག་མ་ལོན་པར་དགེ་འདུན་ལྷག་མ་སྔ་མ་དང་རིགས་འདྲ་བྱུང་ན་སྤོ་མགུ་ལས་མིང་གཞན་དུ་འཕོ་སྟེ། གཞི་ནས་སྤོ་མགུའི་མིང་གིས་སྦྱིན་ཅིང་། ཞག་ལོན་པར་སྤྱད་པ་ཞིག་ནས་སྦྱིན་པ་ནི་མ་ཡིན་པས་མཚན་ཉིད་མི་འཕོ་བ་ཞེས་ཐ་སྙད་གདགས་སོ། །གཞི་ནས་སྤོ་མགུ་བྱིན་ནས་ཞག་མ་ལོན་པར་དགེ་འདུན་ལྷག་མ་སྔ་མ་དང་རིགས་འདྲ་བྱུང་སྟེ། ཡང་གཞི་ནས་བསླངས་ཏེ་སྤོ་མགུ་བྱིན་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །སྤོ་མགུ་ཞིག་པའི་རྗེས་སུ་གཞི་ནས་སྤོ་མགུ་བརྩམས་པ་ནི་དང་པོའི་ཞག་


K8Z004_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མཐར་ཐུག་པར་བྱ་བ་དང་འདྲའོ་སྟེ། གཞི་ནས་ཞག་གྲངས་མཐར་ཐུག་པར་སྦྱིན་ཅིང་སྤྱད་པར་བྱའི། །སྔར་གྱི་སྤོ་མགུ་འཕྲོ་སྤྱད་པ་ཙམ་གྱིས་ནི་འགྲུབ་པ་མ་ཡིན་ཏེ། ནོས་ཏེ་བྱས་པ་དེ་གཉིས་ཞིག་པའི་ཕྱིར་རོ། །ནོས་ཏེ་བྱས་པ་དེ་གཉིས་ཞིག་པ་ཞེས་རྒྱ་འདུལ་འཛིན་རྗེས་འབྲངས་དང་བཅས་པ་རྣམས་གསུང་ངོ་། །སྐབས་འདིའི་ཊཱི་ཀ་ལས། ཡོངས་སུ་མི་གཏོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་པ་ནི་སྤྱད་པར་བྱ་བའི་ཞག་གྲངས་ཀྱི་ཚད་ངེས་པ་ཡོངས་སུ་མི་གཏོང་ངོ་། །ཞེས་སྦྱར་རོ། །དེའི་ཕྱིར་ཞེས་པ་ནི། །ཊཱི་ཀ་ལས། བརྩམས་པ་ནི་མཐར་ཐུག་པ་དང་འདྲ་བ་དེའི་ཕྱིར། ཞེས་སོ། །སྤོ་བ་ལ་སོགས་པ་སྔར་བྱིན་པ་དེ་དགེ་འདུན་གྲངས་མ་ཚང་བ་ལ་སོགས་པའི་ཉེས་པས་མ་ཆགས་ཏེ། སྤོ་བ་ལ་སོགས་དེ་མ་ཆགས་པའི་གནས་སྐབས་སུ་དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་དང་འདྲ་བ་བྱུང་ན་དེའི་ཚེ་དང་པོ་ཡང་ཞེས་པ་ནི་སྔ་མ་ཡང་སྟེ། སྔ་མའི་སྤོ་བ་དེ་ཉིད་སླར་ཡང་སྦྱིན་པར་བྱའི། གཞི་ནས་སྤོ་བ་སྦྱིན་པར་ནི་མི་བྱ་སྟེ། སྤོ་བ་ཞིག་པ་མེད་པའི་ཕྱིར་ཏེ། སྤོ་བ་མ་ཆགས་པའི་ཕྱིར་རོ། །མགུ་བ་ཆགས་པའི་གནས་སྐབས་སུ་ལྷག་མའི་ལྟུང་བ་སྔ་མ་དང་འདྲ་བ་བྱུང་ན་ཡང་སྔ་མ་མགུ་བ་དེ་ཉིད་སླར་སྦྱིན་པར་བྱ་ཡི། གཞི་ནས་མགུ་བ་སྦྱིན་པར་ནི་མི་བྱའོ། །མདོར་ན་དང་པོ་ཡང་སྟེ། སྔར་གྱི་སྤོ་མགུ་གང་ཡིན་པ་སྔ་མ་དེ་ཉིད་སླར་ཡང་བླང་བར་བྱ་བ་ཉིད་དོ་ཞེས་ཚིག་གི་མཐར་སྦྱར་རོ། །འོ་ན་ལྟུང་བ་སྔ་མ་ལ་འཆབ་པ་ཡོད་ཅིང་། ཕྱི་མ་ལ་འཆབ་པ་མེད་ན་ཇི་ལྟར་བྱ་ཞེ་ན། བཅབས་པའི་སྤོ་བ་དང་། མ་བཅབས་པའི་མགུ་བ་སྔ་ཕྱི་ཐ་དད་པར་གཞི་ནས་བླང་བར་བྱ་བ་ཉིད་དོ་ཞེས་པ་སྟེ། སྐབས་འདི་ཉིད་ཀྱི་ཊཱི་ཀ་ལས། སྤོ་བ་དང་མགུ་བ་ཐ་དད་པ་གཞི་ནས་བསླངས་


K8Z004_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །ཞེས་གསུངས་སོ། །འདིའི་དགོངས་པ་ནི་ལྟུང་བ་སྔ་མའི་འཆབ་པ་དེ་ནི་སྤོ་བས་དག་པར་བྱས་ནས་ལྟུང་བ་སྔ་ཕྱི་གཉིས་ཀ་ཕྱིར་བཅོས་པའི་དོན་དུ་མགུ་བ་གཅིག་རྗེས་སུ་བསྒྲུབ་པར་བྱའོ། །ལྟུང་བ་ཕྱི་མ་དེ་ཕྱིར་བཅོས་པར་བྱའོ་ཞེས་སྟོན་པ་ནི་བར་མ་ཞེས་གསུངས་ཏེ། དེ་ཡང་ཊཱི་ཀ་ལས། སྤོ་བ་སྔ་མ་ཤོས་མ་ཆགས་པའི་སྐབས་སུ་དགེ་འདུན་ལྷག་མའི་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་དེ་ཡལ་བར་མི་འདོར་པར་ཕྱིར་བཅོས་པར་བྱའོ། །ལྟུང་བ་ཕྱི་མ་དེ་ལ་བར་མ་ཞེས་མིང་བཏགས་པ་ནི་ལྟུང་བ་སྔ་མ་དེ་དང་སྤོ་མགུ་སྦྱིན་པའི་བར་དུ་བྱུང་བས་དེ་ཞེས་བྱའོ། །འོ་ན་ལྟུང་བ་སྔ་ཕྱི་གཉིས་ཀ་འཆབ་པ་དང་བཅས་ན་ཇི་ལྟར་ཞེ་ན། དེའི་ཕྱིར་ཞེས་པ་ནི། ཊཱི་ཀ་ལས། བར་མ་དེ་ཕྱིར་བཅོས་པར་བྱ་བ་དེའི་ཕྱིར། ཞེས་གསུངས་ཏེ། སྤོ་བ་ལ་སོགས་པ་མ་ཆགས་པར་ལེན་པར་བྱེད་པ་དེའི་ཚེ་ན་ལྟུང་བ་ཕྱིས་བྱུང་བ་དེ་ཕྱིར་བཅོས་པར་བྱ་བའི་དེའི་དོན་དུ་ཡང་ཆོ་ག་གཅིག་གིས་སྤོ་བ་བླང་བའམ། ཆོ་ག་གཅིག་གིས་མགུ་བ་བླངས་པ་བརྟེན་པར་བྱ་བ་ཉིད་ཡིན་ནོ། །དེ་ཡང་ལྟུང་བ་སྔ་ཕྱི་གཉིས་ཀ་བཅབས་པ་དང་བཅས་ན། ལྟུང་བ་སྔ་ཕྱི་གཉིས་ཀའི་མིང་བརྗོད་ཅིང་ཆོ་ག་གཅིག་གིས་སྤོ་བ་བླང་ཞིང་དུས་གཅིག་ཏུ་སྤྱད་དུ་རུང་བའོ། །ཊཱི་ཀ་ལས། ལྟུང་བ་ཐམས་ཅད་ཕྱིར་བཅོས་པའི་ཕྱིར་ཚིག་གཅིག་ཁོ་ནས་སྤོ་བ་ལ་སོགས་བླང་བར་བྱའོ། །ཞེས་གསུངས་ཏེ། དུས་གཅིག་ཏུ་སྤྱད་དུ་རུང་ངོ་། །དེས་ན་ཊཱི་ཀ་ལས། དཔེར་ན་རྒྱུད་ལན་གཅིག་བརྐྱང་པས་རྒྱུད་ལ་སྐད་དང་སྦྱར་བ་ལ་སོགས་པའི་བྱ་བ་དུ་མ་གཅིག་ཅར་བྱེད་པ་དེ་བཞིན་དུ། ཞེས་པའོ། །ལྟུང་བ་སྔ་མ་བས་ཕྱི་མ་ཡུན་རིང་དུ་བཅབས་ན་ཇི་ལྟར་བྱ་ཞེ་ན། ལྟུང་བ་ཕྱིས་བྱུང་བ་དེ་བཅབས་པའི་དུས་ལྷག་


