Nitartha Digital Library
Tibetan
 
previousདུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི།next

དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི།


K8Z004_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་ལ། ལུང་གཞི་ཉིད་ཀྱིས་བརྗོད་པ་དང་། །ཞུ་བའི་ལུང་གིས་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། འདིར་རང་གི་དགེ་འདུན་ལྷག་མ་བཅབས་པའི་ཉེས་པ་རྫོགས་པར་བསྐྱེད་པའི་གཞི་དང་། བསམ་པ་དང་། སྦྱོར་བ་དང་། མཐར་ཐུག་པའོ། །དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་འཆབ་པའི་དངོས་པོ་དང་། གང་དུ་འཆབ་པའི་གནས་སོ། །དང་པོ་ལ་གསུམ་ལས། དགེ་འདུན་ལྷག་པའི་དངོས་གཞི་ཡིན་པ་སྟེ་སྐབས་ཀྱིས་གྲུབ་བོ། །བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་སྟེ། གཞན་གྱི་ལྷག་མའི་ལྟུང་བ་འཆབ་ན་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དུ་འགྱུར་གྱི། གཞུང་འདིའི་སྐབས་ཀྱི་བརྗོད་བྱ་མ་ཡིན་པའི་ཕྱིར་རོ། །ངོ་ཤེས་པའམ་ཡིད་གཉིས་ཟ་བ་སྟེ། ཡིད་གཉིས་ཟ་བ་ནི་ཤེས་པ་དང་འདྲའོ་ཞེས་གསུངས་སོ། །གཉིས་པ་གང་དུ་འཆབ་པའི་


K8Z004_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་མཚམས་ཀྱི་ནང་ན་གནས་པ་སྟེ། ཆོས་བདུན་ལྡན་གྱི་མཐོལ་ཡུལ་ཡོད་པའི་གནས་ཡིན་པ་སྟེ། བརྗོད་པའི་ཡན་ལག་མེད་ན་ཞེས་གསུངས་པས་སོ། །སྐབས་འདིར་གང་གི་ཚེ་འཆབ་པའི་དུས་ནི་མཚན་མོའི་མཐའི་སྐད་ཅིག་ཡིན་ཅེས་སྐད་ཅིག་དེ་གཞིའི་ཡན་ལག་ཡིན་ཅེས་འཆད་པ་ནི་མི་རིགས་ཏེ། མཐར་ཐུག་གི་ཡན་ལག་ཡིན་པའི་ཕྱིར་རོ། །སྤོ་བ་སྤྱད་དགོས་ཀྱི་འཆབ་པ་ལ་ནི་རྟེན་གང་ཟག་ཁྱད་པར་ཅན་མ་ཡིན་པ་ཡན་ལག་ཏུ་དགོས་ཀྱང་སྐབས་འདིར་ཉེས་པ་རྫོགས་པར་བསྐྱེད་པ་ཙམ་ནི་རྟེན་གང་ཟག་ཁྱད་པར་ཅན་ཡིན་ཡང་རུང་མིན་ཀྱང་རུང་ངོ་། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ཏེ། འདུ་ཤེས་གཞི་ལ་མ་འཁྲུལ་བ་དང་། ཀུན་སློང་ནི་བསམ་པ་ཐག་པ་ནས་ལྟུང་བ་བརྗོད་འདོད་མེད་པའི་བསམ་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ལྟུང་བ་མི་མཐོལ་པ་ཉིད་དོ། །སྦྱོར་བ་ལུས་ངག་ཏུ་ཐོན་པ་ནི་མི་དགོས་ཏེ། བྱ་བ་མི་བྱེད་པའི་ལྟུང་བ་ཡིན་པའི