Nitartha Digital Library
Tibetan
 
previousཡོངས་སུ་སྦྱོང་བའི་གཞི།next

ཡོངས་སུ་སྦྱོང་བའི་གཞི།


K8Z004_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཡོངས་སུ་སྦྱོང་བའི་གཞི་ལ། སྤྱིའི་དོན་དང་། དཀྱུས་ཀྱི་དོན་ནོ། །དང་པོ་ལ་དགོས་པའི་དོན་ནི། ལྟུང་བ་གླེང་དྲན་བྱས་པས་སྔར་ལྟུང་བ་བྱུང་བ་དེ་དྲན་ཅིང་ཕྱི་བཅོས་པར་བྱེད་ལ། དེ་ལྟུང་བ་དག་ཅིང་ཚུལ་ཁྲིམས་དག་པའི་ཕན་ཡོན་འཐོབ་བོ། །གཉིས་པ་བསྡུས་པའི་དོན་ལ་བདུན་ལས། དང་པོ་ཡུལ་གང་ལ་གླེང་ོབ་ནི། གླེང་བྱ་ཆོས་བརྒྱད་ལྡན་ལས། སྡེ་ལྔའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་སྟེ། ཁྱིམ་པ་ལ་ལྟུང་བ་གླེང་དྲན་མི་འཇུག་ཅིང་། སྡོམ་པ་གསོར་མི་རུང་དུ་ཉམས་པ་ལ་ལྟུང་བ་གླེངས་ཀྱང་ཕྱིར་འཆོས་པར་འགྱུར་པའི་དགོས་པ་མེད་པའི་ཕྱིར་རོ། །ཤེས་པ་རང་བཞིན་དུ་གནས་པ་སྟེ། གཞན་དུ་སྨྱོ་བ་དང་སེམས་འཁྲུགས་པ་ལྟ་བུ་ཡིན་ན། ལྟུང་བ་ཁས་ལེན་པ་དང་། ལྟུང་བ་ཕྱིར་འཆོས་པ་ལ་རང་དབང་མེད་པའི་ཕྱིར་རོ། །ལུས་ཐ་མལ་པར་གནས་པ་སྟེ། གཞན་དུ་སྤྲུལ་སྟག་ལྟ་བུར་སྟོན་ན་ལུས་ཀྱི་ཐ་སྙད་ལས་ཉམས་པའི་ཕྱིར་རོ། །གནས་ནས་མ་ཕྱུང་བ་སྟེ། གཞན་དུ་ན་ཆོས་དང་ཟང་ཟིང་མཐའ་དག་གིས་སྤངས་པའི་ཕྱིར་རོ། །ཐམས་ཅད་དུ་ཆོས་ལས་གཞན་པའི་ཕྱོགས་སུ་མ་སོང་བ་སྟེ། གཞན་དུ་ན་ལྟུང་བ་ཕྱིར་མི་འཆོས་ཞིང་རྩོད་པར་འགྱུར་བའི་ཕྱིར་རོ། །ནད་པ་མ་ཡིན་པ་སྟེ། །གཞན་དུ་ན་ལུས་སྲོག་གི་རྐྱེན་དང་ལྡན་པའི་ཕྱིར་རོ། །དགེ་འདུན་འབྱེད་པར་ནུས་པ་མ་ཡིན་པ་སྟེ། དགེ་འདུན་ཐ་དད་པ་ཉིད་དུ་ནུས་པ་ལ་ཞེས་དང་། གཞན་དུ་ན་དགེ་འདུན་བྱེ་བར་འགྱུར་བའི་ཕྱིར་རོ། །གླེང་བྱེད་དང་ཞེ་འགྲས་པ་མ་ཡིན་པ་སྟེ། གཞན་དུ་ན་དེའི་ཚིག་རིགས་པར་བཟུང་མི་འོས་པས་ལྟུང་བ་ཁས་ལེན་པ་དང་། ལྟུང་བ་ཕྱིར་འཆོས་པ་ལ་འཇུག་པའི་དགོས་པ་མེད་པའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་གླེང་བ་ནི། གླེང་བྱེད་ཆོས་དགུ་དང་ལྡན་པ་སྟེ། བསྙེན་རྫོགས་ཀྱི་སྡོམ་པ་དག་པ་དང་། ལྟ་བ་མཐུན་པ་


K8Z004_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཚན་མཐུན་པ་དང་། ཐ་སྙད་གསུམ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། ས་རང་བཞིན་དུ་གནས་པ་སྟེ་དེ་རྣམས་སྐབས་གཞན་དུ་བཤད་པ་བཞིན་དུ་ཅི་རིགས་པར་སྦྱར་རོ། །ནད་པའམ་དེས་བསྐོས་པའི་ཕོ་ཉ་མ་ཡིན་པ་སྟེ། གཞན་དུ་ན་ལུས་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱིར་རོ། །གླེང་བྱ་དང་ཞེ་འགྲས་པ་མ་ཡིན་པ་སྟེ། གཞན་དུ་ན་དེའི་ཚིག་རིགས་པས་གཟུང་བར་མི་འོས་པའི་ཕྱིར་རོ། །བྱམས་པའི་སེམས་དང་ལྡན་པ་སྟེ། གཞན་དུ་ན་དགོས་པ་མེད་ཅིང་རྩོད་པར་འགྱུར་བའི་ཕྱིར་རོ། །གསུམ་པ་གནས་གང་དུ་གླེང་བ་ནི་དབེན་པར་ཏེ། མཐའ་མ་ཡིན་པར་མི་བྱའོ་ཞེས་གསུངས་པ་དང་། ལུང་གཞི་ལས། ལྐོག་ཏུ་གླེང་བར་བྱ་སྟེ་དགེ་འདུན་གྱི་དབུས་སུ་ནི་མ་ཡིན་ནོ་ཞེས་གསུངས་སོ། །ལུང་གླེང་གཞི་ལས། ཁྱོད་ཀྱིས་དགེ་འདུན་གྱི་དབུས་སུ་བདག་གི་མགོར་གཏུན་ཤིང་གིས་རྡེག་པ། ཨེ་མ་ཧོ་ཀྱི་ཧུད་ཁྱོད་ཀྱིས་བདག་ལ་ལྐོག་ཏུ་གླེངས་སོ་ཅོག་ཟེར་བའི་བྱུང་བ་དང་། ཊཱི་ཀ་ལས་ཀྱང་། དབང་པོ་དག་གི་མདུན་དུ་ལྕགས་ཀྱི་གསལ་ཤིང་གནད་དུ་ཕོག་པར་བྱེད་པ་དེ་ནི་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར། ཞེས་བཤད་དོ། །འོ་ན་ལུང་ཞུ་བ་ལས། བཙུན་པ་ཆོས་བཞིན་དུ་གང་དུ་གླེང་བར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ་ཆོས་བཞིན་དུ་གང་དུ་དྲན་པར་བགྱི། དགེ་འདུན་གྱི་ནང་དུའོ། །ཞེས་པ་དང་། འདི་ཉིད་ལས་ཀྱང་། འདི་ལ་གྲངས་ཀྱི་བྱེ་བྲག་ལ་ནི་ངེས་པ་མེད་དོ། །ཞེས་གཅིག་ལ་དགེ་འདུན་གྱིས་གླེང་དུ་རུང་བར་གསུངས་པ་དེ་ཇི་ལྟར་དྲང་ཞེ་ན། སྤྱིར་བཏང་ལ་དགེ་འདུན་གྱི་དབུས་སུ་གླེང་བར་མི་བྱ་བ་ཉིད་ཡིན་ལ། དམིགས་བསལ་ནི། དགེ་འདུན་གྱི་དབུས་སུ་ཉེས་པ་བྱེད་པ་ལ་ནི་དགེ་འདུན་གྱི་ནང་


