Nitartha Digital Library
Tibetan
 
previousལས་བྱེ་བའི་གཞི།next

ལས་བྱེ་བའི་གཞི།


K8Z004_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རྩོད་པ་ཕྱིར་བཅོས་ལ། ལས་གང་བྱེ་བའི་གཞི་ཉིད་བརྗོད། །འཁོར་ལོ་བྱེ་བའི་གཞི་ཉིད་བསྟན། །རྩོད་པའི་གཞི་ཉིད་བརྗོད་པའོ། །དང་པོ་ལ། ལུང་གཞི་ཉིད་ཀྱིས་བརྗོད་པ་དང་། །ཞུ་དང་བྲམ་ཟེའི་བུ་མོའི་སྐབས། །དང་པོ་ལ། མི་མཐུན་པ་ཡི་རྒྱུ་སྤང་བ། །མི་མཐུན་རང་གཞན་བྱེད་


K8Z004_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅས། །མཐུན་པ་བསྒྲུབ་པའི་ཐབས་བསྟན་པའོ། །དང་པོ་ནི། སྡེ་སྣོད་འཛིན་པ་ལྟ་བུ་དགེ་འདུན་ཐ་དད་པ་ཉིད་དུ་དབྱེ་བར་ནུས་པ་ལ་མི་འདོད་པར་ཞེས་པ་འདོད་བཞིན་དུ་ལྟུང་བ་གླེང་བ་ལ་ཉེས་པ་མེད་ལ། དེ་མི་འདོད་བཞིན་དུ་ཕར་གླེང་བ་དེས་ཚུར་གླེང་བར་བྱེད་པ་ན། ལོག་པར་ཏེ་ཐ་དད་དུ་དབྱེ་བར་མི་བྱའོ། །གནས་གང་དུ་དུས་འདའ་བར་བྱ་བ་ངལ་གསོ་བའི་གནས་བསྟི་གནས་ལྟ་བུ། གནས་དབེན་པ་གང་ན་མི་མཐུན་པ་དགྲ་བོོ་ཡོད་པ་དེ་དང་ལྷན་ཅིག་ཏུ་འཁོད་པར་མི་བྱའོ། །གནས་དབེན་པ་ལས་གཞན་དུ་མི་དབེན་པར་དགྲ་མི་མཐུན་པ་དེ་དང་ལྷན་ཅིག་མི་འཁོད་ཀ་མེད་དུ་གྱུར་ན་ནི་གོ་གཉིས་སམ་གསུམ་གྱི་བར་དུ་བཅད་དེ་འཁོད་དོ་སྟེ། རེག་པ་སྤང་པའི་ཕྱིར་རོ། །གོ་ནི་མི་གཅིག་གི་སྐྱིལ་ཀྲུང་གི་མལ་ལོ། །མི་མཐུན་པ་གཞན་དེས་ཀྱང་མི་མཐུན་པའི་ཡུལ་གཅིག་ཤོས་དང་ཡང་དེ་བཞིན་ནོ། །མི་མཐུན་པ་དེ་གཉིས་ཀྱིས་གཙུག་ལག་ཁང་བར་དུ་ཆོད་པ་སྦྱིན་པར་བྱ་བ་ཉིད་དང་། ནོད་པར་བྱ་བ་ཉིད་དོ། །གཉིས་པ་ནི། ཤེས་བྱ་གཏན་ལ་འབེབས་པའི་ཆོས་དང་། ཚུལ་ཁྲིམས་གཏན་ལ་འབེབས་པའི་འདུལ་བ་ལ་གལ་ཏེ་མི་མཐུན་པ་དེ་དང་ལྡན་པར་ཤེས་ན་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་ལ་དགེ་འདུན་མཐུན་པ་མེད་དོ། །ཊཱི་ཀར། ཆོས་དང་འདུལ་བའི་ཕྱིར་དགེ་འདུན་མཐུན་པ་ཡིན་གྱི། དོན་གཞན་གྱི་ཕྱིར་ནི་མ་ཡིན་ནོ། །ཞེས་སོ། །