་ཕྱིར་རོ། །བཞི་པ་མཐར་ཐུག་ནི་མཚན་མོའི་མཐའི་སྐད་ཅིག་སྟེ། ཉིན་མཚན་གྱི་ཐ་མའི་ཆ་ཞེས་འབྱུང་བས་སོ། །གཉིས་པ་ལ། སྐབས་དོན་འཆབ་མི་འབྱུང་བར་བསྟན། །ལྟུང་བ་འབྱུང་དང་མི་འབྱུང་བརྗོད། །སྤོ་མགུ་སོགས་ཀྱི་རྣམ་གཞག་གོ། །དང་པོ་ནི། འབྱིན་རེག་ལ་སོགས་པའི་བྱ་བ་བསྒྲུབ་པ་འདི་ལ་དགེ་འདུན་ལྷག་མ་བྱུང་བར་རྒྱུས་མི་ཤེས་པ་ཉིད་ལ་ཆོས་ཅན། སྤོ་བ་སྤྱད་དགོས་ཀྱི་འཆབ་པ་མི་འབྱུང་སྟེ། ལྷག་མ་འཆབ་པའི་ཀུན་སློང་མེད་པའི་ཕྱིར་རོ། །བཅབས་པའི་སེམས་མ་བཞག་པས་བརྗེད་པ་ལ་ཆོས་ཅན། རྟགས་གསལ་སྔར་བཞིན་ནོ། །སྤྱིར་ན་ལྟུང་བ་བསྐྱེད་པའི་ལས་བྱས་སམ་མ་བྱས་


K8Z004_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པར་དྲན་པར་མི་ནུས་པ་ཉིད་དང་། ལས་བྱས་ན་ཡང་འབྱིན་རེག་ལ་སོགས་པའི་ལས་ཀྱི་ངོ་བོ་ཅི་ཞིག་བྱས་དྲན་པར་མི་ནུས་པ་ཉིད་དང་། འབྱིན་རེག་ལ་སོགས་པ་དེ་ཡང་བསམས་བཞིན་དུ་བྱས་སམ། མ་བསམས་པར་བྱས་པ་ལ་སོགས་པ་ཅི་ལྟ་བུ་ཞིག་ཅེས་དྲན་པར་མི་ནུས་པ་ཉིད་ལ་ཆོས་ཅན། རྟགས་གསལ་སྔར་བཞིན། བྱས་སམ་ཞེས་དོགས་གསུམ་ལས། དང་པོ་ནི། ཊཱི་ཀ་ལས། ལས་ཀྱི་འཇུག་པའི་སྐབས་ལ་དོགས་པ་བཅད་པར་བསྟན་ཏེ། ཞེས་གསུངས་ཤིང་། བདག་གིས་སྤྱིར་ན་ལྟུང་བ་བསྐྱེད་པའི་ལས་སུ་བྱ་བ་བྱས་སམ་མ་བྱས་དྲན་པར་མི་ནུས་པའོ། །གཉིས་པ་ནི། ཊཱི་ཀ་ལས། ལས་ཀྱི་ངོ་བོ་ལ་དོགས་པ་བཅད་པ་བསྟན། ཅེས་གསུངས་ཏེ་ལས་བྱས་མོད་ཀྱི། ལས་ཀྱི་ངོ་བོ་འབྱིན་རེག་ལ་སོགས་ཅི་ཞིག་བྱས་དྲན་པར་མི་ནུས་པའོ། །གསུམ་པ་ནི། ཊཱི་ཀ་ལས། ཡུལ་ལ་སྤྱོད་པའི་སྐབས་ཀྱི་དོགས་པ་བསྟན་ཏེ། ཞེས་གསུངས་ཏེ། འབྱིན་རེག་ལྟ་བུ་བྱས་ན་བསམས་བཞིན་དུ་བྱས་སམ། མ་བསམས་བཞིན་དུ་བྱས་དྲན་པར་མི་ནུས་པའོ། །དེ་གསུམ་ནི་བློ་ཁ་མ་ཕྱོགས་པའི་ཚུལ་གྱིས་དྲན་པར་མི་ནུས་པ་གསུམ་མོ། །བསྙེན་པར་མ་རྫོགས་པ་ཉིད་ལ་ཆོས་ཅན། སྤོ་བ་སྤྱད་དགོས་ཀྱི་འཆབ་པ་མི་འབྱུང་སྟེ། ཊཱི་ཀ་ལས། དགེ་འདུན་ལྷག་མ་མེད་པའི་ཕྱིར་རོ། །ཞེས་སོ། །གནས་ནས་ཕྱུང་བ་ཉིད་ལ་ཆོས་ཅན། སྤོ་བ་སྤྱད་དགོས་ཀྱི་འཆབ་པ་མི་འབྱུང་སྟེ། །ལྟུང་བ་བརྗོད་པའི་ཡུལ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཐ་སྙད་དུ་རུང་བའི་འདུ་ཤེས་ཉམས་པ་སྨྱོ་བ་སེམས་འཁྲུགས་ལ་སོགས་པ་ཉིད་ལ་ནི་ཕམ་པར་འགྱུར་བ་མན་ཆད། ཉེས་བྱས་ཡན་ཆད་ཀྱི་ལྟུང་བ་སྡེ་ལྔ་ཡང་ཞེས་པས་ནི་འཆབ་པ་ཡང་མི་འབྱང་ངོ་། །