K8Z004_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་གླེང་བར་བྱ་བ་ཉིད་དོ། །འདུལ་བ་བསྡུས་པ་ལས། དགེ་འདུན་གྱི་དབུས་སུ་ཉེས་པ་བྱེད་པ་ལ་དགེ་འདུན་གྱི་དབུས་སུ་གླེང་བ་ལ་ནི་ཉེས་པ་མེད་དོ། །ཞེས་བཤད་དོ། །བཞི་པ་དུས་གང་གི་ཚེ་གླེང་བ་ནི། དབྱར་གྱི་ཚུལ་ནང་མ་ཡིན་པ་དང་བྱ་བ་གཞན་གྱིས་སེམས་གཡེངས་པའི་དུས་མ་ཡིན་པ་སྟེ། ལུང་གཞི་ལས། དགེ་སློང་སུས་ཀྱང་དབྱར་གྱི་ནང་ལོགས་སུ་དགེ་སློང་ལ་གླེང་བར་མི་བྱ། དྲན་པར་མི་བྱའོ། །ཞེས་གསུངས་པ་དང་། གཞན་དུ་ན་དབྱར་འདྲལ་བའི་རྒྱུར་འགྱུར་པའི་ཕྱིར་རོ། །བྱ་བ་གཞན་གྱིས་སེམས་གཡེང་ན་སེམས་གཏོད་པར་མི་ནུས་པས་ལྟུང་བ་ཁས་ལེན་པ་ལ་འཇུག་པའི་དགོས་པ་མེད་པའི་ཕྱིར་རོ། །ལྔ་པ་གཞི་གང་ལ་གླེང་བ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤངས་པའི་ཚུལ་ཁྲིམས་དང་། ལྟ་བ་ཕྱིན་ཅི་ལོག་སྤངས་པའི་ལྟ་བ་དང་། བཅས་པའི་ཁ་ན་མ་ཐོ་བ་སྤངས་པའི་ཆོ་ག་དང་། ལོག་འཚོ་སྤང་བའི་ཆོ་ག་ཉམས་པ་སྟེ་ཉམས་པ་བཞི་པོ་གང་རུང་ཡིན་པ་དང་། དེའང་ཐ་མལ་པའི་ཤེས་པའི་ཡུལ་དུ་མཐོང་ཐོས་དོགས་གསུམ་གྱི་གཞི་དང་བཅས་པ་སྟེ། ཚུལ་ཁྲིམས་དང་། ལྟ་བ་དང་། ཆོ་ག་དང་། འཚོ་བ་ཉམས་པས་གླེང་བ་ལ་སོགས་པ་ཞེས་པ་དང་། གཞི་དང་བཅས་པ་ལ་འཆགས་སོ་ཞེས་སོ། །གཞན་དུ་ན་གླེང་དྲན་མི་འཆགས་སོ། །དྲུག་པ་ཚུལ་ཇི་ལྟར་གླེང་དྲན་བྱ་བ་ནི། གླེང་བྱེད་ཀྱི་དང་པོར་བསམ་པའི་གནས་སུ་བསམ་པ་དང་། བརྟག་པའི་གནས་སུ་བརྟག་པ་སྟེ། བདག་ཉིད་གླེང་བ་པོ་མཚན་ཉིད་དང་ལྡན་ནམ་མི་ལྡན་ཞེས་བསམ་པའི་གནས་སུ་བསམ་པ་དང་། གླེང་བྱ་ཡུལ་དང་། གནས་དང་། དུས་དང་། གླེང་བའི་གཞི་མཚན་ཉིད་དང་ལྡན་ནམ་མི་ལྡན་ཞེས་བརྟག་པའི་གནས་སུ་བརྟག་པ་སྟེ། དོན་དེ་ལྟར་ལུང་གཅིག་ལས་