དེ་ལ་དགེ་འདུན་མཐུན་པ་མེད་པ་དེའི་ཕྱིར་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་དང་། དེ་ལས་གཞན་པ་ཆོས་ཀྱི་ཕྱོགས་པ་དག་དང་། ཚོགས་ཏེ་ལས་བརྒྱ་རྩ་གཅིག་པོ་བྱས་ན་ཡང་ལས་མི་འཆགས་ལ། མ་ཚོགས་པར་སོ་སོར་ལས་བྱེད་ན་ཡང་ཕན་ཚུན་མི་མཐུན་པ་ཉིད་དུ་ཡང་མི་འགྱུར་བས་ཕྱོགས་སོ་སོའི་ལས་འཆགས་པར་འགྱུར་རོ། །གསུམ་པ་ལ།


K8Z004_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བའི་སྒོ་ནས་བསྡུ་བ་དང་། །མཐུན་པ་བསྒྲུབ་པ་དངོས་བསྟན་པའོ། །དང་པོ་ནི། ཆོས་མིན་པ་དེ་དག་དེའི་མི་མཐུན་པའི་ཕྱོགས་ཆོས་ཕྱོགས་དང་འཐབ་པར་གྱུར་པ་ཉིད་ན་དེ་དག་ལ་ཆོས་འདི་པའི་དགེ་སློང་དང་། དགེ་ཚུལ་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་སྟེ་བདུན་པོ་དེ་དག་གིས་ཕྱག་མི་བྱ་བ་ཉིད་ཡིན་ནོ། །མངོན་སུམ་དུ་ལྡང་བ་དང་། སྟན་ལ་འགོད་པ་དང་། གཏམ་འདྲེ་བ་དང་། ཕེབས་པར་སྨྲ་བ་དང་། ཀུན་དགའ་བར་འགྱུར་བ་དང་། རྣམ་པར་ལྟ་བ་དང་། ཅུང་ཟད་ལྟ་བ་དག་ཀྱང་མི་བྱའོ། །ཆོས་མིན་པ་འོང་ན་མི་སྨྲ་བ་ལག་པའི་ཐ་སྙད་ཀྱིས་གནས་མལ་ངན་པ་རྗེས་སུ་སྦྱིན་ནོ། །ལུང་ཁ་ཅིག་ལས་ནི། ཚིག་གིས་ཐོས་པ་དང་བཅས་པར་གཞན་ལའོ་ཞེས་སོ། །གཙུག་ལག་ཁང་མཇུག་ཏུ་སྦྱིན་ནོ། །ཆོས་མིན་པ་དེས་ཁོ་བོ་ཅག་རྒན་ནོ་ཞེས་ཟེར་ན། ཁྱོད་ཅག་ཀྱང་བདག་ཅག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་དག་ཡིན་ནོ་སྙམ་དུ་བདག་ཉིད་ཁས་འཆེའམ་སྟེ་མ་ཡིན་ནོའི་ཚིག་ཟུར་རོ། །ཁྱེད་ཅག་གང་དག་གིས་སྤྱོད་ཚུལ་ངན་པ་འདི་ལྟ་བུ་གསོ་དགག་ཉམས་པ་ལ་སོགས་པ་དང་། སྤྱོད་ཚུལ་དེ་ལས་ཉེས་དམིགས་གང་བྱུང་བ་སྟེ། སྟོན་པ་གུད་དུ་ཀཽ་ཤཱམྦི་ནས་མཉན་ཡོད་དུ་གཤེགས་པ་ལ་སོགས་པའི་གཏམ་འདི་ལྟ་བུ་ལ་གནས་མལ་ངན་པ་འདི་ཡང་མི་ཐོབ་པ་ཡིན་ན། ད་དུང་དེ་བཞིན་གཤེགས་པའི་ཉན་ཐོས་ཡིན་པས། ཁྱེད་ཀྱི་སྟོན་པ་ཐུགས་རྗེ་དང་ལྡན་པ་དེས་གནས་མལ་ངན་པ་མཇུག་ཏུ་སྦྱིན་པ་འདི་རྗེས་སུ་གནང་ངོ་ཞེས་དངོས་སུ་མིན་པར་གང་ཟག་གཞན་ལ་ལན་གདབ་པར་བྱའོ། །དགེ་སློང་འཐབ་ཀྲོལ་པ་ཆོས་མིན་པ་དེ་དག་ལ་དགེ་སློང་མས་སྟན་ལས་ལྡང་བ་དབྲི་བར་མི་བྱའོ། །གཞན་གུས་པའི་ཡན་