K8Z004_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་སངས་རྒྱས་ཀྱིས་ཁྲིམས་མ་བཅས་པ་ཉིད་ལས་དང་པོ་པ་ལ་ཡང་ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཡང་མི་འབྱུང་ངོ་། །མ་བཅས་པ་ཉིད་ཀྱི་བྱེ་བྲག་སྡོམ་པ་གཏན་མ་བླངས་པ་ལ་ཡང་ལྟུང་བ་མི་འབྱུང་ངོ་། །ཞེས་ཀྱང་དོན་གྱིས་བསྟན་པར་བྱའོ། །འབྱིན་རེག་ལྟ་བུ་བྱ་བ་དེ་བྱས་པ་ལ་ལྟུང་བ་འབྱུང་བར་རྒྱུས་མི་ཤེས་བཞིན་དུ་ཉེས་སྤྱོད་ལ་ཞུགས་པ་ཉིད་ལ་ནི་ལྟུང་བ་མི་འབྱུང་བ་མ་ཡིན་ནོ། །བསླབ་པ་བཅས་པ་དག་ཐོས་པ་ན་བཅས་པ་དེ་ལ་མངོན་པར་ཡིད་མི་ཆེས་བཞིན་ཉེས་སྤྱོད་ལ་ཞུགས་པ་ཉིད་ལ་ཡང་ལྟུང་བ་མི་འབྱུང་བ་མ་ཡིན་ནོ། །བསླབ་པ་བཅས་པ་དག་རྗོད་པར་བྱེད་པ་པོ་ལ་འདི་ནི་བླུན་པོའོ་སྙམ་སྟེ། དེའི་ཚིག་ལ་མི་གུས་ཤིང་གང་ཟག་དེས་མངོན་པར་མི་ཤེས་པ་ཉིད་དུ་འདུ་ཤེས་ཏེ་ལྟུང་བ་འབྱུང་བ་ལ་ཡིད་མི་ཆེས་པ་སྟེ། ཉེས་སྤྱོད་ལ་ཞུགས་པ་ལ་ཡང་ཡང་ངོ་ལྟུང་བ་མི་འབྱུང་བ་མ་ཡིན་ནོ། །གནས་ནས་ཕྱུང་བ་ལས་གཞན་པའི་ས་གཞན་ན་གནས་པ་བསྡིགས་སྨད་དམ། སྤོ་མགུ་སྤྱོད་པ་ལ་སོགས་པ་ཉིད་ལ་ནི་ལྟུང་བ་འབྱུང་བར་མ་ཟད། སྔ་མ་འཆབ་པ་ཡང་འབྱུང་ངོ་། །གནས་ནས་ཕྱུང་བ་ལ་ནི་ལྟུང་བ་བྱུང་ཡང་སྤོ་བ་སྤྱད་དགོས་ཀྱི་འཆབ་པ་མི་འབྱུང་ངོ་། །ལྷག་མ་བཅབ་པ་ལ་དགེ་འདུན་ལྷག་མ་ཉིད་ལ་ནི་ལྷག་མའི་རྣམ་པ་མ་དོར་བའི་ཡིད་གཉིས་ཟ་བཞིན་དུ་བཅབས་པ་ནི་ལྷག་མར་ཤེས་བཞིན་དུ་བཅབས་པ་དང་འདྲའོ་སྟེ། བཅབས་པའི་ཉེས་པར་འགྱུར་རོ། །གསུམ་པ་ནི། སའམ་རྟེན་གང་ལ་སྤོ་བ་སྤྱད་དགོས་ཀྱི་འཆབ་པ་མི་འབྱུང་བ་ཉིད་དུ་སྔར་བསྟན་པ་བསྙེན་པར་རྫོགས་པ་དང་། གནས་ནས་ཕྱུང་བ་དང་། ཐ་སྙད་དུ་རུང་བའི་འདུ་ཤེས་ཉམས་པ་དང་། མ་བཅས་པ་སྟེ་བཞི་པོ་དེ་ལ་ནི་སྤོ་མགུ་སྤྱད་པ་ཡང་མི་འབྱུང་ངོ་། །


K8Z004_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ནི་སྤོ་མགུ་སྤྱོད་པ་མ་ཡིན་པའོ། །མ་གུས་པས་སྤོ་མགུ་སྤྱོད་པ་འཕྲོ་གཅོད་ཅིང་གཏོང་ན་ཉེས་བྱས་སོ། །ཊཱི་ཀ་ལས། འཐབ་ཀྲོལ་བྱེད་པ་འོང་བས་གཏོང་བ་ལ་ནི་ཉེས་པ་མེད་དོ། །ཞེས་སོ། །སྤོ་མགུ་སྤྱོད་པའི་གནས་སྐབས་དེ་ལ་དགེ་འདུན་ལྷག་མ་དེའི་སྡེ་ཚན་དུ་