K8Z004_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པ་ལས་གསུངས་སོ། །དེའི་རྗེས་ལ་ཐ་མལ་པའི་དྲན་པ་དང་། ཤེས་བཞིན་སྔོན་དུ་བཏང་བ་དང་། བྱམས་པ་དང་སྙིང་རྗེའི་བསམ་པ་སྔོན་དུ་བཏང་སྟེ་ལྟུང་བ་ལས་བསླང་བའི་སེམས་ཀྱིས་སྐབས་འབྱེད་དུ་གཞུག་པ་སྟེ། དྲན་པ་དང་ཤེས་བཞིན་ཉེ་བར་མ་བཞག་པས་མི་བྱ་ཞེས་པ་དང་། ལུང་གཅིག་ལས་འཕྲོས་པ་ལས་ཚེ་དང་ལྡན་པ་འདི་མི་དགེ་བའི་གནས་ནས་བསླངས་ཏེ་དགེ་བའི་གནས་སུ་འཇོག་ནུས་སོ་སྙམ་དུ་བསམ་པའོ། །ཞེས་གསུངས་པ་དང་། སྐབས་འབྱེད་དུ་མ་བཅུག་པར་མི་བྱ་ཞེས་གསུངས་པས། དེ་རྣམས་གོ་རིམ་བཞིན་དུ་སྒྲུབ་བྱེད་དུ་སྦྱར་རོ། །དེ་ནས་གླེང་བྱ་དེས་ཀྱང་དེ་དག་ལ་བརྟགས་ཏེ་གླེང་བྱེད་མཚན་ཉིད་དང་ལྡན་ན་གླེང་བྱེད་འདི་ལྟ་བུ་བྱུང་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་དགའ་བ་བསྐྱེད་ཅིང་སྐབས་དབྱེ་བར་བྱ་སྟེ། གཞན་དུ་འགལ་ཚབས་ཅན་དུ་འགྱུར་རོ། །ཉེས་པ་གླེང་བའི་སྐབས་ཕྱེ་བ་ན་གླེང་བ་པོ་རང་གང་འདོད་པས་ལྟུང་བ་གླེང་བར་བྱའོ། །གླེང་བྱ་དེས་ཀྱང་གླེང་བྱེད་དེའི་བསམ་པ་རྟོགས་པར་བྱ་བའི་ཕྱིར་གནས་སུ་མི་བཞག་པར་བརྒལ་ཞིང་བརྟག་པར་བྱའོ། །བདུན་པ་གླེང་བའི་བྱ་བ་ཇི་ལྟར་བསྒྲུབ་པ་ནི། སྤྱིར་ན་ཉེས་པ་གླེང་བའི་སྐབས་ཕྱེས་ཤིག་ཅེས་སྐབས་འབྱེད་དུ་བཅུག་པ་ན་སྐབས་མི་འབྱེད་པ་དང་། འབྱེད་པ་གཉིས་ལས། དང་པོ་ལ་གཉིས་ཏེ། མཐའ་དག་ལ་སྐབས་མི་འབྱེད་པ་དང་། ཕྱོགས་འགའ་ལ་སྐབས་མི་འབྱེད་པའོ། །དང་པོ་མཐའ་དག་ལ་སྐབས་མི་འབྱེད་ན་གཞམས་བསྒོ་ལ་སོགས་ཀྱིས་བཟློག་པར་བྱ་ཞིང་། བཟློག་ཀྱང་མ་བཏང་ན་བཀའ་བློ་མི་བདེ་བའི་ལྷག་མར་འགྱུར་ཞིང་། ལྷ་ག་མདེ་ཉིད་གཞི་སྡུད་དུ་བྱེད་ཅིང་མ་བཏང་ན་སྨད་པ་ནན་ཏུར་བྱ་སྟེ། དེ་ལྟར་བྱས་ཀྱང་ཉེས་པ་དེ་མ་བཏང་ནས་སྨད་པ་ལ་འབད་པས་མ་ལོག་ན་


K8Z004_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་དབྱུང་བའི་མདོར་བསྡུས་སྦྱར་ཞེས་བླ་མ་རྣམས་ཀྱིས་གསུངས་སོ། །གཉིས་པ་ཕྱོགས་འགའ་ལ་སྐབས་མི་འབྱེད་ན་བརྗོད་པ་དང་བཅས་པ་བྱ། དེས་མ་དུལ་ན་གདམས་ངག་བཞག་གོ་སྟེ། དེ་ལ་གཏམ་འདྲི་བ་ལ་སོགས་ཡང་བཟློག་པར་བྱའོ། །དེ་ལྟར་བྱས་ཀྱང་མ་དུལ་ན་གསོ་སྦྱོང་བཞག་ཅིང་། དེས་ཀྱང་མ་དུལ་ན་དགག་དབྱེ་བཞག་གོ། །དེས་མ་དུལ་ན་མཐར་གནས་ནས་དབྱུང་བ་མདོར་བསྡུས་སྦྱར་བར་བྱའོ་ཞེས་གསུངས་སོ། །སྐབས་འབྱེད་པ་ལའང་གཉིས་ཏེ། མི་མཉེན་བར་སྐབས་འབྱེད་པ་དང་། མཉེན་བར་སྐབས་འབྱེད་པའོ། །དང་པོ་ལ། ཕུར་པ་དང་བཅས་པ་བརྗོད་པར་བྱ། དེས་མ་དུལ་ན་གདམས་ངག་བཞག་པ་དང་། གསོ་སྦྱོང་བཞག་པ་ལ་སོགས་པ་བྱ་སྟེ་སྔ་མ་བཞིན་ནོ། །གཉིས་པ་མཉེན་བར་སྐབས་ཕྱེ་ནས་ལྟུང་བ་གླེང་བར་བྱའོ། །དེ་ལྟར་ལྟུང་བ་གླེང་བ་ན། ཉེས་པ་ཁས་མི་ལེན་པ་དང་ལེན་པ་གཉིས་ལས། དང་པོ་ལ་གཉིས་ཏེ། བརྗེད་བཞིན་དུ་ཁས་མི་ལེན་ན་ངོ་བོ་ཉིད་འཚོལ་བ་སྦྱིན་ཅིང་། ཤེས་བཞིན་དུ་ཁས་མི་ལེན་ན་མ་མཐོང་བ་གནས་ནས་དབྱུང་བར་བྱའོ། །ཆང་བཏུང་བ་ཁས་མི་བླངས་ཀྱང་དེ་ལ་ཉེས་ལྟུང་འོང་བར་ངེད་མི་འདོད་ཟེར་རམ། མི་ཚངས་པར་སྤྱོད་པ་བྱས་སོ་ཞེས་ཁས་བླངས་ཀྱང་དེ་ལ་ཉེས་ལྟུང་འོང་བར་ངེད་མི་འདོད་ཟེར་བ་ལྟ་བུ་ལྟུང་བའི་རྒྱུ་ཁས་བླངས་ནས་ལྟུང་བའི་ངོ་བོ་ཁས་ལེན་དུ་མ་བཏུབ་ན་གཞམས་བསྒོ་སོགས་ཀྱིས་བཟློག་པར་བྱ་ཞིང་། བཟློག་ཀྱང་མ་བཏང་ན་སྡིག་ལྟ་མི་གཏོང་བ་གནས་ནས་དབྱུང་བར་བྱའོ། །ལྟུང་བ་ཁས་ལེན་པ་ལ་ཡང་ཁས་བླངས་ནས་ལྟུང་བ་ཕྱིར་འཆོས་པ་དང་། ཕྱིར་མི་འཆོས་པ་གཉིས་ལས། ཕྱིར་མི་འཆོས་ན་ཕྱིར་མི་འཆོས་པ་གནས་ནས་དབྱུང་བར་བྱ་ཞིང་། ཕྱིར་བཅོས་ན་ཚུལ་བཞིན་དུ་ཕྱིར་བཅོས་