K8Z004_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དབྲིའོ། །འཐབ་ཀྲོལ་བ་དེ་ལ་དགེ་བསྙེན་གྱིས་བསོད་སྙོམས་དབུལ་བར་བྱའོ། །ཕྱག་ནི་མི་བྱའོ། །གཉིས་པ་ནི། འཐབ་ཀྲོལ་བྱེད་པ་གནས་ནས་ཕྱུང་བ་ཆོས་མ་ཡིན་པ་ལ་ཞེན་པ་དེ་དག་ལ་ནི་ལས་རྣམ་པ་བཞི་རིམ་གྱིས་བྱ་སྟེ། བཟོད་པར་བྱ་བ་གསོལ་བཞིའི་ལས་དང་། དེའི་འོག་ཏུ་མཐུན་པ་སྦྱིན་པ་གསོལ་བཞིའི་ལས་དང་། དེའི་འོག་ཏུ་མཐུན་པའི་གསོ་སྦྱོང་སྦྱིན་པ་གསོལ་བཞིའི་ལས་དང་། དེའི་འོག་ཏུ་མཐུན་བའི་གསོ་སྦྱོང་དངོས་ཉིད་བྱའོ། །ཞེས་གཞུང་འདི་དག་གིས་བསྟན་ཏེ། བཟོད་པར་བྱས་པ་སྟེ་ཆོས་མ་ཡིན་པ་ལ་ཞེན་ཅིང་། འཐབ་ཀྲོལ་བྱེད་པ་གནས་ནས་ཕྱུང་བ་དེ་དག་ལ་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་བཟོད་པར་བྱས་ཟིན་པ་དེ་དག་ལ་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་མཐུན་པ་སྦྱིན་པ་དེ་ཐོབ་པ་མེད་པར་ནི་དགེ་འདུན་མཐུན་པ་མི་འབྱུང་ངོ་། །མཐུན་པ་ཐོབ་ཏུ་ཟིན་ཀྱང་མཐུན་པའི་གསོ་སྦྱོང་མེད་པར་རང་བཞིན་དུ་གནས་པ་ཉིད་མི་འཐོབ་བོ། །ཊཱི་ཀར། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་གཉིས་ཀྱི་འོས་ཉིད་མ་ཡིན་ནོ། །ཞེས་སོ། །གསོལ་བཞིའི་ལས་ཀྱིས་དེ་བྱིན་ནས་མཐུན་པའི་གསོ་སྦྱོང་དངོས་དེ་བྱའོ། །མཐུན་པའི་གསོ་སྦྱོང་བྱིན་པ་དེ་ནི་གསོལ་བཞིའི་ལས་ཀྱིས་སོ། །སྔ་མ་མཐུན་པ་སྦྱིན་པ་ཡང་ལས་ཀྱིས་སོ། །དགེ་འདུན་མཐུན་པ་སྒྲུབ་པའི་མཐུན་པ་དང་། ཡམས་ནད་དང་སེར་བ་ལ་སོགས་ད་གཟོད་འབྱུང་བ་བཟློག་པ་བཀྲ་ཤིས་པ་དང་། ཡམས་ནད་སོགས་གནོད་པ་བྱུང་ཟིན་བཟློག་པའི་དོན་དུ་གསོ་སྦྱོང་བྱར་རུང་ངོ་། །མཐུན་པའི་གསོ་སྦྱོང་སོགས་གསུམ་པོ་འདི་ལ་དུས་དེ་ཁོ་ནའི་རྒྱུ་ཉིད་དུའོ་སྟེ་དུས་ཚེས་ངེས་པ་མེད་དོ། །ལས་བྱེ་བའི་གཞིའོ།། །།གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་བཞི་ལས། དང་པོ་ལས་


