Nitartha Digital Library
Tibetan
 
previousས་གཞན་དུ་གནས་པ་སྤྱོད་པའི་གཞི།next

ས་གཞན་དུ་གནས་པ་སྤྱོད་པའི་གཞི།


K8Z004_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ས་གཞན་གནས་པ་ལ། ལུང་གཞི་ཉིད་ཀྱིས་བརྗོད་པ་དང་། །ཞུ་བའི་ལུང་གིས་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་དྲུག་ལས། དང་པོ་ས་གཞན་ན་གནས་པ་རྣམས་ཀྱི་དབྱེ་བ་ནི། དབྱེ་བའི་གཞི་དང་། དབྱེ་བའི་སྒོ་གཉིས་ལས། དབྱེ་བའི་གཞི་ནི། ལས་ཀྱི་སྒོ་ནས་ས་གཞན་ན་གནས་པར་དངོས་སུ་གསུངས་པ་ཙམ་མོ། །དབྱེ་བའི་སྒོ་ལ་གཉིས་ལས། དང་པོ་ཆེ་ལོང་དུ་དབྱེ་བ་ནི། ས་གཞན་ན་གནས་པ་ཉི་ཤུ་རྩ་དྲུག་སྟེ། སྤོ་སྤྱོད་གསུམ། མགུ་སྤྱོད་གསུམ། སྤོ་ལྡན་གསུམ། མགུ་ལྡན་གསུམ་དང་བཅུ་གཉིས། བསྡིགས། སྨད། བསྐྲད་པ། ཕྱིར་འགྱེད། གནས་ནས་ཕྱུང་བ་བདུན། བསྙིལ་བ་དང་། ངོ་བོ་འཚོལ་བ་དང་། བསླབ་པ་ཕྱིན་པ་སྟེ་ཉི་ཤུ་རྩ་དྲུག་གོ། །གཉིས་པ་ས་ཞིབ་མོའི་རྣམ་གཞག་གི་སྒོ་ནས་དབྱེ་བ་ནི། ས་གཞན་ན་གནས་པ་བཞི་བཅུ་རྩ་བཞི་སྟེ། སྤོ་བ་སྤྱོད་པ་དང་། གཞི་ནས་སྤོ་བ་སྤྱོད་པ་དང་། ཡང་གཞི་ནས་བསླངས་ཏེ་སྤོ་བ་སྤྱོད་པ་གསུམ་དང་། མགུ་བ་སྤྱོད་པ་དང་། གཞི་ནས་མགུ་བ་སྤྱད་པ་དང་། ཡང་གཞི་ན་


K8Z004_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བསླངས་ཏེ་མགུ་བ་སྤྱོད་པ་སྟེ་གསུམ་དང་། སྤོ་བ་སྤྱོད་ནས་མགུ་བ་སྤྱོད་པ་གསུམ་དང་། གཞི་ནས་སྤོ་བ་སྤྱོད་ནས་མགུ་བ་སྤྱོད་པ་གསུམ་དང་། ཡང་གཞི་ནས་བསླངས་ཏེ་སྤོ་བ་སྤྱོད་ནས་མགུ་བ་སྤྱོད་པ་གསུམ་སྟེ་བཅོ་ལྔ་དང་། སྤོ་བ་དང་ལྡན་པ་གསུམ་དང་། མགུ་བ་དང་ལྡན་པ་གསུམ་སྟེ་དྲུག་དང་། སྤོ་བ་སྤྱོད་ནས་མགུ་བ་དང་ལྡན་པ་གསུམ་དང་། གཞི་ནས་སྤོ་བ་སྤྱོད་ནས་མགུ་བ་དང་ལྡན་པ་གསུམ་དང་། ཡང་གཞི་ནས་བསླངས་ཏེ་སྤོ་བ་སྤྱོད་ནས་མགུ་བ་དང་ལྡན་པ་གསུམ་སྟེ་སུམ་ཅུ་དང་། སྨད་པ་བཞི་དང་། གནས་ནས་ཕྱུང་བ་བདུན་དང་། བསྙིལ་བ་དང་། ངོ་བོ་ཉིད་འཚོལ་བ་དང་། བསླབ་པ་བྱིན་པ་སྟེ་བཞི་བཅུ་རྩ་བཞིའོ། །གཉིས་པ་བསྡུ་བ་ལ་གསུམ་སྟེ། ངོ་བོའི་སྒོ་ནས་བསྡུ་བ་དང་། རྣམ་གྲངས་ཀྱི་སྒོ་ནས་བསྡུ་བ་དང་། བསླབ་བྱའི་སྒོ་ནས་བསྡུ་བའོ། །དང་པོ་ལ་གསུམ་སྟེ། སྤངས་པས་གཞན་ན་གནས་པ་སྟེ་གནས་ནས་ཕྱུང་བ་བདུན་དང་། བསྙིལ་བ་དང་། སྨད་པས་གཞན་ན་གནས་པ་སྟེ། སྨད་པ་ནན་ཏུར་བྱས་པ་བཞི་དང་། རྣམ་པར་དག་བྱེད་ས་གཞན་ན་གནས་པ་སྟེ་དེ་དག་ལས་གཞན་ན་གནས་པ་རྣམས་སོ། །གཉིས་པ་རྣམ་གྲངས་ཀྱི་སྒོ་ནས་བསྡུ་ན་གཉིས་ཏེ། ས་གཞན་ན་གནས་པ་ཡང་ཡིན་ལ། ནན་ཏུར་བྱས་པ་ཡང་ཡིན་པ་བཅུ་གཉིས་དང་། ས་གཞན་ན་གནས་པ་ནི་ཡིན་ལ། ནན་ཏུར་བྱས་པ་ནི་མ་ཡིན་པ་བཅུ་གཉིས་ཏེ་དེ་ལས་གཞན་རྣམས་སོ། །གསུམ་པ་བསླབ་བྱའི་སྒོ་ནས་བསྡུ་ན་གཉིས་ཏེ། ས་གཞན་དག་ལས་གནས་ན་གནས་པ་ཆེན་པོ་པ་དང་། ཆུང་ངུ་བ་ཞེས་བྱའོ། །དང་པོ་ནི། ཁྱད་པར་ཅན་གྱི་སྤྱོད་པ་སྤོང་ཞིང་དམན་པའི་སྤྱོད་པ་དང་དུ་ལེན་པ་སྟེ། སྤོ་སྤྱོད་མགུ་སྤྱོད་བཅོ་ལྔ་དང་། ངོ་བོ་ཉིད་འཚོལ་བ་དང་། བསླབ་པ་བྱིན་པ་སྟེ་བཅུ་བདུན་ནོ། །གཉིས་པ་