K8Z004_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུ་གཞུག་གོ། །གཉིས་པ་ལ། ལུང་གཞི་ཉིད་ཀྱིས་བརྗོད་པ་དང་། །ཞུ་བའི་ལུང་གིས་བརྗོད་པའོ། །དང་པོ་ལ། གླེང་དྲན་ཆད་ལས་མི་འཆགས་ཚུལ། །གླེང་དྲན་བྱ་ཚུལ་ཆད་རིམ་བཅས། །གླེང་དྲན་འཆགས་གཞི་ཡིན་མིན་བསྟེན། །དང་པོ་ནི། འོག་ནས་གླེང་བ་ལ་སོགས་པ་དེ་དག་གཞི་དང་བཅས་པ་ལ་འཆགས་ལ། གཞི་མེད་པ་ལ་མི་འཆགས་ན་གཞི་དང་བཅས་པ་དང་། གཞི་མེད་པ་ཅི་ལྟ་བུ་ཞེ་ན། ཐ་མལ་པའི་ཤེས་པ་ལ་མ་གྲགས་པ་སྟེ། ལྷའི་མིག་གི་མངོན་ཤེས་ཀྱིས་བརྟགས་པས་ཁྱོད་ལ་ལྟུང་བ་མཐོང་ངོ་། །ཞེས་པ་ལྟ་བུ་ནི་གླེང་དྲན་འཆགས་པའི་གཞི་ཉིད་མ་ཡིན་ནོ། །མངོན་ཤེས་ཀྱི་སྒོ་ནས་ཉེས་པ་གླེང་ན་གླེང་བྱ་ལ་སྐུར་བ་འདེབས་པ་དང་། གླེང་བྱེད་བདག་ཉིད་ལ་ཡོན་ཏན་ཡོད་པར་སྒྲོ་འདོགས་པ་ལ་སོགས་པར་འགྱུར་བའི་ཕྱིར་རོ། །དགག་དབྱེ་ཚུལ་བཞིན་དུ་བྱེད་པའི་དགག་དབྱེ་ལན་གསུམ་བརྗོད་པ་རྫོགས་ནའམ། ནད་པ་ངལ་བ་ལ་སོགས་པའི་རྐྱེན་གྱིས་དགག་དབྱེ་ལན་གསུམ་བརྗོད་པའམ། ལན་གཅིག་བརྗོད་པ་རྫོགས་ན་གང་ཟག་དེ་ལ་ལོ་དེ་ཉིད་ཀྱི་དགག་དབྱེ་བཞག་པའི་ནན་ཏུར་མི་འཆགས་སོ། །དགག་དབྱེ་འཇོག་པའི་ནན་ཏུར་བྱེད་པ་པོ་ནད་པའི་རང་བཞིན་དང་ལྡན་པ། ནད་པ་ཉིད་ཀྱིས་འཇོག་པར་བྱེད་ན་དེ་ལ་ཡང་སྔ་མ་དེ་བཞིན་དུ་མི་འཆགས་པ་ཡིན་ནོ། །ནད་པ་དེས་མངོན་སུམ་དུ་འཇོག་ན་མི་འཆགས་པར་ཟད་དམ་ཞེ་ན། ནད་པ་དེས་གཞན་མངགས་པས་དགག་དབྱེ་འཇོག་པས་ཀྱང་མི་འཆགས་སོ། །ཡུལ་ནད་པ་ཉིད་ལ་གཞན་གྱིས་དགག་དབྱེ་འཇོག་པར་བྱེད་ན་ཡང་མི་འཆགས་སོ། །འདིར་དགག་དབྱེ་ཞེས་སྨོས་པ་ནི་གསོ་སྦྱོང་དང་གདམས་ངག་བཞག་པའི་དཔེ་ཡིན་ནོ། །ནད་པས་དགག་དབྱེ་འཇོག་པ་ལ་སོགས་པ་དགག་དབྱེ་