K8Z004_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡིན་པ་དེ་ཡང་ལྟུང་བ་སྔ་མ་བཅབས་པའི་དུས་བརྗོད་པའི་སྐབས་དེར་གཞུག་ཅིང་བརྗོད་པ་ཉིད་དོ་སྟེ། ཆོ་ག་བརྗོད་པ་ན་དེ་ལྟར་བརྗོད་པའོ། །སྤོ་བ་སྦྱོད་པ་ན་ནི་དུས་རིང་ཤོས་ཀྱི་ཁོངས་སུ་ཐུང་ཤོས་བསྡུ་སྟེ། ཊཱི་ཀ་ལས། ལྟུང་བ་སྔ་མ་བཅབས་པའི་དུས་ཟླ་བ་ཕྱེད་ཡོལ་ལ། ལྟུང་བ་ཕྱི་མ་བཅབས་པའི་དུས་ཟླ་བ་གཅིག་ཡོད་པ་དེ་ལ་ནི་ཟླ་བ་གཅིག་ཁོ་ན་སྤོ་བ་སྦྱིན་པར་བྱ་སྟེ། དེས་ལྟུང་བ་སྔ་མ་ཟླ་བ་ཕྱེད་བཅབས་པ་དང་། ལྟུང་བ་ཕྱི་མ་ཟླ་བ་གཅིག་བཅབས་པའི་ཉེས་པ་གཉིས་ཀ་མེད་པར་འགྱུར་བར་ཤེས་པར་བྱའོ། །ཞེས་སོ། །ལྟུང་བ་སྔ་མ་བཅབས་པ་བས་ལྟུང་བ་ཕྱི་མ་བཅབས་པའི་དུས་ལྷག་པ་སྲིད་དེ། ལྟུང་བ་སྔ་མ་ཟླ་བ་ཕྱེད་བཅབས་ནས་ལྟུང་བ་དེ་གཞན་ལ་བརྗོད་ཅིང་། ལྟུང་བ་ཕྱི་མ་གཞན་ལ་མི་བརྗོད་པར་ཟླ་བ་གཅིག་བཅབས་པ་ལྟ་བུའོ། །སྤོ་བ་དང་མགུ་བ་དེ་གཉིས་གསོལ་བཞིའི་ལས་ཀྱིས་སྦྱིན་ནོ་ཞེས་པ་ནི། སྦྱིན་པ་བཅོ་ལྔ་བསྟན་ཏེ། སྤོ་བ་སྦྱིན་པ་དང་། གཞི་ནས་སྤོ་བ་སྦྱིན་པ་དང་། ཡང་གཞི་ནས་བསླངས་ཏེ་སྤོ་བ་སྦྱིན་པ་སྟེ་གསུམ་དང་། མགུ་བ་དང་། གཞི་ནས་མགུ་བ་དང་། ཡང་གཞི་ནས་བསླངས་ཏེ་མགུ་བ་སྦྱིན་པ་གསུམ་དང་། སྤོ་བ་སྤྱད་པ་དང་། ལྡན་པ་ལ་མགུ་བ་སྦྱིན་པ་གསུམ་དང་། གཞི་ནས་སྤོ་བ་སྤྱད་པ་དང་ལྡན་པ་ལ་མགུ་བ་སྦྱིན་པ་གསུམ་དང་། ཡང་གཞི་ནས་བསླངས་ཏེ་སྤོ་བ་སྤྱད་པ་དང་ལྡན་པ་ལ་མགུ་བ་སྦྱིན་པ་གསུམ་མོ། །ལྷག་མའི་ལྟུང་བ་དབྱུང་བ་ཡང་གསོལ་བཞིའི་ལས་ཀྱིས་སོ་ཞེས་དབྱུང་བ་བཅུ་གཉིས་བསྟན་ཏེ། སྤོ་བ་སྔོན་དུ་མ་སོང་བའི་མགུ་བ་རྐྱང་པ་སྤྱད་པ་གསུམ་ལ་དབྱུང་བ་གསུམ་དང་། སྤོ་བ་སྤྱད་ནས་མགུ་བ་སྤྱད་པ་ལ་དབྱུང་བ་གསུམ་དང་། གཞི་ནས་སྤོ་བ་སྤྱད་


K8Z004_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མགུ་བ་སྤྱད་པ་གསུམ་ལ་དབྱུང་བ་གསུམ་དང་། ཡང་གཞི་ནས་བསླངས་ཏེ་སྤོ་བ་སྤྱད་ནས་མགུ་བ་སྤྱད་པ་གསུམ་ལ་དབྱུང་བ་གསུམ་སྟེ་བཅུ་གཉིས་སོ། །སྤོ་མགུ་དབྱུང་གསུམ་དེ་དག་གིས་གསོལ་བ་འདེབས་པ་ཉི་ཤུ་རྩ་བདུན་ཡང་མཚོན་པའོ། །ཊཱི་ཀ་ལས། འཆར་ཀའི་ནག་འབྱམ་གྱི་སྐབས་སུ་སྤོ་རྐྱང་སྦྱིན་པ་གསུམ་དང་། མགུ་བ་རྐྱང་པ་སྦྱིན་པ་གསུམ་དང་། སྤོ་བ་སྦྱད་པ་ལ་མགུ་བ་སྦྱིན་པ་དང་། གཞི་ནས་སྤོ་བ་སྤྱད་པ་ལ་མགུ་བ་སྦྱིན་པ་དང་། ཡང་གཞི་ནས་བསླངས་ཏེ་སྤོ་བ་སྤྱད་པ་ལ་མགུ་བ་སྦྱིན་པ་དང་གསུམ་སྟེ། སྦྱིན་པ་མུ་དགུ་པོ་རྣམས་ཀྱིས་གསོལ་བ་ཙམ་སྨོས་ཤིང་བརྗོད་པ་ནི་དངོས་སུ་མ་སྨོས་སོ། །སྤོ་བ་སྤྱད་པ་ལ་གཞི་ནས་མགུ་བ་སྦྱིན་པ་ལ་སོགས་པ་གཞན་རྣམས་ཀྱང་དངོས་སུ་མ་སྨོས་ཏེ་སོགས་ཁོངས་སུ་བསྡུས་སོ། །དབྱུང་བ་བཅུ་གཉིས་ལ། ཊཱི་ཀ་ལས། དབྱུང་བ་མུ་དྲུག་གིས་གསོལ་བ་དང་། བརྗོད་པ་གཉིས་ཀ་སྨོས་ཏེ་མགུ་སྤྱད་གསུམ་ལ་དབྱུང་བ་གསུམ་དང་། སྤོ་སྤྱད་གསུམ་ལ་མགུ་བ་བྱིན་ནས་དབྱུང་བ་གསུམ་སྟེ་དྲུག་པོ་དེ་དག་གིའོ། །དབྱུང་བ་གཞན་དྲུག་ནི་དངོས་སུ་མ་སྨོས་ཏེ་སོགས་ཁོངས་སུ་བསྡུས་སོ། །དེ་རྣམས་ནི་ཊཱི་ཀ་ལས། འཆར་ཀའི་ནག་འབྱམ་དུ་རྣམ་པར་བཤད་པ་ཡིན་ནོ། །དབྱུང་བ་དེར་བསྡིགས་པ་དང་བསྔགས་པ་བརྗོད་པ་ཡང་བྱའོ། །ཁྱོད་ཀྱི་འགྲོ་བ་ནི་གཉིས་ཏེ། དམྱལ་བ་དང་དུད་འགྲོའོ་ཞེས་པ་ལ་སོགས་བརྗོད་པར་བྱའོ། །བསྡིགས་པ་དེ་དུས་གང་གི་ཚེ་བྱ་ཞེ་ན། གསོལ་བ་དང་ལས་བརྗོད་པ་དང་པོའི་བར་དུའོ། །ཊཱི་ཀ་ལས། ལྟུང་བ་འབྱིན་པ་པོ་གནས་སྐབས་ཇི་ལྟར་འདུག་པ་ལ་བྱ་ཞེ་ན། རྩྭ་བཅད་དེ་ས་ལ་དེའི་ཕྱིར་བཀྲམ་པ་ལྟ་བུ། ལུས་ཐམས་ཅད་ས་ལ་འགྱེལ་བ་ལའོ། །ཞེས་པ་འདི་ལུང་ཀརྨ་ཤ་ཏཾ་ལས་


K8Z004_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བུབ་ཡིན་མིན་གང་ཡང་མི་སྣང་ཡང་། བམ་པོ་ལྔ་བཅུ་པ་ལས། རྩྭ་བཅད་དེ་ས་ལ་བཀྲམ་པ་ལྟར་ལུས་ཐམས་ཅད་ས་ལ་ཁ་བུབ་པ་ན་གན་རྐྱལ་ལམ། བློས་འགྱེལ་དུ་བཅུག་སྟེ། ཞེས་བཤད་ཅིང་། འགྲེལ་ཆུང་ལས། དགེ་འདུན་གྱི་སྤྱན་སྔར་ཁ་བུབ་ཏུ་བསྙལ་བ་ལ་བསྡིགས་པ་དང་དབྱུང་བ་གཉིས་ཀ། ཞེས་བཤད་དེ། བསྡིགས་པ་དང་དབྱུང་བའི་ལས་བརྗོད་པ་གསུམ་དང་། མཇུག་སྡུད་བརྗོད་པ་ཡང་སྤྱོད་ལམ་འགྱེལ་བ་ལ་བྱའོ། །དེ་ལ་གཟེངས་བསྟོད་པའི་སྔགས་ཀྱང་བྱའོ། །གཟེངས་བསྟོད་པའི་ཚིག་ནི་ཁྱོད་ཀྱི་འགྲོ་བ་ནི་གཉིས་ཏེ། ལྷ་དང་མིའོ་ཞེས་སོ། །འདིའི་རང་འགྲེལ་ལས། འགྱེལ་བ་ལའོ་ཞེས་བྱ་བ་ནི་གཟེངས་བསྟོད་པའི་སྐབས་འདིར་སྦྱར་བར་བྱ་བ་མ་ཡིན་ཏེ་ཞེས་གསུངས་ཏེ། དེས་ན་དབྱུང་བའི་ལས་བརྗོད་པ་གསུམ་དང་། མཇུག་སྡུད་བརྗོད་པའི་སྤྱོད་ལམ་ཡང་འགྱེལ་བ་ལ་བྱ་བར་གྲུབ་བོ། །གཟེངས་བསྟོད་པ་དེ་ལས་ཀྱི་མཇུག་སྡུད་བརྗོད་པ་བྱས་མ་ཐག་ཏུའོ། །འདིར་སྨྲས་པ། ཐ་སྙད་འདི་དག་རང་བཞིན་ཙམ་གྱིས་ཤེས། །ལེགས་བྱས་ཐམས་ཅད་ངེས་པར་འབྱུང་བས་ཐོབ། །བརྩོན་པ་ལྡན་པས་འདོད་དགུའི་དོན་ཀུན་འགྲུབ། །ཐོས་པ་མང་ལྡན་ཤེས་རབ་རྣམ་པར་དག ། དབུས་མཐའ་མེད་པའི་ཆོས་དབྱིངས་ཟབ་མོ་ལ། །དཔལ་ལྡན་དྭགས་པོའི་བརྒྱུད་མཆོག་འཛིན་རྣམས་ཀྱིས། །ཟབ་མོ་བཟོད་པའི་མྱོང་བ་ཐམས་ཅད་པ། །རིལ་བོར་ཐོབ་པའི་དགེ་སློང་བསོད་ནམས་ཅན། །ཅེས་སོ། །ཕྱིར་བཅོས་པའི་གཞི་གཞིར་གཏོགས་པའོ།། །།གཉིས་པ་ལ། མི་སྤྲོ་ནན་ཏུར་སྒོ་ནས་བཅོས། །སྤྲོ་བ་བཤགས་སོགས་དག་པ་སྒྲུབ། །དང་པོ་ལ། རབ་བྱུང་ནན་ཏུར་བྱ་བ་དང་། །ཁྱིམ་པ་ཆད་པའི་