K8Z004_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་གྱི་སྤྱོད་པ་སྤོང་ཡང་དམན་པའི་སྤྱོད་པ་དང་དུ་བླང་མི་དགོས་པ་སྟེ། སྤོ་ལྡན་མགུ་ལྡན་བཅོ་ལྔ་དང་། ནན་ཏུར་བྱས་པ་བཅུ་གཉིས་སོ། །གསུམ་པ་ས་གཞན་ན་གནས་པའི་མཚན་ཉིད་ནི། དམན་པར་བྱེད་ཆོས་ལས་ཀྱི་ཆོ་ག་ལ་བལྟོས་ནས་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་དགོས་ཉིད་དུ་གནས་པའོ། །ལས་ཀྱི་ཆོ་ག་ལ་བལྟོས་ནས་ཞེས་པས་ཕྱེ་བ་དག་ནི་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་སེལ་བའོ། །བཞི་པ་བསླབ་བྱ་ནི། གཞན་ན་གནས་པ་ཆེན་པོ་བ་བཅུ་བདུན་གྱིས་ནི་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་བ་དང་། དམན་པའི་སྤྱོད་པ་ལྔ་དང་དུ་བླང་བ་ལ་བསླབ་བོ། །དེ་དག་ལས་གཞན་པའི་ས་གཞན་ན་གནས་པ་རྣམས་ཀྱིས་ནི་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་བ་ལ་བསླབ་ཀྱི། དམན་པའི་སྤྱོད་པ་དང་དུ་བླང་བ་ལ་བསླབ་མི་དགོས་སོ། །ཁྱད་པར་དུ་ཡང་གནས་ནས་ཕྱུང་བ་དང་། བསྙིལ་བས་ནི་ཆོས་འདི་པའི་རབ་ཏུ་བྱུང་བ་གཞན་རྣམས་དང་། ལྷན་ཅིག་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་མཐའ་དག་སྤང་བའོ། །ལྔ་པ་སྒྲ་བཤད་པ་ནི། ས་རང་བཞིན་དུ་གནས་པ་ལ་བལྟོས་ནས་ས་གཞན་ཏེ། དམན་པའི་ས་ན་གནས་པས་ན། ས་གཞན་ན་གནས་པ་ཞེས་བྱའོ། །དྲུག་པ་གྲོལ་བའི་དུས་ནི། ས་གཞན་ན་གནས་པ་ཐམས་ཅད་ལས་དགྲ་བཅོམ་པ་ཐོབ་པས་གྲོལ་བའོ། །ནན་ཏུར་གྱིས་ས་གཞན་ན་གནས་པ་རྣམས་ལ་བཟོད་པར་བྱ་བའི་ལསས་བྱས་པས་གྲོལ་ཞིང་། སྤོ་སྤྱོད་དང་མགུ་སྤྱོད་ལས་སྤོ་བ་འཁོར་བ་དང་། མགུ་བ་འཁོར་བས་གྲོལ་བའོ། །སྤོ་ལྡན་ལས་མགུ་བ་ནོས་པས་གྲོལ་ཞིང་། མགུ་ལྡན་ལས་དབྱུང་བ་བྱས་པས་གྲོལ་ལོ། །ངོ་བོ་ཉིད་འཚོལ་བ་ལས་ལྟུང་བ་དྲན་ཅིང་བཟོད་པར་བྱ་བའི་ལས་བྱས་པས་གྲོལ་ཞིང་། ནན་ཏུར་གྱིས་ས་གཞན་ན་


K8Z004_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་རྣམས་ལ་ནན་ཏུར་སྔ་མའི་སྟེང་དུ་ནན་ཏུར་ཕྱི་མ་བྱས་ན་སྔ་མ་ལས་གྲོལ་བ་སྟེ། གནས་ནས་དབྱུང་བ་ནི་མ་གཏོགས་སོ། །གཉིས་པ་ལ། ས་གནས་ཆེན་པོའི་བསླབ་བྱ་དང་། །ས་གནས་ཆུང་ངུའི་བསླབ་བྱ་བཅས། །ཡུལ་གང་ལ་སྤྱད་བཟློག་ནས་བསྟན། །གང་དུ་སྤྱད་པའི་བསླབ་བྱ་བརྗོད། །དུས་འདས་འབྱུང་དང་འགྱུར་བ་བརྗོད། །ལུང་ཆོས་བརྙས་ཐབས་མི་བྱ་དང་། །རྐྱེན་གྱིས་བཏང་ཞིང་སླར་བླང་བའོ། །དང་པོ་ལ། ཐུན་མོང་སྤོ་མགུ་མཚོན་ཏེ་བསྟན། །འདྲ་གཞན་བསླབ་བྱ་ཁྱད་བཅས་བརྗོད། །དང་པོ་ལ། ཁྱད་ཅན་བཅོ་ལྔ་སྤང་བ་དང་། །སྨན་སྤྱོད་ལྔ་སྤང་དང་བླང་བའོ། །དང་པོ་ལ། གུས་པ་བདག་གིར་བྱེད་སོགས་སྤང་། །ལྷག་མཉམ་པ་ཡི་སྤྱོད་པ་སྤང་། །དགེ་སྦྱོང་བླ་མའི་གནས་ལྟ་སྤང་། །ཁྱད་པའི་སྐབས་གཏོགས་བྱ་བ་སྤང་། །བསྟེན་པའི་ཁྱད་སྤང་ཉེས་རྣམས་སྤང་། །དང་པོ་ནི། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་ཞེས་པས་ནི། གཞི་ནས་དང་ཡང་གཞི་ནས་སྤོ་མགུ་སྤྱོད་པ་དག་བསྡུས་སོ། །དེ་དག་གིིས་དགེ་སློང་རང་བཞིན་དུ་གནས་པ་ལས། མངོན་པར་སྨྲ་བ་ཕྱག་འཚལ་ལོ་ཞེས་ཟེར་བ་དང་། ལུས་ཀྱིས་ཕྱག་འཚལ་བ་དང་། མངོན་སུམ་དུ་མིག་སྔར་བབས་པ་ན་སྟན་ལས་ལྡང་བ་དང་། ལུས་འདུད་ཅིང་ཐལ་མོ་སྦྱར་བ་དང་། གུས་པའི་ལས་ལག་པ་སྐྱོང་བ་དང་། བསུ་བ་ལ་སོགས་པའི་མཆོད་པའི་ལས་དག་བདག་གིར་མི་བྱའོ། །སྤོ་མགུ་སྤྱོད་པ་དེ་གཉིས་ཀྱིས་བདག་གིར་མི་བྱ་བ་མངོན་པར་སྨྲ་བ་དང་། ཕྱག་དང་། མངོན་དུ་ལྡང་བ་ལ་སོགས་པ་གང་ཡིན་པ་དེའི་གནས་སྐབས་དེ་དག་ནི་དེ་གཉིས་ལས་གཞན་ས་རང་བཞིན་དུ་གནས་པ་དག་གིས་ཀྱང་སྤོ་མགུ་སྤྱོད་པ་དེ་དག་ལ་མི་བྱ་སྟེ། ས་རང་བཞིན་དུ་གནས་པ་