K8Z004_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བའི་གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་དབྱེ་བའི་གནས། གང་དག་དབྱེ་བའི་ཡུལ། གང་གིས་ལས་ཐ་དད་པར་བྱེད་པའི་བྱེད་པ་པོའོ། །དང་པོ་ལ་གཉིས་ལས། གླིང་གསུམ་པོ་གང་ཡང་རུང་བ་ཡིན་པ་སྟེ། མཛོད་ལས། ལས་ཀྱི་དབྱེན་ནི་གླིང་གསུམ་ན། །ཞེས་པ་དང་། བྱང་གི་སྒྲ་མི་སྙན་ན་སངས་རྒྱས་ཀྱི་བསྟན་པ་མེད་པའི་ཕྱིར་རོ། །མཚམས་གཅིག་གི་ནང་ཡིན་པ་སྟེ། མཚམས་ཀྱི་ནང་དུ་ཞེས་པ་དང་། མཚམས་ཐ་དད་པར་གནས་པ་རྣམས་ལ་གསོ་སྦྱོང་ལ་སོགས་པའི་ལས་སོ་སོར་བྱེད་པ་ལ་མི་རིགས་པ་མེད་པའི་ཕྱིར་རོ། །གཉིས་པ་གང་དག་དབྱེ་བའི་ཡུལ་ལ་གསུམ་ལས། བརྒྱད་ཡན་ཆད་ཀྱི་གྲངས་ཚང་བ་སྟེ། མཛོད་ལས། དེ་ནི་བརྒྱད་དག་ཡན་ཆད་ཀྱིས། །ཞེས་པ་དང་། དེ་ལས་གཅིག་གིས་ཉུང་ན་ཡང་ཕྱོགས་གཉིས་གང་རུང་གཅིག་དགེ་འདུན་དུ་མ་ལོངས་པས་དགེ་འདུན་གྱི་ལས་ཀྱི་དབྱེན་མི་འཆགས་པའི་ཕྱིར་རོ། །ལས་ཀྱི་ཁ་སྐོང་བར་འོས་པ་དགོས་ཏེ། དབྱེན་ལ་ཡང་འོས་པ་མ་ཡིན་པས་ཚུལ་ཤིང་དག་བྲིམས་པ་མི་འཆགས་སོ། །ཞེས་པའི་གནད་ཀྱིས་འདིར་ཡང་སྦྱར་རོ། །སོ་སོ་སྐྱེ་བོའི་དགེ་འདུན་ཡིན་པ་དགོས་ཏེ། ལུང་གཞི་ལས། དོན་དམ་པའི་དགེ་འདུན་གྱི་ནི་ཆོས་མ་ཡིན་པའི་ལས་བྱེད་པ་མི་འཐོབ་བོ། །ཞེས་གསུངས་པས་ཤེས་སོ། །གསུམ་པ་གང་གིས་ལས་ཐ་དད་པར་བྱེད་པའི་བྱེད་པ་པོ་ནི། ཆོས་མ་ཡིན་པར་སྨྲ་བ་དག་གིས་ཏེ། ལུང་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། གང་གིས་ཀོ་ཤཱམྦིའི་དགེ་སློང་ཕྱེ་བ་ལགས། ཆོས་བཞིན་མ་ཡིན་པ་དག་གིས་ཏེ་མཚམས་ཀྱི་ནང་དུ་གསོ་སྦྱོང་ཐ་དད་དུ་བྱས་པས་སོ་ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་