K8Z004_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའོ། །དང་པོ་ནི། ཕམ་པར་གྱུར་པ་ཚུལ་ཁྲིམས་འཆལ་བ་བསྐྲད་པར་བྱའོ་སྟེ། གཏན་ལ་དབབ་པ་བསྡུ་བ་ལས། གཞན་རྗེས་སུ་བསྲུང་བའི་ཕྱིར་དང་། བླ་མའི་སྣོད་མ་ཡིན་པའི་ཕྱིར་དང་། དགེ་འདུན་མི་བརྗེད་པའི་ཕྱིར་ཞེས་བསྐྲད་དགོས་པའི་རྒྱུ་མཚན་གསུམ་གསུངས་སོ། །འཆལ་བ་བསྐྲད་པ་འདི་ལ་དགེ་འདུན་དབང་ངོ་། །ཊཱི་ཀར། གཙུག་ལག་ཁང་གི་བྱ་བ་ནི་ཚོགས་ལ་རག་ལས་པ་ཉིད་ཡིན་པའི་ཕྱིར། ཞེས་སོ། །དགེ་འདུན་དེས་བསྐྲད་པའི་བྱ་བ་དེ་ཡལ་བར་མི་དོར་རོ། །ནན་ཏུར་གཞན་ལ་བཟོད་པར་བྱ་བ་བཞིན་དུ་དགེ་ཚུལ་བསྙིལ་བ་ལ་གསོལ་བཞིའི་ལས་ཀྱིས་བཟོད་པར་བྱ་བ་ཉིད་དོ། །ནན་ཏུར་བྱེད་པའི་དགེ་སློང་དག་གིས་འདི་ལ་བཟོད་པར་གྱིས་ཤིག ། ཅེས་མ་བསྒོས་ནན་ཏུར་བྱས་པ་ལ་དགེ་སློང་གཞན་རྣམས་ཀྱིས་བཟོད་པ་བླངས་བའི་ལས་མི་འཆགས་སོ། །བསྒོས་ན་ནི་འཆགས་སོ། །ཁྱིམ་སུན་འབྱིན་པ་བསྐྲད་པས་གནས་གང་དུ་སུན་ཕྱུང་བའི་ཡུལ་གྱི་གནས་སུ་ཡུལ་དེར་དེས་གནས་པར་མི་བྱ་བ་ཉིད་དོ། །གནས་དེ་ནས་བསྐྲད་ཀྱང་ཡུལ་གཞན་དུ་གཙུག་ལག་ཁང་དུ་གནས་པ་དང་། ལོངས་སྤྱོད་བྱར་རུང་བས་བསྐྲད་པ་དང་། །གནས་ནས་ཕྱུང་བ་ནི་ཁྱད་པར་ཤིན་ཏུ་ཆེའོ། །སྡིག་ལྟ་མི་གཏོང་བ་གནས་ནས་དབྱུང་བ་འབའ་ཞིག་ཏུ་མ་ཟད། གནས་ནས་ཕྱུང་བ་ཐམས་ཅད་ལ་རབ་ཏུ་བྱུང་བ་གཞན་རྣམས་ཀྱིས་གནས་གཅིག་ཏུ་ལྷན་ཅིག་ཏུ་གནས་པར་བྱ་བ་མ་ཡིན་པ་ཉིད་དང་། ལོངས་སྤྱད་པར་བྱ་བ་མ་ཡིན་པ་ཉིད་དོ། །གནས་ནས་ཕྱུང་བ་སྤང་བ་འདི་ལ་འདུ་ཤེས་ཉིད་ཀྱིས་རྣམ་པར་གཞག་གོ་སྟེ། གནས་ནས་ཕྱུང་བ་ཡིན་པར་ཤེས་ལ། མི་སྤོང་བ་དེ་ཉེས་པ་འདིར་འགྱུར་གྱི། མི་ཤེས་པ་ལ་ནི་མ་ཡིན་ནོ་ཞེས་སོ། །ལས་བྱེ་བ་དང་། འཁོར་བྱེ་བ་གང་ཡང་རུང་


K8Z004_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་ན་གནས་པར་བྱ་བ་མ་ཡིན་པ་ཉིད་ལོངས་སྤྱོད་པར་བྱ་བ་མ་ཡིན་པ་དེ་གཉིས་ཆོས་མ་ཡིན་པའི་ཕྱོགས་དང་། གཅིག་ཤོས་ཆོས་ཀྱི་ཕྱོགས་སུ་མི་བྱ་བ་ཡིན་པས། བྱས་ན་ཆོས་ཀྱི་ཕྱོགས་པ་ལ་ཉེས་པ་བསྐྱེད་པ་ཡིན་གྱི། གཅིག་ཤོས་ཆོས་ཕྱོགས་པ་དང་ལྷན་ཅིག་གནས་པ་དང་། ལོངས་སྤྱོད་པ་ལས་ནི་ཆོས་མིན་ཕྱོགས་པ་ལ་ཉེས་པ་བསྐྱེད་པ་མ་ཡིན་ནོ། །རབ་བྱུང་ལ་ནན་ཏུར་བྱས་པ་གནས་ནས་ཕྱུང་བ་ལས་གཞན་བསྡིགས། སྨད། བསྐྲད། ཕྱིར་འགྱེད་བྱས་པ་དག་ལ་ལྷན་ཅིག་མི་གནས་པ་དང་ལྷན་ཅིག་ལོངས་མི་སྤྱོད་པ་དེ་གཉིས་མི་བྱའོ། །གསོ་སྦྱོང་བཞག་པ་དང་དགག་དབྱེ་བཞག་པའི་ནན་ཏུར་བྱས་པ་ལ་ཡང་ལྷན་ཅིག་མི་གནས་པ་དང་། ལྷན་ཅིག་ལོངས་མི་སྤྱོད་པ་དེ་གཉིས་མི་བྱའོ་ཞེས་ཀྱང་མདོ་འདིས་བསྟན་ཏེ། འོན་ཀྱང་ཆོས་ཀྱི་ལོངས་སྤྱོད་གསོ་སྦྱོང་དང་དགག་དབྱེ་མ་གཏོགས་སོ། །ནན་ཏུར་བྱས་པ་གཞན་དག་དེས་འགྲོགས་བཤེས་ལ་བསྟེན་ཏེ་གནས་པར་བྱ་བ། བསྡིགས། སྨད། བསྐྲད། ཕྱིར་འགྱེད་དང་བཞིའི་དབང་དུ་བྱས་ན། འགྲེལ་ཆུང་ལས། དགེ་འདུན་ལ་འགྲོགས་སུ་རུང་བ་བཞི་ཕྱི་རོལ་དུ་མི་བསྐྲད་པར་མཁན་པོའི་མཛའ་བ་གཅིག་དང་གནས་འཆར་གཞུག ། ཅེས་བཤད་དོ། །བསྐྲད་པ་ནི་གནས་དེ་ནས་བསྐྲད་ཀྱང་ཡུལ་གཞན་དུ་གཙུག་ལག་ཁང་ནས་ཕྱི་རོལ་དུ་མི་བསྐྲད་པར་དེས་འགྲོགས་བཤེས་ལ་བརྟེན་ཏེ་གནས་པར་བྱ་བ་ཉིད་དོ། །འདིའི་ལུགས་ནི། བྲམ་ཟེའི་བུ་མོས་ཞུས་པ་ལས། སྨད་པ་ཞེས་བྱ་བའི་དོན་ཅི་ལགས། ཨུ་པ་ལི་སྨད་པ་ཞེས་བྱ་བ་དེ་ནི་དགེ་སློང་གང་ཕྱི་ཕྱིར་དུ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པར་གྱུར་པ་ལ་ཁྱོད་ཀྱིས་ནམ་ལྟུང་བ་དེ་ལས་སླར་མ་ལོག་པ་དེའི་བར་དུ་གཞན་ལ་