K8Z004_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཀྱང་སྤོ་མགུ་སྤྱོད་པ་ལ་མངོན་པར་སྨྲ་བ་དང་། ཕྱག་འཚལ་བ་ལ་སོགས་པའི་གུས་པའི་ལས་རྣམས་མི་བྱའོ། །འོ་ན་སྤོ་བ་སྤྱོད་པས་སྤོ་བ་སྤྱོད་པ་བསླབ་པ་རྒན་པ་ལ་ཕྱག་བྱར་རུང་ངམ་མི་རུང་སྙམ་ན་མི་རུང་སྟེ། གནས་མལ་གྱི་གཞིའི་ཊཱི་ཀ་ལས། སྤོ་བ་སྤྱོད་པ་ལ་སོགས་པ་ནི་སྡིག་པ་ཆེན་པོ་དང་ལྡན་པ་ཡིན་པས། དེ་དག་ལ་ཁྱིམ་པས་ཀྱང་ཕྱག་བྱ་བར་མི་རིགས་སོ། །ཞེས་སོ། །གཉིས་པ་ནི། སྤོ་མགུ་སྤྱོད་པ་དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དེ་དག་དང་ལྷན་ཅིག་ཏུ་འཆགས་པ་ན་གོམ་པ་སྲིི་བ་ཉིད་ཀྱིས་ཕྱི་ནས་འགྲོ་བ་དེ་ལས་གཞན་གོམ་པ་མཉམ་དུ་ཐད་ཀར་འགྲོ་བའམ། གོམ་པ་མདུན་དུ་ཐལ་ཆེས་པས་བཅག་པར་མི་བྱའོ། །མདོ་འདིས་ནི་བཅས་པ་གསུམ་བསྟན་ཏེ། འདིར་མི་བྱ་བ་གཉིས་ནི་དངོས་སུ་བསྟན་ལ། དེ་བཞིན་དུ་མདོ་འོག་མ་གཉིས་ལ་ཡང་ཅི་རིགས་སུ་སྦྱར་རོ། །དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པའི་དྲུང་དུ་སྟན་ཆེས་དམའ་བ་ཉིད་ལ་འདུག་པར་བྱའི། དེ་ལས་གཞན་སྟན་མཉམ་པའམ་མཐོ་བས་འདུག་པར་ཡང་མི་བྱའོ། །སྟན་མཉམ་པའམ་མཐོ་བ་འདུག་པར་ཡང་མི་བྱ་ན་སྟན་གཅིག་ལ་ལྟ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་གོ། །དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཁྱིམ་དུ་འགྲོ་བ་ན། དེའི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་ཚུལ་གྱིས་འགྲོ་བར་བྱའི། ཕྱི་བཞིན་འབྲང་བའི་བདག་ཉིད་ལས་གཞན་པ་དེའི་གྲོགས་མཉམ་པའི་ཚུལ་གྱིས་ཁྱིམ་དག་ཏུ་འགྲོ་བ་ཡང་མི་བྱའོ། །དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་ངོས་དང་སྟེང་གཡོགས་མ་གཅིག་ཏུ་ཉལ་བར་མི་བྱ་ཟས་དེར་མལ་བཤམ་པར་མི་བྱའོ། །གསུམ་པ་ནི། དེ་གཉིས་ཀྱིས་གཞན་རབ་ཏུ་དབྱུང་བའི་མཁན་པོ་དང་། བསྙེན་


K8Z004_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་མཁན་པོ་དང་། གནས་སྦྱིན་པ་བསྙེན་རྫོགས་ཀྱི་གནས་ཀྱི་སློབ་དཔོན་དང་། དྲུང་དུ་དགེ་ཚུལ་ཉེ་བར་བཞག་པ་དགེ་ཚུལ་གྱི་གནས་ཀྱི་སློབ་དཔོན་དག་མི་བྱའོ། །དེ་གཉིས་ཀྱིས་གསོལ་བའི་ལས་དང་། བརྗོད་པའི་ལས་དག་གི་དགེ་འདུན་གྱི་ཁ་སྐོང་བ་ཁས་མི་བླང་ངོ་སྟེ། ཊཱི་ཀར། ཚོགས་ཀྱི་ཁ་སྐོང་མི་བྱའོ། །ཞེས་སོ། །དེ་གཉིས་ཀྱིས་ལས་ཀྱི་ཆོ་ག་བྱེད་པ་པོར་བསྐོ་བ་དང་། དགེ་སློང་མའི་ཆོས་སྟོན་པ་བྱེད་པ་པོར་བསྐོ་བ་དང་། དགེ་འདུན་གྱི་ཡིད་བརྟན་པ་སྟེ་གནས་ཁང་བསྐོ་བའི་ཞལ་ཏ་པ་ལ་སོགས་པར་བསྐོ་བ་ཡང་ཁས་མི་བླང་ངོ་། །ལས་བྱེད་པ་དང་དགེ་འདུན་གྱི་ཡིད་བརྟན་པར་སྔར་བསྐོས་པས་ཀྱང་སྤོ་མགུ་སྤྱོད་པ་ན་དེ་དག་མི་བྱའོ། །བཞི་པ་ནི། དེ་གཉིས་ཀྱིས་དགེ་སློང་མ་རྣམས་ལ་ཆོས་སྟོན་པར་སྔར་བསྐོས་ན་ཡང་མི་བྱའོ། །སོ་སོར་ཐར་པའི་མདོ་འདོན་པའི་དགེ་སློང་གཞན་ཡོད་ན་དེ་གཉིས་ཀྱིས་གསོ་སྦྱོང་ལ་སོ་སོར་ཐར་པའི་མདོ་འདོན་པར་མི་བྱའོ། །གཞན་མེད་ན་ནི་གདོན་པར་བྱའོ་ཞེས་ཤུགས་ཀྱིས་བསྟན་ཏོ། །སྤོ་མགུ་སྤྱོད་པས་ཀྱང་གསོ་སྦྱོང་དང་དགག་དབྱེ་ནི་བྱ་དགོས་ཏེ། ལུང་མ་མོ་ལས། བསླབ་པ་བྱིན་པའི་དགེ་སློང་གིས་ལས་རྣམ་པ་གཉིས་བྱ་སྟེ། གསོ་སྦྱོང་དང་དགག་དབྱེ་བྱའོ། །བསླབ་པ་བྱིན་པས་གྲངས་སུ་ཁ་བསྐངས་ཏེ་གསོ་སྦྱོང་མ་བྱེད་ཅིག ། དགེ་འདུན་གྱི་ལས་གཞན་ལའང་དེ་བཞིན་ནོ། །ཞེས་གསུངས་ཏེ། སྤོ་མགུ་སྤྱོད་པ་ལ་ཡང་མཚུངས་སོ། །དེ་གཉིས་ཀྱི་དགེ་སློང་གཞན་ལ་ཚུལ་ཁྲིམས། ལྟ་བ། ཆོ་ག ། འཚོ་བ་ཉམས་པས་གླེང་བར་མི་བྱའོ། །ཐམས་ཅད་ལ་གླེང་བར་མི་བྱའམ་ཞེ་ན། ས་རང་བཞིན་དུ་གནས་པའི་དགེ་སློང་དགེ་འདུན་ལས་མ་བཀར་བ་ལའོ་སྟེ། བཀའ་བ་ལ་ནི་བཀག་པ་མེད་དོ། །དེ་གཉིས་ཀྱིས་དགེ་སློང་ས་རང་བཞིན་