K8Z004_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། འདུ་ཤེས་མ་འཁྲུལ་བ་སྟེ། འཁྲུལ་ན་དབྱེན་མི་རྫོགས་པའི་ཕྱིར་རོ། །ཀུན་སློང་ནི་ཆོས་དང་འདུལ་བ་ལ་མི་མཐུན་པ་དེ་དང་ལྡན་པར་ཤེས་ནས་ཆོས་མ་ཡིན་པ་ལ་མངོན་པར་ཞེན་ཏེ། ལས་ཐ་དད་དུ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི། མཚམས་གཅིག་གི་ནང་དུ་ཆོས་མིན་ཕྱོགས་པ་རྣམས་ཀྱིས་ཆོས་ཕྱོགས་པ་རྣམས་ལས་ཐ་དད་དུ་གསོ་སྦྱོང་ལ་སོགས་པའི་ལས་ཐ་དད་དུ་བྱེད་པའོ། །མཐར་ཐུག་ནི་ལས་གང་ཡང་རུང་བ་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་སྟེ། ཕལ་ཆེར་བྱས་ན་བྱས་པ་ཉིད་དོ་ཞེས་པ་དང་། བྲམ་ཟེའི་བུ་མོ་ལྟ་བུས་ཞུས་པ་ལས། གང་གི་དུས་སུ་ཀོ་ཤཱམྦིའི་དགེ་འདུན་རྣམས་དབྱེ་བར་འགྱུར། གང་གི་ཚེ་དེ་དག་གིས་མཚམས་ཀྱི་ནང་དུ་གསོ་སྦྱོང་ཐ་དད་དུ་བྱས་པ་ནའོ་ཞེས་གསུངས་ཏེ། གསོ་སྦྱོང་ནི་མཚོན་པ་སྟེ་ལས་ཀྱི་ཆོ་ག་གཞན་བྱས་ན་ཡང་ངོ་། །ལས་ཀྱི་དབྱེན་འདི་ནི་སྤྱོད་པའི་དབྱེན་དུ་གཏོགས་བ་ཡིན་ལ། ལྟུང་བ་ནི་སྦོམ་པོར་འགྱུར་རོ། །གཉིས་པ་ལ། མི་མཐུན་རང་བཞིན་བྱེད་པ་བཅས། །གཟུ་བ་པོ་ཡི་བསླབ་བྱ་བསྟན། །རྙེད་པའི་རྣམ་གཞག་གང་དབང་བའོ། །དང་པོ་ནི། ཆོས་མ་ཡིན་པ་སྨྲ་བ་དག་གིས་དབྱེ་བའི་སེམས་ཀྱིས་མཚམས་ཀྱི་ནང་དུ་ལས་ཐ་དད་པར་བྱས་ན་ལས་དེ་བྱེ་བ་ཡིན་ནོ་ཞེས་སྦྱར་རོ། །ཊཱི་ཀ་ལས། ཆོས་སྨྲ་བ་དག་གིས་མཚམས་ཀྱི་ནང་དུ་ཆོས་མ་ཡིན་པ་སྨྲ་བ་ལས། ཐ་དད་པར་ལས་བྱས་པས་ནི་ལས་བྱེ་བར་མི་འགྱུར་ཏེ། ལས་དེ་ཆོས་ལས་མ་གཡོས་པ་ཁོ་ནར་བྱས་པའི་ཕྱིར་རོ། །ཞེས་བཤད་དོ། །ལས་བྱེ་བའི་བདག་ཉིད་ཀྱིས་དགེ་འདུན་བྱ་བ་འདི་ལ་ཆོས་ཕྱོགས་པ་དང་། ཆོས་མིན་ཕྱོགས་པ་སོ་སོ་རང་རང་གི་ལས་ཐ་དད་པར་བྱས་པ་ནི་འཆགས་སོ། །ཕྱོགས་གཉིས་སུ་