K8Z004_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འཆའ་ཞིང་འདུག་ཅིག་ཅེས་བསྒོའོ། །ཁྱོད་ཀྱིས་གཞན་ལ་གནས་ཤིང་འདུག་ཅིག་ཅེས་གསུངས་ན་དེའི་དོན་ཅི་ལགས། གང་ཟག་གང་ལ་མཛའ་བའམ་ངོ་ཚ་ཤེས་པའམ་ཁྲེལ་ཡོད་པར་འགྱུར་བ་དེ་ལ་གནས་ཏེ་འདུག་པར་བྱའོ། །ཞེས་གསུངས་ཏེ། བསྡིགས་པ་དང་། བསྐྲད་པ་དང་། ཕྱིར་འགྱེད་པ་ལ་ཡང་སྦྱར་དུ་རུང་བར་དགོངས་ནས་སྤྱིར་མཛད་དོ། །དགེ་སློང་གང་ལ་ནན་ཏུར་བྱ་བའི་ཡུལ་དེས་འགྱུར་བ་བསྟེན་པས་སམ། ཉམས་པ་ཚུལ་ཁྲིམས་འཆལ་བ་བསྐྲད་པར་བྱ་བའི་ཡུལ་དེས་ངོ་མཛུམ་ཁྲོ་བ་ལ་སོགས་པ་འགྱུར་བ་བསྟེན་ན་དེའི་ཚེ་དེའི་ཡོ་བྱད་ཀྱང་ཕྱུང་སྟེ་དོར་རོ། །སྔར་བསྟན་པའི་གང་ཟག་ནན་ཏུར་བྱ་བ་དང་། ཚུལ་ཁྲིམས་འཆལ་བ་དེ་གཉིས་མཐུས་ཀྱང་བསྐྲད་པར་བྱའོ། །གང་ཟག་དེ་གཉིས་བསྐྲད་པ་ན་ཀ་བ་ལ་སོགས་པ་གང་ལ་འཇུས་པ་དེ་ཡང་བཅད་པར་བྱའོ། །གང་ལ་འཇུས་པ་དེ་ཕྱུང་ན་གནས་དེ་བརྡིབས་པའི་ཆོས་ཀ་བ་ལྟ་བུ་མ་ཡིན་ཏེ། སྒོ་སྐྱེས་ལྟ་བུ་ཡིན་ན་དབྱུང་ངོ་། །དགེ་འདུན་གྱིས་བཅད་པ་དང་ཕྱུང་བ་དེ་ཕྱིར་བཅོས་པར་བྱ་ཡི། གང་གིས་བཅད་པ་དང་ཕྱུང་བ་དེས་ནི་མ་ཡིན་ནོ། །ཇི་ལྟར་བཅོས་ཞེ་ན། སྦྱིན་བདག་ལ་བཅོལ་ཏེའོ། །བཅོལ་ཏེ་མ་གྲུབ་ན་གཙུག་ལག་ཁང་གི་རྫས་ཀྱིས་ཕྱིར་བཅོས་སོ། །དགེ་སློང་འཐབ་ཀྲོལ་བྱེད་པ་གཙུག་ལག་ཁང་ནས་བསྐྲད་པ་ནི་དགེ་སློང་གཞན་གྱིས་བཟུང་བར་མི་བྱའོ། །ཡང་དང་ཡང་དུ་དོན་གཞན་དང་གཞན་གྱི་ཕྱིར་འཐབ་ཀྲོལ་བྱེད་པ་ལ་བསྡིགས་པའི་ལས་ཀྱིས་འཐབ་ཀྲོལ་ཞི་བར་འབད་པས་ཀྱང་འཐབ་ཀྲོལ་བྱེད་པ་ལས་མ་ལོག་ན་འཐབ་ཀྲོལ་ཉེ་བར་ཞི་བར་བྱ་བའི་ཕྱིར་གནས་ནས་དབྱུང་བར་བྱའོ། །དངོས་པོ་མི་རྟག་པའོ་ཞེས་པའམ། རྟག་པའོ་ཞེས་སྤྱོད་པ་ལ་སོགས་


K8Z004_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས་པོའི་ངོ་བོ་ཉིད་རྣམ་པར་གཏན་ལ་འབེབས་པའི་འཐབ་ཀྲོལ་ལས་གྱུར་པ་ལ་རྩོད་པ་ཉེ་བར་ཞི་བར་བྱེད་པའི་ཐབས་གཟུ་བོ་བསྐོ་བ་ལ་སོགས་མངོན་སུམ་དུ་བྱས་པས་སོ། །རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པའི་འཐབ་ཀྲོལ་བྱེད་པ་པོ་གནས་པ་སློབ་མ་དང་། ཉེ་གནས་ལ་གནས་མཁན་པོ་དང་། སློབ་དཔོན་གྱིས་རང་ངམ་བསྐོས་པས་འབད་པས་ཞི་བར་བྱའོ། །འཐབ་ཀྲོལ་གྱིི་རྒྱུ་ཉེ་བར་བསྒྲུབ་པ་ཡང་གནས་ནས་དབྱུང་བར་བྱ་བ་ཉིད་དོ། །དགེ་སློང་གྲེ་སྐྱེས་ལྟ་བུ་དགེ་སློང་མ་རྣམས་དང་ཡང་དང་ཡང་དུ་འདྲེ་ཞིང་གནས་རྩེ་ཞིང་གནས་པ་འབད་པས་བཟློག་ཀྱང་མི་གཏོང་ན་དེ་ལ་ཡང་གནས་ནས་དབྱུང་བར་བྱའོ། །དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་པའི་རྒྱུ་འདིས་གནས་ནས་ཕྱུང་བའི་དགེ་སློང་ལ་དགེ་སློང་མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་གསོལ་གཉིས་ཀྱིས་སྦྱིན་པར་བྱའོ། །ནན་ཏུར་གྱི་རྒྱུ་གཞན་བསྡིགས་པ་ནན་ཏུར་གྱི་རྒྱུ་འཐབ་ཀྲོལ་བྱེད་པ་ལ་དེའི་དོན་དུ་བསྡིགས་པ་ནན་ཏུར་བྱ་བའི་བསམ་པས་ཆོ་ག་གཞན་བསྐྲད་པ་ནན་ཏུར་གྱི་ཆོ་ག་བྱེད་པ་ནི་བསྡིགས་པའི་ལས་ཉིད་འཆགས་སོ། །བསྡིགས་པའི་རྒྱུ་ལ་བསྡིགས་པའི་དོན་དུ་བསྡིགས་པ་བྱ་བའི་བསམ་པས་སྨད་པ་ལ་སོགས་པའི་ཆོ་ག་གསུམ་གང་བྱས་ཀྱང་བསྡིགས་པ་ཉིད་འཆགས་ཏེ། སྨད་པ་ནན་ཏུར་དུ་མགོ་གཅིག་ལ་ཆོ་ག་དོད་ཐུབ་ཡིན་པའི་ཕྱིར་འདི་ཡང་ལུང་ཆོས་ཀྱི་འཐད་པ་སྦྱར་བ་ཙམ་ཡིན་གྱི། ཚུལ་གསུམ་ཚད་མས་གྲུབ་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སྨད་པ་དང་བསྐྲད་པ་དང་ཕྱིར་འགྱེད་པ་ལ་ཡང་སྦྱར་རོ། །དེ་བཞིན་དུ་གནས་ནས་དབྱུང་བ་བདུན་པོ་ཕན་ཚུན་ཆོ་ག་བྱེད་པ་ནི་འཆགས་སོ། །


K8Z004_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་གསོ་སྦྱོང་བཞག་པ་དང་། དགག་དབྱེ་བཞག་པ་དང་གཉིས་པོ་ཕན་ཚུན་ཆོ་ག་གཞན་བྱེད་པ་ཡང་འཆགས་སོ། །ཞེས་མདོ་འདིས་བསྟན་ཏོ། །དེ་དག་གི་གནད་ཀྱིས་སྦྱར་བ་ནི། ཁང་པའི་གནང་བ་སྦྱིན་པ་དང་། ཁང་ཆེན་གྱི་གནང་བ་སྦྱིན་པ་ལྟ་བུ་སྦྱིན་པའི་ལས་རྒྱུ་མཚན་མཚུངས་པ་རྣམས་ཕན་ཚུན་ཆོ་ག་གཞན་བྱེད་པ་ནི་འཆགས་ལ། འོ་ཐུག་བྲིམ་པ་སྐོ་བ་དང་བག་ཆོལ་འབྲིམ་པ་པོ་བསྐོ་བ་ལྟ་བུ་བསྐོ་བའི་ལས་རྒྱུ་མཚན་མཚུངས་པ་རྣམས་ཕན་ཚུན་ཆོ་ག་གཞན་བྱེད་པ་ལ་ཡང་འཆགས་ཏེ། སྦྱིན་པའམ་བསྐོ་བའི་ལས་སུ་མགོ་གཅིག་ལ་ཆོ་ག་དོད་ཐུབ་པའི་ཕྱིར་ཞེས་སྦྱར་རོ། །ཆོ་ག་དོད་མི་ཐུབ་པ་ལ་ནི་དེ་ལྟར་མ་ཡིན་ཏེ། བསྙེན་པར་རྫོགས་པའི་རྒྱུ་ལ་དེའི་དོན་དུ་དེའི་བསམ་པས་ཁང་པའི་གནང་བ་སྦྱིན་པ་ལ་སོགས་པའི་ཆོ་ག་བྱས་པ་ནི་ལས་མི་འཆགས་ཏེ། ཆོ་ག་དོད་མི་ཐུབ་པའི་ཕྱིར་རོ། །ལྟུང་བ་བཤགས་པའི་དོན་དུ་དེའི་བསམ་པས་ཆོ་ག་གཞན་བྱས་ན་བཤགས་པ་མི་འཆགས་ཏེ། ལྟུང་བའི་མིང་རིགས་བརྗོད་པའི་ཕྱིར་བཅོས་མེད་པའི་ཕྱིར། དེ་ཡང་ནན་ཏུར་གྱི་རྒྱུ་གཞན་ལ་བྱས་པས་ནན་ཏུར་གཞན་འཆགས་པ་དེ་རྣམས་ཀྱང་འདུ་ཤེས་མ་འཁྲུལ་པའི་དབང་དུ་བྱས་པ་ཡིན་གྱི། འཁྲུལ་ན་ནི་སྨད་པ་ནན་ཏུར་གྱི་རྒྱུ་ལ་སྨད་པ་ནན་ཏུར་གྱི་བསམ་པས་སྨད་པ་ནན་ཏུར་གྱི་ཆོ་གར་འདུ་ཤེས་འཁྲུལ་ནས་གནས་ནས་དབྱུང་བའི་ཆོ་ག་བྱས་ཀྱང་སྨད་པ་ནན་ཏུར་འཆགས་ཏེ། ནན་ཏུར་གྱི་ལས་འདུ་ཤེས་གཙོ་བོ་ཡིན་ཅིང་། སྨད་པ་ནན་ཏུར་དེ་དཔྱད་པ་ཐ་སྙད་ཀྱིས་འཇུག་པའི་ཕྱིར་རོ། །ནན་ཏུར་གྱི་རྒྱུ་གཞན་ལ་ནན་ཏུར་གཞན་བྱེད་ན་རང་རང་གི་བསམ་པ་ཡོད་པ་ལས། གཞན་དུ་ན་སྟེ་རང་རང་གི་བསམ་