K8Z004_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པ་ལ་བརྗོད་པ་དང་བཅས་པ་ཉིད་དང་། ཕུར་པ་དང་བཅས་པ་ཉིད་དག་ཏུ་མི་བྱའོ། །དེ་གཉིས་ཀྱིས་དགེ་སློང་ས་རང་བཞིན་དུ་གནས་པ་ལ་གདམས་ངག་དང་། གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བའི་ལས་དང་། བརྗོད་པའི་ལས་ལ་ཕྱིར་བཟློག་མི་བྱའོ། །ཞེས་སྟོན་པ་ནི་གསོལ་བའི་ལས་དང་བརྗོད་པའི་ལས་དག་བཞག་པར་མི་བྱའོ། །ལྔ་པ་ནི། དེ་གཉིས་ཀྱིས་དགེ་སློང་ས་རང་བཞིན་དུ་གནས་པ་དེ་དང་བརྟེན་པར་ཏེ། སྡོད་པའམ་འཇིང་བསྒྲིལ་བར་མི་བྱའོ། །དེ་གཉིས་ཀྱིས་སྤོ་མགུའི་ཆད་པ་དེའི་རྒྱུ་ལྷག་མའི་ལྟུང་བ་དང་། དེ་བཅབས་པ་བྱས་པ་དེ་ལྟ་བུ་གཞན་དག་ཀྱང་སྤང་ངོ་། །མི་སྤོང་ན་ཁ་ན་མ་ཐོ་བ་གཞན་དུ་འགྱུར་རོ་ཞེས་ཊཱི་ཀ་ལས་བཤད་དོ། །བསླབ་པ་བྱིན་པས་ནི་ཆད་པ་དེའི་རྒྱུ་ཕམ་པའི་ལྟུང་བ་བྱས་པ་དེ་ལྟ་བུ་གཞན་དག་ཀྱང་སྤང་ངོ་། །ནན་ཏུར་བྱས་པ་དག་གི་ནི་ཆད་པ་དེའི་རྒྱུ་འཐབ་ཀྲོལ་བྱེད་པ་ལ་སོགས་པ་བྱས་པ་དེ་ལྟ་བུ་གཞན་དག་ཀྱང་སྤང་ངོ་ཞེས་པའོ། །ཆད་པའི་རྒྱུ་སྤང་ངོ་ཞེས་པ་འདི་དང་། དེ་ལ་དེའི་སྡེ་པ་ལྷག་པར་སྤྱད་པ་སྤང་ངོ་ཞེས་པའི་ཁྱད་པར་ཅི་ཞེ་ན། སྡེ་པ་ལྷག་པར་སྤྱད་པ་ནི་ལྷག་མའི་སྡེ་ཚན་འབའ་ཞིག་ཡིན་པས་ཁྱབ་ཆུང་ལ། ལྷག་མ་ཁོ་ནའི་དབང་དུ་བྱས་ན་ཆད་པ་དེའི་རྒྱུ་ནི་ལྷག་མའི་སྡེ་ཚན་འབའ་ཞིག་ཡིན་པར་མ་ཟད་ཀྱི། ནན་ཏུར་གྱི་རྒྱུ་དང་ཕམ་པ་ཡང་ཡིན་པས་ཁྱབ་ཆེའོ། །དེ་ཡང་མགུ་བ་སྤྱོད་པའི་སྐབས་སུ་ནི་ཆད་པ་དེའི་རྒྱུ་དགེ་འདུན་ལྷག་མ་ཡིན་ལ། ནན་ཏུར་བྱས་པའི་སྐབས་སུ་ནི་ཆད་པ་དེའི་རྒྱུ་ནན་ཏུར་གྱི་རྒྱུ་ཡིན་ཅིང་། བསླབ་པ་བྱིན་པའི་སྐབས་སུ་ནི་ཆད་པ་དེའི་རྒྱུ་ཕམ་པའི་ལྟུང་བ་ཡིན་ནོ། །ཆད་པ་དེའི་རྒྱུ་ནི་འབྱིན་པའི་ལྷག་མ་ལྟ་བུ། ལྷག་མ་སྔ་མ་དང་རིགས་མཐུན་པ་སྟེ་ཁྱབ་ཆུང་ལ། སྡེ་པ་


K8Z004_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་སྤྱད་པ་ནི་ལྷག་མའི་སྡེ་ཚན་ཙམ་སྟེ་ཁྱབ་ཆེས་སོ། །ཆད་པའི་རྒྱུར་གྱུར་པའི་ཉེས་པ་ལས་ཉེས་པ་གཞན་ཡང་སྤང་ངོ་། །དེ་དང་འདྲ་བ་གཞན་ཡང་མི་བྱའོ་ཞེས་ལུང་ལས་སོ། །དེ་གཉིས་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉེས་པ་དང་མཐུན་པ་ཉིད་མ་གུས་པ་དང་། བརྙས་ཐབས་ལ་སོགས་མི་བྱའོ། །དེ་གཉིས་ཀྱིས་འདི་སྙམ་དུ་ཚངས་པ་མཚུངས་པར་སྦྱོད་པ་རྣམས་ལ་གུས་པར་བྱ་བ་ལ་སོགས་སྔར་བསྟན་པ་དེ་དག་མ་བྱས་ན་ནི་བདག་གིས་ས་གཞན་ན་གནས་པའི་བརྟུལ་ཞུགས་སྙིང་པོ་མེད་པར་སྲོག་ཏུ་འགྱུར་རོ་སྙམ་དུ་ཡིད་ལ་བྱའོ། །གཉིས་པ་ལ། ནངས་པར་དུས་སུ་ཇི་ལྟར་བསྒྲུབ། །མཆོད་སྟོན་དུས་སུ་ཇི་ལྟར་བསྒྲུབ། །འདུ་བའི་དུས་སུ་ཇི་ལྟར་བསྒྲུབ། །དགོང་ཀའི་དུས་སུ་ཇི་ལྟར་བསྒྲུབ། །དུས་ཐམས་ཅད་ཀྱིས་ཇི་ལྟར་བསྒྲུབ། །དང་པོ་ནི། དེ་གཉིས་ཀྱིས་ནངས་པར་སྔར་ལངས་ཏེ་སྒོ་དབྱེ་བ་དང་མར་མེའི་སྐོན་བུ་བསལ་བར་བྱའོ། །དེ་གཉིས་ཀྱིས་གཙུག་ལག་ཁང་དུ་ཆག་ཆག་དང་། ཕྱགས་དར་དང་། ལྕི་བ་འཇམ་པོའི་བྱུག་པ་བསྐུ་བ་དག་ཀྱང་བྱའོ། །དེ་གཉིས་ཀྱིས་དགེ་འདུན་གྱི་བཤང་བ་དང་གཅི་བའི་སྐྱབས་དག་སྦྱང་ངོ་། །དེ་གཉིས་ཀྱིས་གཤང་གཅིའི་སྐྱབས་ས་ཕྱགས་པ་དང་། དུས་དང་མཐུན་པའི་ཆུ་དག་བཞག་པར་བྱའོ། །ཝའི་ཁ་དག་བསལ་བར་བྱའོ། །སྟན་བཤམ་མོ། །དུས་ཤེས་པར་བྱས་ཏེ་བདུག་སྤོས་དང་། དེའི་སྤོག་ཕོར་དག་ཉེ་བར་བཞག་གོ། །གལ་ཏེ་ནུས་པ་ཉིད་ཡིན་ན་དེ་གཉིས་ཀྱིས་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་གོ། །གལ་ཏེ་སྨྲ་མི་ནུས་ན་སྨྲ་བ་པོ་གཞན་ལ་བཅོལ་ལོ། །གཉིས་པ་ནི། འབྲས་ཆེན་ལ་སོགས་པ་ཟས་ཀྱི་སྤྱི་སྤུང་བཤམས་པ་ན་དེ་གཉིས་ཀྱིས་གཎྜི་བརྡུང་ངོ་། །དེ་གཉིས་ཀྱིས་གལ་ཏེ་དགེ་སློང་རྣམས་ཚ་