K8Z004_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་མི་འཆགས་པ་དེ་རྣམས་ནི་དགེ་འདུན་གྱིས་ཀྱང་ནོད་པར་མི་བྱའོ། །ནད་པས་གཞན་གྱི་དགག་དབྱེ་འཇོག་ཏུ་འཇུག་ན་དགེ་འདུན་གྱིས་ནད་པ་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ནད་པ་ནི་སྦྱོར་མི་བཟོད་ཡིན་གྱི། ཁྱོད་སྡོད་ཅིག་ཅེས་ལན་གདབ་པར་བྱའོ་ཞེས་འོག་ཏུ་སྦྱར་རོ། །གཞན་གྱིས་ནད་པའི་དགག་དབྱེ་འཇོག་ཏུ་འཇུག་ན་ནི་དགེ་འདུན་གྱིས་གཞན་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ནད་པ་ནི་སྦྱོར་མི་བཟོད་པ་ཡིན་གྱི། ཁྱོད་སྡོད་ཅིག་ཅེའམ། གཞན་གྱིས་མངགས་པས་ནད་པའི་དགག་དབྱེ་འཇོག་ཏུ་འཇུག་ན་ནི་དགེ་འདུན་གྱིས་ཕོ་ཉ་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཕོ་ཉ་ཞེས་བོས་ནས་ནད་པ་དེ་ལ་ལྟུང་བ་ཡོད་པར་བརྒལ་ཞིང་། ཡོད་མེད་བརྟག་པ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ་ཞེས་འོག་ཏུ་སྦྱར་རོ། །ནད་པས་མངགས་པས་གཞན་གྱི་དགག་དབྱེ་འཇོག་ཏུ་འཇུག་ན་ནི་དགེ་འདུན་གྱིས་ཕོ་ཉ་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཕོ་ཉ་ནད་པ་དེས་ནི་བརྒལ་ཞིང་བརྟག་པ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །གཉིས་པ་ནི། དགེ་སློང་ཆེ་གེ་མོས་ཉེས་པ་བྱས་སོ་ཞེས་ཡིད་ཆེས་པ་ལས་ཐོས་ཀྱང་ཉེས་པ་ཅི་བྱས་ནི་མི་རྟོགས་པ་ལྟ་བུ་སྟེ། བྱེད་པ་པོ་རང་གི་ངོ་བོ་རྟོགས་ཀྱང་བྱས་པ་རང་གི་ངོ་བོ་མ་རྟོགས་པ་དང་། བརྐུས་པར་རྟོགས་ཀྱང་བྱེད་པ་པོ་སུས་བརྐུས་མ་རྟོགས་པ་ལྟ་བུ། བྱས་པ་རང་གི་ངོ་བོ་རྟོགས་ཀྱང་བྱེད་པའི་རང་གི་མ་རྟོགས་པ་ཉིད་དང་། གཉིས་ཀའི་རང་གི་ངོ་བོ་མ་རྟོགས་པ་ཉིད་ན་ཡང་གླེང་བ་མི་འཆགས་སོ། །གཞུང་གོང་དུ་སྨོས་པ་དེ་རྣམས་ཀྱི་ལྷག་མས་ཏེ་ཐ་མལ་པའི་ཤེས་པ་ལ་གྲགས་པས་གླེང་བ་དང་། གླེང་བ་པོ་དང་། གླེང་བྱ་ནད་པ་མ་ཡིན་པ་དང་། བྱས་པ་དང་། བྱེད་པ་རང་གི་ངོ་བོ་རྟོགས་ནས་གླེང་བས་ཀྱང་དུས་མ་


K8Z004_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ཏེ་དབྱར་གྱི་ནང་ལྟ་བུར་ལྟུང་བ་གླེང་བ་ལ་འཇུག་པར་མི་བྱའོ། །གླེང་བྱ་དང་གླེང་བྱེད་ལ་སོགས་པ་མཚན་ཉིད་དང་ལྡན་ནམ་ཞེས་དྲན་པ་དང་། ཤེས་བཞིན་ཉེ་བར་མ་བཞག་པར་གླེང་བ་ལ་འཇུག་པར་མི་བྱའོ། །མཐའ་དབེན་པ་མ་ཡིན་པར་ལྟུང་བ་གླེང་བར་མི་བྱའོ། །བདག་ལ་ལྟུང་བ་གླེངས་ཤིག་ཅེས་སྐབས་འབྱེད་དུ་མ་བཅུག་པར་མི་བྱའོ། །གང་གིས་དགག་དབྱེ་བྱས་པ་དེས་ནི་སྐབས་ཕྱེ་བ་དེ་ཉིད་ཡིན་པས། དགག་དབྱེ་བྱེད་པ་ན་གླེང་བ་ལ་འཇུག་པར་མི་ཉེས་པ་མེད་དོ། །གླེང་བྱེད་ཀྱིས་ལྟུང་བ་གླེང་ཡང་གླེང་བྱས་ལྟུང་བ་མི་དྲན་ན་ཁྱོད་ཀྱིས་གནས་འདིར་ཉེས་པ་བྱས་སོ། །དུས་འདིའི་ཚེ་ན་ཉེས་པ་བྱས་སོ། །གྲོགས་འདི་དང་ལྷན་ཅིག་ཏུ་ཉེས་པ་བྱས་སོ། །ཞེས་པ་ལ་སོགས་བརྗོད་པས་དྲན་པར་བྱའོ། །གླེང་བ་དང་དྲན་པར་བྱེད་པའི་ཁྱད་པར་ཅི་ཞེ་ན། ཊཱི་ཀ་ལས། གླེང་བཞི་ཕྱོགས་གཅིག་ཏུ་གྱུར་པ་གླེང་བ་ཡིན་ན། དྲན་པ་ནི་ཡོངས་སུ་རྫོགས་པ་དྲན་པར་བྱེད་པ་སྟེ། ཞེས་སོ། །ཞུ་འགྲེལ་ལས། མ་གླེངས་པ་ནི་ཉེས་པ་མི་བསྒྲགས་པའི་ཕྱིར་རོ། །དྲན་པར་མ་བགྱིས་པ་ནི་ཡུལ་དང་དུས་དང་གྲོགས་མ་བསྒྲགས་པའི་ཕྱིར་རོ། །ཞེས་བཟློག་པའི་སྒོ་ནས་གླེང་དྲན་གྱི་ཁྱད་པར་གསལ་བར་བཤད་དོ། །སྐབས་འབྱེད་པ་དེ་མི་བྱེད་ན་སྤྱིར་སྨོས་ཀྱང་མཐའ་དག་ལ་སྐབས་མི་འབྱེད་པ་དང་། ཕྱོགས་འགའ་ལ་སྐབས་མི་འབྱེད་པ་གཉིས་ལས། སྔ་མ་ནི་གཞམས་བསྒོ་ལ་སོགས་ཀྱིས་བཟློག་ཀྱང་མ་བཏང་ན་བཀའ་བློ་མི་བདེ་བའི་ལྷག་མར་འགྱུར་རོ། །འདིར་ཕྱོགས་འགའ་ལ་སྐབས་མི་འབྱེད་ན་གླེང་བྱ་དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱའོ་ཞེས་བོད་སྔ་རབས་པའི་བླ་མ་རྣམས་གསུང་ངོ་། །འདི་ལ་གཞུང་འགྲེལ་དང་། བམ་པོ་ལྔ་བཅུ་པ་ལས་ནི། ཕྱོགས་འགའ་ལ་སྐབས་མི་འབྱེད་པ་དང་། མཐའ་དག་ལ་སྐབས་མི་འབྱེད་