K8Z004_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པས་ནི་ནན་ཏུར་གྱི་ལས་དེ་མི་འཆགས་སོ་ཞེས་བསྟན་ཏེ། གཞན་ཡང་བསྡིགས་པའི་རྒྱུ་ལ་བསྡིགས་པའི་བསམ་པས་གནས་ནས་དབྱུང་བ་བྱེད་པའམ། གསོ་སྦྱོང་བཞག་པ་ལ་སོགས་བྱེད་ན་ཡང་ལས་མི་འཆགས་ཏེ། སྨད་པའི་ལས་ཀྱང་གཞན་ཡིན་ལ། སྤང་བའི་ལས་ཀྱང་གཞན་ཡིན་པའི་ཕྱིར་དང་། རྣམ་པར་དག་པའི་ལས་ཀྱང་གཞན་ཡིན་པའི་ཕྱིར་ཞེས་དོན་དེ་ལྟར་དམར་སེར་ཅན་གྱི་གཞི་ཞུ་བ་ལས་བཤད་དོ། །དེ་བཞིན་དུ་སྤང་བ་ནན་ཏུར་གྱི་རྒྱུ་ལ་སྨད་པ་ནན་ཏུར་དང་། གསོ་སྦྱོང་བཞག་པ་བྱས་ཀྱང་མི་འཆགས་ཏེ། རྒྱུ་མཚན་སྔ་མ་བཞིན་ནོ། །ནན་ཏུར་བྱས་པ་དེ་ལ་ནན་ཏུར་གཞན་བྱས་པ་ལ་ནི་ནན་ཏུར་སྔ་མ་ལས་ཉམས་སོ་སྟེ་བསྡིགས་པའི་ལས་བགྱིད་པ་ལ་སྨད་པའི་ལས་བགྱིད་ན་བྱས་པར་བརྗོད་པར་བྱ་སྟེ། བསྡིགས་པའི་ལས་ནི་བག་ཡངས་སུ་འགྱུར་རོ་ཞེས་ལུང་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་གསུངས་སོ། །གནས་ནས་ཕྱུང་བ་ལ་ནི་བསྡིགས་པ་ལ་སོགས་པ་ནན་ཏུར་གྱི་ལས་གཞན་བྱེད་ན་ཡང་མི་འཆགས་སོ། །དེས་གནས་ནས་ཕྱུང་བ་ལས་ཉམས་པར་ཡང་མི་འགྱུར་རོ། །ཞེས་པ་དང་། བསོད་ནམས་ཆེན་པོ་ཕྱོགས་བཅུ་གར་སོང་ཡང་ཀུན་གྱིས་བསྟི་སྟང་དང་། རིམ་གྲོས་མཆོད་པ་དང་། མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པ་དང་། ཐོས་པ་དང་། རྒྱལ་པོ་ལ་སོགས་པ་ཕྱིའི་ཕྱོགས་མང་བ་དང་། སློབ་མ་ལ་སོགས་པ་ནང་གི་འཁོར་མང་བ་དག་ལ་ནི་གལ་ཏེ་དབྱེ་བར་འདོད་པས་གནས་ནས་འབྱིན་ན་དབྱེན་གྱི་སྐབས་སུ་གཏོགས་པའི་སྦོམ་པོའོ། །དབྱེ་བར་མི་འདོད་པས་གནས་ནས་འབྱིན་ན་ནི་སྦྱོར་བ་ལས་བྱུང་བའི་ཉེས་བྱས་སོ། །ཁྱིམ་པ་ལ་བརྙས་ཐབས་བྱེད་པ་ལ་ནི་ཕྱིར་འགྱེད་པའོ་ཞེས་ཡུལ་


K8Z004_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་པ་ནི་དཔེའམ་མཚོན་པ་ཙམ་ཡིན་ནོ། །དེས་ན་དགེ་སློང་ལ་སོགས་པ་རབ་ཏུ་བྱུང་བ་སྡེ་ལྔ་པོ་དག་ལ་བརྙས་ཐབས་བྱེད་པ་ལ་ཡང་ཕྱིར་འགྱེད་པའི་ནན་ཏུར་བྱ་བའོ། །འོ་ན་བརྙས་ཐབས་དེ་རང་ཅི་ལྟ་བུ་ཞེ་ན། ཁྲོ་བ་ནི་བརྙས་ཐབས་མ་ཡིན་པ་མ་ཡིན་ནོ། །ནན་ཏུར་དགེ་སློང་ལ་བྱ་བར་ཟད་དམ་ཞེ་ན། ནན་ཏུར་གྱི་ལས་དག་ལ་དགེ་སློང་ལས་དགེ་སློང་མ་ལ་ཐུན་མོང་མ་ཡིན་པར་དོགས་པར་མི་བྱ་སྟེ། དགེ་སློང་མ་ལ་ཡང་ནན་ཏུར་བྱའོ། །དགེ་སློང་གིས་ཕ་མ་གཉིས་ཀ་ལ་ནན་ཏུར་བྱའོ། །དགེ་སློང་མས་དགེ་སློང་མ་ལ་ནན་ཏུར་བྱ་ཡི། དགེ་སློང་ལ་ནི་མི་བྱ་སྟེ། ལྕི་བའི་ཆོས་ལས་འདས་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །ནན་ཏུར་དགེ་སློང་ཕ་མ་ལ་བྱ་བར་ཟད་དམ་ཞེ་ན། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་ལ་ཡང་དེ་དག་བྱ་བ་ཉིད་ཡིན་ནོ། །ནན་ཏུར་དེ་ཁྱིམ་པ་ལ་མི་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། ལྷུང་བཟེད་ཁ་དབུབ་བྱས་པའི་དགོས་པ་ནི། ཉེས་པ་ལ་མ་ཞུགས་པ་མི་འཇུག་པ་དང་། ཞུགས་པ་ལས་བཟློག་པར་འགྱུར་བའོ། །བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་ལ་ལྷུང་བཟེད་ཁ་དབུབ་བྱ་བ་ནི། ཆོས་བདུན་ལྡན་ལ་སྟེ། དེ་ཡང་ཁྱིམ་པ་ཡིན་པ་དང་། རབ་ཏུ་བྱུང་བ་ལ་གཤེ་སྐུར་འདེབས་པ་ཡིན་པ་དང་། རང་གི་འཁོར་དུ་གཏོགས་པ་སྟེ། ཊཱི་ཀ་ལས། ཁྱིམ་པ་ལ་ཞེས་པ་དང་། འདི་ཉིད་ལས་སྐུར་བ་དང་། གཤེ་བ་དང་། ཞེས་སོགས་དང་། ཐ་ན་གནས་ནས་ཕྱུང་བ་ཡན་ཆད་རང་གི་ཕྱོགས་དང་མཐུན་པ་མ་ཡིན་པའི་ཁྱིམ་དུ་དེ་མི་འཆགས་སོ། །ཞེས་གསུངས་སོ། །སྔར་ལྷུང་བཟེད་ཁ་སྦུབ་པ་དང་། མ་འབྲེལ་བ་དང་། ཁྱིམ་བདག་དེ་ལ་བུ་སྨད་བཞི་ཡོད་ཀྱང་ལྷུང་བཟེད་ཁ་སྦུབ་བྱར་རུང་


K8Z004_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བས། ཁྱིམ་ཚོགས་ཐ་དད་པར་བཞིར་ལོངས་པ་མ་ཡིན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་སྟེ། སྔར་སྐབས་གཞན་དུ་བཤད་པ་བཞིན་ནོ། །གཉིས་པ་རྟེན་གང་གིས་ལྷུང་བཟེད་ཁ་དབུབ་པ་བྱ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །ལྔ་པ་ལྷུང་བཟེད་ཁ་དབུབ་པ་ལས་གྲོལ་བའི་རྒྱུ་ནི། ཁྱིམ་པ་དེས་བཟོད་པ་གསོལ་ན་དགེ་འདུན་གྱིས་ཁ་བསྲང་བ་སྟེ། དེ་ལ་གཉིས་ལས། ཁ་བསྲང་བའི་དགོས་པ་ནི་ཆད་པ་དེ་ལས་གྲོལ་བར་འགྱུར་བའོ། །ཁ་བསྲང་བའི་བསྡུས་པའི་དོན་ལ་གསུམ་སྟེ། དང་པོ་ཁ་བསྲང་བ་དེ་ཡུལ་གང་ལ་བྱ་བ་ནི། སྔར་གྱི་ལྷུང་བཟེད་ཁ་དབུབ་བྱ་བའི་ཡུལ་ཆོས་བདུན་ལྡན་ལས། གཤེ་སྐུར་འདེབས་པ་ཡིན་ཅེས་པ་དེ་ཉེས་པ་གཏོང་བ་ཡིན་ཅེས་འགྱུར་ཞིང་། ཁ་སྦུབ་པ་དང་མ་འབྲེལ་བ་ཡིན་ཅེས་པ་དེ་ཁ་སྤུབ་པ་དང་འབྲེལ་བ་ཡིན་ཅེས་བསྒྱུར་བའི་ཆོས་བདུན་ལྡན་དང་། རང་གིས་ལན་གསུམ་དུ་གསོལ་བ་འདེབས་པ་དང་བརྒྱད་དོ། །གཉིས་པ་རྟེན་གང་གིས་ཁ་བསྲང་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་སྔར་དང་འདྲ་ཞིང་། དེའི་སྟེང་དུ་ཆད་པ་གཅོད་བྱེད་དེའམ། དེས་བསྐོས་པ་ཡིན་ཏེ་ནན་ཏུར་བྱེད་པ་དག་གིས་མ་བསྐོས་ན་ནན་ཏུར་བྱས་པ་ལ་བཟོད་པ་མི་འཆགས་སོ་ཞེས་པས་གྲུབ་བོ། །གསུམ་པ་ཆོ་ག་གང་གིས་ཁ་བསྲང་བ་ནི། སྦྱོར་དངོས་གཉིས་ཏེ། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་ལ་སོགས་ཏེ་སྔར་སྤོ་བ་ནོད་པའི་སྐབས་སུ་བསྟན་པ་དང་འདྲའོ། །དངོས་གཞི་ནི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་སོ། །གཉིས་པ་ནི། དགེ་སློང་ནི་དཔེ་སྟེ། ཆོས་འདི་པའི་རབ་ཏུ་བྱུང་བ་གང་ཡང་རུང་བ་ལ་ཕམ་པར་འགྱུར་པ་ཡང་དཔེ་སྟེ། ཉེས་པ་གཞན་གྱིས་ཀྱང་རུང་


K8Z004_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པ་མ་ཡིན་ཏེ། རྫུན་པས་སྐུར་པ་དང་གཤེ་བ་སྟེ། ཁྱིམ་པའི་སྐྱོན་ནི་ལྟ་བ་དང་འཚོ་བ་མ་དག་པས་སྨོད་པ་དང་། རབ་ཏུ་བྱུང་བའི་སྐྱོན་ནི་ཚུལ་ཁྲིམས་དང་ཆོ་ག་མ་དག་པས་སྤྱོ་བ་ལ་ལྷུང་བཟེད་ཁ་དབུབ་པར་བྱའོ། །ཁ་སྦུབ་ཏུ་བཞག་པས་བྱའམ་ཞེ་ན། མ་ཡིན་ཏེ། འདིར་ལྷུང་བཟེད་ཟེད་པར་མི་བྱའོ་ཞེས་ཁྲིམས་སུ་བཅའ་བ་རྣམ་པར་གཞག་པར་བྱ་བའོོ། །རྣམ་པ་ནི་གསོལ་བ་འབའ་ཞིག་གི་ལས་བྱས་པས་སོ། །བསླབ་བྱ་ནི་ལྷུང་བཟེད་ཁ་སྦུབ་པའི་ཁྱིམ་དུ་འགྲོ་བར་མི་བྱའོ། །སྟན་ལ་འདུག་པར་མི་བྱའོ། །སྦྱིན་པར་བྱ་བའི་ཆོས་བཤམ་པ་ལ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །བསོད་སྙོམས་བསླང་བར་མི་བྱའོ། །ཆོས་བསྟན་པར་ཡང་མི་བྱའོ། །གང་དུ་ལས་བྱ་བ་ཞེས་པ་ནི་ལས་ཀྱི་ཆོ་ག་གཅིག་གིས་ཁྱིམ་བདག་བཞི་ལ་ལྷུང་བཟེད་ཁ་སྦུབ་བྱེད་ན་ལས་ཀྱི་གནས་མཚམས་ཐ་དད་པ་བཞིར་དགེ་འདུན་སོ་སོར་བཀོད་དེ། མཚམས་བཞི་པོ་ཐམས་ཅད་ནོན་པའི་རྫས་ཀྱི་སྟེང་ན་ལས་བྱེད་པ་པོ་འདུག་སྟེ་ལས་བྱས་ན་ནི། གནས་བཞི་པོ་གང་དུ་ལས་བྱ་བ་དེར་གཏོགས་པའི་ཁྱིམ་བདག་བཞི་པོ་དག་ལ་ལྷུང་བཟེད་ཁ་སྦུབ་པ་ཉིད་ཡིན་ནོ། །འདི་ནི། ལུང་ཞུ་བ་ལས། ཁྱིམ་བདག་བཞི་ལ་གནས་བཞི་པོ་དག་ཏུ་ལྷུང་བཟེད་བཞིས་ཁ་སྦུབ་པར་འགྱུར་བ་མཆིས་སམ། ཡོད་དེ། ཁྲིའམ། ཁྲིའུའམ། ཤིང་ངམ། རེ་ལྡེས་གནས་བཞི་པོ་དག་གི་མཚམས་དག་མནན་ཏེ་ཁ་དབུབ་པར་བྱེད་ནའོ། །ཞེས་རང་འགྲེལ་དང་ཊཱི་ཀ་ལས་ལུང་དེ་ཁུངས་སུ་དྲངས་སོ། །གཞུང་འདི་ལ་འདི་ལྟར་འཆད་པར་སྣང་སྟེ། གང་དུ་ལས་བྱ་བ་དེར་གཏོགས་པའི་དགེ་འདུན་རྣམས་ཀྱིས་ཁ་སྦུབ་པ་ཉིད་ཡིན་གྱི། དགེ་འདུན་གཞན་ནི་མ་གཏོགས་སོ་ཞེས་འཆད་ཅིང་། གཞུང་འདི་ཉིད་ཀྱི་འགྲེལ་ཆུང་ལས་ཀྱང་། ལྷུང་བཟེད་ཁ་


K8Z004_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྦུབ་པ་ནི་དགེ་འདུན་གང་འདུས་པ་དེ་མི་བླང་གི། དགེ་འདུན་གཞན་ནི་མ་གཏོགས་སོ། །ཞེས་བཤད་དོ། །འོན་ཀྱང་དེ་ནི་མི་རིགས་ཏེ། ལྟ་བ་མཐུན་པ་ལ་སོགས་པ་རང་བཞིན་དུ་འདྲ་བ་རབ་བྱུང་གཞན་རྣམས་ཀྱི་ཡང་ཁ་སྦུབ་པར་འགྱུར་ཏེ། མདོ་འདི་ཉིད་ལས། གློ་བུར་དུ་འོངས་པས་ཀྱང་དེ་ལས་མི་འགལ་བ་ཉིད་དུ་བྱའོ། །ཞེས་གསུངས་པ་དང་། ལུང་མ་མོ་ལས། གློ་བུར་དུ་འོངས་པའི་དགེ་སློང་གིས་གྲོང་དུ་བསོད་སྙོམས་ལ་འཇུག་ན། འདིར་བསླབ་པའི་སྡོམ་པ་བྱིན་པ་མ་ཡིན་ནམ། ལྷུང་བཟེད་ཁ་སྦུབ་པ་མ་ཡིན་ནམ། ཞེས་གཞི་ན་གནས་པ་རྣམས་ལ་དྲིས་ཤིག ། ཞེས་གསུངས་པ་དང་། གནས་ནས་ཕྱུང་བ་དེ་དགེ་འདུན་གཞན་གྱིས་ཀྱང་སྤང་དགོས་པའི་གནས་ཀྱིས་ཤེས་སོ། །ཁྱིམ་བདག་དེ་ཉིད་ཀྱི་ཁང་པར་ཕྱིན་ནས་ཁ་སྦུབ་པར་བྱ་བ་ནི་མ་ཡིན་ཏེ། དེ་འགའ་ཞིག་གིས་གོ་བར་བྱའོ་སྟེ། ལུང་ཕྲན་ཚེགས་ལས། ཀུན་དགའ་བོ་སོང་ལ་ལིཙྪ་བཱི་ཆེན་པོ་ལ་འདི་སྐད་ཅེས། ཁྱོད་ལ་དགེ་འདུན་གྱིས་ལྷུང་བཟེད་ཁ་སྦུབ་པར་མཛད་དོ་ཞེས་སྒོམ་ཤིག ། ཅེས་གསུངས་སོ། །རང་ཕྱོགས་ཀྱི་ཡོན་བདག་ལ་ལྷུང་བཟེད་ཁ་དབུབ་འཆགས་ཀྱི། ཐ་ན་གནས་ནས་ཕྱུང་བ་ཕན་ཆད་ཆོས་གཞན་ཕྱོགས་པ་ཚུན་རང་གི་ཕྱོགས་དང་མཐུན་པ་མ་ཡིན་པའི་ཡོན་བདག་གི་ཁྱིམ་དུ་ལྷུང་བཟེད་ཁ་སྦུབ་དེ་མི་འཆགས་སོ། །ཆོས་འདི་པ་གནས་ནས་མ་ཕྱུང་བ་རྣམས་ཀྱི་ཡོན་བདག་ལ་ཡང་གནས་ནས་ཕྱུང་བ་དང་ལྷས་བྱིན་པའི་དགེ་སློང་གི་ཁ་དབུབ་མི་འཆགས་སོ། །ཁ་སྦུབ་པ་དེ་དགེ་སློང་འགའ་ཞིག་གིས་ཁྱིམ་བདག་དེ་ལ་གོ་བར་བྱའོ། །ཁྱིམ་བདག་དེས་གང་ལ་གཤེ་སྐུར་བཏབ་པའི་དགེ་སློང་དེ་ལ་བཟོད་པ་གསོལ་ཟིན་པ་དང་ལྡན་ཅིང་། ལྷུང་བཟེད་ཕྱིར་བཟློག་པར་དགེ་འདུན་ལ་གསོལ་བ་འདེབས་པའི་སྔགས་ལན་གསུམ་ཡང་