K8Z004_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསིལ་ཡབ་བྱའོ། །སྤོ་མགུ་སྦྱོད་པ་དེ་དག་གིས་གྲལ་དུ་འདུག་པ་དང་། འགྲོ་བ་ལ་སོགས་པ་ནི་བསྙེན་པར་རྫོགས་པ། མཚན་མཐུན་པ། ས་རང་བཞིན་དུ་གནས་པ་ཐམས་ཅད་ཀྱི་གྲལ་གྱི་མཐའ་བསྙེན་པར་མ་རྫོགས་པ་རྣམས་ཀྱི་གོང་ཉིད་དུ་འགྲོ་འདུག་ལ་སོགས་པ་བྱའོ། །དགེ་སློང་སྤོ་མགུ་སྤྱོད་པ་དེ་བསྙེན་རྫོགས་ས་རང་བཞིན་དུ་གནས་པའི་གྲལ་གོང་དུ་འདུག་ཏུ་རུང་བའང་ཡོད་དེ། དགེ་སློང་མ་རྣམས་ཀྱི་གྲལ་གོང་དུ་འདུག་པའོ། །དེའི་སྒྲུབ་བྱེད་ནི། ལུང་སིལ་བུ་ལས། དགེ་སློང་མ་དག་འབའ་ཞིག་ཚོགས་ན་ཡང་རྟག་ཏུ་གྲལ་གྱི་དང་པོར་སྟན་ཅིག་ལྷག་པོར་ཞོག་ལ་འཁོད་ཅིག ། དེ་སྟེ་དགེ་ཚུལ་ཕ་ཞིག་འོང་ན་ཡང་དེ་དེར་འདུག་ལ་ཟོ་ཞིག ། ཅེས་གསུངས་པས། དགེ་སློང་མ་རྣམས་ལས་ནི་དགེ་ཚུལ་གྲལ་མཐོ་བ་ཡིན་ལ། དགེ་ཚུལ་བས་ཀྱང་དགེ་སློང་སྤོ་མགུ་སྤྱོད་པ་གྲལ་མཐོ་བའི་ཕྱིར་རོ། །དགེ་སློང་མགུ་བ་སྤྱོད་པ་ནི་དགེ་སློང་སྤོ་བ་སྤྱོད་པའི་གྲལ་གོང་དུ་འདུག་རུང་ལ། དགེ་སློང་སྤོ་བ་སྤྱོད་པ་ཡང་སྤོ་སྤྱོད་བསླབ་པ་གཞོན་པའི་དགེ་སློང་གི་གྲལ་གོང་དུའོ། །སྤོ་མགུ་སྤྱོད་པ་གཉིས་ཀ་ཡང་བསླབ་པ་བྱིན་པའི་གྲལ་གོང་དུ་འདུག་ཏུ་རུང་ངོ་། །དེ་གཉིས་ཀྱིས་དགེ་སློང་རྣམས་ཟས་ཀྱི་བྱ་བ་བྱས་ནས་གདན་ཆ་དབེན་བར་བརྟུལ་ལོ། །ལྷུང་བཟེད་ཀྱི་གཞི་རྩྭ་ལ་སོགས་པ་དོར་རོ། །མཆོད་པའི་དུས་ཤེས་པར་བྱས་ཏེ། མཆོད་རྟེན་དག་གི་ཕྱགས་དར་བྱའོ། །མཆོད་རྟེན་ལ་ལྕི་བ་འཇམ་པོའི་བྱུག་པས་བསྐུའོ། །གསུམ་པ་ནི། དགོང་ཀའི་འདུ་སར་ཞེས་ལུང་ལས་གསུངས་པ་ནི་མཚོན་པ་སྟེ། དགོང་ཀར་འདུ་ཡང་རུང་། ནངས་པར་དང་། སྔ་དྲོར་འདུ་ཡང་རུང་སྟེ། དགེ་འདུན་འདུ་བའི་དུས་སུ་སྟན་བཤམ་པ་དང་ལ་སོགས་པའི་


K8Z004_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲས་ནི་དུས་ཤེས་པར་བྱས་ཏེ། བདུག་སྤོས་དང་། དེའི་སྤོག་ཕོར་ཉེ་བར་བཞག་གོ་ཞེས་བསྡུས་པ་ནས། སྟོན་པའི་ཡོན་ཏན་གྱི་སྐབས་གལ་ཏེ་ནུས་པ་ཉིད་ཡིན་ན་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་གོ། །གལ་ཏེ་མི་ནུས་ན་སྨྲ་བ་པོ་ལ་བཅོལ་ལོ། །ཞེས་པ་ཡན་ཆད་ཀྱི་བར་བཞི་པོ་དེ་དག་བྱ་སྟེ། སྔར་བསྟན་པ་དེ་དག་ནི་དགེ་འདུན་འདུས་པའི་དུས་སུ་ཡང་བྱའོ། །གལ་ཏེ་ནུས་པ་ཉིད་ཡིན་ན་ནི་མ་བརྗོད་པ་ཡང་ངོ་། །གལ་ཏེ་མི་ནུས་ན་དགེ་སློང་གཞན་ལ་བཅོལ་ལོ། །བཞི་པ་ནི། དགོང་ཀར་དུས་དང་བསྟུན་པའི་ཆུས་དགེ་སློང་རྣམས་ཀྱི་རྐང་པ་བཀྲུའོ། །རྐང་པ་དག་ལ་བསྐུའོ། །དགེ་སློང་རྣམས་བསྐུ་བ་མི་འདོད་ན་སྣུམ་དབུལ་ལོ། །ལྔ་པ་ནི། སྤོ་མགུ་སྤྱོད་པ་དེའི་གནས་ཁང་ལ་སོགས་པ་ནི་གཙུག་ལག་ཁང་ནི་བསྙེན་པར་རྫོགས་པ། ས་རང་བཞིན་དུ་གནས་པ་ཐམས་ཅད་ཀྱི་ཐ་མར་འོས་པ་ཉིད་ཡིན་ནོ། །སྤོ་བ་སྤྱོད་པ་ལ་སོགས་པ་ནི་ནང་གི་ཆེ་རིམ་གྱིས་བསྐོ་སྟེ། མགུ་སྤྱོད་པས་སྤོ་སྤྱོད་ཐ་མ་ཡིན་ནོ། །སྤོ་སྤྱོད་པས་བསླབ་པ་བྱིན་པ་ཐ་མ་ཡིན་ནོ། །གནས་ནས་ཕྱུང་བ་ལ་གཏོགས་པ། ས་གཞན་ན་གནས་པ་དེ་དག་ཐམས་ཅད་དུ་དགེ་འདུན་ལ་རྙེད་པ་དབང་བ་ཉིད་ཡིན་ནོ། །ས་གཞན་ན་གནས་པ་རྣམས་ཀྱིས་དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ། །གཉིས་པ་ནི། དེ་ཡན་ཆད་དུ་སྤོ་མགུ་སྤྱོད་པ་ལ་ཇི་སྐད་བསྟན་པའི་ས་གཞན་ན་གནས་པའི་སྤྱོད་པ་འདི་ལ་ལྟུང་བ་དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང་། བསླབ་པ་བྱིན་པ་དག་ཀྱང་སྤོ་མགུ་སྤྱོད་པ་དེ་དང་འདྲའོ། །དེའི་དམིགས་བསལ་ནི། གདོན་པར་མི་བྱའོ། །སྤོ་མགུ་སྤྱོད་པས་ནི་གདོན་པ་གཞན་མེད་ན་གསོ་སྦྱོང་ལ་སོ་སོར་ཐར་པ་གདོན་དུ་རུང་ཡང་།