གཏོགས་པའི་དངོས་གཞིའམ། སྦོམ་པོའམ། ཉེས་བྱས་ལྷག་པར་སྤྱོད་པ་ལ་ཡང་ཉེས་བྱས་སོ། །དེ་ཡང་གཞི་ཇི་ལྟ་བུའི་ལྟུང་བ་འབྱུང་བའི་སྟེང་དུ་འདིའི་ཉེས་བྱས་གཞན་རེ་རེ་འབྱུང་བས་སོ། །བཤགས་པ་ལེན་པ་པོ་ལ་སོགས་པ་ཕྱིར་བཅོས་པའི་རྐྱེན་འཛོམ་པར་ཡོད་ལ། ལྟུང་བ་ཕྱིར་མི་འཆོས་ན་ཡང་ཉེས་བྱས་སོ། །ལྷག་མའི་ལྟུང་བ་དང་ལྡན་བའི་དགེ་སློང་སྤོ་མགུ་སྤྱད་འཕྲོ་ལ་ཁྱིམ་པ་ལ་སོགས་པར་བབས་ཏེ། སྤོ་མགུ་མི་སྤྱོད་པའི་ས་ནས་སླར་ཡང་དགེ་སློང་དུ་ཕྱིར་འོངས་པ་ནི། སྤོ་མགུ་སྤྱོད་པ་དེའི་གནས་སྐབས་ཉིད་ཡིན་ནོ་སྟེ། ཊཱི་ཀ་ལས། ལྟུང་བ་དང་བཅས་པའི་གནས་སྐབས་ཉིད་ཡིན་ནོ། །ཞེས་སོ། །འདིས་ནི་ལྟུང་བ་དང་བཅས་པའི་དགེ་སློང་ཁྱིམ་པར་བབས་པས་ལྟུང་བ་མི་འདག་པར་ཤེས་སོ། །ལམ་རྒྱ་གང་པ་ན་རེ། ལྷག་མའི་ལྟུང་བ་དང་ལྡན་པའི་དགེ་སློང་ཁྱིམ་པར་བབས་པས་ལྷག་མའི་ལྟུང་བ་དག་པ་ཡིན་ཏེ། བཅས་པའི་རྟེན་མ་ཡིན་དུ་གྱུར་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། གཞུང་འདི་ཉིད་ལས། མི་སྤྱོད་པའི་ས་ནས་ཕྱིར་འོངས་པ་དེ་ནི་ཞེས་བབས་ཀྱང་ལྟུང་བ་མ་དག་པར་གསུངས་པ་དང་འགལ་ལོ། །གཞན་ཡང་ལྟུང་བ་ཡོད་པའི་དགེ་སློང་སྨྱོ་བར་གྱུར་པ་ཆོས་ཅན། ལྟུང་བ་དག་པར་ཐལ། བཅས་པའི་རྟེན་མ་ཡིན་དུ་གྱུར་པའི་ཕྱིར། སྨྱོ་བ་དག་པར་འདོད་ན་ལྟུང་བ་དག་བྱེད་གང་ཡང་མ་བྱུང་བར་དག་པར་འགལ་ལོ། །དགེ་སློང་སྤོ་མགུ་སྤྱོད་


K8Z004_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་ལ་སྤྱོ་བར་གྱུར་ཏེ་སྤོ་མགུ་མི་སྤྱོད་པའི་ས་ནས་ཤེས་པ་རང་བཞིན་དུ་གནས་པར་ཕྱིར་འོངས་པ་ནི། སྤོ་མགུ་སྤྱད་པ་དེའི་གནས་སྐབས་ཉིད་ཡིན་ནོ་ཞེས་ཀྱང་མདོ་རྩ་བས་བསྟན་པ་དང་འགལ་ལོ། །གལ་ཏེ་ལྟུང་བ་དང་བཅས་པའི་དགེ་སློང་ཁྱིམ་པར་བབས་པའམ་སྨྱོ་བར་གྱུར་པ་ཆོས་ཅན། ལྟུང་བ་ཡོད་པ་མི་འཐད་དེ། ལྟུང་བའི་རྟེན་མ་ཡིན་དུ་གྱུར་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། ལྟུང་བ་སྔར་མེད་གསར་དུ་སྐྱེ་བའི་རྟེན་མ་ཡིན་དུ་ཟིན་ཀྱང་ལྟུང་བ་སྐྱེས་ཟིན་རྒྱུན་དུ་གནས་པའི་རྟེན་ཡིན་པའི་ཕྱིར་རོ། །འོ་ན་ལྷག་མའི་ལྟུང་བ་དང་ལྡན་པའི་དགེ་སློང་ཁྱིམ་པར་བབས་ན་ཁྱིམ་པ་དེ་ལ་ལྷག་མའི་ལྟུང་བ་ཡོད་ན། ཊཱི་ཀ་ལས། བསྙེན་པར་མ་རྫོགས་པ་ཉིད་ལ་ནི་དགེ་འདུན་ལྷག་མ་མེད་པས། ཞེས་གསུངས་པ་དང་འགལ་ཅེ་ན། བསྙེན་རྫོགས་ཀྱི་སྡོམ་པ་གཏན་ནས་མ་བླངས་པའོ་བསྙེན་པར་མ་རྫོགས་པ་ཉིད་ལ་ནི་དགེ་འདུན་ལྷག་མ་མེད་ཅེས་བསྟན་པའོ། །མི་སྤྱོད་པའི་ས་ནས་ཕྱིར་འོངས་པ་ན་སྤོ་མགུའི་ཞག་གྲངས་སྔར་ཅི་ཙམ་སྤྱད་ཟིན་ཅིང་། སྦྱངས་པའི་གཞི་ལ་དེའི་འཕྲོ་ལྷག་མ་previous hit ཇིཙམཡོད ་དེ་རྗེས་སུ་བསྒྲུབ་པའོ། །བཅབས་པའི་དུས་ངེས་པར་མི་ཤེས་ན་སྤྱད་པ་དང་བརྗོད་པ་གཉིས་ཀ་ཉུང་བ་ཉིད་དུ་མི་འགྱུར་བ་ལ་བརྟེན་པར་བྱའོ། །ཞེས་ཏེ་འདིས་ནི་མདོ་འོག་མ་བཞིའི་མདོར་བསྟན་ཡིན་ནོ། །སྤྱད་པ་ཉུང་བ་ཉིད་དུ་མི་འགྱུར་བ་ལ་བརྟེན་པ་ནི་སྤོ་བ་སྤྱད་པར་བྱ་བ་ཉིད་ལ་སྔོན་ལྷག་མའི་ལྟུང་བ་མ་བྱུང་ཞིང་། །ཉེས་པས་མ་གོས་པ་དག་པའི་མཐའ་ཅན་ཉིད་ཀྱི་ཚིགས་དེ་ནས་ཡུན་རིང་ཐུང་གིས་བྱེ་བྲག་གི་ཉུང་བ་ཉིད་དུ་མི་འགྱུར་བ་བསྟེན་པར་བྱའོ། །དེའི་མཚན་དཔེ་ནི། དག་པའི་མཐའ་ཅན་ཉིད་ཀྱི་བྱེ་བྲག་ཟླ་བ་བཞི་སྤོ་བ་སྤྱད་པ་ལ་བརྟེན་པར་བྱའོ། །བརྗོད་པ་ཉུང་བ་ཉིད་དུ་


K8Z004_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བ་ལ་བརྟེན་པ་ནི་བཅབས་དུས་ངེས་པར་མི་ཤེས་ན་བཅབས་པ་བརྗོད་པ་ནི་ཟླ་བ་བཞི་ལྟ་བུ་ངེས་པ་ཅན་བརྗོད་པར་མི་བྱའི། དུས་དཔག་ཏུ་མེད་པ་ཞེས་བརྗོད་པ་ལ་བརྟེན་པར་བྱའོ། །དེའི་མཚོན་དཔེ་ནི། བསམས་བཞིན་དུ་ཁུ་བ་ཕྱུང་བ་ལ་ལས་བྱུང་བ་དཔག་ཏུ་མེད་པར་བཅབས་པ་ཞེས་བརྗོད་པར་བྱའོ། །འདིའི་ཊཱི་ཀ་ལས། སྤོ་བ་གསོལ་བ་དང་། གཞི་ནས་སྤོ་བ་གསོལ་བ་དང་། ཡང་གཞི་ནས་བསླངས་ཏེ་སྤོ་བ་གསོལ་བ་དང་། ཡང་གཞི་ནས་མགུ་བ་བསླངས་ཏེ་གསོལ་བ་དང་དྲུག་སྟེ། སྤོ་བ་གསོལ་བ་ལ་སོགས་པ་གསོལ་བ་དྲུག་དང་། སྤོ་བ་སྦྱིན་པ་ལ་སོགས་པ་གསོལ་བ་དྲུག་དང་། འཐབ་ཀྲོལ་ཅན་གྱི་རྐྱེན་གྱིས་སྤོ་བ་ལ་སོགས་པ་གཏོང་བ་དྲུག་དང་། སྤོ་བ་ལ་སོགས་པའི་དུས་འདས་པ་དང་། འབྱུང་བར་འགྱུར་བ་བརྗོད་པ་དྲུག་སྟེ། ཆོ་ག་ཉི་ཤུ་རྩ་བཞི་གསུངས་སོ། །དེས་ན་འཐབ་ཀྲོལ་ཅན་གྱི་འཇིགས་པ་དང་བྲལ་ན་སྤོ་བ་ལ་སོགས་པ་སླར་བླང་བ་དྲུག་སྐབས་འདིར་ཊཱི་ཀ་ལས་དངོས་སུ་མ་གསུངས་ཀྱང་མཚོན་ནོ། །སྤོ་བའམ་མགུ་བ་བྱས་པ་འདི་ལ་ལྟུང་བ་མང་པོའི་གྲངས་ཇི་སྙེད་ལ་ཕྱིར་བཅོས་པར་སེམས་པ་དེ་སྙེད་དུ་གཏོགས་པའི་སྤོ་བ་གཅིག་ཉིད་དམ། མགུ་བ་གཅིག་