K8Z004_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ན་ཆོ་ག་གསོལ་བ་འབའ་ཞིག་པས་ལྷུང་བཟེད་ཁ་བཟེད་པར་བྱའོ། །གཉིས་པ་ལ། འཆབ་མེད་ཕམ་པའི་ཕྱིར་བཅོས་བསྟན། །ལྷག་མ་ཕྱིར་བཅོས་དགོས་གཅོད་བཅས། །ཐུན་མོང་མིང་རིགས་བརྗོད་ཚུལ་བསྟན། དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། བསླབ་པ་བྱིན་པའི་རང་བཞིན་དང་། བསླབ་པ་མནོས་པའི་ཚུལ་དང་། བསླབ་པ་སྤྱད་པའི་ཚུལ་ལོ། །དང་པོ་གྲུབ་མཐའི་བྱེ་བྲག་གསུམ་ལས། མདོ་སྡེ་པ་ལྟར་ན། དགེ་སློང་གིས་མི་ཚངས་པར་སྤྱད་ཅིང་འཆབ་སེམས་བསྐྱེད་ན་ནི་གསོར་མི་རུང་ལ། འཆབ་སེམས་མེད་ན་ཡན་ལག་གཞན་ཚང་བ་ལ་ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་འབྱུང་བས་སྦོམ་པོ་དག་པར་བྱ་བའི་དོན་དུ་བསླབ་པ་སྦྱིན་པ་སྟེ། ཇི་སྲིད་འཚོའི་བར་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང་། དམན་པའི་སྤྱོད་པ་ལྔ་དང་དུ་ལེན་པའི་ཡིད་དམ། བར་མའི་དགེ་བ་བླངས་པ་ཡིན་ནོ། །སློབ་དཔོན་ཐོགས་མེད་ལ་སོགས་པ་སྔ་རབས་པ་ལྟར། ཕམ་པ་བྱུང་ཞིང་འཆབ་སེམས་སྐྱེས་ན་ནི་གསོར་མི་རུང་ལ། འཆབ་སེམས་མེད་ཀྱང་ཡན་ལག་ཚང་ན་ཕམ་པར་འགྱུར་ཞིང་། ཕམ་པ་དེས་སྡོམ་པ་གཏོང་བས་སླར་ཡང་སྡོམ་པ་བླངས་ནས་སྔར་གྱི་སྡོམ་པ། གཏོང་བྱེད་ཀྱི་ཕམ་པ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་སྟེ་ཇི་སྲིད་འཚོའི་བར་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་ལ་སོགས་པ་སྔ་མ་བཞིན་ནོ། །བྱེ་བྲག་ཏུ་སྨྲ་བ་ལྟར་ན། ཕམ་པ་བྱུང་ཞིང་འཆབ་སེམས་སྐྱེས་ན་ནི་གསོར་མི་རུང་ལ། འཆབ་སེམས་མེད་ཀྱང་ཡན་ལག་ཚང་ན་ཕམ་པར་འགྱུར་ཞིང་། ཕམ་པས་སྡོམ་པ་མི་གཏོང་བར་ཉམས་པར་བྱེད་པས་ཉམས་བྱེད་ཀྱི་ཕམ་པ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་སྟེ། ཇི་སྲིད་འཚོའི་བར་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་ལ་


K8Z004_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྔ་མ་བཞིན་ནོ། །གཉིས་པ་བསླབ་པ་ནོད་པའི་ཚུལ་ལ་དྲུག་ལས། དང་པོ་ཡུལ་གང་ལས་ནོད་པ་ནི། སྦྱིན་པའི་ལས་ཀྱི་དགེ་འདུན་མཚན་ཉིད་བཞི་ལྡན་ལས་ཏེ་སྔར་བསྟན་པ་བཞིན་ནོ། །གཉིས་པ་རྟེན་གང་གིས་ནོད་པ་ནི། ལས་ཀྱི་གཞིར་སྔར་སྨོས་པའི་སྦྱིན་ཡུལ་ཐུན་མོང་བ་བརྒྱད་ལས། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་ཞེས་པའི་གནས་སུ་འདིར་ནི་རབ་བྱུང་སྡེ་ལྔ་གང་རུང་གི་སྡོམ་པ་གསོར་རུང་དང་ལྡན་པ་སྟེ། དགེ་སློང་ཕ་མ་ལ་བསླབ་པ་བྱིན་པར་མ་ཟད་དེ། འོད་ལྡན་ལས། དགེ་ཚུལ་ལ་བསླབ་པ་བྱིན་པ་ཡོད་དམ་ཞེ་ན། ཡོད་དོ་ཞེས་བཤད་དེ། ཞེས་སོ། །གསོར་རུང་དང་ལྡན་པ་ཞེས་བརྗོད་ཀྱི། གསོར་རུང་ཡན་ཆད་དང་ལྡན་ཞེས་འདིར་མི་བརྗོད་དེ། གསོ་བ་ལ་ཞུགས་ཟིན་པ་བསླབ་པ་བྱིན་པ་དང་། རྣམ་དག་ནི་བསླབ་པ་བྱིན་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །ལྟུང་བ་འཆབ་མེད་བྱུང་བའི་དགེ་ཚུལ་ལ་བསླབ་པ་སྦྱིན་དགོས་ན་དགེ་ཚུལ་ལ་ལྟུང་བ་ཅིར་འགྱུར་སྟོན་པའི་སྐབས་སུ། ཊཱི་ཀ་ལས། མི་ཚངས་པར་སྦྱོད་པ་ནི་དེ་སྤོང་བའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་པ་དང་འགལ་ཅེ་ན། དེ་ནི་སྦྱོར་བའི་ཉེས་བྱས་བྱུང་ན་བཤགས་བྱ་ཡིན་པ་ལ་དགོངས་ཞེས་གསུངས་སོ། །གསུམ་པ་ལྟུང་བ་གང་དག་པའི་དོན་དུ་ནོད་པ་ནི། འཆབ་མེད་ཀྱི་ཕམ་པའམ། ཕམ་པ་དང་འདྲ་བའི་ཉེས་བྱས་འཆབ་མེད་ཡིན་པ་དང་། བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་དང་། ངོ་བོ་ཤེས་ཤིང་དྲན་པར་ནུབ་པ་སྟེ་ཆོས་གསུམ་ལྡན་དག་པར་བྱ་བའི་དོན་དུའོ། །བཞི་པ་ཡུན་ཇི་སྲིད་དུ་ནོད་པ་ནི། ཇི་སྲིད་འཚོའི་བར་དུ་སྟེ་གཞུང་ན་གསལ་ལོ། །ལྔ་པ་ཆོ་ག་


K8Z004_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ནོད་ཅིང་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་སྔར་སྤོ་བ་ནོད་པའི་སྐབས་སུ་བསྟན་པ་དང་འདྲའོ། །དངོས་གཞི་ནི། གསོལ་བཞིའི་ལས་ཀྱིས་སྦྱིན་པ་སྟེ། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །དྲུག་པ་བསླབ་པ་སྦྱིན་པའི་སྒྲ་བཤད་པ་ནི། འཆབ་མེད་ཀྱི་ཕམ་པ་དག་པ་བྱ་བའི་དོན་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང་། དམན་པའི་སྤྱོད་པ་ལྔ་དང་དུ་ལེན་པར་བྱེད་པའི་བསླབ་པ་བྱིན་ཅིང་། བསླབ་པ་དེ་དག་ཉམས་སུ་ལེན་པས་ན་བསླབ་པ་བྱིན་པ་ཞེས་བྱ་སྟེ། བསླབ་པ་སྤྱོད་པ་ཞེས་ཀྱང་བྱའོ། །དགེ་ཚུལ་ལ་བསླབ་པ་སྦྱིན་པ་ནི། ཕམ་པ་དང་འདྲ་བའི་ཉེས་བྱས་དག་པར་བྱ་བའི་དོན་དུའོ། །གསུམ་པ་བསླབ་པ་སྤྱད་པའི་ཚུལ་ལ་དྲུག་ལས། དང་པོ་ཡུལ་གང་ལ་བསླབ་པ་སྤྱད་པ་ནི། དགེ་འདུན་ཆོས་ལྔ་ལྡན་སྔར་སྤོ་བ་སྤྱད་པའི་ཡུལ་དང་འདྲའོ། །གཉིས་པ་གནས་གང་དུ་བསླབ་པ་སྤྱད་པ་ནི། གནས་ཆོས་གཉིས་ལྡན་ཏེ། སྤོ་བ་སྤྱད་པའི་གནས་ཆོས་གསུམ་ལྡན་གྱི་ཐ་མ་མ་གཏོགས་པའོ། །གསུམ་པ་རྟེན་གང་གིས་བསླབ་པ་སྤྱད་པ་ནི། བསླབ་པ་ནོད་པ་དང་འབྲལ་བ་སྟེ་སྐབས་ཀྱིས་གྲུབ་བོ། །བཞི་པ་ལྟུང་བ་གང་དང་གང་དག་པའི་དོན་དུ་བསླབ་པ་སྤྱད་པ་ནི། ལྟུང་བ་ཆོས་གསུམ་ལྡན་ཏེ། སྔར་བསླབ་པ་ནོད་པའི་སྐབས་སུ་བཤད་པ་དང་འདྲའོ། །ལྔ་པ་ཡུན་ཇི་སྲིད་དུ་བསླབ་པ་སྤྱད་པ་ནི། ཇི་སྲིད་འཚོའི་བར་དུ་སྤྱད་པ་སྟེ། ལུང་དང་མདོ་རྩ་འགྲེལ་ལས། ཇི་སྲིད་འཚོའི་བར་དུ་སྦྱིན་ཅེས་གསུངས་པའི་ཤུགས་ཀྱིས་གྲུབ་བོ། །དམིགས་བསལ་ནི། གང་ཟག་དེ་དགྲ་བཅོམ་པར་གྱུར་ཏམ། ཕམ་པ་ཐུན་མོང་མ་ཡིན་པ་བྱུང་སྟེ། བསླབ་པ་བྱིན་པ་ལས་མཚན་གྱུར་ན་ནི་ཇི་སྲིད་འཚོའི་བར་དུ་སྤྱད་པ་མ་ཡིན་ཏེ་