K8Z004_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ངོ་བོ་ཉིད་ཚོལ་བ་དང་། བསླབ་བ་བྱིན་པས་ནི་གདོན་པ་གཞན་མེད་ན་ཡང་གསོ་སྦྱོང་ལ་སོ་སོར་ཐར་པའི་མདོ་གདོན་པར་མི་བྱའོ། །སྔ་མ་ངོ་བོ་ཉིད་འཚོལ་བ་བྱིན་པ་ནི་རང་གིས་དགེ་འདུན་ལ་བཟོད་པ་གསོལ་ཞིང་། དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་བཟོད་པ་བྱས་པས་རང་བཞིན་དུ་གནས་པ་འཐོབ་བོ། །འོག་མ་བསླབ་པ་བྱིན་པ་ནི་དགྲ་བཅོམ་པ་ཐོབ་པ་ཉིད་ཀྱིས་སོ། །གཉིས་པ་ནི། དགེ་སློང་རང་བཞིན་དུ་གནས་པ་ལ་མངོན་པར་སྨྲ་བ་དང་། ཕྱག་དང་མངོན་དུ་ལྡང་བ་དང་། ཞེས་སྔར་སྨོས་པ་མན་ཆད་ནས་ནངས་པར་སྔར་ལངས་ཏེ་སྒོ་དབྱེ་བ་ཞེས་སྔར་བསྟན་པ་ཡན་ཆད་ཀྱི་བར་གྱི་མདོ་ཐམས་ཅད་དང་། དེའི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ། །ཞེས་པ་དང་ལ་སོགས་པའི་སོགས་སྒྲས་ནི་ཐམས་ཅད་དུ་རྙེད་པ་དབང་བ་ཉིད་ཡིན་ནོ། །དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ། །ཞེས་བསྡུས་ཏེ་དེ་དག་རྣམས་སྤོ་བ་སྤྱད་ཟིན་པ་དང་ལྡན་པ་ལ་མགུ་བ་མ་བླངས་པ་དང་། མགུ་བ་སྤྱད་ཟིན་པ་དང་ལྡན་ལ་དབྱུང་བ་མ་བྱས་པ་གཉིས་ཀྱང་སྤོ་མགུ་སྤྱོད་པ་དེ་དང་འདྲའོ། །སྒོ་དབྱེ་བ་ཡན་ཆད་དང་། གཙུག་ལག་ཁང་ལ་སོགས་པ་ལ་བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། ཕྱིར་འགྱེད་པ་དང་། གནས་ནས་ཕྱུང་བ་དག་ཀྱང་སྤོ་མགུ་སྤྱོད་པ་དང་འདྲ་སྟེ། སྤོ་མགུ་སྤྱོད་པ་དེ་བཞིན་ནོ། །འདི་ལ་དམིགས་བསལ་གསུམ་སྟེ། མདོ་འོག་མ་གསུམ་མོ། །དེ་རྣམས་ཀྱིས་ནི་གདོན་པ་གཞན་མེད་ན་ཡང་གསོ་སྦྱོང་ལ་སོ་སོར་ཐར་པའི་མདོ་གདོན་པར་མི་བྱ་བ་ཉིད་དོ། །གནས་ནས་ཕྱུང་བ་དེ་ཉིད་ལས་གཞན་པའི་རབ་ཏུ་བྱུང་བ་འདི་པ་དག་གིས་གནས་ནས་ཕྱུང་བ་དེ་དང་། ལྷན་ཅིག་ཏུ་བྱ་བ་དང་ཆོས་དང་ཟང་ཟིང་གིས་ལོངས་


K8Z004_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་སྤང་བར་བྱ་བ་ཁོ་ནའོ། །གནས་ནས་ཕྱུང་བ་དེའི་དུས་ཉིད་ཀྱི་ཚེ་ན་རྒྱུ་ལས་བྱུང་བའི་དགེ་འདུན་གྱི་རྙེད་པའི་སྐལ་བའི་ཆ་ཡང་གནས་ནས་ཕྱུང་བ་དེ་མི་དབང་བ་ཉིད་ཡིན་ནོ། །རྙེད་པ་མི་དབང་བ་དེ་གཏན་བུའམ་ཞེ་ན། བྱེ་བ་བཞིན་ནོ་སྟེ། དཔེར་ན་དགེ་འདུན་གཉིས་སུ་བྱེ་བ་ན་ཆོས་ཕྱོགས་པའི་རྙེད་པ་ནི་ཆོས་མིན་ཕྱོགས་པས་མི་དབང་ལ། དེས་ཆོས་ཕྱོགས་ཕྱིས་ཁས་བླངས་ན་རྙེད་པ་དེ་དབང་སྟེ། རྙེད་པ་དེ་དབང་བ་དང་མི་དབང་བའི་གནས་སྐབས་གཉིས་སུ་ཡོད་པའོ། །དེ་བཞིན་དུ་ཇི་སྲིད་གནས་ནས་ཕྱུང་བ་ཡིན་པ་དེ་སྲིད་དུ་ས་རང་བཞིན་དུ་གནས་པའི་རྙེད་པ་མི་དབང་ལ། དེས་ནམ་བཟོད་པ་གསོལ་ཏེ་གནས་སུ་ཆུད་པ་ན་རྙེད་པ་དབང་བ་ཡིན་ནོ། །གནས་ནས་མ་ཕྱུང་བའི་མདུན་རོལ་ཏུ་དབྱར་གནས་ལ་སོགས་པའི་རྙེད་པ་ནི་དེ་ཡང་དབང་སྟེ། དེའི་ཚེ་ན་དེ་རང་བཞིན་དུ་གནས་པའི་ཕྱིར་རོ། །ཆོས་ཕྱོགས་དང་ཆོས་མིན་ཕྱོགས་གཉིས་སུ་དགེ་འདུན་བྱེ་བ་དག་ནི་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པའི་དགེ་སློང་ཡང་གནས་ནས་ཕྱུང་བ་དེ་དང་འདྲའོ་སྟེ། དཔེར་ན་དགེ་སློང་གནས་ནས་ཕྱུང་བ་དེས་ནངས་པར་སྔར་ལངས་ཏེ་སྒོ་དབྱེ་བ་ཡན་ཆད་དང་། དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ། །གདོན་པ་ནི་མི་བྱ་བ་ཉིད་དོ། །གཞན་དག་གིས་ནི་གནས་ནས་ཕྱུང་བ་སྤང་བར་བྱ་བ་ཁོ་ནའོ། །དེའི་དུས་ཉིད་ཀྱི་རྒྱུ་ལས་བྱུང་བའི་རྙེད་པ་ཡང་མི་དབང་བ་ཉིད་ཡིན་ནོ་ཞེས་སྔར་བསྟན་པ་དང་འདྲ་སྟེ། ཆོས་མིན་ཕྱོགས་པའི་དགེ་སློང་དག་གིས་ཆོས་འདི་བའི་རབ་ཏུ་བྱུང་བ་རྣམས་ལས་མངོན་པར་སྨྲ་བ་དང་། ཕྱག་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། གུས་པའི་ལས་བདག་གིར་མི་བྱའོ་ཞེས་བྱ་བ་ལ་སོགས་པས་ནངས་པར་