K8Z004_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་ན་རང་གི་ཕྱོགས་དང་མཐུན་པ་ལ་ནི་ནན་ཏུར་གྱི་ལས་མི་འཆགས་སོ། །མཚམས་བཅད་པ་དང་རུང་ཁང་བཅད་པ་ལ་སོགས་པ་དགེ་འདུན་གྱི་ལས་ནི་ཆོས་སྨྲ་བས་བྱས་པ་ཉིད་ན་བྱས་པ་ཉིད་ཡིན་ནོ་སྟེ། ཆོས་ཕྱོགས་པ་དེ་དགེ་འདུན་ལས་མ་གཡོས་པའི་ཕྱིར་རོ། །ཆོས་མིན་པ་དག་གིས་བྱས་ན་ནི་བྱས་པ་ཉིད་མ་ཡིན་ནོ། །གཉིས་པ་ནི། དགེ་འདུན་དབྱེ་བ་འདི་ལ་གལ་ཏེ་རྩོད་པར་གྱུར་པ་དེ་གཉིས་ཀྱིས་ཕྱོགས་སུ་མ་ལྷུང་བའི་གཟུ་བོ་དག་ཡོད་ན་དེས་དགེ་སློང་མ་རྣམས་ལ་ཆོས་བསྟན་པར་བྱ་བ་ཉིད་ཡིན་ནོ། །གཟུ་བོ་དེ་དག་གི་གསོ་སྦྱོངལ་སོགས་པའི་ལས་ནི་ཕྱོགས་དང་མཐུན་པ་དག་གིས་མ་འདུས་པའི་ཕྱིར་བཟློག་བྱས་ན་མི་མཐུན་པ་ཉིད་དོ། །གཟུ་བོ་དེ་ཡང་ཕྱོགས་དེ་གཉིས་ཀྱི་གང་ཡང་རུང་བ་ཞིག་ལ་རྗེས་སུ་ཞུགས་ན་གཟུ་བོོ་དེ་ཉིད་ཉམས་སོ། །གཟུ་བོ་ལས་ཉམས་པ་དེ་མི་བྱའོ། །དེས་ན་གཟུ་བོ་རྣམས་ཀྱིས་ཆོས་སྨྲ་བ་རྣམས་དང་ལྷན་ཅིག་ཏུ་ལས་བྱས་ན་ནི་གཟུ་བོ་ལས་ཉམས་པར་འགྱུར་ལ། ལྷན་ཅིག་མ་ཡིན་པར་མཚམས་ཀྱི་ནང་དུ་ལས་བྱས་ན་ནི་མ་འདུས་པའི་མི་མཐུན་པར་འགྱུར་བས། གཟུ་བོ་རྣམས་ཀྱིས་གསོ་སྦྱོང་ལ་སོགས་པའི་ལས་མི་བྱའོ་སྙམ་ན། དགེ་སློང་བྲམ་ཟེའི་བུ་མོ་ལྟ་བུས་ཞུས་པ་ལས། གཟུ་བོ་རྣམས་ཀྱིས་མཚམས་ཀྱི་ཕྱི་རོལ་དུ་དོང་ལ་གསོ་སྦྱོང་བྱོས་ཤིག་ཅེས་གསུངས་སོ། །དགེ་སློང་མའི་དགེ་འདུན་ལས་དང་འཁོར་ལོ་མ་བྱེ་བ་དེ་དག་ཆོས་ཀྱི་ཕྱོགས་དང་། གཞན་གྱི་སྐྱེ་ཆོས་མ་ཡིན་པའི་ཕྱོགས་སུ་དག་པ་ལ་བརྟེན་ཅིང་རྣམ་པར་གནས་པ་ལ་དགེ་སློང་གི་དགེ་འདུན་གྱིས་ཕྱོགས་གཟུང་བ་མེད་པར་ཅི་ནས་ཀྱང་དེ་དག་བྱེ་བར་མི་འགྱུར་བར་བྱ་བའི་ཕྱིར་གདམས་ངག་བསྟན་པར་བྱ་བ་ཉིད་ཡིན་ནོ། །དགེ་སློང་མའི་དགེ་འདུན་ལས་དང་


K8Z004_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བྱེ་བ་ལ་ནི་དེ་ལྟར་མ་ཡིན་ནོ། །དགེ་སློང་མ་ཕྱོགས་གཉིས་སུ་བྱེ་བ་དག་གདམས་པ་ཞུ་ཞེས་དགེ་འདུན་ལ་གསོལ་བ་ན་སྲིང་མོ་དག་མཐུན་པར་གྱིས་ཤིག་ཅེས་མཐུན་པ་ཉིད་ལ་ངེས་པར་སྦྱར་བར་བྱ་བ་ཉིད་ཡིན་ནོ། །གསུམ་པ་ནི། དབྱར་གནས་ཀྱི་འོག་ཏུ་དགེ་འདུན་བྱེ་ན་དབྱར་གྱི་རྙེད་པ་ནི་ཆོས་སྨྲ་བ་ཉིད་དབང་བ་ཉིད་དོ། །དབྱར་རྙེད་དེ་ཡང