K8Z004_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་ནི་དགྲ་བཅོམ་པ་ཉིད་ཀྱིས་སོ། །ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་ཞེས་གསུངས་པས་ཤེས་སོ། །དྲུག་པ་ཚུལ་ཇི་ལྟར་བསླབ་པ་སྤྱད་པ་ནི། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་པ་དང་། དམན་པའི་སྤྱོད་པ་ལྔ་དང་དུ་བླང་པ་སྟེ། སྔར་སྤོ་བ་སྤྱོད་པ་ལ་སྨྲས་པ་བཞིན་ནོ། །གཉིས་པ་ནི། བཅབས་པའི་སེམས་མ་སྐྱེས་ན་མཐའ་ལས་ལྡང་བར་འགྱུར་རོ། །འོ་ན་ལུང་ཕྲན་ཚེགས་ལས། དགེ་སློང་དགའ་བ་ཅན་གྱིས་སྤྱད་པར་བྱ་བ་མ་ཡིན་པ་སྤྱད་ཀྱང་སེམས་གཅིག་གིས་ཀྱང་མ་བཅབས་པས་འདི་ཕམ་པར་མ་གྱུར་གྱི། ཞེས་གསུངས་པ་དང་། འཕགས་པ་བེ་ཤ་ཀའི་ཚིག་ལེ་ལས་ཀྱང་། མི་འཆབ་པ་ཡི་སེམས་ཀྱིས་ནི། །གལ་ཏེ་བྱུང་ནའང་གཅིག་ལ་མཐོལ། །ཆུང་ངུ་ལ་ཡང་འཇིགས་པའི་ཕྱིར། །དེ་ལ་ཕས་ཕམ་མི་འབྱུང་ངོ་། །ཞེས་དང་། མཛོད་འགྲེལ་ལས། ལྟུང་བ་བྱུང་བའི་མོད་ལ་ཕམ་པ་ཡིན་ནོ་ཞེས་མི་ཟེར་གྱི། ལ་ལ་རྒྱུད་ཀྱི་ཁྱད་པར་ལས་ཕམ་པ་མ་ཡིན་ཏེ། སེམས་འགས་ཀྱང་མི་འཆབ་པའི་ཕྱིར་རོ། །ཞེས་བཤད་པ་དང་། འགྲེལ་བཤད་རྒྱལ་སྲས་མར། ཁོ་བོ་ཅག་ནི་མི་ཚངས་པར་སྤྱོད་པའི་ལྟུང་བ་བྱུང་བ་བྱུང་བའི་མོད་ཁོ་ན་ལ་ཕམ་པ་ཡིན་ནོ་ཞེས་མི་ཟེར་གྱི། འོ་ན་ཅི་ཞེ་ན། འཆབ་པའི་སེམས་ཀྱིས་ཡིན་ནོ་ཞེས་བཤད་དོ། །མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲངས་པ་གང་སྤེལ་ལས། གལ་ཏེ་སེམས་ནི་གཅིག་གིས་ཀྱང་། །བཅབས་པ་མེད་པར་འཆགས་བྱེད་ན། །ཐ་མ་བྱུང་བར་གྱུར་ན་ཡང་། །དེས་ནི་ཕམ་པར་མི་འགྱུར་རོ། །ཞེས་བཤད་དོ། །གཞུང་མང་པོ་དེ་རྣམས་ཇི་ལྟར་ཡིན་ཅེ་ན། གཞུང་དང་པོ་ལུང་ལས་གསུངས་པ་དེ་ནི་གསོར་མི་རུང་གི་ཕམ་པར་མ་གྱུར་ཞེས་དགོངས་ཏེ། གསོར་རུང་གི་ཕམ་པར་མ་གྱུར་


K8Z004_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མ་ཡིན་ནོ། །གཞུང་ཕྱི་མ་དེ་རྣམས་ནི་མདོ་སྡེ་པའི་ལུགས་ཁས་བླངས་པའི་གཞུང་ཚིག་ཡིན་ནོ། །འདིར་བྱེ་བྲག་སྨྲ་བའི་ལུགས་ཀྱི་འཆབ་སེམས་མེད་ཀྱང་ཕམ་པ་བྱུང་པའི་ལུང་ནི། འོད་ལྡན་ལས་ཁུངས་སུ་དྲངས་པའི་ལུང་མ་མོ་ལས། ཕམ་པ་བྱུང་བ་བསླབ་པ་བྱིན་པ་གང་ཞེ་ན། གལ་ཏེ་མི་ཚངས་པར་སྤྱོད་པ་བྱས་ནས་ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་འཆབས་པའི་སེམས་མི་བསྐྱེད་པ་ཡིན་ཏེ། དེ་ལ་གསོལ་བ་དང་བཞིའི་བསླབ་པ་བྱིན་ཅིག་ཅེས་གསུངས་པའོ། །ཐབས་གང་གིས་ལྡང་བར་འགྱུར་ཞེ་ན། བསླབ་པ་སྤྱོད་པས་སོ། །བསླབ་པ་སྤྱོད་པ་དེ་ཐོབ་པས་སོ། །སུ་ལས་ཐོབ་ན་དགེ་འདུན་ལས་སོ། །ཆོ་ག་གསོལ་བཞིའི་ལས་ཀྱིས་སྦྱིན་ནོ། །ཇི་སྲིིད་འཚོའི་བར་དུ་སྦྱིན་ནོ། །གཉིས་པ་ནི། ངོ་ཚ་དང་ལྡན་པ་དང་ཞེས་པ་ནི་འགྱོད་པས་ལུས་ཀྱི་ཚགས་བྲི་བ་ཙམ་སྟེ། ལུང་སིལ་བུ་ལས། ལྷག་མའི་ཉེས་པ་བྱུང་ནས་ཕྱིར་འགྱོད་དེ་ལུས་རིད་པར་གྱུར་པ། ཞེས་གསུངས་ཤིང་། བམ་པོ་ལྔ་བཅུ་པ་ལས་ཀྱང་བཤད་དོ། །མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དང་ཞེས་པ་ནི་སྐྱེ་བོ་མང་པོས་ཤེས་ཤིང་གྲགས་པ་སྟེ། ལུང་སིལ་བུ་ལས། དགེ་འདུན་གྱི་གནས་བརྟན་གྲགས་པ་དང་། བསོད་ནམས་ཆེན་པོ། ཞེས་སོ། །དེ་དག་གིས་ནི་དགེ་སློང་གཅིག་གིས་མདུན་དུ་བཤགས་པས་དགེ་འདུན་ལྷག་མ་ལས་འདག་གོ། །ཕྱིར་བཅོས་པའི་བསམ་པ་ཁྱད་པར་ཅན་སྐྱེས་པས་ལྟུང་བ་ལས་ལྡང་གི། ཆད་པའི་ལས་འབའ་ཞིག་ཉིད་ཀྱིས་ནི་ལྟུང་བ་ལས་ལྡང་བ་མ་ཡིན་ནོ། །གསུམ་པ་ནི། མིང་རིགས་དང་ལྡན་པར་བརྗོད་ཅེས་སྔར་སྨོས་ན་མིང་ནི་གང་། རིགས་ནི་གང་ཞེ་ན། མིང་རིགས་བརྗོད་པའི་སྐབས་སུ་འདིར་མིང་གི་མིང་ནི་ལྟུང་བྱེད་ཀྱི་སྡེ་ཚན་ལས་སྡེ་ཚན་འདི་ལྟ་བུའི་མིང་ངོ་། །ས་རྐོ་བའི་
ལྟུང་བ་བྱུང་བ་ལྟ་བུ་ནི་རིགས་སོ། །ཕྱིར་བཅོས་པའི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ། །འདིར་སྨྲས་པ། འཁྲུལ་སྣང་བདེ་བར་ཚོར་བའི་བླུན་པོ་ལ། །འདོད་པའི་ཡོན་ཏན་ལས་གཞན་བསམ་པ་མེད། །བསམ་མེད་ཉོན་མོངས་ཆང་གིས་མྱོས་པ་ལ། །ང་ཡིས་རྣམ་བཤད་ངལ་བ་དོན་མེད་སྙམ། །དགེ་བའི་བྱ་བར་རྟག་བརྩོན་སྤྲོ་བ་ཡིས། །ནང་དུ་ཡིད་རབ་ཚིམ་ཞིང་སེམས་བདེ་བར། །ཆགས་དང་སྡང་བའི་རྟོག་པ་བྲལ་བ་ལ། །བདག་གི་རྣམ་བཤད་འདིས་ཀྱང་ཕན་པ་སྙམ། །རང་གཞན་བདེ་འདོད་སྡུག་བསྔལ་གྱིས་མནར་བའི། །ལས་ཀྱིས་མི་ཁོམས་ཆོས་མིན་སྤྱོད་པ་ཅན། །ངན་འགྲོར་ཐུར་དུ་ཆུ་བཞིན་རབ་རྒྱུག་པ། །འདི་ལ་ང་ཡིས་མ་བཟོད་ཅི་ལྟར་བྱ། །ཞེས་སོ། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། ཕྱིར་བཅོས་པའི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།


previousཕྱིར་བཅོས་པའི་གཞི།next