K8Z004_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡིན་ཀྱང་རུང་སྟེ། སྐབས་འབྱེད་པར་མི་བྱེད་ན་དེ་ལས་བརྗོད་པ་དང་བཅས་པ་ཉིད་དང་། གདམས་ངག་བཞག་པ་དང་། གསོ་སྦྱོང་བཞག་པ་དང་། དགག་དབྱེ་བཞག་པ་དང་། ཕུར་བ་དང་བཅས་པ་ཉིད་དག་ཏུ་བྱའོ། །ཞེས་སོ། །དེ་དག་བྱས་ཀྱང་བཀའ་བློ་མི་བདེ་བའི་རང་བཞིན་མི་གཏོང་ན་དེ་ལ་གཞམས་བསྒོ་ལ་སོགས་ཀྱིས་བཟློག་པར་བྱའོ། །བཟློག་ཀྱང་མ་བཏང་ན་བཀའ་བློ་མི་བདེ་བའི་ལྷག་མར་འགྱུར་ཞེས་བཤད་མོད་ཀྱི། འོན་ཀྱང་དེའི་རྗེས་སུ་མི་འབྲང་ངོ་། །བརྗོད་བཅས་དེ་ཚུལ་ཇི་ལྟར་བྱ་ཞེ་ན། ཚེ་དང་ལྡན་པ་ཁྱོད་ལ་ལྟུང་བ་དང་བཅས་པར་བརྗོད་པ་དང་བཅས་པ་ཉིད་བྱས་ཀྱི། ཁྱོད་ཀྱི་གནས་འདི་ནས་མ་ཞུས་པར་འགྲོ་བར་མི་བྱའོ། །ཁོ་བོ་ལ་ཚེ་དང་ལྡན་པ་ཁྱོད་ལ་ཉེས་པ་འདི་ཡོད་དོ་ཞེས་བརྗོད་པའི་ཕྱིར་བསྔོགས་པ་ཡོད་དོ་ཞེས་བརྗོད་པ་དང་བཅས་པ་ཉིད་བྱའོ། །བརྗོད་པ་དང་བཅས་པ་ཉིད་བྱས་པ་དེས་དུལ་བར་མི་འགྱུར་ཞིང་། སྐབས་མི་འབྱེད་ན་དེ་ལ་གདམས་ངག་མི་བསྟན་པས་མི་གདམས་པ་ཉིད་དུ་བྱའོ། །མི་གདམས་པ་ཉིད་དུ་བྱ་བ་དེ་ལ་གཏམ་འདྲི་བ་དང་ཕེབས་པར་སྨྲ་བ་ལ་སོགས་པ་ཡང་བཟློོག་པར་བྱའོ། །དེ་ལྟར་མི་གདམས་པ་ཉིད་དུ་བྱས་ན་ཡང་མ་དུལ་ཞིང་། སྐབས་མི་འབྱེད་ན་གསོལ་བཞིའི་ལས་ཀྱིས་གསོ་སྦྱོང་བཞག་པའི་ནན་ཏུར་བྱའོ། །གསོ་སྦྱོང་བཞག་པ་དེས་ཀྱང་མ་དུལ་ཞིང་། སྐབས་མི་འབྱེད་ན་གསོལ་བཞིའི་ལས་ཀྱིས་དགག་དབྱེ་བཞག་པའི་ནན་ཏུར་བྱའོ། །གསོ་སྦྱོང་དང་དགག་དབྱེ་བཞག་པ་ཞེས་བྱ་བ་ནི། གང་ཟག་འདི་འདུག་པ་དང་ལྷན་ཅིག་དགེ་སློང་རྣམས་ཀྱིས་གསོ་སྦྱོང་དང་དགག་དབྱེ་མི་བྱའོ་ཞེས་བྱ་བ་ཡིན་ནོ། །གསོ་སྦྱོང་བཞག་པའམ་དགག་དབྱེ་འཇོག་པའི་ནན་ཏུར་


K8Z004_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་པོ་དག་གིས་གསོ་སྦྱོང་ངམ་དགག་དབྱེ་བཞག་པའི་ནན་ཏུར་བྱས་པའི་གང་ཟག་དེ་དང་ལྷན་ཅིག་ཏུ་གསོ་སྦྱོང་ངམ་དགག་དབྱེ་བྱ་བ་ཡང་སྐབས་འདིར་བཟོད་པ་ཡིན་ཏེ། ནན་ཏུར་ལས་གྲོལ་བ་ཡིན་ནོ། །འཇོག་པར་བྱེད་པ་དག་གི་ཤུགས་ཀྱིས་བསྟན་པ་ནི་འཇོག་པར་བྱེད་པའམ་དེས་བསྐོས་པ་ལས་གཞན་པ་དག་དང་ལྷན་ཅིག་ཏུ་གསོ་སྦྱོང་དང་དགག་དབྱེ་བྱས་ཀྱང་གྲོལ་བར་མི་འགྱུར་ཞེས་བསྟན་ཏོ། །ཡང་ཞེས་པ་ནི་གསོལ་བཞིའི་ལས་ཀྱིས་བཟོད་པར་བྱ་བ་མ་ཟད་དོ་ཞེས་པའོ། །འདིར་བཟོད་པའོ་ཞེས་པ་ནི། འདིར་ཞེས་པ་གནས་ནས་ཕྱུང་བ་ལས་བཀར་བ་སྟེ། གནས་ནས་འབྱིན་པར་བྱེད་པ་དག་གིས་བྱུང་བ་དེ་དང་ལྷན་ཅིག་ཏུ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱས་ཀྱང་ཆད་པ་ལས་གྲོལ་བར་མི་འགྱུར་ཏེ་ཆད་པ་ཆེ་བའི་ཕྱིར་རོ་ཞེས་སོ། །གླེང་བའི་སྐབས་ཕྱེ་བ་སྟེ་བདག་ལ་ཉེས་པ་གླེངས་ཤིག་ཅེས་གླེང་བའི་སྐབས་ཕྱེ་བ་ཉིད་ན། གལ་ཏེ་མཉེན་པ་ཉིད་མ་ཡིན་ཏེ་གྱོང་པོའི་ཚིག་སྨྲ་བ་ན་ཕུར་པ་དང་བཅས་པ་བྱའོ། །རྟ་དམུ་རྒོད་ཕུར་པ་ལ་ནན་གྱིས་བཏགས་པ་དང་འདྲ་བར་གང་ཟག་དེ་ལ་ཡང་ནན་གྱིས་ལྟུང་བ་བཀལ་སྟེ་དྲི་མ་དང་བཅས་པ་བཏང་བ་ཡིན་པས་ཕུར་པ་དང་བཅས་པ་ཞེས་བྱའོ། །དོན་དེ་ལྟར་ཊཱི་ཀ་ལས་བཤད་དེ། ཕུར་བཅས་དེ་ཚུལ་ཇི་ལྟར་བྱ་ཞེ་ན། གནས་ད་ལྟ་མངོན་སུམ་དུ་བབ་པའི་གནས་འདི་ཉིད་དུ་སྨྲ་བར་བྱའོ་ཞེའམ། གནས་གཞན་དུ་སྨྲ་བར་བྱའོ་ཞེའམ། ཉེས་པའི་གཞིའམ་དངོས་པོ་འདི་ལྟ་བུ་ཞིག་སྨྲ་བར་བྱའོ་ཞེའམ། གནས་སམ་གཞི་གང་ཡང་རུང་བ་ལ་གླེང་བ་པོ་བདག་གང་འདོད་པ་སྨྲ་བར་བྱའོ། །ཁྱོད་ལ་ལྟུང་བ་འདི་བྱུང་ངོ་ཞེས་གླེང་བྱ་ལ་ཞེས་བྱ་བ་དང་། ལྟུང་བ་བཀལ་ཞིང་ཞེས་བྱ་བའི་རྣམ་གྲངས་གཞན་