ཉིད་རྗེས་སུ་བསྒྲུབ་པ་ཉིད་ཀྱིས་ཆོག་གོ། །བཅབས་པའི་ཞག་གྲངས་ཀྱི་ཚད་ངེས་པར་མི་ཤེས་པའི་ཆོ་ག་ནི་གོང་དུ་བསྟན་ཟིན་ཏོ། །ལྟུང་བའི་གྲངས་ཀྱི་ཚད་ངེས་པར་མི་ཤེས་པའི་ཆོ་ག་ནི། ལྟུང་བའི་གྲངས་ཀྱི་ཚད་ངེས་པར་མི་ཤེས་ན་ལྟུང་བ་དེ་དཔག་ཏུ་མེད་པར་བྱུང་ངོ་ཞེས་བརྗོད་པ་ལ་བརྟེན་པར་བྱའོ། །ལྟུང་བ་མང་པོ་སྟེ་ལྟུང་བ་གསུམ་ནས་གྲངས་ཤེས་པ་མན་ཆད་ཉིད་ལ་ནི་ལྟུང་བ་ཚད་ཤིན་ཏུ་མང་པོ་དང་ལྡན་པ་བྱུང་ལ་ཞེས་བརྗོད་དོོ། །ལྟུང་བ་རྣམས་ཀྱི་བཅབས་པའི་དུས་ཞག་


K8Z004_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མང་ཉུང་ཐ་དད་པ་རྣམས་ནི་དེ་རྣམས་ཀྱི་ནང་ནས་བཅབས་པ་དུས་ཡུན་རིང་ཞིང་། ལྷག་པའི་ལྟུང་བ་གཅིག་གི་དུས་བརྗོད་པས་ལྟུང་བ་གཞན་དེ་དག་གི་དུས་ཀྱང་བརྗོད་པ་གྲུབ་པར་འགྱུར་རོ། །ལྷག་མའི་ལྟུང་བ་མང་པོ་བྱུང་ན་བྱེ་བྲག་སོ་སོའི་མིང་བརྗོད་པ་དག་ལ་ནི་ལ་སོགས་པ་ཞེས་པ་དང་ལྡན་པ་ཉིད་དུ་བརྗོད་པར་བྱའོ། །ཁུ་བ་ཕྱུང་བའི་དགེ་འདུན་ལྷག་མ་ལ་སོགས་པ་རེག་པ་དང་། འཁྲིག་པ་སྨྲ་བའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་ཞེས་བརྗོད་པ་ལྟ་བུའོ། །ལྟུང་བ་མང་པོའི་མིང་བརྗོད་པ་ན་གང་གིས་མིང་དང་པོར་བརྗོད་པར་བྱ་ཞེ་ན། གྲངས་ཀྱི་སྒོ་ནས་ལྕི་བ་ལྟུང་བ་དུ་མ་བྱུང་བ་ཉིད་དང་། བསམ་པའི་སྒོ་ནས་ལྕི་བ་ཉོན་མོངས་པ་དྲག་པོས་བྱས་པ་ཉིད་དག་་གི་མིང་དང་པོ་ཉིད་དུ་བརྗོད་པར་བྱའི། སྔར་ལྟུང་བ་གང་བྱུང་བ་དེའི་མིང་དང་པོར་སྨོས་པར་ནི་མི་བྱའོ། །སྤོ་བ་སྤྱོད་བཞིན་པ་ལ་ལྷག་མའི་ལྟུང་བ་འཆབ་བཅས་སྔོན་བྱུང་བ་དྲན་ནས་ལྟུང་བ་གཞན་སྔ་མ་དེ་ཕྱིར་གསོ་བར་འདོད་པ་སྐྱེས་ན་སྤོ་བ་ཐ་དད་པར་སྦྱིན་ཏེ། སྤོ་བ་སྔ་མ་ནི་བྱིན་ཟིན་ལ། སྔོན་བྱུང་བ་དེའི་སྤོ་བ་ནི་ད་གཟོད་སྦྱིན་ཞིང་། ལྟུང་བ་སྔ་ཕྱི་གཉིས་ཀའི་དོན་དུ་སྤོ་བ་གཅིག་ཅིག་ཅར་སྤྱད་དོ། །མགུ་བ་སྤྱོད་བཞིན་པ་ལ་ལྷག་མའི་ལྟུང་བ་འཆབ་མེད་སྔོན་བྱུང་བ་དྲན་ནས་ལྟུང་བ་གཞན་སྔ་མ་དེ་ཕྱིར་གསོ་བར་འདོད་པ་སྐྱེས་ན་སྔར་མགུ་བ་བྱིན་ཟིན་པ་དེ་ལས་མགུ་བ་ཐ་དད་པར་སྦྱིན་ཞིང་། ལྟུང་བ་སྔ་ཕྱི་གཉིས་ཀའི་དོན་དུ་མགུ་བ་གཅིག་ཅར་སྤྱད་དོ་ཞེས་ཀྱང་མདོ་འདིས་བསྟན་ཏོ། །གཅིག་ཅར་སྤྱད་པ་དེ་མི་སྲིད་དོ་ཞེས་འོག་ཏུ་སྦྱར་རོ། །གང་ལ་མི་སྲིད་ཅེ་ན། ལྷག་མའི་ལྟུང་བ་བཅབས་པའི་རྒྱུ་ལས་ད་ལྟ་སྤོ་བ་སྤྱད་པ་ཉིད་ཡིན་ན་སྔར་ལྷག་མའི་ལྟུང་བ་དེའི་མགུ་བར་བྱ་བ་ལ་ནི་གང་