K8Z004_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ལངས་ཏེ་སྒོ་དབྱེ་ཞེས་སྨོས་པའི་གོང་ཡན་ཆད་དང་། དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ། །ཆོས་མིན་ཕྱོགས་པའི་དགེ་སློང་དེས་ཆོས་འདི་པའི་གསོ་སྦྱོང་ལ་སོ་སོར་ཐར་པའི་མདོ་གདོན་པ་ནི་མི་བྱ་བ་ཉིད་དོ། །གཞན་དག་གིས་ཆོས་མིན་ཕྱོགས་པ་སྤང་བར་བྱ་བ་ཁོ་ནའོ། །ཆོས་མིན་ཕྱོགས་སུ་སོང་བ་དེའི་དུས་ཉིད་ཀྱི་རྒྱུ་ལས་བྱུང་བའི་རྙེད་པ་ཆོས་ཕྱོགས་པའི་དགེ་འདུན་ལ་ཕུལ་ཡང་ཆོས་མིན་ཕྱོགས་ལ་དེ་མི་དབང་བ་ཉིད་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །གསུམ་པ་ནི། ས་རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་ནི་ཡོངས་སུ་གནས་པ་སྤོ་བ་སྤྱད་པ་དང་། མགུ་བར་བྱ་བ་དང་། བསླབ་པ་སྤྱོད་པ་དག་མི་འཆགས་སོ། །དགེ་འདུན་མ་ཡིན་པ་ལ་ཡང་མི་འཆགས་སོ། །གནས་དེ་ན་འཁོད་པའི་དགེ་སློང་དག་ལས་དགེ་སློང་གཅིག་གམ། གཉིས་སམ། གསུམ་མམ། དགེ་འདུན་དུ་གྱུར་པས་ཀྱང་རུང་སྟེ་ཡོངས་སུ་བཅད་ཅིང་ལོགས་སུ་བཀར་བ་དག་ལ་ཡང་མི་འཆགས་སོ། །མང་པོ་ཡོད་པའི་གནས་འདིར་སྤྱད་པ་དཀའོ་སྙམ་པས་གནས་དེ་ན་དགེ་སློང་མང་པོ་ཡོད་པ་ཉིད་ཡོངས་སུ་སྤང་བར་མི་བྱའོ། །བཞི་པ་ནི། གནས་གང་དུ་ཞེ་ན། གནས་བརྟན་དང་། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ཡོད་པའི་གནས་ཉིད་དུ་སྤོ་མགུ་སྤྱད་པ་དང་། བསླབ་པ་སྤྱད་པར་འབད་པར་བྱའོ། །གནས་གང་ན་གང་ཟག་གཞན་གསུམ་ལ་སོགས་ཀྱིས་བཞི་ཡན་ཆད་བསྡུས་པ་སྤོ་བ་ལ་སོགས་པ་དེ་དག་གི་མིང་མཐུན་པ་སྟེ། མིང་རྣམ་པ་ཐམས་ཅད་མཐུན་པ་སྤྱོད་པ་དག་ཡོད་པའི་གནས་དེར་སྤོ་བ་ལ་སོགས་པ་དེ་སྤྱད་པར་མི་བྱའོ། །གང་ཟག་གཞན་སྤོ་བ་སྤྱད་པ་གསུམ་ལ་སོགས་པ་ཡོད་པའི་གནས་དེར་སྦོ་བ་སྤྱད་པར་མི་བྱའོ། གཞི་


K8Z004_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤོ་བ་སྤྱོད་པ་གསུམ་ལ་སོགས་པ་ཡོད་པའི་གནས་དེར་གཞི་ནས་སྤོ་བ་སྤྱད་པར་མི་བྱའོ། །ཡང་གཞི་ནས་བླངས་ཏེ་སྤོ་བ་དང་མགུ་བ་དང་བསླབ་པ་སྤྱོད་པ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། གཞན་གསུམ་ཡོད་ན་བདག་ཉིད་དང་བཞི་སྟེ་ཚོགས་སུ་ལོངས་པ་བཀག་གོ། །སྤོ་སྤྱོད་མགུ་སྤྱོད་བསླབ་སྤྱོད་གསུམ་གྱི་དང་པོ། སྤོ་སྤྱོད་མགུ་སྤྱོད་གཉིས་ཀྱི་གོང་དུ་སྤོ་མགུ་བླང་བའི་གནས་དེ་ན་ས་མཚམས་གཞན་དུ་སྐྱ་རེངས་འཆར་བར་མི་བྱའོ། །ལྔ་པ་ནི། དགེ་སློང་གནས་དེར་ཇི་སྙེད་འདུས་པའི་དགེ་འདུན་ལ་སྤོ་མགུ་སྤྱོད་པ་དེས་ཞག་འདས་པ་དང་། འབྱུང་བར་འགྱུར་བ་བརྗོད་པར་བྱ་བ་ཉིད་དོ། །འདུས་པ་ནི་ཚོགས་པ་སྟེ་མ་ཚོགས་པ་ལ་བརྗོད་ཀྱང་འཆགས་ཤིང་། དགེ་འདུན་སྨོས་པ་ནི་གང་ཟག་ལ་མིན་ཏེ། བཞི་ཡན་ཆད་ཚོགས་པ་ལ་བརྗོད་དགོས་སོ། །གལ་ཏེ་སྤོ་ན་ཡུན་རིང་དུ་སྤྱད་པར་བྱ་བ་ཉིད་མ་ཡིན་ན་ཉིན་རེ་ཞིང་ལན་རེ་བརྗོད་དོ། །ཊཱི་ཀར། ཟླ་བ་ཕྱེད་ལས་ལྷག་པ་ནི་ཡུན་རིང་བ་སྟེ། གསོ་སྦྱོང་གི་དུས་གཞན་གྱིས་ཆོད་པའི་ཕྱིར་རོ། །ཡུན་རིང་དུ་སྤྱད་པར་བྱ་བ་འདི་ལ་ནི་ཉི་མ་གསུམ་མམ་བཞི་ཞིང་ངོ་། །དྲུག་པ་ནི། སྤོ་མགུ་སྤྱོད་པ་དེ་གཉིས་ལ་ལྷག་མ་དང་བཅས་པའི་དོན་དེས་བརྙས་ཐབས་མི་བྱ་སྟེ། ལྟུང་བ་ཕྱིར་བཅོས་པ་ནི་དམ་པ་ཡིན་པའི་ཕྱིར་རོ། །བདུན་པ་ནི། གང་ཟག་ཐམས་ཅད་ལ་འཐབ་ཀྲོལ་བྱེད་པ་འོང་བར་ཐོས་ཤིང་། གལ་ཏེ་དེས་གཞི་དེས་གླེང་དྲན་བྱེད་པས་འཇིགས་ན་སྤོ་བའམ། མགུ་བ་སྤྱོད་པ་དེས་དགེ་འདུན་ཚོགས་པ་ལ་སྔགས་ལན་གསུམ་བརྗོད་པའམ། ཡང་ན་གང་ཟག་ལ་སྔགས་ལན་གསུམ་བརྗོད་པས་སྤོ་བའམ་མགུ་བ་དེ་ཕྱིར་བཏང་བར་བྱ་བ་ཉིད་ཡིན་ནོ་སྟེ། ས་རང་