་ཕྱོགས་གཉིས་ཀ་འདུས་པ་ལ་བྱེ་བྲག་ཏུ་མ་བྱས་པར་བགོ་བཤའ་བྱ་བ་དགེ་འདུན་ལ་ཕུལ་བ་ཡང་ཆོས་སྨྲ་བ་དབང་བ་ཉིད་དོ། །དེ་ལ་གལ་ཏེ་ཆོས་སྨྲ་བ་བཞི་ཡན་ཆད་དགེ་འདུན་གྱི་ཚད་ཉིད་ཡིན་ན་ཆོས་སྨྲ་བ་དེ་དག་དབང་ངོ་། །ཕྱོགས་གཉིས་ཀ་འདུས་པ་ལ་བྱེ་བྲག་ཏུ་མ་བྱས་པ་གོས་ལ་སོགས་པའི་རྙེད་པ་ཕུལ་བ་ན། གལ་ཏེ་ཆོས་སྨྲ་བ་ནི་དགེ་འདུན་གྱི་ཚད་ལས་ཉུང་བ་ཉིད་ཡིན་ལ། གཅིག་ཤོས་ཆོས་མ་ཡིན་པར་སྨྲ་བ་ནི་དགེ་འདུན་གྱི་ཚད་དེ་ཉིད་ཡིན་ན་ཕྱོགས་དེ་གཉིས་ཀྱི་གང་ཟག་གང་གིས་པང་པར་ཕུལ་བའོ། །གལ་ཏེ་ཕྱོགས་གཉིས་ཀའི་དགེ་སློང་གི་པང་པར་ཕུལ་ན་གཉིས་ཀ་དབང་ངོ་། །དེ་ཇི་ལྟར་བགོ་བར་བྱ་ཞེ་ན། ཕྱོགས་གཉིས་ཀ་དབང་བའི་རྙེད་པ་དེ་ལ་གང་ཟག་གི་གྲངས་ལས་ཆ་ཉིད་ཡིན་གྱི། ཆོས་དང་ཆོས་མིན་སྨྲ་བའི་དགེ་འདུན་གྱི་ཕྱོགས་ལས་ཕྱེད་ཕྱེད་དུ་བགོ་བ་ནི་མ་ཡིན་ནོ། །ལས་བྱེ་བའི་གཞི་ཞུ་བ་དང་། བྲམ་ཟེའི་བུ་མོ་ཞེས་པ་འདི་ལ་གཞིའི་ཊཱི་ཀ་དང་། ཕྱིར་བཅོས་གཞིའི་ཊཱི་ཀ་ལས། དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ཞེས་བཤད་དོ། །འོད་ལྡན་ལས་ཞུས་པ་བྲམ་ཟའི་བུ་མོ་ལྟ་བུ་ཞེས་ཀྱང་བཤད་དོ། །བྲམ་ཟེའི་བུ་མོ་ཞེས་པ་འདི་ལ་ལུང་དང་འགྲེལ་ཆུང་གི་མདོ་རྩ་བ་ལས་མ་ན་བི་ག་ཞེས་སོ། །ལས་བྱེ་བའི་གཞི་འདི་ལ་ཀཽ་ཤཱམྦཱི་པའི་གཞི་ཞེས་གསུངས་ཏེ། ཡུལ་ཀཽཤཱམྦཱིར་ལས་ཀྱི་དབྱེན་བྱུང་བ་དང་འབྲེལ་བས་
ལུང་ལས་ཀོ་ཤཱམྦི་པའི་གཞི་ཞེས་ཡུལ་ལས་མཚན་དུ་གསོལ་བ་དང་། མདོ་རྩ་བར་ལས་བྱེ་བའི་གཞི་ཞེས་དོན་ལས་མཚན་དུ་གསོལ་བའོ། །འདིར་སྨས་པ། དཔལ་ལྡན་རྡོ་རྗེ་འཆང་གི་དམ་ཚིག་སེམས་དང་ལྡན། །དྭགས་པོ་བརྒྱུད་པའི་ཡེ་ཤེས་སེམས་དཔའ་ཞུགས། །ཀརྨ་པ་ཡི་དགོངས་པ་རྫོགས་འདོད་པའི། །མི་བསྐྱོད་དགའ་བའི་དབྱངས་འདི་ཤིན་ཏུ་བྲེལ། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། ལས་བྱེ་བའི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།


previousལས་བྱེ་བའི་གཞི།next