K8Z004_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གཅིག་གིས་སྤོ་མགུ་གཉིས་དུས་གཅིག་ཅར་སྤྱད་པ་མི་སྲིད་དོ། །མགུ་བ་ནི་སེམས་མགུ་པའི་ཕྱིར་ཡིན་ལ། སྤོ་བ་ནི་བཅབས་པའི་ཁ་ན་མ་ཐོ་བ་གཞོམ་པའི་ཕྱིར་ཡིན་ནོ། །དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞིའོ། །གཉིས་པ་ལ། འཆབ་དངོས་མི་འབྱུང་བ་རུ་བསྟན། །ཉེས་པ་ཙམ་ཞིག་འབྱུང་བར་བསྟན། །སྐབས་གཞན་དོགས་གཅོད་བསྟན་པའོ། །དང་པོ་ནི། ཉིན་མཚན་གྱི་ཐ་མའི་ཆ་མ་ཡིན་པ་སྟེ་སྲོད་དང་ནམ་ཕྱེད་ལྟ་བུ་ལ་སྤོ་བ་སྤྱད་དགོས་ཀྱི་འཆབ་པ་མི་འབྱུང་ངོ་། །སྐྱ་རེངས་འཆར་ཀའི་སྐད་ཅིག་གི་མདུན་རོལ་ཚུན་ཆད་དེ་ལ་འཆབ་པ་མི་འབྱུང་ངོ་། །སྐྱ་རེངས་ཤར་ན་ནི་འཆབ་པ་འབྱུང་བ་ཁོ་ནར་འགྱུར་རོ་ཞེས་སོ། །ལྟུང་བ་བརྗོད་པའི་ཡུལ་ལམ། བསྙེན་རྫོགས་ལྟ་བ་མཐུན། མཚན་མཐུན། ས་རང་བཞིན་དུ་གནས་ཤིང་མཚམས་ནང་ན་གནས་པ་ཞེས་པ་ལ་སོགས་པའི་གང་ཟག་མེད་ན་བརྗོད་པ་དེའི་སེམས་མ་ཡིན་པ་སྟེ། བརྗོད་པར་མི་བྱའོ་སྙམ་པའི་བསམ་པ་ཉིད་ཡོད་ཀྱང་འཆབ་པ་མ་ཡིན་ནོ། །བརྗོད་པའི་ཡན་ལག་གནས་དེ་ན་ཡོད་ཀྱང་རྐྱེན་འགའ་ཞིག་གིས་དེའི་དྲུང་དུ་བགྲོད་དུ་མེད་དམ། བདག་ཉིད་གནས་དེ་ནས་གཞན་དུ་སོང་བའི་དབང་གིས་ནི་མི་བརྗོད་པའི་སེམས་དེ་ནི་འཆབ་པ་མ་ཡིན་ཏེ། བརྗོད་པའི་ཡན་ལག་གཏན་ནས་མེད་པ་དང་འདྲ་བ་ཉིད་དོ། །འཆབ་བའི་ཉེས་པར་འགྱུར་དུ་དོགས་པ་དེའི་དོན་གྱི་དབང་གིས་བརྗོད་པའི་ཡན་ལག་གི་དྲུང་དུ་མི་འགྲོའམ། བདག་ཉིད་གནས་དེ་ནས་འགྲོ་བར་བྱས་པ་དང་མེད་པ་དང་འདྲ་བ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ། བརྗོད་པའི་ཡན་ལག་གཏན་ནས་མེད་པ་དང་འདྲ་སྟེ། མ་བརྗོད་ཀྱང་བཅབས་པའི་ཉེས་པར་མི་འགྱུར་བའོ། །དགེ་སློང་གཞན་མེད་པའི་གནས་སུ་ལྷག་མའི་ལྟུང་བ་བྱུང་སྟེ། བདག་