K8Z004_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་གིས་ཉེས་པ་བསྟན་ཏེ་བཏང་བས་ཕུར་བཅས་བྱའོ། །གསུམ་པ་ནི། གཞིའི་ཊཱི་ཀ་ལས། རང་བཞིན་གྱིས་ཁ་ན་མ་ཐོ་བས་ཚུལ་ཁྲིམས་ཉམས་པ་དང་། བདག་ཏུ་ལྟ་བ་ལ་སོགས་པས་ལྟ་བ་ཉམས་པ་སྟེ་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། བཅས་པའི་ཁ་ན་མ་ཐོ་བས་ཆོ་ག་དང་། ལོག་པའི་འཚོ་བས་འཚོ་བ་ཉམས་པ་གླེང་བ་ལ་སོགས་པའི་སྒྲས་ནི་དྲན་པར་བྱ་བ་དང་། སྐབས་འབྱེད་དུ་གཞུག་པ་དང་། བརྗོད་བཅས་དང་། མི་གདམས་པ་དང་། གསོ་སྦྱོང་བཞག་པ་དང་། དགག་དབྱེ་བཞག་པ་དང་། ཕུར་བཅས་དང་བདུན་བསྡུས་པ་དང་། གླེང་བ་ལ་སོགས་པ་བརྒྱད་དོ་དེ་དག་ཐམས་ཅད་བྱེད་པ་ན། མཐོང་ཐོས་དོགས་གསུམ་གྱི་གཞི་དང་བཅས་པ་ཡིན་ན་འཆགས་ཀྱི། གཞི་མེད་ལ་གླེང་བ་མི་འཆགས་སོ། །གཞི་ལེགས་པར་མཐོང་ཐོས་དོགས་གསུམ་མ་ཡིན་པས་གླེང་བ་སོགས་མི་བྱའོ། །གླེང་བ་ལ་སོགས་པ་འཆགས་པའི་གཞི་འདི་ལ་དངོས་པོ་ལས་ནི་བདེན་པ་ཉིད་ཀྱི་རྒྱུ་མ་ཡིན་ནོ་སྟེ། བདེན་རྫུན་ནི་དངོས་པོ་ལ་འཇུག་པ་མ་ཡིན་གྱི། འདུ་ཤེས་ཀྱིས་འཇོག་པ་ཉིད་ཡིན་པའི་ཕྱིར་རོ། །ལྟུང་བ་བྱུང་ན་ཡང་མ་བྱུང་བར་འདུ་ཤེས་པས་གླེང་བ་ལ་སོགས་པ་བྱེད་ན་ནི་གཞི་མེད་པ་ཡིན་པས་གླེང་བ་ལ་སོགས་པ་མི་འཆགས་ལ། ལྟུང་བ་མ་བྱུང་ཡང་བྱུང་བར་འདུ་ཤེས་པས་གླེང་བ་ལ་སོགས་པ་བྱེད་ན་ནི་གཞི་དང་བཅས་པས་གླེང་བ་ལ་སོགས་པར་འགྱུར་རོ། །ཐོས་པ་ནི་རྣམ་པ་གསུམ་སྟེ། ཉེས་སྤྱོད་བྱེད་བཞིན་པའི་བྱ་བའི་མཚན་མ་དང་། ཆེ་གེ་མོས་མི་ཚངས་པར་སྤྱོད་པ་ལ་སོགས་བྱས་སོ་ཞེས་གང་ཟག་གཞན་གྱིས་རང་ལ་ཕེབས་པར་སྨྲ་བ་དང་། གཞན་དག་ལོགས་ཤིག་ནས་གཏམ་ཟེར་བ་རང་གི་ལོགས་ཤིག་ནས་རྗེས་སུ་ཐོས་པའོ། །ཡིད་མི་ཆེས་པ་ནི་