K8Z004_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གནས་པར་བྱའོ། །འཐབ་ཀྲོལ་ཅན་དེ་སོང་ཞིང་འཇིགས་པ་དང་བྲལ་ན་གཙུག་ལག་ཁང་དེ་ཉིད་དུ་དགེ་འདུན་ཚོགས་པའམ། གང་ཟག་གི་མདུན་དུ་སྔགས་ལན་གསུམ་བརྗོད་པས་སྤོ་མགུ་སྤྱོད་པར་འཕྲོད་ཕྱིར་བླང་བར་བྱའོ། །ས་གཞན་ན་གནས་པ་སྤྱོད་པའི་གཞིའོ། །གཉིས་པ་ནི། གཡོག་མ་གཅིག་ཏུ་མལ་བཤམ་པར་མི་བྱའོ་ཞེས་སྔར་སྨོས་ན། དེར་ཉལ་ན་ཅིར་འགྱུར་ཞེ་ན། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་བ་དེ་ས་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་གཡོགས་མ་གཅིག་པར་ཉལ་ན། ཉལ་བའི་ཉིན་མཚན་དེ་སྤོ་མགུ་སྤྱོད་པའི་ཞག་ཏུ་མི་བགྲང་ཞིང་། ཡུད་དུ་བོར་ཏེ་བཅད་དོ། །ཊཱི་ཀ་ལས། འོག་ནས་ཉིན་མཚན་གྱི་མཐར་ནི་ཉེས་བྱས་རྫོགས་པར་འགྱུར་ལ། མདུན་རོལ་དུ་ནི་སྦྱོར་བའི་ཉེས་བྱས་སུ་འགྱུར་རོ། །ཞེས་སོ། །དང་པོ་གཉིས་ཀྱིས་གཞན་དུ་སྐྱ་རེངས་འཆར་བར་མི་བྱའོ་ཞེས་སྔར་སྨོས་ན། དེ་ལས་འདས་ན་ཅིར་འགྱུར་ཞེ་ན། གོང་དུ་སྤོ་མགུ་བླངས་པའི་གནས་དེའི་མཚམས་ཀྱི་ཕྱི་རོལ་ཏུ་ཡང་ཞག་ལོན་པར་ཉལ་ན་ཉིན་མཚན་དེ་བཅད་དོ། །འདས་པ་དང་འབྱུང་བར་འགྱུར་བ་བརྗོད་པར་བྱ་བ་ཉིད་དོ། །ཞེས་སྔར་སྨོས་ན་མ་བརྗོད་ན་ཅིར་འགྱུར་ཞེ་ན། སྤོ་མགུ་སྤྱོད་པའི་ཞག་འདས་པ་དང་། འབྱུང་བར་འགྱུར་བ་བརྗོད་པའི་དུས་ཏེ། མ་བརྗོད་ན་ཡང་ཉིན་མཚན་དེ་བཅད་དོ། །དེ་ཡང་ཉིན་རེ་ཞིང་བརྗོད་ནའམ། ཞག་གསུམ་བཞི་ཞིང་མ་བརྗོད་ན་སྟེ་སྐབས་ཐོབ་ཀྱིས་ཤེས་སོ། །ཞག་འདས་པ་དང་འབྱུང་འགྱུར་གང་ལ་བརྗོད་ཅིང་ཐོས་པར་བྱ་བའི་དགེ་སློང་དག་མཚམས་དེ་ན་ཉེ་བར་མི་འཁོད་ན་མ་བརྗོད་པའི་ལྟུང་བ་དེ་མི་འབྱུང་ངོ་། །མཚམས་ཀྱི་ཕྱི་རོལ་དུ་ཡང་སྨོས་ན། མཚམས་ཀྱི་ཕྱིར་རོལ་ཏུ་ཡང་འགྲོར་མི་རུང་ངམ་ཞེ་ན། སྤོ་མགུ་སྤྱོད་པ་དེ་


K8Z004_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་དེ་ཉིད་ལ་ཕྱིར་འོང་ན་མཚམས་གཞན་དུ་འགྲོ་བ་ལ་ཉེས་པ་མེད་དོ། །སྤོ་བ་བྱེད་པས་སྤོ་བ་བྱེད་པ་དང་ལྷན་ཅིག་གཡོགས་མ་གཅིག་པར་ཉལ་བར་མི་བྱའོ། །མགུ་སྤྱོད་ནང་དུའང་དེ་བཞིན་ཡིན་ལ། ཉིན་མཚན་རྫོགས་ན་ནི་ཉེས་བྱས་དང་། དེའི་སྔ་རོལ་དུ་ཕྱི་སྦྱོར་བའིའོ། །སྤོ་མགུ་སྤྱོད་པ་དེ་དང་སྔོན་མུ་སྟེགས་ཅན་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱིས་གནས་པ་ལ་གནས་པ་དང་། གཡོགས་གཅིག་དེར་ལྷན་ཅིག་པ་ལ་ནི་ཉེས་པ་མེད་དོ། །ས་གཞན་ན་གནས་པའི་སྤྱོད་པའི་གཞི་ཞུ་བའི་སྐབས་སོ། །སྨྲས་པ། རྗེ་སར་བྱེད་པའི་གནས་གཅིག་རྗེ་བཙུན་བླ་མ་ནི། །ཀརྨ་པ་ཡི་སྲས་གཅིག་ཀརྨའི་ཕྲིན་ལས་པ། །སྙིགས་མའི་དུས་ཀྱི་སྐྱབས་གཅིག་སྙིགས་མ་ང་འདྲའི་མགོན། །གཟིགས་ཤིག་ཐུགས་རྗེའི་གནས་གཅིག་གཟིགས་མཛོད་སློབ་མ་ལ། །སྙིང་ནས་བརྩེ་བར་མཛོད་ཅིག་སྙིང་མེད་ང་འདྲ་ལ། །གསོལ་བ་འདེབས་པའི་ཡུལ་གཅིག་གསོལ་ན་ཁྱོད་ལས་གཞན། །མ་རྙེད་དེ་ཕྱིར་མགོན་གཅིག་མ་མ་བླ་མ་རྗེ། །ཉམ་ཆུང་སྡུག་བསྔལ་གནས་གཅིག་ཉམ་ངན་ང་འདྲར་དགོངས། །གཡོ་ཟོལ་མིན་པའི་བཙུན་པོའི་མཐར་སོང་ཞིང་། །འཁྲུལ་བ་མེད་པའི་མཁས་པ་ཆེན་པོ་སྟེ། །བྱིན་རླབས་ལྡན་པའི་བླ་མ་རྫོགས་ལྡན་སྤྲིན། །འདོད་དགུ་བསྐང་ནུས་དེ་འདྲ་བདག་གིས་ཐོབ། །ཕྱི་ནང་གཞན་གསུམ་ཚང་བའི་དུས་འཁོར་ལ། །བསྟན་པའི་རིམ་པ་མཐའ་དག་རྫོགས་པར་ཉན། །དྲང་ངེས་འབྱེད་པའི་བློ་གྲོས་ཅི་ཡང་ཐོབ། །ད་ནི་ཀུན་ནས་བཟང་པོར་བསྐྱེད་དེ་སོང་། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། སྤོ་བ་སྤྱོད་པ་ལ་སོགས་པ་ས་གཞན་ན་གནས་པའི་སྤྱོད་པའི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།


previousས་གཞན་དུ་གནས་པ་སྤྱོད་པའི་གཞི།next