K8Z004_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དགེ་སློང་གཞན་ཡོད་པའི་གནས་སུ་ཕྱིན་ན་ནི་མ་བརྗོད་པ་ལ་འཆབ་པའི་ཉེས་པར་འགྱུར་རོ་སྙམ་པས། དེར་མི་འགྲོ་ན་ཡང་འཆབ་པའི་ཉེས་པ་མི་འབྱུང་ངོ་། །དགེ་སློང་གཞན་ཡོད་པའི་གནས་སུ་ལྷག་མའི་ལྟུང་བ་བྱུང་སྟེ། བདག་གིས་གནས་འདིར་མཚན་མོ་བསྡད་ན་ནི་མ་བརྗོད་ན་འཆབ་པའི་ཉེས་པར་འགྱུར་རོ་སྙམ་པས་གནས་གཞན་དུ་ཕྱིན་ན་ཡང་འཆབ་པའི་ཉེས་པ་མི་འབྱུང་སྟེ་ལུང་དང་ཊཱི་ཀ་ལས་སོ། །གཉིས་པ་ནི། དོན་གཞན་ཅུང་ཟད་ཀྱང་མེད་པས་ནི་བརྗོད་པའི་ཡན་ལག་གི་དྲུང་དུ་མི་འགྲོ་བའམ། བདག་ཉིད་གནས་དེ་ནས་འགྲོ་ན་འཆབ་པ་མི་འབྱུང་ཡང་ཉེས་བྱས་གཞན་འབྱུང་ངོ་། །ཉིན་མཚན་གྱི་མཐའི་མདུན་རོལ་དུ་བཅབས་པ་ཡང་ཉེས་བྱས་སུ་འགྱུར་རོ། །གསུམ་པ་ནི། ལྟུང་བ་བྱུང་བ་འདི་གཞན་ལ་བརྗོད་དོ་སྙམ་དུ་བསམས་ཏེ་འཆབ་པའི་སེམས་གཏོང་དགོས་པ་ལས། འཆབ་པའི་སེམས་མ་གཏོང་སྟེ་ལྟུང་བ་བརྗོད་པའི་བསམ་པ་མེད་པ་ཉིད་ནི་འཆབ་པ་དེའི་སེམས་ཉིད་ཡིན་ནོ། །འཆབ་པ་འབྱུང་བ་ནི་བཅབ་བོ་སྙམ་དུ་ངོས་བཟུང་མི་དགོས་ཀྱི། བརྗོད་དོ་སྙམས་མེད་ན་འཆབ་པའི་ཉེས་པ་འབྱུང་བའོ། །དགེ་སློང་ཕམ་པ་འཆབ་བཅས་བྱུང་བར་གྱུར་པས། རང་འགྲེལ་དང་ཊཱི་ཀ་ལས། དེའི་སྡོམ་པ་ནི་དགོས་པ་མེད་པ་ཉིད་དུ་གྱུར་པའི་ཕྱིར་ལྟུང་བ་ཕྱིར་མ་བཅོས་པ་ལ་ནི་ཉེས་པ་མེད་དོ། །ཡོད་ལ་ཕྱིར་མ་བཅོས་ན་ཡང་ཉེས་བྱས་སོ། །ཞེས་སྔར་སྨོས་པ་དེའི་དམིགས་བསལ་ཡིན་ནོ། །དུས་དང་དུས་མ་ཡིན་པར་བསྡུས་པ་འབྱུང་བའི་གཞི་ཞུ་བའི་སྐབས་སོ། །འདིར་སྨྲས་པ། བདག་ནི་དམ་པ་དམ་པའི་སྐྱེས་བུ་དང་། །ནམ་ཡང་མི་འབྲལ་སྐྱེ་བ་ཐམས་ཅད་དུ། །འཕགས་པའི་མགོན་གྱིས་རྟག་པར་རྗེས་བཟུང་བས། །དོན་མེད་ལམ་དུ་གཏོལ་མེད་མི་འགྲོ་ཙམ། །
མདོ་སྔགས་ཟབ་རྒྱས་གསུང་རབས་མ་ལུས་ལ། །ཇི་བཞིན་ཤེས་པའི་བློ་གྲོས་སྤོབས་པ་ནི། །སྐྱེ་བར་འབད་པའི་རྒྱུ་ལས་རང་དབང་དུ། །ཅི་བདེར་མྱོང་བའི་སེམས་ཉིད་དགའ་བ་ཅན། །ཕལ་ཆེར་ངན་སོང་འཁྱོགས་པོའི་ཁུང་བུ་རུ། །བསླབ་ལྷོད་སྡིག་ལྡན་མཆེ་བ་དུག་ཅན་བཅས། །རང་གཞན་སྲེག་པའི་ལྟ་ཟེར་འཕྲོ་བཞིན་དུ། །གཡོ་རྫུན་ལྕེ་གཉིས་དང་བཅས་འབྲོས་པ་འདྲ། །ཀྱེ་མ་ཀྱེ་ཧུད། རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། རང་འགྲེལ་དང་ཊཱི་ཀ་ནས། འདི་ནི་ལྟུང་བ་དང་བཅས་པ་སྤྱད་པ་རྣམས་ཀྱི་སྡང་བའི་དུས་དང་། དུས་མ་ཡིན་པའི་ཆོ་ག་བསྡུས་པ་འབྱུང་བའི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།


previousདུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི།next