K8Z004_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཏེ། ཐོས་པ་ན་མི་བདེན་ངེས་སྙམ་སྟེ་ཡིད་མི་ཆེས་པ་དང་། ཐོས་པ་ན་ཐེ་ཚོམ་ཟ་སྟེ་ཡིད་མི་ཆེས་པའོ། །དེ་ལ་དང་པོ་ཡིད་མི་ཆེས་པ་ནི་གླེང་དྲན་འཆགས་པའི་གཞི་མ་ཡིན་ནོ། །གཉིས་པ་ནི། གླེང་དྲན་འཆགས་པའི་གཞི་ཡིན་ཏེ། ཐེ་ཚོམ་ཟ་བ་ནི་དོགས་པ་ཡིན་ལ། ལྟུང་བ་བྱུང་བར་དོགས་པ་ལ་གླེང་དྲན་ཆགས་པའི་གཞི་ཡིན་ཏེ། ཊཱི་ཀ་ལས། མཐོང་བ་དང་ཐོས་པ་དང་དོགས་པ་དག་གིས་གཞི་དང་བཅས་པར་(སྡེ་བསྟན། གཞི་དང་བཅས་པ་ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་དང་འཚོ་བ་ཉམས་པས)གླེང་བ་ལ་སོགས་པ་དེ་དག་ཐམས་ཅད་བྱེད་ན་འཆགས་པའོ། །ཞེས་བཤད་ཅིང་། འོད་ལྡན་རྩ་འགྲེལ་ལས། རྟགས་མ་ངེས་པར་འཛིན་པ་དོགས་པ་ཡིན། གཞི་འདི་དག་གིས་སྨྲ་ན་ཉེས་པ་མེད། ཅེས་བཤད་དོ། །ཡོངས་སུ་སྦྱོང་བའི་གཞིའོ། །གཉིས་པ་ནི། གླེང་བྱ་ལ་ལྟུང་བ་བྱུང་བ་དེའི་རྒྱུས་ཤེས་པ་དུ་མ་ཉིད་ཡིན་ན་གླེང་བ་དང་། དྲན་པར་བྱ་བ་དང་། སྐབས་འབྱེད་དུ་གཞུག་པ་ལ་སོགས་པ་ལ་རྒན་རིམ་གྱིས་འཇུག་པར་བྱ་བ་མ་ངེས་ཀྱི། གང་གླེང་བར་འདོད་པས་སོ། །དགག་དབྱེའི་ལས་ཀྱི་དུས་མ་ཡིན་པར་དུས་གཞན་དུ་དགག་དབྱེ་དེ་བཞག་པར་མི་བྱའོ། །འོ་ན་དགག་དབྱེ་བྱེད་ཀར་དབྱར་གྱི་ཚུལ་ནང་དུ་དགག་དབྱེ་བཞག་པའི་ནན་ཏུར་བྱས་ན་ནན་ཏུར་དེའི་སྔོན་འགྲོ་ཡིན་པས་ལྟུང་བ་གླེང་དྲན་དང་། གསོ་སྦྱོང་བཞག་པའི་ནན་ཏུར་ཡང་དབྱར་གྱི་ཚུལ་ནང་དུ་བྱར་རུང་བར་ཐལ་བར་འགྱུར་ལ། ཚུལ་ནང་དུ་ལྟུང་བ་གླེང་དྲན་དང་། ནན་ཏུར་མི་བྱེད་པ་དེ་དབྱར་ཚུལ་གྱི་ནང་ཁྲིམས་ཡིན་པ་དང་འགལ་ཅེ་ན། སྤྱིར་བཏང་ལས་འདི་ནི་དམིགས་ཀྱིས་བསལ་བ་སྟེ། དབྱར་གྱི་ཚུལ་ནང་ཡིན་ཡང་དགག་དབྱེ་བྱེད་ཁའི་ཚེ་ན་དགག་དབྱེ་བཞག་པའི་ནན་ཏུར་འདི་བྱར་རུང་ཞིང་། དེའི་སྔོན་འགྲོ་གླེང་དྲན་ཡང་དེའི་ཚེ་ན་བྱར་རུང་བའོ།
གསོ་སྦྱོང་བཞག་པ་ནི་དགག་དབྱེ་བཞག་པའི་སྔོན་འགྲོ་ཡིན་ཀྱང་དབྱར་ཀྱི་ཚུལ་ནང་དུ་གསོ་སྦྱོང་བཞག་པའི་ནན་ཏུར་བྱར་རུང་བ་མ་ཡིན་གྱི། དབྱར་ཚུལ་དུ་འཇུག་པའི་སྔ་རོལ་དཔྱིད་ཀ་ལྟ་བུའི་ཚེ་ན་གསོ་སྦྱོང་བཞག་པའི་ནན་ཏུར་བྱས་ནས། དེས་མ་དུལ་ན་ད་གཟོད་དགག་དབྱེ་བྱེད་པའི་ཚེ་ན་དགག་དབྱེ་བཞག་པའི་ནན་ཏུར་བྱའོ། །གསོ་སྦྱོང་མ་ཡིན་པར་གསོ་སྦྱོང་བཞག་པ་དེ་མི་བྱའོ། །གསོ་སྦྱོང་དང་དགག་དབྱེ་འཇོག་པར་བྱེད་པ་བུད་མེད་ཉིད་ཀྱིས་གཞན་སྐྱེས་པའི་བཞག་པ་ཉིད་བྱེད་དམ། བྱས་པ་ཉིད་ན་བཞག་པ་ཉིད་མ་ཡིན་ནོ། །རང་བཞིན་ཉམས་པས་ཀྱང་བཞག་པ་ཉིད་མ་ཡིན་ནོ། །ཚུལ་ཁྲིམས་མེད་པ་དང་། ཆོས་ཕྱོགས་པ་དང་། ཆོས་མིན་ཕྱོགས་ཕན་ཚུན་བློ་གཅིག་པ་ཉིད་མ་ཡིན་པས་ཀྱང་བཞག་པ་ཉིད་མ་ཡིན་ནོ། །མདོ་སྨོས་པ་དེ་གཉིས་ཀྱིས་གསོ་དགག་གཞན་གྱིས་བཞག་པ་ཡང་བཞག་པ་ཉིད་མ་ཡིན་ནོ། །ཡོངས་སུ་སྦྱོང་བའི་གཞི་ཞུ་བའི་སྐབས་སོ། །འདིར་སྨྲས་པ། བདག་ནི་མི་ཟད་ལུང་ལ་ངར་དབང་ཐོབ། །ཕྲ་བའི་དོན་ལ་ཟབ་མོའི་རིགས་པ་བཟོད། །བརྩོན་པའི་ཁུར་གྱིས་དུབ་མེད་དགེ་བ་ཅན། །དབྱངས་ཅན་ལྷ་མོས་བྱིན་གྱིས་རློབས་ཏེ་སོང་། །ཞེས་སོ། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། གསོ་སྦྱོང་བཞག་པ་དང་། དགག་དབྱེ་བཞག་པ་དང་། ལྟུང་བ་གླེང་དྲན་ལ་སོགས་པའི་སྒོ་ནས་བསླབ་པའི་དྲི་མ་ཡོངས་སུ་སྦྱོང་བའི་ཐབས་སྟེན་པའི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།


previousཡོངས་སུ་སྦྱོང་བའི་གཞི།next